Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 105
Văn bản gốc(Tây Tạng)
Trang 12 / 22 (50.000 ký tự/trang)
ི་གླིང་གི་བདག་པོར་གྱུར་པས་ངོམས་པར་མ་གྱུར་ནས་ཡང་གླིང་བཞིའི་བདག་པོ་ཐོབ་པར་གྱུར་ཅིང་བརྒྱ་བྱིན་གྱི་སྟན་ཕྱེད་ཐོབ་པ་ལས་ཀྱང་ཆོག་པ་མེད་པ་བཞིན་ནོ། །གང་གི་ཕྱིར་དེ་ལྟར་སུ་ཞིག་སྟེ་ དགང་དཀའ་བའི་ལུས་འདི་འདོད་པ་བྱེད་པར་འགྱུར་ཏེ་མ་ཡིན་ནོ། །ཇི་ལྟར་ཤིན་ཏུ་ཐལ་ཆེས་པ་ནི་མི་རིགས་ལ། ཅུང་ཟད་ཙམ་གྱི་སྐབས་ཡིན་པ་ལ་ཉེས་པ་ཅི་ཡོད་ཅེ་ན། མི་ནུས་འདོད་ལ་ཞེན་པ་ལ་སོགས་པ་གསུངས་ཏེ། རྙེད་པར་དཀའ་ཞིང་མི་ནུས་པར་འདོད་དེ་མངོན་པར་འདོད་ན་ཉོན་མོངས་པ་སྟེ་མ་ ལུས་པའི་མངོན་པར་ཞེན་པ་དང་། དེ་ཐོབ་པའི་གེགས་བྱེད་པ་ལ་ཞེ་སྡང་བ་དང་། བསམ་པ་ཉམས་པ་ཡང་འབྱུང་བར་འགྱུར་ཏེ། དེ་ལས་ཡིད་མི་བདེ་བར་འགྱུར་རམ་བསམ་པ་ནི་འདི་ཡིན་ཏེ། ཅུང་ཟད་ཙམ་ལ་རྗེས་སུ་ཞུགས་ནས་སླར་ཡང་གོང་ནས་གོང་དུ་ལྷག་པ་མངོན་པར་འདོད་པ་ལ་འཇུག་པས་ བཟློག་པར་མི་ནུས་པའི་འདོད་པ་འཕེལ་བ་ཡང་ཡིན་ཏེ། སྲེད་པ་ལ་ངེས་པ་མེད་པའི་ཕྱིར་འདོད་པ་འདི་ཙམ་ཞེས་པ་མེད་པར་འགྱུར་རོ། །སླར་ཡང་གང་ཞིག་དང་པོ་ཉིད་དུ་རྣམ་པ་ཐམས་ཅད་དུ་ཡུལ་ཐམས་ཅད་ལ་སྐབས་མེད་པར་བྱས་ན་དེའི་ཕུན་སུམ་ཚོགས་པ་མ་ཞུམ་པ་མ་ཡིན་ཏེ། ཡི་གར་མི་ འོང་བ་སྐྱེད་པར་བྱེད་པའི་ཕྱིར་དང་། དེ་ལ་སེམས་འཇུག་པར་མི་བྱེད་པའི་ཕྱིར་རོ། །གང་གི་ཕྱིར་ཅུང་ཟད་ལ་ཡང་འདོད་པས་ཚིམ་པ་མེད་པ་ཉིད་ཡིན་པ་དེ་ལྟ་བས་ན་ལུས་ཀྱི་འདོད་པ་འཕེལ་བའི་ཕྱིར་སྐབས་དབྱེ་བར་མི་བྱའོ་སྟེ། ཅི་སྟེ་ཡུལ་དམ་པ་དེ་ལྟ་བུ་ལས་སེམས་ཇི་ལྟར་ བཟློག་པར་མི་ནུས་ཤེ་ན། གང་གིས་ཡིད་འོང་ཞེས་པ་ལ་སོགས་པ་གསུངས་ཏེ། སྔར་འདི་ཉིད་དུ་བརྗོད་པ། རང་ཉིད་ཀྱིས་ནི་འགྲོ་ཉིད་ལ། །བརྟེན་པར་བྱས་ཏེ་རབ་ཏུ་རྟོགས། །ཞེས་གང་གསུངས་པའོ། །གཞན་ཡང་གང་འདོད་པར་བྱ་བ་ཉིད་མི་འཛིན་པ་དེ་ཉིད་ནི་དངོས་པོ་བཟང་པོ་ཡིན་ཏེ། གཞན་དུ་ན་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་ཉིད་འཕེལ་བར་འགྱུར་རོ། །གཞན་ཡང་རྒྱུ་མཚན་མེད་པ་ཉིད་དུ་མི་བདེན་པ་ལ་མངོན་པར་ཞེན་པས་བདག་གིས་སྡུག་བསྔལ་བསག་པར་བྱ་བ་ཡིན་ཞེས་ཁྱོད་རང་ཉིད་ཀྱིས་དཔྱད་པར་བྱའོ་ཞེས། ཐ་མར་ཐལ་བའི་ཞེས་པ་ལ་སོགས་པ་གསུངས་ཏེ། ཐ་མར་ཐལ་ བའི་གནས་སྐབས་ཡིན་ལ། མཐར་གཏུགས་པ་ནི་དེ་ལ་ཐུག་པ་ཡིན་ཏེ། འདི་གང་གི་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །ཤི་བར་གྱུར་པ་ན་ལུས་པོ་འདིའི་མཐར་ཐུག་པ་ནི་ཐ་མར་ཐལ་བ་ཡིན་ཏེ། དེ་ལས་གཞན་པའི་རྟེན་ཡོད་པ་མ་ཡིན་ནོ་ཞེས་དགོངས་པའོ། །མི་གཙང་ལུས་འདི་ལུས་ཀྱི་ རྣམ་པ་གཟུང་བ་ཡིན་ལ། མི་བཟད་པ་ནི་འཇིགས་སུ་རུང་བའམ་འཇིགས་པར་བྱེད་པ་ཡིན་ཏེ། འཇིགས་པ་ཐམས་ཅད་ཀྱི་རྒྱུ་ཡིན་པའི་ཕྱིར་རོ། །མི་གཡོ་བ་ནི་བོང་བ་དང་ཤིང་ལྟ་བུ་ཡིན་ནོ། །རང་ཉིད་བྱེད་པ་མེད་པ་ཡིན་ན་འདི་འགྲོ་བ་དང་འཆག་པ་ལ་སོགས་པར་ཅིར་འགྱུར་ཞེ་ན། གཞན་གྱིས་ བསྐྱོད་པ་ཡིན་ཏེ། གཞན་ཡིད་ཀྱིས་བྱེད་པས་འདི་བྱ་བ་དང་ལྡན་པ་བཞིན་དུ་དམིགས་པ་ཡིན་ནོ། །ཞེན་པའི་རྒྱུ་མཚན་མེད་པའི་ཕྱིར་རྒྱུ་ཅིས་ལུས་པོ་འདི་ལ་བདག་ཏུ་འཛིན་ཏེ་རྗེས་སུ་འཇུག་པ་སྐྱེ་བར་འགྱུར། གཞན་འདི་ཡང་ཁྱོད་ཀྱིས་དཔྱད་པར་བྱའོ་ཞེས་བསྟན་པའི་ཕྱིར། ཅིའི་ཕྱིར་ ཞེས་པ་ལ་སོགས་པ་གསུངས་ཏེ། འཁྲུལ་འཁོར་འདི་སྟེ་ལུས་ཀྱི་བདག་ཉིད་ཀྱིས་སོ། །གསོན་པའམ་ཤི་བ་ཡང་རུང་སྟེ། བདག་ལ་ཅི་ཞིག་བྱ་སྟེ། བདག་ལས་ཐ་དད་པ་ཡིན་པའི་ཕྱིར་དང་། འདིར་རང་ཉིད་ལ་བྱ་བ་མེད་པའི་ཕྱིར་རོ། །དེའི་ཕྱིར་བོང་བ་ལ་སོགས་པ་དང་ཁྱད་པར་ཅི་ ཡོད་དོ་ཞེས་སྟོན་པར་བྱེད་དོ། །འོན་ཏེ་བདག་ཏུ་འཛིན་པའི་གཞི་ཉིད་ཀྱིས་ཁྱད་ཡོད་དོ་ཞེ་ན། འདིར་གསུངས་པ། ཀྱི་ཧུད་ང་རྒྱལ་སེལ་མི་བྱེད་དེ། འདི་ལྟར་བརྟགས་ན་ཡང་ཡུན་རིང་པོ་ནས་འདྲིས་པར་གྱུར་པའི་ཕྱིར་རོ། ཁྱོད་ཇི་ལྟར་འཇིགས་པར་མི་བྱེད་ཅིང་ཇི་ལྟར་ཡང་བརླག་པར་མི་བྱེད་ཅེས་ པའི་ཐ་ཚིག་གོ། །དེ་ཉིད་བསྟན་པར་འདོད་ནས། ལུས་ཞེས་པ་ལ་སོགས་པ་གསུངས་ཏེ། འདི་ནི་བདག་གི་ལུས་ཡིན་ནོ་ཞེས། བདག་ཏུ་འཛིན་པའི་མངོན་པར་ཞེན་པས་ཁྱོད་ཀྱི་རྒྱུ་མཚན་མེད་པ་ཉིད་དུ་སྡུག་བསྔལ་གྱི་ཕུང་པོ་ང་རྒྱལ་ལ་སོགས་པར་བྱེད། ཡང་ཅིའི་ཕྱིར་འདི་ལྟར་བརྗོད་ཅེ་ན། རྗེས་སུ་ཆགས་པ་དང་ཞེས་པ་ལ་སོགས་པ་གསུངས་ཏེ། བོང་བ་དང་འདྲ་བའི་ལུས་པོ་འདི་ལ་རྒྱུ་མཚན་མེད་པར་ཞེ་སྡང་སྟེ་ཁོང་ཁྲོ་བ་དང་། རྗེས་སུ་ཆགས་པ་སྟེ་མངོན་པར་ཞེན་པས་ཅི་ཞིག་བྱ་སྟེ་ཅུང་ཟད་ཀྱང་མ་ཡིན་ནོ། །ཅིའི་ཕྱིར་ཡང་འདི་ལྟར་ཡིན་ཞེ་ན། བདག་གིས་ཞེས་པ་ལ་སོགས་པ་ གསུངས་ཏེ། འདི་ལྟར་ཐམས་ཅད་རྗེས་སུ་གཟུང་བའི་རྣམ་པས་བསྐྱངས་ཤིང་གསོས་པའམ། བྱ་རྒོད་དང་ཅེ་སྤྱང་ལ་སོགས་པ་རྣམས་ཀྱིས་ཟ་བ་ན་ཡང་ཕན་པ་མེད་པ་དེ་ལ་ཆགས་པར་བྱེད། གནོད་པར་བྱེད་པའི་བྱ་རྒོད་ལ་སོགས་པ་རྣམས་ལ་ཡང་གང་ལ་ཞེ་སྡང་བ་མེད་པའོ། །དེ་ལྟ་བུ་ཤིང་ དང་མཚུངས་པ་སེམས་མེད་པ་དེ་ཉིད་ལ་ཆགས་པར་བྱེད། ཤིང་དང་མཚུངས་པ་ཉིད་དུ་བསྟན་ནས། དེ་མ་བཟུང་བས་འབྲས་བུ་དང་བཅས་པར་བསྟན་པའི་ཕྱིར། གང་ཞིག་ཅེས་པ་ལ་སོགས་པ་གསུངས་ཏེ། ལུས་བདག་གིར་མ་བྱས་ཤིང་སྤངས་པ་ལས་ཁྲོ་བ་སྟེ་ཞེ་སྡང་བ་འདི་ལ་མེད་པ་དང་གང་ལ་ ཡང་མཆོད་པ་སྟེ་བསྙེན་བཀུར་བྱས་པས་མགུ་བ་སྟེ། རབ་ཏུ་དགའ་བ་བདག་ལ་སྐྱེ་བར་འགྱུར་བ་མ་ཡིན་ཏེ། དེ་ཉིད་ལ་སེམས་མེད་པའི་ཕྱིར་མི་ཤེས་པ་ཡིན་ཏེ། རྟོགས་པ་མ་ཡིན་ནོ། །དེ་ལ་བརྟེན་ནས་ཁོང་ཁྲོ་བ་དང་རྗེས་སུ་ཆགས་པའི་བདག་ཉིད་ཀྱིས་ངལ་ཞིང་དུབ་པས་གང་ལ་བྱས་པས་བདག་ ལ་ཅུང་ཟད་ཀྱང་དགོས་པ་མེད་དོ་ཞེས་པའི་དོན་ཏོ། །དེ་ལྟར་ཁྱེད་ཀྱིས་བསླབ་པར་བྱའོ། །དེ་ལྟར་རང་གི་སེམས་རྟོགས་པར་བྱས་ནས་བདག་དང་གཞན་དུ་བརྗེ་བའི་རང་བཞིན་མཇུག་བསྡུས་ཏེ་བསྟན་པའི་ཕྱིར། གང་ཞིག་ལུས་འདི་ཞེས་པ་ལ་སོགས་པ་གསུངས་ཏེ། འདི་ཞེས་ པ་ནི་བདག་གི་སྟེ། འགའ་ཞིག་གིས་ལུས་འདོད་པ་སྟེ་ཕན་པ་དང་བདེ་བ་བསྒྲུབ་པར་འདོད་པའམ། ཡིད་བདེ་བར་མཐོང་བའོ། །དེ་ཡང་བདག་གི་བཤེས་ཡིན་ཏེ་སྡུག་ཅིང་ཆགས་པའི་ཡུལ་ཡིན་ནོ་ཞེས་པའི་ཐ་ཚིག་གོ། །ཡང་གི་སྒྲས་ནི་བདག་ཉིད་འབའ་ཞིག་གི་མ་ ཡིན་ནོ། །ཁོ་བོ་ཞེས་པ་ནི་རིགས་པས་བརྟགས་ན་མི་བདེན་པ་ཉིད་དོ། །དེ་ལྟ་ཡིན་དུ་ཆུག་ན་ཡང་གཞན་དང་ཡང་ཐུན་མོང་ཡིན་ནོ་ཞེས་རིགས་པ་ཉེ་བར་བསྟན་པའི་ཕྱིར། ཐམས་ཅད་རང་གི་ལུས་ཞེས་པ་ལ་སོགས་པ་གསུངས་ཏེ། གལ་ཏེ་རང་གི་ལུས་ལ་རྗེས་སུ་ཆགས་པའི་རྒྱུ་མཚན་གྱིས་ཞན་པ་ གཞན་ཏེ་དེ་ལས་གཞན་པའི་སེམས་ཅན་ཡང་རང་གི་ལུས་འདོད་དོ། །བརྗོད་པའི་རིམ་པ་རྒྱུ་མཚན་ལ་ཁྱད་པར་མེད་པས་དེ་རྣམས་ལ་བདག་ཅིའི་ཕྱིར་མི་དགའ་སྟེ། བདག་ལ་ནི་རྒྱུའི་ཁྱད་པར་སྔར་ཉིད་དུ་བསལ་བའི་ཕྱིར་དེ་རྣམས་ལ་ཡང་བདག་དགའ་བར་རིགས་སོ་ཞེས་པའི་དོན་ཏོ། །ད་ནི་བསྟན་ པའི་དོན་མཇུག་བསྡུ་བའི་ཕྱིར། དེ་བས་ཞེས་པ་ལ་སོགས་པ་གསུངས་ཏེ། གང་གི་ཕྱིར་བདག་ལ་ཞེན་པ་མ་སྤངས་པར་འགྲོ་བའི་དོན་རྫོགས་པར་བྱེད་མི་ནུས་པའི་སྤོབས་པ་མེད་པ་ཐམས་ཅད་ཀྱི་ཐམས་ཅད་ལ་ལྟོས་པ་སྤངས་པས་སོ། །འགྲོ་ལ་ཕན་པ་ཞེས་པ་ནི་སེམས་ཅན་ཐམས་ཅད་ལ་ཕན་པ་ བསྒྲུབ་པའི་དོན་དུ་གང་ལས་འགྲོ་བ་ལ་ཕན་པ་དང་ལྡན་པ་དེས་ན་ལུས་པོ་འདི་ལ་ཉེས་པ་མང་ཡང་སྟེ། ཉེས་པ་དུ་མའི་གནས་ཡིན་ཡང་ལས་བྱེད་པའི་སྤྱད་བཞིན་དུ་གཟུང་བར་བྱ་སྟེ། གཞག་པར་བྱ་བའམ་བསྲུང་བར་བྱ་སྟེ་དགོས་པའི་དོན་ལ་མཁོ་བའི་དངོས་པོ་བཞིན་དུའོ། །གང་གསུངས་པ། བསམ་ པ་གཞན་ནི་ཀུན་བཏང་སྟེ། །བདག་གི་སེམས་ནི་མཆོག་གཅིག་པུས། །ཞེས་པ་ལ་སོགས་པ་དེ་མཇུག་བསྡུ་བའི་ཕྱིར་དེས་ན་ཞེས་པ་ལ་སོགས་པ་གསུངས་ཏེ། གང་ལ་སེམས་མཉམ་པར་གཞག་པ་མེད་ན་ཉོན་མོངས་པ་སྤོང་བར་མི་འགྱུར་བ་དེས་ན་འཇིག་རྟེན་གྱི་སྤྱོད་པས་ཆོག་སྟེ་དགོས་པ་ཅུང་ཟད་ ཀྱང་ཡོད་པ་མ་ཡིན་ནོ། །འཇིག་རྟེན་གྱི་སྤྱོད་པ་ནི་དོན་མེད་པའི་རྒྱུ་ཡིན་པའི་ཕྱིར་རོ། །དེའི་ཕྱིར་མཁས་པ་སྟེ་དེ་ཁོ་ན་ཉིད་མཁྱེན་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་དང་། དེ་ལས་གཞན་དེའི་བསྟན་པ་ལ་གནས་པ་རྣམས་ཀྱི་རྗེས་སུ་བསྙེགས་ཏེ་དེའི་བསླབ་པ་ལ་རྗེས་སུ་སློབ་པོ། །ཇི་ ལྟར་ཞེ་ན། བག་ཡོད་གཏམ་ནི་དྲན་བྱས་ནས་ཏེ། ལེའུ་བཞི་པ་དང་བདུན་པར་བརྗོད་པ་དང་། གཞན་ཡང་བསླབ་པ་ཀུན་ལས་བཏུས་པ་ལ་སོགས་པར་བརྗོད་པའོ། །བག་མེད་པ་ནི་ལུས་དང་སེམས་ཀྱི་རྣམ་པར་གཡེང་བ་ཡིན་ལ་དེ་ལས་བཟློག་པ་ནི་བག་ཡོད་པ་ཡིན་ཏེ། དེ་ལ་བག་ཡོད་པའི་དོན་དུ་བག་ མེད་པ་བཟློག་པའི་གཏམ་སྟེ། དེ་སྟོན་པར་བྱེད་པའི་གཞུང་དྲན་པར་བྱས་ནས་ཏེ་སེམས་ལ་བཞག་ནས་ཇི་ལྟར་བརྩམས་པའི་དོན་ལ་འཁྲུལ་པར་མི་འགྱུར་ཏེ། གཉིད་དང་རྨུགས་པ་ཟློག་པར་བྱེད་ལ། རྨུགས་པ་ནི་ལུས་པོ་ཞུམ་པ་ཡིན་ཏེ། ལེ་ལོ་ཞེས་པའི་ཐ་ཚིག་གོ། །གཉིད་ནི་གཉིད་ཀྱིས་ སེམས་དམན་པར་བྱས་པ་ཡིན་ལ། དེ་བཟློག་པ་ན་མཁས་པའི་རྗེས་སུ་འབྲང་བར་བྱའོ་ཞེས་པ་དང་འབྲེལ་ཏོ། །དེ་ལྟར་མཉམ་པར་གཞག་པ་ལ་མི་མཐུན་པའི་ཕྱོགས་སྤངས་ནས་མཉམ་པར་གཞག་པ་ལ་གཅིག་ཏུ་གཞོལ་བར་བྱའོ་ཞེས་བསྟན་པའི་ཕྱིར། དེ་བས་ཞེས་པ་ལ་སོགས་པ་གསུངས་ ཏེ། སྒྲིབ་པ་ནི་ཉོན་མོངས་པ་ལ་སོགས་པ་ཡིན་ལ། བསལ་བ་ནི་འཆད་པར་འགྱུར་བའི་ཚུལ་གྱིས་དེ་དག་སྤོང་བར་འདོད་པ་སྟེ། མཉམ་པར་གཞག་པ་སྟེ་ཞི་གནས་ལ་འབྲེལ་པར་བྱའོ། །རྣམ་པ་གང་གིས་ཤེ་ན། ལོག་པའི་ལམ་ལས་ཞེས་པ་ལ་སོགས་པ་གསུངས་ཏེ། སྔར་བརྗོད་ པའི་འདོད་པའི་རྣམ་པར་རྟོག་པ་ལ་སོགས་པ་རྣམས་ལས་སོ། །ཡང་ན་ལོག་པའི་ལམ་ནི་ལེ་ལོ་ལ་སོགས་པའི་ཉོན་མོངས་པ་རྣམས་ལ་བརྗོད་དེ། ཇི་ལྟར་མདོར་བསྡུས་ན་ཏིང་ངེ་འཛིན་ཐམས་ཅད་ཀྱི་ཉེས་པ་ནི་རྣམ་པ་དྲུག་ཡིན་ཏེ། ལེ་ལོ་དང་། དམིགས་པ་ལ་བརྗེད་ངས་པ་དང་། བྱིང་བ་ དང་། རྒོད་པ་དང་། མི་རྩོལ་བ་དང་། རྩོལ་བའོ། །འདི་རྣམས་ཀྱི་གཉེན་པོ་སྤོང་བའི་འདུ་བྱེད་བསྒོམ་པར་བྱ་བ་ཡིན་ཏེ། འདི་ལྟར་དད་པ་དང་། འདུན་པ་དང་། རྩོལ་བ་དང་། ཤིན་ཏུ་སྦྱངས་པ་དང་། དྲན་པ་དང་། ཤེས་བཞིན་དང་། སེམས་པ་དང་བཏང་སྙོམས་རྣམས་སོ། །དེ་ལ་ དང་པོ་བཞི་ནི་ལེ་ལོའི་གཉེན་པོའོ། །འདི་ལྟར་ཏིང་ངེ་འཛིན་གྱི་ཡོན་ཏན་རྣམས་ལ་མངོན་པར་ཡིད་ཆེས་པའི་མཚན་ཉིད་ཀྱི་དད་པས་རྣལ་འབྱོར་པ་དེ་ལ་མངོན་པར་འདོད་པ་སྐྱེ་ལ། མངོན་པར་འདོད་པ་དེ་ལས་བརྩོན་འགྲུས་རྩོམ་ཞིང་། བརྩོན་འགྲུས་ཀྱི་སྟོབས་དེ་ལས་ལུས་དང་སེམས་ ལས་སུ་རུང་བ་སྒྲུབ་པར་བྱེད་དེ། དེ་ལས་ནི་ཤིན་ཏུ་སྦྱངས་པའི་ལུས་དང་སེམས་ཡིན་ཏེ། ལེ་ལོ་ཟློག་པར་བྱེད་དོ། །དེས་ན་དད་པ་ལ་སོགས་པ་རྣམས་ལེ་ལོ་སྤང་བའི་ཆེད་དུ་བསྒོམ་པར་བྱའོ། །དྲན་པ་ལ་དམིགས་པ་ནི་བརྗེད་པའི་གཉེན་པོ་ཡིན་ལ། ཤེས་བཞིན་ནི་བྱིང་བ་དང་རྒོད་ པའི་གཉེན་པོ་ཡིན་ཏེ། ཡང་དག་པའི་ཡོན་ཏན་ཉེ་བར་མཚོན་པའི་ཕྱིར་རོ། །བྱིང་བ་དང་རྒོད་པའི་རབ་ཏུ་ཞི་བའི་དུས་ན་ཡང་མི་རྩོལ་བ་ཉེས་པ་ཡིན་ཏེ། དེའི་གཉེན་པོར་བྱིང་བ་དང་རྒོད་པ་རབ་ཏུ་ཞི་བ་ན་སེམས་པ་བསྒོམ་པར་བྱའོ། །གང་གི་ཚེ་སེམས་གདུལ་དཀའ་བ་དེའི་ཚེ་རྩོལ་བ་ཉེས་པ་ཡིན་ནོ། ། ད་ནི་དེའི་གཉེན་པོར་བཏང་སྙོམས་བསྒོམ་པར་བྱ་སྟེ། སྤོང་བའི་འདུ་བྱེད་བརྒྱད་པོ་འདི་རྣམས་དང་ལྡན་པའི་ཏིང་ངེ་འཛིན་མཆོག་ཏུ་ལས་སུ་རུང་བར་འགྱུར་རོ་ཞེས་རྒྱས་པར་གསུངས་སོ། །དེ་ལྟར་འདིའི་ཕྱིར་ལོག་པའི་ལམ་ལས་སེམས་བླན་ཏེ་བཟློག་ནས་སོ། །འདིས་ནི་དམ་པའི་ལས་ཀྱི་ སྦྱོར་བ་བཤད་པ་ཡིན་ནོ། །རང་བཞིན་ཅི་ཡིན་ཞེ་ན། ཡང་དག་དམིགས་ལ་རྟག་པ་སྟེ། གང་ཅུང་ཟད་དམིགས་པ་མདོར་བསྡུས་པས་སམ་རྒྱས་པས་སེམས་ཀྱི་ངེས་པ་དེ་ལ་བརྟན་པ་ཡིན་ཏེ། མི་མཐུན་པའི་ཕྱོགས་ཀྱི་སེམས་བར་མ་ཆོད་པར་ཏེ་དེའི་བར་ཆོད་དང་བྲལ་བ་ཞེས་བྱ་བའི་ཐ་ཚིག་ གོ། །འདིས་ནི་མཉམ་པར་གཞག་པའི་རང་བཞིན་བརྗོད་དོ། །སེམས་རྩེ་གཅིག་པ་དེའི་རང་བཞིན་ཡིན་པའི་ཕྱིར། རྒྱུན་མི་འཆད་པའི་སྦྱོར་བ་ཡང་བརྗོད་པ་ཡིན་ནོ། །ཞི་གནས་བསྒོམ་པ་བསྒྲུབ་པའི་རིམ་པ་འདི་ཡང་ཀ་མ་ལ་ཤཱི་ལའི་བསྒོམ་པའི་རིམ་པ་ལས་གསལ་བར་བསྟན་ཏེ། དེར་བརྗོད་ པ་ནི་འདི་ལྟར་ཚུལ་ཁྲིམས་ལ་སོགས་པ་ཞི་གནས་ཀྱི་ཚོགས་རྣམས་ལ་གནས་ནས་ཡིད་དང་རྗེས་སུ་མཐུན་པའི་གནས་རྣམས་སུ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་ཕྱག་འཚལ་བ་ལ་སོགས་པ་བྱས་ནས། སྡིག་པ་བཤགས་པ་དང་བསོད་ནམས་ལ་རྗེས་སུ་ཡི་རང་བ་ཡང་བྱས་ཏེ། འགྲོ་བ་མཐའ་དག་གདོན་པའི་བསམ་པས་སྙིང་རྗེ་ཆེན་པོ་ཉིད་མངོན་དུ་བྱས་ཏེ། བདེ་བའི་སྟན་ལ་འདུག་ནས་ལུས་དྲང་པོར་བསྲང་སྟེ་སྐྱིལ་མོ་ཀྲུང་བཅས་ནས་ཏིང་ངེ་འཛིན་བསྐྱེད་པར་བྱའོ། །དེ་ལ་དང་པོར་རེ་ཞིག་གང་དངོས་པོ་དེ་ལ་དཔྱད་པར་བྱ་སྟེ། ཇི་སྲིད་དུ་རྣམ་པ་གང་གིས་མདོར་ན་དངོས་པོ་ མཐའ་དག་བསྡུས་པར་གྱུར་པ་དེ་ལ་སེམས་བརྟན་པར་བྱའོ། །ཡང་མདོར་བསྡུས་ན་དངོས་པོ་ཐམས་ཅད་ནི་གཟུགས་དང་གཟུགས་མེད་པའི་དབྱེ་བས་རྣམ་པ་གཉིས་ཡིན་ཏེ། དེ་ལ་ཡང་ལས་དང་པོ་པའི་རྣམ་པར་གཡེང་བའི་ཉེས་པ་སྤང་བའི་ཕྱིར་རེ་ཞིག་མདོར་བསྡུས་པ་ལ་དམིགས་ པར་རིགས་སོ། །གལ་ཏེ་ཡིད་ལ་བྱེད་པ་དུལ་བར་གྱུར་ན། དེའི་ཚེ་ཕུང་པོ་དང་ཁམས་ལ་སོགས་པའི་དབྱེ་བས་རྣམ་པར་སྦྱངས་ཏེ་རྒྱས་པ་ལ་ཡང་དམིགས་པར་བྱ་བ་ཉིད་དོ། །ཇི་སྲིད་དུ་དེ་ལས་ངེས་པར་བྱས་ནས་དངོས་པོ་ཐམས་ཅད་བསྡུས་པ་དེ་ཉིད་ལ་ཡང་སེམས་ཀྱི་རྒྱུན་བསྡམ་པར་ བྱའོ། །གང་གི་ཚེ་བར་སྐབས་སུ་འདོད་ཆགས་ལ་སོགས་པས་སེམས་ཀྱི་ཕྱི་རོལ་དུ་རྣམ་པར་གཡེངས་པ་དེའི་ཚེ་རྣམ་པར་གཡེངས་པར་ཚོར་བར་བྱས་ལ། མྱུར་དུ་མི་སྡུག་པ་བསྒོམ་པ་ལ་སོགས་པས་རྣམ་པར་གཡེང་བ་ཞི་བར་བྱས་ནས་མྱུར་དུ་དེ་ཉིད་ལ་སེམས་ཕྱིར་ཞིང་འཇུག་པར་ བྱའོ། །གང་གི་ཚེ་དེ་ལ་སེམས་མངོན་པར་མི་དགའ་བར་མཐོང་བ་དེའི་ཚེ་ཏིང་ངེ་འཛིན་གྱི་ཡོན་ཏན་མཐོང་བ་དེ་ལ་མངོན་པར་དགའ་བ་བསྒོམ་པར་བྱའོ། །རྣམ་པར་གཡེང་བ་ལ་ཉེས་པར་མཐོང་བས་ཀྱང་མི་དགའ་བ་རབ་ཏུ་ཞི་བར་བྱའོ། །ཅི་སྟེ་རྨུགས་པ་དང་གཉིད་ཀྱིས་ནོན་ཏེ་རྒྱུ་བ་མི་ གསལ་བས་སེམས་བྱིང་བའམ་བྱིང་དུ་དོགས་པར་མཐོང་བ་དེའི་ཚེ་སྣང་བའི་འདུ་ཤེས་སངས་རྒྱས་ཀྱི་ཡོན་ཏན་ལ་སོགས་པ་མཆོག་ཏུ་དགའ་བའི་དངོས་པོ་ཡིད་ལ་བྱེད་པས་མྱུར་དུ་བྱིང་བ་ཞི་བར་བྱས་ལ། ཡང་དམིགས་པ་དེ་ཁོ་ན་ཉིད་ཤིན་ཏུ་བརྟན་པོར་གཟུང་བར་བྱའོ། །ཅི་སྟེ་གང་གི་ཚེ་སྔོན་ དགོད་པ་དང་རྩེས་པ་རྗེས་སུ་དྲན་པར་གྱུར་པས་བར་སྐབས་བར་སྐབས་སུ་སེམས་འཕྱར་བའམ། རྒོད་དུ་དོགས་པར་མཐོང་བ་དེའི་ཚེ་གོང་མ་བཞིན་དུ་མི་རྟག་པ་ལ་སོགས་པ་ཡིད་འབྱུང་བར་འགྱུར་བའི་དངོས་པོ་ཡིད་ལ་བྱས་ལ། གཡེང་བ་ཞི་བར་བྱ་ཞིང་། དེ་ནས་ཡང་དེ་ཁོ་ན་ཉིད་ལ་ སེམས་མངོན་པར་འདུ་བྱ་བ་མེད་པར་འཇུག་པར་འབད་པར་བྱའོ། །གང་གི་ཚེ་བྱིང་བ་དང་རྒོད་པ་དང་བྲལ་བར་གྱུར་ནས་མཉམ་པར་ཞུགས་ཏེ། དེ་ཁོ་ན་ཉིད་དེ་ཉིད་ལ་སེམས་རང་གི་ངང་གིས་འཇུག་པར་གྱུར་པ་དེའི་ཚེ་རྩོལ་བ་གློད་དེ་བཏང་སྙོམས་སུ་བྱའོ། །གལ་ཏེ་སེམས་མཉམ་ པར་ཞུགས་པ་ལ་བརྩལ་བར་བྱས་ན་དེའི་ཚེ་སེམས་རྣམ་པར་གཡེང་བར་འགྱུར་རོ། །ཡང་གང་གི་ཚེ་དམིགས་པ་དེ་ལ་མངོན་པར་འདུ་བྱེད་པ་མེད་པར་འཇུག་པས་ཇི་ལྟར་འདོད་པར་འཇུག་པར་འགྱུར་ཏེ། དེའི་ཚེ་ཞི་གནས་གྲུབ་པར་རིག་པར་བྱའོ། །འདི་ཡང་ཞི་ གནས་ཐམས་ཅད་ཀྱི་ཐུན་མོང་གི་མཚན་ཉིད་ཡིན་ཏེ། སེམས་རྩེ་གཅིག་པ་ཙམ་གྱི་རང་བཞིན་ཡིན་པའི་ཕྱིར་རོ། །ཞི་གནས་ཀྱི་དམིགས་པ་ཡང་མ་ངེས་པ་དེ་ཉིད་ཡིན་ནོ་ཞེས་རྒྱས་པར་བཤད་དོ། །འདིས་དམིགས་པ་ལ་བར་མེད་པ་ཉིད་དུ་བཤད་པའམ། མི་མཐུན་པའི་ཕྱོགས་བསལ་བ་ ཡང་བསྟན་པ་ཡིན་ནོ། །བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་དཀའ་འགྲེལ་ཤེས་རབ་འབྱུང་གནས་བློ་གྲོས་ཀྱིས་མཛད་པ་ལས་བསམ་གཏན་གྱི་ལེའུ་སྟེ་བརྒྱད་པའོ།། །།འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །གང་དག་ གོས་པ་མེད་པ་ཉིད་ཀྱིས་སྤྲོས་པ་ཀུན་སྤངས་བླ་མེད་གོ་འཕང་ལྡན། །ཤེས་རབ་ལ་སོགས་ཕ་རོལ་ཕྱིན་པར་ཀུན་རྫོབ་ཚིག་གིས་བརྗོད་དེ་ཟག་པ་མེད། །གང་ཞིག་ཡང་དག་རྟོགས་པས་དྲི་མེད་བློ་དག་མྱ་ངན་འདས་མཆོག་བརྙེས་དེ་ལ། །ཕྱག་འཚལ་ནས་ནི་དེ་ཡི་འགྲེལ་པ་རབ་ཏུ་གསལ་བའི་ ཚིག་གིས་རིམ་པ་བཞིན་དུ་བྱ། །ཡོན་ཏན་གཏེར་གྱུར་སློབ་དཔོན་ཞི་བའི་ལྷ་འདིས་གང་དུ་གསལ་བར་ནི། །གསུང་རབ་རྒྱ་མཚོ་ཆེན་པོའི་ཕ་རོལ་སོན་པས་བརྗོད་པར་སྤྱོད་པ་ཡིན། །བློ་གྲོས་རྨོངས་པ་བདག་གིས་དེ་དོན་ཇི་ལྟར་བརྗོད་ནུས་དེ་ལྟ་ནའང་། །ཤེས་རབ་གོམས་པས་ལེགས་བྱས་ གང་ཕྱིར་མཉམ་མེད་དེས་ན་དེ་ལ་འཇུག །ཡོན་ཏན་ཕྲ་བ་འགའ་ཡི་བག་ཆགས་བློ་གྲོས་མེད་པ་སྟེ། །བདག་ལ་སྤོབས་པའི་ཡོན་ཏན་བསགས་པ་ཡོད་པ་མ་ཡིན་ལ། །དེ་ལྟ་མོད་ཀྱི་གང་ཕྱིར་བཤེས་གཉེན་དམ་པ་བསྟེན་པ་ཡི། །འབྲས་བུ་དེ་ལྟར་དེ་ལྟ་བུ་ལ་ངག་ནི་རབ་ཏུ་རྒྱས། ། དེ་ལ་གང་ཞིག་རིགས་ཀྱི་ཁྱད་པར་འགའ་ལས་དགེ་བའི་བཤེས་གཉེན་བསྟེན་པ་ཉིད་ཀྱིས་འགྲོ་བ་གསུམ་གྱི་ནང་དུ་གཏོགས་པའི་སྐྱེ་བོ་མ་ལུས་པ་སྡུག་བསྔལ་གྱིས་སྡུག་བསྔལ་བར་གྱུར་པའི་སྲོག་འཛིན་པ་ཐམས་ཅད་སྡུག་བསྔལ་མ་ལུས་པ་ལས་གདོན་པའི་བསམ་པས་བདག་ཉིད་ཀྱི་ སྡུག་བསྔལ་ཁྱད་དུ་བསད་དེ། དེ་ཞི་བའི་ཐབས་སུ་གྱུར་པ་སངས་རྒྱས་ཡིན་པར་འདི་ལྟར་བསམས་ནས། དེ་ཐོབ་པར་འདོད་པས་བྱང་ཆུབ་ཀྱི་སེམས་བསྐྱེད་པའི་ཆེ་བའི་བདག་ཉིད་བདེ་བར་གཤེགས་པ་སྒྲུབ་པའི་ཐབས་སུ་གྱུར་པ་ཚོགས་གཉིས་ཡོངས་སུ་རྫོགས་པའི་དོན་དུ་སྦྱིན་པ་ལ་སོགས་པ་ རྣམས་ལ་རིམ་གྱིས་འཇུག་སྟེ། དེ་དེ་ལྟར་ཞུགས་པ་ན་ཞི་གནས་དང་ཡང་དག་པར་ལྡན་པར་གྱུར་པས་བདག་ཀྱང་སྦྱིན་པ་ལ་སོགས་པ་ཤེས་རབ་དང་བྲལ་བ་ཉིད་ཀྱིས་འགྲོ་བའི་དོན་བསྒྲུབ་པའི་རྒྱུས་སངས་རྒྱས་ཉིད་ཐོབ་པ་མ་ཡིན་པར་བསམས་ནས་འཁོར་བའི་སྡུག་བསྔལ་ལས་ངེས་པར་འབྱུང་བར་ འདོད་པས་ཤེས་རབ་བསྐྱེད་པའི་དོན་དུ་འབད་པར་བྱ་སྟེ། ཇི་སྐད་དུ། ཞི་གནས་རབ་ཏུ་ལྡན་པའི་ལྷག་མཐོང་གིས། །ཞེས་བྱ་བ་ལ་སོགས་པ་གསུངས་པས་སོ། །དེ་ལ་ཞི་གནས་བསྟན་ནས། ད་ནི་དེའི་རྗེས་ལ་ཐོབ་པའི་ལྷག་མཐོང་གི་མིང་ཅན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྟན་པའི་ཕྱིར། ཡན་ལག་འདི་དག་ཐམས་ཅད་ཅེས་པ་ལ་སོགས་པ་གསུངས་ཏེ། འདི་དག་ཅེས་པ་ནི་བསྟན་བཅོས་འདིར་བརྗོད་མ་ཐག་པའི་མཚན་ཉིད་ཅན་སྦྱིན་པ་ལ་སོགས་པའོ། །འདི་ཞེས་པ་ནི་མངོན་སུམ་དུ་གྱུར་པ་ཉིད་ལ་དཔྱོད་པར་བྱེད་དོ། །ཡན་ལག་འདི་དག་ཅེས་པ་ནི་འཁོར་ཏེ་རིས་ཡིན་ལ་ ཚོགས་ཞེས་པའི་ཐ་ཚིག་གོ། །བརྗོད་པ་དང་རྗོད་པའི་རྣམ་པ་དང་གཞན་ཡང་སྟེ། ཤེས་རབ་དོན་དུ་ཐུབ་པས་གསུངས། །ཞེས་པ་དང་འབྲེལ་ཏོ། །ཤེས་རབ་ནི་ཇི་ལྟར་གནས་པའི་རྟེན་ཅིང་འབྲེལ་པར་འབྱུང་བའི་དངོས་པོའི་དེ་ཁོ་ན་ཉིད་རབ་ཏུ་རྣམ་པར་འབྱེད་པའི་མཚན་ཉིད་ཅན་ཡིན་ལ་ དེ་ཉིད་དོན་ཡིན་ཏེ། བྱང་ཆུབ་ཀྱི་རྒྱུའི་དངོས་པོ་ཡང་དག་པར་འདྲེན་པར་བྱེད་པས་གང་གི་སྦྱིན་པ་ལ་སོགས་པའི་མཚན་ཉིད་ཀྱི་ཡན་ལག་ནི་དགོས་པ་ཡིན་པ་དེ་ལ་དེ་སྐད་ཅེས་བརྗོད་དོ། །སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པའི་དངོས་པོ་རྣམས་ལས་ཆོས་རྣམ་པར་འབྱེད་པའི་རང་བཞིན་གྱི་ ཤེས་རབ་གཙོ་བོ་ཡིན་པའི་ཕྱིར་རོ། །དེ་ལྟར་ཡང་སྦྱིན་པ་ནི་སངས་རྒྱས་ཀྱི་བྱང་ཆུབ་ཐོབ་པའི་ཕྱིར་རྒྱུའི་དང་པོ་ཡིན་ཏེ། བསོད་ནམས་ཀྱི་ཚོགས་སུ་གཏོགས་པའི་ཕྱིར་རོ། །དེ་ཡང་ཚུལ་ཁྲིམས་ཀྱི་རྒྱན་དུ་བྱས་པ་ཉིད་བདེ་འགྲོ་བརྒྱུད་པར་བདེ་བའི་ལོངས་སྤྱོད་ཀྱི་ཉེ་བར་མཁོ་བ་ཕུན་སུམ་ཚོགས་ པ་འབྱུང་བར་འགྱུར་བས་བླ་ན་མེད་པའི་ཡེ་ཤེས་འབྱུང་བའི་རྒྱུ་ཡིན་ནོ། །བཟོད་པ་ཡང་དེའི་མི་མཐུན་པའི་ཕྱོགས་སུ་གྱུར་པ་ཁོང་ཁྲོའི་གཉེན་པོ་ཉིད་ཀྱིས་སྦྱིན་པ་དང་ཚུལ་ཁྲིམས་ཀྱིས་ལེགས་པར་སྤྱད་པའི་རང་བཞིན་གྱི་ཚོགས་རྗེས་སུ་སྐྱོང་བར་བྱེད་པ་ཡིན་ཏེ་བདེ་འགྲོ་ཉིད་ ཐོབ་པའི་ཆེད་དུ་རབ་ཏུ་འཇུག་གོ། །སྦྱིན་པ་ལ་སོགས་པ་གསུམ་པོ་ལས་བྱུང་བའི་བསོད་ནམས་ཀྱི་ཚོགས་སུ་བརྗོད་པ་འདི་ཡང་དགེ་བ་ཡིན་ཏེ། བསམ་གཏན་ལ་སོགས་པ་ལས་བྱུང་བ་ནི་ཡེ་ཤེས་ཀྱི་ཚོགས་ཞེས་པ་ཡིན་ལ། དེ་དག་བརྩོན་འགྲུས་མེད་པར་མི་འབྱུང་བས་དེ་ལྟར་ན་ཡང་ཚོགས་ གཉིས་ཀའི་རྒྱུ་ཡིན་པས་སྒྲིབ་པ་ཐམས་ཅད་སྤོང་བའི་ཆེད་དུ་བྱུང་བ་ཡིན་ནོ། །སེམས་མཉམ་པར་གཞག་པས་ཡང་དག་པ་ཇི་ལྟ་བ་བཞིན་ཤེས་པར་འགྱུར་བས་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡང་བླ་ན་མེད་པའི་ཡེ་ཤེས་ཐོབ་པའི་རྒྱུ་རུ་འགྱུར་བ་ཡིན་ནོ། །དེ་ལྟར་སྦྱིན་པ་ལ་སོགས་པ་འདི་ རྣམས་གུས་པར་བྱས་པས་བསྒྲུབས་ན་ཡང་། ཤེས་རབ་དང་བྲལ་ན་བླ་ན་མེད་པའི་གོ་འཕང་ཐོབ་པའི་རྒྱུར་མི་འགྱུར་ཞིང་ཕ་རོལ་ཏུ་ཕྱིན་པའི་མིང་ཡང་ཐོབ་པ་མ་ཡིན་ཏེ། ཤེས་རབ་ཀྱིས་དག་པར་བྱས་པ་ལ་བསྟེན་པས་དེ་ཡང་བར་ཆད་མེད་པར་རྒྱ་ཆེ་བ་ལ་འཇུག་པས་དེའི་རྗེས་སུ་འཇུག་པ་ན་དེའི་ རྒྱུའི་དངོས་པོ་ཐོབ་པར་འགྱུར་ལ། ཕ་རོལ་ཏུ་ཕྱིན་པའི་མིང་ཡང་ཐོབ་པར་འགྱུར་རོ། །དེ་བཞིན་དུ་གཏོང་བ་པོ་དང་། སྦྱིན་པར་བྱ་བ་དང་། ལེན་པ་པོ་ལ་སོགས་པ་གསུམ་པོ་རྣམས་མི་དམིགས་པའི་སྦྱོར་བས་ཤེས་རབ་ཀྱིས་ཡོངས་སུ་སྦྱངས་ཏེ། གུས་ཤིང་བར་ཆད་མེད་པར་དུས་ཡུན་རིང་པོར་ གོམས་པར་བྱས་པས་རབ་ཀྱི་མཐར་ཐུག་པར་འགྲོ་ཞིང་། །མ་རིག་པས་བསྐྱེད་པའི་རྣམ་པར་རྟོག་པའི་དྲ་བ་མཐའ་དག་དང་བྲལ་ཏེ། ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་ལས་གྲོལ་བའི་བདག་མེད་པ་རྣམ་པ་གཉིས་ཐུགས་སུ་ཆུད་པའི་རང་བཞིན་བདག་དང་གཞན་ལ་ཕན་པ་ཐམས་ཅད་ཀྱི་ གཞིར་གྱུར་པ། དོན་དམ་པའི་དེ་ཁོ་ན་ཉིད་ཀྱི་བདག་ཉིད་དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུ་མངོན་པར་ཐོབ་པར་བྱེད་པས་ཤེས་རབ་ནི་གཙོ་བོ་ཡིན་ལ། སྦྱིན་པ་ལ་སོགས་པ་ནི་ཕལ་པར་བརྗོད་དོ། །སྦྱིན་པ་ལ་སོགས་པ་ལས་ཤེས་རབ་གཙོ་བོ་ཡིན་ན་བྱང་ཆུབ་སྒྲུབ་པར་བྱེད་པའི་རྒྱུ་དེ་ཉིད་ འབའ་ཞིག་ཞོག་ལ། སྦྱིན་པ་ལ་སོགས་པ་རྣམས་ཀྱིས་ཅི་ཞིག་བྱ་ཞེས་ནི་བརྗོད་པར་མི་བྱ་སྟེ། དེ་ལས་གཞན་གྱི་དགོས་པ་བརྗོད་ཟིན་པའི་ཕྱིར་རོ། །སྦྱིན་པ་ལ་སོགས་པ་འབའ་ཞིག་ནི་མིག་དང་བྲལ་བ་ཡིན་ཏེ། ཤེས་རབ་ཀྱི་མིག་དང་ལྡན་པ་ཉིད་ཀྱིས་ཇི་ལྟར་མངོན་པར་འདོད་པའི་བདེ་བར་གཤེགས་པ་ ཉིད་ཀྱིས་སར་འགྲོ་བར་འགྱུར་བར་བྱེད་པའི་ཕྱིར་ཤེས་རབ་ལ་འདྲེན་པར་བརྗོད་དེ། ཤེས་རབ་འབའ་ཞིག་ཀྱང་ཡང་དག་པར་རྫོགས་པའི་བྱང་ཆུབ་སྒྲུབ་པར་བྱེད་པ་ནི་མ་ཡིན་ནོ། །དེ་ལྟ་བས་ན་སྦྱིན་པ་ལ་སོགས་པའི་འཁོར་ནི་ཤེས་རབ་ཀྱི་དོན་དུ་གྲུབ་པོ། །རྣམ་པར་རྟོག་པ་ཐམས་ ཅད་སྤངས་པའི་ཕྱིར་རམ། སྒྲོ་འདོགས་པ་དང་སྐུར་པ་འདེབས་པའི་མཐའ་གཉིས་པོ་མི་གསུང་བའི་ཕྱིར་རམ། མི་སློབ་པའི་ལུས་དང་ངག་དང་ཡིད་ཀྱི་ལས་ཀྱི་མཚན་ཉིད་ཐུབ་པ་གསུམ་དང་འབྲེལ་པའི་ཕྱིར་ཐུབ་པ་ནི་སངས་རྒྱས་བཅོམ་ལྡན་འདས་སོ། །སྡུག་བསྔལ་གསུམ་གྱིས་སྡུག་ བསྔལ་བའི་འགྲོ་བ་ཐམས་ཅད་ཡོངས་སུ་བསྐྱབ་པའི་དགོངས་པས་གསུངས་ཏེ་གསུངས་པ་དང་ལྡན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པའི་མདོ་རྣམས་སུ་ཤེས་རབ་ཀྱི་དོན་དུ་རིམ་པས་སྦྱིན་པ་ལ་སོགས་པའི་འཁོར་གསུངས་པ་ཡིན་ནོ། །ཇི་སྐད་དུ་ འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ་ལས། རབ་འབྱོར་འདི་ལྟ་སྟེ་དཔེར་ན། ཉི་མའི་དཀྱིལ་འཁོར་དང་ཟླ་བའི་དཀྱིལ་འཁོར་ནི་གླིང་བཞིར་ལས་བྱེད་ཅིང་། གླིང་བཞིའི་རྗེས་སུ་འགྲོའོ། །གླིང་བཞིའི་རྗེས་སུ་འབྲང་ངོ་། །རབ་འབྱོར་དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ ཡང་ཕ་རོལ་ཏུ་ཕྱིན་པ་ལྔར་ལས་བྱེད་ཅིང་། ཕ་རོལ་ཏུ་ཕྱིན་པ་ལྔའི་རྗེས་སུ་འགྲོའོ། །ཕ་རོལ་ཏུ་ཕྱིན་པ་ལྔའི་རྗེས་སུ་འབྲང་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་བྲལ་ན་ཕ་རོལ་ཏུ་ཕྱིན་པ་ལྔ་ཕ་རོལ་ཏུ་ཕྱིན་པའི་མིང་མི་འཐོབ་བོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན་འཁོར་ལོས་སྒྱུར་བའི་རྒྱལ་པོ་དང་ བྲལ་ན། རིན་པོ་ཆེ་སྣ་བདུན་གྱིས་འཁོར་ལོས་སྒྱུར་བའི་མིང་མི་འཐོབ་བོ། །རབ་འབྱོར་དེ་བཞིན་དུ་ཕ་རོལ་ཏུ་ཕྱིན་པ་ལྔ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་བྲལ་ན་ཕ་རོལ་ཏུ་ཕྱིན་པའི་མིང་མི་འཐོབ་བོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན་ཆུ་ཀླུང་གང་ཅི་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད་ནི་ཆུ་ཀླུང་ཆེན་པོ་གངྒཱ་ གང་ན་བ་དེར་འདོང་ངོ་། །དེ་དག་ཆུ་ཀླུང་གངྒཱ་དང་འགྲོགས་ཤིང་རྒྱ་མཚོ་ཆེན་པོའི་ནང་དུ་འདོང་ངོ་། །རབ་འབྱོར་དེ་བཞིན་དུ་ཕ་རོལ་ཏུ་ཕྱིན་པ་ལྔ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་ཟིན་ན་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་གང་ན་བ་དེར་འདོང་ངོ་ཞེས་རྒྱ་ཆེར་གསུངས་སོ། ། དེ་ཡང་ཇི་སྐད་དུ། ཀཽ་ཤི་ཀ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདིས་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཟིལ་གྱིས་གནོན་ཏོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་ གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཟིལ་གྱིས་གནོན་ཏོ། །ཀཽ་ཤི་ཀ་འདི་ལྟ་སྟེ་དཔེར་ན་དམུས་ལོང་བརྒྱའམ་སྟོང་ངམ་བརྒྱ་ཕྲག་སྟོང་ཡང་རུང་སྟེ། དམིགས་བུ་མེད་པར་ལམ་དུ་འཇུག་པར་ཡང་མི་ནུས་ན་གྲོང་ཁྱེར་དུ་འགྲོ་བར་ལྟ་ག་ལ་ནུས། ཀཽ་ཤི་ཀ་དེ་བཞིན་དུ་ཕ་རོལ་ཏུ་ཕྱིན་པ་ལྔ་པོ་འདི་དག་ནི་དམུས་ ལོང་ལྟ་བུར་གྱུར་པ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མེད་ན་དེ་དག་ལ་དམིགས་བུ་མེད་པས་བྱང་ཆུབ་ཀྱི་ལམ་ཡང་སྐྱེད་པར་མི་ནུས་ན་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་གྲོང་ཁྱེར་དུ་འཇུག་པར་ལྟ་ག་ལ་ནུས། ཀཽ་ཤི་ཀ་ཕ་རོལ་ཏུ་ཕྱིན་པ་ལྔ་ནམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་ཟིན་ པར་གྱུར་པ་དེའི་ཚེ་མིག་དང་ལྡན་པར་གྱུར་ཏེ། ཕ་རོལ་ཏུ་ཕྱིན་པ་ལྔ་པོ་འདི་དག་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་བཟུང་ན་ཕ་རོལ་ཏུ་ཕྱིན་པའི་མིང་མི་འཐོབ་པོ་ཞེས་རྒྱ་ཆེར་གསུངས་པ་ཡིན་ནོ། །དེ་བཞིན་དུ་གཞན་ཡང་འདིར་མདོ་གཞན་གྱི་རྗེས་སུ་འབྲངས་ནས་ཇི་ལྟ་བ་བཞིན་དུ་གོ་བར་ བྱའོ། །འདི་སྐད་དུ། དྲི་མེད་སྨད་པ་མེད་ཁྱོད་ལ། །ཕ་རོལ་ཕྱིན་པ་ཐམས་ཅད་རྣམས། །ཐམས་ཅད་དུ་ནི་རྗེས་འབྲང་སྟེ། །ཟླ་བའི་རྗེས་སུ་རྒྱུ་སྐར་བཞིན། །ཞེས་གསུངས་པ་ཡིན་ནོ། །ཡང་ན་འདི་དག་ཅེས་གསུངས་པ་ཡིན་ནོ། །དེ་བཞིན་དུ་གཞན་ཡང་བ་ནི་འདས་མ་ཐག་པའི་ ཞི་གནས་ཀྱི་བདག་ཉིད་ཀྱི་རྒྱུན་ནོ། །ཡན་ལག་ཅེས་པ་ནི་ཤེས་རབ་ཀུན་ནས་སློང་བར་བྱེད་པ་ཉིད་ཀྱིས་དེའི་རྒྱུ་ཚོགས་སམ་གཞི་ཡིན་ནོ། །ཤེས་རབ་དོན་དུ་ཞེས་པ་ནི་སྔར་བརྗོད་པའི་ཤེས་རབ་དེ་ཉིད་དགོས་པ་ཡིན་ཞིང་བསྒྲུབ་པར་བྱ་བ་ཉིད་ཀྱིས་གང་གི་ཡིན་པ་ནི་ཞི་གནས་ཀྱིས་ཡོངས་སུ་ དག་པར་བྱས་པའི་སེམས་ཀྱི་རྒྱུན་ལ་ཤེས་རབ་སྐྱེ་བའི་ཕྱིར། ལེགས་པར་སྦྱངས་པའི་ཞིང་ལས་འབྲུ་སྐྱེ་བ་དང་འདྲའོ། །ཇི་ལྟར་བསླབ་པ་ཀུན་ལས་བསྡུས་པར་ཡང་ཞི་གནས་འདིའི་བདག་ཉིད་ཆེ་བ་ཇི་ལྟ་ཞེ་ན། ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་པ་སྐྱེད་པར་ནུས་པ་ཡིན་ཏེ། གང་གི་ཕྱིར་མཉམ་ པར་གཞག་པས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ་ཞེས་བརྗོད་དེ་ཐུབ་པས་གསུངས་སོ་ཞེས་པ་ཡིན་ནོ། །འདི་ཡང་འཕགས་པ་ཆོས་ཡང་དག་པར་སྡུད་པ་ལས། མཉམ་པར་གཞག་པའི་སེམས་ཀྱིས་ཡང་དག་པ་ཇི་ལྟ་བ་བཞིན་མཐོང་བར་འགྱུར་རོ། །ཡང་དག་པ་ཇི་ལྟ་བ་བཞིན་དུ་མཐོང་ བའི་བྱང་ཆུབ་སེམས་དཔའ་སེམས་ཅན་རྣམས་ལ་སྙིང་རྗེ་ཆེན་པོ་འཇུག་སྟེ། བདག་གིས་སེམས་ཅན་ཐམས་ཅད་ལ་ཏིང་ངེ་འཛིན་གྱི་སྒོ་འདི་བསྒྲུབ་པར་བྱའོ། །སྙིང་རྗེ་ཆེན་པོ་དེས་བསྐུལ་བས་ལྷག་པའི་ཚུལ་ཁྲིམས་དང་ལྷག་པའི་སེམས་དང་ལྷག་པའི་ཤེས་རབ་ཀྱི་བསླབ་པ་ཡོངས་སུ་རྫོགས་ པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་རྫོགས་པར་བྱའོ་ཞེས་རྒྱས་པར་གསུངས་སོ། །ནི་ཞེས་པ་ནི་གང་གི་ཕྱིར་ཏེ། སྦྱིན་པ་ལ་སོགས་པའི་འཁོར་རམ་ཞི་གནས་ཀྱི་བདག་ཉིད་ཀྱི་འཁོར་ཤེས་རབ་ཀྱི་དོན་དུ་ཡིན་པར་ཐུབ་པས་གསུངས་ཏེ། དེ་ལྟ་བས་ན་ཤེས་རབ་བསྐྱེད་པར་བྱའོ་ཞེས་ སྦྱར་བར་བྱའོ། །བསྐྱེད་པར་བྱའོ་ཞེས་པ་ནི་བསྒྲུབ་པར་བྱའོ་ཞེས་པའམ་མངོན་སུམ་དུ་བྱ་བའམ། བསྒོམ་པར་བྱ་བའམ། བསྟེན་པར་བྱ་བའམ། མང་ཆེད་དུ་བྱ་བའོ། །ཤེས་རབ་དེ་ཡང་རྣམ་པ་གཉིས་ཏེ། རྒྱུར་གྱུར་པ་དང་། འབྲས་བུར་གྱུར་པའོ། །རྒྱུར་གྱུར་པའང་རྣམ་པ་གཉིས་ཏེ། མོས་ པས་སྤྱོད་པ་དང་། ས་ཐོབ་པའི་བྱང་ཆུབ་སེམས་དཔའིའོ། །འབྲས་བུར་གྱུར་པ་ཡང་མཚན་མ་མེད་པའི་སྦྱོར་བས་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་ཆོས་ཐམས་ཅད་ཀྱི་སྟོང་པ་ཉིད་རྟོགས་པའི་རང་བཞིན་ནོ། །དེ་ལ་དང་པོར་རྒྱུར་གྱུར་པ་ནི་ཐོས་པ་དང་བསམ་པ་དང་བསྒོམ་པའི་རིམ་པ་ གོམས་པས་ས་ལ་རབ་ཏུ་ཞུགས་པའི་ཤེས་རབ་སྐྱེད་པར་བྱེད་པ་ཡིན་ཏེ། དེ་ཡང་ས་གཞན་དང་གཞན་འཐོབ་པའི་སྦྱོར་བས་མཆོག་ཏུ་འཕེལ་བར་གྱུར་པ་ཡིན་ཏེ། ཇི་སྲིད་དུ་སྒྲིབ་པ་གཉིས་དང་བྲལ་བ་རྟོག་པའི་དྲ་བ་མཐའ་དག་སྤངས་པའི་སངས་རྒྱས་ཉིད་ཀྱི་ཤེས་རབ་ཀྱི་རང་བཞིན་ཡོངས་སུ་རྫོགས་པར་ བྱེད་དེ། དེ་ཉིད་ཀྱི་ཕྱིར། སྡུག་བསྔལ་ཞི་བར་འདོད་པས་ཞེས་གསུངས་ཏེ། སྡུག་བསྔལ་ནི་འཁོར་བའི་འགྲོ་བ་རིས་ལྔས་ཡང་དག་པར་བསྡུས་པའི་སེམས་ཅན་གྱི་ཕུང་པོར་གཏོགས་པའི་བདག་ཉིད་ལ་ཡོད་པའི་སྐྱེ་བ་དང་། ནད་དང་། རྒ་བ་དང་། འཆི་བའི་རང་བཞིན་དང་། སྡུག་པ་དང་བྲལ་བ་དང་། མི་སྡུག་པ་དང་ཕྲད་པ་དང་། འདོད་པ་ཚོལ་བའི་གེགས་བྱེད་པའི་མཚན་ཉིད་དང་། མདོར་ན་ཉེ་བར་ལེན་པའི་ཕུང་པོའི་བདག་ཉིད་ཀྱང་ངོ་། །ཞི་བ་ནི་མྱ་ངན་ལས་འདས་པ་ཡིན་ཏེ། སླར་མི་སྐྱེ་བའི་ཉེ་བར་ཞི་བའི་ཆོས་ཉིད་ཀྱིས་ཤིན་ཏུ་རྒྱུན་ཆད་པ་ཞེས་པའི་དོན་ཏོ། །དེ་ལ་ འདོད་པ་ནི་མངོན་པར་འདོད་པ་དང་འདུན་པ་ཞེས་པའི་ཐ་ཚིག་གོ། །འདི་ལྟར་ཕྱིན་ཅི་ལོག་པའི་འདུ་ཤེས་ཅན་མི་བདེན་པའི་དེ་ཁོ་ན་ཉིད་དུ་སྒྲོ་འདོགས་པའི་མངོན་པར་ཞེན་པའི་སྟོབས་ཀྱིས་བདག་གི་བར་འཛིན་པར་འཇུག་པས་ཚུལ་བཞིན་མ་ཡིན་པའི་ཡིད་ལ་བྱེད་པ་ལས་བྱུང་བ། འདོད་ཆགས་ལ་སོགས་པ་ཉོན་ མོངས་པའི་ཚོགས་ཡང་དག་པར་སྐྱེ་བར་འགྱུར་རོ། །དེ་ལས་ནི་ལས་ཡིན་ལ། དེ་ལས་སྐྱེ་བ་ཡིན་ཞིང་དེ་ལས་ཀྱང་ནད་དང་རྒ་ཤི་མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་དང་། ཡིད་མི་བདེ་བའི་ཡོངས་སུ་ངལ་བ་ཡང་འབྱུང་བར་འགྱུར་རོ། །དེ་ལྟར་ན་འདི་འབའ་ཞིག་ལས་སྡུག་བསྔལ་ གྱི་ཕུང་པོ་ཆེན་པོ་འབྱུང་བར་འགྱུར་རོ། །དེ་ལས་དེ་ལྟར་ལུགས་ལས་བཟློག་པའི་རྣམ་པས་རྟེན་ཅིང་འབྲེལ་པར་འབྱུང་བ་ལ་ཡང་དག་པའི་ཤེས་རབ་ཀྱིས་དམིགས་པར་བྱེད་པས། ཡང་དེ་ཉིད་བདག་ཉིད་མེད་པ་དང་། བདག་པོ་མེད་པ་དང་། སྒྱུ་མ་དང་། སྨིག་རྒྱུ་དང་། དྲི་ཟའི་གྲོང་ཁྱེར་དང་། རྨི་ལམ་དང་། གཟུགས་བརྙན་ལ་སོགས་པ་དང་མཚུངས་པའི་རྣམ་པ་ཉིད་ཀྱིས་དོན་དམ་པ་རང་བཞིན་མེད་པར་མཐོང་བས་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་ཤེས་ཤིང་དེའི་མི་མཐུན་པའི་ཕྱོགས་ཀྱི་བདག་ཉིད་རྨོངས་པའི་རང་བཞིན་གྱི་མ་རིག་པ་སྲིད་པའི་ཡན་ལག་ཟློག་པར་བྱེད་ལ། མ་རིག་ པ་འགགས་པས་དེའི་རྐྱེན་ཡིན་པའི་ཕྱིར་འདུ་བྱེད་འགག་གོ། །དེ་ལྟར་རྒྱུར་གྱུར་པ་སྔ་མ་སྔ་མ་རྣམས་འགགས་པས་འབྲས་བུར་གྱུར་པ་ཕྱི་མ་ཕྱི་མ་རྣམས་འགག་པར་རིག་པར་བྱ་སྟེ། ཇི་སྲིད་དུ་སྐྱེ་བ་འགགས་པས་རྒ་ཤི་དང་མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་ མི་བདེ་བས་ཡོངས་སུ་ངལ་བ་ཡང་འགག་པར་འགྱུར་རོ། །དེ་ལྟར་ན་གཅིག་ཏུ་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འདི་འགག་པར་འགྱུར་རོ། །དེ་ལ་མ་རིག་པ་དང་སྲེད་པ་དང་ལེན་པ་ནི་ཉོན་མོངས་པའི་ལམ་དུ་རྣམ་པར་ཆད་ལ་འདུ་བྱེད་དང་སྲིད་པ་ནི་ལས་ཀྱི་ལམ་དུ་རྣམ་པར་ཆད་དེ། ཡན་ལག་ལྷག་མ་ རྣམས་ནི་སྡུག་བསྔལ་གྱི་ལམ་དུ་རྣམ་པར་ཆད་ཅིང་། སྔོན་དང་ཕྱི་མའི་མཐའ་འགགས་པ་ནི་འགོག་པའི་ལམ་དུ་རྣམ་པར་ཆད་དོ། །དེ་ལྟ་ཉིད་དུ་ལམ་གསུམ་ནི་བདག་མེད་པ་མ་ཡིན་ལ། བདག་དང་བདག་གི་བ་མེད་པ་སྟེ། སྐྱེ་བའི་སྦྱོར་བས་སྐྱེ་བར་འགྱུར་ཞིང་འགག་པའི་སྦྱོར་བས་འགག་ པར་འགྱུར་ཏེ། དངོས་པོ་ལ་སྨྱུག་མའི་ཚིགས་དང་འདྲའོ། །འདི་ཡང་ཕྱི་ནས་རིགས་པ་དང་ལུང་གིས་རྒྱས་པར་བསྟན་པར་བྱའོ། །དེ་བས་ན་འདི་ལྟར་འདུས་བྱས་ལ་ཤེས་རབ་ཀྱིས་རྨི་ལམ་དང་སྒྱུ་མ་ལ་སོགས་པའི་རང་བཞིན་དུ་སོ་སོར་རྟོག་པ་ན་ཆོས་ཐམས་ཅད་རང་བཞིན་མེད་པར་རྟོགས་པས་དོན་ དམ་པར་ཁོང་དུ་ཆུད་པ་ལས་བག་ཆགས་དང་བཅས་པའི་ཉེས་པའི་ཕུང་པོ་ལྡོག་པར་འགྱུར་ཞིང་། སྡུག་བསྔལ་ཐམས་ཅད་ཉེ་བར་ཞི་བའི་རྒྱུ་ཤེས་རབ་སྐྱེ་བར་འགྱུར་ཏེ། འདིས་ཇི་ལྟར་ལུང་དང་རིགས་པ་དག་གིས་དཔྱོད་པ་ན་དངོས་པོའི་དེ་ཁོ་ན་ཉིད་ཕྱིན་ཅི་མ་ལོག་པ་གསལ་བར་བྱེད་པའི་ཕྱིར་རོ། ། ཀུན་རྫོབ་དང་མ་རིག་པ་དང་རྨོངས་པ་དང་ཕྱིན་ཅི་ལོག་ཅེས་བྱ་བ་ནི་རྣམ་གྲངས་ཡིན་ནོ། །མ་རིག་པ་ཡང་མི་བདེན་པའི་དོན་གྱི་རང་བཞིན་སྒྲོ་འདོགས་པར་བྱེད་པ་ཡིན་ལ། རང་བཞིན་མཐོང་བ་ལ་བསྒྲིབས་པས་ན་ཀུན་རྫོབ་ཏུ་འཐད་དོ། །གང་སཱ་ལུ་ལྗང་པ་ལས་གསུངས་པ། གཞན་ཡང་དེ་ཁོ་ན་ཉིད་ མ་རིག་པ་དང་ལོག་པར་རྟོགས་པ་ནི་མི་ཤེས་པ་དང་མ་རིག་པ་ཡིན་ནོ་ཞེས་སོ། །ཡང་གསུངས་པ། མ་རིག་སྐྱེས་པ་ཉིད་ཀྱིས་ན། །ཡང་དག་མིན་པའི་དོན་སྣང་ཞིང་། །ཡང་དག་སྒྲིབ་པར་བྱེད་ལ་འཇུག །མིག་སེར་གྱིས་ནི་གནོད་པ་བཞིན། །ཞེས་སོ། །དེས་ཉེ་བར་བསྟན་པ་ཡང་རྟེན་ཅིང་འབྲེལ་པར་འབྱུང་ བའི་དངོས་པོའི་རང་བཞིན་ཡིན་པ་དེ་ཀུན་རྫོབ་ཅེས་བྱ་སྟེ། དེ་ཉིད་ལ་འཇིག་རྟེན་པའི་ཀུན་རྫོབ་ཀྱི་བདེན་པ་ཞེས་བརྗོད་ལ། འཇིག་རྟེན་པ་ཉིད་ཀྱི་ཀུན་རྫོབ་ཀྱིས་དེ་ལ་བདེན་པ་ཞེས་བྱ་བ་ལས་སོ། །གང་། གཏི་མུག་ཀུན་རྫོབ་ཡིན་ཏེ་རང་བཞིན་ལ་བསྒྲིབས་པས། །གང་ཞིག་བཅོས་མ་ཁོ་ན་དེ་ཡིས་བདེན་པར་ སྟོན། །དངོས་པོའི་དོན་དང་བྱས་པ་ཡང་ནི་ཀུན་རྫོབ་ཏུ། །འདི་ནི་ཀུན་རྫོབ་བདེན་པ་ཞེས་བྱར་ཐུབ་པས་གསུངས། །ཞེས་བརྗོད་པའོ། །ཀུན་རྫོབ་དེ་ཡང་འཇིག་རྟེན་པ་ཉིད་ཀྱིས་རྣམ་པ་གཉིས་སུ་འབྱེད་དེ། ལོག་པའི་ཀུན་རྫོབ་དང་། ཡང་དག་པའི་ཀུན་རྫོབ་ཅེས་ སོ། །འདི་ལྟར་ཡང་གང་ཅུང་ཟད་རྐྱེན་ལས་སྐྱེས་པའི་དངོས་པོ་སྔོན་པོ་ལ་སོགས་པའི་རང་བཞིན་སྐྱོན་མེད་པའི་དབང་པོས་དམིགས་པ་ནི་འཇིག་རྟེན་པ་ཉིད་ལས་བདེན་པ་ཉིད་ཡིན་ལ། རྟེན་ཅིང་འབྲེལ་པར་འབྱུང་བ་ལས་སྐྱེས་པ་ཡིན་ཡང་སྒྱུ་མ་དང་། སྨིག་རྒྱུ་དང་། གཟུགས་བརྙན་ལ་སོགས་པ་རྣམས་དབང་པོ་ ཉེས་པ་དང་ལྡན་པས་མཐོང་བ་དང་། ཇི་ལྟར་མུ་སྟེགས་ཅན་གྱི་རང་གི་གྲུབ་མཐས་ཡོངས་སུ་བརྟགས་པ་ཡང་འཇིག་རྟེན་པ་ཉིད་ལས་ལོག་པ་ཡིན་ཏེ། དེ་བརྗོད་པ། གལ་ཏེ་དབང་པོ་ཉམས་པར་མ་གྱུར་པའི། །དྲུག་པོ་རྣམས་ཀྱིས་འཇིག་རྟེན་ཡུལ་རྟོག་བྱེད། །དེ་ནི་འཇིག་རྟེན་ཉིད་ལ་བདེན་ཡིན་ཏེ། །ལྷག་མ་ བརྟགས་པ་འཇིག་རྟེན་ཉིད་ལ་བརྫུན། །ཞེས་སོ། །དེ་ལྟར་དེ་གཉི་ག་ཡང་། ཡང་དག་པ་གཟིགས་པའི་འཕགས་པ་རྣམས་ལ་ནི་བརྫུན་པ་ཡིན་ཏེ། དོན་དམ་པའི་གནས་སྐབས་སུ་ཀུན་རྫོབ་ཀྱི་བདེན་པ་ནི་འཁྲུལ་པ་ཡིན་པའི་ཕྱིར་རོ། །འདི་དེ་མ་ཐག་ཉིད་དུ་རིགས་པའི་སྒོ་ནས་རྟོགས་པར་བྱ་སྟེ། དེ་ལྟ་ བས་ན་མ་རིག་པ་དང་ལྡན་པ་ལ་དངོས་པོའི་རང་བཞིན་མི་སྣང་ངོ་། །དམ་པ་ནི་མཆོག་ཡིན་ལ། དོན་ནི་དམ་པའི་དོན་ཡིན་ཏེ། མ་བཅོས་པ་དངོས་པོའི་རང་བཞིན་གང་གི་རྟོག་པས་སྒྲིབ་པའི་བག་ཆགས་དང་རྗེས་སུ་འབྲེལ་བའི་ཉོན་མོངས་པ་སྤོང་བར་འགྱུར་བའོ། །ཆོས་ཐམས་ཅད་ངོ་བོ་ཉིད་མེད་པ་དང་། སྟོང་པ་ཉིད་དང་དེ་བཞིན་ཉིད་དང་། ཡང་དག་པའི་མཐའ་དང་ཆོས་ཀྱི་དབྱིངས་ཞེས་པ་ནི་རྣམ་གྲངས་ཡིན་ལ། རྟེན་ཅིང་འབྲེལ་པར་འབྱུང་བའི་དོན་ཐམས་ཅད་རང་བཞིན་མེད་པ་དོན་དམ་པའི་ངོ་བོ་ཡིན་ཏེ། ཇི་ལྟར་སྣང་བའི་ཀུན་རྫོབ་ནི་མི་འཐད་པའི་ཕྱིར་རོ། །འདི་ལྟར་ཡང་རེ་ཞིག་ཇི་ལྟར་ མཐོང་བའི་ངོ་བོས་དངོས་པོ་ཡོད་པའི་རང་བཞིན་མ་ཡིན་ཏེ། དེའི་རྗེས་ཀྱི་དུས་ན་མི་གནས་པའི་ཕྱིར་རོ། །རང་བཞིན་ཡང་ཐམས་ཅད་དུ་གློ་བུར་བ་མ་ཡིན་པས་མི་གཡོ་བའི་རང་བཞིན་ཡིན་པའི་ཕྱིར་རོ། །གང་ཞིག་གང་གི་རང་བཞིན་ཡིན་པ་དེ་ནི་ཇི་ལྟར་ནམ་ཡང་ལྡོག་པ་མ་ཡིན་ཏེ། གཞན་དུ་ན་ དེའི་རང་བཞིན་ཉམས་པར་ཐལ་བར་འགྱུར་བས། རང་བཞིན་མེད་པ་ཉིད་དུ་འགྱུར་རོ། །དེ་སྐྱེ་བ་ན་ཡོད་པའི་ངོ་བོས་འགའ་ཞིག་ནས་འོངས་པའམ། འགགས་པ་ན་འགའ་ཞིག་ཏུ་སོང་བར་གྱུར་པ་ཡང་མ་ཡིན་ཏེ། འོན་ཀྱང་སྒྱུ་མ་བཞིན་དུ་རྒྱུ་དང་རྐྱེན་ཚོགས་པའི་རང་བཞིན་གྱིས་སྐྱེའོ། །དེ་མ་ ཚང་བ་ལས་འགག་པར་འགྱུར་བ་ཡང་ཡིན་ཏེ། རྒྱུ་དང་རྐྱེན་གྱི་ཚོགས་པ་ཚང་བ་ལས་བྱུང་ཞིང་གཞན་ལ་རག་ལས་པས་བདག་ཉིད་ཐོབ་པ་ནི་གཟུགས་བརྙན་ཉིད་དུ་གྱུར་པ་ཡིན་ལ་ཇི་ལྟར་དེའི་རང་བཞིན་ཡིན་ཏེ་གང་གི་དོན་ཡང་དོན་དམ་པ་མ་ཡིན་ལ། རྒྱུ་དང་རྐྱེན་གྱི་ཚོགས་པ་ལས་བྱུང་བ་སྲིད་ པ་མ་ཡིན་ཏེ། དེ་ཡང་གཞན་ལ་རག་ལས་པས་ཚོགས་པ་གཞན་ལས་བྱུང་བའི་བདག་ཉིད་ལས་ངོ་བོ་ཐོབ་པ་རྣམས་ནི་རང་བཞིན་མེད་པ་ཡིན་པའི་ཕྱིར་རོ། །དེ་བཞིན་དུ་གཞན་གང་ཞིག་སྔ་མ་སྔ་མ་ལས་རང་རང་གི་རྒྱུའི་ཚོགས་པ་ལས་སྐྱེ་བས་རང་བཞིན་མེད་པ་ཉིད་དུ་བལྟ་བར་བྱའོ། །རྒྱུ་ དང་འབྲས་བུ་རྗེས་སུ་མཐུན་པ་འདོད་པ་རྣམས་ཀྱིས་ཇི་ལྟར་དངོས་པོ་མེད་པ་ལས་དངོས་པོའི་རང་བཞིན་སྐྱེ་བར་ཁས་བླང་བར་བྱ། གང་འཆད་པར་འགྱུར་བ། སྒྱུ་མས་སྤྲུལ་པ་གང་ཡིན་དང་། །རྒྱུ་རྣམས་ཀྱིས་ནི་གང་སྤྲུལ་པ། །དེ་ནི་གང་ལས་འོངས་གྱུར་ཅིང་། །གང་དུ་འགྲོ་བ་བརྟག་པར་གྱིས། ། གང་ཞིག་གང་ནི་ཉེ་བ་ཡིས། །མཐོང་འགྱུར་དེ་མེད་ན་མིན་པ། །བཅོས་བུ་གཟུགས་བརྙན་དང་མཚུངས་པ། །དེ་ལ་བདེན་ཉིད་ཅི་ལྟར་ཡོད། །ཅེས་པ་དང་། ཡང་བརྗོད་པ། གང་ཞིག་རྐྱེན་ལས་སྐྱེས་པ་དེ་མ་སྐྱེས། །དེ་ལ་སྐྱེ་བའི་རང་བཞིན་ཡོད་མ་ཡིན། །རྐྱེན་ལ་རག་ལས་གང་དེ་སྟོང་པར་ བཤད། །གང་གི་སྟོང་ཉིད་ཤེས་དེ་བག་ཡོད་མིན། །ཞེས་པ་དང་། སྟོང་པ་ཁོ་ནའི་ཆོས་རྣམས་ལས། །སྟོང་པའི་ཆོས་རྣམས་འབྱུང་བར་འགྱུར། །ཞེས་པས་སོ། །རང་དང་གཞན་དང་གཉི་གའི་རྒྱུ་དང་འབྲེལ་པ་དང་། རྒྱུ་མེད་པ་དང་འབྲེལ་པ་ལས་དངོས་པོ་སྐྱེ་བ་ནི་ཤིན་ཏུ་ལེགས་པར་འཐད་པ་མ་ཡིན་ཏེ། འདི་ལྟར་ཡང་རང་གི་བདག་ཉིད་དངོས་པོ་རྣམས་རང་སྐྱེ་བའི་རྒྱུ་མཚན་གལ་ཏེ་ཡིན་ན་སྐྱེས་པའམ་མ་སྐྱེས་པ་ལ་ཡིན། སྐྱེས་པ་ནི་རེ་ཞིག་མ་ཡིན་ཏེ། རང་གི་བདག་ཉིད་རྒྱུ་ཡིན་པ་ན་དེའི་བདག་ཉིད་ཐམས་ཅད་རང་ཉིད་ཀྱིས་སྐྱེས་པའི་ཕྱིར་རོ། །གང་དུ་ཡང་འདི་ལ་བྱ་བ་དང་ལྡན་པར་འགྱུར་བ་བསྐྱེད་པར་ བྱ་བ་ཡང་འདི་ལ་མ་སྐྱེས་པ་གཞན་གྱི་རང་བཞིན་མེད་པའི་ཕྱིར་ཏེ། གཅིག་པོ་འདི་ལ་ཆ་ཤས་དང་ལྡན་པའི་ཕྱིར་རོ། །ཕྱིས་སྐྱེ་བར་འགྱུར་བ་གཞན་འདི་ནི་དེའི་རང་བཞིན་དུ་རིགས་པ་མ་ཡིན་ཏེ། དེ་གྲུབ་པ་དང་མ་གྲུབ་པ་ནི་དེའི་རང་བཞིན་མ་ཡིན་པའི་ཕྱིར་རོ། །དེ་བས་ན་རང་གི་ བདག་ཉིད་ལས་སྐྱེས་པ་ནི་ཅུང་ཟད་ཀྱང་སྲིད་པ་མ་ཡིན་ནོ། །ཡང་རང་ལས་སྐྱེ་བའི་ཕྱོགས་ལ་གང་ཡང་འཐད་པ་མ་ཡིན་ཏེ། སྔར་གྲུབ་པའི་རང་བཞིན་ལ་གཅིག་ལ་གཅིག་བརྟེན་པའི་ཉེས་པར་ཐལ་བར་འགྱུར་བས་སོ། །དེ་མ་གྲུབ་པ་ལས་ཀྱང་མ་ཡིན་ཏེ། ནམ་མཁའི་མེ་ཏོག་དང་འདྲ་བར་ནུས་ པ་མཐའ་དག་གིས་སྟོང་པ་ནི་རང་གྲུབ་པའི་རྒྱུའི་དངོས་པོར་འགྲོ་བར་རིགས་པ་མ་ཡིན་ནོ། །གཞན་དུ་ན་བོང་བུའི་རྭ་ཡང་རང་རང་གི་དངོས་པོ་བསྐྱེད་པའི་རྒྱུ་ཉིད་དུ་ཐལ་བའི་ཕྱིར་རོ། །གཞན་ལས་ཞེས་པའི་ཕྱོགས་འདི་ཡང་མ་ཡིན་ཏེ། ཉི་མ་ལས་ཀྱང་མུན་པའམ་ཐམས་ཅད་ལས་ཐམས་ཅད་སྐྱེ་ བར་ཐལ་བར་འགྱུར་བའི་ཕྱིར་དང་། བསྐྱེད་པར་བྱ་བ་དང་སྐྱེད་པར་བྱེད་པར་མི་འདོད་པ་དག་མངོན་པར་འདོད་པའི་འབྲས་བུ་ལ་ལྟོས་པ་སྟེ་གཞན་ཉིད་དུ་ཁྱད་པར་མེད་པའི་ཕྱིར་རོ། །བསྐྱེད་པར་བྱ་བ་དང་སྐྱེད་པར་བྱེད་པ་རྒྱུ་གཅིག་པ་སོ་སོར་ངེས་པ་ཡང་འབྲས་བུ་མ་སྐྱེས་པ་ན་བརྟགས་པ་ཉིད་ཀྱིས་ དངོས་པོ་ལ་རིགས་པ་མ་ཡིན་ནོ། །མ་འོངས་པའི་ཆོས་གནས་པ་ལ་ལྟོས་ནས་འབྲས་བུ་ལ་སོགས་པའི་ཐ་སྙད་དངོས་པོ་མ་ཡིན་ཏེ། དངོས་པོའི་རང་བཞིན་དུ་ཡོད་པ་དཔྱོད་པར་འགྱུར་བའི་ཕྱིར་རོ། །ས་བོན་གནས་པ་རྣམས་ལ་མྱུ་གུ་ཡོད་པ་ལྟོས་པ་ནི་ས་བོན་ལས་གཞན་ཉིད་ཡིན་པར་ བརྟགས་པ་ནི་ཡོད་པ་མ་ཡིན་ཏེ། རྒྱུ་ལ་འབྲས་བུ་ཡོད་པ་ཉིད་ནི་འགེགས་པར་འགྱུར་བ་ཡིན་པའི་ཕྱིར་རོ། །གང་དུ་མཐོང་བ་ཉིད་ཀྱི་དངོས་པོ་རྣམ་པར་དཔྱད་པས་གནས་པ་མ་ཡིན་ན་དེར་མ་འོངས་པ་ལ་སོགས་པ་རྣམས་སྲིད་པའི་བསམ་པའང་ཅི་ཡོད། གཉི་གའི་ཕྱོགས་ཀྱང་མ་ཡིན་ཏེ། སོ་ སོའི་ཕྱོགས་ལ་བརྗོད་པས་གཉི་གའི་ཕྱོགས་ལ་སྐྱོན་དུ་འགྱུར་བའི་ཕྱིར་རོ། །འབྲས་བུ་མ་སྐྱེས་པ་ན་ཡང་གཉི་གའི་རྒྱུའི་ངོ་བོ་དོན་དམ་པར་མེད་པའི་ཕྱིར་རོ། །སྐྱེས་པ་ལ་ཡང་ཅུང་ཟད་ཀྱང་བསྐྱེད་པར་བྱར་མེད་པས་གང་ལ་གཉི་གའི་ངོ་བོའི་རྒྱུའི་བྱ་བ་དང་ལྡན་པར་འགྱུར། རྒྱུ་མེད་པ་ ལས་ཞེས་པའི་རྣམ་པར་རྟོག་པ་ཡང་མ་ཡིན་ཏེ། གང་གི་ཕྱིར་མེད་པར་དགག་པའི་བདག་ཉིད་ཀྱིས་འདི་རྒྱུ་མེད་པ་ལས་ཞེས་པ་ནི་འཐད་པ་མ་ཡིན་ཏེ། རྒྱུ་མེད་པ་ན་དངོས་པོ་རྣམས་ཀྱི་ཡུལ་དང་དུས་ཀྱི་ངེས་པ་མེད་པར་ཐལ་བར་འགྱུར་བའམ། རྟག་ཏུ་ཡོད་པ་དང་མེད་པར་ཐལ་བར་འགྱུར་བ་ དང་། ཐབས་ལས་བྱུང་བ་འདོད་པས་ཀྱང་སོ་སོར་ངེས་པའི་ཐབས་ཉམས་སུ་ལེན་པར་ཡང་མི་འགྱུར་རོ། །གཙོ་བོ་དང་དབང་ཕྱུག་ལ་སོགས་པ་རྣམས་རྒྱུ་ཡིན་པ་ཉིད་འདི་འགེགས་པར་འགྱུར་བའི་ཕྱིར་རོ། །རྒྱུ་མེད་པ་ལས་དངོས་པོའི་རང་བཞིན་ཐོབ་པ་ནི་མ་ཡིན་ནོ། །དེ་ལྟ་བས་ན་དངོས་ པོ་རྣམས་རང་དང་གཞན་དང་གཉི་ག་དང་རྒྱུ་མེད་པ་ལས་ཡོད་པ་སྐྱེ་བ་མི་འཐད་དོ། །དེ་སྐད་དུ་ཡང་། རང་ལས་མ་ཡིན་གཞན་ལས་མིན། །གཉིས་ལས་མ་ཡིན་རྒྱུ་མེད་མིན། །དངོས་པོ་གང་དང་གང་ན་ཡང་། །སྐྱེས་པ་ནམ་ཡང་ཡོད་མ་ཡིན། །ཞེས་གསུངས་སོ། །གཅིག་དང་དུ་མ་དང་ བྲལ་བ་དཔྱད་པས་ཀྱང་དངོས་པོ་ཐམས་ཅད་རང་བཞིན་དང་བྲལ་བས་ཡོད་པའི་དངོས་པོ་ནི་མ་ཡིན་ནོ། །དེ་ལྟ་བས་ན་རྨི་ལམ་དང་སྒྱུ་མ་དང་གཟུགས་བརྙན་ལ་སོགས་པ་དང་འདྲ་བ་རྐྱེན་ལས་བྱུང་བ་ཙམ་ཉིད་འདི་མ་བརྟགས་ན་ཉམས་དགའ་བར་གཞག་སྟེ་ཇི་ལྟར་སྡུག་བསྔལ་ཐམས་ཅད་ཀྱི་རྒྱུར་ གྱུར་པ་མངོན་པར་ཞེན་པས་ཅི་ཞིག་བྱ་སྟེ། དགོས་པ་ཡོད་པ་མ་ཡིན་ནོ། །དེའི་ཕྱིར་འདི་ནི་དོན་གྱི་དེ་ཁོ་ན་ཉིད་ཡིན་ཏེ། བདག་དང་གཞན་སྨྲས་དངོས་འདི་དག །ཡང་དག་ཏུ་ན་གཅིག་པ་དང་། །དུ་མའི་རང་བཞིན་བྲལ་བའི་ཕྱིར། །རང་བཞིན་མེད་དེ་གཟུགས་བརྙན་བཞིན། །ཞེས་ སོ། །དེ་ལྟར་ན་རང་བཞིན་མེད་པ་ཉིད་དངོས་པོ་རྣམས་ཀྱི་གཉུག་མ་ཡིན་ཏེ་དོན་དམ་པའི་རང་བཞིན་གྱིས་གནས་པ་མ་ཡིན་ནོ། །དེ་ཉིད་ལ་སྐྱེས་བུའི་དགོས་པའི་མཆོག་དང་ཁྱད་པར་དུ་འཕགས་པར་བརྗོད་དོ། །འདི་ལ་ཡང་མངོན་པར་ཞེན་པར་མི་བྱའོ། །གཞན་དུ་ན་དངོས་པོ་ལ་མངོན་ པར་ཞེན་པ་ལ་ཁྱད་པར་དུ་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ཏེ། གཉི་ག་ཡང་བརྟགས་པའི་བདག་ཉིད་ཀྱིས་བསྒྲིབས་པ་ཡིན་པའི་ཕྱིར་རོ། །མེད་པར་བརྟགས་པའི་རང་བཞིན་གྱིས་རང་གི་ངོ་བོ་ཅུང་ཟད་ནི་ཡོད་པ་མ་ཡིན་ལ། དངོས་པོ་ལོག་པ་ཡང་དངོས་པོ་མེད་པ་མ་ཡིན་ཏེ། ལོག་པ་ནི་རང་བཞིན་ མེད་པ་ཡིན་པའི་ཕྱིར་རོ། །གལ་ཏེ་ཡང་དངོས་པོ་མ་ཡིན་ཏེ། ལོག་པ་ནི་རང་བཞིན་ཉིད་འགའ་ཞིག་གི་རང་བཞིན་ཡིན་ན། དེའི་ཚེ་བཀག་པའི་བདག་ཉིད་ཀྱང་དངོས་པོ་མེད་པར་འགྱུར་རོ། །དངོས་པོའི་རང་བཞིན་མེད་དོ་ཞེས་བསྟན་པ་ཉིད་ཡིན་ནོ། །དེའི་ཕྱིར་དངོས་པོ་ལོག་ པའི་ངོ་བོ་དངོས་མེད་ཅེས་བྱ་བ་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ནོ། །དངོས་པོ་དང་དངོས་པོ་མེད་པ་དག་བརྗོད་པའི་རིམ་པས་མེད་པར་བསྟན་པ་ན། དེ་གཉིས་འདྲེས་པའི་བདག་ཉིད་དམ་གཉི་ག་བཀག་པའི་རང་བཞིན་ཉིད་ནི་ཡོད་པ་མ་ཡིན་ཏེ། དངོས་པོའི་རྣམ་པར་རྟོག་པ་ཉིད་རྣམ་པར་རྟོག་པ་མཐའ་ དག་གི་རྒྱུ་ཡིན་པའི་ཕྱིར་དེ་བཀག་པ་ན་འདི་རྣམས་ཐམས་ཅད་ཉིད་དགག་པ་གཅིག་གིས་བསལ་བ་ཡིན་ནོ། །དེའི་ཕྱིར་ཡོད་པ་དང་། ཡོད་པ་མ་ཡིན་པ་དང་། ཡོད་པ་དང་མེད་པ་གཉི་ག་དང་། གཉི་གའི་བདག་ཉིད་ཀྱང་མ་ཡིན་པ་ལ་ཅུང་ཟད་ཀྱང་མངོན་པར་ཞེན་པའི་ཡུལ་དུ་བརྟག་པར་མི་བྱའོ། ། དེ་འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་གསུངས་པ། རབ་འབྱོར་གྱིས་སྨྲས་པ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་འདི་ལ་བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་ཐབས་མི་མཁས་པས་གཟུགས་སྟོང་པའོ་ཞེས་ཡང་དག་པར་ཤེས་པ་ནི་ཞེན་པའོ། །ཚོར་བ་སྟོང་ པའོ་ཞེས་ཡང་དག་པར་ཤེས་ན་ཞེན་པའོ། །འདུ་ཤེས་སྟོང་པའོ་ཞེས་ཡང་དག་པར་ཤེས་ན་ཞེན་པའོ། །འདུ་བྱེད་སྟོང་པའོ་ཞེས་ཡང་དག་པར་ཤེས་ན་ཞེན་པའོ། །རྣམ་པར་ཤེས་པ་སྟོང་པའོ་ཞེས་ཡང་དག་པར་ཤེས་ན་ཞེན་པའོ། །དེ་བཞིན་དུ་མིག་དང་། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཇི་སྲིད་དུ་ཆོས་ ཀྱི་བར་དུ་སྟོང་པའོ་ཞེས་ཡང་དག་པར་ཤེས་ན་ཞེན་པའོ་ཞེས་རྒྱས་པར་རོ། །ཇི་སྐད་དུ་ཡང་། ཀུན་རྟོག་ཐམས་ཅད་སྤང་བའི་ཕྱིར། །སྟོང་ཉིད་བདུད་རྩི་སྟོན་མཛད་ལ། །གང་ཞིག་དེ་ལ་ཞེན་གྱུར་ན། །དེ་ཉིད་ཁྱེད་ཀྱིས་ཤིན་ཏུ་སྨད། །ཅེས་གསུངས་པ་ཡིན་ནོ། །ཡོད་མིན་མེད་མིན་ཡོད་མེད་ མིན། །གཉིས་ཀྱི་བདག་ཉིད་དུ་ཡང་མེད། །མཐའ་བཞི་དག་ལས་ངེས་གྲོལ་བ། །དེ་ཉིད་དབུ་མར་མཁས་རྣམས་བཞེད། །ཅེས་སོ། །དེ་ལྟར་མཐའ་བཞི་ལས་གྲོལ་བ་གདོད་མ་ནས་ཞི་བ་མ་སྐྱེས་པ་མ་འགགས་པ་རྟག་པ་དང་ཆད་པ་མེད་པ་ལ་སོགས་པའི་རང་བཞིན་གྱིས་སྤྲོས་པ་དང་། བྲལ་བའི་ཕྱིར་ནམ་མཁའ་བཞིན་དུ་ཆགས་པ་མེད་པ་གནས་མེད་པར་འགྲོ་བ་མ་ལུས་པར་བལྟ་བར་བྱའོ། །འདི་ནི་བདེན་པ་གཉིས་སུ་འདོད། །ཅེས་ཏེ། གང་ཞེ་ན། ཀུན་རྫོབ་དང་ནི་དོན་དམ་སྟེ། །ཞེས་འོག་ཏུ་སྦྱར་བར་བྱའོ། །ཀུན་རྫོབ་ནི་གཅིག་ཡིན་ལ་བདེན་པ་ནི་ཕྱིན་ཅི་མ་ལོག་པ་ཡིན་ནོ། ། ཡང་དོན་དམ་པ་སྟེ་བདེན་པ་གཞན་ཡིན་ལ། དང་གི་སྒྲས་ནི་བདེན་པ་ཙམ་དུ་མཚུངས་པར་སྡུད་པར་བྱེད་དོ། །དེ་ལ་ཀུན་རྫོབ་ཀྱི་བདེན་པ་ནི་འཇིག་རྟེན་པའི་ཕྱིན་ཅི་མ་ལོག་པའི་ངོ་བོ་ཡིན་ལ་དོན་དམ་པའི་བདེན་པ་ལ་ཡང་བདེན་པ་ནི་སླུ་བར་མི་བྱེད་པ་ཡིན་ནོ། །དེ་ཁོ་ན་ཉིད་ནི་འཕགས་པ་རྣམས་ཀྱིའོ་ཞེས་ པ་ནི་ཁྱད་པར་རོ། །དོན་གྱི་ཁྱད་པར་འདི་ལྟ་བུ་མཐོང་བས་ཀྱང་དང་གི་སྒྲ་ནི་རིགས་པ་ཡིན་ནོ། །འདི་སྐད་བརྗོད་པར་འགྱུར་ཏེ། ཕྱི་རོལ་དང་ནང་གི་བདག་ཉིད་ཀྱི་དངོས་པོ་འདི་ཐམས་ཅད་རང་བཞིན་རྣམ་པ་གཉིས་འཛིན་པས་ཡང་དག་པར་སྐྱེ་བར་འགྱུར་ཏེ། འདི་ལྟ་སྟེ་ཀུན་རྫོབ་དང་དོན་དམ་པ་ཞེས་ པའོ། །དེ་ལ་གཅིག་ནི་མ་རིག་པའི་རབ་རིབ་ཀྱིས་བསྒྲིབས་པའི་མིག་ཅན་ཡང་དག་པ་མ་ཡིན་པའི་བདག་ཉིད་མཐོང་བའི་སོ་སོའི་སྐྱེ་བོ་རྣམས་ཀྱིས་ཡུལ་བརྫུན་པར་མཐོང་བ་ཉིད་ན་ཡང་དག་པར་མཐོང་བར་ཞེན་ཏོ། །གཞན་ནི་རྣམ་པར་འབྱེད་པའི་མིག་སྨན་གྱི་ཐུར་མས་མ་རིག་པའི་ལིང་ཏོག་ བསལ་བས་ཡང་དག་པའི་ཤེས་པའི་མིག་ཅན་དེ་ཁོ་ན་ཉིད་རིག་པའི་འཕགས་པ་རྣམས་ཀྱིས་ཡང་དག་པའི་ཤེས་པའི་ཡུལ་དུ་གྱུར་པས་རང་བཞིན་རྣམ་པར་གཞག་པ་ཡིན་ནོ། །དེ་ལྟར་དངོས་པོ་འདི་དག་ཐམས་ཅད་རང་བཞིན་གཉིས་འཛིན་པ་ཡིན་ནོ། །རང་བཞིན་འདི་དག་ལས་བྱིས་པ་བརྫུན་ པ་མཐོང་བ་རྣམས་ཀྱི་ཡུལ་དེ་ནི་ཀུན་རྫོབ་ཀྱི་བདེན་པ་ཡིན་ལ། གང་ཡང་དག་པའི་གནས་སྐབས་ཀྱི་དེ་ཁོ་ན་ཉིད་རྟོགས་པ་རྣམས་ཀྱི་ཡུལ་དེ་ནི་དོན་དམ་པའི་བདེན་པ་ཞེས་བསྟན་བཅོས་རིགས་པས་རྣམ་པར་གཞག་གོ། །གང་གསུངས་པ། ཡང་དག་དང་ནི་བརྫུན་པའི་དངོས་མཐོང་བ། །འཐོབ་ པས་དངོས་ཀུན་ངོ་བོ་གཉིས་འཛིན་ལ། །ཡང་དག་གཟིགས་ཡུལ་གང་དེ་དེ་ཉིད་དེ། །བརྫུན་པ་མཐོང་བ་ཀུན་རྫོབ་བདེན་པར་བརྗོད། །ཅེས་སོ། །དེ་ལྟར་གཉིས་བསྡུས་པ་ལ་གཉིས་སོ་ཞེས་རིགས་སོ། །འདོད་ཅེས་པ་ནི་མངོན་པར་བཞེད་པའོ། །གང་རྣམས་ཤེ་ན། སྒྲིབ་པ་སྤངས་ པའི་ཐུགས་དང་ལྡན་པ་སངས་རྒྱས་བཅོམ་ལྡན་འདས་རྣམས་དེའི་རྗེས་སུ་ཞུགས་པའི་འཕགས་པ་ཉན་ཐོས་དང་རང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་སོ། །འདི་ཉིད་བདེན་པ་གཉིས་ཡིན་ཏེ། གཞན་བདེན་པ་ནི་ཡོད་པ་མ་ཡིན་ནོ་ཞེས་དང་གི་སྒྲ་ངེས་པར་གཟུང་ བའི་དོན་དུ་ཡང་འཐད་དོ། །དེ་སྐད་དུ། བདེན་པ་གཉིས་ལ་བརྟེན་ནས་ནི། །སངས་རྒྱས་རྣམས་ཀྱི་ཆོས་བསྟན་པ། །འཇིག་རྟེན་ཀུན་རྫོབ་བདེན་པ་དང་། །དམ་པའི་དོན་གྱི་བདེན་པའོ། །ཞེས་གསུངས་སོ། །ཡབ་སྲས་མཇལ་བ་ལས་ཀྱང་། འཇིག་རྟེན་མཁས་པའི་བདེན་པ་འདི་ གཉིས་ཏེ། །ཁྱེད་ཀྱིས་གཞན་ལས་མ་གསན་རང་གིས་གཟིགས། །དེ་ནི་ཀུན་རྫོབ་བདེན་དང་དོན་དམ་སྟེ། །བདེན་པ་གསུམ་པ་གང་ཡང་མ་མཆིས་སོ། །ཞེས་གསུངས་སོ། །བཅོམ་ལྡན་འདས་ཀྱིས་འཕགས་པ་བདེན་པ་བཞི་པོ་སྡུག་བསྔལ་དང་ཀུན་འབྱུང་བ་དང་འགོག་པ་དང་ལམ་གྱི་ མཚན་ཉིད་ཆོས་མངོན་པ་ལས་གསུངས་པ་མ་ཡིན་ནམ། དེ་ཇི་ལྟར་ན་བདེན་པ་གཉིས་ཁོ་ན་ཡིན་ཞེ་ན། བདེན་ཏེ་འོན་ཀྱང་གདུལ་བྱའི་བསམ་པ་དང་བག་ལ་ཉལ་གྱི་དབང་གིས་གཉིས་པོ་ཉིད་བཞིར་བྱས་ནས་བསྟན་པ་ཡིན་ཏེ། འདི་རྣམས་གཉིས་པོ་ཉིད་དུ་འདུས་པའི་ཕྱིར་རོ། །འདི་ལྟར་ཡང་སྡུག་བསྔལ་ དང་ཀུན་འབྱུང་བ་དང་ལམ་རྣམས་ནི་ཀུན་རྫོབ་ཀྱི་བདེན་པའི་རང་བཞིན་གྱིས་ཀུན་རྫོབ་ཀྱི་བདེན་པར་འདུས་ལ། འགོག་པའི་བདེན་པ་ནི་དོན་དམ་པའི་བདེན་པ་ཡིན་ཏེ། ཅུང་ཟད་ཀྱང་འགལ་བ་མེད་དོ། །དེ་ལྟར་གྱུར་ན་ཡང་ཀུན་རྫོབ་ནི་མ་རིག་པས་ཉེ་བར་བསྟན་པས་ཡང་དག་པ་མ་ཡིན་པའི་སྒྲོ་ བཏགས་པའི་རང་བཞིན་ཡིན་པའི་ཕྱིར་རྣམ་པར་དཔྱད་པ་ལས་ལན་བརྒྱ་ཕྲག་ཏུ་ཉམས་པར་གྱུར་ན་ཡང་ཅི་ལྟར་བདེན་པ་ཡིན་ཞེ་ན། དེ་ལ་ཡང་བདེན་མོད་ཀྱི། འོན་ཀྱང་འཇིག་རྟེན་པའི་ཞེན་པ་ལས་ཀུན་རྫོབ་ཀྱི་བདེན་པ་ཞེས་བརྗོད་དེ། འཇིག་རྟེན་པ་ཉིད་ཀུན་རྫོབ་ཀྱི་བདེན་པ་ཞེས་འདོད་ཅིང་། དེའི་རྗེས་ སུ་འབྲངས་ནས་བཅོམ་ལྡན་འདས་ཀྱིས་ཀྱང་དེ་ཁོ་ནའི་དོན་དེ་ཉིད་བཏང་སྙོམས་སུ་གཞག་ནས་ཀུན་རྫོབ་ཀྱི་བདེན་པ་ཞེས་གསུངས་ཏེ། དེ་ཉིད་ཀྱི་ཕྱིར། འཇིག་རྟེན་ཀུན་རྫོབ་བདེན་པ་དང་། །ཞེས་བསྟན་བཅོས་སུ་ཁྱད་པར་དང་བཅས་པས་སློབ་དཔོན་གྱི་ཞལ་སྔ་ནས་ཀྱིས་གསུངས་སོ། ། དངོས་པོ་ལ་ནི་དོན་དམ་པའི་བདེན་པ་གཅིག་པུ་ཁོ་ན་ཡིན་ཏེ། དེ་བས་ན་ཅུང་ཟད་ཀྱང་ཉམས་པ་མེད་དོ། །ཇི་སྐད་དུ་བཅོམ་ལྡན་འདས་ཀྱིས། དགེ་སློང་དག་འདི་ནི་གཅིག་པུ་སྟེ་དོན་དམ་པའི་བདེན་པའོ། །འདི་ལྟ་སྟེ་མི་བསླུ་བ་མྱ་ངན་ལས་འདས་པའི་ཆོས་ཡིན་ལ། འདུས་བྱས་ཐམས་ཅད་ ནི་བརྫུན་པ་བསླུ་བའི་ཆོས་སོ་ཞེས་གསུངས་སོ། །འདི་ནི་བདེན་པ་གཉིས་སུ་བརྗོད་པ་ཡིན་ནོ། །དེ་ལ་མ་རིག་པས་བསླང་བའི་སེམས་དེའི་རང་བཞིན་གྱིས་ཀུན་རྫོབ་ཀྱི་བདེན་པ་ཡིན་ནོ་ཞེས་རྟོགས་ལ། དོན་དམ་པའི་བདེན་པ་ནི་ཇི་ལྟ་བུ་དང་མཚན་ཉིད་གང་ཡིན་པ་དང་རང་བཞིན་གང་ཡིན་པ་མ་ ཤེས་པས་དེའི་ཚེ་མཚན་ཉིད་བརྗོད་པར་བྱ་སྟེ། འདི་ལྟར། དོན་དམ་བློ་ཡི་སྤྱོད་ཡུལ་མིན། །ཞེས་གསུངས་སོ། །བློ་ནི་ཤེས་པ་ཐམས་ཅད་ཡིན་ཏེ། ཤེས་པ་ཐམས་ཅད་ཀྱི་ཡུལ་ལས་འདས་པའི་ཕྱིར་སྤྱོད་ཡུལ་མ་ཡིན་པ་སྟེ་ཡུལ་མ་ཡིན་པའོ། །བློ་དེ་ཐམས་ཅད་ཀྱི་རྣམ་པ་གང་གིས་ཀྱང་ ཡུལ་དུ་བྱ་བར་མི་ནུས་པ་ཡིན་ནོ་ཞེས་པའི་ཐ་ཚིག་སྟེ། ཇི་ལྟར་དེའི་རང་བཞིན་དེ་ལྟར་བསྟན་པར་ནུས། འདི་ལྟར་ཡང་སྤྲོས་པ་ཐམས་ཅད་ལས་རྣམ་པར་གྲོལ་བའི་རང་བཞིན་དེ་བཞིན་ཉིད་དོན་དམ་པའི་བདེན་པའི་དེ་ཁོ་ན་ཉིད་ཡིན་པ་དེའི་ཕྱིར་ཇི་ལྟར་ཡང་རྣམ་པར་རྟོག་པས་མཐོང་བ་མ་ཡིན་ཏེ། ཁྱད་པར་ཐམས་ཅད་དང་བྲལ་བའི་ཕྱིར་རོ། །བརྟགས་པ་ལས་འདས་པའི་རང་བཞིན་ཡང་སྒྲ་རྣམས་ཀྱི་སྤྱོད་ཡུལ་མ་ཡིན་ཏེ། སྒྲ་ནི་རྣམ་པར་རྟོག་པས་བསྐྱེད་པ་ཡིན་ལ་ཡུལ་མ་ཡིན་པ་ལ་རྣམ་པར་རྟོག་པའི་བློ་འཇུག་པ་མ་ཡིན་ནོ། །དེ་ལྟ་བས་ན་རྣམ་པར་རྟོག་པའི་བརྗོད་པ་ཐམས་ཅད་ དང་བྲལ་བས་སྒྲོ་མ་བཏགས་པ་ཀུན་རྫོབ་མ་ཡིན་པ་བརྗོད་དུ་མེད་པ་ནི་དོན་དམ་པ་དེ་ཁོ་ན་ཉིད་ཇི་ལྟར་ན་འདི་ལྟར་བསྟན་པར་ནུས། དེ་ལྟ་ན་ཡང་སྣོད་དང་ལྡན་པའི་ཉན་པ་པོ་རྣམས་ཇི་ལྟར་ཡང་རྗེས་སུ་གཟུང་བའི་དོན་དུ་ཡོངས་སུ་བརྟག་པ་བཟུང་ནས་ཀུན་རྫོབ་ཀྱི་བདེན་པ་དཔེ་ཉེ་བར་བསྟན་པས་ཅུང་ ཟད་བརྗོད་པ་ཡིན་ཏེ། དཔེར་ན་རབ་རིབ་ཅན་ལ་རབ་རིབ་ཀྱི་མཐུས་ནམ་མཁའི་ཕྱོགས་ཐམས་ཅད་དུ་སྐྲ་ཤད་ཀྱིས་ཁྱབ་པར་མཐོང་ནས་དེ་དང་དེར་གདོང་སྒྱུར་བར་བྱེད་དེ། དེ་ལྟར་བྱེད་པ་དེ་རབ་རིབ་མེད་པས་རིག་ནས་འདི་ཅི་བྱེད་ཅེས་དེའི་གན་དུ་སོང་ནས་དེས་མཐོང་བའི་སྐྲའི་ཡུལ་དུ་མིག་ཕྱེ་ནས་ བལྟས་ཀྱང་སྐྲའི་གཟུགས་ནི་མཐོང་བར་མ་གྱུར་ལ། སྐྲ་ཤད་དེ་གཞིར་གྱུར་པའི་དངོས་པོ་དང་དངོས་པོ་མེད་པའི་ཁྱད་པར་རྣམས་ཡོངས་སུ་རྟོགས་པ་མ་ཡིན་ནོ། །གང་གི་ཚེ་ཡང་རབ་རིབ་ཅན་གྱིས་རབ་རིབ་མེད་པ་ལ་འདི་ནི་སྐྲ་ཡོད་དོ་ཞེས་རང་གི་བསམ་པས་སྟོན་པར་ བྱེད་པ་དེའི་ཚེ་དེའི་རྣམ་པར་རྟོག་པ་སྤང་བའི་དོན་དུ་དེ་ལ་འདི་ན་སྐྲ་ཤད་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ནོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་འདི་སྟོན་པར་བྱེད་དེ། །རབ་རིབ་ཅན་གྱིས་མཐོང་བའི་ངོར་དགག་པ་ལྷུར་བྱེད་པ་ཉིད་ཀྱི་ཚིག་འདི་སྨྲས་པ་ཡིན་ཏེ། དེ་རྣམས་ཀྱིས་དེ་སྐད་སྨྲས་པ་ན་ཡང་ དགག་པའམ་བསྒྲུབ་པར་བྱས་པ་ནི་ཡོད་པ་མ་ཡིན་ནོ། །སྐྲ་ཤད་ཀྱི་དེ་ཁོ་ན་ཉིད་དེ་ཡང་རབ་རིབ་ཅན་གྱིས་མཐོང་བ་གང་ཡིན་པ་དེ་རབ་རིབ་མེད་པས་མཐོང་བ་ནི་མ་ཡིན་ནོ། །དེ་བཞིན་དུ་མ་རིག་པའི་རབ་རིབ་ཀྱིས་ཉམས་པ་དང་ལྡན་པས་དེ་ཁོ་ན་ཉིད་མ་མཐོང་བའི་བྱིས་པས་གང་ཕུང་པོ་དང་ཁམས་ དང་སྐྱེ་མཆེད་ཀྱི་རང་བཞིན་འདི་དམིགས་པ་མ་ཡིན་ཏེ། དེ་རྣམས་ཀྱི་ཀུན་རྫོབ་ཀྱི་ངོ་བོ་ཕུང་པོ་ལ་སོགས་པ་དེ་རྣམས་རང་བཞིན་གང་གིས་རབ་རིབ་མེད་པས་མཐོང་བའི་ཚུལ་གྱིས་མ་རིག་པའི་བག་ཆགས་མཐའ་དག་སྤངས་པའི་སངས་རྒྱས་བཅོམ་ལྡན་འདས་ཀྱིས་གཟིགས་པ་དེ་ནི་དེ་རྣམས་ ཀྱི་དོན་དམ་པའི་བདེན་པ་ཡིན་ནོ། །ཇི་སྐད་དུ། བསྟན་བཅོས་མཁྱེན་པས། གང་ཞིག་རབ་རིབ་སྣང་བས་རྣམ་བརྟགས་པ། །སྐྲ་སོགས་ངོ་བོ་དེ་ཉིད་ཕྱིན་ཅི་ལོག །མཐོང་དག་གང་གིས་ཡང་དག་མཐོང་དེ་ནི། །དེ་ཉིད་ཡིན་ཏེ་དེ་བཞིན་འདིར་ཤེས་བྱ། །ཞེས་གསུངས་པ་ཡིན་ནོ། །དེ་ ལྟར་དོན་དམ་པ་བརྗོད་པར་བྱ་བ་མ་ཡིན་ཡང་། དོན་དམ་པའི་དེ་ཁོ་ན་ཉིད་གཟིགས་པའི་སྒོ་ནས་ཉེ་བར་བརྟགས་པ་བཟུང་སྟེ། ཀུན་རྫོབ་ཇི་ལྟར་ཡང་བསྟན་པ་ཡིན་ལ། ཀུན་རྫོབ་ཀྱི་ཐ་སྙད་མ་ལུས་པ་སྤངས་པ་དེས་དངོས་པོའི་རང་བཞིན་སྨྲ་བར་ནུས་པ་ནི་མ་ཡིན་ཏེ། ཇི་སྐད་དུ། ཡི་གེ་ མེད་པའི་ཆོས་རྣམས་ལ། །ཉན་པ་པོ་གང་སྟོན་པ་གང་། །དོན་གང་ཉན་ཅིང་སྟོན་བྱེད་པ། །སྒྲོ་བཏགས་པས་ན་ཡི་གེ་མེད། །ཅེས་གསུངས་སོ། །དེ་ལྟ་བས་ན་ཐ་སྙད་པའི་བདེན་པ་ཉིད་ལ་བརྟེན་ནས་དོན་དམ་པ་སྟོན་པ་ཡིན་ཏེ། དོན་དམ་པ་བསྟན་པ་རྟོགས་པས་ཀྱང་དོན་དམ་ པ་མངོན་དུ་བྱེད་པ་ཡིན་ཏེ། དེ་ཉིད་དེའི་ཐབས་ཡིན་པའི་ཕྱིར་རོ། །གང་བསྟན་བཅོས་ལས། ཐ་སྙད་ལ་ནི་མ་བརྟེན་པར། །དམ་པའི་དོན་ནི་རྟོགས་མེད་པར། །མྱ་ངན་འདས་པ་འཐོབ་མ་ཡིན། །ཞེས་གསུངས་སོ། །དེ་ལྟར་དོན་དམ་པ་བསྟན་པ་ནི་ཐབས་ཡིན་ལ། དོན་དམ་པ་རྟོགས་ པ་ཡང་ཐབས་ལས་བྱུང་བ་ཡིན་ཏེ། གཞན་དུ་ན་དེ་བསྟན་པར་མི་ནུས་པའི་ཕྱིར་རོ། །ཅི་སྟེ་ཡང་དེ་ལྟ་བུར་གྱུར་པ་ཡང་དེ་ལྟ་བུར་གྱུར་པའི་བློའི་ཡུལ་ཡིན་ཏེ། དོན་དམ་པར་ཅིའི་ཕྱིར་མི་འགྱུར་ཞེ་ན། འདི་ལ། བློ་ནི་ཀུན་རྫོབ་ཡིན་པར་བརྗོད། །ཅེས་གསུངས་པ་ཡིན་ཏེ། བློ་ལ་སྣང་བ་དང་མི་སྣང་བ་ཉིད་ཀྱི་ ཐམས་ཅད་བརྟགས་པའི་རང་བཞིན་ཡིན་ཏེ། རྟོག་པ་ཡང་ཐམས་ཅད་དུ་མ་རིག་པའི་རང་བཞིན་ཡིན་ཏེ། དངོས་པོ་མེད་པ་འཛིན་པའི་ཕྱིར་རོ། །གང་རྣམ་པར་རྟོག་པ་འདི་རང་ཉིད་ཀྱིས་མ་རིག་པའི་ངོ་བོར་གྱུར་ཞེས་གསུངས་སོ། །མ་རིག་པ་ཡང་ཀུན་རྫོབ་ཡིན་ཏེ། དེའི་ཕྱིར་བརྒྱ་ལ་ཡང་བློ་ནི་དོན་དམ་པའི་རང་ བཞིན་འཛིན་པར་དོན་དམ་པར་འཐད་པ་ནི་མ་ཡིན་ནོ། །གཞན་དུ་ན་ཀུན་རྫོབ་བློའི་གཟུང་བར་བྱ་བ་ཡིན་པས་དོན་དམ་པའི་རང་བཞིན་ཉིད་དེ་ཉམས་པར་འགྱུར་ཏེ། དངོས་པོ་ལ་དོན་དམ་པ་ནི་ཀུན་རྫོབ་ཀྱི་ཤེས་པའི་ཡུལ་ཡིན་པའི་ཕྱིར་རོ། །བཅོམ་ལྡན་འདས་ཀྱིས་འཕགས་པ་བདེན་པ་གཉིས་ལ་ འཇུག་པ་དེར་ཡང་། ལྷའི་བུ་གལ་ཏེ་དོན་དམ་པའི་བདེན་པ་ལུས་དང་ངག་དང་ཡིད་ཀྱི་སྤྱོད་ཡུལ་དུ་གྱུར་ན་དེ་དོན་དམ་པའི་གྲངས་སུ་མི་འགྲོ་ཞིང་ཀུན་རྫོབ་ཀྱི་བདེན་པ་ཉིད་དུ་འགྱུར་རོ། །ལྷའི་བུ་འོན་ཀྱང་དོན་དམ་པའི་བདེན་པ་ནི་ཐ་སྙད་ཐམས་ཅད་ལས་འདས་པ་དང་། ཡང་དག་པར་མ་སྐྱེས་པ་དང་། མ་འགགས་པ་དང་། བརྗོད་པར་བྱ་བ་དང་། རྗོད་པར་བྱེད་པ་དང་། ཤེས་བྱ་དང་། ཤེས་པ་དང་བྲལ་བ་ཡིན་ཏེ། ཇི་སྲིད་དུ་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་ཡུལ་ལས་འདས་པ་ནི་དོན་དམ་པའི་བདེན་པ་ཡིན་ནོ་ཞེས་རྒྱས་པར་གསུངས་སོ། །དེ་ཉིད་ཀྱི་ཕྱིར་ རྣམ་པར་རྟོག་པ་རྣམས་ཀྱི་ཡུལ་མ་ཡིན་ཏེ། གང་དངོས་པོ་དང་དངོས་པོ་མེད་པ་ཡིན་པ། རང་དང་གཞན་གྱི་དངོས་པོ་དང་། བདེན་པ་དང་བདེན་པ་མ་ཡིན་པ་དང་། རྟག་པ་དང་། ཆད་པ་དང་། རྟག་པ་དང་། མི་རྟག་པ་དང་། བདེ་བ་དང་། སྡུག་བསྔལ་བ་དང་། གཙང་བ་དང་། མི་གཙང་བ་དང་། བདག་དང་། བདག་མེད་པ་དང་། སྟོང་པ་དང་། སྟོང་པ་མ་ཡིན་པ་དང་། གཅིག་དང་དུ་མ་དང་། སྐྱེ་བ་དང་། འགག་པ་ལ་སོགས་པའི་ཁྱད་པར་རྣམས་དེ་ཁོ་ན་ཉིད་དུ་སྲིད་པ་མ་ཡིན་ཏེ། འདི་རྣམས་ཀུན་རྫོབ་ཀྱི་ཆོས་ཡིན་པའི་ཕྱིར་རོ། །འདི་ཡང་བཅོམ་ལྡན་འདས་ཀྱིས་ཡབ་དང་སྲས་ མཇལ་བའི་མདོ་ལས་ཇི་སྐད་དུ། འདི་ལྟར་དེ་བཞིན་གཤེགས་པས་ཀུན་རྫོབ་དང་། དོན་དམ་པ་གཉིས་ཐུགས་སུ་ཆུད་དེ། ཤེས་པར་བྱ་བ་ཡང་ཀུན་རྫོབ་དང་། དོན་དམ་པ་འདིར་ཟད་དོ། །དེ་ཡང་བཅོམ་ལྡན་འདས་ཀྱིས་སྟོང་པ་ཉིད་དུ་རབ་ཏུ་གཟིགས། རབ་ཏུ་མཁྱེན། ལེགས་པར་མངོན་དུ་མཛད་པས་ དེའི་ཕྱིར་ཐམས་ཅད་མཁྱེན་པ་ཞེས་བྱའོ། །དེ་ལ་ཀུན་རྫོབ་ནི་འཇིག་རྟེན་གྱི་སྤྱོད་པར་དེ་བཞིན་གཤེགས་པས་གཟིགས་སོ། །དོན་དམ་པ་གང་ཡིན་པ་དེ་ནི་བརྗོད་དུ་མེད་པ་སྟེ། ཤེས་པར་བྱ་བ་མ་ཡིན་པ། རྣམ་པར་ཤེས་པར་བྱ་བ་མ་ཡིན་པ། ཡོངས་སུ་ཤེས་པར་བྱ་བ་མ་ཡིན་པ། མ་བསྟན་པ། རབ་ ཏུ་མ་བསྟན་པ་ནས་བྱ་བ་མེད་པའི་བར་དང་། བྱེད་པ་མེད་པ་ནས་ཇི་སྲིད་དུ་ཐོབ་པ་མ་ཡིན་པ། མ་ཐོབ་པ་མ་ཡིན་པ། བདེ་བ་མ་ཡིན་པ། སྡུག་བསྔལ་བ་མ་ཡིན་པ། སྙན་པ་མ་ཡིན་པ། མི་སྙན་པ་མ་ཡིན་པ། གཟུགས་མ་ཡིན་པ། གཟུགས་མེད་པ་མ་ཡིན་པ་ཞེས་པ་ལ་སོགས་སོ། །དེ་ལྟར་ན་ཀུན་ རྫོབ་ཀྱི་ཁྱད་པར་མཐའ་དག་ནུབ་པ་ཁྱད་པར་མ་ལུས་པ་དང་བྲལ་བ་ལ་དངོས་པོ་མཐའ་ཡས་ཤིང་ཡངས་པ་ཁྱབ་པའི་ཡེ་ཤེས་ཀྱི་སྣང་བ་ལ་གསལ་བའི་ནང་གི་བདག་ཅན་བཅོམ་ལྡན་འདས་ཀྱིས་དོན་དམ་པའི་བདེན་པའོ་ཞེས་གསུངས་སོ། །འདི་འཕགས་པ་རྣམས་ཉིད་ཀྱིས་རང་རིག་པའི་རང་བཞིན་ ཡིན་པས་སོ་སོ་རང་གིས་རིག་པ་ཡིན་ཏེ། དེའི་ཕྱིར་དེ་ཉིད་འདི་ལ་ཚད་མ་ཡིན་ནོ། །ཀུན་རྫོབ་ཀྱི་བདེན་པ་ནི་འཇིག་རྟེན་པའི་ཐ་སྙད་ལ་བརྟེན་ནས་བསྟན་པ་ཡིན་ནོ། །དེ་འདི་ལྟར་རྣམ་པར་དབྱེ་བ་ཇི་ལྟ་བར་བདེན་པ་གཉིས་ཤེས་པས་ཕྱིན་ཅི་མ་ལོག་པར་ཆོས་རྣམ་པར་འབྱེད་པ་སྐྱེ་བར་འགྱུར་རོ། །དེ་ ལྟར་ཀུན་རྫོབ་དང་དོན་དམ་པའི་དབྱེ་བས་བདེན་པ་གཉིས་སུ་རྣམ་པར་གཞག་ནས། དེ་ལ་དབང་བའི་འཇིག་རྟེན་ཡང་རྣམ་པ་གཉིས་ཉིད་དོ་ཞེས་བསྟན་པའི་ཕྱིར། དེ་ལ་འཇིག་རྟེན་ཞེས་པ་ལ་སོགས་པ་གསུངས་ཏེ། དེ་ལ་ནི་དེ་དག་ལ་སྟེ། ཀུན་རྫོབ་དང་དོན་དམ་པའི་བདེན་པ་ལ་དབང་བར་གནས་ པའི་བདེན་པ་གཉིས་རྟོགས་པར་བྱེད་པ་པོ་ཞེས་བྱ་བའི་ཐ་ཚིག་གོ། །འཇིག་རྟེན་ནི་སྐྱེ་བོ་ཡིན་ལ་གཉིས་ནི་རྣམ་པ་གཉིས་ཡིན་ཏེ། ཀུན་རྫོབ་དང་དོན་དམ་པའི་བདེན་པ་རྟོགས་པ་དག་གོ། །འཇིག་རྟེན་ཞེས་པ་ནི་སྤྱིའི་ཚིག་ཡིན་པ་དེས་ན་ཕུང་པོ་གཉིས་ཡིན་ནོ་ཞེས་པའི་དོན་ཏོ། །མཐོང་བ་ནི་ ལུང་དང་རིགས་པས་རྟོགས་པའོ། །ཇི་ལྟར་ན་རྣམ་པ་གཉིས་སུ་བྱས་ཤེ་ན། རྣལ་འབྱོར་པ་དང་ཕལ་པའོ་ཞེས་པ་སྟེ། རྣལ་འབྱོར་ནི་ཏིང་ངེ་འཛིན་ཡིན་ལ། ཆོས་ཐམས་ཅད་མ་དམིགས་པའི་མཚན་ཉིད་ཡིན་ཏེ། དེ་གང་ལ་ཡོད་པ་དེ་ནི་རྣལ་འབྱོར་པ་ཡིན་ལ། འཇིག་རྟེན་ཞེས་ཕུང་པོ་རྣམས་ གཅིག་ཏུ་བྱས་སོ། །དེ་བཞིན་དུ་ཕལ་པ་ནི་འཁོར་བར་འཇུག་པའི་རྒྱུ་མ་རིག་པ་དང་སྲིད་པ་ཡིན་ལ། དེ་ལས་བྱུང་བ་ནི་ཕལ་པ་ཡིན་ཏེ། ཕལ་པ་ཉིད་ཕལ་པ་ཡིན་ལ་འཇིག་རྟེན་ནི་གཉིས་པའོ། །དེ་ལ་རྣལ་འབྱོར་པ་ཉིད་ནི་གཙོ་བོ་ཡིན་ཏེ་ཕྱིན་ཅི་མ་ལོག་པར་མཐོང་བ་ཡིན་ནོ། །ཕལ་པས་དངོས་ པོ་ཕྱིན་ཅི་ལོག་ཏུ་མཐོང་བ་ཡིན་ཏེ་འཁྲུལ་པའི་ཕྱིར་རོ། །དེ་ལྟར་ན་ཡང་གཉི་གས་རང་གི་དེ་ཁོ་ན་ཉིད་ཅི་ལྟ་བ་མཐོང་བས་གང་ཞིག་མ་འཁྲུལ་པ་ཅན་ཡིན་ཞེ་ན། གང་ཉིད་ལ་གཞན་གྱིས་གནོད་པའོ། །ཡང་འདི་དག་ལས་གང་གིས་གནོད་པ་ཡིན་ཞེ་ན། དེ་ལ་ཞེས་པ་ལ་སོགས་པ་གསུངས་ཏེ། དེ་ལ་ ཞེས་པ་ནི་བདུན་པའི་མཐའ་ཅན་སྤྱིར་བཏང་བའི་ཚིག་དང་དམིགས་ཀྱིས་དགའ་བ་ལ་བདུན་པའོ། །དེ་ལ་རྣལ་འབྱོར་པ་དང་འཇིག་རྟེན་ཕལ་པ་དེ་དག་གི་ནང་ནས་འཇིག་རྟེན་ཕལ་པ་ནི་ཕལ་པའི་རིགས་ཀྱི་སྤྱི་ལས་དམིགས་ཀྱིས་བསལ་བ་ཡིན་ཏེ། དམིགས་ཀྱིས་བསལ་ནས་ཀྱང་གནོད་ཅེས་པ་ནི་ གནོད་པར་བརྗོད་དོ། །གང་ལས་ལྟོས་ནས་ཤེ་ན། རྣལ་འབྱོར་འཇིག་རྟེན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྣལ་འབྱོར་པ་ཉིད་འཇིག་རྟེན་ཡིན་ཏེ་རྣལ་འབྱོར་པའི་འཇིག་རྟེན་པའོ། །དེས་གནོད་པ་ནི་ཕྱིན་ཅི་ལོག་གི་བློར་རྣམ་གཞག་བྱེད་པའོ། །ཇི་ལྟར་ཞེ་ན། བློ་ཁྱད་ཀྱིས་ཞེས་པ་སྦྱར་བར་བྱ་ སྟེ། རྣལ་འབྱོར་པ་ལ་ནི་འཇིག་རྟེན་པས་གནོད་པ་མ་ཡིན་ནོ། །འདིར་བསམ་པ་ནི་འདི་ཡིན་ཏེ། ཇི་ལྟར་འཁྲུལ་པས་བསྐྱེད་པའི་དངོས་པོར་རབ་རིབ་ཀྱིས་ཉམས་པར་བྱས་པའི་མིག་ཅན་གྱི་མི་བདེན་པའི་སྐྲ་ཤད་མཐོང་བའི་ཤེས་པ་ལ་ནི་དངོས་པོ་ཇི་ལྟར་གནས་པའི་དེ་ཁོ་ན་ཉིད་འཛིན་པ་རབ་རིབ་མེད་ པ་ཅན་གྱི་ཤེས་པས་གནོད་དོ། །དེ་བཞིན་དུ་རབ་རིབ་མེད་པ་ཅན་གྱི་ཤེས་པ་ལ་ནི་རབ་རིབ་ཅན་གྱི་ཤེས་པས་མི་གནོད་དེ། དེ་བཞིན་དུ་མ་རིག་པའི་དྲི་མིའི་རབ་རིབ་ཀྱིས་བློའི་མིག་སྐྱོན་ཅན་དུ་བྱས་པས་དངོས་པོའི་རང་བཞིན་ཕྱིན་ཅི་ལོག་ཏུ་འཛིན་པ་ནི་ཕལ་པའི་ཤེས་པ་ཡིན་ལ། ཤེས་རབ་ཀྱི་ཆུས་བཀྲུས་པའི་མཚན་ཉིད་ཅན་དྲི་མ་དང་བྲལ་བ་ཟག་པ་མེད་པའི་མིག་དག་གིས་དངོས་པོ་གཉུག་མའི་དེ་ཁོ་ན་ཉིད་རིག་པའི་རྣལ་འབྱོར་པས་འཇིག་རྟེན་པའི་ཤེས་པ་ལ་གནོད་ལ། སླར་ཅིག་ཤོས་ཀྱིས་ནི་རྣལ་འབྱོར་པའི་ཤེས་པ་ལ་གནོད་པ་མ་ཡིན་ནོ། །ཇི་ལྟར་མཐོང་བའི་རབ་རིབ་མིག་ ཅན་གྱིས། །རབ་རིབ་མེད་པའི་ཡེ་ཤེས་ལ་གནོད་མིན། །དེ་བཞིན་ཤེས་པ་དྲི་མའི་དབང་གྱུར་པས། །དྲི་མེད་བློ་ལ་གནོད་པ་ཡོད་མ་ཡིན། །ཞེས་གསུངས་ཏེ། དེ་བས་ན་ཕལ་པའི་ཤེས་པ་འཁྲུལ་པ་ཉིད་ལ་གནོད་དོ། །འོན་ཏེ་ཅི་ཕལ་པ་ཉིད་ལ་རྣལ་འབྱོར་པ་རྣམས་ཀྱིས་གནོད་དམ། འོན་ཏེ་རྣལ་ འབྱོར་པ་ལ་གནོད་ཅེ་ན། གོང་མ་ཞེས་པ་ལ་སོགས་པ་གསུངས་ཏེ། རྣལ་འབྱོར་པ་ལ་ཡང་རྣལ་འབྱོར་པ་གཞན་དང་གཞན་གྱིས་གནོད་དེ། ཕལ་པ་འབའ་ཞིག་ལ་ནི་མ་ཡིན་ནོ་ཞེས་བྱ་བ་ནི་ཡང་གི་སྒྲའི་དོན་ཏོ། །ཇི་ལྟ་བུར་གྱུར་པ་ཞེ་ན། གོང་མ་གོང་མའི་ཞེས་ཏེ། གོང་མ་ལས་ཀྱང་གོང་མ་དེ་རྣམས་ཀྱིས་ སོ། །ཡོན་ཏན་གྱི་ཁྱད་པར་ཞེས་གོང་ནས་གོང་དུ་གནས་པའི་དབྱེ་བས་ཁྱད་པར་ཐོབ་པ་སྟེ་ལྷག་ཅིང་ལྷག་པས་ཞེས་པའི་དོན་ཏེ། དེ་ལ་ལྟོས་ནས་ཡོན་ཏན་ཆུང་བར་གྱུར་པ་འོག་མའི་གནོད་པར་བྱེད་པ་ཡིན་ལ། ཡེ་ཤེས་ཀྱི་ཆེ་བའི་བདག་ཉིད་ལ་སོགས་པ་རྣམས་ཀྱིས་ཟིལ་གྱིས་གནོན་ཏོ། ། ཇི་ལྟར་ཞེ་ན། བློ་ཁྱད་ཀྱིས་ཏེ། བློ་ནི་ཡེ་ཤེས་ཡིན་ཏེ་ཤེས་རབ་ཀྱི་ཁྱད་པར་དེས་སྒྲིབ་པ་དེ་དང་བྲལ་བས་མཆོག་ཏུ་གྱུར་པ་ཡིན་ལ་འདི་ཡང་མཚོན་པ་ཙམ་སྟེ་བསམ་གཏན་དང་ཏིང་ངེ་འཛིན་དང་སྙོམས་པར་འཇུག་པ་ལ་སོགས་པའི་ཁྱད་པར་རྣམས་ཀྱིས་ཀྱང་ཡིན་ནོ། །འདི་ལྟར་ཡང་ས་དང་པོ་རབ་ཏུ་དགའ་བར་ གྲགས་པ་ཐོབ་པའི་བྱང་ཆུབ་སེམས་དཔའི་ཤེས་རབ་ལ་སོགས་པའི་ཡོན་ཏན་ལ་ལྟོས་ན་དེའི་གོང་མ་དྲི་མ་མེད་པར་བརྗོད་པའི་ས་གཉིས་པ་ཐོབ་པའི་བྱང་ཆུབ་སེམས་དཔའི་ཡེ་ཤེས་ཀྱི་སྟོབས་ལ་སོགས་པ་རྣམས་ཀྱི་ཡོན་ཏན་ཁྱད་པར་དུ་འཕགས་སོ། །དེ་བཞིན་དུ་ས་གོང་མ་གོང་མ་གཞན་ འཐོབ་པ་རྣམས་ལ་ཡང་རིག་པར་བྱའོ། །དེ་བཞིན་དུ་བསམ་གཏན་དང་པོ་ལ་སོགས་པ་ཐོབ་པ་རྣམས་ལ་ཡང་གོང་མ་གོང་མས་གནོད་པར་སྦྱར་བར་བྱ་སྟེ། ཟག་པ་དང་བཅས་པ་རྣམས་ལ་ཟག་པ་མེད་པ་རྣམས་ཀྱིས་ཞེས་པའི་བར་དུའོ། །དེ་ལྟར་བདེན་ན་ཡང་རྣལ་འབྱོར་པའི་བློའི་ཁྱད་པར་ལས་ ཕལ་པའི་ཤེས་པ་འཁྲུལ་པ་ཡིན་ནོ་ཞེས་ཇི་ལྟར་རྟོགས་པར་ནུས་ཤེ་ན། གཉི་ག་ཡང་ནི་འདོད་པའི་དཔེས། །ཞེས་གསུངས་ཏེ། རྣལ་འབྱོར་པ་དང་ཕལ་པ་གཉི་ག་འདོད་ཅིང་མངོན་པར་འདོད་པའི་དཔེ་སྟེ་ཉེ་བར་སྦྱར་བ་དེས་སོ། །གང་འདིར་མདོ་རྣམས་སུ་བཅོམ་ལྡན་འདས་ཀྱིས་སྒྱུ་མ་དང་། སྨིག་རྒྱུ་དང་དྲི་ཟའི་གྲོང་ཁྱེར་དང་། གཟུགས་བརྙན་ལ་སོགས་པའི་དཔེ་གསུངས་པ་ཡིན་ཏེ། དེ་ཡང་གཉི་ག་ལ་རང་བཞིན་མེད་པར་གྲུབ་པ་ཡིན་ལ། དེ་དང་ཆོས་མཐུན་པས་ཆོས་ཐམས་ཅད་རང་བཞིན་མེད་པ་ཉིད་དུ་སྟོན་པའི་ཕྱིར་རོ། །འདི་ལྟར་རེ་ཞིག་སྐྱེ་བོ་ཐམས་ཅད་ཀྱིས་རྟོགས་པའི་གཟུགས་ ལ་སོགས་པ་རྣམས་རྣལ་འབྱོར་པ་དེ་དག་ཉིད་ཀྱིས་རང་བཞིན་མེད་པ་ཉིད་དུ་རྟོགས་པ་ཡིན་ཏེ། དོན་དམ་པའི་བདེན་པ་རྟོགས་པའི་ཕྱིར་རོ། །ཡང་གང་དག་གིས་འདི་རྣམས་སྒྱུ་མ་ལ་སོགས་པར་དམིགས་པ་དེ་རྣམས་ཕལ་པ་རྣམས་ལ་ཡང་འགྲུབ་སྟེ། དེའི་ཕྱིར་གཉི་ག་ལ་ཡང་ལོག་པར་རྟོགས་ པ་མེད་པའི་ཕྱིར་དཔེའི་ཆོས་རྣམས་ཉམས་པ་མེད་དོ། །ཡང་དཔྱོད་པ་ལ་སོགས་པ་གང་རྣམས་ཡུལ་དང་དུས་གཞན་གྱི་བདག་ཉིད་དངོས་པོ་ཉིད་དེ་དེ་བཞིན་དུ་སྣང་བ་ཡིན་ནོ་ཞེས་འདོད་དེ། དེ་རྣམས་ཀྱང་གཞན་དུ་སུན་ཕྱུང་བའི་ཕྱིར་དེའི་འདོད་པ་འདིར་འགེགས་པ་མ་ཡིན་ནོ། །རང་གི་སྡེ་པ་གང་དག་ ཀྱང་སེམས་ཀྱི་དངོས་པོ་ཡོད་པ་ཉིད་རྨི་ལམ་ལ་སོགས་པ་རྣམས་ལ་དེ་ལྟར་སྣང་བར་འདོད་དེ། དེ་རྣམས་ཀྱང་སྐབས་ཇི་ལྟ་བར་འོག་ནས་རང་རིག་པ་འགེགས་པར་སུན་འབྱིན་པར་འགྱུར་རོ། །རིགས་པས་གྲུབ་པ་ཡང་གཉི་ག་ལ་གྲུབ་པ་ཡིན་ནོ། །དེའི་ཕྱིར་དཔེ་དེས་ཕྱིན་ཅི་ལོག་གི་དངོས་པོའི་རང་ བཞིན་འཛིན་པ་ཐ་མལ་པའི་ཤེས་པ་འཁྲུལ་པ་ཞེས་རྣམ་པར་འཇོག་གོ། །དེ་བཞིན་དུ་རྣལ་འབྱོར་པའི་ཤེས་པ་ལ་ཡང་ཇི་ལྟར་རིགས་པར་ཤེས་པར་བྱའོ། །གལ་ཏེ་དངོས་པོ་ཐམས་ཅད་རང་བཞིན་མེད་པ་ཞེས་པ་དངོས་པོའི་དེ་ཁོ་ན་ཉིད་ཡིན་ན། འོ་ན་སེམས་ཅན་ཐམས་ཅད་གདོན་པའི་བསམ་ པས་སྦྱིན་པ་ལ་སོགས་པའི་ཚོགས་ཡོངས་སུ་རྫོགས་པའི་དོན་དུ་དེ་ཁོ་ན་ཉིད་རྟོགས་པའི་བྱང་ཆུབ་སེམས་དཔའ་ཡང་ཇི་ལྟར་འཇུག་པར་འགྱུར་ཏེ། དེ་རྣམས་ཀྱང་རང་བཞིན་མེད་པ་ཡིན་པའི་ཕྱིར་རོ་ཞེ་ན། དེའི་ཕྱིར། དགོས་པའི་དོན་དུ་མ་དཔྱད་ཕྱིར། །ཞེས་པ་ལ་སོགས་ པ་གསུངས་ཏེ། དགོས་པ་ནི་བསྒྲུབ་བྱ་དང་བླང་བྱ་དང་འབྲས་བུར་བརྗོད་ལ་དེའི་དོན་ནི་དེའི་རྒྱུ་མཚན་དུའོ། །མ་དཔྱད་པ་ནི་མ་བརྟགས་པར་དེའི་རྒྱུ་ལ་འཇུག་པའི་ཕྱིར་ཏེ། དེ་ལྟར་གྱུར་ན་ཡང་དེ་ལ་འདི་ནི་རྟེན་ཅིང་འབྲེལ་པར་འབྱུང་བའི་ངེས་པ་ཡོད་པའི་ཕྱིར་རྒྱུ་དང་འབྲས་བུ་ལ་འགལ་བ་མེད་དོ། །འདི་སྐད་ དུ། གལ་ཏེ་ཡང་སྒྱུ་མ་ལ་སོགས་པ་རང་བཞིན་མེད་པས་སྦྱིན་པ་ལ་སོགས་པ་རྣམས་རང་བཞིན་མེད་པ་དེ་ལྟ་ན་ཡང་འཁོར་གསུམ་ཡོངས་སུ་དག་པས་གུས་པ་ལ་སོགས་པའི་སྦྱོར་བ་ཡོངས་སུ་གོམས་པ་ན། དོན་དམ་པ་རྟོགས་པའི་ཆེད་དུ་དེ་ལྟ་བུར་གྱུར་པ་ཡང་རྒྱུའི་དངོས་པོ་ཉིད་དུ་འགྱུར་ཏེ། དེ་ རྣམས་ཀྱི་ཐབས་ཡིན་པའི་ཕྱིར་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་ཡང་བསམ་གྱིས་མི་ཁྱབ་པ་ཡིན་པའི་ཕྱིར་རོ། །འདི་ལྟ་བུ་ནི་འབྲས་བུར་རྟོགས་ཏེ་དེ་དེའི་ཐབས་ལས་བྱུང་བ་ཡིན་པའི་ཕྱིར་རོ་ཞེས་བརྗོད་པར་བྱའོ། །དེ་སྐད་དུ། ཐབས་སུ་གྱུར་པ་ཐ་སྙད་བདེན་པ་དང་། །ཐབས་ལས་བྱུང་བའི་ དོན་དམ་བདེན་པ་དག །ཅེས་གསུངས་སོ། །འདི་ནི་ངེས་པར་དེ་ལྟར་ཡིན་ཏེ། གཞན་དུ་ན་དྲི་མ་དང་བཅས་པའི་གནས་སྐབས་ན་ལམ་ལ་སོགས་པ་མེད་ན་དྲི་མ་དང་བཅས་པའི་གནས་སྐབས་ལས་དྲི་མ་མེད་པ་ལ་གནས་པ་དང་། རྟོག་པ་དང་བཅས་པའི་གནས་སྐབས་ལས་རྟོག་པ་མེད་པར་ཇི་ལྟར་ སྐྱེ་བར་འགྱུར་ཏེ། དེ་དོན་དམ་པར་དེའི་རང་བཞིན་ཡིན་པའི་ཕྱིར་རོ། །འདི་ནི་གཞན་དུ་ཡང་མཚུངས་པ་ཡིན་ཏེ། ཆོས་ཐམས་ཅད་དོན་དམ་པར་རང་བཞིན་མེད་པའི་ཕྱིར་རོ། །རྒྱུ་ཉིད་དང་དེའི་རང་བཞིན་ཐམས་ཅད་ལ་འབྲས་བུར་འདོད་དོ། །དེའི་ཕྱིར་ཀུན་རྫོབ་རང་བཞིན་མེད་པ་ལས་ ཀྱང་རང་བཞིན་མེད་པའི་རྟོགས་པ་ཉིད་འབྲས་བུ་ཡིན་ནོ། ཇི་ལྟར་འདུས་བྱས་པའི་ལམ་ལས་གཞན་འདུས་མ་བྱས་པའི་མྱ་ངན་ལས་འདས་པ་ཐོབ་པར་འགྱུར་ཏེ། དེ་ལྟར་ན་སྦྱིན་པ་ལ་སོགས་པ་དངོས་པོ་ལ་རང་བཞིན་མེད་པ་ཡིན་ན་ཡང་དོན་དམ་པའི་དེ་ཁོ་ན་ཉིད་རྟོགས་པའི་ཆེད་དུ་ སེམས་ཅན་རྣམས་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐུགས་རྗེས་འཛིན་པར་མཛད་དེ། གཞན་དུ་ན་དོན་དམ་པ་རྟོག་པ་དང་བྲལ་བའི་ཕྱིར་རོ། །དེས་ན་སྦྱིན་པ་ལ་སོགས་པ་ལ་འཇུག་པ་མ་བཀག་པ་ཉིད་དེ། དེ་བས་ན་འདོད་པ་དང་མི་འདོད་པའི་འབྲས་བུ་ཐོབ་པ་དང་སྤོང་བར་འདོད་པས་དགེ་བ་དང་ མི་དགེ་བ་དག་ལ་འཇུག་པ་དང་ལྡོག་པར་བྱ་སྟེ། འདི་ཡང་ཕྱི་ནས་གསལ་བར་བྱེད་པར་འགྱུར་རོ། །དེ་ལྟར་གྱུར་ན་སྒྱུ་མ་ལ་སོགས་པ་དང་མཚུངས་པའི་དངོས་པོའི་རང་གི་ངོ་བོའི་རང་བཞིན་རྣལ་འབྱོར་པ་རྟོགས་པ་དེ་ཉིད་སྐྱེ་བོ་ཕལ་པས་རྟོགས་ན་ཇི་ལྟར་གོང་དུ་ལོག་པར་རྟོགས་པ་ཡོད་པར་འགྱུར་ཞེ་ན། འཇིག་རྟེན་ཞེས་པ་ལ་སོགས་པ་གསུངས་ཏེ། འཇིག་རྟེན་པ་ནི་སྐྱེ་བོ་ཕལ་པ་སྟེ་རྒྱུ་དང་། རྐྱེན་ལ་བརྟེན་ནས་དངོས་པོ་རྣམས་རང་བཞིན་ཐོབ་པོ་ཞེས་སོ། །དེ་ལྟར་ན་དངོས་པོའི་སྒྲས་ནི་ཡོད་པའི་རང་བཞིན་གྱིས་དངོས་པོ་མེད་པ་བརྗོད་པ་ཉིད་དུ་རྟོགས་སོ། །མཐོང་བ་འབའ་ཞིག་ནི་མ་ཡིན་གྱི་ ཡང་དག་པ་ཉིད་དུ་རྟོག་པར་བྱེད་པའང་ཡིན་ཏེ། ཇི་ལྟར་རང་བཞིན་རྟོགས་པ་ཉིད་དོན་དམ་པར་ཞེན་པར་བྱེད་དོ་ཞེས་པའི་དོན་ཏོ། །གང་འདི་ནི་བདག་གི་རྟོགས་པའི་སྤྱོད་ཡུལ་དུ་གྱུར་པའི་ངོ་བོ་ཡིན་ཏེ། དེ་དངོས་པོ་ཉིད་ཡིན་ནོ་ཞེས་ཞེན་པའི་ཕྱིར་ལ་སྒྱུ་མ་བཞིན་དུ་ནི་མ་ཡིན་ཏེ། ཡང་ཇི་ལྟར་རྣལ་ འབྱོར་པས་སྒྱུ་མ་བཞིན་དུ་སྟེ། སྒྱུ་མ་ལྟ་བུར་དོན་དམ་པའི་རང་བཞིན་མཐོང་བ་དེ་བཞིན་དུ་རྟོགས་པ་མ་ཡིན་ནོ། །དེའི་ཕྱིར་འདིར་ཞེས་ཏེ་འདི་ལ་སྤྱོད་པ་སྟེ་ལོག་པར་རྟོགས་པ་ཡིན་ལ། རྣལ་འབྱོར་པ་དང་འཇིག་རྟེན་པ་སྤྱོད་དེ་རྣལ་འབྱོར་པ་དང་འཇིག་རྟེན་པ་ལྷན་ཅིག་ཏུའོ་ཞེས་པའི་དོན་ཏོ། །དེས་ རྟོགས་པའི་དངོ