Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 114

Văn bản gốc(Tây Tạng)

Trang 13 / 18 (50.000 ký tự/trang)
ད་སྤྱོད་པ་ལས་བྱུང་བ་ཡང་རབ་ཏུ་ཤེས་སོ་ཞེས་བྱ་བའི་དོན་

ཏོ། ལས་ཀྱི་འབྲས་བུ་ཤེས་པ་ནི་ད་ལྟའི་ལུས་དང་ངག་གི་སྒོ་ནས་ལས་ཅི་བྱས་པའི་འབྲས་བུ་ཕྱིས་ཅིར་འགྱུར་བ་ཤེས་པའོ། །དབང་པོའི་རིམ་པ་ཤེས་པ་ནི་མིག་ལ་སོགས་པའི་དབང་པོ་རྣམས་དང་། དད་པ་ལ་སོགས་པའི་དབང་པོ་རྣོ་རྟུལ་གྱི་རིམ་པ་ཤེས་པ་སྟེ། ལས་ཀྱི་རྒྱུ་དང་འབྲས་
བུ་དང་དད་པ་ལ་སོགས་པའི་དབང་པོ་འདི་དག་གཟུགས་ཀྱི་རྒྱུ་ལས་བྱུང་བའི་ཕྱིར་ལྷའི་མིག་གི་སྤྱོད་ཡུལ་ཡིན་པར་ཤེས་པར་བྱའོ། །སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པ་ཞེས་བྱ་བ་ནི་སངས་རྒྱས་ཀྱི་ཞིང་ས་གཞི་བཻ་ཌཱུརྱའི་ཁ་དོག་དང་དཔག་བསམ་གྱི་ཤིང་གི་ཕྲེང་བ་དང་བདུད་
རྩིའི་རྫིང་ལ་སོགས་པ་དང་ལྡན་པའོ། །རང་གི་ཚུལ་ཁྲིམས་ཡོངས་སུ་དག་པས་རང་གི་ཞིང་གི་ཡོན་ཏན་བཀོད་པ་ཡོངས་སུ་དག་པར་བྱ་བའི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བསགས་པ་རྣམས་ཡོངས་སུ་བསྔོ་སྟེ་ཞེས་བྱ་བ་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཞིང་
གི་ཡོན་ཏན་མཐོང་ནས་བདག་ཀྱང་ནམ་སངས་རྒྱས་སུ་འགྱུར་བའི་ཚེ་ཞིང་གི་ཡོན་ཏན་དེ་ལྟ་བུ་དང་ལྡན་པར་གྱུར་ཅིག་ཅེས་བདག་གི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཅི་བསགས་པ་རྣམས་ཚུལ་ཁྲིམས་ཡོངས་སུ་དག་པའི་མཐུས་བསྔོ་ཞེས་བྱ་བའི་དོན་ཏོ། །ཚུལ་ཁྲིམས་ཀྱི་
མཐུས་བསྔོས་པས་ཇི་བཞིན་འགྲུབ་པར་འགྱུར་རམ་སྙམ་པ་ལ། ཚུལ་ཁྲིམས་ཀྱི་ཡོན་ཏན་ལ་གནས་པ་དེ་དག་གི་བསྔོ་བ་ཡོངས་སུ་འགྲུབ་པར་འགྱུར་རོ་ཞེས་བྱ་བ་སྨོས་ཏེ། ཆོས་ཉིད་ཀྱི་ཚུལ་ཁྲིམས་དང་ལྡན་པ་རྣམས་ཅི་བསམས་པའམ། སྨོན་པ་བཞིན་དུ་འགྲུབ་པས་ཇི་ལྟར་
བསྔོས་པ་བཞིན་དུ་ཡོངས་སུ་འགྲུབ་ཅེས་བྱ་བའི་དོན་ཏོ། །ཆོ་ག་དང་ཞེས་བྱ་བ་ལ། བྱ་བ་དང་མི་བྱ་བ་རྣམས་ནི་ཆོ་གའོ། །ཆོས་གོས་བགོ་བ་དང་། ལྷུང་བཟེད་བཟུང་བ་ལ་སོགས་པ་ཆོས་བཞིན་དུ་བྱེད་པ་ནི་སྤྱོད་པའོ། །ཆང་འཚོང་དང་སྨད་འཚོང་ལ་སོགས་པ་སྤྱོད་ཡུལ་ལྔར་མི་
འཇུག་པ་ནི་སྤྱོད་ཡུལ་ལོ། །ལྟུང་བ་དང་མི་ལྟུང་བ་མ་བརྗེད་པ་ནི་དྲན་པའོ། །ལྟུང་བ་དང་མི་ལྟུང་བ་ཤེས་པ་ནི་ཤེས་བཞིན་ནོ། །འགྲོ་བ་དང་འདུག་པ་དང་ཉལ་བ་དང་འཆག་པ་ལ་སོགས་པ་མཛེས་པ་ནི་སྤྱོད་ལམ་མོ། །གཙུག་ལག་ཁང་དང་རི་དང་བྲག་ཕུག་ལ་སོགས་པ་ནི་

གནས་སོ། །མངོན་པར་ཤེས་པ་ལྔ་དང་ལྡན་པ་དང་། བདུད་དང་མུ་སྟེགས་ཅན་གྱིས་མི་ཕྱེད་པ་ནི་མཐུའོ། །བྱང་ཆུབ་སེམས་དཔའི་མདོ་སྡེ་དང་འདུལ་བ་དང་ཆོས་མངོན་པ་ནི་ཆོས་སོ། །མི་གནས་པའི་མྱ་ངན་ལས་འདས་པ་ནི་རྣམ་པར་ཐར་པའོ། །མེ་ལོང་
ལྟ་བུའི་དང་། མཉམ་པ་ཉིད་དང་། སོ་སོར་ཀུན་དུ་རྟོག་པ་དང་། བྱ་བ་སྒྲུབ་པའི་ཡེ་ཤེས་ནི་ཡེ་ཤེས་སོ། །མཁས་པའི་ཚིག་རེ་རེ་དང་ཡང་སྦྱར་ཏེ། དོན་དང་ཆོས་དང་ཡེ་ཤེས་དང་། ངེས་པའི་དོན་གྱི་མདོ་སྡེ་ལ་རྟོན་པ་ནི་རྟེན་པ་ལ་མཁས་པའོ། །དོན་དང་ཚིག་མི་བརྗེད་པའི་
གཟུངས་དང་ལྡན་པ་ནི་གཟུངས་ལ་མཁས་པའོ། །འཁོར་བའི་མཐའི་བར་དུ་ཆོས་བཤད་ཀྱང་སྤོབས་པ་ཟད་པར་མི་འགྱུར་བ་ནི་སྤོབས་པ་ལ་མཁས་པའོ། །རང་དང་སྤྱིའི་མཚན་ཉིད་རྣམ་པར་འབྱེད་པ་ནི་ཤེས་རབ་པོ། །ཆོས་ཐམས་ཅད་སྟོང་པར་ཁོང་དུ་ཆུད་པ་ནི་ཡེ་ཤེས་སོ། །
དགའ་ལྡན་གྱི་ཕོ་བྲང་ནས་འཆི་འཕོ་བ་ལ་སོགས་པ་སྟོན་པ་ནི་ཐབས་ལ་མཁས་པ་ལ་འཇུག་པའོ། །དེ་དག་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་དོ་ཞེས་བྱ་བ་ནི་ལྷའི་མིག་དང་ལྡན་པའི་བྱང་ཆུབ་སེམས་དཔའ་དེས། འཇིག་རྟེན་གྱི་ཁམས་གཞན་གྱི་བྱང་ཆུབ་སེམས་དཔའི་ཡོན་
ཏན་དེ་དག་མཐོང་ནས་བདག་ཉིད་ཀྱིས་ཀྱང་དེ་དག་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་དོ། །གཟུགས་ཐམས་ཅད་མཐོང་བ་བཤད་ཟིན་ཏོ།། །།མི་མཐུན་པའི་ཕྱོགས་ཀྱིས་མ་གོས་པར་བསྟན་པའི་ཕྱིར་དེ་དག་གི་མིག་དེ་ནི་གཟུགས་ཐམས་ཅད་མཐོང་བས་ན་སྒྲིབ་པ་མེད་པ་ཞེས་བྱ་བ་
ལ་སོགས་པ་གསུངས་ཏེ། དེ་དག་གི་མིག་ཅེས་བྱ་བ་ནི་ལྷའི་མིག་དང་ལྡན་པའི་བྱང་ཆུབ་སེམས་དཔའ་དེ་དག་གི་མིག་གོ། །ཅིས་ཀྱང་མ་བསྒྲིབས་མ་ཆོད་པར་ཉེ་བ་དང་རིང་བ་ལ་སོགས་པའི་གཟུགས་ཐམས་ཅད་མཐོང་བས་ན་སྒྲིབ་པ་མེད་པའོ། །གཟུགས་ཐམས་ཅད་ལ་མི་
ཆགས་པའོ་ཞེས་བྱ་བ་ནི་གཟུགས་ཐམས་ཅད་མཐོང་བ་ནི་གཟུགས་མཛེས་པ་རྣམས་འདོད་ཆགས་མི་སྐྱེ་བའོ། །རྣམ་པར་གྲོལ་ཞེས་བྱ་བ་ནི་ཉོན་མོངས་པའི་བག་ལ་ཉལ་དང་ལྟ་བ་ཐམས་ཅད་ཀྱི་བག་ལ་ཉལ་དང་ཉོན་མོངས་པ་མངོན་སུམ་དུ་འབྱུང་བ་ཐམས་ཅད་སྤངས་པས་སོ། །རང་

བཞིན་གྱིས་འོད་གསལ་བས་ན་ཞེས་བྱ་བ་ནི་རང་བཞིན་གྱིས་དྲི་མ་མེད་ཅིང་གཟུགས་གསལ་བར་མཐོང་བའི་མཚན་ཉིད་ཡིན་པས་ན་ཞེས་བྱ་བའི་དོན་ཏོ། །ཡུལ་ཐམས་ཅད་ལ་མི་གནས་པའོ་ཞེས་བྱ་བ་ནི་གཟུགས་ཐམས་ཅད་ལ་མི་རྟོན་པའོ། །ཉོན་མོངས་པ་དང་བག་ལ་ཉལ་བ་
ཐམས་ཅད་ལ་མི་སྐྱེ་བའོ་ཞེས་བྱ་བ་ནི་མིག་གིས་གཟུགས་ཐམས་ཅད་མཐོང་དུ་ཟིན་ཀྱང་གཟུགས་མཐོང་བའི་སྒོ་ནས་འདོད་ཆགས་དང་ཞེ་སྡང་ལ་སོགས་པའི་ཉོན་མོངས་པ་སྐྱེ་བར་ཡང་མི་འགྱུར་ལ་ཉོན་མོངས་པའི་བག་ཆགས་ལ་སོགས་པར་ཡང་མི་བྱེད་ཅེས་བྱ་བའི་དོན་ཏོ། །ཐེ་
ཚོམ་མེད་པས་ན་ཞེས་བྱ་བ་ནི་བདེན་པ་དང་དཀོན་མཆོག་ལ་ཡིད་གཉིས་མེད་པས་ན་ཞེས་བྱ་བའི་དོན་ཏོ། །སྒྲིབ་པར་གྱུར་པའི་ཆོས་ཐམས་ཅད་ལས་ཀུན་ནས་མ་ལངས་ཞེས་བྱ་བའི་བར་དུ་གཅོད་པའམ། སྒྲིབ་པར་འགྱུར་བའི་ཆོས་འདོད་པ་ལ་འདུན་པ་ལ་སོགས་པའི་རྒྱུ་བྱེད་
ཅེས་བྱ་བའི་དོན་ཏོ། །ཆོས་ཐམས་ཅད་སྣང་བ་ལ་གསལ་བ་ཐོབ་པ་ཞེས་བྱ་བ་ནི་ཆོས་ཐམས་ཅད་མཐོང་བར་བྱ་བ་ལ་གསལ་བར་མཐོང་བ་ཐོབ་པ་ཞེས་བྱ་བའི་ཐ་ཚིག་གོ། །ཡེ་ཤེས་ལ་རྟོན་པ་སྟེ་ཞེས་བྱ་བ་ནི་ཡེ་ཤེས་ལ་རྟོན་པ་ཡིན་པས་དབང་པོའི་འབྱུང་བ་ཆེན་པོ་ལ་མི་རྟོན་པ་
སྟེ། དེ་བས་ན་རྣམ་པར་ཤེས་པའི་སྤྱོད་ཡུལ་མ་ཡིན་པ་ཞེས་བྱའོ། །ཉོན་མོངས་པ་ཐམས་ཅད་ཀྱིས་མ་ཆགས་མི་སྡང་། མ་རྨོངས་པ་ཞེས་བྱ་བ་ནི་འདོད་ཆགས་དང་། ཞེ་སྡང་དང་གཏི་མུག་གིས་མ་གོས་ཞེས་བྱ་བའི་དོན་ཏོ། །དེ་དག་གི་མིག་དེ་ནི་འཕགས་པའི་དབང་པོ་རྣམས་ལ་
ངེས་པར་འབྱེད་པའི་ཆ་དང་མཐུན་པའི་ཞེས་བྱ་བ་ལས་འཕགས་པའི་དབང་པོ་ནི་དད་པ་དང་དྲན་པ་ལ་སོགས་པའི་དབང་པོ་སྟེ། དབང་པོ་དེ་དག་དང་ལྡན་པའི་མིག་དེས་སྣང་བ་མཆེད་པ་ལ་སོགས་པའི་ཆོས་རྣམས་རྟོག་པར་བྱེད་ཅེས་བྱ་བའི་དོན་ཏོ། །འོད་ཟེར་མཉམ་པར་གཏོང་
བས་ན་ཞེས་བྱ་བ་ནི་སྙིང་རྗེ་ཆེན་པོས་སེམས་ཅན་ལ་མཉམ་པར་ལྟ་ཞེས་བྱ་བའི་དོན་ཏོ། །སེམས་ཀྱིས་མི་དགེ་བའི་ཆོས་དང་བྲལ་བས་ན་ཞེས་བྱ་བ་ནི་འདོད་ཆགས་པ་དང་ཞེ་སྡང་བ་དང་བྲལ་བས་ན་ཞེས་བྱ་བའི་ཐ་ཚིག་གོ། །རང་བཞིན་གྱིས་ཀུན་ནས་ཉོན་མོངས་པ་ཅན་

མ་ཡིན་པས་ན་ཞེས་བྱ་བ་ནི་རང་བཞིན་གྱིས་ཉོན་མོངས་པའི་དྲི་མ་དང་མ་འདྲེས་པ་ཞེས་བྱ་བའི་ཐ་ཚིག་གོ། །དེ་དག་གི་མིག་དེ་ནི་བསམ་པ་མ་བསྟན་པ་ཞེས་བྱ་བ་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐོབ་པར་བྱ་བའི་བསམ་པ་དང་མ་བྲལ་བས་ན། སངས་རྒྱས་
བཅོམ་ལྡན་འདས་ཀྱི་སྤྱན་ཐམས་ཅད་མཁྱེན་པའི་རང་བཞིན་ལས་སྐྱེས་ཞེས་བྱ་བའི་དོན་ཏོ། །རྗེས་སུ་ཆགས་པ་དང་ཁོང་ཁྲོ་བ་དང་བྲལ་ཞེས་བྱ་བ་ནི་རྗེས་སུ་ཆགས་པ་དང་བྲལ་བས་ན་མ་ཆགས་པའོ། །དེ་དག་གི་མིག་དེ་ནི་དོན་གྱི་སྤྱོད་ཡུལ་བདེན་པས་ཉེ་བར་བསྒྲུབས་ཤིང་ཆོས་
རྣམ་པར་དག་པ་ཤེས་པའི་ལམ་ལ་མ་ཆགས་པར་སྤྱོད་པ་ཞེས་བྱ་བ་ནི་ཕྱིན་ཅི་ལོག་གི་དོན་ལ་དམིགས་པ་ལས་བྱུང་བ་ནི་མ་ཡིན་གྱིས། དོན་དམ་པའི་བདེན་པ་ཕྱིན་ཅི་མ་ལོག་པ་ལ་དམིགས་པ་ལས་བྱུང་བས་ན་ཆོས་ཀྱི་དབྱིངས་རྣམ་པར་དག་པ་ཤེས་པར་བྱ་བ་ལ་ཐགས་ཐོགས་
མེད་པར་སྤྱོད་དོ་ཞེས་བྱ་བའི་དོན་ཏོ། །མི་མཐུན་པའི་ཕྱོགས་ཀྱིས་མ་གོས་པ་བཤད་ཟིན་ཏོ།། །།རྒྱུ་བསྟན་པའི་ཕྱིར། དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བྱང་ཆུབ་སེམས་དཔའ་དེ་དག་གི་ལྷའི་མིག་དེ་ཅིའི་ཕྱིར་གོང་དུ་བཤད་པ་ལྟ་བུ་ཡིན་ཞེ་ན་ཞེས་
བྱ་བའི་དོན་ཏོ། །སྐྱེས་བུ་དམ་པ་དེ་དག་ནི་སྙིང་རྗེ་ཆེན་པོ་ལ་གནས་པ་ཞེས་བྱ་བ་ལ་སོགས་པ་ལ། སྙིང་རྗེ་ཆེན་པོ་ལ་གནས་པའི་རྒྱུ་ལས་བྱུང་བས་ན་དེ་དག་གི་ལྷའི་མིག་ཀྱང་གོང་དུ་བཤད་པ་ལྟ་བུའི་ཡོན་ཏན་དང་ལྡན་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །ཚིག་ལྷག་མ་རྣམས་ལ་ཡང་
དེ་བཞིན་དུ་སྦྱར་རོ། །ཆོས་རྣམས་རིག་པ་ནི་བཤད་པར་བྱ་བའི་ཆོས་ཐམས་ཅད་རིག་པའོ། །དོན་ཤིན་ཏུ་རྟོགས་པ་ནི་སྟོང་པ་ཉིད་ཀྱི་མཚན་ཉིད་ཁོང་དུ་ཆུད་པའོ། །ཁ་ན་མ་ཐོ་བ་མེད་པ་ནི་སྡིག་པ་མི་དགེ་བའི་ཆོས་མི་བྱེད་པས་སོ། །ཇི་ལྟར་མཐོང་བ་དང་ཐོས་པ་བཞིན་དུ་ཆོས་སྨྲ་
བ་ནི་ཇི་ལྟར་མཐོང་བ་དང་ཐོས་པ་ལས་སྐྱེད་སྐུར་བྱས་ཏེ། སྒྲོ་མི་འདོགས་པ་དང་སྐུར་བ་མི་བྱེད་པས་སོ། །མི་དགེ་བ་མི་བསྙིལ་པ་ནི་མི་དགེ་བའི་སྤྱོད་པ་རྣམ་པ་ཐམས་ཅད་དུ་སྤངས་པའི་ཕྱིར་རོ། །བྱང་ཆུབ་ཀྱི་སྙིང་པོ་ལ་མངོན་དུ་ཕྱོགས་པ་ཞེས་བྱ་བ་ནི་བྱང་ཆུབ་ཀྱི་སྙིང་པོ་ལ་ཐོབ་པར་

བྱ་བ་ལ་གཅིག་ཏུ་མོས་ཤིང་སྒྲུབ་པར་བྱེད་པའི་དོན་ཏོ། །སེམས་གོང་དུ་ཡང་ཐོགས་པ་མེད་ཅེས་བྱ་བ་ནི་དེའི་སེམས་ཀྱི་དངོས་པོ་ཐམས་ཅད་མ་ལུས་པར་ཤེས་པར་བྱེད་ཅེས་བྱ་བའི་དོན་ཏོ། །བརྩོན་འགྲུས་སྒྲུབ་པར་བྱེད་པ་ཞེས་བྱ་བ་ནི་བརྩོན་འགྲུས་ལ་འཇོག་པར་བྱེད་པའོ། །བསམ་
གཏན་གྱི་ཡན་ལག་སྟོན་པ་ཞེས་བྱ་བ་ནི་བསམ་གཏན་དང་པོ་དང་གཉིས་པ་ལ་སོགས་པ་སྒོམ་པའི་ཐབས་སྟོན་པའོ། །ཤེས་རབ་ཀྱི་མིག་སྦྱིན་པ་ཞེས་བྱ་བ་ནི་ཆོས་རྣམས་ཕྱིན་ཅི་མ་ལོག་པར་རྟོགས་པའི་ཤེས་རབ་ཀྱི་མིག་སྦྱིན་པའོ། །ལམ་ངན་པ་ལ་ཞུགས་པ་ནི་མུ་སྟེགས་ཅན་རྣམས་སོ། །ལམ་སྟོན་པ་ནི་འཕགས་པའི་
ལམ་ཡན་ལག་བརྒྱད་པ་སྟོན་པའོ། །དམན་པ་ལ་མོས་པ་ནི་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པ་ལ་ཞུགས་པ་རྣམས་སོ། །སངས་རྒྱས་ཀྱི་ཆོས་རྒྱ་ཆེན་པོ་རྟོག་པར་བྱེད་ཅེས་བྱ་བ་ནི་དེ་དག་ལས་བཅུ་དང་ཕ་རོལ་ཏུ་ཕྱིན་པ་བཅུ་ལ་སོགས་པ་རྟོག་པར་བྱེད་ཅེས་བྱ་བའི་དོན་ཏོ། །ཐམས་ཅད་
མཁྱེན་པའི་ཡེ་ཤེས་ལ་འཛུད་ཅེས་བྱ་བ་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་རྣམ་པར་མི་རྟོག་པའི་མཚན་ཉིད་ཐོབ་པ་ལ་འཇོག་པར་བྱེད་ཅེས་བྱ་བའི་ཐ་ཚིག་གོ། །བྱང་ཆུབ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་ཞེས་བྱ་བ་ནི་བདག་ཉིད་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་བྱ་བའི་ཕྱིར་
དེའི་རྒྱུར་གྱུར་པའི་ལྷའི་མིག་མ་ཉམས་པ་ཟིན་ཏེ་ཞེས་བྱ་བའི་དོན་ཏོ། །ལྷའི་མིག་མངོན་པར་ཤེས་པ་མི་ཟད་པ་བཤད་ཟིན་ཏོ།། །།ཚིག་མངོན་སུམ་པ་བསྟན་པའི་ཕྱིར། དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལྷའི་རྣ་བ་མངོན་པར་ཤེས་པ་མི་ཟད་པ་གང་ཞེ་ན་ཞེས་བྱ་
བ་ལ་སོགས་པ་གསུངས་ཏེ། དེ་མི་ཟད་པ་ཡང་རྣ་བ་དེས་དམིགས་པར་བྱ་བའི་སྒྲ་ཟད་མི་ཤེས་པས་དེ་ལ་དམིགས་པར་བྱེད་པའི་ལྷའི་རྣ་བ་ཡང་ཟད་མི་ཤེས་པའི་ཕྱིར་མི་ཟད་པའོ། །ཡང་ན་འོག་ནས་དེའི་རྣ་བའི་ཁམས་དེ་ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་པ་ཡིན་ཞེས་
བྱ་བ་ལ་སོགས་པ་གསུངས་པའི་ཚུལ་གྱི་ལྷའི་རྣ་བ་དེའི་རང་བཞིན་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ཡིན་པས་ཆོས་ཀྱི་དབྱིངས་དེ་ལ་ཟད་པ་མེད་པའི་ཕྱིར་ལྷའི་རྣ་བ་ཡང་མི་ཟད་པའོ། །དེ་ཡང་རྣམ་པ་དགུར་རིག་པར་བྱ་སྟེ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་ཐམས་ཅད་ལས་ཁྱད་

པར་དུ་གྱུར་པ་དང་། སྒྲ་ཐམས་ཅད་ལ་དམིགས་པ་དང་། རྒྱུ་གང་ལས་བྱུང་བ་ཤེས་པ་དང་། འབྲས་བུ་གང་ལས་འབྱུང་བ་ཤེས་པ་དང་། རྒྱུ་དང་འབྲས་བུ་མི་མཐུན་པ་ཤེས་པ་དང་། གཉིས་ཀའི་ཆ་ལ་ཉོན་མོངས་པ་མེད་པ་དང་། དུས་གསུམ་མ་འདྲེས་
པ་ཤེས་པ་དང་། ལས་དང་རྒྱུའོ། །ལྷ་ཐམས་ཅད་ཀྱི་ཞེས་བྱ་བ་ནས་བརྩམས་ཏེ། ཆེས་འོད་གསལ་ཞེས་བྱ་བ་ཡན་ཆད་ཀྱིས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་ལས་ཁྱད་ཞུགས་པ་བསྟན་ཏོ། །ལྷའི་རྣ་བ་དེས་ཞེས་བྱ་བ་ནས་བརྩམས་ཏེ། སྒྲ་དེ་དག་ཐམས་ཅད་ཀྱང་
ཐོས་སོ་ཞེས་བྱ་བ་ཡན་ཆད་ཀྱིས་སྒྲ་ཐམས་ཅད་ལ་དམིགས་པ་བསྟན་ཏོ། །སེམས་ཀྱི་དམིགས་པ་ཞེས་བྱ་བ་ནས་བརྩམས་ཏེ། ལས་འབྱུང་བ་ཐམས་ཅད་ཀྱང་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ་ཞེས་བྱ་བ་ཡན་ཆད་ཀྱིས་རྒྱུ་གང་ལས་འབྱུང་བ་ཤེས་པ་བསྟན་ཏོ། །ངག་
གི་ལས་དགེ་བའི་རྒྱུ་ཞེས་བྱ་བ་ནས་བརྩམས་ཏེ། ལུང་དུ་མི་སྟོན་པའི་རྒྱུ་ཡོངས་སུ་འཛིན་པ་དེ་དག་ཐམས་ཅད་ཀྱང་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ་ཞེས་བྱ་བ་ཡན་ཆད་ཀྱིས་འབྲས་བུ་གང་འབྱུང་བ་ཤེས་པ་བསྟན་ཏོ། །འདོད་ཆགས་བག་ལ་ཉལ་ཞེས་བྱ་བ་ནས་བརྩམས་
ཏེ། ལྷའི་རྣ་བའི་མངོན་པར་ཤེས་པའི་ཡེ་ཤེས་ཐོགས་པ་མེད་པ་དེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ཞེས་བྱ་བ་ཡན་ཆད་ཀྱིས་རྒྱུ་དང་འབྲས་བུའི་མི་མཐུན་པ་ཤེས་པ་བསྟན་ཏོ། །དེ་དག་གི་ལྷའི་རྣ་བའི་མངོན་པར་ཤེས་པའི་ཡེ་ཤེས་དེས་འཕགས་པ་ཞེས་བྱ་བ་ནས་བརྩམས་
ཏེ། འཕགས་པ་མ་ཡིན་པའི་སྒྲ་ལ་སྙིང་རྗེ་ཆེན་པོ་འཐོབ་བོ་ཞེས་བྱ་བ་ཡན་ཆད་ཀྱིས་གཉི་གའི་ཆ་ལ་ཉོན་མོངས་པ་མེད་པ་བསྟན་ཏོ། །སྒྲ་ཐམས་ཅད་ལ་ཡང་སྔོན་གྱི་མཐའ་དང་ཞེས་བྱ་བ་ལ་སོགས་པས་དུས་སུ་མ་འདྲེས་པ་ཤེས་པ་བསྟན་ཏོ། །དེ་དག་ལྷའི་རྣ་བའི་མངོན་པར་
ཤེས་པའི་ཡེ་ཤེས་དེས་ཞེས་བྱ་བ་ནས་བརྩམས་ཏེ། སེམས་ཅན་གང་དག་ཆོས་ཤེས་པར་བྱེད་པ་མ་ཡིན་པ་དེ་དག་ནི་མི་ཐོས་སོ་ཞེས་བྱ་བ་ཡན་ཆད་ཀྱིས་ལས་བསྟན་ཏོ། །དེ་དག་གི་རྣ་བའི་ཁམས་དེ་ཆོས་ཀྱི་དབྱིངས་ཞེས་བྱ་བ་ནས་བརྩམས་ཏེ། ལྷའི་སྙན་དུ་བསྔོས་པ་ཞེས་བྱ་བ་

ཡན་ཆད་ཀྱིས་རྒྱུ་བསྟན་ཏོ། །གོང་དུ་ལྷའི་མིག་གི་སྐབས་སུ་བཤད་པ་དང་དོན་མཐུན་པའི་ཚིག་རྣམས་འདིར་མ་བཤད་དོ། །སེམས་ཀྱི་དམིགས་པ་དགེ་བ་དང་མི་དགེ་བ་དང་། ལུང་དུ་མི་སྟོན་པ་གང་དག་གིས་སེམས་ཅན་དེ་དག་གི་ངག་གི་ལས་འབྱུང་བ་ཐམས་ཅད་ཀྱང་ཡང་དག་པ་
ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ་ཞེས་བྱ་བ་ནི་སེམས་ཅན་དེ་དག་གི་ཚིག་རབ་ཏུ་སྨྲ་བ་དེའི་རྒྱུ་ནི་སེམས་ཀྱི་དགེ་བ་དང་མི་དགེ་བ་དང་ལུང་དུ་མི་སྟོན་པའི་ཆོས་ལ་དམིགས་པ་ཡིན་ཏེ། དེ་དག་གི་སེམས་ཀྱི་ཆོས་གང་ལ་དམིགས་ནས་ངག་གི་ལས་ཚིག་ཏུ་སྨྲ་བ་ནི་སྒྲ་གང་བྱུང་བའི་རྒྱུ་རྣམས་
ཀྱང་རབ་ཏུ་ཤེས་སོ་ཞེས་བྱ་བའི་དོན་ཏོ། །རྒྱུ་གང་ལས་བྱུང་བ་ཤེས་པ་བཤད་ཟིན་ཏོ། །ངག་གི་ལས་གང་དགེ་བའི་རྒྱུ་ཡོངས་སུ་འཛིན་པ་ལ་སོགས་པ་ནི་སེམས་ཅན་དེ་དག་གིས་ཚིག་ཏུ་སྨྲ་བ་དེ་དག་ཐོས་ནས་ཚིག་དེ་དག་སྨྲས་པའི་རྒྱུས་འབྲས་བུ་ཅི་དང་ཅིར་འགྱུར་བ་ཕྱིན་ཅི་མ་
ལོག་པར་ཤེས་པའི་དོན་ཏོ། །འབྲས་བུ་གང་བྱུང་བ་ཡང་བཤད་ཟིན་ཏོ། །འདོད་ཆགས་བག་ལ་ཉལ་བའི་ངག་གི་ལས་གང་སྡང་བ་དང་འབྱིན་པ་དང་ཞེས་བྱ་བ་ལ་སོགས་པས་ནི་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་གསུམ་ལས་གཅིག་ནི་ཚིག་མངོན་པར་སྨྲ་བའི་རྒྱུའི་གཙོ་བོ་
ཡིན་པར་སྟོན། གཅིག་ནི་གྲོགས་ཡིན་པར་སྟོན་ཏེ། དེ་ལ་འདོད་ཆགས་བག་ལ་ཉལ་ལ་སྡང་བས་འབྱིན་པ་ནི་ཚིག་འབྱུང་བའི་གཞི་འདོད་ཆགས་ལས་བླངས་ལ། འདོད་ཆགས་དངོས་སུ་མ་བྱུང་བར་བག་ལ་ཉལ་ཏེ་ཞེ་སྡང་དངོས་སུ་བྱུང་བས་ཚིག་ཏུ་སྨྲས་པས་ཤེས་སོ་ཞེས་བྱ་བའི་
དོན་ཏོ། །དེ་བཞིན་དུ་ལྷག་མ་རྣམས་ལ་ཡང་སྦྱར་རོ། །ངག་གི་ལས་གང་བསམ་པ་དག་ལ་སྦྱོར་བ་ཉམས་པ་དང་ཞེས་བྱ་བ་ལ་སོགས་པ་ལ། བསམ་པ་མ་ནོར་ལ་ཚིག་ཏུ་སྨྲ་བའི་སྦྱོར་བ་འཁྲུལ་ཞིང་ནོར་བ་དང་། ཚིག་ཏུ་སྨྲ་བའི་སྦྱོར་བ་མ་ནོར་མ་འཁྲུལ་ལ། བསམ་པ་འཁྲུལ་
པ་ལ་སོགས་པ་ཕྱིན་ཅི་མ་ལོག་པར་ཤེས་པ་ལ་བྱའོ། །རྒྱུ་དང་འབྲས་བུ་མི་མཐུན་པར་ཤེས་པ་བཤད་ཟིན་ཏོ། །འཕགས་པའི་སྒྲ་ནི་ཉན་ཐོས་དང་རང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་། དེ་བཞིན་གཤེགས་པ་རྣམས་གསུངས་པ་དང་། ཆོས་འཆད་པའི་སྒྲའོ། །

འཕགས་པ་མ་ཡིན་པའི་སྒྲ་ནི་སོ་སོའི་སྐྱེ་བོ་རྣམས་འོང་བ་དང་འགྲོ་བ་ལ་སོགས་པ་ཐ་སྙད་སྣ་ཚོགས་ཀྱི་སྒྲ་འབྱིན་པའོ། །འཕགས་པའི་སྒྲ་ལ་བྱམས་པ་ཆེན་པོ་འཐོབ་ཅིང་ཞེས་བྱ་བ་ནི་འཕགས་པ་རྣམས་ཀྱི་སྒྲ་ཐོས་ནས་ཆོས་བཤད་པའི་སྒྲ་འདིས་སེམས་ཅན་ཐམས་ཅད་ལ་
ཕན་བཏགས་སོ་ཞེས་སྒྲ་དེ་ལ་བདག་ཉིད་བྱམས་པ་ཆེན་པོའི་སེམས་བསྐྱེད་པའོ། །འཕགས་པ་མ་ཡིན་པའི་སྒྲ་ལ་སྙིང་རྗེ་ཆེན་པོ་འཐོབ་ཅེས་བྱ་བ་ནི་སོ་སོའི་སྐྱེ་བོ་རྣམས་ཀྱི་སྨྲ་བའི་སྒྲ་ནི་འདོད་ཆགས་དང་ཞེ་སྡང་ལ་སོགས་པའི་རྒྱུ་ལས་བྱུང་བས་ན་སྡུག་བསྔལ་སྣ་ཚོགས་བསྐྱེད་པའི་
རྒྱུ་ཡིན་ནོ་ཞེས་སྙིང་རྗེ་ཆེན་པོའི་སེམས་སྐྱེའོ། །གཉི་གའི་ཆ་ལ་ཉོན་མོངས་པ་མེད་པ་བཤད་ཟིན་ཏོ། །སྒྲ་ཐམས་ཅད་ལ་ཡང་སྔོན་གྱི་མཐའ་དང་ཕྱི་མའི་མཐའ་ཞེས་བྱ་བ་ལ་སོགས་པ་ནི་འདས་པའི་སྒྲ་དང་མ་འོངས་པའི་སྒྲ་གང་ཡིན་པ་བྱེ་བྲག་ཕྱེད་པར་ཤེས་པ་ནི་སྔོན་གྱི་མཐའ་དང་
ཕྱི་མའི་བར་བྱེ་བྲག་འབྱེད་པ་ཤེས་པ་ཞེས་བྱ་སྟེ། ཤེས་པ་དེས་སྒྲ་འདི་དག་ནི་འདས་པའི་ཚིག་ཡིན་ནོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་སོ། །དེ་ལྟར་དུས་གཉིས་ཀྱི་སྒྲ་བྱེ་བྲག་ཕྱེད་པར་ཤེས་ན། ད་ལྟར་བྱུང་བའི་དུས་ཀྱི་ཚིག་ཀྱང་ཤེས་པར་མངོན་པའི་ཕྱིར་མདོ་ལས་མ་
གསུངས་ཏེ། དུས་གསུམ་འདྲེས་པ་བཤད་ཟིན་ཏོ། །དྲན་པ་ནི་ཐོས་པའི་ཆོས་རྣམས་ཀྱི་ཚིག་དང་དོན་མ་བརྗེད་པའོ། །ཤེས་བཞིན་ནི་ཆོས་དེ་རྣམས་ཀྱི་རང་དང་སྤྱིའི་མཚན་ཉིད་བྱེ་བྲག་ཕྱེད་པའོ། །དེ་གཉིས་མི་བརྗེད་པ་དང་བྱེ་བྲག་ཕྱེད་པར་བྱེད་པས་ན་དྲན་པ་དང་ཤེས་བཞིན་
གཉིས་ལ་མི་བརྗེད་པའི་ཆོས་ཉིད་ཅེས་བྱའོ། །སེམས་ཅན་རྣམས་ལ་དྲན་པར་བྱེད་ཅེས་བྱ་བ་ནི་ཐོས་པའི་ཆོས་དེ་དག་སེམས་ཅན་ལ་སྟོན་ཅིང་སེམས་ཅན་རྣམས་ཀྱང་མི་བརྗེད་པའི་ཆོས་ཉིད་ལ་འཇོག་པར་བྱེད་པའོ་ཞེས་བྱ་བའི་དོན་ཏོ། །སྙིང་པོ་དང་སྙིང་པོ་མ་ཡིན་པའི་
ཆོས་རྣམས་ཞེས་བྱ་བ་ལ་སོགས་པ་ལ། དོན་དམ་པ་བསྟན་པའི་ཆོས་རྣམས་ནི་སྙིང་པོའི་ཆོས་སོ། །ཀུན་རྫོབ་ཏུ་ཆོས་བསྟན་པ་ཐམས་ཅད་ནི་སྙིང་པོ་མ་ཡིན་པའི་ཆོས་ཏེ། སེམས་ཅན་རྣམས་མི་བརྗེད་པའི་ཆོས་ཉིད་ལ་བཀོད་པས། སྙིང་པོ་དང་སྙིང་པོ་མ་ཡིན་

པའི་ཆོས་རྣམས་ཀྱང་སེམས་ཅན་དེ་དག་གིས་རབ་ཏུ་ཤེས་སོ་ཞེས་བྱ་བར་སྦྱར་རོ། །གང་དགེ་བ་དང་མི་དགེ་བ་དང་ལུང་དུ་མ་བསྟན་པའི་སྒྲ་གང་དག་ཐོས་པ་དེ་དག་ཀྱང་དྲན་པ་དང་ཤེས་བཞིན་གྱིས་དུས་དུས་སུ་བརྗོད་དོ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་དེ་སྔོན་གཞན་ལས་དགེ་བའི་
སྒྲ་ཐོས་པ་དང་། མི་དགེ་བའི་སྒྲ་ཐོས་པ་དང་། ལུང་དུ་མ་བསྟན་པའི་སྒྲ་ཐོས་པ་རྣམས་ཀྱང་སྨྲ་བར་བྱ་བའི་སྣོད་དང་དུས་སུ་སྦྱར་ཏེ་སྒྲའོ་ཞེས་བྱ་བའི་དོན་ཏོ། །སྣོད་དང་སྦྱར་བ་ནི་གལ་ཏེ་སེམས་ཅན་དེ་དག་ཆོས་བཤད་པའི་སྣོད་ཡིན་ན་ནི་སྨྲའི། མ་ཡིན་ན་ནི་མི་སྨྲའོ། །དུས་སུ་སྦྱར་
བ་ནི་ཆོས་བཤད་པའི་དུས་ལ་བབ་ན་ནི་སྨྲའི། དུས་ལ་མ་བབ་ན་ནི་མི་སྨྲའོ། །དེ་ཉིད་ཀྱི་དོན་གལ་ཏེ་འཁོར་གྱི་དུས་ཡིན་ཡང་ཞེས་བྱ་བ་ལ་སོགས་པ་ཚིག་འོག་མ་རྣམས་ཀྱིས་གསལ་བར་བཤད་དེ། འཁོར་རྣམས་ཚོགས་སུ་ཟིན་ཀྱང་ཆོས་བཤད་པའི་དུས་དང་སྐབས་སུ་
མ་བབ་ན་ཆོས་ཐོས་པ་རྣམས་ཀྱང་མི་སྟོན་པར་འཇོག་གོ། །ཆོས་བསྟན་པའི་དུས་ལ་བབ་ན་ནི་འཁོར་མང་པོ་མ་ཚོགས་ཀྱང་གདུལ་བྱ་འགའ་ཙམ་ལ་ཡང་ཆོས་སྟོན་ཏོ་ཞེས་བྱ་བའི་དོན་ཏོ། །དབང་གཅིག་གིས་ཞེས་བྱ་བ་ནི་ཕ་རོལ་པོ་ཉན་པ་གཅིག་པུ་ཞིག་ཡོད་ཀྱང་རུང་ཞེས་བྱ་
བའི་དོན་ཏོ། །བདེན་པར་ལུང་བསྟན་པ་ཡང་གཞན་ལ་གནོད་ན་ལུང་མི་སྟོན་ཏོ་ཞེས་བྱ་བ་ལ་སོགས་པ་ལ། བྱང་ཆུབ་སེམས་དཔའ་དགེ་བ་དང་མི་དགེ་བ་ལ་སོགས་པའི་དངོས་པོའི་སྒྲའི་སྒོ་ནས་ཐོས་ཏེ་ལུང་བསྟན་དུ་ཡོད་ཀྱང་སེམས་ཅན་ལ་གནོད་ན་བདེན་ཞིང་ཐོག་ཏུ་བབ་ཀྱང་ལུང་མི་
སྟོན་ལ། སེམས་ཅན་ལ་ཕན་ན་མི་བདེན་ཞིང་ཐོག་ཏུ་མ་བབ་ཀྱང་ལུང་སྟོན་ཏེ། ཐབས་མཁས་པ་དང་། བདག་གི་སེམས་ལ་གཡོ་མེད་པའི་སྒོ་ནས་ཡོངས་སུ་དག་པའི་སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་དང་མི་འགལ་བའི་ཕྱིར་བརྫུན་དུ་སྨྲ་བར་ཡང་མི་འགྱུར་རོ། །སྒྲ་ཇི་ལྟ་བུ་
ཉན་པར་འདོད་པ་ཞེས་བྱ་བ་ལ་སོགས་པའི་ཆོས་ཉན་པའི་སེམས་ཅན་རྣམས་ཀྱང་ཆོས་གང་དང་སྒྲ་ཇི་ལྟ་བུ་ཉན་ཅིང་ཐོས་པར་འདོད་པའི་ཆོས་དེ་དང་སྒྲ་དེ་ལྟ་བུ་ཐོས་ཀྱི་སྒྲ་གང་དང་ཆོས་ཉན་པར་མི་འདོད་པའི་སྒྲ་དེ་དང་ཆོས་དེ་ནི་མི་ཐོས་སོ་ཞེས་བྱ་བའི་དོན་ཏོ། །འཁོར་གང་ན་ཆོས་སྟོན་པ་

དེའི་སེམས་ཅན་རྣམས་ཀྱི་རྣ་བའི་གནས་ཀྱི་ཤེས་པ་ཡང་ཞེས་བྱ་བ་ལ་སོགས་པ་ནི་འཁོར་ན་ཆོས་ཉན་པའི་སེམས་ཅན་རྣམས་ཀྱི་རྣ་བའི་དབང་པོས་ཆོས་ཐོས་ནས་གང་ལ་དད་ཅིང་མོས་པའམ། ཅི་དང་ཅིའི་སྣོད་དུ་འགྱུར་བ་ཤེས་ན་དེ་དག་དང་རྗེས་སུ་མཐུན་པའི་ཆོས་རྣམས་སྟོན་ཏེ། དེ་ལ་
སེམས་ཅན་གང་དག་ཆོས་ཤེས་པར་བྱེད་པ་དེ་དག་གིས་ནི་དེའི་ཆོས་ཐོས་སོ་ཞེས་བྱ་བ་ལ། སྒྲ་ཕར་སྨྲ་བ་ལ་དབང་དུ་གྱུར་པ་སྟོན་ཏོ། །བྱང་ཆུབ་སེམས་དཔའ་དེས་འཁོར་གཅིག་གི་ནང་དུ་ཆོས་བཤད་པ་ལས། འཁོར་དེ་དག་གི་ནང་ན་གང་ཆོས་དེའི་སྣོད་དུ་གྱུར་པའི་ཤེས་པར་ནུས་པ་རྣམས་ལ་ནི་ཆོས་འཆད་
པའི་སྒྲ་དེ་དག་གྲག་པར་འགྱུར་གྱི། སྣོད་མ་ཡིན་ཞིང་ཕན་པར་མི་འགྱུར་བ་ལ་ནི་སྒྲ་ཡང་གྲག་པར་མི་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། །ལས་བཤད་ཟིན་ཏོ། །དེ་དག་ནི་རྣ་བའི་ཁམས་དེ་ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་པ་ཡིན་ཞེས་བྱ་བ་ནི་ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་པ་བསྒོམས་པ་ལས་བྱུང་བས་
ན་ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་ཅེས་བྱ་བའི་དོན་ཏོ། །དེ་དག་གི་རྣ་བའི་ཁམས་དེ་ཡེ་ཤེས་རྣམ་པར་དག་པ་ཡིན་ཞེས་བྱ་བ་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་རྣམ་པར་དག་པ་ལ་དམིགས་ཤིང་བསྒོམས་པ་ལས་བྱུང་བས་ན་རྣམ་པར་མི་རྟོག་པའི་ཡེ་ཤེས་རྣམ་པར་དག་པ་བཞིན་དུ་དེའི་རྣ་བའི་ཁམས་ཀྱིས་
རང་བཞིན་ཡང་དག་པ་ཡིན་ཞེས་བྱ་བའི་ཐ་ཚིག་གོ། །དེ་དག་གི་རྣ་བའི་ཁམས་དེ་བདག་གི་ཁམས་ཤིན་ཏུ་རྣམ་པར་དག་པ་ཡིན་ཞེས་བྱ་བ་ལ་སོགས་པ་ནི་མུ་སྟེགས་ཅན་གྱིས་བརྟགས་པའི་བདག་དང་སེམས་ཅན་ལ་སོགས་པ་མིང་གིས་སྨོས་ཀྱི་ལྟ་བ་དང་བྲལ་བས་རྣམ་པར་དག་པ་ཞེས་བྱའོ། །དེ་དག་
གི་རྣ་བའི་ཁམས་དེ་སྒྲ་དང་ཡི་གེ་དང་ངེས་པའི་ཚིག་ཇི་ལྟ་བ་བཞིན་དུ་ཐོས་པ་ཤིན་ཏུ་བརྟགས་ཞེས་བྱ་བ་ནི་སྒྲ་དང་ཡི་གེ་ལ་སོགས་པ་ཕྱིན་ཅི་མ་ལོག་པར་ཐོས་པས་དེ་དག་གི་མཚན་ཉིད་ཁོང་དུ་ཆུད་པ་ལས་སྐྱེས་པ་ཡིན་ཞེས་བྱ་བའི་དོན་ཏོ། །དེ་ལ་སྒྲ་ནི་གདངས་སོ། །ཡི་གེ་ཨ་དང་ཀ་ལ་སོགས་པའོ། །ངེས་པའི་ཚིག་ནི་གཏན་
ལ་འབེབས་པའི་ཚིག་སྟེ། ཐོགས་པ་དང་བཅས་པས་ན་གཟུགས་ཞེས་བྱ་བ་ལ་སོགས་པའོ། །སྐད་ཇི་ལྟ་བ་བཞིན་དུ་འཇུག་པས་ཆོས་སྟོན་ཅེས་བྱ་བ་ནི་སོ་སོའི་སྒྲ་དང་སྐད་ལ་སོགས་པ་དང་མཐུན་པར་བྱས་ནས་ཆོས་སྟོན་ཞེས་བྱ་བའི་ཐ་ཚིག་གོ། །ཐེག་པ་གཞན་མི་ཉན་པའི་ཕྱིར་ཞེས་བྱ་བ་ནི་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པ་

མི་ཉན་ཞིང་དེར་མི་བསྔོ་ཞེས་བྱ་བའི་ཐ་ཚིག་གོ། །ལྷའི་རྣ་བ་མངོན་པར་ཤེས་པ་མི་ཟད་པ་བཤད་ཟིན་ཏོ། །སེམས་མངོན་སུམ་པ་བསྟན་པའི་ཕྱིར། དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཕ་རོལ་གྱི་སེམས་ཤེས་པའི་མངོན་པར་ཤེས་པ་མི་ཟད་པ་གང་ཞེ་ན་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །སྔོན་གྱི་མཐའི་སེམས་ཤེས་པ་དང་
ཞེས་བྱ་བ་ནི་འདས་པའི་དུས་ཀྱི་སེམས་ཅན་རྣམས་ཀྱི་སེམས་ཅི་དང་ཅི་ལྟ་བུར་གྱུར་པ་ཤེས་པའོ། །ཕྱི་མའི་མཐའི་སེམས་ཤེས་ཞེས་བྱ་བ་ནི་མ་འོངས་པའི་དུས་ཀྱི་སེམས་ཅན་རྣམས་ཀྱི་སེམས་ཅི་དང་ཅི་ལྟ་བུར་འགྱུར་བ་ཤེས་པའོ། །ད་ལྟར་བྱུང་བའི་སེམས་ཤེས་ཞེས་བྱ་བ་ནི་ད་ལྟར་
བྱུང་བའི་སེམས་ཅན་རྣམས་ཀྱི་སེམས་ཅི་དང་ཇི་ལྟ་བུར་ཤེས་པའོ། །འདས་པའི་དུས་ཀྱི་སེམས་ཤེས་པ་རྒྱས་པར་བསྟན་པའི་ཕྱིར། དེ་འདས་པའི་སེམས་ཤེས་པས་སེམས་ཅན་རྣམས་ཀྱི་སྔོན་གྱི་རྒྱུ་ལས་བྱུང་བའི་སེམས་ལ་འཇུག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ།
སེམས་ཅན་རྣམས་ཀྱི་སེམས་སྔོན་འདས་པའི་ཐམས་ཅད་ཤེས་ཏེ། སྔོན་འདས་པའི་སེམས་དེ་དག་ལས་ད་ལྟར་དང་ཕྱི་མའི་སེམས་འབྱུང་བས་སྔོན་གྱི་རྒྱུ་ལས་བྱུང་བའི་སེམས་ཞེས་བྱ་སྟེ། དེ་ཤེས་པ་ནི་སེམས་ལ་འཇུག་པའོ། །དེ་ཡང་ཇི་ལྟར་ཤེས་ཤེ་ན། དེའི་ཕྱིར་སེམས་ཅན་
དེའི་སེམས་འདི་ནི་རྒྱ་ཆེའོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སེམས་ཅན་འདིའི་སེམས་སྔོན་དགེ་བ་དང་མི་དགེ་བ་ལ་སོགས་པ་ཤས་ཆེན་པོ་སྤྱོད་སྤྱོད་པའི་རྒྱུ་འམ། འབྲིང་པོ་སྤྱོད་སྤྱོད་པ་འམ། ཆུང་ངུར་སྤྱོད་པའི་རྒྱུས་ད་འདི་ལྟར་གྱུར་ཏོ་ཞེས་སེམས་ཀྱི་རྒྱུ་རྣམས་ཤེས་པ་ལ་བྱའོ། །
སེམས་ཅན་འདིའི་དབང་པོ་རྣམས་ནི་སྦྱིན་པའི་རྣམ་པའི་རྒྱུ་དང་ལྡན་ཞེས་བྱ་བ་ལ་སེམས་ཅན་རྣམས་ཀྱི་དད་པ་ལ་སོགས་པའི་དབང་པོ་རྣམས་སྔོན་སྦྱིན་པ་སྤྱོད་སྤྱོད་པའི་རྒྱུ་དང་ལྡན་ཏེ། སྦྱིན་པའི་རང་བཞིན་ནི་ཤས་ཆེའོ་ཞེས་བྱ་བའི་དོན་ཏོ། །རྣམ་པ་ནི་དེའི་རང་བཞིན་ནམ། དེའི་ཤས་
ཆེ་བ་ལ་བྱ་སྟེ། དེ་བཞིན་དུ་ཚུལ་ཁྲིམས་ལ་སོགས་པ་འོག་མ་རྣམས་ལ་ཡང་སྦྱར་རོ། །སེམས་ཅན་འདི་ནི་རྒྱུའི་སྟོབས་ཅན་ཏེ་དགེ་བའི་རྩ་བའི་རྒྱུའི་རྒྱུན་འདི་དག་ལྡན་ན་སེམས་ཅན་དེ་སྦྱོར་བའི་རྒྱུས་རིགས་དམའ་བར་སྐྱེས་སོ་ཞེས་བྱ་བ་ནི་སྔོན་གྱི་སེམས་ཀྱི་རྒྱུ་རྣམ་པ་སྣ་ཚོགས་པ་

ཤེས་པ་སྟོན་ཏེ། སྔོན་གྱི་དགེ་བའི་རྒྱུ་མཐུན་པ་ཆེན་པོ་སྤྱད་པས་དགེ་བའི་རྩ་བའི་རྒྱུའི་རྒྱུན་དེ་དག་དང་ལྡན་པར་ཡང་ཤེས། སེམས་ཅན་དེ་ཉིད་ལུས་དང་ངག་གི་སྒོ་ནས་རིགས་ཆུང་ངུར་སྐྱེ་བའི་རྒྱུ་ལས་ངན་པ་སྤྱད་པའི་རྒྱུས་རིགས་ཆུང་ངུར་སྐྱེས་པ་ཡང་ཤེས་སོ་ཞེས་བྱ་བའི་
དོན་ཏོ། །མ་འོངས་པའི་སེམས་ཅན་གཞན་གྱི་སེམས་ཤེས་པ་བསྟན་པའི་ཕྱིར། དེ་ལ་ཕྱི་མའི་ཕ་རོལ་གྱི་སེམས་ཤེས་པ་གང་ཞེ་ན་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །སེམས་ཅན་འདི་དག་ད་ལྟར་གྱི་སྦྱིན་པའི་རྒྱུ་ནི་མ་འོངས་པའི་དུས་ན་འདིའི་ཚུལ་ཁྲིམས་གྱི་རྒྱུར་འགྱུར་རོ་ཞེས་བྱ་བ་
ལ་སོགས་པས་རྒྱུ་དང་འབྲས་བུ་མ་གྲགས་ཤིང་མི་མཐུན་པ་རྣམས་ལས་ཀྱང་རྒྱུ་དང་འབྲས་བུར་འགྱུར་བ་ཤེས་པ་བསྟན་ཏེ། ཡོད་ནི་སྦྱིན་པའི་རྒྱུས་མ་འོངས་པའི་དུས་ན་ཡང་སྦྱིན་པ་དང་ལྡན་པར་འགྱུར་བའི་རིགས་ལས་སྦྱིན་པའི་ཚེ་ཡང་མི་འཇིགས་པའི་སྦྱིན་པ་ལ་སོགས་པ་ཚུལ་ཁྲིམས་
ཀྱི་རང་བཞིན་ཡོད་པས་ཚུལ་ཁྲིམས་ཀྱི་རྒྱུར་འགྱུར་བ་ཤེས་པ་ལ་བྱའོ། །རྣམ་པ་གང་དག་འབྱུང་བ་ཞེས་བྱ་བ་ནི་རྒྱུ་དང་རྐྱེན་དེ་དག་ལས་འབྲས་བུ་གང་འབྱུང་བར་འགྱུར་ཞེས་བྱ་བའི་དོན་ཏོ། །དེའི་སེམས་ལ་འཇུག་པ་ཤེས་པ་དང་། ཆོས་ཀྱི་སྣོད་དུ་གྱུར་པ་ཇི་སྙེད་པ་དེ་སྙེད་དུ་ཆོས་སྟོན་ཏོ་ཞེས་བྱ་བ་ནི་
ཕ་རོལ་གྱི་སེམས་ཤེས་པར་བྱ་ཞིང་ཆོས་ཀྱི་སྣོད་ལ་ཆོས་བསྟན་པར་བྱ་བ་ཇི་སྙེད་པ་སེམས་ཤེས་པའི་མངོན་པར་ཤེས་ལ་ཡང་དེ་སྙེད་དེ། དེ་དག་ཤེས་ནས་ཆོས་བསྟན་པའང་དེ་སྙེད་དོ་ཞེས་བྱ་བའི་དོན་ཏོ། །མདོར་ན་ཤེས་པར་བྱ་བའི་ཡུལ་ཟད་མི་ཤེས་པས་ཕ་རོལ་གྱི་སེམས་ཤེས་པ་དེ་ཡང་
ཟད་མི་ཤེས་སོ་ཞེས་བྱ་བར་བསྟན་ཏོ། །དེའི་འབྲས་བུ་ཡོད་པར་ཆོས་སྟོན་པ་ཞེས་བྱ་བ་ནི་སེམས་ཅན་གང་འདུལ་བར་བྱ་བའི་ཕྱིར་ཆོས་བསྟན་པའི་སེམས་ཅན་དེ་དག་ཀྱང་ཆོས་བསྟན་པ་དེས་ཐུལ་བར་གྱུར་ཏེ། དོན་མེད་པར་མི་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །ད་ལྟར་གྱི་དུས་ཀྱི་སེམས་ཅན་གྱི་
སེམས་ཤེས་པ་བསྟན་པའི་ཕྱིར། དེ་ལ་ད་ལྟར་བྱུང་བའི་ཕ་རོལ་གྱི་སེམས་ཤེས་པ་གང་ཞེ་ན་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །འདོད་ཆགས་དང་བཅས་པའི་སེམས་ཀྱང་ཞེས་བྱ་བ་ལ་སོགས་པ་ལ། སེམས་ཅན་འདིའི་སེམས་ནི་འདོད་ཆགས་དང་བཅས་པ་ཡིན། སེམས་ཅན་

འདིའི་སེམས་ནི་འདོད་ཆགས་དང་བྲལ་བ་ཡིན་ཞེས་ཤེས་པའོ། །ཉོན་མོངས་པ་དང་བཅས་པ་དང་། ཉོན་མོངས་པ་དང་བྲལ་བ་ཞེས་བྱ་བ་ནི་སྤྱིར་ཉོན་མོངས་པ་དང་བཅས་པ་དང་། ཉོན་མོངས་པ་དང་བྲལ་བར་ཤེས་པའོ། །བསྡུས་པ་དང་རྣམ་པར་གཡེངས་པ་ཞེས་བྱ་བ་ནི་ཏིང་ངེ་འཛིན་ལ་རྩེ་གཅིག་
ཏུ་བསྡུས་པ་དང་། རྩེ་གཅིག་ཏུ་མ་བསྡུས་པས་ཏེ་གཡེངས་པ་ཤེས་པའོ། །བྱིང་བ་དང་རབ་ཏུ་འཛིན་པ་ཞེས་བྱ་བ་ནི་གཉིད་དང་རྨུགས་པ་ལ་སོགས་པས་སེམས་ནོན་པ་དང་མ་ནོན་པ་ཤེས་པའོ། །རྣམ་པར་ཞི་བ་དང་རྣམ་པར་མ་ཞི་བ་ནི་ཏིང་ངེ་འཛིན་མ་ཐོབ་པ་དང་ཐོབ་པའོ། །ཆུང་ངུ་དང་ཡངས་པ་
དང་ཆེན་པོར་གྱུར་པ་དང་། ཚད་མེད་པའི་སེམས་ཞེས་བྱ་བ་ལ་ཆུང་ངུ་ནི་འདོད་པའི་ཁམས་ཀྱི་སེམས་ཅན་གྱི་སེམས་ལ་བྱ་སྟེ། བསམ་གཏན་ལ་སོགས་པ་བསམ་པ་རྒྱ་ཆེན་པོ་མེད་ཅིང་དམིགས་པ་ཆུང་པའི་ཕྱིར་རོ། །ཡངས་པ་དང་རྒྱ་ཆེན་པོ་ནི་གཟུགས་ཡོད་པ་རྣམས་ཀྱི་སེམས་ཅན་རྣམས་
ཀྱི་སེམས་ལས་བྱ་སྟེ། དེ་དག་གི་བསམ་པ་རྒྱ་ཆེ་ཞིང་བསམ་གཏན་དང་པོ་ལ་སོགས་པ་དམིགས་པ་ཆེན་པོ་དང་ལྡན་པའི་ཕྱིར་རོ། །ཚད་མེད་པ་ནི་གཟུགས་མེད་པའི་ཁམས་ཀྱི་སེམས་ལ་བྱ་སྟེ། ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལ་སོགས་པའི་སྙོམས་པར་འཇུག་པ་ཚད་མེད་པ་རྣམས་ལ་
འཇུག་པའི་ཕྱིར་རོ། །རང་གི་སེམས་སྒྲིབ་པ་འམ་གཞན་གྱི་སེམས་བསྒྲིབ་པར་མི་འགྱུར་རོ་ཞེས་བྱ་བ་ནི་བདག་གི་སེམས་ལ་རབ་རིབ་དང་ཐོགས་པ་མེད་པས་བསྒྲིབ་པར་མི་འགྱུར་བ་དང་། གཞན་གྱིས་སེམས་ཤེས་པར་བྱ་བ་ཉིད་ཀྱང་གསལ་བར་ཤེས་སོ་ཞེས་བྱ་བའི་དོན་ཏོ། །དེ་ཅིའི་ཕྱིར་ཞེ་
ན་ཞེས་བྱ་བ་ནི་ཅིའི་ཕྱིར་བསྒྲིབ་པར་མི་འགྱུར་ཞེ་ན་ཞེས་བྱ་བའི་ཐ་ཚིག་གོ། །དེའི་སེམས་ཀྱི་རྒྱུན་ནི་ཡེ་ཤེས་ཀྱིས་རིག་ཅེས་བྱ་བ་ལ་སོགས་པ་ལ། བྱང་ཆུབ་སེམས་དཔའི་ཕ་རོལ་གྱི་སེམས་ཤེས་པའི་སེམས་ཀྱི་རྒྱུན་དེ་ཡེ་ཤེས་དང་ལྡན་པ་འམ། ཡེ་ཤེས་ཀྱིས་བསྟངས་པ་འམ། ཡེ་ཤེས་
རང་བཞིན་དུ་གྱུར་པས་ཕ་རོལ་གྱི་སེམས་རིག་པའི་ཕྱིར་བསྒྲིབ་པར་མི་འགྱུར་རོ་ཞེས་གོང་དུ་སྨོས་པ་དང་སྦྱར་རོ། །དེ་བཞིན་དུ་དྲན་པ་ལ་སོགས་པ་འོག་མ་རྣམས་དང་ཡང་སྦྱར་བར་བྱ་སྟེ། དྲན་པ་ལ་སོགས་པ་ནི་གོང་དུ་བཤད་པ་བཞིན་དུ་བལྟའོ། །དྲི་མ་མེད་པ་ནི་གློ་བུར་གྱི་དྲི་མ་དང་མ་འདྲེས་

པའི་ཕྱིར་རོ། །འོད་གསལ་བ་ནི་རང་བཞིན་གྱིས་དག་པའི་རང་བཞིན་ཡིན་པའི་ཕྱིར་རོ། །ཁ་ན་མ་ཐོ་བ་མེད་པ་ནི་སྡིག་པའི་ཆོས་དང་མ་འདྲེས་པས་སོ། །མི་བརླང་པ་ནི་ཞེ་སྡང་སྤངས་པའོ། །ཉོན་མོངས་པ་མེད་པ་ནི་ཉོན་མོངས་པར་འགྱུར་བའི་ཆོས་གང་གིས་ཀྱང་ཉོན་
མོངས་པར་མི་ནུས་པའི་ཕྱིར་རོ། །རྙོག་པ་མེད་པ་ནི་སྒྲིབ་པར་འགྱུར་བའི་ཆོས་ཐམས་ཅད་སྤངས་པའི་ཕྱིར་རོ། །ཆོས་ཐམས་ཅད་སྣང་བས་རིག་པ་ནི་ཤེས་པར་བྱ་བའི་དངོས་པོ་ཐམས་ཅད་མངོན་སུམ་དུ་རྟོག་པའི་ཕྱིར་རོ། །སེམས་ཀྱི་སྤྱོད་པ་ལ་ཞུགས་ཞེས་བྱ་བ་ནི་སེམས་ཅན་འདོད་
ཆགས་སྤྱོད་པ་ལ་སོགས་པའི་སྤྱོད་པ་མང་པོ་ཁོང་དུ་ཆུད་ཅེས་བྱ་བའི་དོན་ཏོ། །སེམས་ཀྱི་རྒྱུན་གཅིག་ཏུ་རིག་ཅེས་བྱ་བ་ནི་དུས་གསུམ་གྱི་སེམས་ཅན་རྣམས་ཀྱི་རྒྱུན་ཇི་ལྟ་བུ་ཡིན་ཇི་འདྲ་བ་རྟོགས་ཞེས་བྱ་བའི་ཐ་ཚིག་གོ། །ཕ་རོལ་གྱི་སེམས་ཤེས་པའི་མངོན་པར་ཤེས་པ་མི་ཟད་པ་བཤད་
ཟིན་ཏོ།། །།བསམ་པ་མངོན་སུམ་པ་བསྟན་པའི་ཕྱིར། དེ་ལ་བྱང་ཆུབ་སེམས་དཔའི་སྔོན་གྱི་གནས་རྗེས་སུ་དྲན་པའི་ཤེས་པ་མངོན་སུམ་དུ་བྱེད་པའི་མངོན་པར་ཤེས་པ་གང་ཞེ་ན་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་མི་ཟད་པ་ཡང་སྔོན་གྱི་དུས་འདི་ཚུན་ཆད་དྲན་ནོ་ཞེས་དྲན་པའི་
མཐའ་ཐུག་པ་མེད་པ་ནི་མི་ཟད་པའམ། ཡང་ན་བདག་གི་སྔོན་གནས་དྲན་པ་འབའ་ཞིག་མ་ཡིན་གྱི། སེམས་ཅན་ཐམས་ཅད་ཀྱི་སྔོན་གྱི་གནས་ཀྱང་དྲན་པས་སེམས་ཅན་མི་ཟད་པའི་ཕྱིར་དེ་དག་གི་སྔོན་གྱི་གནས་དྲན་པ་ཡང་མི་ཟད་པའོ། །རྣམ་པ་གཅིག་ཏུ་ན་དྲན་པ་དེ་ནི་ཆོས་ཀྱི་དབྱིངས་
ཀྱི་གནས་ཀྱིས་བྱིན་གྱིས་བརླབས་པའོ་ཞེས་བྱ་བས་ཀྱང་མི་ཟད་པ་བསྟན་ཏེ། ཆོས་ཀྱི་དབྱིངས་རྣམ་པར་དག་པ་ནི་མཚན་མ་དང་དངོས་པོ་ཐམས་ཅད་ལས་འདས་པས་མི་ཟད་པ་ཡིན་ཏེ། དེས་བྱིན་གྱིས་བརླབས་པ་ཡང་དེ་དང་མཐུན་པའམ། དེའི་རང་བཞིན་རྟོག་པས་དེ་ལྟ་བུའི་དྲན་པ་
ཡང་མཐའ་མེད་པའི་ཕྱིར་མི་ཟད་པའོ། །དེ་ཡང་རྣམ་པ་བཞིར་རིག་པར་བྱ་སྟེ། གང་གིས་དྲན་པ་དང་། གང་དྲན་པ་དང་། ཇི་ལྟར་དྲན་པ་དང་། དྲན་ནས་དོན་ཆེན་པོར་འགྱུར་པའོ། །དེ་དྲན་པ་དེས་སྔོན་གྱི་གནས་རྗེས་སུ་དྲན་ཏེ་ཞེས་བྱ་བ་ནས་བརྩམས་ཏེ། ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་

ཀྱིས་ཚོགས་བསགས་པའོ་ཞེས་བྱ་བ་ཡན་ཆད་ཀྱིས་གང་གིས་དྲན་པ་བསྟན་ཏོ། །དེ་དྲན་པ་དེས་སྔོན་གྱི་གནས་རྗེས་སུ་དྲན་ཏེ་ཞེས་བྱ་བ་ནས་བརྩམས་ཏེ། བསྐལ་པ་བརྒྱ་སྟོང་ཕྲག་དུ་མ་ཡང་དྲན་ཞེས་བྱ་བ་ཡན་ཆད་ཀྱིས་གང་དྲན་པ་བསྟན་ཏོ། །སེམས་ཅན་མིང་ཆེ་གེ་མོ་ཞེས་བྱ་བ་ནས་བརྩམས་
ཏེ། དེས་བདག་དང་སེམས་ཅན་གཞན་གྱི་སྔོན་གྱི་མཐའ་ནས་བཟུང་སྟེ། སྔོན་གྱི་གནས་རྗེས་སུ་དྲན་ཞེས་བྱ་བ་ཡན་ཆད་ཀྱི་ཇི་ལྟར་དྲན་པ་བསྟན་ཏོ། །དེ་དག་གི་དགེ་བའི་རྩ་བ་ཞེས་བྱ་བ་ནས་བརྩམས་ཏེ། ཐམས་ཅད་མཁྱེན་པའི་ཕྱིར་བསྔོ་སྟེ་ཞེས་བྱ་བ་ཡན་ཆད་ཀྱིས་དོན་ཆེན་པོར་འགྱུར་བ་བསྟན་
ཏོ། །དེ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་དེ་ཞེས་བྱ་བའི་ཐ་ཚིག་གོ། །དེས་ཞེས་པ་ནི་སྔོན་གྱི་གནས་རྗེས་སུ་དྲན་པ་དེས་ཞེས་བྱ་བའི་དོན་ཏོ། དྲན་པ་དེ་ནི་ཆོས་ཀྱི་དབྱིངས་ཀྱི་གནས་ཀྱིས་བྱིན་གྱིས་བརླབ་པའོ་ཞེས་བྱ་བ་ལ་གཟུང་བ་དང་འཛིན་པ་ཐམས་ཅད་ལས་འདས་པའི་ཆོས་ཀྱི་དབྱིངས་
ཉིད་སངས་རྒྱས་ཀྱི་ཆོས་ཐམས་ཅད་སྐྱེ་བའི་རྒྱུ་ཡིན་པས་ཆོས་ཀྱི་དབྱིངས་ཀྱི་གནས་ཏེ། དྲན་པ་དེའི་ཆོས་ཀྱི་གནས་དེའི་རྒྱུ་ལས་སྐྱེས་པ་འམ། ཆོས་ཀྱི་དབྱིངས་དང་རང་བཞིན་མཐུན་པའི་ཕྱིར་བྱིན་གྱིས་བརླབས་པ་ཞེས་བྱའོ། །རབ་ཏུ་རིག་པས་ན། མི་གཡོ་བའོ་ཞེས་བྱ་བ་ནི་དྲན་པ་དེས་
ཆོས་ཐམས་ཅད་ཕྱིན་ཅི་མ་ལོག་པ་ཤིན་ཏུ་རྟོག་པ་ན་འཁྲུལ་པ་འམ་འགྱུར་བ་མེད་ཅེས་བྱ་བའི་དོན་ཏོ། །ཡེ་ཤེས་ཤིན་ཏུ་སྦྱང་བ་བྱས་པས་ན་མི་རྒོད་པའོ་ཞེས་བྱ་བ་ནི་ཤེས་ཤིང་དྲན་པར་བྱས་པའི་དངོས་པོ་ལ་རབ་ཏུ་བྱང་བར་གྱུར་པས་ན་འཕྱར་བ་དང་རྒོད་པ་མེད་ཅེས་བྱ་བའི་ཐ་ཚིག་གོ། །ཞི་
གནས་ལ་རབ་ཏུ་གནས་པས་གཙེ་བ་མེད་ཅེས་བྱ་བ་ནི་ཏིང་ངེ་འཛིན་སེམས་རྩེ་གཅིག་པའི་མཚན་ཉིད་ལ་ལེགས་པར་འདུག་པས་ཏིང་ངེ་འཛིན་དང་མི་མཐུན་པའི་ཕྱོགས་ཕྱིན་ཅི་ལོག་ཏུ་རྟོག་ཅིང་དཔྱོད་པ་ལ་སོགས་པའི་སྐྱོན་མེད་ཅེས་བྱ་བའི་དོན་ཏོ། །ལྷག་མཐོང་གིས་ཤིན་ཏུ་ཟིན་པས་ན། ནོར་བ་
མེད་ཅེས་བྱ་བ་ལ། ལྷག་མཐོང་ནི་ཤེས་རབ་ལ་བྱ་སྟེ། དྲན་པར་བྱ་བའི་དངོས་པོ་རྣམས་ཤེས་རབ་ཀྱིས་མ་ནོར་བར་ཟིན་ཅིང་རྟོག་པས་ན་མ་འཁྲུལ་བའོ། །དྲན་ཞིང་མི་བརྗེད་པའི་ཆོས་ཅན་པས་ན་ཞེས་བྱ་བ་ལ་སྔོན་ཐོས་པའི་ཆོས་དང་དོན་རྣམས་མ་བརྗེད་པ་ནི་དྲན་པའོ། །ཕྱིས་བརྗེད་པར་མི་

འགྱུར་བ་ནི་མི་བརྗེད་པ་སྟེ། དེ་ལྟ་བུའི་ཆོས་དང་ལྡན་པས་སྔོན་གྱི་གནས་དྲན་པའི་མངོན་པར་ཤེས་པ་དེ་དྲན་པར་བྱའོ། །ཐེག་པ་ཆེན་པོ་རབ་ཏུ་ཤེས་པའི་ཕྱིར་ཞེས་བྱ་བ་ནི་དྲན་པ་དེས་ཐེག་པ་ཆེན་པོའི་ཆོས་ཁོང་དུ་ཆུད་པའི་ཕྱིར་ཁོང་དུ་ཆུད་པའི་རྒྱུ་ལས་བྱུང་བའི་བསོད་ནམས་
ཀྱི་ཚོགས་དང་ལྡན་ཞེས་བྱ་བའི་དོན་ཏོ། །གཞན་ལ་རག་མ་ལུས་པས་ན་ཡེ་ཤེས་ཀྱི་ཚོགས་བསགས་པའོ་ཞེས་བྱ་བ་ནི་བསམ་གཏན་འཁོར་གསུམ་ཡོངས་སུ་དག་པ་གཞན་གྱི་དྲིང་ལ་མི་འཇོག་པས་ཡེ་ཤེས་ཀྱི་ཚོགས་བསགས་པའོ། །ཐམས་ཅད་ཀྱི་ཕ་རོལ་ཏུ་འགྲོ་བའི་ཕྱིར་ཞེས་བྱ་བ་
ལ་ཕ་རོལ་ཅེས་བྱ་བ་ནི་མཐར་ཕྱིན་པའམ་མཆོག་ཏུ་ཕྱིན་པ་ལ་བྱ་སྟེ། ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ཀྱི་མཆོག་གམ་མཐར་ཕྱིན་པའི་ཕྱིར་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ཀྱི་ཚོགས་བསགས་པའོ། །ཚེ་རབས་གཅིག་ཀྱང་དྲན་ནོ་ཞེས་བྱ་བ་ནི་སྐྱེ་བ་གཅིག་ཀྱང་དྲན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །གཞན་
ནི་གོ་སླ་བསམ་བཤད་དེ། གང་དྲན་པ་ཡང་བཤད་ཟིན་ཏོ། །བདག་གི་མིང་ནི་འདི་ཞེས་བྱ་བ་ལ་སོགས་པ་ལ། ཚེ་རབས་གང་དུ་སྐྱེས་པའི་ཚེ་རེ་རེའི་མིང་ཡང་དྲན་པ་སྟེ། དཔེར་ན་ཚེ་འདིའི་ཚེ་ན་ནི་མང་ཡང་འདི་ཞེས་བྱ་ཚེ་འདིའི་ཚེ་ན་ནི་མིང་འདི་ཞེས་བྱ་བ་དྲན་པའོ། །རིགས་འདི་ཞེས་བྱ་བ་ནི་
ཚེ་རབས་དེ་དག་ཏུ་སྐྱེས་པས་ན་བདག་རིགས་བཞི་ལས་གང་དང་གང་དུ་སྐྱེས་པ་དྲན་པའོ། །རུས་ཞེས་བྱ་བ་ནི་རིགས་བཞི་ལས་ཀྱང་མཐོན་དམན་དུ་ཕྱེ་བ་ཤེས་པས་ཏེ། ཚེ་རབས་དེ་དག་ན་བདག་གི་ཕའི་རུས་ནི་འདི་ཞེས་བྱ། མའི་རུས་ནི་འདི་ཞེས་བྱ་ཞེས་བྱ་བ་ལ་སོགས་པའོ། །ཁ་དོག་
ནི་འདི་འདྲ་ཞེས་བྱ་བ་ནི་ཁ་དོག་ཡིད་དུ་འོང་བ་དང་། ཡིད་དུ་མི་འོང་བ་དང་། མཛེས་པ་དང་མི་མཛེས་པ་ཅི་འདྲ་བར་གྱུར་པ་དང་དྲན་པའོ། །ཁ་ཟས་འདི་ལྟ་བུ་ཞིག་ཟ་ཟ་ཞེས་བྱ་བ་ནི་སྟོན་པ་དྲན་པ་སྟེ། ཚེ་རབས་དེ་དང་དེ་དག་ཏུ་ཁ་ཟས་ཅི་དང་ཇི་ལྟ་བུ་ཟོས་པ་དྲན་པའོ། །ཚེའི་ཚད་ནི་འདི་ཙམ་
ཞིག་ཐུབ་ཅེས་བྱ་བ་ནི་ཚེའི་འདུ་བྱེད་དྲན་པ་སྟེ། ཚེ་རབས་དེ་དག་ཏུ་ཚེའི་ཚད་ཇི་སྲིད་གནས་གནས་པ་ལས། ཚེ་ཟད་དེ་ནི་ལན་དུ་ཤི། ཡེ་འདྲོག་གིས་ནི་ལན་དུ་བསད་པ་དྲན་པའོ། །བདེ་བ་དང་སྡུག་བསྔལ་མྱོང་བ་ཞེས་བྱ་བས་ནི་དར་བ་དང་རྒུད་པ་དྲན་པ་བསྟན་ཏེ། ཚེ་རབས་དེ་དང་དེ་

དག་ཏུ་དར་ཅིང་བདེ་བ་ལན་མང་དུ་མྱོང་བ་དང་། རྒུད་ཅིང་སྡུག་བསྔལ་བ་ལན་མང་དུ་མྱོང་བ་སོ་སོར་དྲན་པའོ། །ཇི་ལྟར་བདག་གིས་དྲན་པ་དེ་བཞིན་དུ་སེམས་ཅན་གཞན་གྱིས་ཡང་དྲན་པར་སྦྱར་རོ། །རྣམ་པ་དང་བཅས་ཞེས་བྱ་བ་ལ་རྣམ་པ་ནི་ཚེ་རབས་གཅིག་ནས་བསྐལ་པ་བྱེ་བ་ཁྲག་ཁྲིག་
མང་པོ་དྲན་པའོ། །རྒྱུ་མཚན་ནི་དུས་དང་རུས་ལ་སོགས་པ་གང་ཡིན་པ་དྲན་པའོ། །ཡུལ་ཕྱོགས་ནི་བདག་དེ་ནས་ཤི་འཕོས་ནས་ཆེ་གེ་མོ་ཞིག་ཏུ་སྐྱེས་ཞེས་དྲན་པའོ། །ཇི་ལྟར་དྲན་པ་བཤད་ཟིན་ཏོ། །སྔོན་གྱི་རྒྱུ་ལས་བྱུང་བ་དྲན་ཞེས་བྱ་བ་ནི་དགེ་བའི་རྩ་བ་སྔོན་ཅི་དང་ཅི་བསགས་པ་དྲན་
པའོ། །བྱང་ཆུབ་ཏུ་ཡོངས་སུ་སྔོ་བར་བྱེད་དོ་ཞེས་བྱ་བ་ནི་དགེ་བའི་རྩ་བའི་རྒྱུ་ཡོད་པར་དྲན་ཞིང་ཤེས་ནས། དགེ་བའི་རྩ་བ་དེ་དག་བྱང་ཆུབ་ཏུ་སྔོ་བར་བྱེད་པའོ། །སྔོན་གྱི་འདུ་བྱེད་ཀྱི་སྡུག་བསྔལ་ཞེས་བྱ་བ་ནི་བདག་སྔོན་འགྱུར་བའི་སྡུག་བསྔལ་གྱིས་སྡུག་བསྔལ་བར་འགྱུར་བའམ། འདུ་
བྱེད་ཀྱིས་སྡུག་བསྔལ་བར་གྱུར་པ་དེ་དག་དྲན་ནས་ཞེས་བྱ་བའི་ཐ་ཚིག་གོ། །སྟོན་པར་བྱེད་དོ་ཞེས་བྱ་བ་ནི་འདུ་བྱེད་རྣམས་མི་རྟག་པ་ལ་སོགས་པར་བལྟའོ་ཞེས་བྱ་བའི་དོན་ཏོ། །གཟུགས་ཀྱིས་དྲེགས་པ་མེད་པ་ཡིན་ཞེས་བྱ་བ་ནི་དེ་ལྟར་མི་རྟག་པར་ཤེས་པས་བདག་ནི་གཟུགས་བཟང་པོ་མཛེས་པའོ་
སྙམ་པའི་རློམ་སེམས་མེད་པ་སྟེ། མཛེས་པ་དེ་ཡང་དེ་མ་ཐག་ཏུ་མེད་པར་འགྱུར་བར་ཁོང་དུ་ཆུད་པའི་ཕྱིར་ཏེ། ཁ་དོག་གིས་དྲེགས་པ་མེད་པ་ལ་སོགས་པ་ལ་ཡང་ཅི་རིགས་པར་སྦྱར་རོ། །སྐྱེ་བ་ཐམས་ཅད་འདོད་པ་མ་ཡིན་ཞེས་བྱ་བ་ནི་སྐྱེ་བའི་གནས་ཐམས་ཅད་དུ་སྐྱེ་བར་འདོད་པར་མི་སྐྱེ་ཞེས་བྱ་
བའི་དོན་ཏོ། །བསམས་བཞིན་དུ་སྲིད་པར་སྐྱེ་བ་འཛིན་ཞེས་བྱ་བ་ནི་སེམས་ཅན་གྱི་དོན་དུ་ཤེས་བཞིན་དུ་ཁམས་གསུམ་དུ་སྐྱེ་བར་བྱེད་པའོ། །སྔོན་གྱི་ཀུན་ནས་ཉོན་མོངས་པའི་སྤྱོད་པས་ངོ་ཚ་ཞིང་འཇམ་སྟེ་ཞེས་བྱ་བ་ནི་ཆོས་ཐམས་ཅད་མི་རྟག་པའི་མཚན་ཉིད་དུ་ཤེས་པས། དེ་ལྟ་བུ་དག་གི་
ཕྱིར་སྔོན་སྡིག་པ་བྱས་པ་ནི་མི་རིགས་པ་བྱས་སོ་ཞེས་ངོ་ཚ་ཞིང་འཛེམ་པ་སྐྱེ་བའོ། །རྒྱས་པར་བྱེད་དོ་ཞེས་བྱ་བ་ནི་དགེ་བའི་རྩ་བ་བསགས་པ་བྱང་ཆུབ་ཏུ་བསྔོས་ནས་འཕེལ་ཞིང་རྒྱ་ཆེན་པོར་བྱེད་པའོ། །དེས་མི་མཐུན་པའི་ཕྱོགས་ཡོངས་སུ་བསྔོ་བ་སྤངས་ཏེ་ཞེས་བྱ་བ་ནི་དགེ་བའི་རྩ་བ་ཅི་

བསགས་པ་དང་། ཉན་ཐོས་སམ་རང་སངས་རྒྱས་སམ་ལྷ་འམ་མིར་སྐྱེ་བར་མི་བསྔོའི། དཀོན་མཆོག་གསུམ་གྱི་རིགས་རྒྱུན་མི་ཆད་པ་དང་། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐོབ་པར་བྱ་བའི་ཕྱིར་བསྔོའོ། །འདིའི་དོན་ཆེན་པོར་འགྱུར་རོ། །སྔོན་གྱི་གནས་
རྗེས་སུ་དྲན་པ་ཤེས་པ་མངོན་དུ་བྱེད་པའི་མངོན་པར་ཤེས་པ་མི་ཟད་པ་བཤད་ཟིན་ཏོ།། །།མཉམ་པ་ཉིད་མངོན་སུམ་པ་བསྟན་པའི་ཕྱིར། དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྫུ་འཕྲུལ་བྱ་བ་ཤེས་པ་ཞེས་བྱ་བ་ལ་སོགས་པ་གསུངས་སྟེ། དེ་མི་ཟད་པ་ཡང་རྫུ་འཕྲུལ།
མངོན་པར་ཤེས་པ་དེ་ཡིད་ཆེས་ཤིང་སྨིན་པར་བྱ་བའི་སེམས་ཅན་མི་ཟད་པས་ན་སྨིན་པར་བྱེད་པའི་སེམས་ཅན་དེ་ཡང་མི་ཟད་པའོ། །དེ་ཡང་རྣམ་པ་དྲུག་ཏུ་རིག་པར་བྱ་སྟེ། རྒྱུ་རྣམ་པར་དག་པས་བྱུང་བ་དང་། རྣམ་པ་སྣ་ཚོགས་སུ་སྟོན་པ་དང་། དབང་དུ་བྱ་བ་དང་། ཐམས་ཅད་
གཟུགས་སུ་འཛུད་པ་དང་། གཞན་དུ་བྱ་བ་དང་། གཞན་གྱི་རྫུ་འཕྲུལ་ཟིལ་གྱིས་གནོན་པའོ། །དེ་ལ་གང་འདུན་པ་དང་བརྩོན་འགྲུས་ཞེས་བྱ་བ་ནས་བརྩམས་ཏེ། ཆོ་འཕྲུལ་རྣམ་པ་དུ་མ་མྱོང་བ་ཞེས་བྱ་བ་ཡན་ཆད་ཀྱིས་རྒྱུ་རྣམ་པར་དག་པ་ལས་བྱུང་བ་བསྟན་ཏོ། །དེའི་རྫུ་འཕྲུལ་
གྱི་ཆོ་འཕྲུལ་དེ་དག་ནི་ཞེས་བྱ་བ་ནས་བརྩམས་ཏེ། གཟུགས་དང་ཁ་དོག་ཏུ་སྣང་བ་དེ་དང་དེ་ཉིད་སྟོན་ཏེ། མོས་པ་ཇི་ལྟ་བ་བཞིན་དུ་སེམས་ཅན་རྣམས་ལ་ཆོས་སྟོན་ཏོ་ཞེས་བྱ་བ་ཡན་ཆད་ཀྱིས་སྣ་ཚོགས་སུ་སྟོན་པ་བསྟན་ཏོ། །དེའི་སྟོབས་གང་དང་གང་གིས་ཞེས་བྱ་བ་ནས་བརྩམས་ཏེ། དྲེགས་
པ་འདུལ་བའི་ཕྱིར་ཆོས་སྟོན་ཏོ་ཞེས་བྱ་བ་ཡན་ཆད་ཀྱིས་དབང་དུ་བྱ་བ་བསྟན་ཏོ། །དེ་རྫུ་འཕྲུལ་གྱི་རྐང་པ་དེ་དག་གིས་ཞེས་བྱ་བ་ནས་བརྩམས་ཏེ། རྒྱ་མཚོ་ཆེན་པོ་ཉིད་དུ་འདུག་གོ་ཞེས་བྱ་བ་ཡན་ཆད་ཀྱིས་ཐམས་ཅད་གཟུགས་སུ་འཛུད་པ་བསྟན་ཏོ། །གལ་ཏེ་སྲེག་པའི་བསྐལ་པ་ཞེས་བྱ་བ་
ནས་བརྩམས་ཏེ། གང་དང་གང་བྱིན་གྱི་རླབས་ཀྱིས་བྱིན་གྱིས་བརླབས་པ་དེ་དག་གི་དེ་ཁོ་ན་བཞིན་དུ་འདུག་གོ་ཞེས་བྱ་བ་ཡན་ཆད་ཀྱིས་གཞན་དུ་བྱ་བ་བསྟན་ཏོ། །དེའི་བྱིན་གྱི་རླབས་དེ་ནི་སངས་རྒྱས་བཅོམ་ལྡན་འདས་ཞེས་བྱ་བ་ནས་བརྩམས་ཏེ། བདུད་ཀྱི་རིགས་ཀྱི་ལྷ་རྣམས་ཀྱིས་མི་

འཕྲོགས་པ་སྟེ་ཞེས་བྱ་བ་ཡན་ཆད་ཀྱིས་རྫུ་འཕྲུལ་ཟིལ་གྱིས་གནོན་པ་བསྟན་ཏོ། །གང་འདུན་པ་དང་། བརྩོན་འགྲུས་དང་། སེམས་དང་དཔྱོད་པས་ཟིན་པའི་ཆོས་རྣམས་བསྒྲུབ་པ་དང་ཞེས་བྱ་བ་ལ། འདུན་པ་ལ་སོགས་པ་བཞི་པོ་མིང་གིས་སྨོས་པ་འདི་དག་ནི་རྫུ་འཕྲུལ་གྱི་རྐང་པ་ཞེས་བྱ་སྟེ། རྫུ་
འཕྲུལ་བ་སྐྱེད་པའི་རྒྱུའོ། །རྫུ་འཕྲུལ་ནི་འོག་ནས་འབྱུང་བའི་གཟུགས་དང་། སྟོབས་དང་བྱིན་གྱི་རླབས་ལ་སོགས་པ་ལྟ་བུར་སྤྲུལ་ཅིང་འབྱོར་པ་ནུས་པ་ལ་བྱའོ། །དེ་སྤྲུལ་ཅིང་འབྱོར་པ་ནུས་པའི་རྒྱུ་འམ་གཞི་འམ། དེ་ལྟ་བུའི་གནས་སུ་ཕྱིན་པར་བྱེད་པ་ནི་འདུན་པ་ལ་སོགས་པའི་ཏིང་ངེ་འཛིན་བཞི་
པོ་འདི་རྣམས་ཡིན་པས་འདུན་པ་ལ་སོགས་པ་བཞི་པོ་འདི་རྣམས་ལ་རྫུ་འཕྲུལ་གྱི་རྐང་པ་ཞེས་བྱའོ། །དེ་ཅིའི་ཕྱིར་ཞེ་ན། འདུན་པས་ནི་ཐོག་མ་ཉིད་དུ་རྫུ་འཕྲུལ་ལ་མངོན་དུ་ཕྱོགས་པའམ་དད་པར་བྱེད། བརྩོན་འགྲུས་ནི་དེ་སྒྲུབ་པར་བྱེད། །སེམས་ཀྱིས་ནི་བསྒྲུབ་པ་རྣམས་ཆུད་མ་ཟོས་
པར་བཟུང་བའི་ཆོས་གཏན་ལ་ཕབ་ནས་རྟོག་པར་བྱེད་དེ། དེ་ལྟ་བུ་ལ་རྫུ་འཕྲུལ་འབྱུང་བའི་ཕྱིར་དེ་རྣམས་ནི་རྫུ་འཕྲུལ་གྱི་རྐང་པའོ། །རབ་ཏུ་ཟིན་པའི་ཆོས་རྣམས་ཞེས་བྱ་བ་ལ། འདུན་པ་དང་བརྩོན་འགྲུས་དང་། སེམས་དང་དཔྱོད་པ་རྣམས་ཀྱིས་བསྒྲུབ་པའམ། དེ་དག་
ལྡན་པའི་གཟུགས་དང་བྱིན་གྱི་རླབས་འོག་ནས་འབྱུང་བ་རྣམས་སྒྲུབ་ཅེས་བྱ་བའི་དོན་ཏོ། །སྒྲུབ་པ་ནི་མ་ཐོབ་པ་ལས་ཐོབ་པར་བྱེད་པའོ། །ལས་སུ་རུང་བ་ནི་ཐོབ་པ་ནས་སྤྱོད་ནུས་པའོ། །དབང་བྱེད་པ་ནི་སྤྱོད་ནུས་པ་ལས་ཀྱང་རབ་ཏུ་བྱང་ནས་ཅིར་དགར་བསྒྱུར་ནུས་པའོ། །དེས་
རྫུ་འཕྲུལ་གྱི་རྐང་པ་བཞི་པོ་འདི་དག་ཤིན་ཏུ་བསྒོམ་པའི་ཕྱིར། མངོན་པར་འདུ་བྱེད་པ་མེད་པའི་རྫུ་འཕྲུལ་མངོན་དུ་ཐོབ་པར་འགྱུར་ཏེ་ཞེས་བྱ་བ་ནི་འདུན་པ་ལ་སོགས་པ་རྫུ་འཕྲུལ་གྱི་རྐང་པ་གོང་དུ་སྨོས་པ་བཞི་པོ་རབ་ཏུ་བསྒོམས་ཏེ་བྱང་བར་གྱུར་པའི་མཐུས་གཟུགས་དང་སྟོབས་དང་།
བྱིན་གྱི་རླབས་ཀྱིས་རྫུ་འཕྲུལ་འོག་ནས་འབྱུང་བ་རྣམས་གསལ་ཞིང་འབད་མི་དགོས་པར་ལན་གྱིས་གྲུབ་པ་ཉིད་དུ་ཐོབ་པོ་ཞེས་བྱ་བའི་དོན་ཏོ། །དེ་རྫུ་འཕྲུལ་གྱི་ཆོ་འཕྲུལ་རྣམ་པ་དུ་མ་མྱོང་བ་ཞེས་བྱ་བ་ནི་དེ་ལྟར་ལྷུན་གྱིས་གྲུབ་པ་ལས། རྫུ་འཕྲུལ་མངོན་པར་ཤེས་པ་དང་ལྡན་པའི་བྱང་ཆུབ་སེམས་

དཔའ་དེ་རྫུ་འཕྲུལ་རྣམ་པ་མང་པོ་སྤྱོད་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །གཟུགས་སོ་ཞེས་བྱ་བ་ནི་གཟུགས་བཟང་ངན་གང་གིས་འདུལ་བའི་གཟུགས་དེ་སྟོན་པའོ། །སྟོབས་ནི་ལུས་ཀྱི་མཐུ་དང་རྩལ་ལོ། །བྱིན་གྱིས་བརླབས་པ་ཆུར་སྒྱུར་བ་དང་། ཆུ་མེར་སྒྱུར་
བ་ལ་སོགས་པའོ། །མོས་པ་ཇི་ལྟ་བ་བཞིན་དུ་ཆོས་སྟོན་ཏོ་ཞེས་བྱ་བ་ནི་རྫུ་འཕྲུལ་གྱི་ཆོ་འཕྲུལ་གྱིས་བཏུལ་ནས་ཆོས་གང་ལ་དད་པའི་ཆོས་དེ་སྟོན་པའོ། །སྟོབས་དེ་དང་དེ་ཉིད་སྟོན་ཞེས་བྱ་བ་ནི་སེམས་ཅན་དེ་དག་པས་སྟོབས་ཆེ་བའི་སེམས་ཅན་དེ་དང་དེ་དག་གི་སྟོབས་ཉེ་བར་སྟོན་
པའོ། །དེ་བཞིན་དུ་ཐ་མ་དང་འབྲིང་དང་རབ་ཅེས་བྱ་བ་ལ་ཐ་མ་རབ་ཏུ་གྱུར་ཅིག་ཅེས་བྱིན་གྱིས་བརླབས་ན་དེ་དེ་བཞིན་དུ་འགྱུར་བ་ལ་སོགས་པ་ཅི་རིགས་པར་སྦྱར་རོ། །འཇིག་རྟེན་དུ་ཆོས་དང་མཐུན་པས་སུས་ཀྱང་ཞེས་བྱ་བ་ནི་འཇིག་རྟེན་ན་བདག་དང་འདྲ་བར་གྱུར་པ་ཞེས་བྱ་བའི་ཐ་
ཚིག་གོ། །བྱིན་གྱི་རླབས་ནི་རྫུ་འཕྲུལ་གྱི་བྱིན་གྱི་རླབས་སོ། །ཡེ་ཤེས་ཀྱི་སྟོབས་སྐྱེད་ཅེས་བྱ་བ་ནི་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་མཐུ་བསྐྱེད་པས་སོ། །བརྗོད་པ་སྣ་ཚོགས་དང་དགའ་བ་ཞེས་བྱ་བ་ནི་སེམས་ཅན་བཤད་པ་སྣ་ཚོགས་ལ་དགའ་བའོ། །རྫུ་འཕྲུལ་གྱི་རྐང་པ་དེ་དག་ཀྱང་
མངོན་པར་འཕགས་སོ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའི་རྫུ་འཕྲུལ་གྱི་རྐང་པ་དེ་འཇིག་རྟེན་པ་དང་དྲང་སྲོང་ལ་སོགས་པའི་རྫུ་འཕྲུལ་གྱི་རྐང་པ་དང་། འཇིག་རྟེན་ལས་འདས་པ་ཉན་ཐོས་ལ་སོགས་པ་ལས་ཀྱང་ཁྱད་ཞུགས་པའི་ཕྱིར་རོ། །བདུད་དང་ཉོན་མོངས་པ་ཐམས་ཅད་ཀྱི་ཡུལ་ལས་
འདས་པ་ཞེས་བྱ་བ་ནི་བདུད་དང་ཉོན་མོངས་པ་ཐམས་ཅད་དེས་སྤངས་ལ་བདུད་དང་ཉོན་མོངས་པ་དང་ལྡན་པ་རྣམས་ཀྱིས་ཐོབ་པར་མི་ནུས་པའི་ཕྱིར་རོ། །སངས་རྒྱས་ཀྱི་ཡུལ་ལ་འཇུག་པ་ཞེས་བྱ་བ་ནི་རྫུ་འཕྲུལ་དེས་ཆོས་ཀྱི་དབྱིངས་རྟོགས་པར་བྱེད་པའི་ཕྱིར་རོ། །སེམས་ཅན་ལ་མི་གནོད་
ཅེས་བྱ་བ་ནི་རྫུ་འཕྲུལ་དེས་སེམས་ཅན་རྣམས་ལ་ཕན་འདོགས་པར་བྱེད་པའི་ཕྱིར་རོ། །དགེ་བའི་རྩ་བ་དང་ཚོགས་ཐམས་ཅད་བསྩགས་པ་ཞེས་བྱ་བ་ནི་རྫུ་འཕྲུལ་བརྩམས་པ་ཐམས་ཅད་ཀྱང་དགེ་བའི་རྩ་བ་དཔག་ཏུ་མེད་པ་ལ་སོགས་པའི་རྒྱུར་འགྱུར་བས་སོ། །འདོད་པའི་ཁམས་ཀྱི་

དབང་ཕྱུག་ཆེན་པོ་ཐོབ་པའི་ལྷའི་བུ་ནི་བདུད་དོ། །བདུད་དེའི་འཁོར་དང་གཡོག་ཏུ་གཏོགས་པའི་ལྷ་རྣམས་ནི་བདུད་ཀྱི་རིགས་ཀྱི་ལྷའོ། །མི་འཕྲོགས་པ་ནི་དེ་དག་གིས་བྱང་ཆུབ་སེམས་དཔའི་རྫུ་འཕྲུལ་མེད་པར་བྱ་ཞིང་ཟིལ་གྱིས་གནོན་པར་མི་ནུས་པའོ། །འདི་ནི་རྫུ་འཕྲུལ་བྱ་བ་མངོན་པར་ཤེས་
པ་ལྔ་མི་ཟད་པ་བཤད་ཟིན་ཏོ།། །།འབྱུང་བ་མངོན་སུམ་དུ་གྱུར་པ་ནི་ཟག་པ་ཟད་པ་མངོན་སུམ་དུ་བྱས་པ་སྟེ། སློབ་དཔོན་ཐོགས་མེད་ཀྱིས་མངོན་སུམ་དུ་གྱུར་པ་དྲུག་ཡོད་པའི་ཕྱིར་བསྡུས་པའི་དོན་གྱི་ནང་དུ་སྨོས་མོད་ཀྱིས། དེ་བཞིན་གཤེགས་པ་བཞིན་དུ་བྱང་ཆུབ་སེམས་དཔའ་
རྣམས་ཀྱིས་ཟག་པ་ཟད་པ་མངོན་སུམ་དུ་མ་བྱས་པས་ན་མདོ་ལས་ནི་མ་གསུངས་སོ། །ཡོངས་སུ་སྨིན་པར་བྱེད་པའི་བྱང་ཆུབ་སེམས་དཔའ་བསྟན་པའི་ཕྱིར། བཙུན་པ་ཤ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་རྣམས་བསྡུ་བའི་དངོས་པོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ།
བསྡུ་བའི་དངོས་པོ་ནི་དགའ་བའི་དངོས་པོ་འམ། ཕན་པར་བྱེད་པའི་དངོས་པོ་ཞེས་བྱ་བའི་དོན་ཏོ། །དེ་མི་ཟད་པ་ཡང་དེས་བསྡུ་བར་བྱ་བའི་སེམས་ཅན་མི་ཟད་པས་སྡུད་པར་བྱེད་པའི་དངོས་པོ་ཡང་མི་ཟད་པའོ། འདིར་ཡང་བསྟན་པ་དང་། བཤད་པའི་ཚུལ་དུ་རིག་
པར་བྱ་སྟེ། བཞི་གང་ཞེ་ན། འདི་ལྟ་སྟེ་སྦྱིན་པ་དང་ཞེས་བྱ་བ་ལ་སོགས་པས་ནི་བསྟན་པའི་ཚུལ་བཤད་དོ། །ལྷག་མ་རྣམས་ཀྱིས་ནི་བཤད་པའི་ཚུལ་བཤད་དོ། །ཡོངས་སུ་སྨིན་པའི་བྱང་ཆུབ་སེམས་དཔའ་ཡང་རྣམ་པ་བཞི་སྟེ། རྗེས་སུ་ཕན་འདོགས་པ་དང་། ཕན་འདོགས་
པར་བྱེད་པ་དང་། འཇུག་པ་དང་། རྗེས་སུ་འཇུག་པར་བྱེད་པའོ། །བསྡུ་བའི་དངོས་པོ་བཞིས་ནི་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པས། དེ་དག་ཉིད་ཀྱིས་སའི་དོན་ཡོངས་སུ་སྨིན་པར་བྱེད་པའི་མཐུ་བསྟན་ཏོ། །རྗེས་སུ་ཕན་འདོགས་པ་བསྟན་པའི་ཕྱིར། དེ་ལ་སྦྱིན་པ་ནི་ཟང་
ཟིང་སྦྱིན་པ་དང་ཆོས་སྦྱིན་པ་ཞེས་བྱ་བ་གསུངས་ཏེ། ནོར་དང་། འབྲུ་ལ་སོགས་པ་སྦྱིན་པ་ནི་ཟང་ཟིང་སྦྱིན་པའོ། །ཟང་ཟིང་མེད་པའི་བསམ་པས་གསུང་རབ་ཡན་ལག་བཅུ་གཉིས་ཐོས་པ་གཞན་ལ་སྟོན་པ་ནི་ཆོས་ཀྱི་སྦྱིན་པ་སྟེ། དེ་གཉིས་སྦྱིན་པ་ལ་སྦྱིན་པ་ཞེས་བྱའོ། །ཕན་འདོགས་

པར་བྱེད་པ་བསྟན་པའི་ཕྱིར། དེ་ལ་སྙན་པར་སྨྲ་བ་ནི་གང་སློང་བ་དང་ཆོས་ཉན་པ་རྣམས་ཚིག་འཇམ་ཞིང་སྙན་པར་སྨྲ་བའོ་ཞེས་གསུངས་ཏེ། འདིར་ཡང་ཟང་ཟིང་སློང་བ་རྣམས་ལ་ཚིག་འཇམ་ཞིང་སྙན་པར་སྨྲ་བ་དང་ཆོས་ཉན་པ་རྣམས་ལ་ཚིག་འཇམ་ཞིང་སྙན་པར་
སྨྲ་བའོ། །དེ་ལ་ཚིག་འཇམ་པ་ནི་མིག་བཟློག་པ་དང་། གཉེར་མ་བསྡུས་པ་ལ་སོགས་པ་མེད་པར་བྱ་སྟེ། བདེ་བར་འོངས་པ་དང་འདིར་འོངས་པ་ལ་ལེགས་སོ་ཞེས་བྱ་བ་ལ་སོགས་པ་སྨྲ་བའོ། །སྙན་པར་སྨྲ་བ་ནི་ཕྱིས་འོངས་ནའང་དེ་བཞིན་དུ་སྦྱིན་པར་བྱའོ་ཞེས་སྨྲ་བའོ། །ཡང་ན་
སློང་བ་དང་ཆོས་ཉན་པའི་སྐྱོན་མི་གླེང་བ་ནི་ཚིག་འཇམ་པའོ། །དེ་དག་གི་ཡོན་ཏན་བརྗོད་པ་ནི་སྙན་པར་སྨྲ་བ་སྟེ། འདི་ནི་སྙན་པར་སྨྲ་བ་ཞེས་བྱའོ། །འཇུག་པ་བསྟན་པའི་ཕྱིར་དེ་ལ་དོན་སྤྱོད་པ་ནི་གང་བདག་དང་གཞན་གྱི་དོན་བསམས་པ་བཞིན་དུ་ཡོངས་སུ་རྫོགས་པར་བྱེད་པའོ་
ཞེས་བྱ་བ་གསུངས་ཏེ། གང་བདག་གི་དོན་བསམས་པ་བཞིན་རྫོགས་པར་བྱེད་པ་དང་། གཞན་གྱི་དོན་བསམས་པ་བཞིན་དུ་རྫོགས་པར་བྱེད་པ་ནི་དོན་སྤྱོད་པའོ། །དེ་ལ་བསམས་པ་བཞིན་དུ་རྫོགས་པར་བྱེད་པ་ནི་བདག་ཉིད་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་བྱ་བའི་ཕྱིར་ཟང་ཟིང་དང་ཆོས་གཏོང་བར་
འདོད་པ་ལས། ཇི་ལྟར་འདོད་པ་བཞིན་དུ་ཟང་ཟིང་སློང་ཞིང་ཆོས་ཉན་པ་དང་ཕྲད་ནས་དེ་དག་ལས་ཟང་ཟིང་བཏང་ཞིང་ཆོས་བཤད་པའོ། །དེ་ལ་སེམས་ཅན་ཡང་ཚེ་འདིར་ལོངས་སྤྱོད་འདོད་པ་དང་། ཚེ་རབས་གཞན་དུ་རྣམ་པར་གྲོལ་བ་འདོད་པ་རྣམ་པ་གཉིས་ཏེ། སློང་བ་རྣམས་ལ་ཡང་ཟང་ཟིང་བཏང་
ནས་ཇི་ལྟར་བསམས་པ་བཞིན་དུ་བསམ་པ་རྫོགས་པར་བྱེད་པའོ། །ཚེ་རབས་གཞན་དུ་རྣམ་པར་ཐར་པ་འདོད་པ་ལ་ཡང་འཕགས་པའི་ལམ་ཡན་ལག་བརྒྱད་པ་ལ་སོགས་པའི་ཆོས་བསྟན་ནས་ཇི་ལྟར་བསམས་པ་བཞིན་དུ་བསམ་པ་རྫོགས་པར་བྱེད་པའོ། །རྗེས་སུ་འཇུག་པར་བྱེད་པ་བསྟན་པའི་ཕྱིར།
དེ་ལ་དོན་མཐུན་པ་ནི་གང་ཐེག་པ་གང་ལ་བདག་ཡོན་ཏན་དུ་འདུ་ཤེས་པའི་ཐེག་པ་དེ་ཉིད་ལ་ཆོས་དང་ཟང་ཟིང་ལེན་པ་རྣམས་རབ་ཏུ་འགོད་པའོ་ཞེས་བྱ་བ་སྨོས་ཏེ། གང་ཞེས་བྱ་བའི་སྒྲ་ནི་བྱང་ཆུབ་སེམས་དཔའ་དང་སྦྱར་ཏེ། བྱང་ཆུབ་སེམས་དཔའ་གང་ཞེས་བྱ་བའི་དོན་ཏོ། །ཐེག་པ་གང་

ལ་ཞེས་བྱ་བ་ནི་ས་དང་ཕ་རོལ་ཏུ་ཕྱིན་པའི་མཚན་ཉིད་ཐེག་པ་ཆེན་པོ་གང་ལ་ཞེས་བྱ་བའི་ཐ་ཚིག་གོ། །བདག་ནི་བྱང་ཆུབ་སེམས་དཔའ་ཉིད་དོ། །ཡོན་ཏན་དུ་འདུ་ཤེས་པ་ནི་ཐེག་པ་དེ་ལ་མཆོག་དང་གཙོ་བོར་བལྟ་བའོ། །ཐེག་པ་དེ་ཉིད་ལ་ཞེས་བྱ་བ་ནི་ཐེག་པ་གང་ལ་ཡོན་ཏན་དང་གཙོ་བོར་
བལྟས་པའི་ཐེག་པ་དེ་ཉིད་ལའོ། །རབ་ཏུ་དགོད་པ་ནི་བདག་ཞུགས་པ་བཞིན་དུ་གཞན་ཡང་འཛུད་པ་སྟེ། ཐེག་པ་གཅིག་གི་དོན་ལ་བདག་དང་གཞན་གཉིས་ཀར་གནས་པར་བྱེད་པ་འདི་ནི་དོན་མཐུན་པའོ། །བསྡུ་བའི་དངོས་པོ་བཞི་རྣམ་གྲངས་གཞན་དུ་བསྟན་པའི་ཕྱིར། གཞན་
ཡང་སྦྱིན་པ་ནི་གང་སློང་པ་རྣམས་ལ་ཡིད་མགུ་བར་སྦྱིན་པ་ཞེས་གསུངས་ཏེ། གོང་མ་བཞིན་དུ་འདི་མན་ཆད་བསྡུ་བའི་དངོས་པོ་འབྱུང་བ་རྣམས་ལ་ཡང་བསྡུས་པའི་དོན་རེ་རེ་དང་སྦྱར་བའོ། །སློང་བ་རྣམ་པ་གང་ཇི་སྙེད་ཅིག་ཇི་ལྟར་འདོད་པ་བཞིན་སྦྱིན་པ་ནི་སློང་བ་རྣམས་ལ་ཡིད་མགུ་བར་
སྦྱིན་པ་སྟེ། གང་སྦྱིན་པ་ནི་དངོས་པོ་གང་འདོད་པ་དེ་སྦྱིན་པའོ། །ཇི་སྙེད་སྦྱིན་པ་ནི་ཕྱི་དང་ནང་གི་དངོས་པོ་ཇི་སྙེད་འདོད་པ་དེ་དག་ཀུན་སྦྱིན་པའོ། །ཇི་ལྟར་སྦྱིན་པ་ནི་རིམ་གྲོ་དང་བཀུར་སྟི་བྱས་ནས་སྦྱིན་པའོ། །སྙན་པར་སྨྲ་བ་ནི་སློང་བ་རྣམས་ལ་མི་སྨོད་པའོ་ཞེས་བྱ་བ་ལ། ཟང་ཟིང་
སློང་བ་པོ་རྣམས་ལ་རིགས་ངན་འདི། དབུལ་པོ་འདི་ཞེས་བྱ་བ་ལ་སོགས་པ་སེམས་གདུང་བར་འགྱུར་བའི་ཚིག་མི་སྨྲ་བ་ནི་སྙན་པར་སྨྲ་བའོ། །དེ་ལ་དོན་སྤྱོད་པ་ནི་གང་སློང་བ་རྣམས་ཀྱི་དོན་ཡོངས་སུ་རྫོགས་པར་བྱེད་པའོ་ཞེས་བྱ་བ་ལ། སློང་བ་རྣམས་ཚེ་འདིར་ཡང་དབུལ་བ་མེད་པར་
བྱ་སྟེ། ལོངས་སྤྱོད་ཀྱི་འབྱོར་པ་དང་ལྡན་པར་བྱས་ནས། མི་དགེ་བ་ལ་མི་འཛུད་ཅིང་དགེ་བ་ལ་འཇོག་པ་ནི་དོན་སྤྱོད་པ་ཞེས་བྱའོ། །དེ་ལ་དོན་མཐུན་པ་ནི་གང་ཐེག་པ་དེ་ཉིད་ལ་ཡང་དག་པར་འཛུད་པའོ་ཞེས་བྱ་བ་ལ། གང་ནི་སློང་བ་པོའི་གང་ཟག་གམ་བྱང་ཆུབ་སེམས་དཔའ་གང་ངོ་། །
ཐེག་པ་དེ་ཉིད་ལ་ཡང་དག་པར་འཛུད་ཅེས་བྱ་བ་ནི་གང་ཟག་དེ་ཐེག་པ་གང་ལ་དད་པའི་ཐེག་པ་དེ་ཉིད་ལ་གང་ཟག་དེ་འཛུད་པའམ། བྱང་ཆུབ་སེམས་དཔའི་ཐེག་པ་གང་ལ་གནས་པའི་ཐེག་པ་དེ་ཉིད་ལ་སློང་བ་པོའི་གང་ཟག་དེ་འཇུད་པ་སྟེ། འདི་ནི་དོན་མཐུན་པ་ཞེས་བྱའོ། །རྣམ་གྲངས་

གཞན་བསྟན་པར་བཞེད་ནས། གཞན་ཡང་སྦྱིན་པ་ནི་བསམ་པ་ཐག་པ་ནས་སྟོང་པའོ་ཞེས་བྱ་བ་གསུངས་ཏེ། བཟའ་བ་དང་བགོ་བ་ལ་སོགས་པའི་ཟང་ཟིང་རྣམས་ལ་ཅུང་ཟད་ཀྱང་ཆགས་པའི་སེམས་མེད་པར་སྟོང་པ་ནི་སྦྱིན་པའོ། །སྙན་པར་སྨྲ་བ་ནི་གང་སྦྱོར་བ་
ལ་ཡོངས་སུ་ཆད་པ་མེད་པའོ་ཞེས་བྱ་བ་ལ། སློང་བ་པོ་རྣམས་ལ་ཕྱིས་ཀྱང་སྦྱིན་པར་བྱ་ཡིས་རྒྱུན་དུ་ཤོག་ཅིག་ཅེས་སྨྲས་ནས་སྦྱིན་པ་གཏོང་བའི་ལས་རྒྱུན་མི་འཆད་པར་བྱེད་པ་ནི་སྙན་པར་སྨྲ་བའོ། །དོན་སྤྱོད་པ་ནི་གང་ལྷག་པའི་བསམ་པས་སྦྱིན་ཏེ་འགྱོད་པ་མེད་པའོ་ཞེས་བྱ་བ་ལ་རྒྱུན་དུ་
དངོས་པོས་བཏང་བར་སེམས་པའི་བསམ་པས་བྱིན་ནས་བྱིན་པ་ཉེས་སོ་སྙམ་དུ་འགྱོད་པ་མེད་པ་ནི་དོན་སྤྱོད་པའོ། །དོན་མཐུན་པ་ནི་གང་ཐེག་པ་ཆེན་པོ་ལ་བསྔོའོ་ཞེས་བྱ་བ་ལ། སློང་བ་པོ་རྣམས་ཟང་ཟིང་གིས་བསྡུས་ནས་ཐེག་པ་ཆེན་པོ་ལ་འཇུག་པ་ནི་དོན་མཐུན་པའོ། །རྣམ་གྲངས་
གཞན་ཡང་བསྟན་པའི་ཕྱིར། གཞན་ཡང་སྦྱིན་པ་ནི་གང་བྱམས་པའི་རྗེས་སུ་འབྲང་བའི་སེམས་ཀྱིས་ཡོངས་སུ་གཏོང་བའོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སེམས་ཅན་བདེ་བ་ལ་དགོད་དོ་སྙམ་པའི་བྱམས་པ་དང་ལྡན་པའི་སེམས་ཀྱིས་བྲེལ་བ་དང་། ཕོངས་པ་ལ་ཕྱི་དང་ནང་གི་
དངོས་པོ་གཏོང་བ་ནི་སྦྱིན་པའོ། །སྙན་པར་སྨྲ་བ་ནི་གང་དགའ་བ་དང་མཆོག་ཏུ་དགའ་བར་གྱུར་པའི་སེམས་མི་གཏོང་བའོ་ཞེས་བྱ་བ་ལ། དེ་ལྟར་བྲེལ་བ་དང་ཕོངས་པ་རྣམས་ལ་ཕྱི་དང་ནང་གི་དངོས་པོ་བཏང་ཏེ། དེ་དག་ལོངས་སྤྱོད་ཀྱི་འབྱོར་པ་དང་ལྡན་པར་མཐོང་ནས་དགའ་བ་དང་
མཆོག་ཏུ་དགའ་བའི་སེམས་རྒྱུན་དུ་འབྱུང་བ་ནི་སྙན་པར་སྨྲ་བའོ། །དེ་ལ་ལོངས་སྤྱོད་དང་ལྡན་པ་མཐོང་ནས་སེམས་མོས་པར་སྐྱེ་བ་ནི་དགའ་བའོ། །བྲེལ་བ་དང་ཕོངས་པའི་གང་ཟག་རྣམས་བྲེལ་བ་དང་ཕོངས་པ་མེད་པར་བྱས་ཏེ། ལོངས་སྤྱོད་ལ་བཀོད་པའི་དགའ་བ་བས་བྱང་ཆུབ་
སེམས་དཔའ་བདག་གི་ལོངས་སྤྱོད་ཡོངས་སུ་བཏང་ནས་གཞན་ལོངས་སྤྱོད་དང་ལྡན་པར་མཐོང་བའི་དགའ་བ་དེ་བས་ཀྱང་ཤས་ཆེ་བའི་མཆོག་ཏུ་ཆེར་དགའ་བ་ཞེས་བྱའོ། །དོན་སྤྱོད་པ་ནི་གང་སྙིང་རྗེ་ཆེན་པོ་ཡོངས་སུ་དག་པའི་སེམས་བསྐྱེད་པས་ཞེས་བྱ་བ་ལ། གང་ལ་ཡང་བྱམས་པ་དང་

ཞེ་སྡང་མེད་པར་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་བསལ་ལོ་སྙམ་པའི་སྙིང་རྗེ་ཆེན་པོ་ཡོངས་སུ་དག་པའི་སེམས་བསྐྱེད་པས་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་སེལ་ཅིང་དེ་དག་གི་ཚེ་འདི་དང་གཞན་གྱི་ལས་སུ་བྱ་བ་ལ་འབད་ཅིང་བརྩོན་པ་ནི་དོན་སྤྱོད་པའོ། །དོན་མཐུན་པ་ནི་གང་བཏང་སྙོམས་དང་
ལྡན་པའི་སེམས་མཐོན་དམན་མེད་ཅིང་ཞེས་བྱ་བ་ལ། སེམས་ཅན་འདི་ལ་ནི་ཕན་བཏགས། འདི་ལ་ནི་ཕན་མི་གདགས་སོ་ཞེས་བྱ་བ་ནི་མཐོན་དམན་གྱི་སེམས་ཏེ། དེ་ལྟ་བུ་མེད་པར་བཏང་སྙོམས་དང་ལྡན་པའི་སེམས་ཀྱིས་སེམས་ཅན་ཐམས་ཅད་ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་དགོད་དོ་
སྙམ་དུ་སེམས་པ་ནི་དོན་མཐུན་པའོ། །རྣམ་གྲངས་གཞན་ཡང་བསྟན་པར་བཞེད་ནས། གཞན་ཡང་སྦྱིན་པ་ནི་གང་ཆོས་སྦྱིན་པ་བརྩལ་བ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །བབ་ཅོལ་དང་ཆོས་བཞིན་མ་ཡིན་པ་སྤངས་ཏེ། དགེ་བ་བཅུ་དང་མི་འགལ་བར་བརྩལ་བའི་ལོངས་སྤྱོད་
དེ། ལོངས་སྤྱོད་དེ་རྣམས་གཞན་ལ་གཏོང་བ་ནི་སྦྱིན་པའོ། །སྙན་པར་སྨྲ་བ་ནི་གང་དག་ལ་སྦྱིན་པ་སྦྱིན་པ་དེ་དག་ཆོས་ལ་རབ་ཏུ་འཛུད་པའོ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་སེམས་ཅན་གང་ལ་སྦྱིན་པ་སྦྱིན་པའི་སེམས་ཅན་དེ་དང་དེ་དགེ་བ་བཅུ་དང་། ཕ་རོལ་ཏུ་ཕྱིན་པ་དྲུག་ལ་
སོགས་པ་ལ་སྤྱོད་ཅིག་ཅེས་སྨྲས་ནས་ཆོས་དེ་དག་བྱེད་དུ་བཙུད་པ་ནི་སྙན་པར་སྨྲ་བའོ། །དོན་སྤྱོད་པ་ནི་གང་བདག་གི་དོན་དང་གཞན་གྱི་དོན་ཡོངས་སུ་རྫོགས་པར་བྱེད་པའོ་ཞེས་བྱ་བ་ནི་བདག་དང་གཞན་གྱི་དོན་མཐར་ཕྱིན་པའི་དོན་ལ་དགོད་པ་ནི་དོན་སྤྱོད་པའོ། །དེ་ལ་བདག་དང་
གཞན་གྱི་དོན་ཀྱང་སྤངས་པ་དང་ཡེ་ཤེས་ཀྱིས་བསྡུས་པར་རིག་པར་བྱའོ། །དེ་ལ་སྤངས་པ་ནི་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་སྤངས་པའོ། །ཡེ་ཤེས་ནི་ཤེས་བྱ་ཐམས་ཅད་ལ་གཉིས་སུ་མེད་པར་ཁོང་དུ་ཆུད་པའི་མཚན་ཉིད་དོ། །དོན་མཐུན་པ་ནི་གང་སེམས་ཅན་ཐམས་ཅད་ཀྱི་
དོན་གྱི་ཕྱིར་ཞེས་བྱ་བ་ལ་སེམས་ཅན་ཐམས་ཅད་བླ་ན་མེད་པའི་བྱང་ཆུབ་ཏུ་གཞག་པའི་ཕྱིར་བདག་ཉིད་བླ་ན་མེད་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་ནི་དོན་མཐུན་པའོ། །རྣམ་གྲངས་གཞན་ཡང་བསྟན་པར་བཞེད་ནས། གཞན་ཡང་སྦྱིན་པ་ནི་གང་ནང་དང་ཕྱིའི་དངོས་པོ་རྣམས་ཡོངས་སུ་གཏོང་

བ་ཞེས་བྱ་བ་གསུངས་ཏེ། ནང་དང་ཕྱིའི་དངོས་པོ་གཏོང་བ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་སྐབས་སུ་ནང་གི་དངོས་པོ་བརྒྱད་དང་། ཕྱིའི་དངོས་པོ་ཉི་ཤུ་རྩ་ལྔ་གཏོང་བར་བཤད་པའོ། །སྙན་པར་སྨྲ་བ་ནི་གང་ཆོས་ཐམས་ཅད་ཀྱི་ཡོན་ཏན་ཤེས་པ་ཞེས་བྱ་བ་ལ། བཤད་པར་བྱ་བ་དང་། བསྒྲུབ་པར་
བྱ་བ་དང་། ཐོབ་པར་བྱ་བའི་ཆོས་རྣམས་ཀྱི་ཡོན་ཏན་ཤེས་པའི་གང་ཟག་ལ་སློབ་དཔོན་གྱི་དཔེ་མཁྱུད་མེད་པ་ཆོས་ཐམས་ཅད་འཆད་པ་ནི་སྙན་པར་སྨྲ་བའོ། །དོན་སྤྱོད་པ་ནི་གང་བདག་གི་དོན་བཏང་སྟེ་ཞེས་བྱ་བ་ལ། བདག་གི་དོན་བཞག་ནས་གཞན་གྱི་དོན་བྱེད་པ་ནི་དོན་སྤྱོད་པ་སྟེ།
གཞན་གྱི་དོན་ཀྱང་སྤངས་པ་དང་། ཡེ་ཤེས་ཀྱིས་བསྡུས་པ་གོང་དུ་བཤད་པ་བཞིན་སྦྱར་རོ། །བསྡུས་ཏེ་ཞེས་བྱ་བ་ནི་བསྒྲུབས་ཏེ་ཞེས་བྱ་བའི་དོན་ཏོ། །ལག་ཏུ་ཐོབ་པ་ཞེས་བྱ་བ་ནི་བདག་གི་དབང་དུ་གྱུར་པ་ཡང་བྱ་བའི་དོན་ཏོ། །སྦྱིན་པ་རྣམ་པ་གསུམ་ལས་བསྡུས་པའི་དངོས་པོ་བཞི་ཆོས་
སྦྱིན་པ་འབའ་ཞིག་དང་སྦྱར་ཏེ་བསྟན་པའི་ཕྱིར། དེ་ལ་ཆོས་སྦྱིན་པ་གང་ཞེ་ན། གང་ཇི་སྐད་ཐོས་པའི་ཆོས་རྣམས་སྟོན་པའོ་ཞེས་བྱ་བ་གསུངས་ཏེ། གང་བདག་གི་མཁན་པོ་དང་སློབ་དཔོན་ལས་ཇི་ལྟར་ཐོས་པའི་ཆོས་རྣམས་སྟོན་པ་ནི་ཆོས་སྦྱིན་པའོ། །སྙན་པར་སྨྲ་བ་ནི་ཟང་ཟིང་མེད་
པའི་སེམས་ཀྱིས་ཞེས་བྱ་བ་ལ། ཆོས་བསྟན་པ་འདིས་ཟང་ཟིང་འདི་སྒྲུབ་པོ་ཞེས་ཁེ་དང་བཀུར་སྟི་ལ་མ་ཆགས་པའི་སེམས་ཀྱིས་ཆོས་ཕྱིན་ཅི་མ་ལོག་པར་སྨྲ་བ་ནི་སྙན་པར་སྨྲ་བའོ། །དེ་སྤྱད་པ་ནི་གང་གཞན་ལ་ལུང་འབོགས་པ་ཞེས་བྱ་བ་ལ་གང་སེམས་ཅན་གཞན་ལ་ལུང་འབོགས་པ་དང་།
ཁ་ཏོན་བྱེད་དུ་འཇུག་པའི་དོན་ལ་མི་སྐྱོ་བ་ནི་དོན་སྤྱོད་པའོ། །དེ་ལ་ལུང་འབོགས་པ་ནི་བསམ་གཏན་གྱི་མན་ངག་སྟོན་པའོ། །ཁ་ཏོན་བྱེད་པ་ནི་གཞུང་གི་ཆོས་ཁ་ཏོན་བྱེད་དུ་གཞུག་པའོ། །དོན་མཐུན་པ་ནི་གང་ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་དང་མ་བྲལ་བས་ཞེས་བྱ་བ་ལ། བདག་ཉིད་བྱང་
ཆུབ་ཀྱི་སེམས་དང་མ་བྲལ་བས་སྟོབས་དང་མི་འཇིགས་པ་ལ་སོགས་པའི་ཆོས་རྙེད་པ་དང་། གཞན་ཡང་བྱང་ཆུབ་ཀྱི་སེམས་ལ་བཙུད་ནས་སྟོབས་དང་མི་འཇིགས་པ་ལ་སོགས་པའི་ཆོས་རྙེད་པར་བྱས་པས་ནི་དོན་མཐུན་པའོ། །ཆོས་སྦྱིན་པ་དང་བསྡུ་བའི་དངོས་པོ་བཞིར་སྦྱར་བ་རྣམ་གྲངས་གཞན་

ཡང་བསྟན་པའི་ཕྱིར། གཞན་ཡང་ཆོས་ཀྱི་སྦྱིན་པ་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཆོས་ཉན་པར་འོངས་ཞེས་བྱ་བ་ནི་ཆོས་ཉན་པའི་སེམས་ཅན་རྣམས་ཐག་ཉེ་བ་ནས་འོངས་པའོ། །ལྷག་པ་ནི་ཆོས་ཉན་པའི་ཕྱིར་ཐག་རིང་པོ་ནས་ལྷགས་པའོ། །མི་སྐྱོ་བ་ནི་གང་ཟག་དེ་དག་ལ་ཁ་
ཅིག་འཆད་པ་མ་ཡིན་གྱི་མ་ལུས་པར་འཆད་པའོ། །མི་གཡེང་བ་ནི་འཕྲལ་གྱི་བྱ་བ་གཞན་རྣམས་བཏང་ནས་ཆོས་འཆད་པ་འབའ་ཞིག་ལྷུར་བྱེད་པའོ། །སྙན་པར་སྨྲ་བ་ནི་ངག་ཇི་སྲིད་དུ་རྒྱང་རིང་པོར་སོང་སྟེ་ཞེས་བྱ་བ་ལ། བདག་ཉིད་དཔག་ཚད་གཅིག་གམ་དཔག་ཚད་གཉིས་སམ།
ཡུལ་གཅིག་གམ་ཡུལ་གཉིས་སམ། འཛམ་བུའི་གླིང་གཅིག་གམ་འཛམ་བུའི་གླིང་གཉིས་སམ་ཞེས་བྱ་བ་ནས། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་གྲངས་མེད་པའི་ཕ་རོལ་དུ་ཡང་སོང་སྟེ་ཞེས་བྱ་བའི་དོན་ཏོ། །ལྷག་པའི་བསམ་པར་སོང་བའི་སེམས་ཀྱི་
རྒྱུད་ཀྱིས་ཞེས་བྱ་བ་ནི་ཡོ་བྱད་ཀྱི་གཡེན་སྤྱོ་བ་རྣམས་ཀྱིས་གཡེན་སྤྱོ་བ་མེད་པར་བྱས་ནས་ཆོས་ལ་དགོད་དོ་སྙམ་པའི་བསམ་པས་ཤེས་པར་བྱ་བའི་དོན་ཏོ། །འཛུད་ཅིང་ཡོངས་སུ་བསྔོ་པའོ་ཞེས་བྱ་བ་ནི་བྱང་ཆུབ་ཀྱི་རྒྱུ་སྒྲུབ་ཏུ་འཛུད་ཅིང་བྱང་ཆུབ་ཉིད་ལ་འཇོག་པར་བྱེད་པའོ། །ཆོས་སྦྱིན་
པ་དང་བསྡུ་བའི་དངོས་པོ་སྦྱར་བ་རྣམ་གྲངས་གཞན་ཡང་བསྟན་པའི་ཕྱིར། གཞན་ཡང་ཆོས་ཀྱི་སྦྱིན་པ་ནི་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །སྦྱིན་པ་ཐམས་ཅད་ཀྱི་མཆོག་ཆོས་སྦྱིན་པ་ཡིན་པར་རིག་ནས་ཞེས་བྱ་བ་ནི་སྦྱིན་པ་རྣམ་པ་གསུམ་སྟེ། ཟང་ཟིང་སྦྱིན་པ་དང་། མི་འཇིགས་པ་
སྦྱིན་པ་དང་། ཆོས་སྦྱིན་པའོ། །དེ་ལ་བྱང་ཆུབ་སེམས་དཔའ་ཟང་ཟིང་དང་མི་འཇིགས་པ་སྦྱིན་པ་ནི་འཁོར་བར་འབྱོར་པའི་རྒྱུ་ཙམ་དུ་ཟད་ཀྱི། ཆོས་སྦྱིན་པས་ནི་རྣམ་པར་གྲོལ་བ་ཐོབ་པར་འགྱུར་བས། ཆོས་སྦྱིན་པ་ནི་སྦྱིན་པ་ཐམས་ཅད་ཀྱི་དམ་པ་ཡིན་པར་ཁོང་དུ་ཆུད་ནས་ཞེས་བྱ་བའི་
དོན་ཏོ། །སྙན་པར་སྨྲ་བ་ནི་ཕན་པའི་དངོས་པོའི་ཕྱིར་ཆོས་སྟོན་པའོ་ཞེས་བྱ་བ་ལ། སེམས་ཅན་གང་ལྷ་དང་མིའི་བདེ་འགྲོ་ཐོབ་པར་བྱ་བའི་ཕྱིར་དེ་དང་རྗེས་སུ་མཐུན་པའི་ཆོས་སྟོན་པ་ནི་སྙན་པར་སྨྲ་བའོ། །དོན་སྤྱོད་པ་ནི་གང་དོན་ལ་རྟོན་པའི་ཆོས་སྟོན་གྱི་ཞེས་བྱ་བ་ལ། སྟོང་པ་ཉིད་ནི་དོན་

དཁོང་དུ་ཆུད་པ་ནི་དོན་ལ་རྟོན་པའོ། །ཚིག་བཤད་པ་མང་པོ་ནི་ཡི་གེ་སྟེ། དེ་ལ་གནས་པ་ནི་ཡི་གེ་ལ་རྟོན་པའོ། །བྱང་ཆུབ་སེམས་དཔའ་སེམས་ཅན་གཞན་ལ་ཆོས་སྟོན་ན་གང་དོན་ལ་རྟོན་པའི་ཆོས་སྟོན་གྱི་ཡི་གེ་ལ་རྟོན་པའི་ཆོས་མི་སྟོན་པ་ནི་དོན་སྤྱོད་པའོ། །
དོན་མཐུན་པ་ནི་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་ཞེས་བྱ་བ་ལ། སྟོབས་དང་མི་འཇིགས་པ་ལ་སོགས་པ་སངས་རྒྱས་ཀྱི་ཆོས་ཐམས་ཅད་རྫོགས་པར་བྱ་བའི་ཕྱིར་དེ་དང་རྗེས་སུ་མཐུན་པའི་ཆོས་སྟོན་པ་ནི་དོན་མཐུན་པའོ། །བསྡུ་བའི་དངོས་པོའི་རྣམ་
གྲངས་གཞན་བསྟན་པར་བཞེད་ནས་གཞན་ཡང་ཆོས་སྦྱིན་པ་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཕ་རོལ་ཏུ་ཕྱིན་པ་དྲུག་ལས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནི་ཟང་ཟིང་སྦྱིན་པའམ། ཆོས་སྦྱིན་པ་ཞེས་བྱ་བ་སྟེ། སྦྱིན་པའི་རང་བཞིན་ཡིན་པའི་ཕྱིར་རོ། །སྙན་པར་སྨྲ་བ་ནི་གང་ཚུལ་ཁྲིམས་
ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་ལ་སོགས་པ་ལ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་གྱིས་གཞན་ལ་གནོད་པ་མི་བྱེད་ཅིང་ཚིག་རྩུབ་མོ་མི་འབྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པས་གཞན་གྱིས་གནོད་པ་བྱས་ཀྱང་སླར་གནོད་པ་མི་བྱེད་ཅིང་ཚིག་རྩུབ་མོ་མི་འབྱིན་པས་ཕ་རོལ་ཏུ་
ཕྱིན་པ་དེ་གཉིས་ནི་སྙན་པར་སྨྲ་བའོ། །དོན་སྤྱོད་པ་ནི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་ལ། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པས་བདག་དང་གཞན་གྱི་དོན་བསྒྲུབ་པས་ན། ཕ་རོལ་ཏུ་ཕྱིན་པའི་དོན་སྤྱོད་པའོ། །དོན་མཐུན་པ་ནི་གང་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་ལ་སོགས་
པ་ལ། བསམ་གཏན་གྱི་དམིགས་པའི་དངོས་པོ་ལ་རྩེ་གཅིག་ཏུ་གཞག་ནས་གཡེང་བ་མེད་པར་བྱ་སྟེ། ཉོན་མོངས་པ་འཇིལ་བར་བྱེད་པ་དང་། ཤེས་རབ་ཀྱི་ཆོས་ཀྱི་མཚན་ཉིད་ཕྱིན་ཅི་མ་ལོག་པར་ཤེས་པར་བྱས་ནས་ཉོན་མོངས་པ་རྩ་ནས་འབྱིན་པས་ན། ཕ་རོལ་ཏུ་ཕྱིན་པ་དེ་གཉིས་ནི་
དོན་མཐུན་པའོ། །ས་གང་ལ་བསྡུ་བའི་དངོས་པོ་གང་ཤས་ཆེ་བ་རྣམ་གྲངས་སུ་བསྟན་པའི་ཕྱིར། གཞན་ཡང་ཆོས་སྦྱིན་པ་ནི་དང་པོར་སེམས་བསྐྱེད་པ་རྣམས་ཀྱི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ས་དང་པོ་རབ་ཏུ་དགའ་བ་ཐོབ་པའི་ཚེ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པའི་

ཆོས་སྦྱིན་པ་ནི། དང་པོ་སེམས་བསྐྱེད་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིའོ་ཞེས་བྱ་སྟེ། དང་པོ་སེམས་བསྐྱེད་པ་ཡང་སྐབས་འདིར་ཟག་པ་མེད་པའི་འཇིག་རྟེན་ལས་འདས་པའི་སེམས་ཐོག་མ་སྐྱེས་པའོ། །སྙན་པར་སྨྲ་བ་ནི་སྤྱོད་པ་ལ་ཞུགས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིའོ་ཞེས་བྱ་
བ་ལ། ས་གཉིས་པ་ཡན་ཆད་ས་བདུན་པ་མན་ཆད་བསྒོམ་པའི་ལམ་སྤྱོད་པ་ལ་ཞུགས་པ་སྟེ། དེའི་ཚེ་ཚུལ་ཁྲིམས་དང་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་གཞི་བཟུང་བས་ཚུལ་ཁྲིམས་དང་ལྡན་པའི་ཕྱིར་ལུས་དང་ངག་གི་སྒོ་ནས་ཉེས་པར་མི་སྨྲ་མི་བྱེད་ཅིང་བཟོད་པ་དང་ལྡན་པས་གཞན་ལ་གནོད་
པར་འགྱུར་བའི་ཚིག་སྨྲ་བའི་རྒྱུ་མེད་པའི་ཕྱིར་སྙན་པར་སྨྲ་བའོ། །དོན་སྤྱོད་པ་ནི་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཞེས་བྱ་བ་ནི་ས་བརྒྱད་པ་དང་དགུ་པ་ཐོབ་པའི་བྱང་ཆུབ་སེམས་དཔའ་སེམས་ཅན་གྱི་དོན་སྤྱོད་པ་ལ་སོགས་པ་ལ། ཐོགས་པ་མེད་པར་ལྷུན་གྱིས་གྲུབ་
པས་ལྷག་པར་སྤྱོད་པའི་དོན་མཐུན་པ་ནི་སྐྱེ་བ་གཅིག་གིས་ཐོགས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིའོ་ཞེས་བྱ་བ་ནི་ས་བཅུ་པ་ཐོབ་པའི་བྱང་ཆུབ་སེམས་དཔའ་རྣམ་པ་ཐམས་ཅད་མཁྱེན་པར་རོ་གཅིག་ཅིང་དབྱེར་མེད་པར་སྤྱོད་པའི་ཕྱིར་ས་དང་པོ་ལ་སོགས་པ་ལ་འདི་ལྟར་རྣམ་པ་
བཞིར་ཕྱེ་བ་རེ་རེ་ལ་ཡང་བསྡུ་བའི་དངོས་པོ་བཞི་ཆར་མི་སྤྱོད་པ་མ་ཡིན་མོད་ཀྱི་སོ་སོར་ཕྱེ་སྟེ། བཤད་པ་ནི་ས་དེ་དང་དེ་དག་ལ་བསྡུ་བའི་དངོས་པོ་ཤས་ཆེ་བར་སྤྱོད་པ་ལ་དགོངས་ནས་གསུངས་སོ། །ས་དང་སྦྱར་བའི་རྣམ་གྲངས་གཞན་སྦྱར་བར་བཞེད་ནས་གཞན་ཡང་ཆོས་སྦྱིན་པ་ནི་བྱང་ཆུབ་
ཀྱི་རྩ་བ་དང་ས་བོན་གྱི་གཞིའོ་ཞེས་བྱ་བ་གསུངས་ཏེ། བྱང་ཆུབ་ཀྱི་རྩ་བ་དང་ས་བོན་ནི་ས་དང་པོར་ཆོས་ཀྱི་དབྱིངས་ཐམས་ཅད་དུ་འགྲོ་བའི་མཚན་ཉིད་རྟོགས་ནས་བྱང་ཆུབ་ཏུ་སེམས་བསྐྱེད་པའོ། །བྱང་ཆུབ་ཀྱི་སེམས་དེའི་གཞི་ནི་མོས་པས་སྤྱོད་པའི་སར་ཆོས་སྤྱོད་པ་བཅུ་ལ་ཞུགས་
པ་སྟེ། དེ་ནི་ཆོས་སྦྱིན་པའོ། །ཡང་ན་བྱང་ཆུབ་ཀྱི་རྩ་བ་དང་ས་བོན་གྱི་གཞི་ནི་ས་དང་པོའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་ཉིད་དོ། །སེམས་བསྐྱེད་པས་ས་བོན་དུ་གྱུར་པ་དེ་ཟག་པ་མེད་པའི་ཆོས་ཐམས་ཅད་སྐྱེ་བའི་གཞིར་གྱུར་པའི་ཕྱིར་རོ། །སྙན་པར་སྨྲ་བ་ནི་བྱང་ཆུབ་ཀྱི་མྱུ་གུ་དང་འདབ་མ་

ཡོངས་སུ་རྫོགས་པའོ་ཞེས་བྱ་བ་ལ། ས་གཉིས་ནས་ས་བདུན་གྱི་བར་དུ་མངོན་པར་འདུ་བྱེད་པ་དང་བཅས་པར་འཇུག་པ་ཤེས་རབ་ཀྱི་རྒྱུ་བས་ཕ་རོལ་ཏུ་ཕྱིན་པའི་ཆོས་རྣམས་མྱུ་གུ་དང་འདབ་མར་གྱུར་པ་ཡོངས་སུ་རྫོགས་པར་བྱེད་དེ། ལྷག་པར་སེམས་ཀྱི་རྒྱུད་འཇམ་པས་
སྙན་པར་སྨྲ་བའོ། །དོན་སྤྱོད་པ་ནི་བྱང་ཆུབ་ཀྱི་མེ་ཏོག་ཡོངས་སུ་རྒྱས་པའོ་ཞེས་བྱ་བ་ལས་བརྒྱད་པ་དང་དགུ་པ་དང་བཅུ་པ་ན་མངོན་པར་འདུ་བྱེད་པ་མེད་པའི་ཤེས་རབ་ཀྱི་རྒྱུ་བས་སྒོམ་མི་དགོས་པར་སངས་རྒྱས་ཀྱི་ཆོས་རྣམས་མེ་ཏོག་ལྟ་བུར་ཁ་འབུས་ནས་ཡོངས་སུ་རྫོགས་པར་བྱེད་དེ། འབྲས་
བུ་ཉེ་བའི་ཆོས་ལ་སྤྱོད་པས་ན་སྤྱོད་པ་ཞེས་བྱའོ། །དོན་མཐུན་པ་ནི་བྱང་ཆུབ་ཀྱི་འབྲས་བུ་མངོན་པར་འགྲུབ་པ་ཞེས་བྱ་བ་ལ། རྒྱུ་མཐུན་པའི་འབྲས་བུ་ཡོན་ཏན་ཐམས་ཅད་ཡོངས་སུ་རྫོགས་པ་སངས་རྒྱས་པའི་མཚན་ཉིད་ཀྱི་འབྲས་བུ་གྲུབ་པ་ནི་དོན་མཐུན་པ་ཞེས་བྱའོ། །བསྡུ་བའི་དངོས་པོ་
བཞི་མི་ཟད་པ་བཤད་ཟིན་ཏོ།། །།སྟོན་པར་བྱེད་པའི་བྱང་ཆུབ་སེམས་དཔའ་བསྟན་པའི་ཕྱིར། བཙུན་པ་ཤ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སོ་སོ་ཡང་དག་པར་རིག་པ་བཞི་མི་ཟད་པ་སྟེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་མི་ཟད་པ་ཡང་བྱང་
ཆུབ་སེམས་དཔའ་རྣམས་ཀྱི་སོ་སོ་ཡང་དག་པར་རིག་པར་བྱ་བའི་དོན་དང་ཆོས་ལ་སོགས་པ་ལ་མཐའ་ཐུག་པ་མེད་པ་དེ་མི་ཟད་པའི་ཕྱིར་རོ། །འདིར་ཡང་བསྟན་པའི་ཚུལ་དང་། བཤད་པའི་ཚུལ་དུ་རིག་པར་བྱ་སྟེ། བཞི་གང་ཞེ་ན། གང་འདི་དོན་སོ་སོ་ཡང་དག་པར་རིག་པ་དང་ཞེས་
བྱ་བ་སོགས་པས་ནི་བསྟན་པའི་ཚུལ་བསྟན་པའོ། །ལྷག་མ་རྣམས་ཀྱིས་ནི་བཤད་པའི་ཚུལ་བསྟན་ཏོ། །སྟོན་པར་བྱེད་པའི་བྱང་ཆུབ་སེམས་དཔའ་རྣམ་པ་བཞི་སྟེ། མཚན་ཉིད་ཤེས་པ་དང་། འདུ་ཤེས་ཤེས་པ་དང་། ཐ་སྙད་ཤེས་པ་དང་། བརྗོད་པ་ཤེས་པའོ། །སོ་སོ་ཡང་དག་པར་རིག་
པ་བཞིས་སེམས་ཅན་རྣམས་ལ་ཅི་དགར་ཆོས་སྟོན་པར་ནུས་པས་དེ་དག་གིས་བསྡུས་པའི་དོན་བསྟན་པར་བྱ་བའི་ཕྱིར་མཐུ་ཐོབ་པ་བསྟན་ཏོ། །མཚན་ཉིད་ཤེས་པ་བསྟན་པའི་དབང་དུ་བྱས་ནས། དེ་ལ་དོན་སོ་སོ་ཡང་དག་པར་རིག་པ་གང་ཞེ་ན་ཞེས་དྲིས་སོ། །དེ་ལ་ཆོས་རྣམས་སོ་སོའི་མཚན་

ཉིད་དང་། དོན་གང་ཡིན་པ་ཤེས་པ་ནི་དོན་སོ་སོ་ཡང་དག་པར་རིག་པ་ཞེས་བྱའོ། །དེ་ཉིད་གང་ཡིན་པ་བསྟན་པའི་ཕྱིར། གང་ཆོས་ཐམས་ཅད་ལ་དོན་དམ་པར་ཤེས་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདུས་བྱས་དང་འདུས་མ་བྱས་ལ་སོགས་པའི་ཆོས་ཐམས་ཅད་འཕྲལ་དུ་སྣང་ཞིང་གྲག་པ་
ལྟ་བུ་མ་ཡིན་པར་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་ཆོས་ཀྱི་དབྱིངས་ཉིད་དུ་ཤེས་པ་ནི་དོན་སོ་སོ་ཡང་དག་པར་རིག་པར་བྱ་སྟེ། ཚིག་ལྷག་མ་རྣམས་ལ་ཡང་དེ་བཞིན་དུ་སྦྱར་རོ། །ཆོས་ཤེས་པ་ནི་འདོད་པའི་ཁམས་ཀྱི་འདུས་བྱས་ཀྱི་དངོས་པོ་རྣམས་ལ་སྡུག་བསྔལ་བ་དང་མི་རྟག་པ་ལ་
སོགས་པའི་མཚན་ཉིད་དང་ཆོས་ཉིད་དུ་ཤེས་པའོ། །སོ་སོར་རྟོག་པ་ཤེས་པ་ཞེས་བྱ་བ་ནི་ཁམས་དེ་ཉིད་ཀྱིས་འདུས་བྱས་རྣམས་སྐྱེད་པར་བྱེད་པའི་རྒྱུ་ཀུན་འབྱུང་བ་ལ་རྒྱུ་དང་རྐྱེན་ལ་སོགས་པའི་མཚན་ཉིད་དུ་ཤེས་པའོ། །རྗེས་སུ་འགྲོ་བ་ཤེས་པ་ནི་གཟུགས་ཡོད་པ་དང་གཟུགས་མེད་པའི་
འདུས་བྱས་རྣམས་ལ་མི་རྟག་པའི་མཚན་ཉིད་དང་། ཆོས་ཉིད་དུ་ཤེས་པ་སྟེ། འདོད་པའི་ཁམས་ཀྱི་འདུས་བྱས་ཀྱི་ཆོས་ལ་དེ་ལྟར་ཤེས་པའི་འོག་ཏུ་ཕྱིས་ཁམས་གོང་མ་གཉིས་ཀྱིས་འདུས་བྱས་ལ་དེ་ལྟར་ཤེས་པས་རྗེས་སུ་འགྲོ་བ་ཤེས་པ་ཞེས་བྱའོ། །ཡང་ན་སོ་སོར་རྟོག་པ་ཤེས་པ་
ནི་ཁམས་གསུམ་གྱི་ཆོས་རྣམས་སྤྱིར་མི་རྟག་པ་ལ་སོགས་པའི་ཆོས་ཉིད་དང་། མཚན་ཉིད་དུ་སོ་སོར་རྟོག་ཅིང་ཤེས་པ་ལ་བྱའོ། །རྒྱུ་ཤེས་པ་ནི་བྱེད་པའི་རྒྱུ་ལ་སོགས་པ་རྒྱུ་དྲུག་རྣམས་ཀྱི་དོན་དང་མཚན་ཉིད་ཤེས་པའོ། །ཚོགས་པ་ཤེས་པ་ནི་རྒྱུ་དང་རྐྱེན་དེ་རྣམས་འདུས་ཤིང་ཚོགས་ན་
གདོད་འབྲས་བུ་སྐྱེ་བ་ཤེས་པའོ། །གཉིས་སུ་མེད་པར་ཤེས་པ་ནི་རྟག་ཆད་ལ་སོགས་པའི་མཐའ་གཉིས་དང་བྲལ་བའི་མཚན་ཉིད་ཤེས་པ་འམ། རྒྱུ
Luận tạng Tây Tạng (Tengyur) — Tập 114 | Tra cứu Kinh điển | Tàng Kinh Việt