Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 114

Văn bản gốc(Tây Tạng)

Trang 14 / 18 (50.000 ký tự/trang)
་དང་རྐྱེན་གཉིས་ཀྱང་དོན་དམ་པ་ནས་ཡོད་པ་མ་ཡིན་པར་ཤེས་པའོ། །ཐ་མར་མི་འགྲོ་བ་ཤེས་པ་ནི་ཐོག་མའི་མཐའ་དང་ཐ་མའི་མཐའ་
གཉིས་གང་ནས་ཀྱང་མ་འོངས་གར་ཡང་མི་འགྲོ་བ་ཤེས་པའོ། །ཡང་ན་དང་པོར་རྒྱུ་དང་རྐྱེན་ཚོགས་ནས་འབྲས་བུ་སྐྱེས་ཀྱང་རྒྱུ་འབྲས་བུར་མ་འཕོས་པར་ཤེས་པ་ནི་ཐ་མར་མི་འགྲོ་བ་ཤེས་པའོ། །ཡང་ན་དང་པོར་རྒྱུ་དང་རྐྱེན་བར་དུ་མི་འདུག་པར་ཤེས་པ་ནི་སྐད་ཅིག་མའི་རང་བཞིན་ནམ་

དངོས་པོ་མེད་པའི་ཕྱིར་མཐའ་གཉིས་ཀྱི་བར་ན་ཡང་མི་གནས་པར་ཤེས་པའོ། །རྐྱེན་ལ་འཇུག་པ་ཤེས་པ་དེ་ལྟར་མ་འོངས་པ་མི་འགྲོ་བ་མི་གནས་ཀྱང་རྟེན་ཅིང་འབྲེལ་པར་འབྱུང་པའི་ངོ་བོ་ཙམ་དུ་ཡོད་པར་རྟོག་པའོ། །ཆོས་ཀྱི་དབྱིངས་དབྱེར་མེད་པར་ཤེས་པ་ནི་
སོ་སོའི་སྐྱེ་བོའི་དུས་ཀྱི་ཆོས་ཀྱི་དབྱིངས་དང་། འཕགས་པའི་དུས་ཀྱི་ཆོས་ཀྱི་དབྱིངས་ལ་ཐ་དད་མེད་པར་ཤེས་པའོ། །དེ་བཞིན་ཉིད་ཀྱི་རྗེས་སུ་འཇུག་པ་ཤེས་པ་ནི་སྟོང་པ་ཉིད་ཀྱི་ཆོས་ཐམས་ཅད་ལ་ཁྱབ་ཅིང་ཆོས་ཐམས་ཅད་རྗེས་སུ་སོང་པར་ཤེས་པའོ། །ཡང་དག་པའི་མཐའ་ལ་
གནས་པ་ཤེས་པ་ནི་ཡང་དག་པའི་མཐའ་ནི་སྟོང་པ་ཉིད་དོ། དེ་ལ་དམིགས་པའི་འཕགས་པའི་ལམ་ནི་ཡང་དག་པའི་མཐའ་ལ་གནས་པ་སྟེ། ཡང་དག་པའི་མཐའ་ལ་དམིགས་པའི་འཕགས་པའི་ལམ་གྱི་མཚན་ཉིད་ཤེས་པའོ། །སྟོང་པ་ཉིད་རྟོག་པའི་ཤེས་པ་ཞེས་བྱ་བ་ལ་
སྟོང་པ་ཉིད་ཡེ་ཤེས་གང་གིས་རྟོག་པར་བྱེད་པའི་ཡེ་ཤེས་དེ་ནི་སྟོང་པ་ཉིད་རྟོག་པའི་ཤེས་པ་སྟེ། སྟོང་པ་ཉིད་ནི་གང་དུ་བཤད་པར་ཟད་དོ། །དེ་རྟོག་པར་བྱེད་པའི་ཡེ་ཤེས་ནི་གཉིས་སུ་མེད་པའི་ཡེ་ཤེས་སོ། །མཚན་མ་མེད་པ་ལ་སྤྱོད་པ་ཤེས་པ་ཞེས་བྱ་བ་ནི་མཚན་མ་མེད་པའི་
ཆོས་ཡེ་ཤེས་གང་གིས་དཔྱད་དེ་ཁོང་དུ་ཆུད་པའི་ཡེ་ཤེས་དེ་ནི་མཚན་མ་མེད་པ་ལ་སྤྱོད་པ་ཤེས་པ་སྟེ། དེ་ཡང་མཚན་མ་ཐམས་ཅད་ལ་རྟོག་པ་མེད་པ་རྣམ་པར་མི་རྟོག་པའི་ཡེ་ཤེས་སོ། །སྨོན་པ་མེད་པ་ལ་སྨོན་ལམ་མེད་པར་ཤེས་པ་ཞེས་བྱ་བ་ནི། འཁོར་བ་དང་མྱ་ངན་ལས་
འདས་པ་གཉིས་ཀ་ཡང་རང་བཞིན་མེད་པས་རང་བཞིན་མེད་པ་དེ་ལ་སྨོན་པར་བྱར་མེད་པར་ཤེས་པ་ནི་སྨོན་ལམ་མེད་པར་ཤེས་པའོ། །མངོན་པར་འདུ་མི་བྱེད་པ་ནི་འདུ་བྱེད་ཀྱི་མཚན་ཉིད་ཐམས་ཅད་དང་བྲལ་བ་སྟོང་པ་ཉིད་དེ་ནི་རྒྱུ་དང་རྐྱེན་གྱིས་བསྐྱེད་པ་མ་ཡིན་པར་ཤེས་པའོ། །
ཚུལ་གཅིག་ལ་འཇུག་པའི་ཤེས་པ་དང་ཞེས་བྱ་བ་ལ་ཆོས་ཐམས་ཅད་མཚན་ཉིད་གཅིག་ཏུ་འཇུག་ཅིང་མཚན་ཉིད་གཅིག་པའི་རང་བཞིན་ཤེས་པའོ། །བདག་མེད་པར་རྟོག་པའི་ཤེས་པ་ཞེས་བྱ་བ་ལ་སོགས་པས་གང་ཟག་ལ་བདག་མེད་པར་རྟོག་པའི་ཤེས་པ་བསྟན་ཏོ། །གང་ཟག་ལ་

བདག་མེད་པར་དོན་དམ་པར་ཤེས་པ་ཞེས་བྱ་བ་ནི་དོན་དམ་པར་ན་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་སོགས་པ་གང་ཟག་གི་དངོས་པོ་མེད་པར་ཤེས་པའོ། །འདས་པའི་དུས་ལ་མ་ཆགས་པའི་ཤེས་པ་ཞེས་བྱ་བ་ནི་ལུས་དང་ལོངས་སྤྱོད་འདས་ཏེ་འགགས་པ་རྣམས་དངོས་པོ་མེད་པར་ཁོང་དུ་ཆུད་པས་
དེ་ལ་ཡང་ཕྲད་པར་སྨོན་པ་མི་སྐྱེ་བའམ་འདས་པའི་དངོས་པོ་ཤེས་པར་བྱ་བའི་ཡུལ་རྣམས་ལ་ཐོགས་པ་མེད་པར་ཤེས་པ་ནི་འདས་པའི་དུས་ལ་མ་ཆགས་པའི་ཤེས་པ་ཞེས་བྱའོ། །མ་འོངས་པའི་དུས་ལ་ཐུག་པ་མེད་པར་ཤེས་པ་ཞེས་བྱ་བ་ནི་མ་འོངས་པའི་དུས་ཉིད་ལ་མཐའ་ཐུག་ཅིང་
ཟད་པ་མེད་པར་ཤེས་པ་འམ། མ་འོངས་པའི་དུས་ཀྱི་དངོས་པོ་ཤེས་པར་བྱ་བ་རྣམས་ལ་ཐོགས་པ་མེད་པར་ཤེས་པའོ། །ད་ལྟར་བྱུང་བའི་དུས་ན་ཐམས་ཅད་དུ་ཁ་ན་མ་ཐོ་བ་མེད་པར་ཤེས་པ་ནི་ད་ལྟར་བྱུང་བའི་དུས་ཀྱི་དངོས་པོ་རྣམས་རང་བཞིན་མེད་པར་ཁོང་དུ་ཆུད་པས་གང་ལ་ཡང་
ཁོང་ཁྲོ་བ་དང་ཆགས་པ་མི་སྐྱེ་བའོ། །ཕུང་པོ་རྣམས་ལ་སྒྱུ་མར་ཤེས་པ་ནི་ཇི་ལྟར་སྒྱུ་མ་རྒྱུ་རྐྱེན་གྱིས་སྐྱེད་པས་སྣང་ཡང་རང་བཞིན་མེད་པ་བཞིན་དུ། ཕུང་པོ་ལྔ་རྣམས་ཀྱང་ཀུན་གཞི་རྣམ་པར་ཤེས་པ་སྒྱུ་མ་མཁན་དང་འདྲ་བ་ལ་བག་ཆགས་སྔགས་དང་སྨན་དང་འདྲ་བའི་མཐུ་ལས་
སྐྱེས་པ་རང་བཞིན་མེད་པར་ཤེས་པའོ། །ཁམས་རྣམས་ལ་སྦྲུལ་གདུག་པ་ལྟ་བུར་ཤེས་པ་ཞེས་བྱ་བ་ནི། ཇི་ལྟར་སྦྲུལ་གདུག་པས་མྱུར་དུ་གསོད་པར་བྱེད་པ་དེ་བཞིན་དུ་མིག་དང་གཟུགས་ལ་བརྟེན་ཅིང་དམིགས་ནས་མིག་གི་རྣམ་པར་ཤེས་པ་གཟུགས་ལ་ཆགས་པ་དང་ཞེ་སྡང་ལ་སོགས་པ་སྐྱེ་
པའི་སྒོ་ནས་དགེ་བའི་རྩ་བ་གསོད་པར་ཤེས་པའོ། །སྐྱེ་མཆེད་རྣམས་ལ་ཡང་སྟོང་པ་ལྟ་བུར་ཤེས་པ་ཞེས་བྱ་བ་ནི་ཇི་ལྟར་གྲོང་སྟོང་པ་ན་སེམས་ཅན་མེད་པ་དེ་བཞིན་དུ་སྐྱེ་མཆེད་རྣམས་ལ་ཡང་བདག་དང་བདག་གིར་མེད་པར་ཤེས་པའོ། །ནང་ཉེ་བར་ཞི་བར་ཤེས་པ་ཞེས་བྱ་བ་ནི་ནང་
གི་ཉེ་བར་ལེན་པའི་ཕུང་པོ་ལ་བདག་དང་བདག་གི་མེད་པར་ཤེས་པའམ། ནང་དུ་ཏིང་ངེ་འཛིན་བྱེད་པས་ན་གཉིད་དང་རྨུགས་པས་སེམས་མི་ནོན་པའི་ཐབས་ཤེས་པའོ། །ཕྱི་རོལ་གྱི་རྒྱུ་བ་མེད་པར་ཤེས་པ་ཞེས་བྱ་བ་ནི་ཕྱི་རོལ་གྱི་ཆོས་རྣམས་དངོས་པོ་མེད་པར་ཤེས་པ་འམ། ཕྱི་རོལ་གྱི་

ཆོས་རྣམས་ལ་སེམས་འཕྲོ་བར་མི་འགྱུར་བའི་ཐབས་ཤེས་པའོ། །ཡུལ་རྣམས་ལ་སྒྱུ་མ་དང་བྱེ་བྲག་མེད་པར་ཤེས་པ་ཞེས་བྱ་བ་ནི་ཇི་ལྟར་སྒྱུ་མ་མེད་ཀྱང་འགྲོ་བ་དེའི་རང་བཞིན་ལ་མི་མཁས་པ་རྣམས་ལ་ཉོན་མོངས་པ་སྐྱེ་ཞིང་སླུ་བར་བྱེད་པ་བཞིན་དུ། གཟུགས་ལ་
སོགས་པའི་ཡུལ་རྣམས་ཀྱང་དངོས་པོ་མེད་མོད་ཀྱི་བྱིས་པ་དེའི་རང་བཞིན་ལ་མི་མཁས་པ་རྣམས་ལ་ཡོད་པ་འདྲ་བར་སྣང་ཞིང་ཉོན་མོངས་པ་སྐྱེད་པར་བྱེད་པ་ཡིན་པར་ཤེས་པའོ། །དྲན་པ་ལ་གནས་པའི་ཤེས་པ་ནི་མི་བརྗེད་པའི་གཟུངས་ཀྱི་དྲན་པ་བསྟན་ཞིང་མི་ཉམས་པར་བྱ་བའི་ཐབས་
ཤེས་པའོ། །བཟོད་པའི་རྗེས་སུ་འགྲོ་བའི་ཤེས་པ་ཞེས་བྱ་བ་ནི་མ་སྐྱེས་པའི་ཆོས་ལ་བཟོད་པ་དང་། སྡུག་བསྔལ་བ་ལ་ཇི་མི་སྙམ་པའི་བཟོད་པ་དང་། རྗེས་སུ་མཐུན་པའི་ཆོས་གང་ཡིན་པ་ཤེས་པའོ། །བློ་གྲོས་ཀྱིས་སོ་སོར་རྟོག་པའི་ཤེས་པ་ནི་ཤེས་རབ་ཀྱི་རང་བཞིན་གྱི་བློས་ཆོས་
རྣམས་ལ་ཕྱིན་ཅི་མ་ལོག་པར་རྟོགས་པའོ། །བདག་ལ་རྟོགས་པའི་ཤེས་པ་ནི་བདག་གི་ངོ་བོ་ཉིད་ཇི་ལྟ་བུ་ཡིན་པ་ཕྱིན་ཅི་མ་ལོག་པར་རྟོགས་པའོ། །བདེན་པ་རྣམས་ལ་རབ་ཏུ་རྟོགས་པར་ཤེས་པ་ནི་འཕགས་པའི་བདེན་པ་བཞིའི་མཚན་ཉིད་མ་ནོར་བར་ཤེས་པའོ། །དེ་དག་ཇི་ལྟར་མ་
ནོར་བར་ཤེས་ཤེ་ན། དེའི་ཕྱིར་སྡུག་བསྔལ་ལ་མི་འབྱུང་བར་ཤེས་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྡུག་བསྔལ་གྱི་ཕུང་པོ་ཉིད་ངོ་བོ་མེད་པས་མ་བྱུང་མ་སྐྱེས་པར་ཤེས་པའོ། །ཀུན་འབྱུང་བ་ལ་མངོན་པར་འདུ་མི་བྱེད་པར་ཤེས་པ་ནི་ཀུན་འབྱུང་བའི་ངོ་བོ་ཉིད་མེད་པར་ཤེས་པས་སྡུག་
བསྔལ་གྱི་ཕུང་པོ་སྐྱེད་པའི་བྱ་བ་མི་བྱེད་པར་ཤེས་པའོ། །འགོག་པ་ལ་མཚན་ཉིད་མེད་པར་ཤེས་པ་ནི་རི་བོང་གི་རྭ་དང་མོ་གཤམ་གྱི་བུ་ལ་མཚན་ཉིད་མེད་པ་བཞིན་དུ་འགོག་པའི་རང་བཞིན་མྱ་ངན་ལས་འདས་པ་ཡང་དངོས་པོ་མ་ཡིན་པས་སྐྱེ་བ་དང་གནས་པ་ལ་སོགས་པའི་མཚན་
ཉིད་མེད་པར་ཤེས་པའོ། །ལམ་ལ་སྒྲོལ་བར་ཤེས་པ་ནི་འཁོར་བའི་རྒྱ་མཚོ་ལས་སྒྲོལ་བར་བྱེད་པ་ཡིན་པར་ཤེས་པའོ། །ཆོས་རྣམས་ལ་ཚིག་རབ་ཏུ་དབྱེ་བ་ཤེས་པ་ནི་འདུས་བྱས་དང་འདུས་མ་བྱས་ཀྱི་ཆོས་རྣམས་ཀྱི་དོན་སོ་སོར་འབྱེད་ཅིང་བཤད་པ་ལ་མཁས་པའོ། །དྲན་པ་ཉེ་

བར་གཞག་པ་རྣམས་ལ་དྲན་པ་མེད་པ་དང་། ཡིད་ལ་བྱེད་པ་མེད་པར་ཤེས་པ་ནི་ལུས་དང་ཚོར་བ་དང་སེམས་དང་ཆོས་རྣམས་དངོས་པོ་མེད་པས་དྲན་ཞིང་ཡིད་ལ་བྱར་མེད་པར་ཤེས་པའོ། །དེ་ལ་འཕྲལ་དུ་ཡིད་ལ་མི་འཛིན་པ་ནི་དྲན་པ་ཤེས་པའོ། །ཕྱིས་ཀྱང་ཡང་ནས་ཡང་དུ་ཡིད་ལ་མི་བྱེད་པ་ནི་ཡིད་ལ་
བྱ་བ་མེད་པའོ། །ཡང་དག་པའི་སྤོང་བ་རྣམས་ལ་ཞེས་བྱ་བ་ནི་ཡང་དག་པའི་སྤོང་བ་རྣམ་པ་བཞི་སྟེ། དགེ་བའི་ཆོས་མ་སྐྱེས་པ་རྣམས་སྐྱེད་པ་དང་། སྐྱེས་པ་རྣམས་འཕེལ་བར་བྱ་བ་དང་སྡིག་པ་མི་དགེ་བའི་ཆོས་མ་སྐྱེས་པ་རྣམས་མི་སྐྱེད་པ་དང་། སྐྱེས་པ་རྣམས་སྤང་བ་སྟེ། དེ་ལ་དགེ་
བའི་ཆོས་མ་སྐྱེས་པ་རྣམས་སྐྱེད་པ་དང་། སྐྱེས་པ་རྣམས་འཕེལ་བར་བྱ་བ་ནི་དགེ་བ་ལ་འཇུག་པའི་ཤེས་པའོ། །སྡིག་པ་མི་དགེ་བའི་ཆོས་མ་སྐྱེས་པ་རྣམས་མི་སྐྱེད་པ་དང་། སྐྱེས་པ་རྣམས་སྤོང་བ་ནི་མི་དགེ་བ་ལ་འཇུག་པའི་ཤེས་པ་ཞེས་བྱའོ། །རྫུ་འཕྲུལ་གྱི་རྐང་པ་རྣམས་ལ་ཞེས་བྱ་
བ་ནི་འདུན་པ་དང་། བརྩོན་འགྲུས་དང་། སེམས་དང་། དཔྱོད་པ་རྫུ་འཕྲུལ་གྱི་རྐང་པ་རྣམས་ནི་ལུས་དང་སེམས་ལས་སུ་རུང་བར་བྱེད་པ་ཡིན་པར་ཤེས་པའོ། །དབང་པོ་རྣམས་ལ་འཇུག་པ་ཤེས་པ་ཞེས་བྱ་བ་ནི་དད་པ་ལ་སོགས་པའི་དབང་པོ་ལྔ་ནི་ཆོས་ཀྱི་དོན་མཐོང་ཞིང་རྟོགས་པར་བྱེད་
པ་ཡིན་པར་ཤེས་པའོ། །སྟོབས་ལ་མི་བརྫི་བར་ཤེས་པ་ཞེས་བྱ་བ་ནི་དད་པ་ལ་སོགས་པའི་སྟོབས་ལྔ་རྣམས་ལ་མ་དད་པ་ལ་སོགས་པས་མི་ཚུགས་པའི་རང་བཞིན་ཡིན་པར་ཤེས་པར་བྱའོ། །བྱང་ཆུབ་ཀྱི་ཡན་ལག་རྣམས་ལ་ཆོས་ཐམས་ཅད་ཡང་དག་པ་ཇི་ལྟ་བ་བཞིན་དུ་རྟོག་པར་
ཤེས་པ་ཞེས་བྱ་བ་ནི་བྱང་ཆུབ་ཀྱི་ཡན་ལག་བདུན་རྣམས་ལ་ནི་དེ་དག་གི་ཆོས་ཐམས་ཅད་ཀུན་འགྲོ་བའི་མཚན་ཉིད་དུ་རྟོག་པར་བྱེད་པ་ཡིན་པར་ཤེས་པའོ། །ལམ་ལ་འགྲོ་བ་དང་འོང་བ་མེད་པར་ཤེས་པ་ཞེས་བྱ་བ་ནི་ཡང་དག་པར་ན་ལམ་དང་ལམ་གྱི་འབྲས་བུ་དང་འཁོར་བ་དང་མྱ་ངན་
ལས་འདས་པ་གཉིས་ཀྱང་མེད་པ་ཡིན་པས་འཕགས་པའི་ལམ་ཡན་ལག་བརྒྱད་ཀྱི་གང་དུ་ཡང་འགྲོ་བ་དང་འོང་བ་མེད་པར་ཤེས་པའོ། །ཞི་གནས་ལ་གནས་པར་ཤེས་པ་ཞེས་བྱ་བ་ནི་ཞི་གནས་ཐམས་ཅད་ལ་སེམས་རྩེ་གཅིག་ཏུ་གནས་པའི་མཚན་ཉིད་ཡིན་པར་ཤེས་པའོ། །ལྷག་མཐོང་ལ་

སྣང་བར་ཤེས་པ་ཞེས་བྱ་བ་ནི་ལྷག་མཐོང་ཐམས་ཅད་ལ་ཆོས་ཀྱི་མཚན་ཉིད་རྟོག་པར་བྱེད་པའི་རང་བཞིན་ཡིན་པར་ཤེས་པའོ་སྒྱུ་མ་ལ་བསྒྲུབ་པ་ཡིན་པར་ཤེས་པ་ནི་སྒྱུ་མའི་གླང་པོ་དང་མི་ལ་སོགས་པ་ལ་སྨན་དང་སྔགས་ཀྱི་མཐུས་སྒྲུབ་པ་ཡིན་པར་ཤེས་པར་བྱའོ། །སྨིག་རྒྱུ་ལ་ནོར་བར་
ཤེས་པ་ཞེས་བྱ་བ་ནི་སྨིག་རྒྱུ་རྣམས་ལ་ཆུ་མ་ཡིན་གྱི། ཆུ་ལྟ་བུར་འཁྲུལ་པར་སྣང་བ་ཡིན་པར་ཤེས་པའོ། །རྨི་ལམ་ལ་ཡང་དག་པ་མ་ཡིན་པ་མཐོང་བར་ཤེས་པ་ཞེས་བྱ་བ་ནི་རྨི་ལམ་ན་སྣང་བའི་ཆོས་ཐམས་ཅད་མེད་བཞིན་དུ་མཐོང་བར་ཤེས་པའོ། །བྲག་ཅ་ལ་རྐྱེན་བཞིན་དུ་དམིགས་
པའི་ཤེས་པ་ཞེས་བྱ་བ་ནི་བྲག་ཅའི་སྒྲ་ཐམས་ཅད་སྒྲ་གཞན་གྱི་རྐྱེན་ལས་བྱུང་བར་ཤེས་པའོ། །མིག་ཡོར་ལ་མི་འཕོ་བར་ཤེས་པ་ཞེས་བྱ་བ་ནི་ཁང་པའི་ནང་གི་ཉི་ཟེར་གྱི་འོད་ལས་གཟུགས་དུ་མར་སྣང་བ་སྣང་ཡང་ཆུས་འཕོས་པ་མེད་པར་ཤེས་པའོ། །མཚན་ཉིད་ཐ་དད་པ་རྣམས་ལ་མཚན་
ཉིད་གཅིག་ཏུ་ཤེས་པ་ནི་མཚན་ཉིད་ཀྱི་བདེན་པའི་སྐབས་སུ་བཤད་པ་བཞིན་དུ་ཤེས་པ་ལ་བྱའོ། །འདུ་བ་རྣམས་ལ་འབྲལ་བར་ཤེས་པ་ཞེས་བྱ་བ་ནི་འདུས་ཤིང་ཚོགས་པའི་དངོས་པོ་ཐམས་ཅད་མཐར་བྱེ་ཞིང་བྲལ་བར་འགྱུར་བར་ཤེས་པའོ། །མཚམས་སྦྱོར་བ་ལ་མཚམས་སྦྱོར་བ་མེད་པར་
ཤེས་པ་ཞེས་བྱ་བ་ལ། ཚེ་གཅིག་ནས་གཅིག་ཏུ་ཉིང་མཚམས་སྦྱོར་བ་ནི་མཚམས་སྦྱོར་བའོ། །དོན་དམ་པར་ན་ཆོས་གང་ཡང་སྐྱེ་ཞིང་མཚམས་སྦྱོར་བ་མེད་པར་ཤེས་པ་ནི་ཉན་ཐོས་ཀྱི་ཐེག་པ་ལ་གཞན་གྱི་སྒྲའི་རྗེས་སུ་འགྲོ་བས་འཇུག་པར་ཤེས་པ་ཞེས་བྱ་བ་ནི་ཉན་ཐོས་ཀྱི་ཐེག་པ་ཐམས་
ཅད་ལ་འདི་འདྲ་བར་ཤེས་ཏེ། མཁན་པོ་དང་སློབ་དཔོན་གྱིས་བཤད་པའི་སྒྲ་ལ་བརྟེན་ནས་གང་ཟག་ལ་བདག་མེད་པར་དམིགས་པར་བྱེད་པར་ཤེས་པའོ། །སངས་རྒྱས་ཀྱི་ཐེག་པ་ལ་ཞེས་བྱ་བ་ནི་རང་སངས་རྒྱས་ཀྱི་ཐེག་པ་ལ་ནི་ཆོས་ཐམས་ཅད་རྟེན་ཅིང་འབྲེལ་པར་འབྱུང་བའི་མཚན་ཉིད་
དུ་ཁོང་དུ་ཆུད་པར་བྱེད་པ་དང་། ལུས་དབེན་པར་གནས་པ་དང་། སེམས་དབེན་པར་གནས་པ་ཡིན་པར་ཤེས་པའོ། །ཐེག་པ་ཆེན་པོ་ལ་ཞེས་བྱ་བ་ནི་ཐེག་པ་ཆེན་པོ་ལ་ནི་ཐེག་པ་དེ་འདོད་མ་ཆགས་པ་ལ་སོགས་པའི་དགེ་བའི་རྩ་བ་ཐམས་ཅད་སོགས་པར་བྱེད་པ་དང་། བསོད་ནམས་དང་ཡེ་

ཤེས་ཀྱི་ཚོགས་ཐམས་ཅད་སོགས་པར་བྱེད་པ་ཡིན་པའོ། །དོན་སོ་སོ་ཡང་དག་པར་རིག་པའི་རྣམ་གྲངས་གཞན་ཡང་བསྟན་པའི་ཕྱིར། གཞན་ཡང་དོན་སོ་སོ་ཡང་དག་པར་རིག་པ་ནི་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དོན་སོ་སོ་ཡང་དག་པར་རིག་པ་གང་གིས་ཞེས་བྱ་བ་ནི་དོན་སོ་
སོ་ཡང་དག་པར་རིག་པའི་རིག་པ་གང་གིས་ཤེའམ། དོན་སོ་སོ་ཡང་དག་པར་རིག་པ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་གང་གིས་ཞེས་བྱ་བའི་དོན་ཏོ། །ཆོས་ཐམས་ཅད་ལ་དོན་ལ་རྟོན་པས་ཞེས་བྱ་བ་ནི་ཆོས་ཐམས་ཅད་ཀྱི་དོན་གང་ཡིན་པའི་དོན་དེ་ལ་རྟོན། དོན་དེ་ཁོང་དུ་ཆུད་
པར་བྱེད་པའི་དོན་ཏོ། །དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བ་ནི་ཅིའི་ཕྱིར་ཆོས་ཐམས་ཅད་ཀྱི་དོན་ལ་རྟོན་ཅེ་ན་ཞེས་བྱ་བའི་ཐ་ཚིག་གོ། །དེ་ནི་ཞེས་བྱ་བ་ནི་སྟོང་པ་སྟེ། གཞན་ཡང་དེ་བཞིན་དུ་སྦྱར་རོ། མི་སྐྱེ་བ་ནི་མ་འོངས་པའི་དུས་སུ་མི་སྐྱེའོ། །མ་བྱུང་བ་ནི་འདས་པའི་དུས་སུ་མ་སྐྱེས་པའོ། །
དངོས་པོ་མེད་པ་ནི་ད་ལྟར་གྱི་དུས་ན་ཡང་རང་བཞིན་མེད་པའོ། །མ་ལུས་པར་དབེན་པ་ནི་དེ་བཞིན་ཉིད་ཀྱི་ངོ་བོ་ཡིན་པའི་ཕྱིར་ཏེ། འདི་ཡན་ཆད་ཀྱི་ཆོས་ཐམས་ཅད་ལ་བདག་མེད་པ་དེ་དོན་ཡིན་པར་བསྟན་ཏོ། །ཆོས་ཐམས་ཅད་ནི་མ་ལུས་པར་བདག་མེད་ཅེས་བྱ་བ་མན་ཆད་ཀྱིས་གང་ཟག་ལ་
བདག་མེད་པ་དོན་ཡིན་པར་སྟོན་ཏོ། །གང་འདི་ལྟ་བུའི་ཆོས་རྟོགས་པ་ཞེས་བྱ་བ་ནི་གང་གོང་དུ་བསྟན་པ་ལྟ་བུར་ཆོས་ཐམས་ཅད་རྟོགས་པའོ། །དོན་སོ་སོ་ཡང་དག་པར་རིག་པ་རྒྱས་པར་བཤད་པ་རྣམས་བསྡུས་ཏེ་བསྟན་པའི་ཕྱིར། གང་འདིར་བསྟན་པ་ནི་ཞེས་བྱ་བ་ལ་སོགས་པ་གསུངས་
ཏེ། མདོ་སྡེ་འདི་ལ་དོན་སོ་སོ་ཡང་དག་པར་རིག་པ་སྟོང་པ་ཉིད་ཀྱི་མཚན་ཉིད་དུ་བཤད་པ་དེ་དངོས་པོ་དང་མཚན་མ་ཐམས་ཅད་ལས་འདས་པའི་ཕྱིར་ཐོགས་པ་མེད་པར་བསྟན་པ་ལ་སོགས་པའོ། །ཡང་ན་ཆོས་ཐམས་ཅད་སྟོང་པའི་དོན་དུ་བསྟན་པས་ན་ཐོགས་པ་མེད་པར་བསྟན་པའོ། །ཐམས་ཅད་
སྒྲིབ་པ་གཉིས་ལས་འདས་པའི་མཚན་ཉིད་དུ་སྟོན་པས་ན་ཆགས་པ་མེད་པར་བསྟན་པའོ། །དུས་གསུམ་དུ་ཡང་སྐྱེ་བ་དང་འགག་པ་མེད་པར་སྟོན་པས་ན་མི་ཟད་པར་བསྟན་པའོ། །ཆོས་ཐམས་ཅད་མྱ་ངན་ལས་འདས་པའི་མཚན་ཉིད་དུ་སྟོན་པས་ན་ཆོས་ཐམས་ཅད་ཐོབ་པར་བསྟན་པ་ཞེས་

བྱའོ། །དོན་སོ་སོ་ཡང་དག་པར་རིག་པ་དེ་ནི་ཆོས་བསྟན་པ་ལ་མི་ཟད་པ་ཡིན་ཏེ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དོན་སོ་སོ་ཡང་དག་པར་རིག་པ་བསྟན་པ་དེ་ལ་བསྟན་པ་མཐའ་ཡས་ཏེ། ཟད་མི་ཤེས་པས་ན། དོན་ཐམས་ཅད་བསྟན་པ་ལ་མི་ཟད་པ་ཞེས་བྱའོ། །སངས་
རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཀྱང་ཡང་དག་པར་བཀའ་སྩལ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་རྣམས་ཀྱང་དེ་སྐད་དུ་འཆད་ཅེས་བྱ་བའི་དོན་ཏོ། །ཡང་དག་པར་རྗེས་སུ་ཐུགས་རང་བ་ཞེས་བྱ་བ་ནི་གཞན་དེ་ལྟར་འཆད་པ་རྣམས་ལ་ཡང་ཐུགས་དགྱེས་ཞེས་བྱ་བའི་ཐ་ཚིག་གོ། །
ཅིའི་ཕྱིར་ཞེ་ན། དེ་ལྟར་སྟོན་པའི་དོན་ཏེ། ཡང་དག་པ་དང་དེ་ཁོ་ན་དང་། མ་ལོག་པ་དང་གཞན་མ་ཡིན་པའི་ཕྱིར་རོ། །ཇི་ལྟར་ཕྱིན་ཅི་མ་ལོག་ཅེ་ན། ཤེས་རབ་དང་ཡེ་ཤེས་ཀྱི་རྟོག་པ་ཡིན་ལ། ཐམས་ཅད་དུ་ཁ་ན་མ་ཐོ་བ་མེད་པའི་ངོ་བོ་ཡིན་པའི་ཕྱིར་རོ། །འདུ་ཤེས་ཤེས་པ་བསྟན་པའི་ཕྱིར།
དེ་ལ་ཆོས་སོ་སོ་ཡང་དག་པར་རིག་པ་གང་ཞེ་ན་ཞེས་བྱ་བ་གསུངས་ཏེ། འདིར་ཡང་ཆོས་སོ་སོ་ཡང་དག་པར་རིག་པ་མི་ཟད་པ་གང་ཞེ་ན་ཞེས་བྱ་བར་སྦྱར་རོ། །དེ་ཡང་སོ་སོ་ཡང་དག་པར་རིག་པར་བྱ་བའི་ཆོས་རྣམས་མི་ཟད་པས་ན་མི་ཟད་པའོ། །འདིར་དོན་དང་ཆོས་ཉིད་བྱེ་བྲག་མེད་པར་འདྲ་
མོད་ཀྱི་དོན་ནི་བསྟན་ཅིང་རྟོགས་པའི་ཡུལ་ལྟ་བུར་རིག་པར་བྱའོ། །ཆོས་ནི་སྟོན་ཅིང་རྟོག་པར་བྱེད་པ་ལྟ་བུར་རིག་པར་བྱའོ། །ཡང་ན་ཆོས་ནི་འདུས་བྱས་དང་འདུས་མ་བྱས་ལ་སོགས་པའི་མིང་གིས་འོག་ནས་སྨོས་པ་རྣམས་ལ་བྱའོ། །དོན་ནི་དེ་ཉིད་ཀྱི་དོན་ཡོངས་སུ་དཔྱོད་ཅིང་བྱེ་བྲག་ཏུ་དབྱེ་
བ་ལ་བྱའོ། །ཡང་ན་ཆོས་ཐམས་ཅད་ཀྱི་མཚན་ཉིད་ཕྱིན་ཅི་མ་ལོག་པར་རྟོགས་པ་ནི་དོན་སོ་སོ་ཡང་དག་པར་རིག་པའོ། །ཆོས་དེ་དང་དེ་དག་གི་མིང་གང་དང་གང་ཡིན་པ་ཤེས་པ་ནི་ཆོས་སོ་སོ་ཡང་དག་པར་རིག་པའོ། །གང་ཆོས་ཐམས་ཅད་ལ་རྗེས་སུ་འཇུག་པ་ཤེས་པ་ཞེས་བྱ་བ་ནི་
དགེ་བ་དང་མི་དགེ་བ་ལ་སོགས་པའི་ཆོས་མིང་གིས་སྨོས་པ་རྣམས་དོན་དང་མཐུན་པར་ཡང་དག་པར་ཤེས་པ་ལ་བྱའོ། །ཆོས་དེ་དག་གང་ཞེ་ན། དགེ་བ་དང་མི་དགེ་བ་ཞེས་བྱ་བ་ལ་སོགས་པ་རྣམས་སོ། །ཡང་ན་དགེ་བ་དང་མི་དགེ་བ་ལ་སོགས་པ་སྨོས་པའི་ཆོས་རྣམས་སོ་སོའི་མིང་གང་

ཡིན་པ་དང་། དོན་གང་ཤེས་པ་ནི་ཆོས་ཐམས་ཅད་ལ་རྗེས་སུ་ཞུགས་པ་ཤེས་པ་ཞེས་བྱའོ། །ཉེ་བར་སོང་བ་རྣམས་ལ་ཞེས་བྱ་བ་ནི་དེ་དག་གི་རང་བཞིན་ནི་གྱུར་པའམ། དེ་དག་གི་ཆར་རྟོགས་པ་རྣམས་ལ་ཞེས་བྱ་བའི་དོན་ཏོ། །ཆོས་ཀྱི་དབྱིངས་མཉམ་པ་ཉིད་དུ་ཤེས་པ་ཞེས་བྱ་བ་ནི་དགེ་བ་དང་
མི་དགེ་བའི་ཆོས་རྣམ་པ་སྣ་ཚོགས་པ་རྣམས་ཆོས་ཀྱི་དབྱིངས་སྟོང་པ་ཉིད་དུ་རེ་གཅིག་པའོ། །བྱང་ཆུབ་མཉམ་པ་ཉིད་དུ་ཤེས་པ་ཞེས་བྱ་བ་ནི་ཆོས་ཀྱི་དབྱིངས་རྟོགས་པའི་ཡེ་ཤེས་རྣམ་པར་མི་རྟོགས་པ་དང་ཐ་མི་དད་པར་ཤེས་པའོ། །ཁམས་མཉམ་པ་ཉིད་དུ་ཤེས་པ་ཞེས་བྱ་བ་ནི་
མིག་གི་ཁམས་ལ་སོགས་པ་ཁམས་ཀྱི་སྐབས་སུ་བསྟན་པ་ལྟར་ཆོས་ཀྱི་དབྱིངས་སུ་མཉམ་པ་ཉིད་དུ་ཤེས་པའོ། །ཆོས་སོ་སོ་ཡང་དག་པར་རིག་པ་རྣམ་གྲངས་གཞན་བསྟན་པའི་ཕྱིར། །གཞན་ཡང་ཆོས་སོ་སོ་ཡང་དག་པར་རིག་པ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །གང་འདོད་ཆགས་
སྤྱོད་པའི་སེམས་ཅན་རྣམས་ཀྱི་སེམས་ལ་འཇུག་ཅིང་འབབ་པར་ཤེས་པ་ཞེས་བྱ་བ་ནི་སེམས་ཅན་རང་བཞིན་གྱིས་འདོད་ཆགས་ཅན་རྣམས་ཀྱི་སེམས་ལ་འདོད་ཆགས་ཅན་ཡིན་པར་ཤེས་པའོ། །ཡང་ན་སེམས་ཅན་འདོད་ཆགས་ལ་སྤྱོད་པ་རྣམས་འདོད་ཆགས་སྐྱེ་བའི་ཡུལ་གང་དང་གང་ལ་
དམིགས་པའི་འདོད་ཆགས་སྐྱེས་པར་གྱུར་པ་ན་ཡུལ་འདི་དང་འདི་ལ་དམིགས་ནས་འདོད་ཆགས་སྐྱེས་སོ་ཞེས་ཤེས་པ་ནི་འདོད་ཆགས་སྤྱོད་པའི་སེམས་ཅན་གྱི་སེམས་ལ་འཇུག་ཅིང་འབབ་པར་ཤེས་པ་ཞེས་བྱའོ། །འདོད་ཆགས་སྤྱོད་པ་གང་ཡིན་དུ་ཞིག་ཡོད་ཅེ་ན། བཅོས་མའི་འདོད་ཆགས་
སྤྱོད་པ་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ནི་ཉི་ཁྲི་ཆིག་སྟོང་ཡོད་དོ་ཞེས་བྱ་བར་སྦྱར་རོ། །བཅོས་མའི་འདོད་ཆགས་སྤྱོད་པ་ནི་རང་བཞིན་གྱིས་འདོད་ཆགས་ཤས་ཆེ་བ་མ་ཡིན་ཡང་གཞན་གྱི་སེམས་དང་སྦྱོར་ཞིང་ཕ་རོལ་གྱི་ངོར་འདོད་ཆགས་ཆེ་བ་ལྟ་བུར་སྟོན་པའོ། །དེ་ལས་བཟློག་
ནས་བཅོས་མ་མ་ཡིན་པའི་འདོད་ཆགས་སྤྱོད་པ་སྟེ། རང་བཞིན་གྱིས་འདོད་ཆགས་དང་ལྡན་པའོ། །སྣྲེལ་ཞིའི་འདོད་ཆགས་སྤྱོད་པ་ཞེས་བྱ་བ་ནི་ཞེ་སྡང་གི་རང་བཞིན་ཅན་ལ་འདོད་ཆགས་སྤྱོད་པ་དང་འདྲ་བར་སྣང་བའམ། འདོད་ཆགས་ཀྱི་ཤས་ཆེ་ལ་ཆུང་བར་འདྲ་བར་སྣང་བའམ།

འདོད་ཆགས་ཀྱི་ཤས་ཆུང་བ་ལ་ཆེ་བར་སྣང་བའོ། །ལྟ་བའི་འདོད་ཆགས་སྤྱོད་པ་ནི་ལྟ་བ་རྣམ་པ་སྣ་ཚོགས་ལ་ཆགས་པའོ། །མི་བཟོད་པའི་འདོད་ཆགས་སྤྱོད་པ་ཞེས་བྱ་བ་ནི་འདོད་ཆགས་ཀྱི་ཤས་ཆེ་བས་དེའི་རྐྱེན་གྱིས་སེམས་ཀྱང་འཁྲུགས་ཤིང་ལུས་ཀྱི་སྤྱོད་པ་རྣམས་ཀྱང་
གྱུར་པར་སྣང་བའོ། །འཇམ་པའི་འདོད་ཆགས་སྤྱོད་པ་ཞེས་བྱ་བ་ནི་འདོད་ཆགས་ཤས་ཆུང་བས་དེའི་རྐྱེན་གྱིས་ལུས་དང་སེམས་འཁྲུག་པ་མེད་པའི་འདོད་ཆགས་ཅན་ནོ། །ཡང་བའི་འདོད་ཆགས་སྤྱོད་པ་ནི་དེ་བས་ཀྱང་འདོད་ཆགས་ཤས་ཆུང་བས་འདོད་ཆགས་སྤངས་པར་སླ་བ་རྣམས་སོ། །
ཀུན་རྫོབ་ཀྱི་འདོད་ཆགས་སྤྱོད་པ་ཞེས་བྱ་བ་ནི་ཀུན་རྫོབ་ཀྱི་ཐ་སྙད་མང་པོ་ལ་ཆགས་པ་རྣམས་སོ། །སྦྱོར་བའི་འདོད་ཆགས་སྤྱོད་པ་ཞེས་བྱ་བ་ནི་གོང་དུ་བཤད་པའི་ཆོས་ལ་ཆགས་པ་སྟེ། བསམ་པ་ལ་སོགས་པ་ཡང་དེ་བཞིན་ནོ། །མཚན་ཉིད་ཀྱི་འདོད་ཆགས་སྤྱོད་པ་ཞེས་བྱ་བ་ནི།
ཆོས་རྣམས་ཀྱི་མཚན་ཉིད་ལ་ཆགས་པའོ། །མཚན་ཉིད་མི་མཐུན་པའི་འདོད་ཆགས་སྤྱོད་པ་ཞེས་བྱ་བ་ནི་ཁ་ཅིག་ཅི་ལ་ཆགས་པ་ཁ་ཅིག་ལ་ཆགས་ཏེ། འདོད་ཆགས་ཡོད་པ་མི་འདྲ་བའོ། །རྣམ་པར་གཞག་པའི་འདོད་ཆགས་སྤྱོད་པ་ཞེས་བྱ་བ་ནི། གསུང་རབ་ཡན་ལག་བཅུ་
གཉིས་འཇིག་རྟེན་དུ་གཞག་པ་ལ་ཆགས་པའོ། །སྔོན་གྱི་མཐའི་རྐྱེན་གྱིས་འདོད་ཆགས་སྤྱོད་པ་ཞེས་བྱ་བ་ནི་ཆགས་པར་འགྱུར་བའི་ཡུལ་འདས་པ་རྣམས་དྲན་ནས་འདོད་ཆགས་སྐྱེ་བའོ། །ཕྱི་མའི་མཐའི་རྐྱེན་གྱིས་འདོད་ཆགས་སྤྱོད་པ་ཞེས་བྱ་བ་ནི་མ་འོངས་པ་ན་ཡང་ཆགས་
པར་འགྱུར་བའི་གཟུགས་འདི་འདྲ་བ་ཞིག་དང་ཕྲད་པར་གྱུར་ཅིག་ཅེས་དམིགས་པ་ལས་འདོད་ཆགས་འབྱུང་བའོ། །ད་ལྟར་བྱུང་བའི་རྐྱེན་གྱིས་འདོད་ཆགས་པ་ཞེས་བྱ་བ་ནི། ད་ལྟར་འདོད་ཆགས་སྐྱེས་པའི་རྐྱེན་དང་ཕྲད་ནས་འདོད་ཆགས་སྐྱེས་པའོ། །སེམས་ཅན་ནང་དུ་འདོད་
ཆགས་ལ་ཞེས་བྱ་བ་ལ་སོགས་པ་ནི། བསམ་གཏན་གྱི་རོ་ལ་ཆགས་ཤིང་འདོད་པ་ལྔའི་ཡོན་ཏན་ལ་ཆགས་པ་ཡོད་པའོ། །ཡང་ན་ནང་དུ་སེམས་ལ་འདོད་ཆགས་འབྱུང་བའི་ཤས་ཆེ་ལ་ཕྱི་རོལ་དུ་འདོད་ཆགས་དང་འདྲ་བར་མི་སྣང་བའོ། །སེམས་ཅན་ཕྱི་རོལ་དུ་འདོད་

ཆགས་ལ་ཞེས་བྱ་བ་ལ་སོགས་པ་ནི་ཕྱིའི་འདོད་པའི་ཡོན་ཏན་ལ་ཆགས་པའི་ཤས་ཆེ་ལ་བསམ་གཏན་གྱི་རོ་ལ་ཆགས་པ་མེད་པའམ་ཕྱི་རོལ་གྱི་སྤྱོད་པ་འདོད་ཆགས་ཀྱི་ཤས་ཆེ་བ་འདྲ་བར་སྣང་ལ། སེམས་ལ་འདོད་ཆགས་ཀྱི་ཤས་ཆེ་བ་མ་ཡིན་པའོ། །སེམས་ཅན་ནང་དུ་འདོད་ཆགས་ལ་
ཞེས་བྱ་བ་ལ་སོགས་པ་ནི་བསམ་གཏན་གྱི་རོ་ལ་ཡང་ཆགས་ཤིང་ཕྱིའི་ཡུལ་རྣམས་ལ་ཡང་ཆགས་པའམ། ནང་དུ་ཡང་འདོད་ཆགས་ཀྱི་ཤས་ཆེ་ཞིང་ཕྱི་རོལ་དུ་ཡང་འདོད་ཆགས་ཤས་ཆེ་བ་འདྲ་བར་སྣང་བའོ། །དེ་ལས་བཟློག་ནས་སེམས་ཅན་ནང་དུ་ཡང་འདོད་ཆགས་མེད་ལ། ཕྱི་རོལ་དུ་ཡང་
འདོད་ཆགས་མེད་པ་སྟེ། བསམ་གཏན་གྱི་རོ་དང་ཕྱིའི་ཡུལ་གཉི་ག་ལ་མ་ཆགས་པའོ། །འཇུག་པ་སྟེ་ཞེས་བྱ་བ་ནི་ཆགས་པའི་ཡུལ་ལ་སེམས་འཇུག་པའམ། འདོད་ཆགས་སྤྱོད་པ་རྣམས་ཀྱི་ཚུལ་དང་རང་བཞིན་ནམ་རྣམ་པར་དབྱེ་བ་ཞེས་བྱ་བའི་དོན་ཏོ། །འཇུག་པའི་སྒོ་འདིས་ཞེས་བྱ་བ་ནི་
ཚུལ་འདིས་བསྒྲེས་ན་ཞེས་བྱ་བའི་ཐ་ཚིག་གོ། །ཞེ་སྡང་དང་གཏི་མུག་སྤྱོད་པ་ལ་ཡང་འདོད་ཆགས་སྤྱོད་པའི་ཚུལ་བཞིན་དུ། བཅོས་མའི་ཞེ་སྡང་སྤྱོད་པ་ཞེས་བྱ་བ་ལ་སོགས་པར་སྦྱར་རོ། །ཆ་མཉམ་པ་ལ་སྤྱོད་པ་ཞེས་བྱ་བ་ནི་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་གསུམ་ཆར་ཡང་ཆེ་ཆུང་
མེད་དེ་ཆ་མཉམ་པའོ། །སེམས་ཀྱིས་འཇུག་པ་ཞེས་བྱ་བ་ནི་དང་པོ་ཉིད་དུ་འདོད་ཆགས་ཀྱི་སེམས་སྐྱེས་པ་ཤེས་པའོ། །འབབ་པ་ཤེས་པ་ནི་འདོད་ཆགས་དངོས་སུ་སྤྱོད་པར་ཤེས་པའོ། །སོ་སོ་ཅི་རིགས་པར་ཆོས་སྟོན་པ་ཤེས་པ་ཞེས་བྱ་བ་ནི་སེམས་ཅན་གང་ལ་ཆོས་གང་བསྟན་པར་ཤེས་
པ་སྟེ། འདོད་ཆགས་ཅན་རྣམས་ལ་མི་གཙང་བ་བསྒོམ་པ་བསྟན་པར་བྱ་བ་ལ་སོགས་པ་ཤེས་པའོ། །དུས་ལས་མི་འདའ་བར་ཤེས་པ་ཞེས་བྱ་བ་ནི་སེམས་ཅན་སྨིན་པའི་དུས་དང་། ཆོས་བསྟན་པའི་དུས་ཤེས་ནས། དེ་བཞིན་དུ་སྨིན་པ་དང་ཆོས་སྟོན་པར་བྱེད་པའོ། །སྣོད་ཀྱི་བྱེ་བྲག་
ཇི་ལྟ་བ་བཞིན་ཤེས་པ་ཞེས་བྱ་བ་ནི་སེམས་ཅན་གང་ཆོས་གང་དང་ཐེག་པ་གང་གི་སྣོད་ཡིན་པར་ཤེས་པའོ། །འབྲས་བུ་ཡོད་པར་ཆོས་བསྟན་པ་ཤེས་པ་ཞེས་བྱ་བ་ནི་ཆོས་བསྟན་པ་རྣམས་ཀྱང་མཇུག་ཏུ་དོན་ཡོད་ཅིང་འབྲས་བུར་འགྱུར་བ་དེ་ལྟ་བུའི་ཆོས་བསྟན་པར་ཤེས་པའོ། །མ་ཆད་མ་

ལྷག་པར་ཆོས་བསྟན་པ་ཤེས་པ་ཞེས་བྱ་བ་ནི་ཆོས་བསྟན་པ་དེ་དག་ལ་ཡང་བསྐྱེད་སྐུར་མེད་པར་བྱ་སྟེ་བསྟན་པ་ཤེས་པའོ། །ཆོས་སོ་སོ་ཡང་དག་པར་རིག་པ་བཤད་ཟིན་ཏོ།། །།ཐ་སྙད་ཤེས་པ་བསྟན་པའི་ཕྱིར། །དེ་ལ་ངེས་པའི་ཚིག་སོ་སོ་ཡང་དག་པར་
རིག་པ་གང་ཞེ་ན་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །སེམས་ཅན་ཐམས་ཅད་ཀྱི་སྐད་ལ་འཇུག་པ་ཤེས་པ་ཞེས་བྱ་བ་ནི་སེམས་ཅན་རྣམས་ཀྱི་སོ་སོའི་སྐད་གང་ཡིན་པ་ཤེས་པའོ། །སྐད་ནི་སོ་སོའི་སྐད་རྣམས་སོ། །སྒྲ་ནི་ངག་གི་གདངས་རྣམས་སོ། །དབྱངས་ནི་གདངས་དེ་ཉིད་ཀྱིས་
སྙན་པ་དང་། མི་སྙན་པའི་བྱེ་བྲག་གོ། །ཚིག་གི་ལམ་ནི་སེམས་ཅན་སོ་སོའི་ཡི་གེ་རྣམས་སོ། །ངེས་པའི་ཚིག་ནི་ཐོགས་པ་དང་བཅས་པས་གཟུགས་ཞེས་བྱ་བ་ལ་སོགས་པའོ། །བརྡ་ནི་དོན་བརྡ་ཕྲད་པར་ནུས་པའི་ཚིག་རྐང་པ་ཚང་བའོ། །སྤྱོད་པ་ནི་སེམས་ཅན་སོ་སོའི་སྤྱོད་པའམ་
དོན་གང་ལ་མིང་གང་བཏགས་པའོ། །གཞན་ཡང་ངེས་པའི་ཚིག་སོ་སོ་ཡང་དག་པར་རིག་པའི་སྤྱོད་པ་འདི་དག་ཅེས་བྱ་བ་ལ་སོགས་པ་ནི་ངེས་པའི་ཚིག་གི་གྲངས་གདགས་པ་རྣམ་པར་གཞག་པ་དང་། གང་ཟག་གདགས་པ་རྣམ་པར་གཞག་པ་དང་། དུས་གདགས་པ་རྣམ་པར་གཞག་པ་དང་། ཡི་གེའི་བརྡ་
ཤེས་པ་གཅིག་གི་ཚོགས་ཀྱང་ཤེས་པ་མན་ཆད་མདོའི་ཚིག་གསུམ་གྱིས་གོ་རིམས་བཞིན་དུ་བསྟན་པར་ཤེས་པར་བྱའོ། །ངེས་པའི་ཚིག་སོ་སོ་ཡང་དག་པར་རིག་པ་རྣམ་གྲངས་གཞན་བསྟན་པའི་ཕྱིར། གཞན་ཡང་ངེས་པའི་ཚིག་ནི་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཆོས་ཐམས་ཅད་འགོག་པ་ལ་ཚིག་གི་ཆོས་ཤེས་པ་
ཞེས་བྱ་བ་ནི་ཆོས་ཐམས་ཅད་སྐྱེ་བ་མེད་པའི་མཚན་ཉིད་ལ་ངེས་པའི་ཚིག་དེས་བསྟན་ན་སྐྱེ་བ་མེད་པའི་རང་བཞིན་ཤེས་པར་བྱེད་དེ། དེ་ནི་ངེས་པའི་ཚིག་སོ་སོ་ཡང་དག་པར་རིག་པ་ཞེས་བྱའོ། །དེའི་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་དེའི་ཞེས་བྱ་བའི་ཐ་ཚིག་གོ། །ཐོགས་པ་མེད་པ་ཞེས་བྱ་བ་ནི་བསྟན་པར་
བྱ་བ་ཐམས་ཅད་སྟོན་པའི་ཕྱིར་རོ། །འཁྲུལ་པ་མེད་པ་ཞེས་བྱ་བ་ནི་མ་ནོར་ཅིང་ཕྱིན་ཅི་མ་ལོག་པར་སྟོན་པས་སོ། །ཤིན་ཏུ་རྣམ་པར་གཞག་པ་ཞེས་བྱ་བ་ནི་གང་བསྟན་པ་དེ་ཡང་གཏན་ལ་འབེབས་པས་སོ། །ཟློས་པ་མེད་པའི་ཚིག་ནི་ཡང་ནས་ཡང་དུ་མི་ཟློས་པའི་ཕྱིར་རོ། །མི་དྲག་པ་

ནི་ཉན་པ་རྣམས་ཀྱི་རྣ་བའི་དབང་པོ་ལ་གནོད་པར་མི་བྱེད་པས་སོ། །མ་རྟབས་པ་ནི་ཚིག་མྱུར་བ་དང་། དུམ་དུམ་པོར་སྨྲ་བ་མེད་པས་སོ། །ཟུར་ཕྱིན་པ་ནི་ཚིག་དང་ཡི་གེ་གསལ་བར་སྨྲ་བས་སོ། །རྣམ་པར་གསལ་བ་ནི་ཚིག་དང་ཡི་གེ་མ་ཆད་པར་སྨྲ་བའི་ཕྱིར་རོ། །དོན་དང་ཡི་གེས་
བསྐོར་བ་ནི་དོན་བཟང་པོ་དང་ཡི་གེ་བཟང་པོ་སྟོན་པའི་ཕྱིར་རོ། །ཇི་ལྟ་བ་བཞིན་དུ་འཁོར་ཚིམ་པར་བྱེད་པ་ནི་སོ་སོའི་སྐད་དང་སྒྲས་སོ་སོའི་བསམ་པ་ཚིམ་པར་བྱེད་པའི་ཕྱིར་རོ། །རྣམ་པ་སྣ་ཚོགས་པ་ནི་ཆོས་གཅིག་ལ་ཡང་རྣམ་གྲངས་དུ་མས་འཆད་པའི་ཕྱིར་རོ། །ཟབ་མོ་ནི་དོན་ཟབ་མོ་རྟོགས་
པར་བྱེད་པའམ། དོན་ཟབ་མོ་དང་མཐུན་པར་བྱེད་པའི་ཕྱིར་རོ། །ཟབ་པར་སྣང་བ་ནི་ངེས་པའི་ཚིག་དེ་ཉིད་གཞན་གྱིས་ཤེས་པར་དཀའ་བས་སོ། །ཀུན་རྫོབ་དང་དོན་དམ་པས་བརྒྱན་པ་ནི་ཀུན་རྫོབ་དང་དོན་དམ་པར་འཁྲུགས་པའི་ཆོས་སྟོན་པའི་ཕྱིར་རོ། །རང་གི་སེམས་རྟོག་པ་ནི་བདག་རང་གི་
སེམས་ཀྱིས་དངོས་པོ་ཅི་འདྲ་བ་ཕྱིན་ཅི་མ་ལོག་པར་ཤེས་པའོ། །ཤེས་པ་རྟོགས་པ་ནི་བདག་གི་དོན་དང་ཚིག་གི་ཤེས་པ་དེ་ཉིད་རང་གིས་རྟོགས་པའོ། །ལྟ་བ་རྟོགས་པ་ནི་རང་གི་ལྟ་བའི་གྲུབ་པའི་མཐའ་གང་ཡིན་པ་ཤེས་པའོ། །སངས་རྒྱས་ཀྱིས་བཀའ་སྩལ་པ་ནི། དེ་བཞིན་གཤེགས་པ་རྣམས་
ཀྱང་དེ་ཁོ་ན་སྐད་གསུངས་པའི་ཕྱིར་རོ། །སེམས་ཅན་ཐམས་ཅད་མགུ་བར་བྱེད་པ་ནི། ངེས་པའི་ཚིག་དེས་སེམས་ཅན་རྣམས་དད་པ་སྐྱེད་པའི་ཕྱིར་རོ། །ངེས་པའི་ཚིག་སོ་སོ་ཡང་དག་པར་རིག་པ་བཤད་ཟིན་ཏོ།། །།བརྗོད་པ་ཤེས་པ་བསྟན་པའི་ཕྱིར། དེ་ལ་སྤོབས་པ་སོ་སོ་
ཡང་དག་པར་རིག་པ་གང་ཞེ་ན་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ཡང་རྣམ་པ་གསུམ་གྱིས་རིག་པར་བྱ་སྟེ། སྤོབས་པ་གང་ཡིན་པ་དང་། གང་ལ་སྤོབས་པ་དང་། ཇི་ལྟར་སྤོབས་པའོ། །དེ་ལ་འདི་ལྟ་སྟེ། ཆགས་པ་མེད་པར་ལུང་བསྒོ་བ་ཞེས་བྱ་བ་ནས་བརྩམས་ཏེ། འབྲས་བུ་
ཡོད་པ་ཞེས་བྱ་བ་ཡན་ཆད་ཀྱིས་སྤོབས་པ་གང་ཡིན་པ་བསྟན་ཏོ། །ཇི་ལྟར་དྲིས་པ་བཞིན་དུ་སྤོབས་པ་དང་ཞེས་བྱ་བ་ནས་བརྩམས་ཏེ། སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་སྤྱོད་པ་ཚིམ་པར་བྱ་བ་ལ་སྤོབས་པ་སྟེ་ཞེས་བྱ་བ་ཡན་ཆད་ཀྱིས་གང་ལ་སྤོབས་པ་བསྟན་ཏོ། །མི་དོར་མི་ལྐུགས་

ཞེས་བྱ་བ་ནས་བརྩམས་ཏེ། ཡང་དག་པར་སྡུག་བསྔལ་ཟད་པར་བྱ་བའི་ཕྱིར་ཞེས་བྱ་བ་ཡན་ཆད་ཀྱིས་ཇི་ལྟར་སྤོབས་པ་བསྟན་ཏོ། །ཆགས་པ་མེད་པར་ལུང་བསྒོ་བ་བསྟན་པ་ཤེས་པ་ཞེས་བྱ་བ་ལ། དྲིས་པའི་ལན་ལྡོན་པ་ལ་ལུང་བསྒོ་བ་བསྟན་པ་ཤེས་པ་ཞེས་བྱ་སྟེ། ཆོས་དང་དོན་གང་དང་
གང་དྲིས་པ་དེ་དང་དེ་དག་བསྟན་པ་ལ། བསམ་མི་དགོས་པར་ཤེས་པ་ནི་ཆགས་པ་མེད་པའོ། །ཕྱད་པར་ལུང་བསྒོ་བ་བསྟན་པ་ཤེས་པ་ཞེས་བྱ་བ་ནི་དུས་གཅིག་ཏུ་སོ་སོ་ནས་མི་མཐུན་པ་དུ་མ་དྲིས་ཀྱང་ཕྱད་པར་བསྟན་པའི་ཕྱིར་རོ། །ཐོགས་པ་མེད་པར་ལུང་བསྒོ་བ་བསྟན་པ་ཤེས་པ་ཞེས་བྱ་བ་ནི་པས་ཀྱི་རྒོལ་བ་ལ་
སོགས་པས་ཟིལ་གྱིས་མི་ནོན་ཅིང་ཐགས་ཐོགས་མེད་པའོ། །ཡང་ན་ཆོས་ཁ་ཅིག་སྟོན་ནུས་པ་ཁ་ཅིག་སྟོན་མི་ནུས་པ་ནི་ཆགས་པ་སྟེ། བྱང་ཆུབ་སེམས་དཔའ་ནི་ཐམས་ཅད་སྟོན་པའི་ཕྱིར་ཆགས་པ་མེད་པར་ལུང་བསྒོ་བ་བསྟན་པ་ཤེས་པའོ། །རྒྱུ་འགའ་ཞིག་ལ་བརྟེན་ནས་སྟོན་པ་ནི་ཐོགས་པ་སྟེ།
གང་ལ་ཡང་མི་རྟེན་པར་སྟོན་པས་ཐོགས་པ་མེད་པར་ལུང་བསྒོ་བ་བསྟན་པ་ཤེས་པ་ཞེས་བྱའོ། །མྱུར་བའི་སྤོབས་པ་ཞེས་བྱ་བ་ནི་གཞན་གྱིས་དྲིས་ན་མགོ་རྨོངས་པ་མེད་ཅིང་མྱུར་དུ་ལན་ལྡོན་ལ། ཆོས་ཀྱི་དོན་ལ་མྱུར་དུ་འཇུག་པའི་ཕྱིར་རོ། །ལ་གོར་དུ་སྤོབས་པ་ནི་ཟུར་ཙམ་དྲིས་པས་ཀྱང་གང་འདྲི་
བའི་དོན་མ་ལུས་པ་སྟོན་པའི་ཕྱིར་རོ། །མགྱོགས་པའི་སྤོབས་པ་ནི་དོན་ཕྲ་ཞིང་ཟབ་པ་རྟོག་པར་བྱེད་པས་སོ། །འབྲས་བུ་ཡོད་པའི་སྤོབས་པ་ནི་དེའི་སྤོབས་པས་དེ་ཁོ་ན་རྟོགས་ཤིང་མྱ་ངན་ལས་འདས་པ་ཐོབ་པར་བྱེད་པས་སོ། །ཇི་ལྟར་དྲིས་བ་བཞིན་དུ་སྤོབས་པ་ནི་ཆོས་གང་དང་གང་དྲིས་པ་དེ་དང་
དེ་དག་སྟོན་པར་བྱེད་པའི་ཕྱིར་རོ། །མི་འཕྲོགས་པའི་སྤོབས་པ་ནི་བྱང་ཆུབ་སེམས་དཔའ་དེའི་སྤོབས་པ་གཞན་གྱིས་ཟིལ་གྱིས་མི་ནོན་པའི་ཕྱིར་རོ། །ཡོངས་སུ་མི་ཉམས་པའི་སྤོབས་པ་ནི་ནམས་ཀྱང་སྤོབས་པ་དེ་ལ་ཉམས་པ་མེད་པས་སོ། །ཤིན་ཏུ་འབྲེལ་པའི་སྤོབས་པ་ནི་ཚིག་དང་དོན་དུ་འབྲེལ་
པ་སྨྲ་བའི་ཕྱིར་རོ། །རྟོགས་པའི་སྤོབས་པ་ནི་སྤོབས་པ་དེས་ཆོས་གང་དང་གང་བསྟན་པའི་ཆོས་དེ་དང་དེ་རྟོགས་པར་བྱེད་པས་སོ། །ཆོས་ལ་དགའ་བའི་སྤོབས་པ་ནི་ཚིག་ཀྱལ་པ་སྤངས་ནས་རྟག་ཏུ་ཆོས་ཀྱི་གཏམ་ཤ་སྟག་སྨྲ་བའི་ཕྱིར་རོ། །བཟོད་པའི་སྟོབས་ལ་གནས་པའི་སྤོབས་པ་ནི་ཚིག་རྩུབ་པོ་

སྨྲས་ཀྱང་ཞེ་སྡང་མི་ལྡང་ཞིང་ཚིག་རྩུབ་པོ་མི་སྨྲ་བའི་ཕྱིར་རོ། །ཟབ་པ་ལ་སྤོབས་པ་ནི་གཅིག་ཏུ་སྟོང་པ་ཉིད་ཀྱི་ཆོས་མ་ནོར་བར་སྟོན་པའི་ཕྱིར་རོ། །སྣ་ཚོགས་ཀྱི་སྤོབས་པ་ནི་ཐ་སྙད་ཀྱི་གཏམ་སྣ་ཚོགས་སྟོན་པ་ལ་མཁས་པའི་ཕྱིར་རོ། །ཀུན་རྫོབ་དང་དོན་དམ་པ་ལ་སྤོབས་པ་ནི་ཀུན་རྫོབ་དང་དོན་དམ་པར་
བཅས་པའི་ཆོས་མ་ནོར་བར་སྟོན་པའི་ཕྱིར་རོ། །སངས་རྒྱས་ཀྱི་ཆོས་ཞེས་བྱ་བ་ལ་སོགས་པས་སངས་རྒྱས་ཀྱིས་གསུངས་པའི་གསུང་རབ་ཡན་ལག་བཅུ་གཉིས་ཀྱིས་ཚིག་སོ་སོར་ཕྱེ་སྟེ། བསྟན་པ་ལ་མཁས་ཤིང་ཐོགས་པ་མེད་པར་བསྟན་པའོ། །གང་ངེས་པའི་ཚིག་ལ་རྟོགས་པས་ཚིག་གི་ཆོས་
ཤེས་པ་ཞེས་བྱ་བ་ནི་སྤོབས་པ་དེས་ཐོགས་པ་དང་བཅས་པའི་ཕྱིར་གཟུགས་ཞེས་བྱ་བ་ལ་སོགས་པ་ངེས་པའི་ཚིག་གི་མཚན་ཉིད་ལ་རྟོགས་པས་ཚིག་ཏུ་བྱ་བའི་ཆོས་ཐམས་ཅད་ལ་མཁས་པའོ། །འཇུག་པ་ཤེས་པའི་སྤོབས་པ་ཞེས་བྱ་བ་ནི་སྤོབས་པ་དེས་གོང་དུ་སྨོས་པ་དེ་དག་གི་མཚན་ཉིད་ལ་འཇུག །
ཆོས་དེ་དག་གི་མཚན་ཉིད་རྟོག་པར་བྱེད་པའི་ཕྱིར་རོ། །ཐེག་པ་ཐམས་ཅད་ལ་སྤོབས་པ་ཞེས་བྱ་བ་ནི་ཐེག་པ་ཐམས་ཅད་སྟོན་པའི་ཕྱིར་རོ། །ཡང་དག་པ་ཇི་ལྟ་བ་བཞིན་དུ་བསྟན་པས་ཞེས་བྱ་བ་ནི་སོ་སོ་གང་ལ་དད་པའི་ཆོས་དེ་དག་ཕྱིན་ཅི་མ་ལོག་པར་སྟོན་པས་སོ། །མི་དོར་བ་ནི་ཚིག་ནོར་བ་མེད་
པས་སོ། །མི་ལྐུགས་པ་ནི་ཚིག་མི་གསལ་བ་མེད་པས་སོ། །མི་བརླང་བའི་ཚིག་ནི་ཚིག་དང་ཡི་གེ་ཡིད་ལ་མི་འཐད་པ་མེད་པའི་ཕྱིར་རོ། །བསྟན་པ་ནི་ཆོས་རྣམས་ཕྱིན་ཅི་མ་ལོག་པར་སྟོན་པའི་ཕྱིར་རོ། །མི་རྩུབ་པ་ནི་དོན་དམ་པར་ཁོང་དུ་ཆུད་པར་བྱ་བའི་ཐབས་སླ་བ་སྟོན་པའི་ཕྱིར་རོ། །
ཡང་ན་མི་བརླང་བ་ནི་བསླབ་པ་ལས་འདས་ན་ཡང་དེ་ལས་གསོ་བའི་ཐབས་སྟོན་པའི་ཕྱིར་རོ། །མི་རྩུབ་པ་ནི་མུ་སྟེགས་ཅན་གྱི་དཀའ་ཐུབ་བདག་ཉིད་ལ་དོན་མེད་པའི་ལམ་མི་སྟོན་པའི་ཕྱིར་རོ། །འཇམ་པ་ནི་ཆོས་བཤད་པའི་དུས་ན་ཡང་འགྲོ་བ་རྣམས་ཀྱི་ཡིད་ཀྱི་དབང་པོ་ཚིམ་པར་བྱེད་པའི་ཕྱིར་རོ། །
དག་པ་ནི་འཇིག་རྟེན་ལས་འདས་པའི་རྗེས་ལ་ཐོབ་པའི་ཡེ་ཤེས་དག་པས་བཤད་པའི་ཕྱིར་རོ། །རབ་ཏུ་གྲོལ་བ་ནི་ཉོན་མོངས་པའི་བག་ཆགས་དང་བྲལ་ནས་གསུངས་པའི་ཕྱིར་རོ། །ཐོགས་པ་མེད་པ་ནི་ཚིག་དང་ཡི་གེ་ཟློས་པ་མི་སྨྲ་བའི་ཕྱིར་རོ། །ཟུར་ཕྱིན་པ་ནི་ཚིག་དང་ཡི་གེ་ཟུར་ཆག་

པ་མེད་པ་སྟོན་པའི་ཕྱིར་རོ། །ངེས་པའི་ཚིག་ནི་གཞན་ལ་ཞེ་གཅོད་པའི་ཚིག་མི་སྨྲ་བའི་ཕྱིར་རོ། །མི་གཡོ་བའི་ཚིག་ནི་མུ་སྟེགས་ཅན་ལ་སོགས་པས་སྤ་བཀོང་བར་མི་ནུས་པའི་ཕྱིར་རོ། །ཡང་ན་འདུལ་བ་རྣམས་ཡོངས་སུ་སྨིན་པའི་དུས་ལས་མི་འདའ་བར་སྟོན་
པས་ནི་མི་གཡོ་བའོ། །བསྟོད་ཀྱང་འགྱིང་བའི་ཀུན་ནས་ཉོན་མོངས་པ་མི་སྐྱེ་བའི་ཕྱིར་མི་རྒོད་པའོ། །སྨད་ཀྱང་ཞུམ་པའི་ཀུན་ནས་ཉོན་མོངས་པ་མི་སྐྱེ་བའི་ཕྱིར་ཞི་བའོ། །སྐྱེ་བོ་ཐམས་ཅད་ཀྱིས་དེའི་ཚིག་ལ་བཙུན་པར་བྱེད་པའི་ཕྱིར་གཟུང་བའི་ཚིག་གོ། །དེའི་ཚིག་ཐམས་ཅད་ཉན་
པའི་ཕྱིར་བཙུན་པའི་ཚིག་གོ། །ཚིག་དང་དོན་དུ་འབྲེལ་པའམ། མདོར་བསྟན་ནས་རྒྱས་པར་འཆད་པ་དང་བཅས་པའི་ཕྱིར་འབྲེལ་པའི་ཚིག་གོ། །སེམས་ཅན་ཐམས་ཅད་ཀྱི་དགེ་བའི་རྩ་བ་འཕེལ་ཞིང་རྒྱས་པར་བྱེད་པའི་ཕྱིར་ཐ་བ་མེད་པའི་ཚིག་གོ། །ཚད་མ་གསུམ་དང་མི་
འགལ་བའི་ཕྱིར་ཤིན་ཏུ་རིགས་པའི་ཚིག་གོ། །སེམས་ཅན་དགེ་བའི་རྩ་བ་མ་བསྐྱེད་པ་རྣམས་ནི་སྐྱེད་པར་བྱེད། སྐྱེས་པ་རྣམས་ནི་འཕེལ་བར་བྱེད། འཕེལ་བ་རྣམས་ནི་སྨིན་པར་བྱེད་པས་ན། མ་ཚང་བ་མེད་པའི་ཚིག་གོ། །དོན་བཟང་པོ་སྟོན་པས་ན་སྙན་པའི་ཚིག་གོ། །ཡི་གེ་བཟང་
པོ་སྟོན་པས་ན་མཉེན་པའི་ཚིག་གོ། །ཇི་ལྟར་ཁས་བླངས་པ་ལས་གཞན་དུ་འགྱུར་བ་མེད་པས་ན་མ་སྨད་པའི་ཚིག་གོ། །འཁོར་ཐམས་ཅད་ལ་ཕན་འདོགས་ཤིང་འཁོར་རྣམས་སྡུད་པར་བྱེད་པས་ན་ཤིན་ཏུ་སྡུད་པའི་ཚིག་གོ། །ཉན་ཐོས་དང་རང་སངས་རྒྱས་དང་བྱང་ཆུབ་སེམས་
དཔའ་དང་། དེ་བཞིན་གཤེགས་པ་རྣམས་ཀྱིས་བསྟོད་པས་ན་འཕགས་པ་ཐམས་ཅད་ཀྱིས་རབ་ཏུ་བསྔགས་པའོ། །ཞིང་མཐའ་ཡས་པས་འགྲོ་བར་བྱེད་པའི་རྗེས་སུ་སོང་བའི་དབྱངས་ཞེས་བྱ་བ་ནི་སྤོབས་པ་ལས་བྱུང་བའི་ཚིག་དེས་སངས་རྒྱས་ཀྱི་ཞིང་མཐའ་ཡས་པར་ཁྱབ་པར་བྱེད་པའི་
ཕྱིར་རོ། །ཚངས་པའི་སྒྲ་སྐད་ལ་རྟོག་ཅིང་གོ་བར་བྱེད་པའི་དབྱངས་ཞེས་བྱ་བ་ལ་ཚངས་པ་ནི་མྱ་ངན་ལས་འདས་པ་ལ་བྱ་སྟེ། དེ་སྟོན་པའི་སྒྲ་སྐད་ལ་མཁས་པ་འམ། དེ་སྟོན་པར་བྱེད་པ་ལ་མཁས་ཞེས་བྱ་བའི་དོན་ཏོ། །སངས་རྒྱས་ཀྱིས་བཀའ་སྩལ་པ་ཞེས་བྱ་བ་ལ་སོགས་པས། བྱང་

ཆུབ་སེམས་དཔའ་དེ་སངས་རྒྱས་རྣམས་ཀྱི་བཤད་པའི་སྤོབས་པ་དང་ལྡན་པས་སེམས་ཅན་རྣམས་ཀྱི་དབང་པོ་མཆོག་དང་མཆོག་མ་ཡིན་པར་ཤེས་པར་བྱས་ནས་དབང་པོ་དང་མཐུན་མཐུན་དུ་ཆོས་སྟོན་པར་བྱེད་ཅེས་བྱ་བའི་དོན་ཏོ། །དེའི་ཆོས་སྟོན་པ་ཡང་དེ་བྱེད་པར་ཡང་དག་པར་སྡུག་
བསྔལ་ཟད་པར་བྱ་བའི་ཕྱིར་འབྱུང་བར་འགྱུར་ཏེ་ཞེས་བྱ་བ་ལ་དེ་བྱེད་པ་ཞེས་བྱ་བ་ནི་སྡུག་བསྔལ་ཟད་པར་བྱེད་པ་ལ་བྱ་སྟེ། བྱང་ཆུབ་སེམས་དཔའི་ཆོས་སྟོན་པའི་ཚིག་དེ་ནི་ཡང་དག་པར་སྡུག་བསྔལ་ཟད་པར་བྱ་བའི་ཕྱིར་འབྱུང་ངོ་ཞེས་བྱ་བའི་དོན་ཏོ། །འདི་ནི་སྤོབས་པ་སོ་སོ་ཡང་དག་པར་རིག་པ་སྟེ།
སོ་སོ་ཡང་དག་པར་རིག་པ་བཞི་མི་ཟད་པ་བཤད་ཟིན་ཏོ།། །།སློབ་པར་བྱེད་པའི་བྱང་ཆུབ་སེམས་དཔའ་བསྟན་པའི་ཕྱིར་བཙུན་པ་ཤ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྟོན་པ་བཞི་ཡང་མི་ཟད་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་མི་ཟད་པ་ཡང་རྟེན་པར་བྱེད་
པའི་དོན་དང་ཡེ་ཤེས་དང་ངེས་པའི་དོན་དང་། ཆོས་ཉིད་མི་ཟད་པའི་ཕྱིར་རོ། །འདིར་ཡང་བསྟན་པ་དང་བཤད་པའི་ཚུལ་རིག་པར་བྱ་སྟེ། བཞི་གང་ཞེ་ན་འདི་ལྟ་སྟེ་ཞེས་བྱ་བ་ལ་སོགས་པ་བསྟན་པའི་ཚུལ་ལོ། །ལྷག་མ་རྣམས་ནི་བཤད་པའི་ཚུལ་ལོ། །རྟོན་པ་བཞིའི་དོན་ཤེས་ཏེ། དོན་ལ་
སོགས་པ་ལ་རྟོན་པར་གྱུར་ན་གོང་དུ་བསྟན་པ་ལྟ་བུའི་སོ་སོ་ཡང་དག་པར་རིག་པར་འབྱུང་བས། རྟོན་པ་བཞིས་བསྡུས་པའི་དོན་དེའི་ཐབས་ཤེས་པ་བསྟན་པར་སྦྱར་རོ། །སློབ་པར་བྱེད་པའི་བྱང་ཆུབ་སེམས་དཔའ་རྣམ་པ་བཞི་སྟེ། ཆོས་ཤིན་ཏུ་ཚོལ་བ་དང་། བསམ་པ་ཤིན་ཏུ་ཚོལ་བ་དང་།
ནན་ཏན་སྙིང་པོར་བྱེད་པ་དང་། གཞན་གྱི་དྲིང་ལ་མི་འཇོག་པའོ། །ཆོས་ཤིན་ཏུ་ཚོལ་བའི་དབང་དུ་བྱས་ནས། དེ་ལ་དོན་ནི་གང་། ཚིག་འབྲུ་ནི་གང་ཞེ་ན་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །གང་འཇིག་རྟེན་པའི་ཆོས་དང་བྱ་བ་ལ་འཇུག་པ་བསྟན་པའོ་ཞེས་བྱ་བ་ནི་འཇིག་རྟེན་གྱི་ཆོས་
ལས་དང་འབྲས་བུ་ལ་སོགས་པ་ཐ་སྙད་དུ་གདགས་ཤིང་བརྗོད་པར་བྱ་བ་རྣམས་བསྟན་པ་ལ་ཚིག་འབྲུ་ཞེས་བྱའོ། །དོན་ཞེས་བྱ་བ་ནི་གང་འཇིག་རྟེན་ལས་འདས་པའི་ཆོས་རྟོགས་པའོ་ཞེས་བྱ་བ་ལས་དང་འབྲས་བུ་ལ་སོགས་པ་འཇིག་རྟེན་གྱི་ཐ་སྙད་དུ་གདགས་པའི་ཆོས་རྣམས་ལས་འདས་

ཏེ་དེ་དག་གི་མཚན་མ་རྣམས་དང་བྲལ་བ་སྟོང་པའི་དོན་རྟོགས་པ་ལ་དོན་ཞེས་བྱའོ། །དེ་བཞིན་དུ་འོག་མ་རྣམས་ལ་ཡང་གར་རིགས་པར་སྦྱར་ཏེ་མདོར་ན་ཇི་ཙམ་དུ་ཀུན་རྫོབ་ཀྱི་ཆོས་རྣམས་བཤད་ཅིང་འབྲེལ་པ་ལ་ནི་ཚིག་འབྲུ་ཞེས་བྱའོ། །དེ་ལས་བཟློག་སྟེ་བཤད་པ་དང་བརྗོད་པ་ལ་
སོགས་པ་ལས་འདས་ཤིང་དོན་དམ་པའི་དབྱིངས་ཉིད་དུ་རྟོགས་པ་ལ་དོན་ཞེས་བྱའོ། །ཚིག་འབྲུ་ཞེས་བྱ་བ་ནི་གང་སྦྱིན་པ་དང་དུལ་བ་དང་ཞེས་བྱ་བ་ལ་སོགས་པ་ལ་ཕྱི་དང་ནང་གི་དངོས་པོ་སྦྱིན་པ་བསྟན་ཅིང་བཤད་པ་དང་། མིག་ལ་སོགས་པའི་དབང་པོ་རྣམས་ཡུལ་ལ་མི་འཇུག་པར་དུལ་བ་བསྟན་པ་དང་།
ལུས་དང་ངག་དང་ཡིད་ཀྱི་སྒོ་ནས་སྡིག་པ་མི་བྱེད་པར་སྡོམ་པ་བསྟན་པ་དང་། གཞན་ལ་གནོད་པ་མི་བྱེད་པར་ངེས་པ་བསྟན་ཅིང་བཤད་པ་ནི་ཚིག་འབྲུ་ཞེས་བྱའོ། །མཉམ་པ་ཉིད་ཤེས་པའོ་ཞེས་བྱ་བ་ནི་ཆོས་དེ་དག་རང་བཞིན་མེད་པར་ཤེས་པའམ། ཆོས་དེ་དག་གིས་སྟོང་པ་ཉིད་ཤེས་པ་ནི་དོན་ཞེས་
བྱའོ། །ཚིག་འབྲུ་ཞེས་བྱ་བ་ནི་གང་འཁོར་བའི་སྐྱོན་བསྒྲགས་ཤིང་བརྗོད་པའོ་ཞེས་བྱ་བ་ལ་ཕུང་པོ་གཅིག་ནས་གཅིག་ཏུ་ཚེའི་ཉིང་མཚམས་སྦྱོར་ཞིང་སྐྱེ་བ་ནི་འཁོར་བའོ། །འཁོར་བའི་སྐྱོན་ནི་འཁོར་བའི་ཉེས་པ་སྟེ། རྒ་བ་དང་འཆི་བ་ལ་སོགས་པའི་སྡུག་བསྔལ་མང་པོ་དང་ལྡན་པ་སྟེ། དེ་ལྟར་
འཁོར་བའི་སྐྱོན་བསྒྲགས་ཤིང་འཆད་པ་ནི་ཚིག་འབྲུའོ། །དོན་ཞེས་བྱ་བ་ནི་འཁོར་བ་ལ་མི་དམིགས་པར་རྟོགས་པའོ་ཞེས་བྱ་བ་ལ་ཉེས་པ་དུ་མའི་གནས་སུ་གྱུར་པའི་འཁོར་བ་དེ་ཡང་རང་བཞིན་གྱིས་སྟོང་ཞིང་མེད་པར་ཁོང་དུ་ཆུད་པ་ནི་དོན་ཞེས་བྱའོ། །ཚིག་འབྲུ་ཞེས་བྱ་བ་ནི་གང་མྱ་
ངན་ལས་འདས་པའི་ཡོན་ཏན་དང་ཕན་ཡོན་བརྗོད་ཅེས་བྱ་བ་ལ། ཉོན་མོངས་པ་མ་ལུས་པར་སྤངས་ནས་ཚེ་གཅིག་ནས་གཅིག་ཏུ་ཉིང་མཚམས་སྦྱོར་བའི་རྒྱུན་ཆད་པ་ནི་མྱ་ངན་ལས་འདས་པའོ། །མྱ་ངན་ལས་འདས་པའི་ཡོན་ཏན་ནི་ཞི་བ་དང་གྱ་ནོམ་པ་དང་། ངེས་པར་འབྱུང་བ་ཞེས་བྱ་བ་ལ་སོགས་
པའོ། །ཕན་ཡོན་ནི་སྡུག་བསྔལ་ཐམས་ཅད་སྤངས་ཤིང་བདེ་བ་རྣམས་ཀྱི་རྟེན་དུ་གྱུར་པ་སྟེ། གང་མྱ་ངན་ལས་འདས་པའི་ཡོན་ཏན་དང་། ཕན་ཡོན་ཆད་ཅིང་བརྗོད་པ་ནི་ཚིག་འབྲུ་ཞེས་བྱའོ། །དོན་ཞེས་བྱ་བ་ནི་རང་བཞིན་གྱིས་ཞེས་བྱ་བ་ལ་སོགས་པ་ལ། ཆོས་ཐམས་ཅད་རང་བཞིན་གྱིས་འོད་གསལ་བ།

ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་གློ་བུར་དང་། མ་འདྲེས་པ་ཡིན་པས་རང་བཞིན་གྱིས་མྱ་ངན་ལས་འདས་པ་སྟེ། དེ་ལྟར་ན་རང་བཞིན་གྱིས་མྱ་ངན་ལས་འདས་པའི་ཆོས་དེ་དག་ལ་ཡང་ཉེས་པ་དང་སྐྱོན་དང་ཡོན་ཏན་དང་ཕན་ཡོན་དུ་མི་རྟོགས་པ་ནི་དོན་ཞེས་བྱའོ། །ཚིག་འབྲུ་ཞེས་བྱ་བ་ནི་གང་ཐེག་པ་ཇི་
ལྟར་རྣམ་པར་གཞག་པ་བཞི་ཞེས་བྱ་བ་ལ། ཐེག་པ་གསུམ་ཇི་ལྟར་འཇིག་རྟེན་དུ་རྣམ་པར་གཞག་པ་དེ་བཞིན་དུ་སོ་སོར་མཚན་ཉིད་མ་ནོར་བར་སྟོན་ཅིང་འཆད་པ་འམ། གསུང་རབ་ཡན་ལག་བཅུ་གཉིས་ཇི་ལྟར་འཇིག་རྟེན་དུ་གཞག་པ་དེ་བཞིན་དུ་སོ་སོར་མཚན་ཉིད་མ་ནོར་བར་འཆད་པ་ནི་ཚིག་འབྲུ་
ཞེས་བྱའོ། །དོན་ཞེས་བྱ་བ་ནི་གང་ཆོས་ཀྱི་དབྱིངས་ཞེས་བྱ་བ་ལ་སོགས་པ་ལ་ཐེག་པ་གསུམ་ལ་སོགས་པ་ཇི་སྙེད་ཆོས་ཐ་དད་པར་གཞག་པའི་རྣམ་པ་དོན་དམ་པར་ཚུལ་གཅིག་པ་སོ་སོར་དབྱེར་མེད་པར་ཁོང་དུ་ཆུད་ཅིང་ཤེས་པ་ནི་དོན་ཞེས་བྱའོ། །ཚིག་འབྲུ་ཞེས་བྱ་བ་ནི་བདོག་པ་ཐམས་
ཅད་ཡོངས་སུ་གཏོང་བ་བསྟན་པ་ཞེས་བྱ་བ་ལ། ནོར་དང་འབྲུ་ལ་སོགས་པ་བདག་གིར་བྱས་པའི་དངོས་པོ་ཐམས་ཅད་གཞན་ལ་གཏོང་བར་བསྟན་ཅིང་བཤད་པ་ནི་ཚིག་འབྲུའོ། །དོན་ཞེས་བྱ་བ་ནི་གང་འཁོར་གསུམ་ཡོངས་སུ་དག་པའི་ཞེས་བྱ་བ་ལ་གཏོང་བ་པོ་དང་། གཏོང་བའི་དངོས་པོ་དང་།
ལེན་པ་གསུམ་ཆར་ཡང་རང་བཞིན་མེད་པར་ཤེས་པ་ནི་དོན་ཏོ། །ཚིག་འབྲུ་ཞེས་བྱ་བ་ནི་གང་ལུས་དང་ངག་དང་ཡིད་ཀྱི་སྡོམ་པ་ཞེས་བྱ་བ་ལ་སོགས་པ་ལ་ཚུལ་ཁྲིམས་དང་ཚུལ་ཁྲིམས་ཀྱི་འཁོར་དུ་གཏོགས་པ་ཆོས་མིང་གིས་སྨོས་པ་རྣམས་ཡང་དག་པ་མནོད་ཅིང་བླང་བར་བསྟན་ཅིང་བཤད་པ་ནི་ཚིག་འབྲུའོ། །
དེ་ལ་ལུས་དང་ངག་དང་ཡིད་ཀྱི་སྡོམ་པ་གསུམ་ནི་ལུས་ཀྱིས་ལེགས་པར་སྤྱོད་པ་ལ་འཇུག་པ་དང་། ངག་གིས་ལེགས་པར་སྤྱོད་པ་ལ་འཇུག་པ་དང་། ཡིད་ཀྱིས་ལེགས་པར་སྤྱོད་པ་ལ་འཇུག་པ་ནི་འཇུག་པའི་ཚུལ་ཁྲིམས་སོ། །ཚུལ་ཁྲིམས་ཞེས་བྱ་བའི་སྒྲས་ནི་ཡན་ལག་དྲུག་པའི་ཚུལ་ཁྲིམས་ལ་བྱ་བར་
འདོད་དོ། །བསླབ་པའི་སྒྲས་ནི་སྲོག་གཅོད་པ་ལས་ཕྱིར་ལྡོག་པ་དང་། མ་བྱིན་པར་ལེན་པ་ལས་ཕྱིར་ལྡོག་པ་ལ་སོགས་པ་ལ་སློབ་པས་ལྡོག་པའི་ཚུལ་ཁྲིམས་ལ་བྱའོ། །སྦྱངས་པའི་ཡོན་ཏན་ནི་སྦྱངས་པའི་ཡོན་ཏན་བཅུ་གཉིས་རྣམས་སོ། །ཡོ་བྱད་བསྙུངས་པ་ནི་ལྷུང་བཟེད་དང་ཆོས་གོས་ལ་

སོགས་པ་མང་པོ་མི་འཛིན་པའོ། །ཡོངས་སུ་དག་པར་ཤེས་པ་ཞེས་བྱ་བ་ནི་ཚུལ་ཁྲིམས་དང་ཚུལ་ཁྲིམས་ཀྱི་ཡན་ལག་ཏུ་གཏོགས་པའི་ཆོས་དེ་དག་རང་བཞིན་གྱིས་དག་པར་ཤེས་པ་ནི་དོན་ཏོ། །ཡང་དག་པར་འཇོམས་ཤིང་བཟོད་པའི་སྟོབས་དང་ངེས་པ་བསྟན་པ་ཞེས་བྱ་བ་རབ་
ཏུ་འཇོམས་པ་ནི་གནོད་སེམས་ལ་སོགས་པ་སྤོང་པའོ། །བཟོད་པ་ནི་གཞན་གྱིས་གནོད་པ་བྱས་ཀྱང་སེམས་མི་འཁྲུག་ཅིང་གནོད་པ་ཉམས་སུ་ལེན་པ་སྟེ། སྟོབས་ནི་བཟོད་པ་དང་མི་མཐུན་པའི་ཆོས་ཁོང་ཁྲོ་བ་ལ་སོགས་པའི་དབང་དུ་མི་འགྲོ་བའོ། །ངེས་པ་ནི་སེམས་ཅན་ལ་གནོད་པ་མི་
བྱེད་པ་སྟེ། དེ་ལྟ་བུ་བསྟན་ཅིང་བཤད་པ་ནི་ཚིག་འབྲུའོ། །དོན་ཞེས་བྱ་བ་ནི་གང་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པ་ཞེས་བྱ་བ་ལ་ཆོས་ཐམས་ཅད་མ་བྱུང་བ་སྐྱེས་པར་ཁོང་དུ་ཆུད་ཅིང་སྟོང་པ་ཉིད་ཀྱི་ཆོས་ལ་མི་སྐྲག་པ་ཐོབ་པ་ནི་དོན་ཞེས་བྱའོ། །ཚིག་འབྲུ་ཞེས་བྱ་བ་ནི་གང་དགེ་བའི་རྩ་བ་ཐམས་ཅད་
ཡང་དག་པར་སྒྲུབ་པ་ལ་ཞེས་བྱ་བ་ལ་སོགས་པ་དགེ་བའི་རྩ་བ་ཐམས་ཅད་ཡང་དག་པར་བླང་ཞིང་བསྒྲུབ་པར་བྱ་བའི་ཕྱིར། བརྩོན་འགྲུས་བརྩམ་པར་བྱ་བ་བསྟན་ཅིང་བཤད་པ་ནི་ཚིག་འབྲུའོ། །དོན་ཞེས་བྱ་བ་ནི་གང་བླང་བ་དང་དོར་བ་ལ་མི་གནས་ཞེས་བྱ་བ་ལ་དགེ་བའི་ཆོས་བླང་བ་ལ་ཡང་མི་
གནས། མི་དགེ་བའི་ཆོས་སྤང་བ་ལ་ཡང་མི་གནས་ཏེ། བྱ་བ་གཉིས་མཐར་ཕྱིན་པའི་བརྩོན་འགྲུས་ཀྱི་འབྲས་བུ་དང་ལྡན་པ་ལ་དོན་ཞེས་བྱའོ། །སྙོམས་པར་འཇུག་པ་བསྟན་པ་ཞེས་བྱ་བ་ནི་མིང་གིས་སྨོས་པའི་ཆོས་དེ་རྣམས་ཀྱི་མཚན་ཉིད་གང་ཡིན་པ་བཤད་པ་ནི་ཚིག་འབྲུའོ། །ཆོས་དེ་དག་
གི་འབྲས་བུ་འགོག་པའི་སྙོམས་པར་འཇུག་པ་མངོན་དུ་བྱས་ཤིང་། ཁོང་དུ་ཆུད་པ་ནི་དོན་ཏོ། །ཚིག་འབྲུ་ཞེས་བྱ་བ་ནི་གང་ཐོས་པ་ཐམས་ཅད་འཛིན་པ་ཞེས་བྱ་བ་ལ་ཤེས་རབ་བསྐྱེད་པའི་རྩ་བར་གྱུར་པའི་དགེ་བའི་བཤེས་གཉེན་ལ་བརྟེན་ནས་དམ་པའི་ཆོས་སུ་ཉན་ཅིང་ཇི་ལྟར་མཉན་པའི་ཆོས་ཀྱི་
དོན་དང་ཚིག་མི་བརྗེད་པར་འཛིན་པ་ནི་ཚིག་འབྲུའོ། །དོན་དམ་པར་ནི་ཆོས་ཐམས་ཅད་བཤད་པ་དང་ཉན་པ་ལས་འདས་སོ་ཞེས་གང་སྟོང་པ་བརྗོད་དུ་མེད་པའི་དོན་ཞེས་པ་ནི་དོན་ཏོ། །དོན་ཞེས་བྱ་བ་ནི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་བསྒྲུབ་པའི་འབྲས་བུ་མངོན་སུམ་དུ་བྱེད་ཅེས་བྱ་བ་ལ། བྱང་

ཆུབ་ཀྱི་ཕྱོགས་སུམ་ཅུ་རྩ་བདུན་བསྒྲུབ་པའི་སོ་སོའི་འབྲས་བུ་རེ་རེ་ནས་མངོན་སུམ་དུ་བྱེད་པའམ། དེ་དག་ཅིའི་འབྲས་བུ་སངས་རྒྱས་སུ་གྲུབ་པའི་མཚན་ཉིད་མངོན་སུམ་དུ་བྱེད་པ་ནི་དོན་ཏོ། །ཚིག་འབྲུ་ཞེས་བྱ་བ་ནི་གང་སྡུག་བསྔལ་དང་ཞེས་བྱ་བ་ལ། སེམས་ཅན་གཞན་དག་ལ་འདི་ནི་སྡུག་བསྔལ་གྱི་
བདེན་པ། འདི་ནི་ཀུན་འབྱུང་བའི་བདེན་པ། འདི་ནི་ལམ་གྱི་བདེན་པ་ཞེས་བདེན་པ་གསུམ་འཆད་ཅིང་བསྟན་པ་ནི་ཚིག་འབྲུའོ། །དོན་ཞེས་བྱ་བ་ནི་གང་འགོག་པ་མངོན་སུམ་དུ་བྱེད་ཅེས་བྱ་བ་ལ་དེ་ལྟར་བསྟན་ཅིང་བསྒྲུབ་པའི་འབྲས་བུ་འགོག་པའི་བདེན་པ་མངོན་དུ་བྱེད་པ་ནི་དོན་ཏོ། །ཚིག་འབྲུ་
ཞེས་བྱ་བ་ནི་གང་མ་རིག་པ་ཞེས་བྱ་བ་ལ་སོགས་པ་ལ་མ་རིག་པ་ནས་བརྩམས་ཏེ། རྒ་ཤིའི་བར་དུ་འཁོར་བར་འཇུག་པའི་རྒྱུ་བསྟན་ཅིང་འཆད་པ་ནི་ཚིག་འབྲུའོ། །མ་རིག་པ་འགོག་པ་ནས་རྒ་ཤི་འགོག་པའི་བར་དུ་འཁོར་བ་ལས་བཟློག་པའི་རང་བཞིན་ནི་དོན་ཏོ། །ཚིག་འབྲུ་ཞེས་བྱ་བ་ནི་
གང་ཞི་གནས་དང་། ལྷག་མཐོང་གི་ཚོགས་བསྟན་པ་ཞེས་བྱ་བ་ལ་ཚུལ་ཁྲིམས་རྣམ་པར་དག་པ་ལ་གནས་ཏེ་ཟས་ལ་ཚོད་རིག་པ་དང་། འདུ་འཛི་མང་པོའི་ནང་ན་མི་གནས་པ་དང་། ནམ་གྱི་ཆ་སྟོད་དང་ཆ་སྨད་ལ་མི་ཉལ་བའི་ཞི་གནས་དང་ལྷག་མཐོང་གི་ཚོགས་ལ་བརྟེན་ནས་ཞི་གནས་
དང་ལྷག་མཐོང་སྒྲུབ་པར་བསྟན་ཅིང་བཤད་པ་ནི་ཚིག་འབྲུའོ། །དོན་ཞེས་བྱ་བ་ནི་གང་རིག་པ་དང་རྣམ་པར་གྲོལ་བའི་ཡེ་ཤེས་ཞེས་བྱ་བ་ལ་དེ་ལྟར་ཚུལ་ཁྲིམས་ལ་གནས་ནས་ཞི་གནས་དང་ལྷག་མཐོང་བསྒྲུབ་པ་ལས་འདི་ནི་སྡུག་བསྔལ་གྱི་བདེན་པ། འདི་ནི་ཀུན་འབྱུང་བའི་བདེན་པ།
འདི་ནི་འགོག་པའི་བདེན་པ། འདི་ནི་ལམ་གྱི་བདེན་པ་ཞེས་རྣམ་པར་རིག་པ་སྐྱེས་པ་དང་། དེའི་འོག་ཏུ་སྡུག་བསྔལ་བ་ནི་ཤེས་པར་བྱས། ཀུན་འབྱུང་ནི་སྤངས། ལམ་ནི་བསྒོམས། འགོག་པ་ནི་མངོན་དུ་བྱས་སོ་ཞེས་རྣམ་པར་གྲོལ་བ་སྐྱེས་པ་དང་། དེ་ལ་སྡུག་བསྔལ་ཤེས་ཟིན་པས། ཤེས་
པར་བྱ་མི་དགོས། ཀུན་འབྱུང་བ་སྤངས་པས་སྤང་མི་དགོས། ལམ་བསྒོམས་པས་བསྒོམ་མི་དགོས། འགོག་པ་མངོན་དུ་བྱས་པས་མངོན་དུ་བྱ་མི་དགོས་ཞེས་རྣམ་པར་གྲོལ་བའི་ཡེ་ཤེས་སྐྱེས་པ་ནི་དོན་ཏོ། །ཚིག་འབྲུ་ཞེས་བྱ་བ་ནི་གང་འདོད་ཆགས་དང་ཞེ་སྡང་ཞེས་བྱ་བ་ལ་སོགས་པ་ལ་

སེམས་ཅན་རྣམས་ཀྱི་ཉོན་མོངས་པ་བརྒྱད་ཁྲི་བཞི་སྟོང་གི་གཉེན་པོ་མི་གཙང་བ་དང་བྱམས་པ་ལ་སོགས་པ་བསྟན་ཅིང་བཤད་པ་ནི་ཚིག་འབྲུའོ། །དོན་ཞེས་བྱ་བ་ནི་གང་སེམས་རྣམ་པར་གྲོལ་བ་མི་འཁྲུག་པའི་ཡེ་ཤེས་ཞེས་བྱ་བ་ལ་ཉོན་མོངས་པ་དེ་རྣམས་ལས་རྣམ་པར་གྲོལ་
པའི་ཡེ་ཤེས་མི་ཉམས་པ་ནི་དོན་ཏོ། །ཚིག་འབྲུ་ཞེས་བྱ་བ་ནི་གང་སྒྲིབ་པ་དང་སྒྲིབ་པར་འགྱུར་བ་ཞེས་བྱ་བ་ལ་སོགས་པ་ལ་སྒྲིབ་པ་ནི་ཤེས་བྱ་དང་ཉོན་མོངས་པའི་སྒྲིབ་པའོ། །སྒྲིབ་པར་འགྱུར་བ་ནི་འདོད་པ་ལ་འདུན་པ་དང་གནོད་སེམས་ལ་སོགས་པའི་སྒྲིབ་པ་ལྔ་ལ་བྱ་སྟེ། དེ་དག་ནི་ཐམས་ཅད་མཁྱེན་
པའི་ཡེ་ཤེས་དང་མྱ་ངན་ལས་འདས་པ་ཐོབ་པར་བྱ་བ་ལ་བསྒྲིབས་པ་སྟེ། དེ་དག་སྤང་བར་བྱའོ་ཞེས་བསྟན་ཅིང་འཆད་པ་དེ་ནི་ཚིག་འབྲུའོ། །དོན་ཞེས་བྱ་བ་ནི་གང་སྒྲིབ་པ་མེད་པའི་ཡེ་ཤེས་དང་རྣམ་པར་ཐར་པ་ཞེས་བྱ་བ་ལ་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་སྤངས་པ་ཐམས་ཅད་མཁྱེན་པའི་ཡེ་
ཤེས་དང་ཉོན་མོངས་པའི་སྒྲིབ་པ་ཐམས་ཅད་སྤངས་པ། མྱ་ངན་ལས་འདས་པ་ནི་དོན་ཏོ། །ཚིག་འབྲུ་ཞེས་བྱ་བ་ནི་གང་དཀོན་མཆོག་གསུམ་གྱི་ཞེས་བྱ་བ་ལ་སོགས་པ་ལ་སངས་རྒྱས་ཀྱི་ཡོན་ཏན་རིག་པ་དང་ཞབས་སུ་ལྡན་པ་ཞེས་བྱ་བ་ལ་སོགས་པ་དང་། ལྷ་དང་བཅས་པའི་འཇིག་རྟེན་གྱི་ལས་
རྒལ་ཞེས་བྱ་བ་ལ་སོགས་པ་དང་། དུལ་བར་མཛད་ཞི་བར་མཛད། དབུགས་འབྱིན་པར་མཛད་ཅེས་བྱ་བ་ལ་སོགས་པ་དང་། ལམ་ཤེས་པ། ལམ་རིག་པ། ལམ་དང་ལམ་མ་ཡིན་པར་མཁྱེན་པ་ཞེས་བྱ་བ་ལ་སོགས་པ་ཡོན་ཏན་དང་བསྔགས་པ་མཐའ་ཡས་པར་བསྟན་པ་དང་། དགེ་
འདུན་ལ་ཡང་བཅོམ་ལྡན་འདས་ཀྱིས་ཉན་ཐོས་ཀྱི་དགེ་འདུན་ནི་ལེགས་པར་ཞུགས་པ་ཞེས་བྱ་བ་དང་། སྦྱིན་པའི་གནས་བསོད་ནམས་ཀྱི་ཞིང་ཞེས་བྱ་བ་ལ་སོགས་པ་ཡོན་ཏན་དང་བསྔགས་པ་མཐའ་ཡས་པར་བསྟན་པ་ནི་ཚིག་འབྲུའོ། །དོན་ཞེས་བྱ་བ་ནི་གང་སངས་རྒྱས་ཀྱི་ཆོས་ཀྱི་སྐུ་མཐོང་
བ་དང་ཞེས་བྱ་བ་ལ་སོགས་པས་སངས་རྒྱས་ལ་ཇི་སྐད་བརྗོད་པའི་ཡོན་ཏན་དུ་མི་ལྟའི། ཆོས་ཀྱི་སྐུ་ཉིད་དུ་མཐོང་བ་དང་། ཆོས་ལ་ཇི་སྐད་བརྗོད་པའི་ཡོན་ཏན་དུ་མི་ལྟའི། དོན་དམ་པའི་ཡོན་ཏན་འདོད་ཆགས་དང་བྲལ་ཞིང་སྐྱེ་འགག་མེད་པའི་ཆོས་ཉིད་དུ་མཐོང་བ་དང་། དགེ་འདུན་ལ་ཇི་སྐད་

བརྗོད་པའི་ཡོན་ཏན་དུ་མི་ལྟའི། འདུས་མ་བྱས་ཀྱི་ཆོས་ཉིད་རྟོགས་པ་ལས་བྱུང་བར་མཐོང་བ་སྟེ། དེ་ལྟར་སངས་རྒྱས་དང་ཆོས་དང་དགེ་འདུན་གྱི་ཡོན་ཏན་དོན་དམ་པའི་ངོ་བོ་ཉིད་དུ་རྟོགས་པའི་ཡེ་ཤེས་ལ་དོན་ཞེས་བྱའོ། །ཚིག་འབྲུ་མདོར་བསྡུས་ནས་བསྟན་པའི་ཕྱིར་ཚིག་འབྲུ་ཞེས་བྱ་
བ་ནི་སེམས་དང་པོ་བསྐྱེད་པ་ནས་བཟུང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དང་པོ་བྱང་ཆུབ་ཏུ་སེམས་བསྐྱེད་པ་ནས། མཐའ་སངས་རྒྱས་སུ་འགྱུར་གྱི་བར་དུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡོན་ཏན་མང་པོ་བསྟན་ཅིང་བཤད་པ་ཐམས་ཅད་ནི་ཚིག་འབྲུའོ། །དོན་མདོར་བསྡུས་ནས་བསྟན་
པའི་ཕྱིར་གང་སེམས་ཀྱི་སྐད་ཅིག་མ་གཅིག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། ཐམས་ཅད་མཁྱེན་པའི་ཡེ་ཤེས་མངོན་པར་རྫོགས་པར་བྱང་ཆུབ་པའི་ཚེ་ན། སེམས་ཀྱི་སྐད་ཅིག་མ་གཅིག་གིས་བྱང་ཆུབ་མངོན་པར་རྟོགས་པ་ནི་དོན་ཏོ། །མདོར་ན་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་བསྟན་པ་
ཀུན་ནི་ཚིག་འབྲུ་ཡིན་ལ་ཡང་དག་པར་ན་དེ་དག་གི་རང་བཞིན་བརྗོད་དུ་མེད་པ་ནི་དོན་ཡིན་པར་བསྟན་ཏོ། །འདི་ནི་དོན་ལ་རྟོན་གྱི་ཞེས་བྱ་བ་ལ། གོང་དུ་བཤད་པ་ལྟར་ཁོང་དུ་ཆུད་པ་ནི་དོན་ལ་རྟོན་པ་ཡིན་གྱི། ཚིག་འབྲུ་ལ་མི་རྟོན་པ་ཞེས་བྱའོ།། །།བསམ་པ་ཤིན་ཏུ་ཚོལ་བ་བསྟན་པའི་
ཕྱིར། དེ་ལ་རྣམ་པར་ཤེས་པ་ནི་གང་ཡེ་ཤེས་ནི་གང་ཞེ་ན་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །བཞི་གང་ཞེ་ན། འདི་ལྟ་སྟེ་རྣམ་པར་ཤེས་པ་གནས་པ་ན། གཟུགས་ལ་ཉེ་བར་འགྲོ་ཞིང་གནས་ཞེས་བྱ་བ་ལ་སོགས་པ་ནི་གཟུགས་དང་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་རྣམས་ལ་སྲེད་པའི་
སྒོ་ནས་མིག་ལ་སོགས་པའི་རྣམ་པར་ཤེས་པ་རྣམས་བརྟན་པའམ་དམིགས་པའི་སྒོ་ནས་གནས་པ་ན་རྣམ་པར་ཤེས་པ་གནས་པ་ཞེས་བྱའོ། །ཡང་ན་གཟུགས་ལ་ཉེ་བར་འགྲོ་ཞིང་གནས་པ་ནི་འདོད་པའི་ཁམས་སུ་གཏོགས་པའི་རྣམ་པར་ཤེས་པ་རྣམས་ཏེ། གཟུགས་གཟུགས་ལ་
དམིགས་པའི་ཤས་ཆེ་བའི་ཕྱིར་གཟུགས་ལ་གནས་པ་ཞེས་བྱའོ། །ཚོར་བ་ལ་ཉེ་བར་འགྲོ་བ་ནི་གཟུགས་ཀྱི་ཁམས་སུ་གཏོགས་པའི་རྣམ་པར་ཤེས་པ་རྣམས་ཏེ། བསམ་གཏན་གྱི་བདེ་བའི་ཚོར་བ་ལ་དམིགས་པ་ཤས་ཆེ་བས་ཚོར་བ་ལ་ཉེ་བར་འགྲོ་བ་སྟེ་ཉེ་བར་འགྲོ་བ་ནི་དེ་ལ་གནས་

པའམ་དམིགས་པ་ཞེས་བྱ་བའི་དོན་ཏོ། །འདུ་ཤེས་ལ་ཉེ་བར་འགྲོ་བ་ནི་གཟུགས་མེད་པའི་ཁམས་སུ་གཏོགས་པའི་རྣམ་པར་ཤེས་པ་སྟེ། ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལ་སོགས་པ་འདུ་ཤེས་ལ་དམིགས་པའི་ཤས་ཆེ་བས་འདུ་ཤེས་ལ་ཉེ་བར་འགྲོ་བའོ། །
འདུ་བྱེད་ལ་ཉེ་བར་འགྲོ་བ་ནི་འགོག་པའི་སྙོམས་པར་འཇུག་པའི་རྣམ་པར་ཤེས་པ་ཐོག་མ་འགོག་པའི་སྙོམས་པར་འཇུག་པ་ན། དེའི་བྱ་བ་བྱེད་པར་དམིགས་ཤིང་རྩོལ་བའི་ཕྱིར་འདུ་བྱེད་ལ་ཉེ་བར་འགྲོ་བ་ཞེས་བྱའོ། །ཡང་ན་སྲིད་པའི་རྩེ་མོའི་རྣམ་པར་ཤེས་པ་ནི་ཚེའི་འདུ་བྱེད་ཡུན་རིང་པོར་
གནས་པ་དེ་ལ་བརྟེན་ཅིང་གནས་པས་ན་འདུ་བྱེད་ལ་ཉེ་བར་འགྲོ་ཞིང་གནས་པ་ཞེས་བྱ་སྟེ། འདི་ནི་རྣམ་པར་ཤེས་པའོ། །དེ་ལ་ཡེ་ཤེས་གང་ཞེ་ན། གང་ཕུང་པོ་བཞི་ལ་གནས་པའི་རྣམ་པར་ཤེས་པའི་ཕུང་པོ་ཡོངས་སུ་ཤེས་པ་ཞེས་བྱ་བ་ལ་གོང་དུ་ཕུང་པོ་བཞི་ལ་གནས་པའི་རྣམ་པར་
ཤེས་པའི་ཕུང་པོ་རྣམས་ཀྱི་ངོ་བོ་ཉིད་ཇི་ལྟ་བུ་ཡིན་པར་དོན་དམ་པར་ཕྱིན་ཅི་མ་ལོག་པར་ཤེས་པ་ནི་ཡེ་ཤེས་སོ། །རྣམ་པར་ཤེས་པ་དང་ཡེ་ཤེས་ཀྱི་རྣམ་གྲངས་གཞན་བསྟན་པའི་ཕྱིར། གཞན་ཡང་རྣམ་པར་ཤེས་པ་ནི་སའི་ཁམས་རྣམ་པར་ཤེས་པ་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྲ་བ་དང་གཤེར་
བ་ལ་སོགས་པ་འབྱུང་བ་ཆེན་པོ་བཞིའི་མཚན་ཉིད་ཤེས་པ་ནི་རྣམ་པར་ཤེས་པའོ། །གང་ཁམས་རྣམ་པ་བཞི་པོ་འདི་དག་ལ་ཞེས་བྱ་བ་ལ་སོགས་པས་ནི་ཁམས་བཞི་པོ་ལ་དམིགས་པའི་རྣམ་པར་ཤེས་པ་བཞི་རྣམས་ཀྱང་དོན་དམ་པར་ན་སྟོང་པ་ཉིད་ཀྱི་མཚན་ཉིད་དུ་རོ་གཅིག་པས་སོ་སོ་དབྱེར་
མེད་པར་ཤེས་པ་ནི་ཡེ་ཤེས་སོ། །རྣམ་པར་ཤེས་པ་དང་ཡེ་ཤེས་ཀྱི་རྣམ་གྲངས་གཞན་བསྟན་པར་བཞེད་ནས། གཞན་ཡང་རྣམ་པར་ཤེས་པ་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མིག་གི་རྣམ་པར་ཤེས་པར་བྱ་བའི་གཟུགས་རྣམས་ལ་རྣམ་པར་རིག་པ་ནི་མིག་གི་རྣམ་པར་ཤེས་པའོ། །
དེ་བཞིན་དུ་རྣ་བ་ལ་སོགས་པ་ལ་ཡང་སྦྱར་ཏེ། རྣམ་པར་ཤེས་པ་ཚོགས་དྲུག་ནི་རྣམ་པར་ཤེས་པ་ཞེས་བྱའོ། །གང་ཡང་ནང་ཉེ་བར་ཞི་ཞིང་ཕྱི་རོལ་དུ་རྒྱུ་བ་མེད་པ་དང་ཞེས་བྱ་བ་ལ་སོགས་པ་ནི་གང་དུ་རྟོག་པ་མེད་ཅིང་ཕྱི་རོལ་གྱི་ཆོས་རྣམས་ལ་ཡང་རྟོག་པ་མེད་པ་ཞེས་བྱ་བའི་དོན་ཏོ། །ཡེ་ཤེས་ལ་

རྟོན་པས་ཆོས་གང་ལ་ཡང་མི་རྟོག་རྣམ་པར་མི་རྟོག་ཅེས་བྱ་བ་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་ལ་གནས་པས། ནང་གི་ཆོས་གང་ལ་ཡང་མི་རྟོག་ཅིང་། མཚན་མར་མི་འཛིན་ལ། ཕྱིའི་ཆོས་གང་ལ་ཡང་རྣམ་པར་མི་རྟོག་ཅིང་མཚན་མར་མི་འཛིན་པ་ནི་ཡེ་ཤེས་སོ། །རྣམ་པར་ཤེས་པ་དང་ཡེ་
ཤེས་ཀྱི་རྣམ་གྲངས་གཞན་ཡང་བསྟན་པར་བཞེད་ནས་གཞན་ཡང་དམིགས་པ་ལས་རྣམ་པར་ཤེས་པ་སྐྱེ་བ་དང་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །གཟུགས་དང་སྒྲ་ལ་སོགས་པ་ལ་དམིགས་ནས་རྣམ་པར་ཤེས་པ་སྐྱེ་བ་ནས་དམིགས་པ་ལས་རྣམ་པར་ཤེས་པ་སྐྱེ་བ་སྟེ་འདིས་ནི་དམིགས་པའི་རྐྱེན་
ལས་སྐྱེ་བ་བསྟན་ཏེ། །ཡིད་ལ་བྱེད་པ་ལས་རྣམ་པར་ཤེས་པ་སྐྱེ་ཞེས་བྱ་བ་ནི་རྣམ་པར་ཤེས་པ་སྐྱེ་བ་ནས་ལྟ་བར་འདོད་པ་ལ་སོགས་པ་དེ་དང་འབྱུང་བ་ཡིད་ལ་བྱེད་པ་ལ་བརྟེན་ནས་སྐྱེ་བའི་ཕྱིར་རོ། །ཡོངས་སུ་རྟོག་པ་ལས་རྣམ་པར་ཤེས་པ་སྐྱེ་ཞེས་བྱ་བ་ནི་ཡོངས་སུ་རྟོག་པ་གཞན་དབང་གི་
མཚན་ཉིད་ཀུན་གཞི་རྣམ་པར་ཤེས་པའི་བག་ཆགས་ལ་བརྟེན་ནས་རྣམ་པར་ཤེས་པ་སྐྱེ་བ་སྟེ་འདི་ས་ནི་རྒྱུའི་རྐྱེན་ལས་སྐྱེ་བར་བསྟན་ཏོ། །གང་འཛིན་པ་མེད་པ་དང་ཞེས་བྱ་བ་ལ་སོགས་པ་ལ་བདག་ཅེས་རྟོག་པ་མེད་པས་ན་འཛིན་པ་མེད་པའོ། །བདག་གི་ཞེས་རྟོག་པ་མེད་པས་ན་མཆོག་ཏུ་
འཛིན་པ་མེད་པའོ། །འདི་ནི་གཟུགས་གཟུང་བའི་ངོ་བོར་རྟོག་པ་མེད་པའི་དམིགས་པའོ། །འདི་ནི་རྣམ་པར་ཤེས་པ་སྟེ། དེ་ལ་དམིགས་པར་བྱེད་པའོ་ཞེས་རྟོག་པ་མེད་པས་ན། རྣམ་པར་རིག་པ་མེད་པ་སྟེ། བདག་དང་ཆོས་གང་ལ་ཡང་རྟོག་པ་མེད་པ་ནི་ཡེ་ཤེས་སོ། །རྣམ་པར་ཤེས་པ་དང་
ཡེ་ཤེས་ཀྱི་རྣམ་པ་གཞན་བསྟན་པར་བཞེད་ནས་གཞན་ཡང་འདུས་རྒྱུ་བའི་ཆོས་རྣམས་ལ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྒྱུ་རྐྱེན་གྱིས་བསྐྱེད་པ་ཁམས་གསུམ་དུ་གཏོགས་པའི་ཆོས་རྣམས་ལ་གནས་སམ་དམིགས་ནས་རྣམ་པར་ཤེས་པ་སྐྱེའི། འདུས་མ་བྱས་སྟོང་པ་ཉིད་ནི་གནས་དང་གནས་
པར་བྱེད་པ་དང་། དམིགས་པ་དང་དམིགས་པར་བྱ་བ་ལས་འདས་པས་དེས་ནི་རྣམ་པར་ཤེས་པ་སྐྱེ་བར་མི་བྱེད་ཅིང་དེ་རྣམ་པར་ཤེས་པས་རྟོག་པར་མི་ནུས་ཏེ། དེ་བས་ན་འདུས་བྱས་ལ་བརྟེན་ནས་སྐྱེ་བ་ནི་རྣམ་པར་ཤེས་པའོ། །གང་འདུས་མ་བྱས་སུ་ཤེས་པ་ཞེས་བྱ་བ་ནི་ཆོས་ཐམས་ཅད་དེ་བཞིན་

ཉིད་སྟོང་པའི་མཚན་ཉིད་དུ་ཤེས་པ་ནི་ཡེ་ཤེས་སོ། །རྣམ་པ་གཞན་བསྟན་པའི་ཕྱིར། གཞན་ལ་སྐྱེ་བ་དང་འཇིག་པ་ལ་གནས་པ་ཞེས་བྱ་བ་གསུངས་ཏེ། མདོར་ན་གང་སྐྱེ་བ་ཡོད་པ་དང་འཇིག་པ་ཡོད་པའི་ཆོས་ལ་བརྟེན་པ་ནི་རྣམ་པར་ཤེས་པའོ། །ཆོས་གང་མི་སྐྱེ་བ་དང་མི་འགག་
པ་ལ་བརྟེན་ཅིང་སྐྱེ་བ་དང་འགོག་པ་མེད་པར་ཁོང་དུ་ཆུད་པ་ནི་ཡེ་ཤེས་སོ།། །།ནན་ཏན་སྙིང་པོར་བྱེད་པ་བསྟན་པའི་ཕྱིར། དེ་ལ་ངེས་པའི་དོན་གྱི་མདོ་སྡེ་ནི་གང་། དྲང་བའི་དོན་གྱི་མདོ་སྡེ་ནི་གང་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །མདོ་སྡེ་གང་དག་ལམ་ལ་འཇུག་པར་བསྟན་ཞེས་བྱ་བ་ལ་མདོ་སྡེ་
གང་འཕགས་པའི་ལམ་གྱི་མཚན་ཉིད་བསྒོམ་པར་བྱ་བའམ། འཕགས་པའི་ལམ་གྱི་མཚན་ཉིད་རྟོགས་པར་བྱ་བའི་ཕྱིར། བཤད་པ་རྣམས་ནི་དྲང་བའི་དོན་གྱི་མདོ་སྡེ་ཞེས་བྱ་སྟེ། མྱ་ངན་ལས་འདས་པར་འདྲེན་པའི་ལམ་སྟོན་པའི་ཕྱིར་རོ། །མདོ་སྡེ་གང་དག་འབྲས་བུ་ལ་འཇུག་པ་ཞེས་བྱ་བ་
ནི་མདོ་སྡེ་གང་ལ་མ་བསྒྲུབས་པའི་འབྲས་བུ་རྟོགས་པར་བྱ་བའི་ཕྱིར། གསུངས་པ་དེ་དག་ནི་ངེས་པའི་དོན་གྱི་མདོ་སྡེའོ། །མདོ་སྡེ་གང་དག་ཀུན་རྫོབ་བསྒྲུབ་པར་བསྟན་པ་ཞེས་བྱ་བ་ལ། མདོ་སྡེ་གང་ཀུན་རྫོབ་ཀྱི་ཐ་སྙད་མང་པོ་ཐ་སྙད་ཙམ་དུ་ཡོད་པར་བསྒྲུབ་པའི་ཕྱིར་གསུངས་པ་དེ་དག་ནི་དྲང་
བའི་དོན་གྱི་མདོ་སྡེའོ། །མདོ་སྡེ་གང་དག་དོན་དམ་པར་བསྟན་པ་ཞེས་བྱ་བ་ལ་མདོ་སྡེ་གང་སྐྱེ་བ་མེད་པ་དང་འགག་པ་མེད་པའི་མཚན་ཉིད་དོན་དམ་པར་བསྟན་པའི་ཕྱིར་གསུངས་པ་དེ་དག་ནི་ངེས་པའི་དོན་གྱི་མདོ་སྡེའོ། །མདོ་སྡེ་གང་དག་ལས་དང་བྱ་བ་ལ་འཇུག་པར་བསྟན་ཞེས་བྱ་བ་ནི་མདོ་སྡེ་
གང་ལས་དགེ་བ་བྱས་ན་འབྲས་བུ་ཡིད་དུ་འོང་བ་མྱོང་བར་འགྱུར། ལས་མི་དགེ་བ་བྱས་ན་འབྲས་བུ་ཡིད་དུ་མི་འོང་བ་མྱོང་བར་འགྱུར་བ་བསྟན་པ་དེ་དག་ནི་དྲང་བའི་དོན་གྱི་མདོ་སྡེའོ། །མདོ་སྡེ་གང་དག་ལས་དང་ཉོན་མོངས་པ་ཟད་པར་བྱ་བའི་ཕྱིར་བསྟན་པ་ཞེས་བྱ་བ་ལ། མདོ་སྡེ་གང་ལས་ཟད་
པར་བྱ་བ་དང་ཉོན་མོངས་པ་ཟད་པར་བྱ་བའི་ཕྱིར་དེ་དག་ཟད་པར་བྱ་བའི་ཐབས་རྣམ་པ་མང་པོ་བསྟན་པ་ནི་ངེས་པའི་དོན་གྱི་མདོ་སྡེའོ། །མདོ་སྡེ་གང་དག་ཀུན་ནས་ཉོན་མོངས་པ་བཤད་པའི་ཕྱིར་བསྟན་པ་ཞེས་བྱ་བ་ནི་མདོ་སྡེ་གང་ཀུན་ནས་ཉོན་མོངས་པའི་ཕྱོགས་སུ་གྱུར་པའི་ཆོས་རྣམས་བཤད་

བའི་ཕྱིར་བསྟན་པའི་མདོ་སྡེ་དེ་དག་ནི་དྲང་བའི་དོན་གྱི་མདོ་སྡེའོ། །མདོ་སྡེ་གང་དག་རྣམ་པར་བྱང་བའི་ཡོངས་སུ་དག་པར་བྱ་བའི་ཕྱིར་བསྟན་པ་ཞེས་བྱ་བ་ནི་མདོ་སྡེ་གང་ས་དང་ཕ་རོལ་ཏུ་ཕྱིན་པ་རྣམ་པར་བྱང་བའི་ཆོས་རྣམས་སྦྱངས་ཤིང་རྣམ་པར་དག་པར་བྱ་བའི་ཕྱིར་གསུངས་པ་དེ་དག་ནི་ངེས་པའི་དོན་
གྱི་མདོ་སྡེའོ། །མདོ་སྡེ་གང་དག་འཁོར་བ་ལས་ཡིད་འབྱུང་བར་བསྟན་པ་ཞེས་བྱ་བ་ནི་མདོ་སྡེ་གང་འཁོར་བ་ལ་སྐྱོ་ཞིང་ཡིད་འབྱུང་བ་དང་། འཁོར་བ་ལ་ཆགས་པ་མེད་པར་བྱ་བའི་ཕྱིར་བསྟན་པ་དེ་དག་ནི་དྲང་བའི་དོན་གྱི་མདོ་སྡེའོ། །མདོ་སྡེ་གང་དག་འཁོར་བ་དང་མྱ་ངན་ལས་འདས་པ་གཉིས་
སུ་མེད་པ་ལ་འཇུག་པ་བསྟན་པ་ཞེས་བྱ་བ་ལ་མདོ་སྡེ་གང་འཁོར་བ་དང་མྱ་ངན་ལས་འདས་པ་གཉི་ག་ཡང་རང་བཞིན་མེད་པས་འཁོར་བ་སྤང་བར་ཡང་མི་བྱ། མྱ་ངན་ལས་འདས་པ་བླང་བར་ཡང་མི་བྱ་སྟེ། གཉི་ག་མཚན་ཉིད་གཅིག་ཏུ་འཇུག་པར་བསྟན་པ་དེ་དག་ནི་ངེས་པའི་དོན་གྱི་མདོ་
སྡེའོ། །མདོ་སྡེ་གང་དག་ཚིག་དང་ཡི་གེ་སྣ་ཚོགས་སུ་བསྟན་པ་ཞེས་བྱ་བ་ལས་མདོ་སྡེ་གང་སྤྱོད་པ་སྣ་ཚོགས་དང་། སྐྱེས་པའི་རབས་ལ་སོགས་པ་སེམས་ཅན་དྲང་བའི་དོན་དུ་ཚིག་དང་ཡི་གེ་སྣ་ཚོགས་སུ་སྙན་པར་སྦྱར་ཏེ། བསྟན་པ་ནི་དྲང་བའི་དོན་གྱི་མདོ་སྡེའོ། །མདོ་སྡེ་གང་དག་ཟབ་མོ་
མཐོང་བར་དཀའ་བ་ཁོང་དུ་ཆུད་པར་དཀའ་བ་ཞེས་བྱ་བ་ལ་མདོ་སྡེ་གང་གང་ཟག་དང་ཆོས་ལ་བདག་མེད་པའི་མཚན་ཉིད་སྟོང་པ་ཉིད་ཀྱི་རང་བཞིན་དམིགས་སུ་མེད་པར་མཐོང་བར་དཀའ་བ་ཁོང་དུ་ཆུད་པར་དཀའ་བར་བསྟན་པ་དེ་དག་ངེས་པའི་དོན་གྱི་མདོ་སྡེའོ། །དེ་ལ་དམིགས་པ་ལ་གནས་པ་
ཅན་རྣམས་ཀྱིས་ཤེས་པར་མི་ནུས་པས་ན་མཐོང་བར་དཀའ་བའོ། །འཕགས་པ་ཉན་ཐོས་ལ་སོགས་པ་ཤེས་པ་ཕྱོགས་གཅིག་པ་རྣམས་ཀྱིས་ཤེས་པར་མི་ནུས་པས་ཁོང་དུ་ཆུད་པར་དཀའ་བའོ། །མདོ་སྡེ་གང་དག་ཚིག་དང་ཡི་གེ་མང་ཞིང་ཞེས་བྱ་བ་ལ་སོགས་པ་ལ་མདོ་སྡེ་གང་དག་ཚིག་དང་ཡི་གེ་
མང་དུ་སྟོན་ཅིང་འཇིག་རྟེན་དགའ་བར་བྱ་བའི་ཕྱིར། འཇིག་རྟེན་གྱི་སྤྱོད་པ་དང་མཐུན་པར་བསྟན་པ་རྣམས་ནི་དྲང་བའི་དོན་གྱི་མདོ་སྡེའོ། །མདོ་སྡེ་གང་དག་ཚིག་དང་ཡི་གེ་ཉུང་ཞེས་བྱ་བ་ནི་མདོ་སྡེ་གང་ཚིག་དང་ཡི་གེའི་སྤྲོས་པ་ཉུང་ངུ་བྱས་ཏེ། ཏིང་ངེ་འཛིན་དུ་བསྒོམ་པའི་མན་ངག་ཉི་ཚེ་ཙམ་དུ་སྟོན་

པ་ནི་ངེས་པའི་དོན་གྱི་མདོ་སྡེའོ། །སྒྲ་རྣམ་པ་སྣ་ཚོགས་སུ་བཤད་པ་ཞེས་བྱ་བ་ནི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་སོགས་པ་རྣམ་པ་སྣ་ཚོགས་སུ་བཤད་པའོ།། །།གཞན་གྱི་དྲིང་ལ་མི་འཇོག་པར་བསྟན་པའི་ཕྱིར། དེ་ལ་ཆོས་ཉིད་ནི་གང་། གང་ཟག་ནི་གང་ཞེས་བྱ་བ་
ལ་སོགས་པ་གསུངས་སོ། །གང་ཟག་ཏུ་ལྟ་བ་ལ་གནས་ཏེ་གང་ཆོས་ཁ་ཅིག་ལ་རྩོམ་པ་ཞེས་བྱ་བ་ལ་གང་ཟག་རྣམ་པ་གཉིས་ཏེ། སློབ་པའི་གང་ཟག་དང་། མི་སློབ་པའི་གང་ཟག་གོ། །དེ་ལ་སློབ་པ་དང་མི་སློབ་པའི་གང་ཟག་ཡོད་པར་ལྟ་བ་ལ་གནས་ནས་སློབ་པའི་གང་ཟག་ནི་ཡང་དག་པའི་
ལྟ་བ་ལ་སོགས་པ་འཕགས་པའི་ལམ་ཡན་ལག་བརྒྱད་པ་ལ་བརྩོན་པ་དང་། མི་སློབ་པའི་གང་ཟག་ནི་ཆོས་དེ་བརྒྱད་ཀྱི་སྟེང་དུ་རྣམ་པར་གྲོལ་བ་དང་། རྣམ་པར་གྲོལ་བ་ཡེ་ཤེས་མཐོང་བ་གཉིས་ཀྱིས་བསྟན་ཏེ་ཆོས་བཅུ་ལ་བརྩོན་པ་ནི། ཆོས་ཁ་ཅིག་ལ་རྩོམ་པ་ཞེས་བྱ་སྟེ། དེ་གཉིས་ནི་གང་
ཟག་གོ། །གང་ཟག་ཏུ་ལྟ་བ་དེའི་རྩོམ་པ་ཡོངས་སུ་ཤེས་པ་ཞེས་བྱ་བ་ནི་གང་ཟག་གི་རྩོམ་པ་གང་དུ་བཤད་པའི་ཆོས་རྣམས་དང་། གང་ཟག་ཉིད་དོན་དམ་པའི་མཚན་ཉིད་ཆོས་ཀྱི་དབྱིངས་ཉིད་ཕྱིན་ཅི་མ་ལོག་པར་ཤེས་པ་ནི་ཆོས་ཉིད་དོ། །ཡང་ན་གང་ཟག་ཡོད་དོ་ཞེས་ལྟ་བ་གནས་ཏེ། གང་
ཟག་དེ་ཐར་པ་དང་གྲོལ་བར་བྱ་བའི་ཕྱིར། སྦྱིན་པའམ། ཚུལ་ཁྲིམས་ལ་སོགས་པའི་ཆོས་ཁ་ཅིག་ལ་རྩོམ་པ་ནི་གང་ཟག་ཅེས་བྱའོ། །གང་ཟག་དང་གང་ཟག་གི་དོན་དུ་བརྩམས་པའི་ཆོས་རྣམས་དངོས་པོ་མེད་པར་ཁོང་དུ་ཆུད་ནས། སྦྱིན་པ་དང་ཚུལ་ཁྲིམས་ལ་རྩོམ་པ་ནི་ཆོས་ཉིད་
ཅེས་བྱའོ། །གང་ཟག་དང་ཆོས་ཉིད་ཀྱི་རྣམ་གྲངས་གཞན་ཡང་བསྟན་པའི་ཕྱིར། གཞན་ཡང་སོ་སོའི་སྐྱེ་བོ་ཞེས་བྱ་བ་ལ་སོགས་པ་གང་ཟག་གི་རྣམ་གྲངས་སུ་གསུངས་པའོ། །དེ་ལ་སྦྱིན་པ་དང་ཚུལ་ཁྲིམས་ལ་སོགས་པ་དགེ་བའི་ཕྱོགས་ལ་མ་ཞུགས་པ་རྣམས་ནི་སོ་སོའི་སྐྱེ་བོའི་གང་ཟག་
གོ། །སྦྱིན་པ་དང་ཚུལ་ཁྲིམས་ལ་ཞུགས་ལ་སྤྱོད་པ་དེ་དག་མ་ཉམས་པ་རྣམས་ནི་སོ་སོའི་སྐྱེ་བོ་དགེ་བའི་གང་ཟག་གོ། །ཚོགས་བསགས་པ་དབང་པོ་ཞན་ཏེ་མི་གཞན་གྱིས་བསྟན་པ་ལ་བརྟེན་ནས་བདེན་པ་རྟོགས་པར་བྱ་བའི་ཕྱིར་སྦྱོར་བ་ནི་དད་པས་རྗེས་སུ་འབྲང་བའི་གང་ཟག་གོ། །ཚོགས་

བསགས་པ་དབང་པོ་རྣོན་པོ་རང་གི་ཤེས་རབ་ཀྱིས་བདེན་པའི་དབང་དུ་བྱས་ཏེ། གསུངས་པའི་ཆོས་རྟོགས་པ་ལ་བརྟེན་ནས་བདེན་པ་རྟོགས་པར་བྱ་བ་ལ་སྤྱོད་པ་ནི་ཆོས་ཀྱི་རྗེས་སུ་འབྲང་བའི་གང་ཟག་གོ། །བརྒྱད་པའི་གང་ཟག་ནི་རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ་པར་བྱ་བའི་ཕྱིར། འཇུག་པ་སྟེ།
གང་མཐོང་བའི་ལམ་སེམས་ཀྱི་སྐད་ཅིག་མ་བཅོ་ལྔ་ལ་གནས་པའོ། །མཐོང་བའི་ལམ་སེམས་ཀྱི་སྐད་ཅིག་མ་བཅུ་དྲུག་ལ་གནས་པ་ནི། རྒྱུན་དུ་ཞུགས་པའི་གང་ཟག་གོ། །གང་བསྒོམ་པའི་ལམ་འདོད་པ་ན་སྤྱོད་པའི་ཉོན་མོངས་པ་རྣམ་པ་དྲུག་སྤངས་པའི་ལམ་ལ་གནས་པ་ནི་ལན་ཅིག་ཕྱིར་
འོང་བའི་གང་ཟག་གོ། །གང་བསྒོམ་པའི་ལམ་འདོད་པ་ན་སྤྱོད་པའི་ཉོན་མོངས་པའི་རྣམ་པ་ཐམས་ཅད་སྤངས་པའི་ལམ་ལ་གནས་པ་ནི་ཕྱིར་མི་འོང་བའི་གང་ཟག་གོ། །སྲིད་པའི་རྩེ་མོའི་ཉོན་མོངས་པ་རྣམ་པ་དགུ་ཆར་སྤངས་པའི་ལམ་ལ་གནས་པ་ནི་དགྲ་བཅོམ་པའི་གང་ཟག་གོ། །སངས་རྒྱས་
འཇིག་རྟེན་དུ་མ་བྱུང་བའི་ཚེ་འདོད་པའི་ཁམས་སུ་སྐྱེས་ནས་གཞན་གྱི་མན་ངག་མེད་པར་ཁམས་གསུམ་གྱི་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་རང་བྱང་ཆུབ་མངོན་སུམ་དུ་བྱས་པ་ནི་རང་སངས་རྒྱས་ཀྱི་གང་ཟག་གོ། །མོས་པས་སྤྱོད་པའི་ས་ནས་བརྩམས་ནས་ས་བཅུ་མན་ཆད་ལ་གནས་པ་བདག་དང་གཞན་གྱི་
དོན་གྱི་ཕྱིར་ཞུགས་པ་རྣམས་ནི་བྱང་ཆུབ་སེམས་དཔའི་གང་ཟག་གོ། །གང་ཟག་གཅིག་ཅེས་བྱ་བས་དེ་བཞིན་གཤེགས་པ་གཉིས་འཇིག་རྟེན་དུ་འབྱུང་བ་མི་སྲིད་པར་སྟོན་ཏོ། །འཇིག་རྟེན་དུ་འབྱུང་བ་ན་ཞེས་བྱ་བ་ནི་དགའ་ལྡན་གྱི་ཕོ་བྲང་ནས་འཆི་འཕོ་བ་བསྟན་ཏེ། འདོད་པའི་ཁམས་སུ་སྐྱེས་ནས་
ཞེས་བྱ་བའི་དོན་ཏོ། །ཕན་པ་ནི་འདོད་པའི་བསོད་ཉམས་ཀྱི་མཐའ་ཡོངས་སུ་སྤངས་པའོ། །བདེ་བ་ནི་བདག་ཉིད་ངལ་བའི་མཐའ་ཡོངས་སུ་སྤངས་པའོ། །འཇིག་རྟེན་ལ་སྙིང་བརྩེ་བ་ནི་འཇིག་རྟེན་དུ་སྐྱེ་ཞིང་ལམ་དབུ་མ་སྟོན་པ་ཡང་། སེམས་ཅན་ལ་ཐུགས་རྗེའི་རྒྱུས་ཞེས་བྱ་བའི་དོན་ཏོ། །
དོན་ནི་མྱ་ངན་ལས་འདས་པའི་འབྲས་བུ་ལ་གཞག་པའོ། །སྟོན་པ་ནི་འཕགས་པའི་བདེན་པ་བཞི་འཆད་པའི་ཕྱིར་རོ། །དེ་ནི་གང་ཟག་ཅེས་བྱའོ་ཞེས་བྱ་བ་ནི་གོང་དུ་བཤད་པ་དེ་དག་ནི་གང་ཟག་ཅེས་བྱའོ། །ཀུན་རྫོབ་ཀྱི་ཚིག་གི་གནས་ཀྱིས་ཞེས་བྱ་བ་ནི་གང་ཟག་ཅེས་གསུངས་པ་

ཡང་གང་ཟག་གི་དངོས་པོ་ཡོད་པའི་ཕྱིར་གསུངས་པ་ནི་མ་ཡིན་གྱི། གང་ཟག་ཅེས་གང་ཟག་གི་ཚིག་མ་བརྟགས་ན་ཐ་སྙད་དུ་བྱ་ཞིང་སེམས་ཅན་དྲང་དུ་མི་རུང་བས་སེམས་ཅན་རྣམ་གྲངས་མང་པོའི་ཕྱིར་ཀུན་རྫོབ་ཙམ་དུ་བཏགས་ནས་བསྟན་པ་སྟེ། བཏགས་པ་
ཙམ་ལ་གང་ཟག་གི་དངོས་པོ་ཡོད་པར་མངོན་པར་ཆགས་པ་དེ་དག་ནི་ཆོས་ཉིད་ལ་སྟོན་པ་མ་ཡིན་ནོ། །འབྱུང་བ་མེད་པ་ཞེས་བྱ་བ་ནི་དེ་བཞིན་ཉིད་དེ་ནམ་ཡང་མཚན་ཉིད་གཞན་དུ་མི་འགྱུར་བའི་ཕྱིར་རོ། །སྒྲོ་བཏགས་པ་མེད་པར་ཞེས་བྱ་བ་ནི་དེ་བཞིན་ཉིད་སྟོང་པའི་ངོ་བོ་ལ་ཡོད་པར་སྒྲོ་
གདགས་སུ་མི་རུང་བའི་ཕྱིར་རོ། །བྱ་བ་མེད་པ་ཞེས་བྱ་བ་ནི་མི་དགེ་བའི་ཆོས་རྣམས་མི་བྱེད་པའི་ཕྱིར་རོ། །རྣམ་པར་བྱང་བ་མེད་པ་ཞེས་བྱ་བ་ནི། དགེ་བའི་ཆོས་ཀྱང་མི་བྱེད་པའི་ཕྱིར་རོ། །མི་གནས་པ་ཞེས་བྱ་བ་ནི་གཟུགས་ལ་སོགས་པའི་ཆོས་རྣམས་ལ་མི་བརྟན་པའི་ཕྱིར་རོ། །རབ་
ཏུ་མི་གནས་པ་ཞེས་བྱ་བ་ནི། མིག་ལ་སོགས་པའི་དབང་པོ་ལ་མི་བརྟེན་པའི་ཕྱིར། རྩ་བ་མེད་པ་ཞེས་བྱ་བ་ནི་ལས་དང་ཉོན་མོངས་པས་མ་བསྐྱེད་ཅིང་དེ་ལ་མི་གནས་པའི་ཕྱིར་རོ། །ཐམས་ཅད་མཉམ་པ་ཞེས་བྱ་བ་ནི་ནམ་མཁའ་བཞིན་དུ་ཀུན་དུ་ཁྱབ་པའི་ཕྱིར་རོ། །མཉམ་པ་དག་ལ་མཉམ་པ་
ཞེས་བྱ་བ་ནི་ཆོས་ཐམས་ཅད་མཚན་ཉིད་གཅིག་པར་མཉམ་པ་སྟེ། མཚན་ཉིད་གཅིག་པར་འདུ་བས་ན་མཉམ་པ་ལ་མཉམ་པའོ། །མི་མཉམ་པ་དག་ལ་མཉམ་པ་ཞེས་བྱ་བ་ནི་མི་མཉམ་པའི་ཆོས་ཀྱི་སྐུ་སྟེ་ཆོས་ཐམས་ཅད་དེ་དང་འདྲ་བས་ན་མི་མཉམ་པ་དག་ལས་མཉམ་པའོ། །ཆོས་ཐམས་ཅད་
མཚན་ཉིད་གཅིག་པར་འདྲ་བ་དང་། ཆོས་ཀྱི་སྐུ་དང་འདྲ་བས་ན། མཉམ་པ་དང་མི་མཉམ་པ་དག་ལ་མཉམ་པའོ། །རྟོག་པ་ཐམས་ཅད་ལས་འདས་པས་ན་རྟོག་པ་མེད་པའོ། །བྱ་བ་ཐམས་ཅད་ལས་འདས་པས་ན་རྩོམ་པ་མེད་པའོ། །ཆོས་ཐམས་ཅད་རང་བཞིན་གྱིས་མྱ་ངན་ལས་
འདས་པའི་མཚན་ཉིད་དུ་མཐོང་བས་ན། ཆོས་ཐམས་ཅད་ལ་སྐྱོན་མེད་པ་རྙེད་པའོ། །ནམ་མཁའ་བཞིན་དུ་ངོ་བོ་མེད་པ་ཡིན་པས་ན། ཤིན་ཏུ་ནམ་མཁའ་རང་བཞིན་གྱི་མཚན་ཉིད་དོ། །དེ་ལ་གང་དག་ཆོས་ཉིད་ལ་རྟོན་ཅེས་བྱ་བ་ནི་གང་སྟོང་པ་ཉིད་ལ་རྟོན་ཅིང་དེ་ཁོང་དུ་ཆུད་པ་དེ་དག་ནི་

མིག་ལ་སོགས་པའི་ཁམས་གང་ལ་ཡང་དངོས་པོར་མི་འཛིན་ཅིང་མི་རྟོན་པའོ། །ཆོས་ཉིད་ཀྱི་དོན་རྒྱས་པར་བཤད་པ་བསྡུས་ཏེ་བསྟན་པའི་ཕྱིར། དེ་བས་ན་ཆོས་ཀྱི་སྒོའི་ཚུལ་ལ་འཇུག་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཆོས་ཐམས་ཅད་ཆོས་ཀྱི་དབྱིངས་སུ་རྟོགས་པ་ནི་སངས་རྒྱས་ཀྱི་
ཆོས་ཐམས་ཅད་སྐྱེ་བའི་རྒྱུ་ཡིན་པས་ན་ཆོས་ཀྱི་སྒོ་སྟེ། ཚུལ་ལ་འཇུག་པ་ནི་ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་མཚན་ཉིད་དུ་རྟོགས་པའོ། །འདིས་ཆོས་ཐམས་ཅད་ལ་རྟོན་པའི་ཕྱིར་ཆོས་ཐམས་ཅད་ཆོས་ཉིད་ཁོ་ནར་འགྱུར་བ་ཞེས་བྱ་བ་ནི་ཆོས་ཐམས་ཅད་ཀྱི་ཆོས་ཀྱི་དབྱིངས་ཀྱི་མཚན་
ཉིད་ཡིན་པ་འདིས་ཆོས་ཐམས་ཅད་ལ་རྟོན་པས་ཕུང་པོ་དང་ཁམས་ལ་སོགས་པའི་ཆོས་རྣམས་ཆོས་ཉིད་ཡིན་པར་འགྱུར་བའོ། །འདི་ནི་ཞེས་བྱ་བ་ནི་གོང་དུ་བཤད་པ་ལྟར་ཁོང་དུ་ཆུད་པ་འདི་ནི་ཞེས་བྱ་བའི་དོན་ཏོ། །རྟོན་པ་བཞི་མི་ཟད་པ་བཤད་ཟིན་ཏོ།། །།ཡོངས་སུ་བྱང་
བའི་བྱང་ཆུབ་སེམས་དཔའ་བསྟན་པའི་ཕྱིར། བཙུན་པ་ཤ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཀྱང་མི་ཟད་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་དག་མི་ཟད་པ་ཡང་བསོད་ནམས་དང་ཡེ་ཤེས་ཀྱིས་སྤྱད་པའི་ཡུལ་སྦྱིན་པ་ལ་
སོགས་པ་མི་ཟད་པའི་ཕྱིར་རོ། །ཡོངས་སུ་བྱང་བའི་བྱང་ཆུབ་སེམས་དཔའ་ཡང་རྣམ་པ་གཉིས་ཏེ། རྟག་པར་ཕོངས་པ་མེད་པ་དང་། ཐེ་ཚོམ་ཐམས་ཅད་གཅོད་པའོ། །ཚོགས་གཉིས་ཀྱིས་བསྡུས་པའི་དོན་ཚོགས་ཀྱི་ལམ་བསྟན་པར་ཡང་སྦྱར་རོ། །དེ་ལ་རྟག་པ་ཕོངས་པ་
མེད་པ་གང་ཞེ་ན། གང་གིས་བསོད་ནམས་ཀྱི་ཚོགས་བསགས་པའོ། །ཐེ་ཚོམ་ཐམས་ཅད་གཅོད་པ་གང་ཞེ་ན། གང་གིས་ཡེ་ཤེས་ཀྱི་ཚོགས་བསགས་པའོ། །རྟག་པར་ཕོངས་པ་མེད་པའི་དབང་དུ་བྱས་ནས། དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསོད་ནམས་ཀྱི་ཚོགས་མི་ཟད་
པ་གང་ཞེ་ན་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །འདི་ལྟ་སྟེ་སྦྱིན་པ་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་དང་ཞེས་བྱ་བ་ནི་གང་གིས། གང་ལ་གང་། ཇི་ལྟར། གང་གི་ཕྱིར། སྦྱིན་པ་ནི་སྦྱིན་པའི་བསོད་ནམས་བྱ་བའི་དངོས་པོའོ། །དེ་ལ་གང་སྦྱིན་པ་ནི། ཕྱི་དང་ནང་གི་དངོས་པོ་སྦྱིན་

པའོ། །གང་གིས་སྦྱིན་པ་ནི་འདོད་མ་ཆགས་པ་ལ་སོགས་པའི་སེམས་ཀྱིས་སྦྱིན་པའོ། །གང་ལ་སྦྱིན་པ་ནི་ཡོན་ཏན་ཅན་གྱི་ཞིང་དང་། ཕན་བཏགས་པའི་ཞིང་དང་། སྡུག་བསྔལ་བའི་ཞིང་ལ་སྦྱིན་པའོ། །ཇི་ལྟར་སྦྱིན་པ་ནི་རང་གི་ལག་ནས་དུས་སུ་གུས་པར་བྱས་ཏེ་སྦྱིན་
པའོ། །གང་གི་ཕྱིར་སྦྱིན་པ་ནི་མཆོད་པ་དང་ཕན་པར་འདོད་པའི་ཕྱིར་སྦྱིན་པའོ། །ཚུལ་ཁྲིམས་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་ཞེས་བྱ་བ་ཡན་ལག་དྲུག་དང་ལྡན་པའི་ཚུལ་ཁྲིམས་ནི་ཚུལ་ཁྲིམས་ལས་བསོད་ནམས་བྱ་བའི་དངོས་པོ་སྟེ། ཡན་ལག་དྲུག་པོ་གང་ཞེ་ན། ཚུལ་ཁྲིམས་
དང་ལྡན་པར་གནས་པ་དང་། སོ་སོར་ཐར་པའི་སྡོམ་པས་བསྡོམས་པ་དང་། ཆོ་ག་དང་སྤྱོད་ཡུལ་ཕུན་སུམ་ཚོགས་པ་དང་ཁ་ན་མ་ཐོ་བ་ཕྲ་རབ་ཙམ་ལ་ཡང་འཇིག་པར་ལྟ་བ་དང་། བསླབ་པའི་གཞི་རྣམས་ཡང་དག་པར་བླངས་ནས་སློབ་པ་ཞེས་གསུངས་སོ། །བསྒོམས་པ་ལས་བྱུང་བའི་བསོད་ནམས་
ཀྱི་དངོས་པོ་ནི་གང་བསམ་གཏན་དང་སྙོམས་པར་འཇུག་པའི་མཚན་ཉིད་མཉམ་པར་གཞག་པའི་དགེ་བ་རྣམས་སོ། །ཡང་ན་ཆོས་རྣམས་ཡང་ནས་ཡང་དུ་སེམས་ལ་གོམས་ཤིང་འདྲིས་པར་བྱས་པ་ལས་བྱུང་བའི་བསོད་ནམས་ནི་བསྒོམས་པ་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོའོ། །བྱམས་པའི་
སེམས་ལ་སྙོམས་པར་འཇུག་པ་ནི་བྱམས་པ་གྲུབ་པར་བྱ་བའི་ཕྱིར་བྱམས་པའི་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་པ་ལས་བྱུང་བའམ། བྱམས་པའི་སེམས་ཀྱིས་སེམས་ཅན་ཐམས་ཅད་ལ་སྙོམས་པར་བྱེད་པ་ལས་བྱུང་བའི་བསོད་ནམས་སོ། །དེ་བཞིན་དུ་སྙིང་རྗེ་ལ་སོགས་པ་མིང་གིས་སྨོས་པ་
དགེ་བ་སྤྱད་པ་ལས་བྱུང་བའི་བསོད་ནམས་ཀྱི་ཚོགས་ཞེས་བྱའོ།