Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 103
Văn bản gốc(Tây Tạng)
Trang 12 / 24 (50.000 ký tự/trang)
གང་ཡིན་པ་དེ་ནི་མི་རུང་སྟེ། དེའི་འབྲས་བུ་ཁྱིམ་ཡོད་པའི་ཕྱིར་དང་། རྣམ་པ་གཞན་དུ་བསྒྲུབ་པར་བྱ་བ་ཉིད་དུ་ཁས་ལེན་ན་ཡང་འབྲས་བུ་མེད་པར་སྨྲ་བར་ཐལ་བར་འགྱུར་བའི་ཕྱིར་རོ། །གང་ཞིག་ འབྲས་བུ་མེད་པར་སྨྲ་བ་དེའི་ལྟར་ན་ཀ་བ་ལ་སོགས་པའི་རྒྱན་ཇི་ལྟར་བཤད་པ་དགོས་པ་མེད་པ་ཉིད་དུ་འགྱུར་ཏེ། དེའི་འབྲས་བུ་མེད་པའི་ཕྱིར་རོ། །མོ་གཤམ་གྱི་བུ་ཡོད་པ་མ་ཡིན་པ་ནི་སུས་ཀྱང་སྒྲུབ་པར་ནུས་པ་མ་ཡིན་ཏེ། དེ་བཞིན་དུ་འབྲས་བུ་མེད་པར་སྨྲ་བ་ལ་ཡང་ འབྲས་བུ་ཁྱིམ་འགྲུབ་པར་མི་འགྱུར་རོ། །ཅི་སྟེ་སྐྱོན་འདི་སྤང་བར་འདོད་པས་འབྲས་བུ་རྣམ་པ་ཐམས་ཅད་དུ་མེད་པར་ཁས་མི་ལེན་ན་ནི་འོ་ན་དེའི་འབྲས་བུ་མེད་པར་སྨྲ་བ་ཉམས་པར་འགྱུར་རོ། །ཇི་ལྟར་ཡོད་པ་དང་མེད་པའི་ཁྱིམ་བསྒྲུབ་པར་བྱ་བའི་ཕྱིར་ཀ་བ་ལ་སོགས་པའི་རྒྱན་ མི་རིགས་པ་དེ་བཞིན་དུ་ཡོད་པ་དང་མེད་པར་བརྟགས་ནས་ཕྱི་དང་ནང་གི་དངོས་པོ་མྱུ་གུ་དང་འདུ་བྱེད་ལ་སོགས་པ་ཐམས་ཅད་ལ་ཡང་རྒྱུ་ས་བོན་དང་མ་རིག་པ་ལ་སོགས་པ་དོན་མེད་པར་སྦྱར་བར་བྱའོ། །གང་གི་ལྟར་ན་དངོས་པོ་རྣམས་རང་བཞིན་མེད་པ་ཡིན་པ་དེའི་ལྟར་ན་ནི་ རྣམ་པ་ཐམས་ཅད་དུ་དངོས་པོ་ཡོད་པ་ཉིད་མེད་པའི་ཕྱིར་ཡོད་པ་དང་མེད་པ་ལ་སོགས་པའི་རྟོག་པ་དང་དངོས་པོའི་ཆོས་ཀྱི་རྟེན་ཅན་རྣམས་མི་སྲིད་པས་བཤད་ཟིན་པའི་ཉེས་པའི་གོ་སྐབས་མེད་པ་ཡིན་དང་། ཐམས་ཅད་འགྲུབ་བོ། །གང་སྐྱེ་བ་དེ་ནི་སྐྱེ་བའི་སྔ་རོལ་ནས་ཡོད་ པ་མ་ཡིན་ཏེ། རང་བཞིན་མེད་པའི་ཕྱིར་དང་སྐྱེ་བ་དོན་མེད་པའི་ཕྱིར་རོ། །མེད་པ་ཡང་མ་ཡིན་ཏེ། རང་བཞིན་མེད་པའི་ཕྱིར་དང་། སྐྱེ་བ་མི་སྲིད་པའི་ཕྱིར་རོ། །དེའི་ཕྱིར་དེ་ལྟར་ན་མཁས་པས་མཐའ་གཉིས་སྤངས་ནས་རྟེན་ཅིང་འབྲེལ་པར་འབྱུང་བ་ཁས་བླང་བར་ བྱའོ། །དེའི་ཕྱིར་དངོས་པོ་རྣམས་རང་བཞིན་མེད་པར་འགྲུབ་བོ། །དེ་ལྟར་ན་རེ་ཞིག་འདས་པ་དང་མ་འོངས་པ་གཉིས་རང་གི་ངོ་བོས་གྲུབ་པ་ཡོད་པ་མ་ཡིན་ནོ། །འདིར་སྨྲས་པ། ཁྱོད་ཀྱིས་འདས་པ་དང་མ་འོངས་པའི་དུས་དག་བཀག་མོད་ཀྱི། དེ་ལྟར་ན་ཡང་རེ་ ཞིག་ད་ལྟ་བ་ནི་ཡོད་པ་ཡིན་ཏེ། དེ་ཡོད་པས་མ་འོངས་པ་ཡང་ཡོད་པར་འགྱུར་རོ། །མ་འོངས་པའི་གནས་སྐབས་ཀྱི་དངོས་པོ་ནི་ཡོངས་སུ་འགྱུར་བས་ད་ལྟར་བ་ཉིད་དུ་འགྱུར་རོ། །གལ་ཏེ་མི་འགྱུར་ན་ནི་གང་ཞིག་ཡོངས་སུ་འགྱུར་བས་ད་ལྟར་བར་འགྱུར། དེའི་ཕྱིར་ ད་ལྟར་ཡོད་པས་མ་འོངས་པ་ཡོད་དོ། །བཤད་པར་བྱ་སྟེ། གལ་ཏེ་ཡོངས་སུ་འགྱུར་བ་ཉིད་ཡོད་ན་ནི་དེ་ལྟར་འགྱུར་བ་ཞིག་ན། དེ་ནི་སྲིད་པ་ཡང་མ་ཡིན་ཏེ། ཇི་ལྟ་ཞེ་ན། འདི་ན་ཡོངས་སུ་འགྱུར་བ་འདི་མ་འོངས་པའི་དོན་ལ་རྟོག་པ་ན་རང་གི་ངོ་བོ་ཉམས་པས་རྟོག་གམ་ གནས་པས་རྟོག་གྲང་ན། གལ་ཏེ་རེ་ཞིག་རང་གི་ངོ་བོ་ཉམས་པས་ཡིན་ན་ནི་དེའི་ཚེ་གཅིག་འཇིག་ཅིང་གཞན་སྐྱེ་བ་ཡོངས་སུ་འགྱུར་བ་ཡིན་པས་སྐྱེ་བ་དང་འཇིག་པ་དག་ཁོ་ན་ལ་ཡོངས་སུ་འགྱུར་བ་ཞེས་བྱ་བར་འགྱུར་གྱི། གནས་པའི་རྫས་ཀྱི་ཆོས་གཞན་ལོག་ནས་ཆོས་གཞན་ འབྱུང་བ་ནི་ཡོངས་སུ་འགྱུར་བ་མ་ཡིན་ནོ། །ཅི་སྟེ་ཁོ་བོ་ཅག་གི་ཡོངས་སུ་འགྱུར་བ་ནི་འདི་འདྲ་བ་ཁོ་ན་ཡིན་ཏེ། འདི་ལྟར་དཔེར་ན་བ་ལང་གི་ཁུ་བཅུད་ཀྱི་རྫས་གནས་པའི་ཆོས་གཞན་འོ་མའི་དངོས་པོ་ལོག་དང་ཆོས་གཞན་ཞོའི་དངོས་པོ་འབྱུང་བ་ཡོངས་སུ་འགྱུར་བ་ཡིན་པ་ དེ་བཞིན་དུ་ཡོན་ཏན་གསུམ་པོ། །རྡུལ་དང་མུན་པ་དང་སྙིང་སྟོབས་རྣམས་ཀྱིས་མ་འོངས་པའི་གནས་སྐབས་ལོག་དང་ད་ལྟར་བའི་གནས་སྐབས་འབྱུང་བ་ཡོངས་སུ་འགྱུར་བའོ་སྙམ་དུ་སེམས་ན། ཡོངས་སུ་འགྱུར་བ་འདི་ཡོད་པ་ཉིད་དུ་གཞག་པར་མི་ནུས་ཏེ། འཇིག་རྟེན་གྱིས་ནི་མ་འོངས་པའི་ཡོན་ཏན་གསུམ་པོ་འདི་དག་ཡོད་པ་ཉིད་དུ་དམིགས་ནས་དེ་དག་གི་ཡོངས་སུ་འགྱུར་བར་དམིགས་པ་མེད་པ་ཉིད་དོ། །ཞོ་འོ་མའི་རྣམ་པར་འགྱུར་བ་ཡིན་པར་རྣམ་པར་གཞག་པར་ནུས་པ་ཡང་མ་ཡིན་ཏེ། འོ་མའི་གནས་སྐབས་ཉིད་དུ་ནི་ འོ་མ་ལ་འོ་མ་ཞེས་བྱ་བ་ལ་འོ་མའི་གནས་སྐབས་ཁོ་ནར་གནས་པའི་འོ་མ་ལ་ཞོའི་དངོས་པོ་ཡོད་པ་ཡང་མ་ཡིན་ནོ། །གལ་ཏེ་ཡོད་པར་འགྱུར་ན་ནི་འོ་མ་ཁོ་ན་ལ་ཞོ་ཞེས་བྱ་བར་འགྱུར་ན་འདི་ནི་རིགས་པ་ཡང་མ་ཡིན་ཏེ། དེའི་ཕྱིར་འོ་མ་ལ་ནི་ཞོའི་དངོས་པོ་ཡོད་པ་མ་ཡིན་ ནོ། །གང་གི་ཚེ་འོ་མ་ལ་ཞོའི་དངོས་པོ་ཡོད་པ་མ་ཡིན་པ་དེའི་ཚེ་གཞན་གང་ཞིག་ལ་སྲིད་པར་འགྱུར་དེའི་ཕྱིར་ཡོངས་སུ་འགྱུར་བ་མེད་དོ། །འོ་མ་དང་ཞོའི་གནས་སྐབས་ལས་ཐ་དད་པར་བ་ལང་གི་ཁུ་བའི་རྫས་ཞེས་ཅུང་ཟད་ཅིག་དམིགས་པ་ཡང་མ་ཡིན་ནོ། །དེ་ལྟར་ན། དངོས་རྣམས་ཡོངས་སུ་འགྱུར་བ་ཡང་། །ཡིད་ཀྱིས་ཀྱང་ནི་འཛིན་མི་འགྱུར། །དངོས་པོ་རྣམས་ཀྱི་ཡོངས་སུ་འགྱུར་བ་ནི་མིག་ལ་སོགས་པའི་དབང་པོ་རགས་པ་མཐོང་བ་ལྔས་མི་འཛིན་པ་འབའ་ཞིག་ཏུ་མ་ཟད་ཀྱི། ཆོད་པ་དང་ཕྲ་བ་དང་གཟུགས་ཅན་མ་ཡིན་པའི་དོན་ཡོངས་ སུ་གཅོད་པར་ནུས་པའི་ཡིན་གྱིས་ཀྱང་མི་འཛིན་ཏོ། །དེ་ལྟར་ན་ཡང་ད་ལྟར་བ། །ཡོད་པར་མི་མཁས་རྣམས་ཀྱིས་རྟོགས། །ཇི་ལྟར་བཤད་པའི་ཚུལ་གྱིས་ད་ལྟར་བ་ཉིད་ཀྱི་རྒྱུ་ཡོངས་སུ་གྱུར་པ་མ་དམིགས་མོད་ཀྱི། དེ་ལྟར་ན་ཡང་མི་མཁས་ཤིང་བླུན་པ་རང་ཉིད་ ཀྱིས་རང་གི་ངོ་བོ་ངེས་པར་མི་ཟིན་པ་རྣམས་ཀྱིས་ད་ལྟར་བ་དེ་ཡོད་པར་རྟོག་གོ། །དེ་ལྟར་སྐྱེ་བོ་བླུན་པོ་ལ་ལྟོས་ནས་ད་ལྟར་བ་ཞེས་བྱ་བར་རང་གི་ངོ་བོས་ཡོངས་སུ་བརྟག་པར་ནུས་པ་ཡང་མ་ཡིན་པས་དུས་གསུམ་མེད་དོ། །འདིར་སྨྲས་པ། དུས་རྣམས་ནི་ཡོད་པ་ཁོ་ན་སྟེ། དེའི་རྒྱུ་དངོས་པོ་ཡོད་པའི་ཕྱིར་རོ། །དུས་དེ་ནི་རང་ཉིད་ཀྱིས་ལུས་ཅན་མ་ཡིན་པའི་ཕྱིར་དངོས་པོ་ཁོ་ན་ཉེ་བར་བཟུང་ནས་ཡོངས་སུ་གཅད་པར་ནུས་ཀྱི། རང་ཉིད་ཀྱིས་ནི་མ་ཡིན་ནོ། །དེའི་ཕྱིར་དུས་མངོན་པར་གསལ་བའི་རྒྱུ་མཚན་ཡོད་པས་དུས་ཡོད་དོ། ། བཤད་པར་བྱ་སྟེ། གལ་ཏེ་དེའི་རྒྱུ་དངོས་པོ་ཉིད་ཡོད་ན་ནི་དུས་འདི་ཡོད་པར་འགྱུར་བ་ཞིག་ན་སྲིད་པ་ཡང་མ་ཡིན་ནོ། །ཇི་ལྟར་མི་སྲིད་པ་དེ་ལྟར་བསྟན་པའི་ཕྱིར་བཤད་པ། གནས་མེད་དངོས་པོ་ག་ལ་ཡོད། །འདི་ན་དངོས་པོ་སྐད་ཅིག་རེ་རེ་ལ་སྐྱེ་བ་དང་འཇིག་ པ་དང་ལྡན་པ་རྣམས་ལ་གནས་པ་རྣམ་པ་ཐམས་ཅད་དུ་ཡོད་པ་མ་ཡིན་ལ། གནས་པ་མེད་པས་ཀྱང་དུས་ཀྱི་རྒྱུ་དངོས་པོ་ཡོད་པ་མ་ཡིན་ནོ། །གནས་པ་མེད་པ་ཉིད་བསྟན་པའི་ཕྱིར་བཤད་པ། མི་རྟག་པས་གནས་ག་ལ་ཡོད། །མི་རྟག་པ་ཉིད་ཀྱིས་ཟོས་པའི་དངོས་པོ་ ལ་གནས་པ་མི་སྲིད་དོ། །གལ་ཏེ་གནས་པ་ཡོད་ན་ནི་གནས་པ་དང་ལྡན་པའི་དངོས་པོ་སླར་རྒ་བ་དང་འབྲེལ་པར་མི་འགྱུར་ཏེ། རྒ་བ་ནི་གནས་པ་དང་འགལ་བའི་ཕྱིར་རོ། །གཞན་ཡང་། གལ་ཏེ་དང་པོར་གནས་གྱུར་ན། །ཐ་མར་རྙིངས་པར་མི་འགྱུར་རོ། །ཕྱིས་རྙིངས་ པ་མེད་པར་ཐལ་བར་འགྱུར་བའི་ཕྱིར་སྔར་ཉིད་ནས་གནས་པ་མེད་པར་རྟོགས་པར་གྱིས་ཤིག །འདི་ལས་ཀྱང་གནས་པ་མེད་དོ། །འདི་ལྟར། རྣམ་ཤེས་གཅིག་གིས་ཇི་ལྟ་བུར། །དོན་གཉིས་རྣམ་པར་མི་ཤེས་པ། །དེ་བཞིན་རྣམ་པར་ཤེས་གཉིས་ཀྱིས། །དོན་ གཅིག་རྣམ་པར་མི་ཤེས་སོ། །གལ་ཏེ་དངོས་པོ་ལ་གནས་པ་ཞེས་བྱ་བ་ཞིག་ཡོད་ན་ནི་དེའི་ཚེ་རིམ་གྱིས་རྣམ་པར་ཤེས་པ་དུ་མའི་ཤེས་བྱར་འགྱུར་རོ། །དོན་གང་ཞིག་རྣམ་པར་ཤེས་པ་གཅིག་གིས་དམིགས་པ་དེ་གལ་ཏེ་རྣམ་པར་ཤེས་པ་གཞན་ཕྱིས་འབྱུང་བ་ཞིག་གིས་དམིགས་ན་ནི་ དེའི་ཚེ་སྔར་མཐོང་བའི་དོན་ལ་རྣམ་པར་ཤེས་པ་གཞན་ཕྱི་མས་གཅོད་པའི་བར་དུ་གནས་པས་གནས་པ་ཡོད་པར་རྟོགས་པར་འགྱུར་ན། འདི་ནི་སྲིད་པ་ཡང་མ་ཡིན་ཏེ། ཤེས་པ་དང་ཤེས་བྱ་གཉི་ག་སྐད་ཅིག་མ་ཉིད་ཡིན་པའི་ཕྱིར་རོ། །གང་གཅིག་གིས་བཟུང་བ་དེ་ གཞན་གྱིས་བཟུང་བར་ནུས་པ་ཡང་མ་ཡིན་ཏེ། དེའི་ཕྱིར་གནས་པ་མེད་དོ། །འདི་ན་མིག་ལ་སོགས་པ་རྣམས་ནི་དབང་པོ་དྲུག་ཡིན་ལ་གཟུགས་ལ་སོགས་པ་རྣམས་ནི་བདག་ཉིད་ཇི་ལྟ་བ་བཞིན་དེ་རྣམས་ཀྱང་ཡུལ་དྲུག་ཡིན་ཞིང་། དབང་ པོ་དང་དོན་གྱི་དབང་གིས་ཀྱང་རྣམ་པར་ཤེས་པའི་ཚོགས་དྲུག་ཏུ་འགྱུར་རོ། །དེའི་ཕྱིར་འདིར་རྣམ་པར་ཤེས་པ་ཞེས་བྱ་བ་གང་ཡིན་པ་དེ་ཐམས་ཅད་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་དང་སྐད་ཅིག་མར་འཇིག་གོ་ཞེས་བྱ་བར་རང་གི་སྡེ་པ་རྣམས་ལ་གྲགས་པ་ཡིན་ནོ། །དེའི་ ཕྱིར་རང་གི་སྡེ་པ་རྣམས་ཀྱིས་སྐད་ཅིག་གཉིས་པར་འབྱུང་བའི་ཡུལ་འཛིན་པའི་དུས་ཀྱི་བར་དུ་གནས་པ་མེད་པར་ཤེས་པ་གཅིག་གིས་དོན་གཉིས་ཡོངས་སུ་གཅོད་པར་མི་ནུས་ཏེ། མིག་གི་རྣམ་པར་ཤེས་པ་ནི་ཡུལ་ལྷན་ཅིག་སྐྱེས་པ་ཡོངས་སུ་བཅད་ནས་འགག་པར་ འགྱུར། འགགས་པས་ན་ཡུལ་གཞན་དམིགས་པར་མི་ནུས་སོ་ཞེས་བྱ་བ་འདི་ཁས་བླངས་པ་ཡིན་ནོ། །ཇི་ལྟར་མིག་གི་རྣམ་པར་ཤེས་པ་རྟེན་ཅིང་འབྲེལ་པར་འབྱུང་བ་ཡིན་ཞིང་དེ་མ་ཐག་ཏུ་འཇིག་པའི་ཕྱིར་སྐད་ཅིག་མ་ཡིན་པ་དེ་བཞིན་དུ་དེའི་ཡུལ་ཡང་དེའི་ཤེས་པ་ དོན་གཉིས་པ་ཡོངས་སུ་གཅོད་པའི་དུས་ན་ནི་གནས་པ་ལྟར་སྐད་ཅིག་མ་ཡིན་པའི་ཕྱིར་རྣམ་པར་ཤེས་པ་གཞན་གཉིས་ཀྱིས་གཟུང་བར་བྱ་བར་མི་འགྱུར་རོ། །དེ་ནི་རྣམ་པར་ཤེས་པ་དང་ལྷན་ཅིག་འགགས་ཀྱང་རྒྱུན་འདྲ་བ་རྗེས་སུ་འཇུག་པས་ན་གང་དངོས་པོའི་རང་བཞིན་ ལ་མི་མཁས་པ་རྣམས་ཀྱི་ཤེས་པ་གཞན་ལ་དེ་ཉིད་དོ་སྙམ་དུ་སྣང་བ་ཡིན་ནོ། །དེའི་ཕྱིར་གནས་པ་མེད་དོ། །ཚུལ་འདི་ནི་གཞན་དང་ལྡན་པའི་དོན་ཅན་གྱི་རྣམ་པར་ཤེས་པ་རྣམས་ཀྱི་དོན་དག་ལ་ཡང་འདུ་བྱེད་འདྲ་བའི་རྒྱུ་རྣམས་ལ་འདུ་བྱེད་ཀྱི་སྐད་ཅིག་སྔ་ཕྱིར་བྱུང་བ་རྣམས་གཅིག་ ཉིད་དུ་རྟོགས་པའི་གནོད་པ་བྱེད་པར་སྦྱར་བར་བྱའོ། །གལ་ཏེ་ཆོས་མངོན་པ་ལས་གཟུགས་ལ་སོགས་པའི་དོན་ལྔ་པོ་རྣམས་ནི་རེ་རེ་ཞིང་རྣམ་པར་ཤེས་པ་གཉིས་ཀྱིས་ཤེས་པར་བྱ་བ་འདོན་པ་མ་ཡིན་ནམ། དེ་ཇི་ལྟར་མི་འགལ་ཞེ་ན། ཅི་ཆོས་མངོན་པ་སྐད་ཅིག་མར་འཛིན་པར་ ཁས་མི་ལེན་ནམ། གལ་ཏེ་ཁས་མི་ལེན་ན་ནི་དེའི་ཚེ་བདེ་བར་གཤེགས་པ་མ་ཡིན་པ་ཉིད་དུ་འགྱུར་རོ། །ཅི་སྟེ་ཁས་ལེན་ན་ནི་དེའི་ཚེ་གཟུགས་དེ་མིག་གི་རྣམ་པར་ཤེས་པ་ལྟར་ཞིག་པའི་ཕྱིར་ཇི་ལྟར་རྣམ་པར་ཤེས་པར་འགྱུར། འོ་ན་ཆོས་མངོན་པ་ལས་འདོད་པ་ འདི་ཇི་ལྟར་དྲང་ཞེ་ན། བཤད་པར་བྱ་སྟེ། གང་དབང་པོ་གཟུགས་ཅན་ལས་སྐྱེས་པའི་རྣམ་པར་ཤེས་པ་དེ་ནི་ཡུལ་ད་ལྟར་བའི་རྣམ་པ་ཡོངས་སུ་གཅོད་པར་བྱེད་པ་སྐྱེ་ལ་ཡུལ་དང་རྣམ་པར་ཤེས་པ་དེ་གཉིས་སྐད་ཅིག་མར་འཇིག་པས་འགགས་པ་ཡིན་དང་། ཕྱི་ནས་གང་ཡིད་ཀྱི་ རྣམ་པར་ཤེས་པ་འབྱུང་སྟེ། ཇི་ལྟར་འབྱུང་བ་བཞིན་མིག་གི་རྣམ་པར་ཤེས་པ་ལ་སོགས་པའི་རྒྱུའི་སྟོབས་ཀྱིས་སྐྱེ་བ་དེ་ནི་དབང་པོ་ལས་སྐྱེས་པའི་རྣམ་པར་ཤེས་པའི་རྣམ་པར་རྟོག་ཅིང་འབྱུང་བ་ན་དེའི་རྣམ་པ་ཅན་ཉིད་དུ་སྐྱེ་སྟེ་རྒྱུ་དང་འབྲས་བུ་དག་དེ་ཉིད་དང་གཞན་ཉིད་དུ་རྟོག་པ་དང་ བྲལ་བའི་ཕྱིར་དང་འབྲས་བུ་ཕལ་ཆེར་རྒྱུའི་ཁྱད་པར་གྱི་རྣམ་པའི་རྗེས་སུ་བྱེད་པའི་ཕྱིར་རོ་ཞེས་དེ་ལྟར་ཡོངས་སུ་བརྟགས་ནས་འཇིག་རྟེན་པའི་ཐ་སྙད་དུ་རྣམ་པར་ཤེས་པ་གཉིས་ཀྱིས་ཤེས་པར་བྱ་བར་བཤད་དོ། །དེའི་ཕྱིར་རྣམ་པར་ཤེས་པ་གཉིས་ཀྱིས་དོན་གཅིག་རྣམ་པར་ ཤེས་པ་མ་ཡིན་ཏེ། གཅིག་ནི་ཡུལ་གྱི་རྣམ་པ་དངོས་སུ་གཅོད་པར་བྱེད་པ་སྟེ། གང་དང་པོར་སྐྱེས་པའོ། །གཉིས་པས་ནི་དངོས་སུ་བྱེད་པ་ཉིད་དུ་རྣམ་པར་ཤེས་པ་མ་ཡིན་ཏེ། དབང་པོའི་རྣམ་པར་ཤེས་པའི་སྟོབས་ཀྱིས་དེ་ལྟར་རྟོག་ཅིང་སྐྱེ་བ་ན་དེས་ཀྱང་དོན་དེ་རྣམ་པར་ཤེས་སོ་ ཞེས་ཉེ་བར་འདོགས་སོ། །ཚུལ་འདི་གནས་པ་ལ་ཡང་རྟག་པར་ནུས་པ་ནི་མ་ཡིན་ཏེ། གནས་པ་ནི་དངོས་པོའི་རང་གི་མཚན་ཉིད་ཀྱིས་གནས་པ་ཡིན་ཏེ། རང་གི་མཚན་ཉིད་དེ་ནི་དངོས་སུ་འཛིན་པ་མ་ཡིན་པའི་རྣམ་པར་ཤེས་པ་ཡོངས་སུ་གཅད་པར་མི་ནུས་སོ། །དེའི་ཕྱིར་ ཡོངས་སུ་གཅད་པར་བྱ་བ་མ་ཡིན་པས་གནས་པ་མེད་ལ། གནས་པ་མེད་པ་ལས་ཀྱང་དངོས་པོ་མེད་པ་ཡིན་དང་དུས་ཀྱང་མེད་དོ་ཞེས་བྱ་བར་གྲུབ་བོ། །འདིར་སྨྲས་པ། གནས་པ་ནི་ཡོད་པ་ཉིད་དེ་ད་ལྟར་བའི་དུས་ཀྱི་མཚན་ཉིད་ཡིན་པའི་ཕྱིར་རོ། །གནས་པས་ ནི་ད་ལྟར་བའི་དུས་མཚོན་པར་བྱེད་དེ་གནས་པ་དང་བྲལ་བའི་ད་ལྟར་བ་ཉིད་མི་སྲིད་པའི་ཕྱིར་རོ། །འདི་ལ་བརྗོད་པར་བྱ་སྟེ། གལ་ཏེ་དུས་ལ་གནས་ཡོད་ན། །གནས་པ་དུས་སུ་མི་འགྱུར་རོ། །ཅི་སྟེ་གནས་མེད་ན་གནས་པ། །མེད་པར་མཐའ་ཡང་ཡོད་ མ་ཡིན། །དེ་ལ་གལ་ཏེ་དུས་ལ་གནས་པ་ཡོད་དོ་སྙམ་དུ་སེམས་ན་ནི་འོ་ན་ནི་གནས་པ་དུས་སུ་མི་འགྱུར་རོ། །དཔེར་ན་རྟེན་དང་བརྟེན་པ་དག་ཐ་དད་པའི་ཕྱིར་ཁྱིམ་ན་ཡོད་པའི་ལྷ་སྦྱིན་ཁྱིམ་ཉིད་དུ་མི་འགྱུར་བ་དེ་བཞིན་དུ་གནས་པ་དུས་སུ་མི་འགྱུར་ཏེ་དུས་ལ་ཡོད་པའི་ ཕྱིར་རོ། །དེའི་ཕྱིར་དུས་ཀྱི་རང་བཞིན་མ་ཡིན་པས་དེ་དུས་ཀྱི་མཚན་ཉིད་མ་ཡིན་ནོ། །ཅི་སྟེ་གནས་པ་མེད་ན་ནི་གནས་པ་དང་བྲལ་བའི་དུས་ལ་མཐའ་ཡས་ཏེ་འཇིག་པ་ཡང་ཡོད་པར་མི་འགྱུར་རོ། །དེའི་ཕྱིར་ད་ལྟར་བྱུང་བའི་དུས་ཡུན་དུ་གནས་པར་འགྱུར་ལ། དུས་དེ་རྟག་ པའི་ཕྱིར་ད་ལྟར་བྱུང་བའི་དངོས་པོ་ཡང་རྟག་པར་འགྱུར་ན། འདི་ནི་དེ་ལྟར་ཡང་མ་ཡིན་ཏེ་དེའི་ཕྱིར་གནས་པ་མེད་དོ། །འདིར་སྨྲས་པ། གནས་པ་དེ་ནི་ཡོད་པ་ཉིད་དེ། དེ་དང་ལྡན་པའི་དངོས་པོ་ལ་མི་རྟག་པ་ཉིད་ཡོད་པའི་ཕྱིར་རོ། །གནས་པ་དང་བྲལ་བའི་ དངོས་པོ་ཡོད་པ་མ་ཡིན་པའི་ཕྱིར་རྟེན་མེད་པའི་མི་རྟག་པ་ཉིད་མི་སྲིད་པ་ཞིག་ན། དངོས་པོ་ལ་མི་རྟག་པ་ཉིད་ཡོད་པའང་ཡིན་ཏེ་དེའི་ཕྱིར་དེ་ཡོད་པས་གནས་པ་ཡང་ཡོད་པར་འགྱུར་རོ། །འདི་ལ་བཤད་པར་བྱ་སྟེ། གལ་ཏེ་མི་རྟག་པ་ཉིད་ཅེས་བྱ་བ་འགའ་ཞིག་ཡོད་ པར་འགྱུར་ན་ནི་དེ་དངོས་པོ་ལས་གཞན་ཉིད་དམ་གཅིག་ཉིད་དུ་འགྱུར་གྲང་ན། གཉི་ག་ལྟར་ཡང་མི་འཐད་དོ་ཞེས་བསྟན་པའི་ཕྱིར་བཤད་པ། གལ་ཏེ་མི་རྟག་དངོས་གཞན་ནི། །དངོས་པོ་མི་རྟག་པར་མི་འགྱུར། །གཅིག་ན་མི་རྟག་ཉིད་གང་ཡིན། །དེ་ཉིད་དངོས་དེ་ ག་ལ་གནས། །གལ་ཏེ་མི་རྟག་པ་ཉིད་དངོས་པོ་ལས་གཞན་ཉིད་དུ་འགྱུར་ན་ནི་དེའི་ཚེ་མི་རྟག་པ་ཉིད་མཚན་ཉིད་ཐ་དད་པའི་ཕྱིར་དངོས་པོ་རྟག་པར་འགྱུར་ན་དངོས་པོ་ནི་རྟག་པ་ཡང་མ་ཡིན་པས་མི་རྟག་པ་ཉིད་ལས་གཞན་ཉིད་ཡོད་པ་མ་ཡིན་ནོ། །ཅི་སྟེ་གཅིག་ཉིད་འདོད་ན་ ཡང་དེ་ལྟར་ན་ཡང་དེ་ལས་ཐ་དད་པའི་དངོས་པོ་མི་སྲིད་པའི་ཕྱིར་མི་རྟག་པ་ཉིད་གང་ཡིན་པ་དེ་ཉིད་དངོས་པོ་ཡིན་པར་དངོས་པོ་མི་རྟག་པ་ཉིད་ཀྱི་བདག་ཉིད་ཅན་ཡིན་པའི་ཕྱིར་གནས་པ་གཏན་མི་སྲིད་པ་ཁོ་ན་སྟེ་དེའི་ཕྱིར་གནས་པ་མེད་དོ། །གནས་པ་མེད་པས་ནི་མི་རྟག་ པ་ཉིད་ཀྱང་ཡོད་པ་མ་ཡིན་ཞིང་གནས་པ་དང་མི་རྟག་པ་གཉིས་མེད་པས་ཀྱང་དངོས་པོ་མེད་ལ། དེ་མེད་པའི་ཕྱིར་ན་དུས་ཀྱང་ཡོད་པ་མ་ཡིན་ནོ་ཞེས་བྱ་བ་གྲུབ་པོ། །གང་སྔར། གནས་མེད་དངོས་པོ་ག་ལ་ཞིག །མི་རྟག་པས་གནས་ག་ལ་ཡོད། །ཅེས་བརྗོད་པ་དེ་ལ་ སྨྲས་པ། མི་རྟག་པ་ཉིད་ཡོད་ཀྱང་གནས་པ་ཡོད་པ་ཁོ་ནའོ། །ཇི་ལྟར་བྱས་ནས་ཤེ་ན། གནས་པའི་དུས་ན་ནི་གནས་ཆེས་སྟོབས་དང་ལྡན་གྱི་མི་རྟག་པ་ཉིད་ནི་མ་ཡིན་ལ། སྟོབས་ཆུང་བས་སྟོབས་དང་ལྡན་པ་འཇོམས་པར་ནུས་པ་ཡང་མ་ཡིན་ནོ། །འདི་ཡང་མི་ རིགས་སོ་ཞེས་བསྟན་པའི་ཕྱིར་བཤད་པ། མི་རྟག་གཉི་གར་སྟོབས་ཆུང་དེར། །གནས་པ་སྟོབས་ཆུང་མ་ཡིན་ན། །ཕྱི་ནས་དེ་དག་ངེས་པར་གོ། །བཟློག་པར་ཅི་ཡིས་མཐོང་བར་འགྱུར། །གལ་ཏེ་གནས་པའི་དུས་ན་མི་རྟག་པ་ཉིད་སྟོབས་ཆུང་ན་གང་གིས་ན་ཕྱིས་ ཆོས་མཐུན་པར་གནས་པ་དེ་འཇོམས་པར་འགྱུར་བ་ཕྱི་ནས་དེ་སྟོབས་དང་ལྡན་པ་ཉིད་ཅིས་ཡིན། དེའི་ཕྱིར་སྔ་རོལ་ཉིད་དུ་དེ་ཆེས་སྟོབས་དང་ལྡན་པ་མ་ཡིན་པ་ཉིད་ཡིན་པའམ། ཡང་ན་ཡེ་ནས་ཆེས་སྟོབས་དང་ལྡན་པ་མ་ཡིན་པ་ཉིད་དུ་འགྱུར་རོ། །དེའི་ཕྱིར་དངོས་པོ་ རྟག་པའམ་གནས་པ་མེད་པར་འགྱུར་ན་འདི་ནི་རིགས་པ་ཡང་མ་ཡིན་ནོ། །དེའི་ཕྱིར་དེ་ཡོད་པ་མ་ཡིན་ནོ། །གཞན་ཡང་། གལ་ཏེ་མི་རྟག་སྟོབས་ཆུང་མིན། །དངོས་པོ་ཀུན་ལ་ཡོད་ན་ནི། །ཀུན་ལའང་གནས་པ་མེད་པའམ། །ཡང་ན་ཐམས་ཅད་མི་རྟག་མིན། །གལ་ཏེ་ མི་རྟག་པ་ཉིད་སྟོབས་ཆུང་བ་མ་ཡིན་པས་སྟོབས་དང་ལྡན་པར་འགྱུར་ཏེ། དངོས་པོ་ཀུན་ལ་གནས་ཤིང་གལ་ཏེ་དངོས་པོ་མཐའ་དག་ལ་ཁྱབ་ནས་གནས་ན་ནི་དེའི་ཚེ་ཐམས་ཅད་ལ་ཡང་གནས་པ་མེད་དོ། །ཅི་སྟེ་ཀུན་ལ་མི་གནས་ན་ནི་དེའི་ཚེ་ཆོས་ཐམས་ཅད་མི་རྟག་པ་མ་ཡིན་ གྱི། དེའི་ཆ་འགའ་ཞིག་ནི་རྟག་པར་འགྱུར་ཏེ་གང་ན་གནས་པ་ཆེས་སྟོབས་དང་ལྡན་པའོ། །ཆ་འགའ་ཞིག་ནི་མི་རྟག་པར་འགྱུར་ཏེ་གང་ན་མི་རྟག་པ་ཉིད་ཆེས་སྟོབས་དང་ལྡན་པའོ། །དེ་ལྟར་ན་ཐམས་ཅད་མི་རྟག་པ་མ་ཡིན་པའམ། ཡང་ན་གནས་པ་མེད་པར་འགྱུར་རོ། །གཞན་ཡང་མི་རྟག་པ་ཉིད་འདི་མཚན་གཞི་དང་ལྷན་ཅིག་འབྱུང་བའམ་དུས་ཕྱིས་འབྱུང་བ་ཞིག་ཏུ་འགྱུར་གྲང་ན། དེ་ལ། གལ་ཏེ་རྟག་ཏུ་མི་རྟག་ཉིད། །ཡོད་ན་རྟག་ཏུ་གནས་ཡོད་མིན་ཏེ། མཚན་ཉིད་མཚན་གཞི་ལ་མི་འཁྲུལ་ བའི་ཕྱིར་རོ། །གལ་ཏེ་མི་རྟག་པ་ཉིད་རྟག་ཏུ་རྗེས་སུ་འབྲེལ་ན་ནི། དེའི་ཚེ་གནས་པ་རྟག་ཏུ་ཡོད་པ་མ་ཡིན་ཏེ། མི་རྟག་པ་དང་རྗེས་སུ་འབྲེལ་བའི་ཕྱིར་རོ། །ཡང་ན་རྟག་པར་འགྱུར་ཟིན་ནས། ཕྱི་ནས་མི་རྟག་པར་འགྱུར་རོ། །གལ་ཏེ་ཇི་སྐད་དུ་བཤད་པའི་ སྐྱོན་སྤང་བར་འདོད་ནས་ཕྱི་ནས་དངོས་པོ་མི་རྟག་པར་འདོད་ན་ནི་དེའི་ཚེ་དངོས་པོ་དེ་སྔར་གནས་པ་དང་ལྡན་པས་རྟག་པར་གྱུར་ནས་ཕྱིས་མི་རྟག་པ་ཉིད་དང་ལྡན་པས་མི་རྟག་པར་འགྱུར་རོ་ཞེས་བྱ་བར་འགྱུར་ན། གང་དངོས་པོ་གཅིག་རྟག་པ་ཡང་ཡིན་ལ་མི་རྟག་པ་ཡང་ཡིན་ནོ་ ཞེས་བྱ་བ་དེ་ཡང་རིགས་པ་ཡང་མ་ཡིན་ནོ། །ཡང་འདུས་བྱས་ཀྱི་མཚན་ཉིད་རྣམས་ཕན་ཚུན་མི་འཁྲུལ་པའི་ཕྱིར། གལ་ཏེ་གནས་པ་མི་རྟག་དང་། །ལྷན་ཅིག་དངོས་པོ་ལ་ཡོད་ན། །དེ་ལྟ་ན་ཡང་། མི་རྟག་ལོག་པར་འགྱུར་བའམ། །ཡང་ན་གནས་པ་ བརྫུན་པར་འགྱུར། །གལ་ཏེ་དངོས་པོ་དེ་གནས་པ་དེའི་ཚེ་དེའི་མི་རྟག་པ་ཉིད་ལོག་པར་འགྱུར་རོ། །ཅི་སྟེ་འཇིག་ན་ནི་དེའི་ཚེ་གནས་པ་བརྫུན་པར་འགྱུར་བས་གནས་པ་མི་རིགས་སོ། །གནས་པ་དེ་མེད་པས་ཀྱང་དངོས་པོ་མེད་ལ་དངོས་པོ་ཡོད་པ་མ་ཡིན་ན་ཡང་དེའི་ རྟེན་ཅན་གྱི་དུས་མེད་པས་དུས་རང་བཞིན་མེད་པར་གྲུབ་བོ། །འདིར་སྨྲས་པ། དངོས་པོའི་རྒྱུ་ཅན་གྱི་དུས་ནི་ཡོད་པ་ཉིད་དོ། །འདི་ལྟར་འདུ་བྱེད་འདས་པའི་རྟེན་ཅན་འདས་པའི་དུས་ནི་ཡོད་དོ། །གལ་ཏེ་དངོས་པོ་འདས་པ་མེད་ན་ནི་བདག་འདས་པའི་དུས་ན་ འདི་ལྟ་བུ་དང་འདི་ལྟ་བུ་ཞིག་ཏུ་གྱུར་ཏོ་སྙམ་དུ་འདས་པ་ལ་དམིགས་པ་དྲན་པ་ཅིའི་ཡུལ་ཅན་ཞིག་ཏུ་འགྱུར། དེའི་ཕྱིར་དེའི་ཡུལ་ཅན་གྱི་དྲན་པ་ཡོད་པས་དངོས་པོའི་རྒྱུ་ཅན་གྱི་དུས་ཡོད་པ་ཉིད་དོ་ཞེས་བརྗོད་དོ། །འདིར་དྲན་པ་འདི་ཉམས་སུ་མྱོང་བར་འགྱུར་བའི་ཡུལ་ཁོ་ན་ལ་ འཇུག་སྟེ། ད་ལྟར་བའི་ཡུལ་རྣམ་པར་ཤེས་པས་དངོས་སུ་དམིགས་བཞིན་པ་ལ་ནི་དྲན་པས་དགོངས་པ་ཅི་ཡང་མེད་དོ། །ཅི་སྟེ་ལྷན་ཅིག་ཏུ་འབྱུང་བར་ངེས་པར་ད་ལྟར་བའི་ཡུལ་ཅན་ཡང་ཡོད་མོད་ཀྱི་དེ་ལྟར་ན་ཡང་དེ་གནས་སྐབས་དེར་གཙོ་བོ་ལ་རྟེན་པར་མི་བྱེད་དེ། དེ་འཇུག་ པ་ཤས་ཆེ་བའི་གནས་སྐབས་ལ་ལྟོས་ནས་དངོས་པོ་གང་ཡང་རུང་བ་འགའ་ཞིག་གི་མཚན་ཉིད་བྱེད་པས་དངོས་པོ་འདས་པ་ལ་དམིགས་པའི་རྣམ་པར་ཤེས་པ་ཁོ་ན་ལ་དྲན་པའི་མཚན་ཉིད་ཆེས་གསལ་གྱི་གཞན་ལ་ནི་མ་ཡིན་ནོ། །དེའི་ཕྱིར་གང་ལ་དམིགས་པའི་ དྲན་པ་འབྱུང་བ་དངོས་པོ་དེ་ཡོད་པ་ཡིན་ནོ། །དེ་ཡང་སྙིང་པོ་མེད་དོ་ཞེས་བསྟན་པའི་ཕྱིར་བཤད་པ། མཐོང་ཟིན་དངོས་པོ་མི་སྣང་ཞིང་། །སླར་ཡང་སེམས་སྐྱེ་མིན་དེས་ན། །དྲན་པ་ཞེས་བྱ་ལོག་པ་ཡི། །དོན་ལ་ལོག་པ་ཁོ་ན་འབྱུང་། །ད་ལྟར་བའི་གནས་སྐབས་ཀྱི་ དངོས་པོ་དེའི་རང་གི་ངོ་བོ་དངོས་སུ་བྱེད་པའི་ཤེས་པ་ད་ལྟར་བས་མཐོང་བ་གང་ཡིན་པ་དེ་ནི་སླར་མི་སྣང་ངོ་། །དོན་གཅིག་རྣམ་པར་ཤེས་པ་གཉིས་ཀྱིས་ཡོངས་སུ་གཅད་པར་བྱ་བ་ཉིད་ཡིན་པ་ནི་གོང་དུ་བཀག་ཟིན་ཏེ། ཚུལ་དེ་ཉིད་ཀྱིས་ན་མཐོང་ཟིན་པའི་དངོས་པོ་མི་སྣང་ངོ་། ། གང་གི་ཚེ་མི་སྣང་བ་དེའི་ཚེ་དེའི་ཡུལ་ཅན་གྱི་སེམས་སླར་ཡང་མི་སྐྱེའོ། །གང་གི་ཚེ་དངོས་པོ་དེའི་བདག་ཉིད་དེས་ཡོད་པར་གྱུར་ན་ད་ལྟར་བར་ཐལ་བའི་ཕྱིར་ལ། ཡོད་པ་མ་ཡིན་ན་ཡང་དེའི་རྣམ་པ་ཅན་གྱི་རྣམ་པར་ཤེས་པ་འཇུག་པ་མི་སྲིད་པའི་ཕྱིར་དེའི་རྣམ་པའི་དམིགས་ པ་ཅན་གྱི་རྣམ་པར་ཤེས་པ་སླར་མི་སྐྱེ་བ་དེའི་ཚེ་དྲན་པ་དེ་རྣམ་པར་ཤེས་པ་གང་ཞིག་དང་མཚུངས་པར་ལྡན་པར་འགྱུར། ཡང་ཅི་འདས་པའི་ཡུལ་ཅན་གྱི་དྲན་པ་མེད་དམ། མེད་དོ་ཞེས་དེ་སྐད་དུ་སུ་སྨྲ། ཁོ་བོ་ཅག་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་སེལ་བ་མ་ཡིན་ནོ། །དེ་ཇི་ལྟར་ ཡོད་པ་དེ་ལྟར་ནི། དེས་ན། དྲན་པ་ཞེས་བྱ་ལོག་པ་ཡི། །དོན་ལ་ལོག་པ་ཁོ་ན་འབྱུང་། །ཞེས་སློབ་དཔོན་ཉིད་རྣམ་པར་འཇོག་པར་མཛད་དོ། །དེའི་ཕྱིར་དྲན་པའི་དམིགས་པ་ནི་འདས་པའི་དངོས་པོ་ཡིན་ནོ། །གལ་ཏེ་དེ་རང་གི་ངོ་ བོས་ཡོད་ན་ནི་དེའི་ཚེ་དྲན་པ་དེ་ཡོད་པའི་དོན་ལ་དམིགས་པའི་ཕྱིར་རང་གི་ངོ་བོས་གྲུབ་པ་ཞིག་ན། གང་གི་ཚེ་འདས་པའི་དངོས་པོ་དེ་རང་བཞིན་མེད་པ་དེའི་ཚེ་དེ་ལ་དམིགས་པའི་དྲན་པ་ཡང་རང་བཞིན་མེད་པ་ཡིན་ཏེ། དེའི་ཕྱིར་ལོག་པ་ཡིན་ནོ་ཞེས་བྱ་བར་གྲུབ་པོ། ། ལོག་པ་ཞེས་བྱ་བ་ནི་རང་བཞིན་མེད་པ་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་ཞེས་བྱ་བ་དང་། དོན་གཞན་མ་ཡིན་པ་སྟེ། དངོས་པོ་མེད་པའི་དོན་ནི་ལོག་པའི་དོན་མ་ཡིན་ནོ། །འདས་པའི་དངོས་པོ་རྣམ་པ་ཐམས་ཅད་དུ་མེད་པ་ནི་མ་ཡིན་ཏེ། དྲན་པར་བྱ་བ་ཡིན་པའི་ ཕྱིར་དང་། དེའི་འབྲས་བུ་མཐོང་བའི་ཕྱིར་རོ། །རང་གི་ངོ་བོས་ཡོད་པ་ཡང་མ་ཡིན་ནོ། །རྟག་པ་ཉིད་དུ་ཐལ་བའི་ཕྱིར་དང་། དངོས་སུ་འཛིན་པར་ཐལ་བར་འགྱུར་བའི་ཕྱིར་རོ། །རྣམ་པ་དེ་ལྟ་བུའི་དངོས་པོ་ལས་སྐྱེ་བ་ན་དྲན་པ་ཡང་རྣམ་པ་དེ་ལྟ་བུ་ཡིན་པས། དེས་ ན། དྲན་པ་ཞེས་བྱ་ལོག་པ་ཡི། །དོན་ལ་ལོག་པ་ཁོ་ན་འབྱུང་། །ཞེས་བྱ་བ་གྲུབ་སྟེ། སད་པའི་གནས་སྐབས་སུ་རྨི་ལམ་གྱི་གནས་སྐབས་སུ་མྱོང་བའི་ཡུལ་དྲན་པ་བཞིན་ནོ། །སློབ་དཔོན་འཕགས་པ་ལྟའི་ཞལ་སྔ་ནས་ཀྱིས་བྱང་ཆུབ་སེམས་དཔའི་རྣལ་འབྱོར་ སྤྱོད་པ་བཞི་བརྒྱ་པ་ལས་དུས་དགག་པ་བསྒོམ་པ་བསྟན་པ་ཞེས་བྱ་བ་སྟེ་རབ་ཏུ་བྱེད་པ་བཅུ་གཅིག་པའི་འགྲེལ་པའོ།། །།འདིར་སྨྲས་པ། ཁྱོད་ཀྱིས་བདག་མེད་པ་འདི་ཆེས་གསལ་ཞིང་རྒྱས་པར་བསྟན་ལ། དེ་བཞིན་གཤེགས་པ་ཡང་འདི་ཐུགས་སུ་ ཆུད་པ་པོ་དང་། ཉེ་བར་འདོམས་པ་པོ་ཡིན་ན། དེ་ཅིའི་ཕྱིར་ཆོས་འདི་ལ་འཇིག་རྟེན་ཕལ་ཆེར་འཇུག་པར་མི་འགྱུར། གང་གི་ཕྱིར་ཆོས་འདི་ནི་མཛད་པ་པོ་དང་རྣམ་པར་འཆད་པ་པོ་དང་ཆོས་ཀྱི་ཆེ་བའི་བདག་ཉིད་རྣམས་ཀྱིས་ཆེས་དཀར་བ་ཞིག་སྟེ། དེའི་ཕྱིར་ཐར་ པ་འདོད་པ་ཐམས་ཅད་ཀྱིས་འདི་ལ་འཇུག་པར་རིགས་ན། ལུགས་ཀྱི་ཁྱད་པར་ཉེ་བར་བཤད་པ་གཞན་རྣམས་ཅི་སྟེ་འབྱུང་། བཤད་པར་བྱ་སྟེ། ཆོས་འདི་ལ་རབ་ཏུ་གསུང་བ་པོ་དང་རྣམ་པར་འཆད་པ་པོ་དང་། ཆོས་ཀྱི་རང་གི་ངོ་བོའི་བདག་ཉིད་ཆེན་པོ་དག་ཡོད་མོད་ཀྱི། དེ་ལྟ་ན་ཡང་ཉན་པ་པོའི་ཆེ་བའི་བདག་ཉིད་ཤིན་ཏུ་རྙེད་པར་དཀའོ། །འདི་ལྟར། གཟུར་གནས་བློ་ལྡན་དོན་གཉེར་བའི། །ཉན་པོ་སྣོད་ཅེས་བྱ་བར་བཤད། །དེ་ལ་གཟུ་བོར་གནས་པ་ནི་གང་ཕྱོགས་སུ་མ་ལྟུང་བའོ། །ཕྱོགས་སུ་མ་ལྷུང་བ་ཡང་གང་ཞིག་ ཅེ་ན། གང་ཞིག་རང་དང་གཞན་གྱི་ཕྱོགས་དག་ལ་རྗེས་སུ་ཆགས་པ་དང་རྒྱབ་ཀྱིས་ཕྱོགས་པ་དང་བྲལ་བའོ། །དེ་ནི་དེ་ལྟར་སེམས་ཀྱི་རྒྱུད་ཉོན་མ་མོངས་པའི་ཕྱིར་ལེགས་པར་བཤད་པ་རིན་པོ་ཆེའི་ཁྱད་པར་ཚོལ་བ་ལྷུར་བྱེད་པ་ཁོ་ན་ཡིན་པས་ཀུན་ནས་ཉོན་མོངས་པའི་ ཕྱོགས་འདོར་བའི་རྩ་བ་ནི་གཟུ་བོར་གནས་པ་ཉིད་ཡིན་ནོ། །དེའི་ཕྱིར་དེ་ལྟར་ན་ཉན་པ་པོ་གཟུ་བོར་གནས་པ་ནི་དམ་པའི་ཆོས་ཀྱི་བདུད་རྩི་ཕུལ་དུ་བྱུང་བའི་སྣོད་ཡིན་ནོ། །གཟུ་བོར་གནས་པར་གྱུར་ཀྱང་གལ་ཏེ་བློ་དང་ལྡན་པར་འགྱུར་ན་སྟེ། ལེགས་པར་བཤད་ པ་དང་། ཉེས་པར་བཤད་པ་དག་གི་སྙིང་པོ་དང་སྙིང་པོ་མེད་པར་རྣམ་པར་དབྱེ་བ་ལ་མཁས་པའོ། །དེ་ནི་བློ་དང་ལྡན་པ་ཉིད་ཀྱིས་སྙིང་པོ་མེད་པ་བཏང་ནས་སྙིང་པོ་ལེན་ནོ། །དེ་ལྟར་གལ་ཏེ་ཉན་པ་པོ་བློ་དང་ལྡན་པར་གྱུར་ན་ནི་དེ་དེ་ལྟར་སྣོད་དུ་འགྱུར་རོ། །དེ་ལྟར་གཟུ་ བོར་གནས་ཤིང་བློ་དང་ལྡན་པར་གྱུར་ཀྱང་ལེགས་པར་བཤད་པ་ཉན་པ་དོན་དུ་གཉེར་བར་འགྱུར་ཞིང་རི་མོའི་སྐྱེས་བུའི་རྣམ་པ་ལྟར་མི་བརྩོན་པ་མ་ཡིན་ཏེ། དེ་ལྟར་ན། གཟུར་གནས་བློ་ལྡན་དོན་གཉེར་བའི། །ཉན་པོ་སྣོད་ཅེས་བྱ་བར་བཤད། །ཉན་པ་པོ་རྣམ་ པ་དེ་ལྟ་བུ་ཡིན་ན་ནི་ངེས་པར། སྨྲ་པོའི་ཡོན་ཏན་རྣམ་གཞན་དུ། །མི་འགྱུར་ཉན་པ་པོ་ལའང་མིན། །དེ་ལ་སྨྲ་བ་པོའི་ཡོན་ཏན་དག་ནི་ཟུར་དོད་པ་དང་ཕྱིན་ཅི་མ་ལོག་པ་དང་། གསལ་བ་དང་མ་འཁྲུགས་པར་བརྗོད་པ་དང་། ཉན་པ་པོའི་ལྷག་པའི་བསམ་པ་ཁོང་ དུ་ཆུད་པ་དང་། སེམས་ལ་ཟང་ཟིང་མེད་པ་ཉིད་དེ། དེ་ལྟ་བུ་ལ་སོགས་པ་དག་གོ། །ཉན་པ་པོ་ཡང་ཆོས་དང་ཆོས་སྨྲ་བ་པོ་གཉིས་ལ་གུས་པ་དང་། ཡིད་གཏོང་བ་ཉིད་དང་། གཟུ་བོར་གནས་པ་ཉིད་དང་། བློ་དང་ལྡན་པ་ཉིད་དང་། དོན་དུ་གཉེར་བ་ ཉིད་དོ། །དེའི་དོན་དུ་གཉེར་བ་ཉིད་ནི་ཆོས་དང་ཆོས་སྨྲ་བ་དག་ལ་གུས་པར་བྱེད་པ་དང་ཡིད་གཏོད་པ་ཉིད་ལ་སོགས་པ་དག་གིས་རྟོགས་པར་བྱེད་དོ། །དེ་ལྟ་ཡིན་དང་སྨྲ་བ་པོ་ལ་ཡོན་ཏན་རྣམ་པ་གཞན་དུ་མི་འགྱུར་ལ། ཉན་པ་པོ་ལ་ཡང་ཡོན་ཏན་རྣམ་པ་གཞན་དུ་མི་འགྱུར་ རོ། །ཉན་པ་པོ་རྣམ་པ་དེ་ལྟ་བུ་ཡོང་ན་ནི་སྨྲ་བ་པོ་ལ་ཡོན་ཏན་སྐྱོན་གྱི་ངོ་བོར་མི་འགྱུར་རོ། །ཉན་པ་པོའི་སྐྱོན་ལས་ནི་ཡོན་ཏན་ཡང་སྐྱོན་གྱི་ངོ་བོར་རྣམ་པར་འགྱུར་ལ། སྐྱོན་ཡང་ཡོན་ཏན་གྱི་ངོ་བོར་རྣམ་པར་འགྱུར་གྱི། བཤད་ཟིན་པའི་མཚན་ཉིད་ཅན་གྱི་ཉན་པ་པོ་ཐོས་ པ་ལས་བྱུང་བ་ལ་སོགས་པའི་ཡོན་ཏན་ཕྱིན་ཅི་མ་ལོག་པའི་ཚོགས་ཀྱི་གཞིར་གྱུར་པ་ཡོད་ན་ནི། སྨྲ་བ་པོ་ལ་ཡོན་ཏན་རྣམ་པ་གཞན་དུ་མི་འགྱུར་ལ། ཉན་པ་པོ་ལ་ཡོན་ཏན་སྐྱོན་གྱི་ངོ་བོར་མི་འགྱུར་རོ། །དེའི་ཕྱིར་སྨྲ་བ་པོ་ཆེས་ཡོངས་སུ་དག་པ་ཡིན་ཡང་ཉན་པ་པོ་ རང་གི་ཉེས་པར་མི་བརྩི་བ་རྣམས་ཀྱི་སྐྱོན་དང་ལྡན་པ་ཉིད་དུ་འཛུད་པར་བྱེད་དེ། བླུན་པོ་བདག་ལ་བསྟོད་པ་ན་ཅི་བདག་ཅག་ལ་ཤེས་རབ་མེད་དམ་ཅི་ཞིག་བྱ། རྟོག་པར་བྱེད་པ་པོ་མེད་དོ་ཞེས་དེ་སྐད་དུ་གང་སྨྲ་བ་ཁོ་ན་ཡིན་ནོ། །འདི་ནི་ལྷག་པའི་བསམ་པ་བསྐུལ་བའི་མདོ་ལས་ རྟོགས་པར་བྱའོ། །དེ་ཉིད་ཀྱི་ཕྱིར་བཅོམ་ལྡན་འདས་ཀྱིས། སྲིད་དང་སྲིད་ཐབས་ཞི་བ་ཡི། །ཐབས་དང་དེ་བཞིན་བཞི་གསུངས་ཏེ། །འཇིག་རྟེན་ཡོངས་སུ་མི་ཤེས་གང་། །དེ་ནི་ཐུབ་པའི་ལྟ་བུར་མངོན། །དེ་ལ་སྲིད་པར་ནི་འབྲས་བུར་འགྱུར་བའི་ཉེ་བར་ལེན་པའི་ཕུང་པོ་ ལྔའོ། །སྲིད་པའི་ཐབས་ནི་རྒྱུར་གྱུར་པའི་འདུ་བྱེད་རྣམས་སོ། །ཞི་བ་ནི་མྱ་ངན་ལས་འདས་པ་སྟེ་ཉེ་བར་འཚེ་བ་ཐམས་ཅད་ལོག་པའི་རང་བཞིན་ཡིན་པའི་ཕྱིར་རོ། །ཞི་བའི་ཐབས་ནི་འཕགས་པའི་ལམ་ཡན་ལག་བརྒྱད་དོ། །དེ་ལྟར་བཅོམ་ལྡན་འདས་ཀྱིས་ཐར་པ་འདོད་ པ་རྣམས་ལ་འཕགས་པའི་བདེན་པ་བཞི་ཉེ་བར་བསྟན་ཏེ། བླང་བར་བྱ་བ་དང་དོར་བར་བྱ་བའི་འབྲས་བུ་དང་བཅས་པ་དག་ཉེ་བར་བསྟན་པའི་ཕྱིར་རོ། །དེ་ལ་ཐོས་པ་དང་བསམ་པ་དང་སྒོམ་པ་དང་ལྡན་ཞིང་ཡང་དག་པ་ཇི་ལྟ་བ་སོ་སོ་རང་གི་ཁོང་དུ་ཆུད་པ་རྣམས་ཀྱི་རྒྱུད་ལ་ནི་བཅོམ་ལྡན་ འདས་ཀྱིས་ཉེ་བར་བསྟན་པའི་དོན་ཇི་ལྟ་བ་བཞིན་ཁོ་ན་ཡིན་གྱི། ཐོས་པ་དང་བསམ་པ་དང་སྒོམ་པ་ལ་མངོན་པར་བརྩོན་པ་ལ་སྡར་བ་རྣམས་ནི་བདག་ཉིད་སྣོད་མ་ཡིན་པར་མ་འཕྲིགས་པ་ན་གང་གི་ཕྱིར་ཁོ་བོ་ཅག་གིས་དོན་ཇི་ལྟ་བ་བཞིན་མི་རྟོགས་པས་ངེས་པར་འདི་ཡང་དག་པར་མ་ བཤད་དོ་ཞེས་འཁྲུལ་པ་དེ་ཐུབ་པའི་ཡིན་པ་ལྟར་ངེས་པར་བྱེད་དོ། །དེ་ཙམ་གྱིས་ནི་སངས་རྒྱས་བཅོམ་ལྡན་འདས་ནོངས་པ་དང་ལྡན་པ་ཡང་མ་ཡིན་ནོ། །འཕགས་པའི་བདེན་པ་བཞི་སྟོན་པར་མཛད་པ་ཉིད་ཀྱིས་སྐྱེས་བུའི་དོན་མ་ལུས་པ་ཉེ་བར་སྟོན་པའི་མཛད་པ་པོ་ཡིན་པའི་ཕྱིར་སྨྲ་ བ་པོའི་སྐྱོན་ག་ལ་ཡོད། དེའི་ཕྱིར་ན་ཐུབ་པའི་ལྟ་བུར་ཞེས་བཤད་དོ། ཁ་ཅིག་དག་གིས་དེས་ཉེ་བར་བསྟན་པའི་དངོས་པོའི་དེ་ཁོ་ན་ཉིད་ཇི་ལྟ་བ་བཞིན་ངེས་པར་མ་ཟིན་པའི་ཕྱིར་རོ། །དམུས་ལོང་གིས་མ་མཐོང་བ་ནི་སྣང་བཞིན་པའི་ཉི་མའི་སྐྱོན་མ་ཡིན་ཏེ་མ་ལོང་བ་རྣམས་ཀྱིས་ དེ་མཐོང་བའི་ཕྱིར་རོ། །འདིར་སྨྲས་པ། དེ་བཞིན་གཤེགས་པའི་མངོན་པར་མཐོ་བའི་གཏམ་ཐམས་ཅད་ནི་ཆེས་དོན་གསལ་བ་ཡིན་ན། ངེས་པར་ལེགས་པའི་གཏམ་ནི་དངོས་པོ་ཐམས་ཅད་མེད་པར་སྟོན་པ་ལྷུར་ལེན་པ་ཉིད་ཀྱིས་ཁོ་བོ་ཅག་ལྟ་བུ་རྣམས་ཀྱིས་ རྟོགས་པར་མི་ནུས་ཏེ། འདི་ལྟར་བཅོམ་ལྡན་འདས་དངོས་པོ་ཐམས་ཅད་ཀྱི་རང་གི་ངོ་བོ་སུན་འབྱིན་པར་ཞུགས་པའི་ཕྱིར་ཁོ་བོ་ཅག་གི་ཡིད་མགུ་བར་མི་མཛད་དོ། །བཤད་པར་བྱ་སྟེ། ཐམས་ཅད་བཏང་བས་མྱ་ངན་ལས། །འདས་པར་ཡ་མཚན་ཅན་ཀུན་འདོད། ། ཀུན་སུན་འབྱིན་པ་དེ་དག་ནི། །མི་དགར་འགྱུར་བའི་རྒྱུ་ཅི་ཞིག །གྲངས་ཅན་པ་དང་བྱེ་བྲག་པ་ལ་སོགས་པ་ཡ་མཚན་ཅན་ཐམས་ཅད་ཀྱིས་བདེ་བ་དང་སྡུག་བསྔལ་བ་ལ་སོགས་པ་དངོས་པོ་ཀུན་ནས་ཉོན་མོངས་པ་མཐའ་དག་ལོག་པར་ཐར་པ་འཐོབ་བོ་ཞེས་བྱ་བར་ཁས་ བླངས་སོ། །གང་གི་ཚེ་དེ་ལྟར་ཡ་མཚན་ཅན་ཐམས་ཅད་ཀྱིས་ཐམས་ཅད་བཏང་བས་མྱ་ངན་ལས་འདས་པར་མངོན་པར་འདོད་པ་དེའི་ཚེ་གང་ཞིག་རྒྱབ་ཀྱིས་ཕྱོགས་པའི་རྒྱུར་འགྱུར་བ་སྔོན་ཆད་མ་བྱུང་བ་གསུངས་པ་ཅུང་ཟད་ཙམ་ཡང་མེད་དོ། །ཡ་ མཚན་ཅན་རྣམས་ཀྱིས་དངོས་པོ་གང་དག་མྱ་ངན་ལས་འདས་པར་སླར་མི་འབྱུང་བས་མྱ་ངན་ལས་འདའ་བར་འདོད་པ་དེ་དག་ཁོ་ན་བདག་གི་རང་བཞིན་མེད་པར་སྟོན་པ་ལྷུར་བྱེད་ཅིང་དམ་པ་མ་ཡིན་པའི་ལྟ་བའི་ཚེར་མ་འབྱིན་པའི་བདག་ཉིད་ཅན་གྱི་བསྟན་བཅོས་ཀྱིས་མྱ་ངན་ ལས་འདས་པའི་གྲོང་ཁྱེར་དུ་འགྲོ་བའི་ལམ་ཡོངས་སུ་སྦྱང་བར་བསྒྲུབས་པ་ཡིན་ཏེ་དེས་ན་ཁྱོད་ཡོད་པ་མ་ཡིན་པའི་འཇིགས་པ་སྙིང་ལ་བརྟགས་ནས། ཅིའི་ཕྱིར་འཇིགས། ཡིད་ལ་ཡོངས་སུ་དགའ་བ་བསྐྱེད་པ་དང་། ཆོས་འདི་བདག་ཏུ་འགྱུར་བར་གྱིས་ཤིག ། བདག་ཉིད་ལ་ཀུན་ནས་ཉོན་མོངས་པའི་དངོས་པོ་ཐམས་ཅད་མྱ་ངན་ལས་ཟློ་བའི་གཏམ་ཡང་ཁོད་ཅིག །ཇི་སྐད་དུ་བཅོམ་ལྡན་འདས་ཀྱིས། མྱ་ངན་འདས་ལ་ཆོས་རྣམས་ཆོས་ཡོད་མིན། །འདི་ན་གང་མེད་དེ་དག་གཞར་ཡང་མེད། །ཡོད་དང་མེད་ཅེས་རྟོག་པ་དང་ལྡན་ ཞིང་། །དེ་ལྟར་སྤྱོད་རྣམས་སྡུག་བསྔལ་ཞི་མི་འགྱུར། །ཞེས་གསུངས་སོ། །མྱ་ངན་ལས་འདས་པ་ནི་མྱ་ངན་ལས་རྒལ་བ་ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་ཏེ་སྡོང་བུ་དང་མར་ཡོངས་སུ་ཟད་པས་མར་མེ་ཤི་བ་བཞིན་ནོ། །རང་ཉིད་ཀྱིས་ཡང་དག་པ་ ཇི་ལྟ་བ་བཞིན་རྟོགས་པ་རྣམས་ལ་དེ་ཁོ་ན་ཉིད་ཀྱི་ཡེ་ཤེས་ཀྱི་མེའི་སྟོབས་ཀྱིས་བདག་གི་བ་ལ་ཆགས་པ་ལོག་པས་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་དང་རྒྱགས་པ་དང་ང་རྒྱལ་ལ་སོགས་པ་རྣམས་ཀྱི་ཡོད་པ་ཉིད་རྣམ་པ་ཐམས་ཅད་དུ་མེད་པ་ཉིད་ཡིན་ནོ་སྙམ་དུ་ཁྱོད་ཅག་ ཡ་མཚན་ཅན་ཐམས་ཅད་ཀྱིས་མངོན་པར་འདོད་དོ་ཞེས་སངས་རྒྱས་བཅོམ་ལྡན་འདས་ཀྱིས་བཤད་པ་རྣམས་ཀྱིས་ཡིད་ཡོངས་སུ་དགའ་བར་འགྱུར་གྱི། མུ་སྟེགས་བྱེད་རྣམས་ཀྱིས་འདི་དེ་ཁོ་ན་ལྟར་ཡིན་ནོ་ཞེས་བྱ་བར་ངེས་པར་ནི་མ་ཟིན་ཏོ། །འདིར་སུ་པ་རྣམས་ཀྱིས་སུ་ མི་མངོན་པར་བྱས་སོ་ཞེས་བྱ་བ་ལ་སོགས་པའི་མདོར་བྱས་པ་བདུན་པ་མི་མངོན་པར་བྱས་པའོ། །འདི་ལ་བཅོམ་ལྡན་འདས་ཀྱིས་ད་ལྟར་གང་དག་མྱ་ངན་ལས་འདས་པ་འདི་ན་མེད་པ་སྟེ། རབ་རིབ་མེད་པའི་གནས་སྐབས་ན་རབ་རིབ་ཅན་རྣམས་ཀྱིས་དམིགས་པའི་སྐྲ་ཤད་དང་ སྦྲང་བུ་ལ་སོགས་པ་ལྟ་བུའམ། སྒྲོལ་མའི་གནས་སྐབས་ན་ཁྱིམ་ན་ནམ་མཁའ་འོད་ཟེར་གྱུར་བས་ཐག་པ་ལ་སྦྲུལ་དུ་མཐོང་བའི་འཇིགས་པས་མཐོང་བའི་དུག་འཕོས་པའི་དོགས་པ་ལོག་པ་བཞིན་རྣམ་པ་ཐམས་ཅད་དུ་མི་སྣང་བར་གྱུར་ཅིང་ཡོད་པ་མ་ཡིན་པ་དེ་དག་ནི་རབ་ རིབ་ཅན་གྱི་གནས་སྐབས་ན་རབ་རིབ་ཅན་རྣམས་ཀྱི་སྐྲ་ཤད་དང་སྦྲང་བུ་ལ་སོགས་པ་དག་ལྟ་བུ་དང་ཇི་ལྟར་སྣང་བའི་གནས་སྐབས་ན་སྦྲུལ་མེད་པས་ཐག་པ་ལ་སྦྲུལ་གྱི་བློ་མེད་པ་དེ་བཞིན་དུ་མུན་པའི་གནས་སྐབས་ན་ཡང་བདེན་པར་གྱུར་པའི་སྦྲུལ་མེད་པས་སྦྲུལ་གྱི་བློ་གང་ཡིན་ པ་དེ་ཡང་མེད་པ་བཞིན་གཞར་ཡང་སྟེ། འཁོར་བའི་གནས་སྐབས་འགའ་ཡང་ཡོད་པ་མ་ཡིན་ནོ་ཞེས་གསུང་བར་གྱུར་ཏོ། །འོ་ན་ཇི་ལྟར་འཁོར་བ་ཀུན་ནས་ཉོན་མོངས་པ་དང་ལས་ལས་བྱུང་ཞེ་ན། བཤད་པ་འཁོར་བ་ནི་རབ་རིབ་ཅན་གྱིས་དམིགས་པའི་སྐྲ་ཤད་ལ་སོགས་ པའི་བློའི་ངོ་བོའི་ཚོགས་དང་འདྲ་སྟེ་མུན་པའི་གནས་སྐབས་ན་སྦྲུལ་གྱིས་འཇིགས་པ་ཕྱིན་ཅི་ལོག་བཞིན་ནོ། །འདི་ཡང་ཡོད་པ་མ་ཡིན་པའི་ཕྱིན་ཅི་ལོག་གི་མུན་པས་བློ་གྲོས་ཀྱི་མིག་ལྡོངས་པར་བྱས་པའི་བྱིས་པའི་སྐྱེ་བོ་རྣམས་ཀྱི་ཡིན་ནོ་ཞེས་བཤད་པ་ནི། ཡོད་དང་མེད་ཅེས་རྟོག་པ་དང་ལྡན་ ཞིང་། །དེ་ལྟར་སྤྱོད་རྣམས་སྡུག་བསྔལ་ཞི་མི་འགྱུར། །ཞེས་བྱ་བའོ། །ལེགས་པར་བཤད་པ་ལས་ནི་རྣམས་ཡོད་རྣམས་ཟ་མིན། །ཞེས་བྱ་བར་འགྱུར་མོད་ཀྱི། ཏིང་ན་ནི་ཏིང་ངོར་འགྱུར་རོ་ཞེས་བྱ་བ་བརྗོད་པར་བྱའོ་ཞེས་བྱ་བའི་མཚན་ཉིད་ལས་ན་ཆོས་ཡོད་མིན་ཞེས་གསུངས་ སོ། །དྷརྨཱ་ཎཱ་ཨ་མ་ཞེས་བསྟན་པར་བྱ་བ་ལ། འདིར་ཡི་གེ་ཨ་དང་ཡི་གེ་མ་མི་མངོན་པར་བྱས་སོ། །དེ་ཡོད་ཅེས་རྟོག་པ་དང་ལྡན་པ་ནི་ཁྱེད་ཅག་གྲངས་ཅན་པ་དང་འུག་པ་པ་དང་། གཟེགས་ཟན་དང་། སེར་སྐྱ་དང་། བྱེ་བྲག་ཏུ་སྨྲ་བ་པ་རྣམས་ཡིན་ལ། མེད་ཅེས་ རྟོག་པ་དང་ལྡན་པ་ནི་བྱེ་བྲག་པ་དང་མདོ་སྡེ་པ་དང་རྣམ་པར་ཤེས་པ་སྨྲ་བ་རྣམས་ཏེ། དེ་ལྟར་སྤྱོད་པ་ཡོད་པ་དང་མེད་པའི་གདོན་གྱིས་ཟིན་པ་རབ་རིབ་ཀྱི་གནས་སྐབས་ན་རབ་རིབ་ཅན་རྣམས་ལྟ་བུ་དང་མུན་ཁུང་དུ་ཐག་པ་ལ་སྦྲུལ་གྱི་བློ་ཅན་རྣམས་བཞིན་དུ་ལྟ་ བ་ཕྱིན་ཅི་ལོག་ཏུ་གྱུར་པ་རྣམས་ཀྱི་སྡུག་བསྔལ་ཏེ། འགྲོ་བ་ལྔའི་འཁོར་བར་སྐྱེ་བ་དང་། རྒ་བ་དང་འཆི་བའི་སྡུག་བསྔལ་དང་མྱ་ངན་ལ་སོགས་པ་ཞི་བར་མི་འགྱུར་རོ། །དེ་དག་གི་རྣམ་པར་དཔྱད་པ་ནི་གནས་དང་གནས་སུ་འདི་ཉིད་ལས་བསྟན་ཟིན་པའི་ཕྱིར་མ་བཤད་ དོ། །དེ་ཉིད་ཀྱི་ཕྱིར། གང་ཟག་ཕུང་པོ་སྨྲ་བ་ཡི། །འཇིག་རྟེན་གྲངས་ཅན་འུག་ཕྲུག་དང་། །གོས་མེད་བཅས་ལ་གལ་ཏེ་ཞིག །ཡོད་མེད་འདས་པ་སྨྲ་ན་དྲིས། །དེའི་ཕྱིར་སངས་རྒྱས་རྣམས་ཀྱིས་ནི། །བསྟན་པ་འཆི་མེད་ཡོད་མེད་པས། །འདས་པ་ཟབ་མོ་ཞེས་ བཤད་པ། །ཆོས་ཀྱི་ཁུད་པ་ཡིན་ཞེས་གྱིས། །ཞེས་གསུངས་སོ། །གལ་ཏེ་གང་འདི་ལྟ་སྟེ། ཐམས་ཅད་བཏང་བས་མྱ་ངན་ལས་འདས་པ་ཞེས་བྱ་བ་འདི་ཉིད་ཡ་མཚན་ཅན་རྣམས་ཀྱི་ཡང་བསམ་པ་ཡིན་ན་ནི་ཁྱོད་དང་མུ་སྟེགས་ཅན་རྣམས་ལ་ཁྱད་པར་ཅི་ཡོད་ཅེ་ན། ཁྱད་ པར་ནི་མུ་སྟེགས་ཅན་རྣམས་ལ་ཐམས་ཅད་གཏོང་བའི་བསམ་པ་ཙམ་ཞིག་ཏུ་ཟད་ཀྱི་ཐམས་ཅད་གཏོང་བའི་ཐབས་བརྗོད་པ་མེད་པ་གང་ཡིན་པ་འདི་ཡིན་ནོ། །ཐམས་ཅད་གཏོང་བའི་ཐབས་མ་བསྟན་ན་ཡང་། །གང་ཞིག་གཏོང་ཐབས་མི་ཤེས་དེ། །ཅི་ཞིག་གཏོང་བར་ བྱེད་པར་འགྱུར། །ཐམས་ཅད་གཏོང་བའི་བསམ་པ་ལ་གནས་ཀྱང་མུ་སྟེགས་ཅན་གྱི་ལུགས་ལ་བརྟེན་ཞིང་བཏང་བའི་ཐབས་མངོན་པར་མ་ཤེས་པས་ཅི་ཞིག་གཏོང་བར་བྱེད་པར་འགྱུར་ཏེ། གང་གི་ཕྱིར་ཐམས་ཅད་གཏོང་བའི་ཐབས་དོན་དམ་པའི་བདེན་པའི་ཆོས་ ཐམས་ཅད་རང་བཞིན་གྱིས་སྟོང་པ་ཉིད་མཚན་ཉིད་ཅན་མི་ཤེས་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར། དེས་ན་ངེས་པར་ཐུབ་པ་ཡི། །གཞན་དུ་ཞི་བ་མེད་ཅེས་གསུངས། །འདི་ཉིད་ལ་དགོངས་ནས་ཐུབ་པས་དགེ་སྦྱོང་དང་པོ་ནི་འདི་ཉིད་དུའོ། །གཉིས་པ་དང་གསུམ་པ་ནི་འདི་ཉིད་ དུའོ། །བཞི་བ་ནི་འདི་ཉིད་དུའོ། །ཕ་རོལ་པོ་སྨྲ་བ་ནི་དགེ་སྦྱོང་དག་གིས་སྟོང་པའོ་ཞེས་གསུངས་སོ་ཞེས་བྱ་བར་ངེས་སོ། །ཐམས་ཅད་གཏོང་བའི་ཐབས་ཡང་དག་པར་བསྟན་པ་འདི་ལས་ནི་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཡེ་ཤེས་ཀྱི་འཇུག་པ་ཐམས་ཅད་ལ་ཐོགས་པ་མེད་ པས་དོན་ཇི་ལྟ་བ་བཞིན་དུ་སྟོན་པ་པོ་ཉིད་དུ་རྟོགས་སོ། །མུ་སྟེགས་ཅན་རྣམས་ནི་ཐམས་ཅད་གཏོང་བའི་ཐབས་སྟོན་པའི་ནུས་པ་དང་བྲལ་བས་དངོས་པོའི་རྣམ་པ་གཞན་དུ་ཡང་ཤེས་པའི་ཕྱིན་ཅི་ལོག་པ་ཉིད་དུ་གྲུབ་པའི་ཕྱིར་སྒྲུབ་པར་མི་བྱའོ། །གལ་ཏེ་ཁྱོད་ཀྱི་ལྟར་ན་ཡང་མངོན་སུམ་ མ་ཡིན་པའི་ཕྱིར་ན་ཤེས་བྱ་མཐའ་ཡས་པ་དབང་པོ་ལས་འདས་པའི་དོན་ཉེ་བར་བསྟན་པ་དག་ལ་ཅི་དོན་འདི་ཇི་སྐད་དུ་བསྟན་པ་དེ་ཁོ་ན་ལྟར་ཡིན་ནམ་འོན་ཏེ་གཞན་དུ་ཡིན་ཞེས་དེ་རྣམས་ཐེ་ཚོམ་སྐྱེ་བར་འགྱུར་བ་ཉིད་མ་ཡིན་ནམ། དེའི་ཡུལ་ཅན་གྱི་ངེས་པའི་རྒྱུ་ནི་ཡོད་པ་མ་ཡིན་ནོ། །དེ་ ལ་ཡང་བཤད་པར་བྱ་སྟེ། སངས་རྒྱས་ཀྱིས་གསུངས་ལྐོག་གྱུར་པ། །གང་ཞིག་ཐེ་ཚོམ་སྐྱེ་འགྱུར་བ། །དེ་ཡིས་སྟོང་པ་ཉིད་བསྟན་ཏེ། །འདི་ཉིད་ཁོ་ནར་ཡིད་ཆེས་བྱ། །དངོས་པོ་ཐམས་ཅད་མངོན་སུམ་དུ་ཤེས་པས་གོ་བར་བྱ་བ་ནི་མ་ཡིན་གྱི་རྗེས་སུ་དཔག་པས་རྟོགས་པར་བྱ་ བ་ཡང་ཡོད་དོ། །རྗེས་སུ་དཔག་པར་བྱ་བར་ནུས་པ་མ་ཡིན་ཏེ། དཔེ་ཡང་ཡོད་པའི་ཕྱིར་རོ། །འདིར་ཐམས་ཅད་གཏོང་བའི་ཐབས་ནི་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པ་ཉིད་ཡིན་ཏེ། དེ་ནི་གང་གིས་ཀྱང་གཞན་ཉིད་དུ་བསྒྱུར་བར་མི་ནུས་སོ། །དོན་འདི་ནི་རྟག་ཏུ་ཉེ་ ཡང་སྐྱེ་བོ་ཐམས་ཅད་ཀྱིས་མངོན་སུམ་མ་ཡིན་པའི་ཕྱིར་ཕྲ་བ་ཡང་ཡིན་ལ་དེ་ནི་འཐད་པས་ཆོས་ཐམས་ཅད་ལ་རང་བཞིན་དུ་འཛིན་པ་བཟློག་པའི་སྒོ་ནས་ཇི་ལྟ་བ་བཞིན་དུའང་བསྟན་ཏོ། །རེ་ཞིག་འདི་ཉིད་ལ་འདི་ངེས་པར་གྱིས་ཤིག །ཅི་སྟེ་འདི་ལ་ཅི་འདི་ནི་དེ་ཁོ་ན་ལྟར་ཡིན་ནམ་ འོན་ཏེ་རྣམ་པ་གཞན་དུ་ཡིན་སྙམ་དུ་མི་ངེས་པའི་རྒྱུ་ཅུང་ཟད་ཅིག་ཡོད་ཅིང་གལ་ཏེ་བཤད་ཟིན་པ་དང་འཆད་པའི་རབ་ཏུ་བྱེད་པས་བསྟན་པའི་ངེས་པས་དེ་མ་བསལ་ན་ནི་དེ་སྨྲོས་ཤིག །འདིས་མ་ངེས་པའི་རྒྱུ་ཅུང་ཟད་ཀྱང་བརྗོད་པར་ནུས་པ་ནི་མ་ཡིན་ཏེ། དེའི་ཕྱིར་དཔེ་གྲུབ་ པ་ཁོ་ནའོ། །དེའི་ཕྱིར་དེ་ལས་གཞན་པའི་བཅོམ་ལྡན་འདས་ཀྱི་གསུང་མངོན་སུམ་མ་ཡིན་པའི་དོན་སྟོན་པར་བྱེད་པ་ཡང་རང་ཉིད་ཀྱི་ཚུལ་གྱིས་དོན་ཇི་ལྟ་བ་བཞིན་ནོ་ཞེས་བྱ་བར་རྟོགས་པར་བྱ་སྟེ། དེ་བཞིན་གཤེགས་པས་བསྟན་པའི་ཕྱིར་རང་ བཞིན་གྱིས་སྟོང་པ་ཉིད་ཀྱི་དོན་རྗོད་པར་བྱེད་པའི་གསུང་བཞིན་ནོ། །དེའི་ཕྱིར་སངས་རྒྱས་ཀྱིས་གསུངས་པའི་ལྐོག་ཏུ་གྱུར་པ་དག་ལ་ཐེ་ཚོམ་གང་ལ་ཟ། བཅོམ་ལྡན་འདས་ཀྱིས། འཇིག་རྟེན་ཁམས་ནི་སྟོང་རྣམས་སུ། །ང་ཡིས་མདོ་རྣམས་གང་གསུངས་པ། །ཡི་གེ་ཐ་ དད་དོན་གཅིག་སྟེ། །ཡོངས་སུ་བསྒྲག་པར་ནུས་མ་ཡིན། །དངོས་པོ་གཅིག་ནི་བསམ་བྱས་ན། །དེ་དག་ཐམས་ཅད་བསྒོམས་འགྱུར་ཏེ། །སངས་རྒྱས་ཀུན་གྱིས་ཆེས་མང་པོ། །ཇི་སྙེད་རབ་ཏུ་བསྟན་པ་རྣམས། །ཆོས་རྣམས་ཀུན་གྱི་བདག་མེད་ཡིན། །མི་གང་དོན་ལ་ མཁས་རྣམས་ཀྱིས། །གནས་འདི་ལ་ནི་བསླབ་བྱས་ན། །སངས་རྒྱས་ཆོས་རྣམས་རྙེད་མི་དཀའ། །ཞེས་བྱ་བ་དང་། དེ་བཞིན་དུ། ཇི་ལྟར་བདག་གི་འདུ་ཤེས་ཤེས་གྱུར་པ། །དེ་བཞིན་ཐམས་ཅད་ལ་ནི་བློ་སྦྱར་བྱ། །ཆོས་རྣམས་ཐམས་ཅད་དེ་ཡི་རང་བཞིན་ཏེ། །རྣམ་ པར་དག་པ་ནམ་མཁའ་ལྟ་བུ་ཡིན། །ཞེས་ཇི་སྐད་དུ་གསུངས་པ་ལྟ་བུའོ། །དེ་བཞིན་གཤེགས་པ་ལྟར་མུ་སྟེགས་ཅན་རྣམས་ཀྱང་ཕྱིན་ཅི་མ་ལོག་པར་བརྗོད་པ་ཉིད་དུ་ངེས་པར་ནི་མི་ནུས་ཏེ། དེ་རྣམས་ནི་མཐོང་བའི་ཆོས་ཉིད་ལ་ཕྱིན་ཅི་ལོག་ཏུ་གྱུར་པའི་ཕྱིར་རོ། །འདི་ ལྟར་དེ་རྣམས་ཀྱིས་ནི་འཇིག་རྟེན་འདིའི་འཇུག་པ་རྒྱུ་རྟག་པ་སྔོན་དུ་འགྲོ་བར་སྟོན་ན་མཐོང་བ་དང་འགལ་བ་དང་འཐད་པ་དང་འགལ་བ་དེ་ནི་བསྟན་པར་མི་ནུས་སོ། །དེ་ལྟར་ན། གང་གིས་འཇིག་རྟེན་འདི་མཐོང་དཀའ། །དེ་ནི་གཞན་ལ་བླུན་པ་ཉིད། །ཟླ་བ་ཉ་བ་ལ་མཐོང་བའི་ ནུས་པ་ཉམས་པ་འགའ་ཞིག་གིས་སྐད་མ་དྷྲུུ་བ་དང་ཨ་ནུ་དན་ཏི་མཐོང་བ་ནི་མ་ཡིན་ནོ། །དེ་བཞིན་དུ་མུ་སྟེགས་ཅན་འདིས་ཀྱང་གང་གི་ཚེ་རེ་ཞིག་སེམས་ཅན་དང་སྣོད་ཅེས་བྱ་བའི་འཇིག་རྟེན་འདིའི་རྒྱུ་དང་འབྲས་བུ་ལ་རྨོངས་པས་དོན་རགས་པ་ཡང་དག་པར་མི་མཐོང་བ་དེའི་ ཚེ་དོན་ཇི་ལྟར་དོན་ཤིན་ཏུ་ཕྲ་བ་ཡུལ་དང་དུས་རིང་པོས་ཆོད་ཅིང་རབ་ཏུ་དབྱེ་བ་དང་བཅས་པ་ཤེས་པར་འགྱུར། དེའི་ཕྱིར་འཁོར་བའི་ལམ་གྱི་ངལ་དུབ་བསལ་བར་བྱ་བའི་ཕྱིར་དེ་ཁོ་ན་ཉིད་མཐོང་བའི་ཆུ་དྲི་མ་མེད་པ་བཏུང་བར་འདོད་པ། གང་དག་མུ་སྟེགས་ཅན་རང་ཉིད་ལྟ་བ་ཤིན་ ཏུ་ཕྱིན་ཅི་ལོག་ཅིང་སྨིག་རྒྱུའི་ཆུ་ལྟར་བསྟེན་པར་བྱ་བ་མ་ཡིན་པ། དེའི་རྗེས་འགྲོ་དེ་དག །ཤིན་ཏུ་ཡུན་རིང་བསླུས་པར་འགྱུར། །གང་དག་སངས་རྒྱས་བཅོམ་ལྡན་འདས་ཀྱིས་དོན་ཇི་ལྟ་བ་བཞིན་སྟོན་པ་ལ་མི་བརྟེན་པར་ཐར་པ་འདོད་པ་ཉིད་ཀྱིས་མཐོང་བ་དང་མ་མཐོང་བའི་ དངོས་པོའི་རང་བཞིན་ལ་རྣམ་པར་རྨོངས་པའི་མུ་སྟེགས་ཅན་གྱི་རྗེས་སུ་འགྲོ་བ་དེ་དག་ནི་ཕྱི་མའི་མཐའི་མུར་གཏུགས་པ་མེད་པ་ཅན་གྱི་འཁོར་བར་བསླུས་པར་འགྱུར་རོ། །འདིར། ཇི་ལྟར་ནོར་ལ་མི་མཁས་ཚོང་བ་ངན་པ་རིན་ཆེན་གླིང་དུ་སོང་རྣམས་རིན་པོ་ཆེ། །འདོད་ པས་རྨོངས་ལས་ནོར་བུ་རིན་ཐང་ཆེན་པོ་བཏང་ནས་ནོར་བུ་མཆིང་བུ་ལེན་པ་ལྟར། །དེ་བཞིན་གཞུང་ལུགས་དག་ལ་མི་མཁས་བློ་གྲོས་ངན་ཞིང་འཛམ་བུའི་གླིང་དུ་སོང་བ་རྣམས། །ཐར་པའི་རེ་བ་བཅད་པས་རྨོངས་ལས་སངས་རྒྱས་གཞུང་ལུགས་དོར་ནས་མུ་སྟེགས་གཞུང་ ལུགས་ལེན། །ཞེས་བཤད་དོ། །ཡང་ཅིའི་ཕྱིར། ཐར་པ་འདོད་པ་དེ་དག་ཕྱིན་ཅི་ལོག་ཏུ་མཐོང་བ་མུ་སྟེགས་ཅན་གྱི་རྗེས་སུ་འགྲོ་ཞེ་ན། རང་བཞིན་གྱིས་སྟོང་པ་ཉིད་ཀྱི་ཆོས་བསྟན་པ་ཉན་པ་ལ་འཇིགས་པའི་ཕྱིར་རོ། །འཇིགས་པ་དེ་ནི། བདག་ཡོད་མ་ཡིན་འབྱུང་མི་འགྱུར། །བདག་ གི་ཡོད་མིན་འབྱུང་མི་འགྱུར། །ཞེས་བརྟགས་ནས་སྐྲག་པ་ལས་སོ། །སྐྲག་པ་དེ་ཡང་ཤིན་ཏུ་ཡུན་རིང་པོར་བདག་ཏུ་འཛིན་པ་དང་བདག་གིར་འཛིན་པ་གོམས་པ་ལས་སོ། །དེ་ཉིད་ཀྱི་ཕྱིར་ཤིན་ཏུ་ཡུན་རིང་པོར་གོམས་པར་བྱས་ཀྱང་དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་བཟུང་བས་ དངོས་པོའི་རང་བཞིན་ལ་མངོན་པར་ཞེན་པའི་དྲི་མ་དོར་ནས། །མྱ་ངན་འདས་པར་རང་འགྲོ་གང་། །དེ་དག་ཤིན་ཏུ་བྱ་དཀའ་བྱེད། །རང་ཉིད་སངས་རྒྱས་བཅོམ་ལྡན་འདས་སུ་གྱུར་ནས་རང་ཉིད་ཁོ་ན་མྱ་ངན་ལས་འདས་པའི་གྲོང་ཁྱེར་དུ་ཉེ་བར་གཤེགས་ཏེ། དེ་ལྟར་དཀའ་བ་ མཛད་པ་ཐུགས་རྗེ་ཆེན་པོ་མངའ་བ། འདྲེན་སླད་བཞིན་དུའང་དམ་པ་ནི། །མ་ཡིན་ཡིད་འགྲོར་སྤྲོ་མ་ཡིན། །དམ་པ་མ་ཡིན་པ་བདག་ཏུ་འཛིན་པ་དང་བདག་གིར་འཛིན་པ་ལ་རྣམ་པར་གནས་པའི་ཡིད་རང་ཉིད་མྱ་ངན་ལས་འདས་པར་འགྲོ་བར་མི་སྤྲོ་བ་ འབའ་ཞིག་ཏུ་མ་ཟད་ཀྱི། འོན་ཀྱང་དམ་པ་མ་ཡིན་པའི་ཡིད་ནི་མཛད་དཀའ་བ་མཛད་པའི་འདྲེན་པའི་སླད་བཞིན་དུ་མྱ་ངན་ལས་འདས་པར་འགྲོ་བར་མི་སྤྲོའོ། །ཡང་ཅིའི་ཕྱིར་དམ་པ་མ་ཡིན་པའི་གང་ཟག་གི་ཡིད་འདྲེན་པ་པོ་དེའི་རྗེས་བཞིན་དུ་ཡང་མྱ་ངན་ལས་འདས་པར་ འགྲོ་བ་མི་སྤྲོ་ཞེ་ན། སྟོང་པ་ཉིད་ལ་སྐྲག་པའི་ཕྱིར་རོ། །ཡང་གང་ཞིག་འདི་ལ་སྐྲག་པར་འགྱུར་ཞེ་ན། གང་ཞིག་འགྱུར་བ་དེ་བསྟན་པའི་ཕྱིར་བཤད་པ། མ་མཐོང་སྐྲག་པར་མི་རྩོམ་སྟེ། །མཐོང་ན་རྣམ་ཀུན་དེ་བཟློག་འགྱུར། །དེས་ན་ངེས་པར་ཅུང་ཟད་ཅིག །ཤེས་ལ་ སྐྲག་པར་བསྒྲུབ་པར་བྱ། །བསྟན་བཅོས་ཀྱི་བརྡ་ལ་མ་བྱང་བ་ནི་བ་ལང་རྫི་ལ་སོགས་པ་དག་སྟེ་དེ་དག་ནི་སྟོང་པ་ཉིད་ལན་བརྒྱར་བསྟན་ཀྱང་རྣམ་པ་ཐམས་ཅད་དུ་རྗེས་སུ་ཞུགས་པ་མེད་པས་སྟོང་པ་ཉིད་ཀྱི་དོན་མ་མཐོང་བའི་ཕྱིར་དེ་ལ་སྐྲག་པ་མི་འབྱུང་སྟེ། སྐད་ཅིག་མར་འཇིག་པ་ ལ་དེར་རྨོངས་པ་ལྟ་བུ་དང་། དམྱལ་བའི་མེ་ལ་ལོག་པར་ལྟ་བ་རྒྱུར་བཟུང་བ་བཞིན་ནོ། །མཐོང་ན་རྣམ་ཀུན་དེ་ལྡོག་འགྱུར། །སྟོང་པ་ཉིད་ཅེས་བྱ་བའི་ཆོས་མཐོང་ན་ནི་དེ་ལ་མཁས་པ་རྣམས་རྣམ་པ་ཐམས་ཅད་དུ་སྐྲག་པ་ལྡོག་པར་འགྱུར་ཏེ། འཇིགས་པའི་རྒྱུ་ བདག་དང་བདག་གིར་མངོན་པར་ཞེན་པ་དང་བྲལ་བའི་ཕྱིར་རོ། །ཐག་པར་མཐོང་ན་ཐག་པ་ལ་སྦྲུལ་དུ་ཕྱིན་ཅི་ལོག་སྐྱེས་པའི་སྦྲུལ་གྱི་འཇིགས་པ་དང་བྲལ་བ་བཞིན་ནོ། །གང་ཞིག་ཅུང་ཟད་ཅིག་ཤེས་ཤིང་ཅུང་ཟད་ཅིག་མི་ཤེས་པ་དེ་ལ་ནི་ངེས་པ་སྟེ། གདོན་མི་ཟ་བར་འགྱུར་ བས་སྐྲག་པར་བསྒྲུབ་པར་བྱའོ། །གླང་པོ་ཆེ་མྱོས་པའི་རྐྱེན་བུ་ལེགས་པར་བསླབས་པ་ནི་གླང་པོ་ཆེས་སྤར་བ་ན་དེ་ལ་མི་འཇིགས་ལ། དེ་ལ་བཞོན་པར་འདོད་པའི་གྲོང་པ་ཤིན་ཏུ་རྨོངས་པ་ཡང་མ་ཡིན་ནོ། །དེ་ནི་དེ་ལས་ལྷུར་བ་ལ་སོགས་པའི་སྐྱོན་མ་མཐོང་བས་ཞོན་པ་ ཉིད་རྟོགས་པར་སེམས་པ་ན་དེ་ལ་མི་འཇིགས་སོ། །ཅུང་ཟད་ཅིག་ཤེས་པ་ནི་བདག་ཉིད་དེ་ལ་ཞོན་པར་བྱ་བར་རློམ་པ་ན་ཆེས་ཤིན་ཏུ་འཇིགས་སོ། །གཞན་ཡང་བྱ་བ་ཐམས་ཅད་ལ་འཇུག་པ་ན་ཅུང་ཟད་ཅིག་ཤེས་པ་ངེས་པར་སྐྲག་པར་འགྱུར་གྱི། དེ་ཁོ་ན་ཉིད་རིག་པ་མ་ཡིན་ ཏེ་མ་བསྙེངས་པའི་ཕྱིར་རོ། །གཏན་མི་ཤེས་པ་ཡང་མ་ཡིན་ཏེ། གཏི་མུག་གིས་བཙས་པའི་ཕྱིར་རོ། །ཅུང་ཟད་ཅིག་ཤེས་པ་ནི་སྐྲག་སྟེ། ཅི་འདི་ནུས་སམ་མི་ནུས་ཞིག་གུ་སྙམ་དུ་རྣམ་པར་དཔྱོད་པའི་ཕྱིར་རོ། །ཡང་ཅིའི་ཕྱིར་ཅུང་ཟད་ཤེས་པ་འདི་དག་གིས་ཤེས་པར་བྱ་བ་ ཡོངས་སུ་རྫོགས་པར་མ་གྱུར་གྱི་བར་དུ་གོ་འཕང་གོང་མ་མི་ཚོལ་ཞེ་ན། བཤད་པར་བྱ་སྟེ། སྐྲག་པའི་ཕྱིར་རོ། །ཡང་སྐྲག་པའི་རྒྱུ་ཅི་ཞིག་ཅེ་ན། བཤད་པ་མ་གོམས་པའོ། །ཡང་དེའི་རྒྱུ་ཅི་ཞིག་ཅེ་ན། ཕྱིན་ཅི་ལོག་ཏུ་གོམས་པའོ། །དེ་ཉིད་བསྟན་པའི་ཕྱིར་བཤད་པ། བྱིས་རྣམས་ངེས་པ་ཁོ་ནར་ནི། །འཇུག་བྱེད་ཆོས་ལ་གོམས་པ་སྟེ། །དེ་དག་གོམས་པ་མེད་པ་ཡིས། །ལྡོག་བྱེད་ཆོས་ལ་འཇིགས་པར་འགྱུར། །འཇུག་པར་བྱེད་པའི་ཆོས་ནི་འཁོར་བའི་འཇུག་པ་དང་རྗེས་སུ་མཐུན་པ་སྟེ། སེམས་ཅན་སོ་སོའི་སྐྱེ་བོར་གཏོགས་པའི་ ས་ལ་གནས་པ་རྣམས་ནི་འཇུག་པར་བྱེད་པའི་ཆོས་ལ་གོམས་སོ། །ལྡོག་པར་བྱེད་པའི་ཆོས་ནི་དེ་ལ་གོམས་པའི་གེགས་དངོས་པོ་རྣམས་ཀྱི་རང་བཞིན་སྟོང་པ་ཉིད་དེ་འཁོར་བ་ལྡོག་པའི་རྗེས་སུ་མཐུན་པའི་ཕྱིར་རོ། །སོ་སོའི་སྐྱེ་བོ་རྣམས་ནི་སེམས་ཀྱི་རྒྱུད་བདག་ལ་ཆགས་ པ་དང་རྗེས་སུ་འབྲེལ་པའི་ཕྱིར་དེ་ལྡོག་པར་བྱེད་པའི་ཆོས་ལ་ཤིན་ཏུ་འཇིགས་ལ། དངོས་པོ་ཐམས་ཅད་རང་བཞིན་གྱིས་སྟོང་པ་ཉིད་ལ་གཡང་སའི་སུལ་ལྟར་སེམས་པ་ན་ཇི་ལྟ་བ་བཞིན་རྟོགས་པ་མི་བཟོད་དོ། །དེའི་ཕྱིར་དེ་ལྟར་ན་གང་ཟག་མ་རིག་པའི་མུན་པ་སྟུག་པོས་དངོས་ པོའི་དེ་ཉིད་གཡོགས་ཤིང་ཐོག་མ་དང་ཐ་མ་དང་མི་ལྡན་པའི་འཁོར་བའི་འབྲོག་དགོན་པར་ལམ་བཟང་པོ་ཆུད་ཟོས་པ་འགའ་ཞིག་གལ་ཏེ་རང་བཞིན་སྟོང་པ་ཉིད་ཀྱི་གཏམ་ལ་གུས་པར་འགྱུར་ན་དེ་དང་མཐུན་པའི་རྐྱེན་ཉེ་བར་བསྒྲུབ་པའི་སྒོ་ནས་ཇི་ལྟར་སྟོང་པ་ཉིད་ལ་དང་བ་འཕེལ་བར་ འགྱུར་བ་དེ་ལྟར་བྱ་ཞིང་སྙིང་རྗེ་བ་དང་། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ལ་བྱས་པ་གཟོ་ཞིང་བདག་ཉིད་ཀྱི་དམ་པའི་ཆོས་ཀྱི་བར་ཆད་ཀྱི་རྒྱུ་མཚན་གཡང་ས་ཆེན་པོའི་རྒྱུ་ཡོངས་སུ་སྤང་བར་འདོད་པས་ཡང་བ་ལ་བརྟེན་པ་དང་། སྦྱིན་པར་ དཀའ་བ་ཡང་སྦྱིན་པ་དང་། བསྡུ་བའི་དངོས་པོ་བཞིས་ཀྱང་བསྡུ་བར་བྱ་སྟེ། དམ་པའི་ཆོས་འདི་འབད་པ་ཐམས་ཅད་ཀྱིས་སྐྱེ་བོ་དམ་པའི་ཆོས་ཀྱི་སྣོད་དུ་གྱུར་པ་ལ་ཉེ་བར་བསྟན་པར་བྱའོ། །གང་ཞིག་ཇི་སྐད་བསྟན་པ་ལ་མི་གུས་པ་འབའ་ཞིག་ཏུ་མ་ཟད་ཀྱི། གཞན་ཡང་། གང་ཞིག་གཏི་མུག་འགའ་ཞིག་གིས། །བསྒྲིབས་ཤིང་དེ་ཉིད་གེགས་བྱེད་པ། །དེ་ལ་དགེ་ལེགས་འགྲོ་བ་ཡང་། །མེད་ན་ཐར་པ་སྨོས་ཅི་དགོས། །གཏི་མུག་པ་འགའ་ཞིག་གིས་ཞེས་བྱ་བ་ནི་ཕྲག་དོག་དང་སེར་སྣ་དང་ལེ་ལོ་དང་འཇིགས་པ་དང་ཉན་པ་པོ་ལ་སྡང་བ་ལ་སོགས་ པས་སོ། །གང་ཞིག་དེ་ཁོ་ན་ཉིད་ཉེ་བར་བསྟན་པའི་སྣོད་དུ་གྱུར་པའི་སྐྱེ་བོ་ལ་དེ་ཁོ་ན་ཉིད་ལྟ་བ་དང་ཉན་པ་ལ་སོགས་པའི་གེགས་བྱེད་པ་དེ་ལ་ནི་ངེས་པར་ངན་འགྲོར་འགྲོ་བས་བདེ་འགྲོ་སྟེ་ལྷ་དང་མིའི་བདག་ཉིད་ཅན་ཡང་སྲིད་པ་མེད་ན། དེ་ལ་ཐར་པའི་གཏམ་གྱི་གོ་སྐབས་སུ་འགྱུར་ བ་ལྟ་སྨོས་ཀྱང་ཅི་དགོས། འདིས་རང་དང་གཞན་གྱི་རྒྱུད་དག་ལ་གནོད་པ་ཅི་མ་བྱས། དེས་ན་ཤེས་རབ་ཀྱི་སྒྲོན་མ་ཕྱོགས་ཀྱི་སྒོ་མ་ལུས་པ་ཁྱབ་ཅིང་སྣང་བ་ཆེས་གསལ་བ་དུས་གསུམ་དུ་མཐུ་འཇུག་པ་ཉམས་པ་མེད་པ་ཉིན་རེ་ཞིང་མ་རིག་པའི་མུན་པ་གཞོམ་པའི་ཕྱིར་སྣང་བའི་ཚོགས་ འཕེལ་བཞིན་པར་གྱུར་པ། འགྲོ་བའི་བསམ་པ་མ་ལུས་པར་སྣང་བར་ནུས་པ་རྒྱུད་ལ་སྐྱེ་བཞིན་པ་ལ་གནོད་པ་རྗེས་སུ་བསྒྲུབས་པ་ཡིན་ནོ། །འདི་ཉིད་ཀྱང་རང་དང་གཞན་གཉིས་ལ་གནོད་པ་བྱེད་པ་ཉིད་དུ་གཟིགས་ནས། བཅོམ་ལྡན་འདས་ཀྱིས། ཚུལ་ཁྲིམས་ལས་ནི་ཉམས་ བླ་ཡི། །ལྟ་ལས་ཅིས་ཀྱང་མ་ཡིན་ནོ། །ཞེས་གསུངས་ཏེ། ཚུལ་ཁྲིམས་ཉམས་པ་ནི་བླའི་ལྟ་བ་ཉམས་པ་ནི་མ་ཡིན་ནོ་ཞེས་མདོ་ལས་གསུངས་སོ། །དེའི་ཕྱིར་དེ་བཞིན་གཤེགས་པའི་གསུང་འདི་འཐད་པ་དང་བཅས་པ་ཉིད་དུ་བརྗོད་པའི་ཕྱིར་སློབ་དཔོན་གྱིས། ཚུལ་ཁྲིམས་ ཀྱིས་ནི་བདེ་འགྲོར་འགྲོ། །ལྟ་བས་གོ་འཕང་མཆོག་ཐོབ་འགྱུར། །ཞེས་བྱ་བ་སྨོས་སོ། །ཚུལ་ཁྲིམས་ཉམས་པ་ན། གལ་ཏེ་ཡང་དག་པའི་ལྟ་བ་དང་ལྡན་པ་འཕགས་པ་རྣམས་ལ་བཅོམ་པར་མི་འགྱུར་ན། ཆུང་ངུ་དང་འབྲིང་དང་ཆེན་པོའི་རིམ་པས་སྐྱེས་པ་རྣམས་ལ་ཡི་ དགས་དང་དུད་འགྲོ་དང་དམྱལ་བར་སྐྱེ་བའི་འབྲས་བུ་རྣམ་པར་སྨིན་པ་ལ་འདི་ཙམ་ཞིག་ཏུ་ཡོངས་སུ་གཅད་པས་འཇུག་ལ། ཚུལ་ཁྲིམས་རྣམ་པར་དག་པ་ནི་ཡང་དག་པའི་ལྟ་བ་མ་སྐྱེས་པས་སོ་སོའི་སྐྱེ་བོ་རྣམས་ལ་མཆོག་ཏུ་གྱུར་པར་མཐོ་རིས་ཀྱི་འབྲས་བུ་ཅན་དུ་འགྱུར་རོ། །ལྟ་བ་ ཉམས་པ་ནི་གལ་ཏེ་ཆེས་ཆུང་བ་ཞིག་ཡིན་ན། དེ་ཡང་རྣམ་པར་སྨིན་པ་ཆེ་བ་ཉིད་དུ་ཚུལ་ཁྲིམས་ཉམས་པ་གྲངས་མེད་པ་བརྒྱ་སྟོང་ཕྲག་དང་མཉམ་པར་བྱ་བར་མི་ནུས་ན། ཕམ་པར་བྱ་བ་ལྟ་ཅི་སྨོས། ཅི་སྟེ་གང་ཟག་དེ་ལ་འཕགས་པའི་ལམ་སྐྱེས་པས་རྐྱེན་ལས་ཅི་ཞིག་ལྟར་ཡང་དག་པའི་ ལྟ་བ་ཕུན་སུམ་ཚོགས་པ་སྐྱེས་ནས་ནི་དེའི་གདོན་མི་ཟ་བར་འཁོར་བ་ཐོག་མ་དང་ཐ་མ་མེད་པར་ཞུགས་པའི་མ་རིག་པའི་མུན་པ་བསལ་ནས་སེམས་ཅན་གྱི་ཁམས་མ་ལུས་པ་མདུན་དུ་བདར་ཏེ་མྱ་ངན་ལས་འདས་པར་འགྱུར་རོ། །དེ་ལྟར་ན་མཁས་པས་དེ་ཁོ་ན་ཉིད་ལ་ལྟ་བ་འདི་ནི་ཤིན་ཏུ་དོན་ ཆེ་བ་ཉིད་དུ་རིག་པར་བྱས་ཏེ། དེ་མི་ཉམས་པའི་ཕྱིར་འབད་པར་བྱའོ། །དེ་ཉམས་པའི་འཇིགས་པ་མཐོང་བ་འདིས་ནི་ཐམས་ཅད་ལ་སྣོད་ཀྱི་ཁྱད་པར་ངེས་པར་མ་བཟུང་བར་སྣོད་མ་ཡིན་པ་རྣམས་ལ་བདག་མེད་པར་ལྟ་བ་འདི་བསྟན་པར་བྱ་བ་ཡང་མ་ཡིན་ཏེ། དེ་ལ་ཉེ་བར་ བསྟན་པ་ནི་དོན་མ་ཡིན་པའི་རྒྱུ་ཁོ་ནར་འགྱུར་རོ། །བླུན་ལ་ཉེ་བར་བསྟན་པ་ནི། །འཁྲུགས་པར་འགྱུར་གྱི་ཞི་ཕྱིར་མིན། །ལག་འགྲོ་འོ་མ་འཐུང་བ་ནི། །དུག་འཕེལ་འགྱུར་བ་འབའ་ཞིག་གོ། །ཞེས་ཀྱང་བཤད་དོ། །བཅོམ་ལྡན་འདས་ཀྱིས་ཀྱང་འོད་སྲུངས་གང་ ཟག་ཏུ་ལྟ་བ་རབ་རིབ་ཙམ་ནི་བླའི་མངོན་པའི་ང་རྒྱལ་ཅན་སྟོང་པ་ཉིད་དུ་ལྟ་བ་ནི་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། འོད་སྲུངས་ལྟ་བར་གྱུར་པ་ཐམས་ཅད་ལ་ངེས་པར་འབྱུང་བ་ནི་སྟོང་པ་ཉིད་ཡིན་ན་གང་སྟོང་པ་ཉིད་དུ་ལྟ་བ་དེ་ནི་གསོར་མི་རུང་ངོ་ཞེས་གསུངས་སོ། །དེ་ཉིད་ཀྱི་ཕྱིར། དམ་པ་མིན་ལ་བདག་འཛིན་མཆོག །བདག་མེད་སྟོན་པ་མ་ཡིན་ཏེ། །བདག་མེད་པའི་ཆོས་ལ་ལྷག་པར་མོས་པ་དང་བྲལ་ཞིང་བདག་ཏུ་འཛིན་པར་མངོན་པར་ཞེན་པ་དམ་པའི་ཆོས་མ་ཡིན་པ་ལ་བརྟེན་པས་ལྟ་བ་ཐིབས་པོའི་རྗེས་སུ་འབྲང་བའི་མི་ལ་ནི་དམ་པ་ མ་ཡིན་པ་ཞེས་བྱ་སྟེ། དམ་པ་མ་ཡིན་པ་དེ་ལ་ནི་དེས་ཉེས་པར་སྤྱོད་པ་ལྡོག་པ་དང་མཐུན་པའི་ཕྱིར་བདག་བསྟན་པ་མཆོག་ཡིན་ནོ། །འདི་ལྟར་དེ་ནི་བདག་ཅག་ལ་ཆགས་པ་དང་རྗེས་སུ་འབྲེལ་བས་བདག་ཉིད་ལ་ཕན་པ་དང་བདེ་བ་མངོན་པར་འདོད་ཅིང་ཉེས་པ་སྤྱད་པ་ལས་ལོག་པ་ལ་ འཚེངས་པར་སེམས་ལ་སྡིག་པ་ལས་ལོག་པ་དེས་ནི་བདེ་འགྲོར་འགྲོ་བ་རྙེད་པར་སླ་བར་ཡང་འགྱུར་རོ། །བདག་མེད་པའི་ཆོས་སྟོན་པས་ནི་སྤོང་བ་དང་ཕྱིན་ཅི་ལོག་ཏུ་རྟོགས་པ་དག་གིས་འདིའི་ལུས་དང་ངག་དང་སེམས་ཀྱི་རྒྱུད་འཇོམས་པར་འགྱུར་རོ། །དེའི་ཕྱིར་དེ་ལྟར་ན། གཅིག་ནི་ངན་འགྲོ་ཉིད་འགྲོ་ལ། །ཐ་མལ་མ་ཡིན་ཞི་ཉིད་དུའོ། །བདག་མེད་པར་ལྟ་བ་ལ་ལོག་པར་ཞུགས་པའི་མི་མཁས་པ་ནི་ངན་འགྲོ་ཁོ་ནར་འགྲོའི་ཞི་བར་ནི་མ་ཡིན་ནོ། །གང་ཞིག་ཐ་མལ་པ་མ་ཡིན་པ་དེ་ནི་ཞི་བ་ཁོ་ནར་འགྲོའི་ངན་འགྲོར་ནི་མ་ཡིན་ནོ། །ཐ་མལ་གྱི་སྒྲ་ནི་མཆོག་མ་ ཡིན་པའི་ཐ་ཚིག་གོ། །མཆོག་མ་ཡིན་པ་ལ་ཡང་གང་ཞིག་ཅེ་ན། གང་ཞིག་སྟོང་པ་ཉིད་ཀྱི་དོན་ཕྱིན་ཅི་ལོག་ཏུ་རྟོགས་པའམ་སྤོང་བའོ། །དེ་བཀག་པས་ནི་ཐ་མལ་མ་ཡིན་པ་སྟེ། ཐ་མལ་མ་ཡིན་པ་ཞེས་བྱ་བ་ནི་མཆོག་ཅེས་བྱ་བའི་དོན་ཏོ། །སྟོང་པ་ཉིད་ཉེ་བར་བསྟན་པ་གང་ ཞིག་ཁོ་ན་ལས་ཐ་མལ་པ་ངན་འགྲོའི་མཐར་ཐུག་པའི་སྟོང་པ་ཉིད་བསྟན་པ་དེ་ཉིད་ལས་ཐ་མལ་པ་མ་ཡིན་པ་མྱ་ངན་ལས་འདས་པའི་མཐར་ཐུག་པར་འགྱུར་རོ། །སྟོང་པ་ཉིད་མཐོང་བའི་རྐྱེན་གྱིས་ཐམས་ཅད་ལ་ཆགས་པ་སྤངས་པ་ལས་ལས་དང་ཉོན་མོངས་པའི་ཚོགས་བཅོམ་པ་ནི་ ངེས་པར་མྱ་ངན་ལས་འདས་པའི་གོ་འཕང་དུ་ཉེ་བར་འགྲོའོ། །ཡང་ན་དམ་པ་མ་ཡིན་པ་གང་ཞིག་བདག་མེད་པའི་ཆོས་ཉན་པ་དེ་ནི་སྤངས་པ་དང་ཕྱིན་ཅི་ལོག་ཏུ་རྟོགས་པས་ངན་འགྲོ་ཁོ་ནར་འགྲོ་ལ། གང་ཞིག་མི་ཉན་པ་དེ་ནི་བསོད་ནམས་ཀྱི་ལས་ཀྱི་རྐྱེན་གྱིས་བདེ་འགྲོ་ཉིད་དུའོ། ། ཡང་གང་ཞིག་དམ་པ་མ་ཡིན་པ་དག་ལ་བསྟན་པར་བྱ་བ་མ་ཡིན་ཞིང་། དམ་པ་དག་ལ་བསྟན་པར་བྱ་བ་བདག་མེད་པ་ཞེས་བྱ་བ་འདི་ཡང་གང་ཞིག་ཅེ་ན། དེ་བསྟན་པའི་ཕྱིར་བཤད་པ། ཞི་སྒོ་གཉིས་པ་མེད་པ་དང་། །ལྟ་བ་ངན་རྣམས་འཇིག་བྱེད་ཅིང་། །སངས་རྒྱས་ཀུན་གྱི་ ཡུལ་གྱུར་ལ། །བདག་མེད་ཅེས་ནི་བྱ་བར་བརྗོད། །གང་ཞིག་ཞི་བའི་སྒོ་གཉིས་པ་མེད་པ་ནི་བདག་མེད་པའོ། །གང་ཞིག་ལྟ་བ་ངན་པ་རྣམས་འཇིག་པར་བྱེད་པ་དེ་ནི་བདག་མེད་པའོ། །གང་ཞིག་སངས་རྒྱས་ཐམས་ཅད་ཀྱི་ཡུལ་དུ་གྱུར་པ་དེ་ནི་བདག་མེད་པ་ཞེས་བྱའོ། །དེ་ལ་ བདག་ཅེས་བྱ་བ་ནི་གང་ཞིག་དངོས་པོ་རྣམས་ཀྱི་གཞན་ལ་རག་མ་ལས་པའི་ངོ་བོ་རང་བཞིན་ཏེ་དེ་མེད་པ་ནི་བདག་མེད་པའོ། །དེ་ནི་ཆོས་དང་གང་ཟག་གི་དབྱེ་བས་གཉིས་སུ་རྟོགས་ཏེ་ཆོས་ཀྱི་བདག་མེད་པ་དང་། གང་ཟག་གི་བདག་མེད་པ་ཞེས་བྱ་བའོ། །དེ་ལ་གང་ཟག་ ཅེས་བྱ་བ་ནི་གང་ཕུང་པོ་ལྔ་ལ་བརྟེན་ནས་བརྟགས་པ་སྟེ། དེ་ནི་ཕུང་པོ་དག་ལ་རྣམ་པ་ལྔས་བཙལ་བ་ནི་མི་སྲིད་དོ། །ཆོས་ནི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ཅེས་བྱ་བའི་དངོས་པོ་རྣམས་སོ། །དེའི་ཕྱིར་ཆོས་དེ་རྣམས་དང་གང་ཟག་ལ་བདག་ཉིད་ཇི་ལྟ་བའི་རྒྱུ་དང་རྐྱེན་ལ་རག་ལས་ ཏེ། སྐྱེ་བའི་ཕྱིར་དང་བརྟན་ནས་བརྟགས་པའི་ཕྱིར་བདག་གི་རང་གི་ངོ་བོ་རང་ལ་རག་ལས་ཤིང་གཞན་ལ་རག་མ་ལས་པ་ཡོད་པ་མ་ཡིན་པས་གང་ཟག་དང་ཆོས་རྣམས་རང་བཞིན་མེད་པར་རྣམ་པར་གཞག་གོ། །དོན་གང་ཞིག་ལ་རང་གི་ངོ་བོས་གྲུབ་པ་ཡོད་པ་མ་ཡིན་པ་དེ་བདག་ཉིད་ གཞན་གང་ཞིག་གིས་འགྲུབ་པར་འགྱུར། དེའི་ཕྱིར་དངོས་པོ་རྣམ་པ་ཐམས་ཅད་དུ་རང་གི་མཚན་ཉིད་ཀྱིས་མ་གྲུབ་པ་བསྟན་ནས་སམ་ཉེ་བར་བླངས་ནས་སླུ་བའི་བདག་ཉིད་དུ་འབྱུང་བ་རྣམས་ནི་བློ་བླུན་པའི་ཆགས་པའི་གཞིར་འགྱུར་ལ། རང་བཞིན་ཇི་ལྟ་བ་བཞིན་དུ་ཡང་དག་ པར་མཐོང་བ་རྣམས་ཀྱིས་བསྒོམས་པ་ན་ཆོས་དང་གང་ཟག་གཉིས་ལ་ཆགས་པ་ཡོངས་སུ་ཟད་པ་འདྲེན་པར་འགྱུར་རོ། །ཆགས་པ་ཡོངས་སུ་ཟད་པ་ནི་མྱ་ངན་ལས་འདས་པ་ཐོབ་པའི་རྒྱུ་ཡིན་ལ། རང་བཞིན་མེད་པར་ལྟ་བ་ལས་མ་གཏོགས་པའི་ཆོས་འགའ་ཞིག་དེ་ལྟར་ ཆགས་པ་ཡོངས་སུ་ཟད་པའི་རྒྱུ་ཡོད་པ་ཡང་མ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་རང་བཞིན་མེད་པའི་མཚན་ཉིད་ཅན་གྱི་བདག་མེད་པ་འདི་ནི་ཞི་བའི་སྒོ་གཉིས་པ་མེད་པར་འགྱུར་ཏེ། མྱ་ངན་ལས་འདས་པའི་གྲོང་ཁྱེར་དུ་འཇུག་པར་བྱ་བ་ལ་འདི་གཅིག་པུ་ཁོ་ན་ཟླ་མེད་ པའི་སྒོ་ཡིན་ནོ། །གལ་ཏེ་ཡང་སྟོང་པ་ཉིད་དང་མཚན་མ་མེད་པ་དང་སྨོན་པ་མེད་པ་ཞེས་བྱ་བ་རྣམ་པར་ཐར་པའི་སྒོ་གསུམ་ཡོད་མོད་ཀྱི། དེ་ལྟ་ན་ཡང་བདག་མེད་པར་ལྟ་བ་ཁོ་ན་གཙོ་བོ་ཡིན་ཏེ། ཆོས་མ་ལུས་པ་བདག་མེད་པར་རིག་ཅིང་དངོས་པོ་ཐམས་ཅད་ལ་ཆགས་པ་མ་ ལུས་པ་ཟད་པ་ལ་འགར་ཡང་འགའ་ཞིག་དོན་དུ་གཉེར་བའམ་མཚན་མར་དམིགས་པ་ག་ལ་ཡོད། དེའི་ཕྱིར་བདག་མེད་པ་འདི་ནི་ཞི་བའི་སྒོ་གཉིས་པ་མེད་པ་ཁོ་ན་ཞིག་གོ། །དེ་ཉིད་ཀྱི་ཕྱིར་བྱང་ཆུབ་ཀྱི་ཚོགས་ལས། རང་བཞིན་མེད་པས་སྟོང་ལ་སྟོང་པ་ནི། །ཡིན་དང་ མཚན་མས་ཅི་ཞིག་བྱེད་པར་འགྱུར། །མཚན་མ་ཐམས་ཅད་ལོག་པར་འགྱུར་བའི་ཕྱིར། །མཁས་པས་ཅི་སྟེ་སྨོན་ལམ་འདེབས་པར་འགྱུར། །ཞེས་བཤད་དོ། །འདི་ནི་ལྟ་བ་ངན་པ་རྣམས་འཇིག་པར་བྱེད་པ་སྟེ། ལྟ་བ་ངན་པ་ནི་ངན་པར་བརྩེས་པའི་ལྟ་བ་དག་གོ། །བདག་ མེད་པ་ཡིན་ན་ནི་དངོས་པོ་རྣམས་རྣམ་པ་ཐམས་ཅད་དུ་མ་དམིགས་པས་དངོས་པོའི་རང་གི་ངོ་བོ་ཡོངས་སུ་བརྟགས་པའི་རྟེན་ཅན་ལྟ་བ་ངན་པ་རྣམས་གཏན་ནས་འཇིག་པར་མཐོང་བའི་ཕྱིར་བདག་མེད་པ་འདི་ནི་འཇིག་པར་བྱེད་པའོ། །བདག་མེད་པ་ནི་སངས་རྒྱས་ཀུན་གྱི་ཡུལ་ཏེ་སངས་ རྒྱས་ཀུན་གྱི་ཞེས་བྱ་བ་ནི་ཉན་ཐོས་དང་རང་སངས་རྒྱས་དང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིའོ། །ཡེ་ཤེས་ཀྱི་ཁྱད་པར་གྱི་ཡུལ་ཉིད་དུ་གནས་པའི་ཕྱིར་ན་སངས་རྒྱས་ཀུན་གྱི་ཡུལ་ཞེས་བྱའོ། །ཡང་ན་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཆོས་ཀྱི་སྐུ་ ལས་ཐ་མི་དད་པར་བཞུགས་པ་ཐམས་ཅད་ཀྱི་ཡིན་པར་བསྟན་པའི་ཕྱིར་སངས་རྒྱས་ཀུན་གྱི་ཞེས་བཤད་དོ། །ཁྱད་པར་གྱི་ཕྲེང་གིས་ནི་སློབ་དཔོན་གྱིས་ཆོས་ཐམས་ཅད་བདག་མེད་པར་གསུངས་སོ། །བདག་མེད་པ་འདི་ནི་དམ་པས་སྐྱེ་བོ་བློ་ཞན་པ་ལ་བསྟན་པར་བྱ་བ་མ་ཡིན་ཏེ། གང་ གི་ཕྱིར། ཆོས་འདི་ཡི་ནི་མིང་ལས་ཀྱང་། །དམ་པ་མིན་པ་འཇིགས་པ་སྐྱེ། །དམ་པ་མ་ཡིན་པ་ནི་ཆོས་འདི་གཏིང་ཐུག་པར་དཀའ་ཞིང་ཟབ་པའི་ཕྱིར་བདག་མེད་པའི་སྒྲ་ཐོས་པ་ལས་ཀྱང་འཇིགས་པ་སྐྱེའོ། །འདི་ལྟར། གཞན་ལ་འཇིགས་པ་མི་སྐྱེད་པའི། །སྟོབས་ལྡན་ ཞེས་བྱ་གང་ཞིག་མཐོང་། །བདག་མེད་པར་ལྟ་བ་ནི་སྟོབས་དང་ལྡན་པ་ཡིན་ཏེ། དམ་པ་མ་ཡིན་པའི་ལྟ་བ་ཐམས་ཅད་དྲུངས་འབྱིན་པར་ནུས་པའི་ཕྱིར་རོ། །དམ་པ་མ་ཡིན་པའི་ལྟ་བ་ནི་སྟོབས་ཆུང་བ་སྟེ་དྲུངས་དབྱུང་བར་བྱ་བ་ཡིན་པའི་ཕྱིར་རོ། །གང་སྟོབས་དང་ལྡན་པ་ལ་སྟོབས་ཆུང་བ་ འཇིགས་སོ་ཞེས་བྱ་བ་འདི་ནི་ངེས་པ་ཡང་ཡིན་ནོ། །དེའི་ཕྱིར་སྟོབས་ཆུང་ཞིང་ལྟ་བ་ངན་པས་སེམས་ཀྱི་རྒྱུད་བདག་གིར་བྱས་པ་ལ་ཆོས་འདི་བསྟན་པར་མི་བྱ་སྟེ། འཇིགས་པའི་རྒྱུ་ཡིན་པའི་ཕྱིར་རོ། །གལ་ཏེ་ལྟ་བ་ངན་པ་རིལ་འཇོམས་པའི་ཕྱིར་ཆོས་འདི་བསྟན་པར་བྱ་བ་མ་ཡིན་ ནམ། འདི་ལྟར་ཕས་ཀྱི་རྒོལ་བ་རྣམས་ནི་གདོན་མི་ཟ་བར་ཆོས་དང་མཐུན་པར་ཚར་གཅད་པར་བྱ་བ་ཞིག་སྟེ། དེའི་ཕྱིར་རྩོད་པ་དོན་དུ་གཉེར་ཞིང་གཞན་གྱི་ལུགས་ཕམ་པར་བྱ་བར་འདོད་པར་གྱུར་པས་ཆོས་འདི་སྣོད་དག་ལ་ཉེ་བར་བསྟན་པར་བྱའོ་ཞེ་ན། བཤད་པར་བྱ་སྟེ་ འདི་ནི་དེ་ལྟ་མ་ཡིན་ཏེ། འདི་ལྟར། ཆོས་འདི་དེ་བཞིན་གཤེགས་རྣམས་ཀྱིས། །རྩོད་པའི་ཆེད་དུ་མ་གསུངས་ཏེ། །གལ་ཏེ་ཆོས་འདི་རྩོད་པའི་ཆེད་དུ་བསྟན་པར་འགྱུར་ན་ནི་འདི་དེ་ལྟར་འགྱུར་བ་ཞིག་དང་། འདི་ནི་རྩོད་པའི་དོན་དུ་བསྟན་པ་མ་ཡིན་ཏེ། རྣམ་པར་ཐར་པའི་ སྒོ་ཉིད་དུ་བསྟན་པའི་ཕྱིར་རོ། །གལ་ཏེ་ཡང་དེ་ལྟ་ཡིན་མོད་ཀྱི། དེ་ལྟའང་འདིས་ནི་གཞན་སྨྲ་རྣམས། །བསྲེག་སྟེ་མེ་ཡིས་བུད་ཤིང་བཞིན། །རྩོད་པའི་དོན་དུ་མ་བསྟན་ཡང་ཆོས་འདི་ནི་ཕ་རོལ་པོའི་སྨྲ་བ་སེལ་བར་བྱེད་པ་ཁོ་ནའོ། །མེ་ཉེ་བར་ལེན་པ་ནི་བཙོ་བ་ལ་སོགས་པའི་ བྱ་བའི་དོན་དུ་ཡིན་ལ་བུད་ཤིང་བསྲེག་པའི་དོན་དུ་མ་ཡིན་མོད་ཀྱི། དེ་ལྟ་ན་ཡང་སྲེག་པར་བྱེད་པའི་རང་བཞིན་ཡིན་པས་འདོད་པའི་བྱ་བ་རྗེས་སུ་སྒྲུབ་ཅིང་བུད་ཤིང་ཡང་སྲེག་པར་བྱེད་དོ། །མེ་ཇི་ལྟ་བ་བཞིན་དུ་ཆོས་ཐམས་ཅད་རང་བཞིན་གྱིས་བདག་མེད་པར་ཤེས་པ་ཡང་དད་པ་ ཅན་གྱི་རྒྱུད་ལ་ཉེ་བར་སྐྱེ་བ་ན་དེ་ལྟར་ཤེས་པར་བྱ་སྟེ། ཉོན་མོངས་པའི་འཆིང་བ་ཐམས་ཅད་སྲེག་པར་བྱེད་པའི་བདག་ཉིད་ཅན་ཡིན་པའི་ཕྱིར་རོ། །ཡང་ཇི་ལྟར་ཆོས་འདི་དད་པ་ཅན་གྱི་རྒྱུད་ལ་ཉེ་བར་སྐྱེ་བ་ན་ཕ་རོལ་པོའི་སྨྲ་བ་དག་སྲེག་པར་འགྱུར་ཞེ་ ན། བཤད་པ། ཆོས་འདི་གང་གིས་ཤེས་གྱུར་པ། །དེ་ནི་གཞན་ལ་མི་དགའ་སྟེ། །དམ་པའི་ཆོས་ཀྱི་དེ་ཁོ་ན་ཉིད་མཐོང་བའི་བདུད་རྩི་མྱངས་པ་ནི་དེ་ལས་གཞན་པའི་ལྟ་བའི་རོ་ལ་མནོག་མེད་པར་བྱེད་པའི་ཕྱིར་དེ་ལས་གཞན་པའི་ལྟ་བ་ཐམས་ཅད་ལ་དེ་མི་དགའོ། །སློབ་ དཔོན་དམ་པའི་ཆོས་ཀྱི་བདུད་རྩིའི་རོ་མྱངས་པ་ལྟ་བུར་གྱུར་ཏེ་སྐྱེ་བོ་བློ་དང་ལྡན་པའི་ཡིད་ཚིམ་པར་བྱེད་པའི་ཚིག་གསུང་བ། དེས་ན་བདག་ལ་ཆོས་འདི་ནི། །འཇིག་པའི་སྒོ་དང་འདྲ་བར་སྣང་། །སླར་མི་སྐྱེ་བས་འཇིག་པ་མཐོང་བའི་ཕྱིར་ཆོས་འདི་ནི་བདག་མེད་པའི་ཆོས་ རྟོགས་པའི་རྒྱུད་ལ་དམ་པ་མ་ཡིན་པའི་ལྟ་བ་ཐམས་ཅད་འཇིག་པའི་རྒྱུ་ཡིན་ནོ་སྙམ་དུ་སློབ་དཔོན་ལ་སྣང་ངོ་། །འདི་ནི་མི་དམིགས་པའི་བདག་ཉིད་ཅན་ཡིན་པའི་ཕྱིར་འགའ་ཞིག་ཡང་འཇིག་པའི་རྒྱུ་མ་ཡིན་པས་འཇིག་པའི་སྒོ་དང་འདྲ་བར་ཞེས་བཤད་དོ། །ཡང་ན་བསྟན་པའི་ ཆོས་ལ་དགོངས་ནས་འཇིག་པའི་སྒོ་དང་འདྲ་བར་ཞེས་བཤད་དོ། །མྱ་ངན་ལས་འདས་པ་ནི་གཏན་དུ་བའི་འཇིག་པ་ཡིན་ལ། དེར་རྗེས་སུ་འཇུག་པའི་སྒོ་ནི་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་རྟོགས་པའི་བདག་ཉིད་ཅན་ཡིན་ལ་བསྟན་པའི་ཆོས་ཀྱང་སློབ་དཔོན་ལ་དེ་དང་འདྲ་ བར་སྣང་སྟེ། ཇི་ལྟར་འཕགས་པའི་ཆོས་ཀྱི་རང་བཞིན་ཐུགས་སུ་ཆུད་པར་ཤེས་ནས་དད་པ་དང་ལྡན་པ་ལྟ་བ་གཞན་མངོན་པར་མི་འདོད་པ་དེ་བཞིན་དུ་ལུང་གི་ཆོས་རྟོགས་པ་ཡང་གཞན་ལ་མི་དགའོ་སྙམ་དུ་དགོངས་སོ། །ཅི་སྟེ་འཕགས་པ་རྣམས་ལ་ཡང་ཅིའི་ཕྱིར་འདི་ སྐྲག་པའི་རྒྱུར་མི་འགྱུར་ཞེ་ན། བདག་ལ་ཆགས་པ་ལོག་པའི་ཕྱིར་རོ། །གང་ལ་བདག་ལ་ཆགས་པ་ཡོད་པ་དེ་དང་རྗེས་སུ་མཐུན་པའི་དངོས་པོའི་ལྟ་བ་འདོད་ཀྱི་དེ་དང་མི་མཐུན་པས་བདག་མེད་པར་ལྟ་བ་ནི་མ་ཡིན་ནོ། །དེ་ཉིད་དུ་བདག་མེད་སྙམ་དུ། །དེ་ལྟར་གང་ལ་དགོངས་ གནས་པ། །འཕགས་པ། དེ་ནི་ཡོད་པས་ག་ལ་དགའ། །མེད་པས་འཇིག་པར་ག་ལ་འགྱུར། །གང་ཞིག་ལ་ཕྱི་དང་ནང་གི་དངོས་པོའི་རང་གི་ངོ་བོ་ཡོངས་སུ་མི་རྟོགས་པའི་ཕྱིར་ཞེས་བྱ་བའི་དངོས་པོ་འགའ་ཡང་རང་བཞིན་གྱིས་ཡོད་པ་མ་ཡིན་ནོ་སྙམ་པའི་དགོངས་པ་རྣམ་པར་ གནས་པ་དེ་ནི་གང་མེད་པར་མཐོང་བ་ལས་དེ་བདག་མེད་པ་ལ་འཇིགས་པར་འགྱུར་བ་ཡོད་པར་ལྟ་བ་ཡོད་པས་ཡོངས་སུ་ཚིམ་པར་ག་ལ་འགྱུར། དེ་ཉིད་ཀྱི་ཕྱིར་དེ་དག་གི་རྗེས་སུ་ཆགས་པ་དང་ཁོང་ཁྲོ་བ་དང་བྲལ་བའོ་ཞེས་བྱ་སྟེ། ཡོད་པར་ལྟ་བ་ལ་རྗེས་སུ་ཆགས་པ་མེད་ པའི་ཕྱིར་ལ། བདག་མེད་པར་ལྟ་བ་ལ་ཡང་ཁོང་ཁྲོ་བ་མེད་པའི་ཕྱིར་རོ། །དེའི་ཕྱིར་གཉིས་ལ་མི་སྤྱོད་ཅིང་རྩོད་པ་མེད་པ་འདི་ནི་མྱ་ངན་ལས་འདས་པའི་གྲོང་ཁྱེར་དུ་བདེ་བླག་ཏུ་འགྲོ་སྟེ། དེའི་ཕྱིར་མྱ་ངན་ལས་འདས་པ་དམ་པའི་གནས་ཡིན་པའི་ཕྱིར་ན་བདག་མེད་པ་དེ་དེའི་ འཇིགས་པའི་རྒྱུ་མ་ཡིན་ནོ། །དངོས་པོར་ལྟ་བ་ལ་མངོན་པར་ཞེན་པའི་མུ་སྟེགས་ཅན་མྱ་ངན་ལས་འདས་པ་ལ་གཡང་སར་འདུ་ཤེས་པ་རྣམས་ནི་མྱ་ངན་ལས་འདས་པ་ལས་འཇིག་རྟེན་གཅོད་པར་བྱེད་ཅིང་སྐྱེ་བོ་སྡུག་བསྔལ་མཐའ་ཡས་པའི་རྒྱུ་དངོས་པོར་ལྟ་བ་ལ་སྦྱོར་བ་ ན་འགྲོ་བ་རྣམས་ཀྱི་སྡུག་བསྔལ་མུ་མཐའ་མེད་པའི་ས་བོན་དུ་གྱུར་པ་ཡིན་ནོ། །དེའི་ཕྱིར། དོན་མིན་ས་བོན་གྱུར་པ་ཡི། །མུ་སྟེགས་ཅན་མང་མཐོང་ནས་ནི། །ཆོས་འདོད་པ་ཡི་སྐྱེ་བོ་ལ། །སུ་ཞིག་སྙིང་མི་བརྩེ་བར་འགྱུར། །འཇིག་རྟེན་འདི་ནི་མུ་སྟེགས་བྱེད་ཀྱི་སྦྲུལ་དངོས་པོ་དང་ དངོས་པོ་མེད་པར་ལྟ་བ་དམ་པ་མ་ཡིན་པའི་ཚེར་མ་ཤིན་ཏུ་འཐིབས་པོའི་ཚང་ཚིང་དང་ལྡན་པ་རྣམས་ཀྱིས་ལམ་བཟང་པོ་ནས་བཀུག་སྟེ། ལྟ་བའི་ཚེར་མའི་ཚང་ཚིང་དུ་བཅུག་ནས་ཐར་པའི་ཆ་དང་མཐུན་པའི་དགེ་བའི་སྲོག་གི་དབང་པོ་བཅད་པའི་སྒོ་ནས་ཉིན་རེ་ཞིང་གསོད་པར་བྱེད་ དོ། །གང་ཞིག་ཅི་ཞིག་ལྟར་སྐྱེས་བུའི་བྱེད་པས་བདག་ཉིད་དེ་ལས་ཡོངས་སུ་གྲོལ་བར་བྱས་ནས་ལམ་བཟང་པོ་ལ་བརྟེན་པ་དེ་ནི་མཛའ་བཤེས་ཚེགས་ཆེ་ཞིང་ཡང་བར་ཕྱིན་པ་དེ་ལས་གྲོལ་བ་ཞིག་སྔར་གྱི་རྒུད་པའི་གཏམ་ཐོས་པས་སྙིང་ཞུ་བའི་གཉེན་རྣམས་ཀྱིས་བརྩེ་བར་བྱ་བ་ཡིན་པ་དེ་ ལྟ་བུ་སྟེ་དེ་དང་འདྲ་བར་རྣམ་པ་དེ་ལྟ་བུའི་སྐྱེ་བོ་རྣམས་ལ་བྱང་ཆུབ་སེམས་དཔའི་རིགས་ཅན་གང་ཞིག་སྙིང་བརྩེ་བར་མི་འགྱུར། སྙིང་བརྩེ་བ་ལས་ཀྱང་གུས་པར་བྱས་ཏེ་དེ་ལ་གང་གིས་ན་འདིར་སླར་ཡང་མུ་སྟེགས་ཅན་གྱི་སྦྲུལ་དག་གིས་ཕྲོགས་པར་ མི་འགྱུར་བ་རང་བཞིན་མེད་པའི་ལམ་ཉེ་བར་བསྟན་པར་བྱའོ། །ཡང་ཅིའི་ཕྱིར་སེམས་ཅན་རྣམས་དགེ་བའི་བསམ་པ་ཅན་ཡིན་ཡང་ཕལ་ཆེར་མུ་སྟེགས་ཅན་རྣམས་ཀྱི་ལུགས་དང་རྗེས་སུ་འབྲེལ་གྱི་བདེ་བར་གཤེགས་པའི་དང་མ་ཡིན་ཞེ་ན། དེ་ནི་ཕྲ་བའི་ཕྱིར་རོ། །འདི་ ལྟར་རགས་པ་མཐོང་ཞིང་། བདེ་བར་གཤེགས་པ་རྣམས་ཀྱི་གཙུག་ལག་ཁང་དང་ཁ་ཟས་དང་ཆོས་གོས་ལ་སོགས་པ་མཆོག་ཏུ་གྱུར་པ་དམིགས་ནས་ལྟ་བ་ཕྱིན་ཅི་ལོག་པ་རྣམས་དེ་བཞིན་གཤེགས་པའི་གསུང་རབ་ཀྱི་དོན་ཟབ་མོ་མཁས་ཤིང་མཛངས་པས་རིག་པར་བྱ་ བའི་གཏིང་མི་དཔོགས་ཤིང་མཐོང་བ་དང་ཐོས་པ་ཙམ་གྱིས་བསླུས་པ་ན་མུ་སྟེགས་ཅན་རྣམས་ཀྱི་གཞུང་ལུགས་དག་ལ་གུས་པར་བྱེད་དོ། །ཇི་ལྟར་བདེ་བར་གཤེགས་པ་རྣམས་ཀྱི་ཆོས་འདི་ཕྲ་བ་ཉིད་དང་། དེ་ལས་གཞན་པ་རྣམས་ཀྱི་རགས་པ་ཉིད་ཡིན་པ་དེ་ལྟར་ བསྟན་པའི་ཕྱིར་བཤད་པ། ཤཱཀྱ་གོས་མེད་བྲམ་ཟེ་སྟེ། །གསུམ་པོ་རྣམས་ཀྱིའང་ཆོས་ཡིད་དང་། །མིག་དང་རྣ་བ་ཡིས་འཛིན་པ། །དེའི་ཕྱིར་ཐུབ་པའི་གཞུང་ལུགས་ཕྲ། །བྲམ་ཟེ་རྣམས་ནི་འདོན་པ་སྙིང་པོར་བྱེད་པ་སྟེ། དེ་རྣམས་ཀྱི་དེ་ནི་རྣ་བའི་ཡུལ་ལོ། །གཅེར་བུ་པ་ དག་ནི་གཙང་སྦྲར་སྤྱོད་པ་དང་བྲལ་བའི་ཕྱིར་ལུས་དྲི་ང་བའི་འདམ་འཕེལ་བཞིན་པས་གོས་ཤིང་ལུས་ཁྲུས་རས་དང་བྲལ་བ་གྲང་བ་དང་རླུང་དང་ཉི་མ་དང་སྐྲ་འབལ་བ་ལ་སོགས་པའི་སྡུག་བསྔལ་གྱི་གཞིར་གྱུར་པ་རྣམས་ཏེ། དེ་རྣམས་ཀྱི་ལུགས་དེ་ནི་མཐོང་བས་གོ་བར་བྱ་བ་ཡིན་ཏེ། དེའི་ཕྱིར་དེ་རྣམས་ཀྱི་ཆོས་ནི་མིག་གི་རྣམ་པར་ཤེས་པས་ཤེས་པར་བྱ་བ་ཡིན་ནོ། །ཤཱཀྱ་དངོས་པོ་ཐམས་ཅད་རང་བཞིན་མེད་པར་ལྟ་བའི་ཉི་མས་སེམས་ཀྱི་རྒྱུད་སྣང་བར་བྱས་ཤིང་དམ་པ་མ་ཡིན་པའི་ལྟ་བ་མ་ལུས་པས་འཐིབས་ཤིང་ཚང་ཚིང་དུ་གྱུར་པའི་མ་རིག་པའི་མུན་པ་ བཅོམ་པ། འདུས་བྱས་རྨི་ལམ་དང་མིག་འཕྲུལ་དང་སྒྱུ་མའི་ན་ཆུང་དང་གཟུགས་བརྙན་དང་སྤྲུལ་པ་དང་མཚུངས་པར་མཐོང་བ། ཉོན་མོངས་པའི་དྲི་མ་མ་ལུས་པ་བསལ་བས་སེམས་ཀྱི་རྒྱུད་དྲི་མ་མེད་པར་གྱུར་པ་རྣམས་ནི་དེ་ལྟར་མཉམ་པར་གཞག་པ་དག་ཁོ་ནས་ ངེས་པར་བྱ་བ་ཡིན་ཏེ། དེའི་ཕྱིར་དེ་དག་གི་དགེ་བའི་བསམ་པ་ནི་ཡིད་ཀྱི་རྣམ་པར་ཤེས་པས་གོ་བར་བྱ་བ་ཡིན་པས་ཐུབ་པའི་གཞུང་ལུགས་ཕྲ་བ་ཡིན་ནོ། །དེའི་ཕྱིར་མ་ངེས་པས་བསོད་ནམས་འདོད་ཀྱང་སྐྱེ་བོ་བདེ་བར་གཤེགས་པའི་ཆོས་ལ་མི་འཇུག་གོ། །འདིར་སྨྲས་པ། གལ་ཏེ་བློ་རགས་པའི་ཕྱིར་འཇིག་རྟེན་ཕྱི་རོལ་པ་ལ་བརྟེན་ནས་འཇུག་ན་འོ་ན་འདིར་ཡང་དེ་ལྟར་རྗེས་སུ་སྒྲུབ་པར་གྱིས་ཤིག །ཕྱི་རོལ་པའི་བྱ་བ་རྗེས་སུ་མི་འགྲུབ་སྟེ། འདི་ལྟར། ཇི་ལྟར་བྲམ་ཟེ་རྣམས་ལ་ཆོས། །ཕལ་ཆེར་ཕྱི་འཆོས་བརྗོད་པ་ལྟར། །དེ་བཞིན་གཅེར་བུ་ རྣམས་ལ་ཆོས། །ཕལ་ཆེར་བླུན་པ་བརྗོད་པ་ཡིན། །བྲམ་ཟེ་རྣམས་ནི་བཟླས་བརྗོད་དང་སྦྱིན་སྲེག་དང་། བཀྲ་ཤིས་དང་། འགྱོད་ཚངས་ལ་སོགས་པའི་བྱ་བ་དག་གིས་གཞན་དག་ལས་རྙེད་པ་དང་། བཀུར་སྟི་ལ་སོགས་པ་འདོད་པས་ཕྱི་འཆོས་པར་འདོད་དོ། །དེ་ དག་གི་ཆོས་ནི་ཕལ་ཆེར་ཕྱི་འཆོས་པ་ཞིག་སྟེ། ཕྱི་འཆོས་གཙོ་བོ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཆོས་འདི་ནི་ཐར་པ་འདོད་པ་རྣམས་ལ་འགལ་བ་ཡིན་ཏེ། འཁོར་བའི་རྗེས་སུ་མཐུན་པའི་ཕྱིར་ལ། ཁ་གསག་གིས་རྗེས་སུ་རིག་པའི་བདག་ཉིད་ཅན་གྱི་ཉེ་བའི་ཉོན་མོངས་པ་མངོན་པར་ འཕེལ་བའི་རྒྱུ་ཡིན་པའི་ཕྱིར་ཤཱཀྱ་པ་རྣམས་ལ་མ་བསྟན་ཏོ། །ཇི་ལྟར་ཐར་པའི་བར་དུ་གཅོད་པར་བྱེད་པའི་ཕྱིར་བྲམ་ཟེ་རྣམས་ཀྱི་ཆོས་ཕྱི་འཆོས་ཕལ་ཆེ་བ་ཐར་པ་འདོད་པ་རྣམས་ཀྱིས་སྤྱད་པར་བྱ་བ་མ་ཡིན་པ་དེ་བཞིན་དུ་གཅེར་བུ་རྣམས་ཀྱི་ཆོས་སེམས་བླུན་པ་ཉིད་དུ་བྱེད་པའི་རྒྱུ་ ཡང་བླུན་པ་ཕལ་ཆེ་བའི་ཕྱིར་སྤྱད་པར་བྱ་བ་མ་ཡིན་པས་དེ་ལྟར་ཉེ་བར་བསྟན་པ་རྗེས་སུ་མི་སྒྲུབ་པོ། །གང་གི་ཕྱིར་བྲམ་ཟེ་འདི་རྣམས་ཀྱི་ཆོས་ཕྱི་འཆོས་ཕལ་ཆེ་བ་དེ་ཉིད་ཀྱི་ཕྱིར་འཇིག་རྟེན་ཕལ་ཆེར། ཇི་ལྟར་རིག་པ་བླངས་པ་ལས། །བྲམ་ཟེ་གུས་པ་སྐྱེ་བ་ལྟར། །དེ་བཞིན་ ཉོན་མོངས་བླངས་པ་ལས། །གཅེར་བུ་པ་ལ་བརྩེ་བར་འགྱུར། །ཇི་ལྟར་འདོན་པར་བྱེད་པ་ཙམ་གྱིས་སེམས་རངས་པར་གྱུར་པའི་འཇིག་རྟེན་ནི་རིག་པ་བླངས་པ་ལས་བྲམ་ཟེ་རྣམས་ལ་གུས་པ་སྐྱེ་བ་དེ་བཞིན་དུ་ཉོན་མོངས་པ་བླངས་པ་ལས་ཏེ་མགོ་ འབལ་པ་ལ་སོགས་པ་ལུས་ཡོངས་སུ་དུབ་པ་རྣམས་ལས་གོས་མེད་པ་རྣམས་ལ་བརྩེ་བ་སྐྱེའོ། །འདི་རྣམས་ཀྱི་ལུས་ཡོངས་སུ་ཉོན་མོངས་པའི་སྡུག་བསྔལ་ཉམས་སུ་མྱོང་བ་ནི་ཆོས་ཀྱི་ཆེད་དུ་འགྱུར་བ་འདི་ནི་མི་སྲིད་དེ་ཉེས་པ་སྤྱད་པའི་འབྲས་བུ་ཡིན་པའི་ཕྱིར་རོ་ཞེས་བསྟན་པའི་ ཕྱིར། སྡུག་བསྔལ་ལས་ཀྱི་རྣམ་སྨིན་ཕྱིར། །ཇི་ལྟར་ཆོས་སུ་མི་འགྱུར་བ། །ཞེས་བྱ་བ་སྨོས་སོ། །ཇི་ལྟར་སྒྲེན་མོས་རྒྱུ་བ་རྣམས་ཀྱི་འདི་པའི་སྡུག་བསྔལ་ཉམས་སུ་མྱོང་བ་ཡང་དམྱལ་བའི་སྡུག་བསྔལ་གྱི་ཉམས་སུ་མྱོང་བ་བཞིན་ཆོས་ཀྱི་ཆེད་དུ་མི་འགྱུར་བ་ལྟར་བྲམ་ཟེ་རྣམས་ཀྱི་ཡང་། དེ་བཞིན་སྐྱེ་བ་ལས་ཀྱི་ནི། །རྣམ་སྨིན་ཕྱིར་ན་ཆོས་མ་ཡིན། །གལ་ཏེ་ལས་ཀྱི་རྣམ་པར་སྨིན་པ་ཡིན་པའི་ཕྱིར། མིག་ལ་སོགས་པ་ལྟར་སྡུག་བསྔལ་དང་སྐྱེ་བོ་ཆོས་སུ་མི་འགྱུར་ན་འོ་ན་ཆོས་གང་ཞིག་ཡིན་ཞེ་ན། བཤད་པར་བྱ་སྟེ། ཆོས་ནི་མདོར་ན་མི་འཚེ་བར། །དེ་བཞིན་ གཤེགས་པ་རྣམས་ཀྱིས་གསུངས། །འཚེ་བ་ནི་གཞན་ལ་གནོད་པར་ཞུགས་པའི་ཕྱིར་སེམས་ཅན་ལ་གནོད་པའི་བསམ་པ་དང་། དེས་ཀུན་ནས་བསླང་བའི་ལུས་དང་ངག་གི་ལས་ཡིན་ལ། མི་འཚེ་བ་ནི་དེ་ལས་བཟློག་པའི་སྒོ་ནས་དགེ་བ་བཅུའི་ལས་ཀྱི་ལམ་མོ། །གང་ ཡང་ཅུང་ཟད་གཞན་ལ་ཕན་འདོགས་པ་དེ་ཐམས་ཅད་ཀྱང་མི་འཚེ་བའི་ཁོངས་སུ་འདུ་བ་ཡིན་ནོ། །དེ་བཞིན་གཤེགས་པ་རྣམས་ཀྱི་ཆོས་ནི་མདོར་བསྡུ་ན་མི་འཚེ་བ་དེ་ཉིད་ཡིན་ནོ་ཞེས་བསྟན་ཏོ། །སྟོང་ཉིད་མྱ་ངན་འདས་པར་ཏེ། །འདིར་ནི་དེ་གཉིས་འབའ་ཞིག་གོ། །རང་ བཞིན་སྟོང་པ་ཉིད་དུ་གང་བཤད་པ་དེ་ཉིད་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་མྱ་ངན་ལས་འདས་པར་གསུངས་སོ། སྡུག་བསྔལ་ཕུང་པོ་ལྔའི་རང་བཞིན་ཅན་གཏན་ཉེ་བར་ཞི་བ་གང་ཡིན་པ་དེ་ནི་མྱ་ངན་ལས་འདས་པ་ཡིན་ལ། རང་བཞིན་གྱིས་མ་སྐྱེས་པར་མཐོང་ བའི་དུས་སུ་ཡང་སྡུག་བསྔལ་རང་བཞིན་གྱིས་མ་སྐྱེས་པར་ཁོང་དུ་ཆུད་པས་ཕྱིན་ཅི་ལོག་ཟད་པ་ཡིན་དང་དེ་སླར་ཡང་རྣམ་པ་གཞན་དུ་འགྱུར་བས་ཡོངས་