Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 103

Văn bản gốc(Tây Tạng)

Trang 11 / 24 (50.000 ký tự/trang)
་ཁོ་ན་སྐྱེ་བ་ཡིན་ནོ། །དེའི་ཕྱིར། བདག་འདས་པའི་དུས་ན་སྐྱེ་བ་འདི་ལྟ་བུ་དང་འདི་ལྟ་བུ་ཞིག་ཏུ་གྱུར་ཏོ་ཞེས་སྐྱེ་བ་དྲན་པར་མི་རིགས་སོ། །བདག་རྟག་པ་ཡོད་ན་ནི་དེ་ཉིད་ཚེ་རབས་གཞན་དུ་རྒྱུ་བའི་ཕྱིར་
རྗེས་སུ་དྲན་པར་རིགས་སོ། །འདི་ཡང་མ་ངེས་པ་ཉིད་དུ་བརྗོད་པའི་ཕྱིར་བཤད་པ། སྐྱེ་བ་དྲན་པ་ཡོད་པའི་ཕྱིར། །གལ་ཏེ་ཁྱོད་ཀྱི་བདག་རྟག་ན། །སྔོན་བྱས་པ་ཡི་རྨ་མཐོང་ནས། །ཁྱོད་ཀྱི་ལུས་ཀོ་ཅིས་མི་རྟག །འདི་ན་ཚེ་རབས་གཞན་དག་ཏུ་མཚོན་ལ་སོགས་པས་
བསྣུན་པ་ལས་བྱུང་བའི་རྨའི་སྲོལ་རྣམས་དེ་ལྟ་བུས་ཉེ་བར་མཚོན་པའི་ལུས་ཅན་ལ་ལ་དག་རྣམ་པར་མི་འཇིག་ཅིང་། དེ་ལྟར་མངོན་པར་མཚོན་པའི་ལུས་དང་ལྡན་པ་ཁོ་ནར་འགྱུར་ཏེ། སྐྱེ་བ་དང་རྗེས་སུ་དྲན་པ་ན་ཇི་ལྟར་ཉམས་སུ་མྱོང་བ་ལྟར་ཚེ་རབས་གཞན་གྱི་བྱུང་
མཐའ་སྟོན་པ་ལྷུར་བྱེད་པ་དམིགས་སོ། །དེའི་ཕྱིར་སྐྱེ་བ་དྲན་པ་ཡོད་པས་བྱས་པའི་བདག་རྟག་པ་ཉིད་དུ་ཡོངས་སུ་བརྟགས་པ་ལྟར་དེ་དག་གིས་ལུས་རྟག་པ་ཉིད་དུ་ཡང་བརྟག་པར་བྱ་དགོས་ན་འདི་ནི་དེ་ལྟར་ཡང་མ་ཡིན་པས་དེ་ཡོད་པ་མ་ཡིན་ནོ། །རྒྱུ་དང་འབྲས་བུ་དག་དེ་ཉིད་དང་
གཞན་ཉིད་དུ་རྟོག་པ་སྤངས་ཤིང་། རྒྱུའི་ཁྱད་པར་གྱིས་གསལ་བར་གྱུར་པ་འདུ་བྱེད་ཀྱི་རྒྱུན་ནི་མི་རྟག་པ་ཁོ་ནར་ཡོད་ན་ནི་དེའི་ཉེ་བར་ལེན་པ་ཅན་བཏགས་པར་ཡོད་པའི་བདག་གི་སྐྱེ་བ་རྗེས་སུ་དྲན་ནོ་ཞེས་བྱ་བར་རིགས་སོ། །དངོས་པོ་རྣམས་ནི་རང་གི་མཚན་ཉིད་ཀྱིས་མ་
གྲུབ་པ་སྟེ་དེ་རྣམས་ལ་རྣམ་པ་དེ་ལྟ་བུའི་རྐྱེན་ཉེ་བར་ལྷགས་པ་ཡོད་དང་གཞན་དུ་གྱུར་པ་ཉིད་མི་རིགས་པ་མ་ཡིན་ཏེ། དེའི་ཕྱིར་དངོས་པོ་རང་གི་མཚན་ཉིད་ཀྱིས་མ་གྲུབ་པའི་རྒྱུ་ཅན་བྱ་བའི་ཁྱད་པར་བསམ་གྱིས་མི་ཁྱབ་པ་ཡོངས་སུ་བརྟག་པར་བྱའོ། །འདི་ལྟར་འདམ་
བཞིན་དུ་ཞོའི་སྣོད་ཁང་པའི་ནང་ན་གནས་པ་དག་ལ་ཐོག་རྩྭ་ཆེས་མང་པོས་གཡོགས་པའི་སྟེང་ན་གནས་པའི་ཕུ་རོན་སྐྱ་བོའི་རྐང་རྗེས་དམིགས་མོད་ཀྱི། དེའི་རྐང་པ་ཞུགས་པ་ནི་ཅི་ནས་ཀྱང་སྲིད་པ་མ་ཡིན་ནོ། །དེའི་ཕྱིར་བཤད་པ་དང་འཆད་པར་འགྱུར་བའི་རིགས་པས་མི་འཐད་

པའི་འདུས་བྱས་རང་བཞིན་མེད་ཅིང་མིག་འཕྲུལ་དང་འདྲ་བ་འདིའི་སྙིང་པོ་དང་མི་ལྡན་པ་ཉིད་ཀྱིས་ཆོག་གོ། །འདི་ལ་སྙིང་པོ་དང་མི་ལྡན་པ་ཉིད་ཁས་བླངས་པ་ལྟར་དངོས་པོ་ཡོད་པ་ཉིད་དུ་ཁས་བླང་བར་བྱ་བར་ནུས་པ་ཡང་མ་ཡིན་ཏེ། དེ་ནི་གདོན་མི་ཟ་བར་འཐད་པ་ལ་ལྟོས་
པའི་ཕྱིར་རོ། །དེ་ནི་ཇི་ལྟའམ་དེ་ལྟའང་རུང་སྟེ་ཁས་བླང་བར་བྱ་བར་ནུས་པ་མ་ཡིན་ཏེ། གཞན་དག་གིས་དེ་མི་སླུ་བ་ཉིད་དུ་ཁས་བླངས་པའི་ཕྱིར་རོ། །དེའི་ཕྱིར་སྐྱེ་བ་དྲན་པ་ལྟར་རྨ་དང་བཅས་པའི་ལུས་གཞན་གྱི་རྒྱུ་ཅན་གྱི་ལུས་སྔོན་བྱས་པའི་རྨས་ཉེ་བར་མཚོན་པ་རྣམ་པ་དེ་
ལྟ་བུའི་ལས་ཀྱི་བྱེ་བྲག་གི་རྐྱེན་ཅན་ཉེ་བར་སྐྱེའོ་ཞེས་བྱ་བ་མི་སྲིད་པ་མ་ཡིན་ནོ། །དེའི་ཕྱིར་སྐྱེ་བ་དྲན་པ་ཡོད་པ་འདི་ལས་བདག་རྟག་པ་ཉིད་དུ་མི་རིགས་ཏེ། ལུས་ཀྱང་རྟག་པ་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་རོ། །ཡང་ཇི་ལྟར་བདག་འདིས་སྐྱེ་བ་དྲན་ནོ་ཞེས་བྱ་བར་རྟོག་པ་གལ་
ཏེ་རང་གི་ངོ་བོ་ཁོ་ནས་ཡིན་ན་ནི་དེ་མི་རིགས་ཏེ། དེ་ནི་མི་རྟོག་པའི་རང་གི་ངོ་བོ་ཡིན་པའི་ཕྱིར་རོ། །ཅི་སྟེ་སེམས་པ་ཅན་དང་ལྡན་པ་ལས་ཡིན་ནོ་སྙམ་དུ་རྟོག་པ་ན་དེ་ཡང་མི་རིགས་ཏེ། རང་གི་ངོ་བོ་བཏང་བར་ཐལ་བར་འགྱུར་བའི་ཕྱིར་རོ། །དེ་ཉིད་བསྟན་པའི་ཕྱིར་བཤད་པ། སེམས་
པ་ཅན་དང་ལྡན་པ་དག །གལ་ཏེ་ཤེས་པ་ཉིད་ཡིན་ན། །དེ་ཡིས་སེམས་པ་ཅན་སེམས་པ། །མིན་ཞིང་སྐྱེས་བུ་རྟག་མི་འགྱུར། །གལ་ཏེ་བློ་ལ་སོགས་པ་རྣམས་ནི་བདག་གི་ཡོན་ཏན་ཡིན་ཞིང་དེ་རྣམས་དང་ལྡན་པས་བདག་ཡོན་ཏན་གྱི་རྗེས་སུ་མཐུན་པར་འཇུག་ཅིང་དངོས་པོ་
རྣམས་ཀྱང་རང་བཞིན་མི་འདོར་བ་ཡིན་ལ། དེ་རྣམས་དོན་གཞན་དང་འབྲེལ་པ་ལས་བྱ་བའི་ཁྱད་པར་དང་ལྡན་པར་གྱུར་ན་ནི་འོན་ཏེ་དེ་རྣམས་ལ་ཁྱད་པར་སྔར་ཡོད་པ་མ་ཡིན་པར་རྣམ་པར་འགྱུར་རོ། །རྣམ་པར་འགྱུར་བ་དང་ལྡན་པ་རྣམས་ལ་ནི་རང་གི་ངོ་བོ་ཡོད་པ་ཡང་མ་ཡིན་པས་
ཁྱོད་ཀྱི་བདག་རང་བཞིན་མེད་དེ། རི་མོ་ལ་སོགས་པ་བཞིན་དུ་རྣམ་པར་འགྱུར་བ་དང་ལྡན་པའི་ཕྱིར་རོ། །གཞན་ཡང་ཇི་ལྟར་སེམས་པ་ཅན་ཉིད་དང་ལྡན་པས་བདག་སེམས་པ་ཅན་དུ་འགྱུར་བ་དེ་བཞིན་དུ་སེམས་པ་ཅན་མ་ཡིན་པའི་བདག་དང་ལྡན་པས་སེམས་ཅན་ཡང་སེམས་པ་

ཅན་མ་ཡིན་པར་ཅིའི་ཕྱིར་མི་འགྱུར། །དེའི་ཕྱིར་འདི་ལ་སྐྱེ་བ་དྲན་པ་ཉིད་མི་རིགས་པ་འབའ་ཞིག་ཏུ་མ་ཟད་ཀྱི་སེམས་པ་ཅན་ཉིད་ཀྱང་མི་རིགས་པའི་ཕྱིར་རྟག་པ་ཡང་མ་ཡིན་པས་བདག་ལ་རྟག་པ་ཉིད་ཡོད་པ་མ་ཡིན་ནོ། །གཞན་ཡང་བདག་འདི་ཇི་ལྟར་སེམས་
པ་ཅན་ཉིད་དང་ལྡན་པས་སེམས་པ་དེ་བཞིན་དུ་བདེ་བ་དང་སྡུག་བསྔལ་ལ་སོགས་པ་དང་ལྡན་པས་སྔར་གྱི་རང་གི་ངོ་བོ་ཉམས་པའི་ཕྱིར་ཁྱད་པར་དེ་དང་དེ་འཐོབ་པར་འགྱུར་ཏེ། དེའི་ཕྱིར་འདི་མི་རྟག་པ་ཉིད་དུ་འགྱུར་ཞེས་བསྟན་པའི་ཕྱིར་བཤད་པ། བདེ་བ་ལ་སོགས་དང་ལྡན་སྲོག །
བདེ་སོགས་བཞིན་དུ་སྣ་ཚོགས་མཐོང་། །དེ་ཕྱིར་བདེ་ལ་སོགས་བཞིན་ཏེ། །རྟག་པ་ཉིད་དུའང་མི་རུང་ངོ་། །གལ་ཏེ་བདེ་བ་དང་སྡུག་བསྔལ་གྱི་གནས་སྐབས་དག་ཏུ་འདི་ལ་ཁྱད་པར་འགའ་ཡང་མེད་ན་ནི་དེ་དག་ཕན་ཚུན་ཐ་དད་པར་མི་འགྱུར་ཏེ། དེའི་ཕྱིར་བདག་གི་ཡོན་ཏན་འདི་
རྣམས་ཐ་དད་པར་བགྲང་བར་མི་འགྱུར་རོ། །དེའི་ཕྱིར་གདོན་མི་ཟ་བར་བདག་འདིས་བདེ་བ་ལ་སོགས་པ་སྣ་ཚོགས་པའི་རྗེས་སུ་བྱེད་པར་བྱ་དགོས་ལ། དེའི་རྗེས་སུ་བྱེད་པ་ཉིད་ཀྱང་བདེ་བ་ལ་སོགས་པ་ཁོ་ན་ལྟར་འདི་རྟག་པ་ཉིད་དུ་ཡང་མི་རིགས་སོ། །འང་གི་སྒྲས་ནི་བྱེད་པ་པོ་ཉིད་དང་
བྱ་བ་པོ་ཉིད་དང་གཅིག་ཉིད་ལ་སོགས་པ་ཐམས་ཅད་སེལ་བར་བྱེད་དོ། །ཡང་གཞན་དག་ནི་གང་གི་ལྟར་ན་སྐྱེས་བུ་སེམས་པ་ཅན་མ་ཡིན་པ་དེ་ལ་ཉེས་པ་འདིར་འགྱུར་གྱི། ཁོ་བོ་ཅག་གི་ལྟར་ན་ནི་སྐྱེས་བུ་ཤེས་པ་ཡོད་པའི་རང་བཞིན་ཡིན་པའི་ཕྱིར་མི་འདོད་པ་ཅི་ཡང་མེད་དོ་ཞེས་
སྨྲའོ། །དེའི་ལུགས་ཀྱང་མི་རིགས་པ་ཉིད་དུ་བརྗོད་པའི་ཕྱིར་བཤད་པ། གལ་ཏེ་ཤེས་པ་ཡོད་རྟག་ན། །བྱེད་པ་ལོག་པར་འགྱུར་བ་སྟེ། །གལ་ཏེ་མེ་ནི་རྟག་འགྱུར་ན། །བུད་ཤིང་གིས་དོན་ཡོད་མི་འགྱུར། །འདི་གང་གི་ཚེ་མིག་ལ་སོགས་པ་བྱེད་པར་གྱུར་བ་རྣམས་ཀྱི་འཇུག་
པ་དག་གཟུགས་ལ་སོགས་པའི་དོན་རྣམས་ལ་འབབ་པ་དེའི་ཚེ་གཟུགས་ལ་སོགས་པའི་བློ་གཟུགས་ལ་སོགས་པའི་རྣམ་པས་རྗེས་སུ་བསྒྱུར་བ་རྣམས་ཉེ་བར་སྐྱེ་ཞིང་བློས་ཞེན་པར་བྱས་པའི་དོན་དེ་ཡང་སྐྱེས་བུས་སེམས་པར་བྱེད་དོ། །ཤེས་པ་ཡོད་པ་ཉིད་ཀྱང་ཡུལ་རྟོགས་

པའི་རང་གི་ངོ་བོ་ཡིན་ལ་སྐྱེས་བུ་དེ་ཡང་དེ་ལས་ཐ་མི་དད་པའི་རང་གི་ངོ་བོ་དང་། རྟག་པ་ཡང་ཡིན་ཏེ་རྟག་ཏུ་ཉེ་བའི་ཕྱིར་རོ། །སྐྱེས་བུའི་རང་གི་ངོ་བོ་ལས་ཐ་མི་དད་པར་གནས་པའི་ཕྱིར་ཤེས་པ་ཡོད་པ་ཉིད་ཀྱང་རྟག་ཏུ་ཉེ་བ་ཡིན་ནོ། །དེའི་ཕྱིར་འདི་ལ་མིག་ལ་སོགས་པའི་བྱེད་པ་དགོས་
པ་མེད་པའི་ཕྱིར་དོན་མེད་པར་འགྱུར་རོ། །གལ་ཏེ་མིག་ལ་སོགས་པ་རྣམས་མེད་ན་དེ་རྣམས་ཀྱི་འཇུག་པ་དག་མེད་པར་འགྱུར་ལ། དེ་མེད་པས་ཀྱང་བློ་མེད་ཅིང་བློ་མེད་པས་ཀྱང་ཤེས་པ་ཉིད་མེད་པར་འགྱུར་ན་ནི་དེའི་ཚེ་དགོས་པ་དང་བཅས་པའི་ཕྱིར་དེ་ལས་བཟློག་པའི་སྒོ་ནས་མིག་
ལ་སོགས་པ་བྱེད་པར་རིགས་པར་འགྱུར་ན། གང་གི་ཚེ་ཇི་སྐད་སྨྲས་པའི་ཚུལ་ལ་ལྟོས་པ་མེད་པ་ཁོ་ནས་ཤེས་པ་ཡོད་པ་ཉིད་རྟག་པ་ཡོད་པ་དེའི་ཚེ་ནི་བྱེད་པ་ལོག་པར་འགྱུར་བ་སྟེ། གང་གི་ལྟར་ན་བུད་ཤིང་མེད་པར་མེ་མི་འབྱུང་ཞིང་། ཡོད་ན་ནི་འབྱུང་བ་དེའི་ལྟར་ན་ནི་བུད་
ཤིང་ཚོལ་བར་རིགས་ན་གང་གི་ལྟར་ན་མེ་རྟག་པར་ཡོད་དོ་ཞེས་བྱ་བ་ཁས་ལེན་པ་དེ་ལྟ་ན་བུད་ཤིང་ཉེ་བར་སོག་དགོས་པ་མེད་པ་ཁོ་ན་སྟེ་འདི་ནི་དེ་དང་འདྲའོ། །དེའི་ཕྱིར་འདི་ནི་ཆེན་པོ་ལ་སོགས་པ་རྣམ་པར་འགྱུར་བའི་ཚོགས་ཀྱིས་འཇུག་པའི་འབྲས་བུ་མེད་པ་ཉིད་ཀྱིས་འདིའི་བསྟན་
བཅོས་སུ་ལོ་རྒྱུས་བྱེད་པའི་ངལ་བ་དོན་མེད་པ་ཁོ་ནར་རྟོགས་སོ། །ཅི་སྟེ་སྐྱེས་བུ་ནི་ཤེས་པ་ཡོད་པ་ཉིད་ཀྱི་ནུས་པའི་ངོ་བོ་ཡིན་ལ། དེ་མིག་ལ་སོགས་པ་བྱེད་པའི་བྱ་བའི་རྒྱུ་ཅན་བློ་མངོན་པར་གསལ་བ་ལས་ཤེས་པ་ཡོད་པ་ཉིད་འཇུག་པས་མངོན་པར་གསལ་བར་འགྱུར་རོ། །
སྐྱེས་བུ་ནི་ཉེ་བར་ལོངས་སྤྱོད་པ་པོ་ཡིན་ལ། དེ་ཡུལ་ཉེ་བར་ལོངས་སྤྱོད་པའི་བྱ་བ་མངོན་པར་གྲུབ་པས་ཡུལ་ལ་སེམས་པར་བྱེད་དོ། །དེའི་ཡུལ་ཉེ་བར་ལོངས་སྤྱོད་པའི་བྱ་བ་དེ་ནི་ཤེས་པ་ཡོད་པ་ཉིད་འཇུག་པའི་བདག་ཉིད་ཅན་གྱི་བྱ་བ་ཡིན་ལ་དེ་ཡང་མིག་ལ་སོགས་པ་
བྱེད་པའི་ཚོགས་མེད་པར་མི་འབྱུང་བའི་ཕྱིར་རྣམ་པར་འགྱུར་བའི་ཚོགས་འདི་དོན་མེད་པ་ཉིད་དུ་ག་ལ་འགྱུར་སྙམ་ན་བཤད་པར་བྱ་སྟེ། གལ་ཏེ་ཤེས་པ་ཡོད་པ་ཤེས་པ་ཡོད་པ་ཉིད་ཀྱི་འཇུག་པའི་རང་གི་ངོ་བོ་ཡིན་ལ་དེ་ཡང་བྱ་བའི་རང་བཞིན་ཅན་ཡིན་ན་ནི་དེའི་ཚེ་འདིའི་

བྱ་བའི་ཆོས་ལས་མི་འདའ་བར་འགྱུར་དགོས་སོ། །བྱ་བ་རྣམས་ཀྱི་ཆོས་ཀྱང་གང་ཞིག་ཅེ་ན། རྫས་ལ་བརྟེན་པ་ཉིད་དང་གཡོ་བ་ཉིད་དོ། །འདི་ལྟར། རྫས་ནི་བྱ་བ་ཇི་བཞིན་དུ། །འཇིག་པའི་བར་དུ་གཡོ་བ་མེད། །བྱ་བ་ནི་རྫས་ཀྱི་བྱེད་
པའི་རང་བཞིན་ཡིན་ཏེ། དེ་ནི་སྐྱེས་པ་ནས་བཟུང་སྟེ་འཇིག་པའི་བར་དུ་གཡོ་བ་ཡིན་ནོ། །འདི་ལྟར་ཤིང་ལ་སོགས་པ་རླུང་ལ་སོགས་པ་ཉེ་བར་ལྷགས་པ་མེད་པར་བྱ་བ་མི་རྩོམ་པ་རྣམས་སྐྱེས་ནས་འཇིག་པའི་བར་ནི་རྣམ་པར་མི་གཡོ་བར་སྡོད་ལ། འདི་རྣམས་ཀྱི་འགུལ་བའི་བྱ་བ་རླུང་
ལ་སོགས་པའི་རྐྱེན་ལས་བྱུང་བ་ནི་མ་ཞིག་བར་དུ་གཡོ་བ་ཉིད་ལས་མི་འདའོ། །གང་གི་ཕྱིར་འདི་དེ་ལྟར་ཡིན་པ། དེས་ན་སྐྱེས་བུ་ཡོད་ཅེས་པ། །ཡོད་པ་མེད་ཅེས་བྱར་མི་རིགས། །ཇི་ལྟར་ཤིང་ལ་སོགས་པ་རྣམས་གཡོ་བའི་བྱ་བ་རྩོམ་པའི་སྔ་རོལ་གྱི་གནས་སྐབས་ན་
རྫས་ཀྱི་རང་བཞིན་ཤིང་ལ་སོགས་པའི་མཚན་ཉིད་དུ་དམིགས་པ་དེ་བཞིན་དུ་སྐྱེས་བུ་ནི་མ་ཡིན་ནོ། །དེ་ནི་ཤེས་པ་ཡོད་པ་ཉིད་ཀྱང་རང་བཞིན་ཡིན་པའི་ཕྱིར་དང་། དེ་ལས་ཐ་དད་པའི་རྫས་ཀྱི་རང་བཞིན་མེད་པའི་ཕྱིར་ཤེས་པ་ཡོད་པ་དང་བྲལ་བའི་བདག་ཉིད་དུ་ཡང་ཡོད་པ་ཡིན་ནོ་ཞེས་
བྱ་བར་བརྟག་པར་མི་ནུས་སོ། །དེའི་ཕྱིར་སྐྱེས་བུ་ཡོད་ཀྱི་ཤེས་པ་ཡོད་པ་ཉིད་ནི་མ་ཡིན་ནོ་ཞེས་བྱ་བར་མི་རིགས་སོ། །གང་ཡང་ཤེས་པ་ཡོད་པ་ཉིད་ཀྱི་ནུས་པ་ཡོད་པའི་ཕྱིར་དེའི་ཚེ་སྐྱེས་བུ་ཡོད་པ་ཉིད་དུ་རྟོག་པ་དེ་ཡང་མི་རིགས་ཏེ། རྟེན་མེད་པའི་ནུས་པ་ཡོད་པ་མ་ཡིན་པའི་
ཕྱིར་རོ། །ཇི་ལྟར་ཤེས་པ་ཡོད་པ་ཉིད་འཇུག་པའི་གནས་སྐབས་ན་ཤེས་པ་ཡོད་པ་ཉིད་ལས་ཐ་དད་པའི་སྐྱེས་བུ་ནི་མི་སྲིད་པ་དེ་བཞིན་དུ་ནུས་པའི་གནས་སྐབས་ན་ཡང་ཤེས་པ་ཡོད་པ་ཉིད་ཀྱི་ནུས་པ་ཙམ་ལས་ཐ་དད་པའི་སྐྱེས་བུ་ཡོད་པ་མ་ཡིན་ནོ། །དེའི་ཕྱིར་རྟེན་མེད་པའི་ནུས་པ་མེད་
ལ། ནུས་པ་མེད་པ་ལས་ཀྱང་ནུས་པ་གསལ་བའི་རང་བཞིན་གྱི་དངོས་པོར་འགྱུར་བ་ལ་ཉེ་བར་མཁོ་བ་ཉིད་ཀྱིས་མིག་ལ་སོགས་པ་རྣམས་ཉེ་བར་མཁོ་བ་དང་བཅས་པ་ཉིད་དུ་བརྟགས་པ་གང་ཡིན་པ་དེ་མི་རིགས་པ་ཁོ་ན་སྟེ། དེའི་ཕྱིར། གལ་ཏེ་ཤེས་པ་ཡོད་རྟག་ན། །བྱེད་

པ་ལོག་པར་འགྱུར་བ་སྟེ། ཞེས་བྱ་བ་འདི་མི་འཇུག་གོ། །གཞན་ཡང་གལ་ཏེ་སྐྱེས་བུ་འདི་ཤེས་པ་ཡོད་པ་ཉིད་ཀྱི་ནུས་པ་གསལ་བ་ལས། སྔར་ཤེས་པ་འདིའི་སྔ་རོལ་ན་ཤེས་པ་ཡོད་པའི་ནུས་པའི་ངོ་བོར་འགྱུར་ན་ནི་དེའི་ཚེ། གཞན་དུ་ཤེས་པ་ཡོད་པའི་ཁམས། །མཐོང་ཞིང་གཞན་དུ་
ཤེས་ཡོད་དེ། །ཤེས་པ་ཡོད་པ་ལ་ཚུལ་གཉིས་རྟོག་ན་ཁྱོད་ཀྱིས་ཤེས་པ་ཡོད་པ་ལས་གཞན་དུ་སྟེ་ཐ་དད་པ་ཉིད་དུ་ཤེས་པ་ཡོད་པའི་ཁམས་ཏེ། ཤེས་པ་ཡོད་པའི་ས་བོན་ཤེས་པ་ཡོད་པའི་ནུས་པ་དང་ཤེས་པ་ཡོད་པའི་ནུས་པ་ལས་ཀྱང་གཞན་དུ་སྟེ་ཐ་དད་པར་ཤེས་པ་ཡོད་པ་མཐོང་སྟེ་
དེའི་ཕྱིར་ཤེས་པ་ཡོད་པའི་ཁམས་ལས་ཤེས་པ་ཡོད་པ་འབྱུང་ན་ཁམས་དང་ཡུལ་མཚུངས་པར་འགྱུར་བ་ཞིག་གོ། །དཔེ་བཤད་པ། ལྕགས་ཀྱི་ཞུ་ཉིད་བཞིན་དེའི་ཕྱིར། །ཞེས་བྱ་བའོ། །འདིར་དཔེར་ན་ལྕགས་ཞུ་བ་ཉིད་དུ་འགྱུར་བ་ན་ལྕགས་ཀྱི་ཡུལ་ལས་ཐ་མི་དད་
པའི་ཡུལ་ཅན་དུ་འགྱུར་བ་དེ་དང་འདྲའོ། །ས་བོན་དང་མྱུ་གུ་དག་ནི་མངོན་པར་མི་འབྱུང་བ་མཐོང་བའི་ཕྱིར་ཡུལ་མཚུངས་པ་ཉིད་མ་ཡིན་ཏེ། སྐྱེས་བུ་ལས་ནི་མངོན་པར་འབྱུང་བ་དང་མི་མངོན་པར་གྱུར་པ་གཉིས་མེད་པས་ཡུལ་མཚུངས་པ་ཉིད་ཡོད་དོ། །དེ་ཉིད་ཀྱི་ཕྱིར་ལྕགས་ཀྱི་ཞུ་ཉིད་
བཞིན་ཞེས་ལྕགས་ཀྱི་ཞུ་བ་ཉིད་དཔེ་གཞན་སྨོས་སོ། །ཤེས་པ་ཡོད་པའི་ནུས་པའི་ངོ་བོ་ལས་ཐ་དད་པར་སྐྱེས་བུའི་ནུས་པ་གསལ་བར་ཡོད་པ་ཡང་མ་ཡིན་ཏེ། དེ་ལས་གཞན་མ་ཡིན་པའི་ཕྱིར་རོ། །དེའི་ཕྱིར་ནུས་པའི་ངོ་བོར་གྱུར་པ་འདི་གསལ་བའི་ངོ་བོར་གྱུར་པ་
ན། ལྕགས་ཀྱི་ཞུ་ཉིད་བཞིན་དེའི་ཕྱིར། །སྐྱེས་བུ་རྣམ་པར་འགྱུར་བར་འགྱུར། །རྣམ་པར་འགྱུར་བ་ཉིད་ལས་ཀྱང་ལྕགས་ཁོ་ན་བཞིན་དུ་བདག་ལ་རྟག་པ་ཉིད་མེད་དོ་ཞེས་བྱ་བར་གྲུབ་པོ། །ཡང་གཞན་དག་ནི་ཁོ་བོ་ཅག་ནི་སྐྱེས་བུ་ཤེས་པ་ཡོད་པའི་ངོ་བོ་མ་ཡིན་ཏེ། འོ་ན་ཅི་ཞེ་ན།
ཤེས་ཡོད་ཡིད་ཙམ་ཞིག་ལ་སྟེ། །སྐྱེས་བུ་ནམ་མཁའ་བཞིན་དུ་ཆེ། །སྲོག་ཆགས་ཐམས་ཅད་ལ་ལུས་རེ་རེ་ཞིང་ཡོད་པའི་བདག་ཉིད་ནི་ནམ་མཁའ་ལྟར་ཁྱབ་པ་ཡིན་ལ། དེའི་ཡིད་ཙམ་དང་ལྡན་པ་ཤེས་པ་ཡོད་པ་ནི་ཐམས་ཅད་ལ་ཁྱབ་པ་མ་ཡིན་ནོ། །ཡོད་ཀྱང་བདག་གི་

ཕྱོགས་རྡུལ་ཕྲ་རབ་ཙམ་ཉིད་ལ་ལྡན་པ་ཞིག་སྟེ། དེས་ན་ཡིད་དང་སྦྱར་ནས་སྐྱེས་བུས་དེ་དང་ཡུལ་ཐ་མི་དད་པ་ཅན་གྱི་ཤེས་པ་ཡོད་པ་སྐྱེད་པར་བྱེད་དེ་དེའི་ཕྱིར་ཁོ་བོ་ཅག་གི་ཕྱོགས་ལ་ཇི་སྐད་སྨྲས་པའི་སྐྱོན་གྱི་སྐབས་མེད་དོ་ཞེས་སྨྲའོ། །བཤད་པར་བྱ་སྟེ།
གང་གི་ཕྱིར་ཁྱོད་ཀྱིས་སྐྱེས་བུ་ནམ་མཁའ་ལྟར་ཤིན་ཏུ་ཆེ་བ་འདིའི་ཤེས་པ་ཡོད་པ་ཡིད་ཙམ་ཁས་ལེན་ལ། དེའི་ཕྱིར་དེ་ཡི་ངོ་བོ་ནི། །ཤེས་པ་ཡོད་ཉིད་མིན་ལྟར་མཐོང་། །དེ་ལྟར་ཡིན་དང་སྐྱེས་བུ་ཤེས་པ་ཡོད་པ་མ་ཡིན་པ་ཁོ་ནར་འགྱུར་ཏེ། རྡུལ་ཕྲ་རབ་ཙམ་གྱི་ཕྱོགས་དང་ཤེས་པ་ཡོད་པ་
དང་འབྲེལ་པས་སྐྱེས་བུ་ཤེས་པ་ཡོད་པ་དང་བཅས་པ་ཡིན་ནོ་ཞེས་བརྗོད་པར་མི་ནུས་སོ། །རྡུལ་ཕྲ་རབ་ཙམ་གྱི་ལན་ཚྭ་དང་འབྲེལ་པས་གང་གཱའི་ཀླུང་གི་ཆུ་ལན་ཚྭ་དང་བཅས་སོ་སྙམ་དུ་བསམ་པར་ནུས་པ་ནི་མ་ཡིན་ཏེ། འདི་ནི་དེ་དང་འདྲའོ། །བདག་ནི་རྫས་ཡིན་ཞིང་ཤེས་པ་ཡོད་
པ་ནི་ཡོན་ཏན་གྱི་ངོ་བོ་ཡིན་ཏེ། དེ་གཉིས་ཕན་ཚུན་ཐ་དད་པས་སྐྱེས་བུ་ནི་ཤེས་པ་ཡོད་པ་མ་ཡིན་པའི་ངོ་བོ་ཁོ་ན་ཞིག་གོ། །ཤེས་པ་ཡོད་པ་མ་ཡིན་པ་དེ་ལ་ནི་བུམ་པ་ལྟར་བདག་ཉིད་དུ་རྟག་པར་རིགས་པ་ཡང་མ་ཡིན་པས་བདག་རྟག་པར་མི་འཐད་དོ། །ཡང་གལ་ཏེ་བདག་
འདི་སེམས་ཅན་རེ་རེ་ཞིང་ཐམས་ཅད་དུ་ཡོད་པར་འགྱུར་ན་ནི་དེའི་ཚེ། གལ་ཏེ་བདག་ཀུན་ལ་ཡོད་ན། །གཞན་གྱིས་དེ་དེར་ཅིས་མི་རྟོགས། །གལ་ཏེ་ཁྱོད་ཀྱི་ལུགས་ཀྱིས་ན་བདག་ནམ་མཁའ་ལྟར་ཐམས་ཅད་དུ་འགྲོ་ཞིང་ཐམས་ཅད་དུ་ཁྱབ་པར་འགྱུར་ན་ནི་དེའི་ཚེ་སེམས་
ཅན་གཞན་ལ་ཡང་བདག་གི་བདག་ཡོད་པས་བདག་ཉིད་ཀྱི་བཞིན་དུ་དེར་དེ་ལ་ངར་འཛིན་པ་ཅི་སྟེ་མི་འབྱུང་། གལ་ཏེ་བདག་ལྟར་གཞན་ཡང་བདག་གི་བདག་ལ་ངར་འཛིན་པར་འགྱུར་ན་ནི། དེ་ལྟར་ན་དེ་ཐམས་ཅད་ན་ཡོད་པ་ཉིད་དུ་རིགས་པ་ཞིག་གོ། །གཞན་གྱི་
ལུས་ལ་གཞན་གྱི་བདག་གིས་བདག་གི་བདག་བསྒྲིབས་པར་རིགས་པ་ཡང་མ་ཡིན་ནོ། །གཞན་གྱི་བདག་གི་ཡུལ་ནི་བདག་གི་བདག་མེད་པ་ནི་མ་ཡིན་ཏེ། བདག་ཉིད་ཐམས་ཅད་ཀྱི་ཁྱབ་པ་ཉིད་དུ་ཁས་བླངས་པའི་ཕྱིར་རོ། །གང་གི་ཚེ་ཡུལ་མཚུངས་པ་ཉིད་ཡིན་པ་དེའི་

ཚེ་དེས་དེ་ལ་སྒྲིབ་པར་བརྗོད་པར་མི་ནུས་སོ་ཞེས་བསྟན་པའི་ཕྱིར་བཤད་པ། དེ་ཉིད་ཀྱིས་ནི་དེ་ཉིད་ལ། །སྒྲིབ་ཅེས་བྱ་བར་མི་འཐད་དོ། །ཡུལ་མཚུངས་པའི་ཕྱིར་རང་གི་བདག་གི་ངོ་བོ་ལྟར་རང་གི་བདག་གིས་གཞན་གྱི་བདག་ལ་སྒྲིབ་པ་ཡོད་པ་མ་ཡིན་པས་གཞན་གྱི་བདག་ཀྱང་
ངར་འཛིན་པའི་ཡུལ་ཉིད་དུ་ཐལ་བར་འགྱུར་ན། དེ་ལྟར་ཡང་མ་ཡིན་པས་བདག་ཐམས་ཅད་ན་ཡོད་པ་མ་ཡིན་ནོ། །དེ་ལྟར་རེ་ཞིག་ལུགས་གཉི་ག་ལྟར་ཡང་བདག་ཡོད་པ་ཉིད་དུ་མི་རིགས་སོ་ཞེས་བསྟན་ནས་ཡོན་ཏན་རྣམས་ཀྱང་འགྲོ་བ་མཐའ་དག་གི་བྱེད་པ་པོ་ཉིད་དུ་མི་སྲིད་པས་
མི་རིགས་པ་ཉིད་དུ་བརྗོད་པའི་ཕྱིར་བཤད་པ། གང་ཕྱིར་ཡོན་ཏན་བྱེད་པོ་དང་། །རྣམ་ཀུན་ཤེས་ཡོད་མ་ཡིན་པ། །དེ་དག་དང་ནི་སྨྱོན་པ་ལ། །ཁྱད་པར་ཅི་ཡང་ཡོད་མ་ཡིན། །རྡུལ་དང་མུན་པ་དང་སྙིང་སྟོབས་རྣམས་ནི་ཡོན་ཏན་གསུམ་མོ། །དེ་དག་ཆ་མཉམ་པའི་གནས་སྐབས་
ནི་གཙོ་བོ་ཡིན་ལ་སྐྱེ་བའི་གནས་སྐབས་ནི་རང་བཞིན་ཡིན་ནོ། །ཡོན་ཏན་གསུམ་གྱི་བདག་ཉིད་ཅན་གྱི་རང་བཞིན་སྐྱེས་བུ་ཡུལ་ཉེ་བར་ལོངས་སྤྱོད་པར་འདོད་པ་རིགས་པ་དེ་ནི་དེའི་ཚེ་སེམས་པ་ཅན་མ་ཡིན་པར་གྱུར་ཀྱང་སྐྱེས་བུ་དང་ཐ་མི་དད་པར་རྟོགས་པར་བྱས་ནས་རྣམ་
པར་འགྱུར་བའི་ཚོགས་མཐའ་དག་སྐྱེད་པར་བྱེད་དོ། །དེ་ལ་ཚུལ་ནི་འདི་ཡིན་ཏེ། འདི་ལྟ་སྟེ། རང་བཞིན་ལས་ནི་ཆེན་པོའོ། །ཆེན་པོ་ཞེས་བྱ་བ་ནི་བློའི་རྣམ་གྲངས་སོ། །ཆེན་པོ་ལས་ནི་ང་རྒྱལ་ལོ། །དེ་ནི་རྣམ་པ་གསུམ་སྟེ། སྙིང་སྟོབས་ཅན་དང་། རྡུལ་ཅན་
དང་། མུན་པ་ཅན་ཞེས་བྱའོ། །དེ་ལ་སྙིང་སྟོབས་ཅན་གྱི་ང་རྒྱལ་ལས་ནི་མིག་དང་། རྣ་བ་དང་། སྣ་དང་། ལྕེ་དང་། པགས་པ་ཞེས་བྱ་བའི་བློའི་དབང་པོ་ལྔ་དང་། ངག་དང་། ལག་པ་དང་། རྐང་པ་དང་། རྐུབ་དང་། མདོམས་ཞེས་བྱ་བ་ལས་ཀྱི་དབང་པོ་
ལྔ་དང་། གཉི་གའི་བདག་ཉིད་ཅན་གྱི་ཡིད་དེ་དེ་ལྟར་ན་བཅུ་གཅིག་འབྱུང་ངོ་། །རྡུལ་ཅན་གྱི་ང་རྒྱལ་ལས་ནི་དེ་ཙམ་ལྔ་སྟེ། གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། རེག་པ་དག་གོ། །དེ་ཙམ་ལས་ནི་འབྱུང་བ་རྣམས་ཏེ། ས་དང་། ཆུ་དང་། མེ་དང་།

རླུང་དང་། ནམ་མཁའ་ཞེས་བྱ་བའོ། །མུན་པ་ཅན་གྱི་ང་རྒྱལ་ནི། །གཉི་གའི་འཇུག་པར་བྱེད་པའོ། །དེ་ལྟར་ན་རང་བཞིན་གྱི་རྣམ་པར་འགྱུར་བའི་ངོ་བོ་ཡིན་པའི་ཕྱིར་རྣམ་པར་འགྱུར་བ་མཐའ་དག་གི་འཇུག་པར་བྱེད་པ་ནི་ཡོན་ཏན་གསུམ་ཡིན་ནོ། །དེ་
ལྟར་ཡོན་ཏན་རྣམས་བྱེད་པ་པོ་ཉིད་དང་། ཤེས་པ་ཡོད་པ་མ་ཡིན་པ་ཉིད་དོ་ཞེས་བྱ་བ་རྒོལ་བ་མཐའ་དག་གི་བསམ་པ་ཡིན་པ་དེ་དག་དང་སྨྱོན་པ་རྣམས་ལ་ཁྱད་པར་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ནོ་ཞེས་དངོས་པོའི་དེ་ཉིད་ལ་མཁས་པ་རྣམས་ཀྱིས་མཐོང་ངོ་། །སྨྱོན་པ་ནི་རྒྱུད་ལས་
ཤེས་པ་ཕྱིན་ཅི་ལོག་ཏུ་གྱུར་པའོ། །དེ་ནི་ཕྱིན་ཅི་ལོག་གི་རྣམ་པར་ཤེས་པ་དེ་དོན་ཇི་ལྟ་བ་བཞིན་མི་རྟོགས་ཤིང་ཕྱིན་ཅི་ལོག་ཏུའང་ངེས་པར་འཛིན་པར་བྱེད་ལ། ཡོད་པ་མ་ཡིན་པའི་དོན་ཡང་རྡོལ་བར་བྱེད་དེ་གྲངས་ཅན་འདི་ཡང་དེ་བཞིན་དུ་ཡོན་ཏན་ཤེས་པ་ཡོད་པ་མ་ཡིན་པ་
རྣམས་བསྟན་བཅོས་ཀྱི་སྒོ་ནས་བྱེད་པ་པོ་ཉིད་དུ་སྟོན་པ་ན་དོན་ཇི་ལྟར་རྣམ་པར་གནས་པ་དེ་ལྟར་མི་རྟོགས་ཤིང་ཕྱིན་ཅི་ལོག་ཏུ་ཡང་ངེས་པར་འཛིན་པར་བྱེད་ལ། ཡོད་པ་མ་ཡིན་པའི་དོན་གཏམ་པར་ཡང་བྱེད་པས་སྨྱོན་པ་རྣམས་དང་མཚུངས་པ་ཁོ་ན་ཞིག་གོ་སྙམ་མོ། །གཞན་ཡང་འདིའི་
སྐྱེས་བུ་འདི་ནི་རྣམ་པར་འགྱུར་བའི་ཚོགས་ཀྱི་བྱེད་པ་པོ་མ་ཡིན་ཞིང་ཟ་བ་པོ་ཡིན་ལ་ཡོན་ཏན་རྣམས་ནི་བྱེད་པ་པོ་ཡིན་གྱི་ཟ་བ་པོ་མ་ཡིན་ཏེ། དེའི་ཕྱིར་འདིའི་ཡོན་ཏན་རྣམས་རིགས་པ་མེད་པའི་བྱེད་པ་པོ་ཉིད་དང་ཟ་བ་པོ་མ་ཡིན་པ་ཉིད་དུ་སྟོན་པ་ན་བདག་ཉིད་ཤིན་ཏུ་མི་
རིགས་པ་སྨྲ་བ་ཉིད་གསལ་བར་བྱེད་པ་ཡིན་ནོ་ཞེས་བསྟན་པའི་ཕྱིར་བཤད་པ། ཡོན་ཏན་རྣམས་ཀྱིས་རྣམ་ཀུན་ཏུ། །ཁྱིམ་ལ་སོགས་དག་བྱེད་ཤེས་ཀྱི། །ཟ་བར་རྣམ་པར་མི་ཤེས་པ། །འདི་ལས་མི་རིགས་གཞན་ཅི་ཡོད། །སྨྲ་བ་འདི་ནི་རིགས་པ་དང་འགལ་བའི་ཕྱིར་
དང་། འཇིག་རྟེན་གྱིས་མི་འདོད་པའི་ཕྱིར་འདི་ལས་མི་རིགས་པ་གཞན་ཡོད་པ་ཡང་མ་ཡིན་ནོ་ཞེས་དགོངས་པའོ། །དེ་ལྟར་ན་རེ་ཞིག་ཡོན་ཏན་རྣམས་བྱེད་པ་པོ་ཉིད་དུ་མི་རིགས་སོ། །གང་གི་ལྟར་བདག་ཁོ་ན་ཆོས་དང་ཆོས་མ་ཡིན་པ་གཉིས་ཀྱི་བྱེད་པ་པོ་དང་། དེ་དག་

འབྲས་བུའི་ཟ་བ་པོ་ཡིན་ནོ་ཞེས་བྱ་བར་འདོད་པ་དེའི་བདག་ཀྱང་རྟག་པ་ཉིད་དུ་མི་རིགས་ཏེ། འདི་ལྟར། བྱ་བ་དང་ལྡན་རྟག་པ་མེད། །འདི་ན་བྱེད་པས་ན་བྱེད་པ་པོ་ཡིན་ལ་དེའི་བྱེད་པ་པོ་ཉིད་ནི་བྱ་བའི་རྒྱུ་ཅན་ཡིན་ནོ། །ཅུང་ཟད་ཀྱང་མི་བྱེད་ཅིང་རྒྱུ་མེད་པ་ན་འགའ་ཡང་
བྱེད་པ་པོ་ཡིན་ནོ་ཞེས་བྱ་བར་མི་རིགས་སོ། །བྱ་བ་དང་ལྡན་པ་ཉིད་དུ་ཡོད་ན་ཡང་ངེས་པར་བྱ་བ་རྩོམ་པའི་དུས་ན་འདི་ལ་བྱ་བ་དེའི་སྔར་གྱི་གནས་སྐབས་ལས་ཁྱད་པར་ཁས་བླང་བར་བྱའོ། །སྔ་ཕྱིའི་གནས་སྐབས་དག་ཏུ་ཁྱད་པར་མེད་པའི་བདག་ནི་སྔར་གྱི་གནས་སྐབས་
བཞིན་དུ་བྱ་བ་དང་ལྡན་པ་ཉིད་དུ་མི་འགྱུར་རོ། །རགས་པ་མེ་དང་རླུང་ལ་སོགས་པ་བྱ་བ་དང་ལྡན་པ་རྣམས་ལ་ནི་རྟག་པ་ཉིད་ཡོད་པ་མ་ཡིན་ཏེ། དེ་བཞིན་དུ་འདི་ལ་ཡང་ཡོད་པར་མི་འགྱུར་རོ། །གཞན་ཡང་བདག་འདིའི་བྱ་བ་དང་ལྡན་པ་ཉིད་མི་རིགས་ཏེ། ཐམས་
ཅད་ན་ཡོད་པ་ཉིད་དུ་ཁས་བླངས་པའི་ཕྱིར་རོ། །བྱ་བ་ཞེས་བྱ་བ་ནི་བྱེད་པ་པོ་བརྟེན་པའམ་ལམ་ལ་བརྟེན་པར་འགྱུར་བ་ཞིག་གོ། །དེ་ཡང་རྣམ་པ་གཉིས་ཏེ། བྱེད་པའི་ངོ་བོ་དང་། དངོས་པོའི་ངོ་བོའོ། །དེ་ལ་བྱེད་པ་པོ་ལ་བརྟེན་པ་བྱེད་པའི་ངོ་བོ་ནི་འདི་ལྟ་སྟེ་འགྲོ་བའི་བྱ་
བའོ། །དེ་ནི་འགྲོ་བ་པོ་ལྷ་སྦྱིན་ལ་གནས་ཏེ། དེ་དང་འབྲེལ་བ་ལས་ལྷ་སྦྱིན་འགྲོ་ཞེས་བྱ་བར་བརྗོད་དོ། །དེ་ནི་ཐམས་ཅད་དུ་སོང་བ་མ་ཡིན་པའི་ཕྱིར་རྐང་པ་འདེགས་པ་དང་འཇོག་པའི་མཚན་ཉིད་ཅན་གྱི་བྱ་བས་ཡུལ་སྔ་ཕྱི་གཉིས་གཏོང་བ་དང་ལེན་པའི་ཕྱིར་བྱ་བ་དང་
བཅས་པར་རིགས་སོ། །གལ་ཏེ་འདི་ཐམས་ཅད་དུ་སོང་བ་ཉིད་དུ་རྟོག་ན་དེའི་ཚེ་གང་དུ་འགྲོ་བར་གྱུར་པ་འདི་ཉེ་བར་མི་གནས་པ་གང་ཞིག་ན་ཡོད། གང་གི་ཕྱིར་འདི། དེ་ལྟར་ཡིན་པ་དེ་ཡི་ཕྱིར། །ཀུན་ཏུ་སོང་ལ་བྱ་བ་མེད། །ལྷ་སྦྱིན་འདུག་གོ་ཞེས་བྱ་བ་ལ་སོགས་པ་བྱེད་
པ་པོ་ལ་གནས་པ་མི་འགུལ་བའི་མཚན་ཉིད་ཅན་གྱི་བྱ་བ་དངོས་པོའི་བདག་ཉིད་ཅན་གང་ཡིན་པ་དེ་ཡང་སྔར་གྱི་བྱ་བ་བཅོམ་ནས་རྩོམ་པ་ན་སྔར་བདག་ཉིད་དེས་ལུས་བཀོད་པ་མི་སྲིད་པའི་ཕྱིར། ས་ཕྱོགས་དང་ལྡན་པའི་ལྷ་སྦྱིན་ལ་ཁྱབ་བདག་མ་ཡིན་པ་ཉིད་ཡོད་དང་རིགས་

པར་འགྱུར་གྱི་ཐམས་ཅད་དུ་སོང་བ་ལ་ནི་མ་མནན་པའི་ཕྱོགས་འགའ་ཡང་ཡོད་པ་མ་ཡིན་པ་ཉིད་ནས་བྱ་བ་དང་ལྡན་པ་ཉིད་མི་རིགས་སོ། །དེ་བཞིན་དུ་ལས་ལ་གནས་པའི་བྱ་བ་འགུལ་བའི་བདག་ཉིད་ཅན་སྦྱོང་ལ་སོགས་པ་ནས་ཕྱེ་བའི་ངོ་བོ་
གང་ཡིན་པ་དང་། འཚེད་པ་ལ་སོགས་པ་མི་འགུལ་བའི་བདག་ཉིད་ཅན་གང་ཡིན་པ་དེ་ཡང་བྱེད་པ་པོ་ལ་གནས་པའི་བྱེད་པ་དང་དངོས་པོ་གཉིས་དང་མཚུངས་པར་རིག་པར་བྱའོ། །དེའི་ཕྱིར་དེ་ལྟར་ན། བྱ་བ་དང་ལྡན་རྟག་པ་མེད། །ཀུན་ཏུ་སོང་ལ་བྱ་བ་མེད། །
ཅེས་བྱ་བ་གནས་པ་ཡིན་ནོ། །འོ་ན་ནི་བདག་བྱ་བ་དང་བྲལ་བར་འགྱུར་རོ་ཞེ་ན། དེ་ལྟར་ན་ཡང་། བྱ་བ་མེད་པ་མེད་དང་མཚུངས། །མ་ཡིན་ནམ་དངོས་པོ་བྱ་བ་མེད་པས་ནི་ཡོད་པ་མ་ཡིན་པ་ནམ་མཁའི་མེ་ཏོག་ལ་སོགས་པ་དང་མཚུངས་པར་འགྱུར་རོ། །བདག་ཉིད་
ཀྱི་རྒྱུ་དང་རྐྱེན་ཇི་ལྟ་བ་ལ་རག་ལས་ཏེ་འབྱུང་བའི་སྐྱེ་བའི་བྱ་བ་བསྐྱེད་པའི་དངོས་པོ་རྣམས་ནི་རེ་ཞིག་ཆེས་ཐོག་མར་བདག་ཉིད་ཡོད་པར་སྒྲུབ་པར་བྱེད་ལ་དེ་ནས་བདག་གི་དངོས་པོ་ཐོབ་པར་འགྱུར་ཞིང་རྒྱུ་དང་འབྲས་བུ་གཅིག་ནས་གཅིག་ཏུ་བརྒྱུད་པ་རྒྱུན་རྣམ་པར་མ་ཆད་པར་འབྱུང་བ་
ན་བྱ་བའི་ཁྱད་པར་དེ་དང་དེའི་སྐྱེ་བའི་རྒྱུར་འགྱུར་བར་བྱ་བ་དང་བཅས་པའི་དོན་ཁོ་ན་ཡོད་པ་ཉིད་དུ་གཞག་པར་ནུས་སོ། །རང་གི་སྡེ་པ་གང་དག་བྱ་བ་མེད་པའི་ཆོས་ཙམ་ཞིག་རྟོགས་པ་དེ་དག་གི་ལྟར་ན་དེ་ལྟ་ཡིན་དང་ཆོས་ཙམ་གྱིས་ཡང་ཡོད་པ་ཉིད་ཉམས་པར་འགྱུར་ཏེ། བོང་
བུའི་རྭ་བཞིན་བྱ་བ་མེད་པའི་ཕྱིར་རོ། །ཅི་སྟེ་ཡང་ཆོས་བྱ་བ་མེད་པ་ཙམ་ཞིག་ཡོད་པ་ཉིད་དུ་འདོན་པ་ལས་ན་འདི་ཉེས་པ་མེད་དོ་སྙམ་ན། དེ་ཡང་མི་རིགས་ཏེ། གསུང་རབ་ཀྱི་དོན་རྣམ་པ་གཞན་དུ་ངེས་པའི་ཕྱིར་རོ། །དེ་ལས་ནི་བྱེད་པ་པོར་རང་དབང་བ་རྣམ་པ་ཐམས་ཅད་དུ་
མེད་པས་དེའི་བྱེད་པའི་ངོ་བོའི་བྱ་བ་བཀག་པས་ཆོས་རྣམས་བྱ་བ་མེད་པ་ཉིད་དུ་སྟོན་གྱི། དངོས་པོ་བྱས་པའི་རྒྱུ་ཅན་གྱི་བྱ་བ་བཀག་པས་ཀྱང་མ་ཡིན་ནོ། །དེ་མེད་ན་རྟེན་ཅིང་འབྲེལ་པར་འབྱུང་བ་འགལ་བ་ཉིད་དུ་འགྱུར་ལ། རྟེན་ཅིང་འབྲེལ་པར་འབྱུང་བ་འགལ་བ་ལས་

ཀྱང་དེ་ལ་རྟེན་ཅིང་འབྲེལ་པར་འབྱུང་བ་རྟེན་པར་བྱེད་པ་པོ་དང་ལས་བྱེད་པ་དང་ཡང་དག་པར་སྦྱིན་པ་ལ་སོགས་པ་བྱེད་པའི་ཚོགས་དེ་མེད་པའི་ཕྱིར་ཆོས་དང་ཆོས་མ་ཡིན་པ་ལ་སོགས་པ་དང་། དེ་དག་གི་འབྲས་བུ་མེད་པ་ཡིན་དང་། འགྲོ་བ་ཐམས་ཅད་བོང་བུའི་རྭ་དང་འདྲ་བར་འགྱུར་
བས་དེ་སངས་རྒྱས་པ་མ་ཡིན་པ་ཁོ་ནར་འགྱུར་རོ། །དེའི་ཕྱིར་དེ་ལྟར་བྱ་བ་དང་ལྡན་པ་ལ་ཡོད་པ་ཉིད་མཐོང་བའི་ཕྱིར་ཟློག་པའི་སྒོ་ནས་བྱ་བ་མེད་པ་ཉིད་དང་མཚུངས་ཤིང་། བདག་ཀྱང་བྱ་བ་མེད་པའི་ཕྱིར་རྣམ་པ་ཐམས་ཅད་དུ་ཡོད་པ་མ་ཡིན་པས། བདག་མེད་ལ་ཁྱོད་ཀྱིས་མི་
དགའ། །གལ་ཏེ་བདག་རྟག་པ་ཡོད་པ་མ་ཡིན་ན་རྒྱུ་གང་གིས་ཁྱོད་བདག་མེད་པ་ལ་མི་དགའ་སྟེ། དམ་པ་མ་ཡིན་པའི་ལྟ་བ་མཐའ་དག་ལྡོག་པའི་རྒྱུ་ཡིན་པའི་ཕྱིར་དགའ་བ་ཁོ་ནར་འགྱུར་དགོས་སོ། །ཡང་གལ་ཏེ་བདག་ཅེས་བྱ་བ་འདི་འགའ་ཞིག་མེའི་ཚ་བ་ཉིད་ལྟར་
རང་གི་ངོ་བོས་ཡོད་ན་ནི་དེའི་ཚེ་དེ་རང་གི་ངོ་བོ་དེས་ཡོད་པའི་ཕྱིར་ངེས་པར་དམིགས་པ་ཞིག་ན་དེ་ལྟར་ཡང་མ་ཡིན་ནོ། །འདི་ལྟར་དེའི་རྒོལ་བ་དག་གིས། ལ་ལར་ཀུན་ཏུ་སོང་བར་མཐོང་། །ལ་ལས་སྐྱེས་བུ་ལུས་ཙམ་ཞིག །ལ་ལར་རྡུལ་ཙམ་ཞིག་མཐོང་སྟེ། །ཤེས་རབ་
ཅན་གྱིས་མེད་ཅེས་མཐོང་། །དེ་ལ་ཁ་ཅིག་དག་གིས་ནི་ལུས་རེ་རེ་ཞིང་ཐ་མི་དད་པའི་བདག་ཐམས་ཅད་དུ་སོང་བར་རྟོགས་སོ། །གཞན་དག་གིས་ནི་འགྲོ་བ་མཐའ་དག་གི་བདག་ཟླ་བ་ལྟར་གཅིག་ཁོ་ནར་རྟོགས་སོ། །དེའི་འཐད་པ་ནི་ལུས་ཐ་དད་པ་ལས་བཏགས་པ་སྟེ། འབྲུ་མར་དང་
ཆུ་ལ་སོགས་པའི་སྣོད་ཐ་དད་པས་ཟླ་བའི་གཟུགས་བརྙན་ཐ་དད་པ་བཞིན་ནོ། །དེ་ཡང་ཐམས་ཅད་དུ་སོང་བ་ཞིག་སྟེ་དེ་ལྟར་ན་ལ་ལར་ཀུན་ཏུ་སོང་བར་མཐོང་ངོ་། །ལ་ལས་སྐྱེས་བུ་ལུས་ཙམ་ཞིག་སྟེ། འདི་ལྟར་ལ་ལ་དག་གིས་ནི་སྦྲང་བུ་མཆུ་རིངས་དང་གྲོག་མ་དང་གླང་པོ་ཆེ་ལ་
སོགས་པ་རྣམས་ལ་བདག་ལུས་ཙམ་ཞིག་ཡིན་པའི་ཕྱིར་ཞུམ་པ་དང་རྒྱས་པ་ཉིད་དུ་རྟོགས་སོ། །གཞན་དག་གིས་ནི་འདི་ཞུམ་པ་དང་རྒྱས་པའི་ཆོས་ཉིད་དུ་མི་བཟོད་པ་ན་བདག་རྡུལ་ཕྲ་རབ་ཙམ་ཞིག་ཏུ་རྟོགས་སོ། །དེ་བཞིན་གཤེགས་པའི་གསུང་ལ་བརྟེན་ཏེ་ཡང་དག་པའི་ཤེས་

པ་སྐྱེ་ཞིང་། རྟེན་ཅིང་འབྲེལ་པར་འབྱུང་བའི་ཆོས་ཉིད་མངོན་པར་ཤེས་པ་ཤེས་རབ་ཅན་དག་གིས་ནི་ཡོད་པ་མ་ཡིན་པ་ཁོ་ནར་དམིགས་སོ། །གལ་ཏེ་དེ་རང་གི་ངོ་བོས་ཡོད་ན་ནི་དེའི་ཚེ་ངེས་པར་དངོས་པོའི་དེ་ཁོ་ན་ཉིད་ཕྱིན་ཅི་མ་ལོག་པར་མཐོང་བའི་སངས་རྒྱས་པ་
དག་གིས་བདག་ཉིད་དེས་དམིགས་པར་འགྱུར་ཞིང་། མུ་སྟེགས་ཅན་རྣམས་ལ་ཡང་དེ་ལྟར་ལྟ་བ་ཐ་དད་པར་མི་འགྱུར་བ་ཞིག་ན་འདི་ཐམས་ཅད་ཡོད་པ་ཡང་མ་ཡིན་པས་བདག་རང་གི་ངོ་བོས་ཡོད་པ་མ་ཡིན་ནོ། །ཡང་གལ་ཏེ་བདག་རང་གི་ངོ་བོས་ཡོད་ན་ནི། དེའི་ཚེ་དེ་རྣམ་
པར་མི་འགྱུར་བ་ཉིད་ཀྱི་ཕྱིར་གྲོལ་བར་མི་འགྱུར་རོ། །ཉེ་བར་འཚེ་བ་དང་བཅས་ཤིང་དེ་ལ་རྒྱབ་ཀྱིས་ཕྱོགས་པའི་སྐྱེས་བུ་ལ་ནི་དེ་ལྡོག་པ་བདེ་བར་འགྱུར་སྲིད་ཀྱི། བདག་རྟག་པའི་ཉེ་བར་འཚེ་བ་མེད་པ་ལ་ནི་མ་ཡིན་ནོ། །རྟག་ལ་གནོད་པ་ག་ལ་ཞིག །གནོད་མེད་ཐར་པ་ག་
ལ་ཡོད། །དེས་ན་གང་གི་བདག་རྟག་པ། །དེ་ལ་ཐར་པ་མི་རིགས་སོ། །ཕན་པ་དང་གནོད་པ་དག་ལས་ཁྱད་པར་མེད་པའི་ཕྱིར་ན་གང་ཞིག་ཐར་པའི་གནས་སྐབས་སུ་ཡོད་པར་འགྱུར་བ། འདི་ལ་ད་ལྟར་མེད་པ་ནི་ཅི་ཞིག་ཡོད། དེའི་ཕྱིར་རྣམ་པ་ཐམས་ཅད་དུ་ཁྱད་པར་མེད་
པའི་ཕྱིར་བདག་རྟག་པར་སྨྲ་ལ་ཐར་པ་མི་རིགས་སོ། །ཐར་པར་འདོད་པས་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་ཁོ་ན་ཁས་བླང་བར་བྱ་བའི་བདག་རྟག་པ་ནི་མ་ཡིན་ནོ། །དངོས་པོ་རྟེན་ཅིང་འབྲེལ་པར་འབྱུང་བ་རྣམས་ལ་ནི་སྐད་ཅིག་མ་ཡིན་ལ། དེ་རྣམས་ནི་རྒྱུ་དང་རྐྱེན་དག་རྣམ་
པར་ཆད་པ་མེད་པས་རྒྱུན་ཆགས་སུ་འབྱུང་བ་ན་རྒྱུ་དང་རྐྱེན་མ་ཚང་བ་ལས་མི་འབྱུང་བས་ཐར་པར་རིགས་སོ། །གཞན་ཡང་ཡ་མཚན་ཅན་ཐམས་ཅད་ཀྱིས་བདག་ཏུ་འཛིན་པ་དང་། བདག་གིར་འཛིན་པ་རྣམ་པ་ཐམས་ཅད་དུ་ཟད་པར་བྱ་བའི་ཕྱིར་གྲོལ་བ་ཁས་བླངས་
ཏེ། དེའི་ཕྱིར་དེ་དག་ལ་གྲོལ་བའི་གནས་སྐབས་ན། གལ་ཏེ་བདག་ཅེས་བྱ་ཡོད་ན། །བདག་མེད་སྙམ་སྟེ་མི་རིགས་ཤིང་། །དེ་ཉིད་རིག་པ་ངེས་སྡོམ་ལས། །མྱ་ངན་འདས་འགྱུར་ཞེས་བྱའང་བརྫུན། །གལ་ཏེ་བདག་གི་ངོ་བོས་ཡོད་ན་ནི་དེའི་ཚེ་རང་གི་ངོ་བོ་ལ་ལྡོག་པ་

མེད་པའི་ཕྱིར་ཐར་པའི་གནས་སྐབས་ན་ཡང་ཡོད་པ་ཉིད་དུ་འགྱུར་རོ། །དེའི་ཕྱིར་ཐར་པའི་གནས་སྐབས་ན་ཡང་བདག་ཏུ་འཛིན་པའི་རྒྱུ་བོགས་དབྱུང་དུ་མེད་པའི་བདག་ཡོད་པའི་ཕྱིར་བདག་མེད་དོ་ཞེས་དེ་ལྟར་བདག་ཏུ་འཛིན་པ་སྤངས་པ་མི་རིགས་སོ། །དེའི་ཕྱིར་བདག་
གི་དེ་ཁོ་ན་ཉིད་རིག་པ་ངེས་པས་བདག་ཏུ་འཛིན་པ་སྤངས་པ་ལས་མྱ་ངན་ལས་འདའ་བར་འགྱུར་རོ་ཞེས་བྱ་བ་ཡང་བརྫུན་ཏེ་དེ་ཡང་ངར་འཛིན་པ་ཡོད་པའི་ཕྱིར་རོ། །ཡང་ན་གྲོལ་བར་འདོད་པས་བདག་མེད་པ་ཁོ་ན་ཁས་བླང་བར་བྱ་སྟེ། བདག་མེད་པ་ཡོད་པ་དང་བདག་
ཏུ་འཛིན་པ་སྤོང་ལ་བདག་ཏུ་འཛིན་པ་སྤངས་པ་ལས་ཐར་པ་གྲུབ་པར་འགྱུར་རོ། །ཅི་སྟེ་བདག་ཡོད་ན་ཐར་པའི་གནས་སྐབས་ན་བདག་ཏུ་འཛིན་པ་འཇུག་པར་ཐལ་བར་འཇིགས་ནས་གྲོལ་བའི་གནས་སྐབས་ན་བདག་ཡོད་པ་ཉིད་ཁས་མི་ལེན་ན། དེ་ལྟར་ཡིན་དང་།
གལ་ཏེ་གྲོལ་བ་ཉིད་ཡོད་ན། །དེ་ནི་སྔར་ཡང་མེད་པ་མེད། །མི་ལྡན་པ་ལ་གང་མཐོང་བ། །དེ་ནི་རང་བཞིན་ཞེས་བྱར་བཤད། །མ་ཡིན་ནམ། འབྲེལ་པ་ཅན་གྱི་ཆོས་དང་མི་ལྡན་ཞིང་རྐྱང་པར་རང་གི་ངོ་བོ་ཙམ་ལ་གནས་པའི་དངོས་པོ་ཙམ་ལ་ཆ་ཇི་ཙམ་ཞིག་དམིགས་པ་དེ་ནི་དེའི་རང་བཞིན་
ནོ་ཞེས་བྱ་བར་རྣམ་པར་གཞག་སྟེ། དེ་ལས་གཞན་པའི་ཆོས་དང་མ་འདྲེས་པའི་ཕྱིར་རོ། །དཔེར་ན་ཟད་མི་ཤེས་པའི་གསེར་གྱི་དེ་ལས་གཞན་པའི་འབྲེལ་པ་ཅན་ལྕགས་ཡོངས་སུ་ཟད་པ་ལས་རྣམ་པར་བྱང་བའི་གནས་སྐབས་གང་ཡིན་པ་དེ་དེའི་རང་བཞིན་དུ་རྣམ་པར་གཞག་པ་དེ་
བཞིན་དུ་གྲོལ་བའི་བདག་གི་ཤེས་པ་རྣམ་པར་བྱང་བའི་གནས་སྐབས་སུ་ཤེས་པའི་ཁྱད་པར་གྱི་ངོ་བོ་ཅི་འདྲ་བ་ཞིག་སྣང་བ་དེ་ཡང་དེའི་རང་བཞིན་ཡིན་ནོ་ཞེས་བྱ་བར་རིགས་ན་ཅུང་ཟད་ཅིག་སྣང་བ་ཡང་མ་ཡིན་ཏེ། བདག་ཏུ་འཛིན་པ་འཇུག་པར་ཐལ་བར་འགྱུར་བའི་ཕྱིར་རོ། །དེའི་ཕྱིར་
ཐལ་བའི་སྔ་རོལ་གྱི་གནས་སྐབས་ན་ཡང་དེའི་རང་བཞིན་དེ་ཁོ་ན་ཡིན་པར་རིགས་སོ། །སྔར་གྱི་གནས་སྐབས་སུ་ཕྱིན་ཅི་ལོག་གིས་དྲི་མ་ཅན་དུ་གྱུར་ཅིང་དོན་ཇི་ལྟ་བ་བཞིན་དངོས་པོའི་རང་གི་ངོ་བོ་མ་རྟོགས་པའི་བློ་ཚད་མ་ཉིད་དུ་ཁས་བླང་བར་ནུས་པ་ནི་མ་ཡིན་ནོ། །དེའི་ཕྱིར་

དོན་འདི་མཐོང་བ་ཕྱིན་ཅི་ལོག་གི་དམིགས་སུ་ཟིན་ཀྱང་དེ་ལྟར་ཁས་བླང་བར་མི་ནུས་སོ། །རབ་རིབ་ཅན་གྱིས་མཐོང་བ་ཡོད་པ་མ་ཡིན་པའི་སྐྲ་ཤད་དང་སྦྲང་བུ་ལ་སོགས་པའི་དོན་སྒྲོ་འདོགས་པ་ཡང་དེ་ལྟར་ཁས་བླངས་པར་ཐལ་བར་འགྱུར་བའི་ཕྱིར་རོ། །
དེའི་ཕྱིར་བདག་རང་གི་ངོ་བོས་གྲུབ་པ་ཡོད་པ་མ་ཡིན་ནོ་ཞེས་བྱ་བར་གནས་སོ། །འདིར་སྨྲས་པ། གལ་ཏེ་བདག་མེད་ན་དེའི་ཚེ་སྐད་ཅིག་རེ་རེ་ལ་འཇིག་པའི་ངང་ཅན་གྱི་འདུ་བྱེད་རྣམས་སྐྱེས་མ་ཐག་ཏུ་འཇིག་པའི་ཕྱིར་ཆད་པར་ལྟ་བར་འགྱུར་ལ། དངོས་པོ་སྐད་ཅིག་མའི་རྟེན་བདག་སྐད་
ཅིག་མ་མ་ཡིན་པ་ཡོད་པས་རྣམ་པ་ཐམས་ཅད་དུ་མེད་པར་ཁས་མ་བླངས་པ་ལས་ཆད་པར་ལྟ་བ་ཡོད་པ་མ་ཡིན་ནོ། །བཤད་པར་བྱ་སྟེ། གལ་ཏེ་མི་རྟག་ཆད་ཡིན་ན། །ད་དུང་རྩྭ་སོགས་རྣམས་ཅིས་ཡོད། །འདི་ནི་གལ་ཏེ་བདེན་གྱུར་ན། །སུ་ལའང་གཏི་མུག་ཀྱང་མི་འབྱུང་། །
འཇིག་རྟེན་ན་ནི་མི་རྟག་པའི་དོན་ཆད་པས་རྟོག་པ་ཡོད་པ་མ་ཡིན་ཏེ། འདི་ལྟར་བསྐལ་པ་དང་པོ་ནས་ཞུགས་པ་རྩྭ་དང་ལྕུག་མ་དང་། ལྗོན་ཤིང་ལ་སོགས་པ་རྣམས་རྒྱུ་དང་འབྲས་བུའི་འབྲེལ་པ་འཇུག་པའི་རིམ་པ་རྣམ་པར་ཆད་པ་མེད་པར་ད་རུང་དུ་ཡང་འབྱུང་བར་རིགས་སོ། །
ཡང་གལ་ཏེ་མི་རྟག་པ་ཆད་པར་འགྱུར་ན་ནི་དེའི་ཚེ་རྒྱུན་ནི་མི་འཇུག་པའི་མཚན་ཉིད་ཅན་གྱི་འཇུག་པར་འགྱུར་ཏེ། དེའི་ཕྱིར་དེ་ལྟར་རྩྭ་ལ་སོགས་པ་འདི་རྣམས་ད་རུང་དུ་ཡང་དམིགས་པར་འགྱུར། དམིགས་པ་ལས་ནི་མི་རྟག་པ་ལ་ཆད་པ་ཡོད་པ་མ་ཡིན་ནོ་ཞེས་བྱ་བར་རྟོགས་སོ། །
འདི་ནི་གདོན་མི་ཟ་བར་དེ་ལྟར་ཁས་བླང་བར་བྱའོ། །དེ་ལྟ་མ་ཡིན་ཏེ། མི་རྟག་པ་ཆད་དོ་ཞེས་བྱ་བའི་ལྟ་བ་འདི་གལ་ཏེ་ཇི་ལྟ་བའི་དོན་ཅན་དུ་འགྱུར་ན་ནི་དེའི་ཚེ་ངེས་པར་སེམས་ཅན་གང་ལ་ཡང་གཏི་མུག་ཀྱང་མི་འབྱུང་ངོ་། །ཀྱང་གི་སྒྲས་ནི་བདེ་བ་ལ་སོགས་པ་དང་འདོད་ཆགས་ལ་
སོགས་པ་རྣམས་ཀྱང་མི་འགྱུར་བ་ཞིག་གོ། །འདིའི་གཏི་མུག་ཀྱང་མི་རྟག་པ་ཡིན་ལ། མི་རྟག་པ་ཡང་ཆད་པ་ཡིན་པས་ངེས་པར་ཆད་པ་ཉིད་ཀྱི་ཕྱིར་མ་རིག་པས་འཇུག་པར་མི་བྱ་བ་ཞིག་གོ། །དེའི་ཕྱིར་འཁོར་བ་ལྡོག་པའི་སྒྲིམ་པ་མེད་པར་བསྒྲུབ་པར་བྱ་བར་འགྱུར་ལ། འཇིག་

རྟེན་ཐམས་ཅད་ཀྱི་མ་རིག་པ་སྤངས་པས་འགར་ཡང་དེ་ཁོ་ན་ཉིད་མ་མཐོང་བ་ཉིད་དུ་མི་འགྱུར་བ་ཞིག་ན། འདི་ནི་དེ་ལྟར་ཡང་མ་ཡིན་པས་མི་རྟག་པ་ལ་ཆད་པ་མེད་དོ། །ཅི་སྟེ་དངོས་པོ་མཐའ་དག་འབྱུང་བའི་རྒྱུ་བདག་རྟག་པ་ཉིད་ཡོད་པས་རྒྱུ་ངེས་པ་རྩྭ་ལ་སོགས་པ་རྣམས་ལ་ཆད་
པར་ལྟ་བ་ཡོད་པ་མ་ཡིན་ནོ་སྙམ་ན། དེ་ཡང་ཡོད་པ་མ་ཡིན་ཏེ། དངོས་པོས་རྟག་པ་རྒྱུ་དང་རྐྱེན་ལ་རག་མ་ལས་པར་འགྱུར་བ་འགའ་ལ་ཡང་ཡོད་པ་ཉིད་མེད་དོ་ཞེས་སྔར་བསྟན་ཟིན་ཏོ། །ཡོད་པ་མ་ཡིན་པའི་བོང་བུའི་རྭ་ལྟར་འགྲོ་བ་འཇུག་པའི་རྒྱུ་ཉིད་དུ་མི་རིགས་པས་དེ་ཡོད་པའི་རྒྱུ་ཅན་
འགྲོ་བའི་འཇུག་པ་ཡོད་པ་མ་ཡིན་ནོ། །ཡང་ན་བདག་ཡོད་དུ་ཆུག་མོད་འདིའི་འགྲོ་བ་འཇུག་པའི་རྒྱུ་ཉིད་ནི་མི་རིགས་སོ། །འདི་ལྟར། བདག་ནི་ཡོད་པར་འགྱུར་ནའང་གཟུགས། །གཞན་ལས་འབྱུང་བར་སྣང་འགྱུར་ལ། །གཞན་ལས་གནས་པར་སྣང་འགྱུར་ཞིང་། །
གཞན་ལས་རྣམ་པར་འཇིག་པར་སྣང་། །གལ་ཏེ་དངོས་པོ་རྣམས་བདག་གི་རྒྱུ་ཅན་དུ་འགྱུར་ན་ནི་དེ་རྣམས་བདག་ལས་གཞན་དུ་འགྱུར་བའི་དངོས་པོ་གཞན་ལས་འབྱུང་བར་མི་འགྱུར་བ་ཞིག་ན། ནོར་བུ་དང་བུད་ཤིང་དང་ཉི་མ་ཕྲད་པ་ལས་མེ་འབྱུང་བ་དང་། ཟླ་བ་དང་
ཕྲད་ན་ནོར་བུ་ཆུ་ཤེལ་ལས་ཆུ་འཛག་པ་དང་། ས་བོན་ལ་སོགས་པ་དག་ལས་མྱུ་གུ་ལ་སོགས་པ་རྣམས་འཇུག་པ་དང་ནུར་ནུར་པོ་ལ་སོགས་པའི་འབྱུང་བ་ཆེན་པོ་དག་ལས་ཇི་ལྟར་གོང་དུ་མེར་མེར་པོ་དང་། གོར་གོར་པོ་དང་། མཁྲང་གྱུར་དང་། རྐང་ལག་འགྱུས་པ་དང་།
ཉིང་ལག་འགྱུས་པ་རྣམས་དང་། དེ་ལས་མིག་ལ་སོགས་པ་རྣམས་དམིགས་པ་ཡང་ཡིན་ནོ། །དེ་ལྟར་གཟུགས་ནི་གཞན་ལས་འབྱུང་བར་དམིགས་སོ། །ཡང་གལ་ཏེ་འདི་དག་ཐམས་ཅད་བདག་གི་བྱེད་པ་པོ་ཅན་ཉིད་ཡིན་ན་ནི། གཟུགས་འདི་ལ་འཇུག་པ་དེ་ཁོ་ན་
ལས་ཡིན་པར་རག་མོད། རྒྱུ་གཞན་བརྟགས་པས་ཅི་ཞིག་བྱ། །ཅི་སྟེ་རྒྱུ་གཞན་པོ་དེ་ཡང་བདག་ཁོ་ན་ལས་འབྱུང་ངོ་སྙམ་དུ་སེམས་ན། ཅི་སྟེ་དེ་ལྟར་མ་མཐོང་། གལ་ཏེ་ཉེ་བར་བསྟན་པ་མེད་པའི་ཕྱིར་རོ་ཞེ་ན། ཅི་མིག་ལ་སོགས་པ་རྣམས་རང་གི་ཡུལ་ལ་འཇུག་པ་ལ་ཉེ་

བར་བསྟན་པ་ལ་ལྟོས་པ་ཞིག་གམ་དེ་མ་ཡིན་ནོ། །འོ་ན་ནི་དོན་དེ་དམིགས་པ་ལ་ཉེ་བར་བསྟན་པ་དགོས་པ་ཡོད་པ་མ་ཡིན་ནོ། །གལ་ཏེ་དང་པོ་འཇུག་པ་བདག་ལས་ཡིན་ནོ་ཞེ་ན། ཅི་བདག་དེ་ལ་དང་པོ་ཡོད་དམ་མེད་དེ། གལ་ཏེ་
དེ་ལྟར་ན་དེའི་འབྲས་བུ་ཡང་ཐོག་མ་མེད་པར་འགྱུར་དགོས་སོ། །ཅི་སྟེ་ཡོད་ཀྱང་དེ་སྔར་རྒྱུ་ཉིད་མ་ཡིན་ན་ཕྱིས་དེའི་རྒྱུ་ཉིད་སུས་བྱས། གལ་ཏེ་དོན་གཞན་ལ་ལྟོས་སོ་ཞེ་ན། འོ་ན་ནི་དོན་དེ་དེའི་རྒྱུ་ཉིད་ལ་རྒྱུ་ཡིན་པས་དེ་ཉིད་རྒྱུ་བརྒྱུད་པར་འགྱུར་ཏེ། རྒྱུ་དེའི་རྒྱུ་ཉིད་ལ་གཞན་རྒྱུ་ཡིན་
ལ་དེའི་ཡང་གཞན་ཡིན་པས་རྒྱུ་ཐུག་པ་མེད་པར་འགྱུར་རོ། །དེའི་ཕྱིར་རྒྱུ་ཁོ་ན་ལས་འགྲོ་བ་འཇུག་པར་འགྱུར་བས་བདག་རྒྱུ་ཉིད་དུ་བརྟགས་པ་དོན་མེད་པ་འདིས་ཅི་བྱ། ཅི་སྟེ་རྒྱུ་དེ་ཡང་བདག་ལ་རག་ལས་ཏེ་འབྱུང་བར་ཡོངས་སུ་རྟོག་ན། དེ་ལྟ་ཡིན་དང་བདག་དང་དུས་མཉམ་པའི་
རྒྱུ་འཇུག་པ་ལ་རག་མོད། དེའི་ཕྱིར་བདག་བཞིན་དུ་དེའི་འབྲས་བུ་ཡང་ཐོག་མ་མེད་པ་ཉིད་དུ་འགྱུར་རོ། །དུས་མཉམ་པ་ཉིད་ཡིན་ན་ནི་བདག་དང་དེའི་འབྲས་བུ་ལ་རྒྱུ་དང་འབྲས་བུའི་དངོས་པོ་མི་འཐད་དོ། །ཡོད་པ་ནི་མི་སྐྱེ་སྟེ་གཉི་ག་ཡང་དེའི་ཚེ་ཡོད་པའི་ཕྱིར་གང་ཞིག་
གང་གིས་སྐྱེད་པར་བྱེད། དེའི་ཕྱིར་གཟུགས་འཇུག་པ་བདག་གི་རྒྱུ་ཅན་དུ་མི་རིགས་སོ། །དེའི་ཕྱིར་དེ་ལྟར་གཟུགས་གཞན་ལས་འབྱུང་བ་མཐོང་ནས་ཕྱིན་ཅི་མ་ལོག་པ་སུ་ཞིག་དེ་བསྐྱེད་པར་བྱ་བའི་དོན་དུ་བདག་ཡོངས་སུ་རྟོག་པར་བྱེད། ཡང་ན་མོ་གཤམ་གྱི་བུ་
ལ་སོགས་པ་རྣམས་ཀྱང་འགྲོ་བ་འཇུག་པ་ལ་བྱེད་པ་པོ་ཉིད་དུ་བརྟག་པར་བྱའོ། །ཇི་ལྟར་གཟུགས་གཞན་ལས་འབྱུང་བ་མཐོང་ན་དེ་བཞིན་དུ་གནས་པ་ཡང་གཞན་ལས་ཡིན་པར་སྣང་སྟེ། རྒྱུ་བུད་ཤིང་སྤོར་བ་ལ་སོགས་པ་ལས་མེ་ལ་སོགས་པའི་དོན་གནས་པར་
མཐོང་བའི་ཕྱིར་རོ། །གཞན་ལས་རྣམ་པར་འཇིག་པར་སྣང་སྟེ། བུད་ཤིང་མ་ཚང་བ་མེད་པ་ལ་སོགས་པའི་རྒྱུ་ལས་སོ། །མཐོང་བ་པོར་ནས་མ་མཐོང་བའི་བདག་འཐད་པས་ཡོད་པར་འགལ་ཞིང་། རྒྱུའི་ཆོས་དང་མ་འབྲེལ་པ་བརྟག་པར་རིགས་པ་

ཡང་མ་ཡིན་ཏེ། དེའི་ཕྱིར་རང་གི་ངོ་བོས་ཡོད་པ་མ་ཡིན་ནོ། །གང་གི་ཚེ་རྟག་པ་ལས་སྐྱེ་བ་མེད་པ་དེའི་ཚེ་འཇིག་རྟེན་ན། ཇི་ལྟར་ས་བོན་བྱས་པ་ལས། །མྱུ་གུ་བྱས་པ་སྐྱེ་འགྱུར་བ། །དེ་བཞིན་མི་རྟག་ཐམས་ཅད་ནི། །མི་རྟག་དག་ལས་འབྱུང་བར་འགྱུར། །
ཇི་ལྟར་རྒྱུ་དང་རྐྱེན་གཞན་ལ་རག་ལས་ཏེ་འབྱུང་བའི་ས་བོན་བྱས་པ་རང་བཞིན་གྱིས་མ་གྲུབ་ཅིང་རྟེན་ཅིང་འབྲེལ་པར་འབྱུང་བས་མྱུ་གུ་བྱས་པ་སྟེ། རང་ཉིད་ཀྱིས་རྣམ་པར་གནས་པ་མ་ཡིན་པ་རང་བཞིན་མེད་ཅིང་རང་བཞིན་གྱིས་སྟོང་པ་སྟེ་དེ་བཞིན་དུ་མཁས་པས་དཔེ་འདི་དངོས་
པོ་གཞན་རྒྱུ་དང་འབྲས་བུའི་གནས་སྐབས་མི་སྣང་བ་ཆོད་པ་དང་ཕྲ་བ་རྣམས་དང་། ཚོར་བ་ལ་སོགས་པ་གཟུགས་ཅན་མ་ཡིན་པ་རྣམས་དང་། རྒྱུ་ལས་དང་ཉོན་མོངས་པ་ལས་འདས་པ་འདུ་བྱེད་ཟག་པ་མེད་པ་རྣམས་ཀྱང་རང་བཞིན་མེད་པའི་རྒྱུ་ལས་རང་བཞིན་མེད་པ་
འབྱུང་བ་ཡིན་ནོ་ཞེས་བྱ་བར་ངེས་པར་བྱའོ། །དེ་ལྟར་ཡིན་དང་གང་དུ་འདུ་བྱེད་རྣམས་ལ་རྟག་པ་དང་ཆད་པའི་རྡོ་རྗེའི་ཐོག་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་རྒྱུ་དང་འབྲས་བུའི་འབྲེལ་པ་རབ་ཏུ་འཇོམས་པ་འབབ་པ་དེ་ཡང་མཁས་པས་རྟེན་ཅིང་འབྲེལ་པར་འབྱུང་བའི་རིག་
སྔགས་ཀྱིས་ཆེས་རྒྱང་རིང་པོར་བཟློག་པ་ཡིན་ནོ་ཞེས་བསྟན་པའི་ཕྱིར་བཤད་པ། གང་ཕྱིར་དངོས་པོ་འཇུག་འགྱུར་བ། །དེ་ནས་ཆད་པར་མི་འགྱུར་ཞིང་། །གང་ཕྱིར་དངོས་པོ་ལྡོག་འགྱུར་བ། །དེས་ན་རྟག་པར་མི་འགྱུར་རོ། །དངོས་པོ་ནི་འབྱུང་བའི་ཆོས་ཅན་ཏེ་འབྲས་
བུ་མྱུ་གུ་ལ་སོགས་པའོ་གང་གི་ཕྱིར་རྒྱུ་ས་བོན་ཞེས་བྱ་བ་ལས་འབྲས་བུ་མྱུ་གུ་འབྱུང་བ་དེའི་ཕྱིར་རྒྱུ་ས་བོན་ཞེས་བྱ་བ་ཆད་པར་མི་འགྱུར་རོ། །གལ་ཏེ་མྱུ་གུ་ལ་སོགས་པའི་རྒྱུན་མ་བསྐྱེད་པར་མེ་དང་ཕྲད་པ་ལས་ཡིན་པ་ལྟར་ས་བོན་འགག་པར་འགྱུར་ན་ནི་དེའི་ཚེ་ཆད་པར་ལྟ་
བར་འགྱུར་ན་མྱུ་གུ་ལ་སོགས་པ་འཇུག་པ་ཡོད་པར་མཐོང་བ་ལས་ནི་ས་བོན་ཞེས་བྱ་བ་ཆད་པར་མི་སྲིད་དོ། །ཚིག་ལེའུར་བྱས་པའི་དངོས་པོའི་སྒྲ་གཉིས་པ་ནི་རྒྱུ་རྗོད་པར་བྱེད་པ་སྟེ། འདི་ལས་འབྲས་བུ་འབྱུང་བ་ཞེས་བྱས་ནས་སོ། །ཡང་གལ་ཏེ་མྱུ་གུ་ཞེས་བྱ་

བའི་འབྲས་བུ་ཞུགས་ཀྱང་རང་གི་ངོ་བོས་གནས་པས་ས་བོན་མི་ལྡོག་ན་དེའི་ཚེ་ས་བོན་རྣམ་པར་མི་འགྱུར་བར་མཐོང་བའི་ཕྱིར་རྟག་པར་ལྟ་བར་འགྱུར་ན། འདི་ནི་དེ་ལྟར་ཡང་མ་ཡིན་ཏེ། ས་བོན་ལྡོག་པར་མཐོང་བའི་ཕྱིར་རོ། །གལ་ཏེ་ལྡོག་པར་མི་འགྱུར་
ན་ནི་དེའི་ཚེ་དེ་ལས་མྱུ་གུ་གཞན་ཡང་འབྱུང་བར་འགྱུར་བ་ཞིག་ན་འདི་ནི་དེ་ལྟར་ཡང་མ་ཡིན་པས། གང་ཕྱིར་དངོས་པོ་ལྡོག་འགྱུར་བ། །དེས་ན་རྟག་པར་མི་འགྱུར་རོ། །དེ་ཡང་རང་གི་ངོ་བོས་མ་གྲུབ་པས་ས་བོན་དང་མྱུ་གུ་གཉིས་དེ་ཉིད་དང་གཞན་ཉིད་དུ་རྟོག་པ་དག་མི་སྲིད་པ་ལས་
འགྲུབ་པས་དངོས་པོ་རྣམས་རང་བཞིན་མེད་པར་ཆེས་གསལ་བར་གྲུབ་བོ། །སློབ་དཔོན་འཕགས་པ་ལྷའི་ཞལ་སྔ་ནས་ཀྱིས་བྱང་ཆུབ་སེམས་དཔའི་རྣལ་འབྱོར་སྤྱོད་པ་བཞི་བརྒྱ་པ་ལས། བདག་དགག་པ་བསྒོམ་པ་བསྟན་པ་ཞེས་བྱ་བ་སྟེ་རབ་ཏུ་བྱེད་པ་བཅུ་པའི་འགྲེལ་
པའོ།། །།འདིར་དུས་སྨྲ་བ་ནི་གཟུགས་ལ་སོགས་པ་རྣམས་གཞན་ལས་འབྱུང་བ་མཐོང་བའི་ཕྱིར་དང་། འཇིག་རྟེན་གྱི་མངོན་སུམ་མ་ཡིན་པའི་ཕྱིར་དང་འབྲས་བུ་འགའ་ཡང་མ་མཐོང་བས་རྗེས་སུ་དཔགས་པས་གོ་བར་བྱ་བ་མ་ཡིན་པ་ཉིད་ཀྱི་ཕྱིར་ན་བདག་ཡོད་
པ་མ་ཡིན་ནོ་ཞེས་གང་སྨྲས་པ་དེ་ནི་ལེགས་པར་སྨྲས་པ་ཡིན་གྱི། རྣམ་པ་ཐམས་ཅད་དུ་དངོས་པོ་རྟག་པ་རྣམས་མེད་པ་ནི་མ་ཡིན་ཏེ། དུས་ཡོད་པའི་ཕྱིར་རོ། །འདི་ན་ས་དང་ཆུ་དང་མེ་དང་རླུང་དང་ནམ་མཁའ་དང་ས་བོན་ལ་སོགས་པ་རྣམས་ཡོད་ཀྱང་རེས་འགའ་མྱུ་གུ་དང་
མེ་ཏོག་ལ་སོགས་པ་རྣམས་ཀྱི་སྐྱེ་བ་དང་འཇིག་པ་དག་མེད་པའི་ཕྱིར་ལ། ཅི་སྟེ་རེས་འགའ་འབྱུང་བ་ཡོད་པའི་ཕྱིར་དུས་ཞེས་བྱ་བ་འབྲས་བུ་དེ་མཐོང་བ་ལས་དཔག་པ་ཡིན་ནོ། །དེ་ནི་སྐད་ཅིག་ཐང་ཅིག་ཡུད་ཙམ་ལ་སོགས་པས་གསལ་བར་བྱ་ཞིང་། འདས་པ་དང་
མ་འོངས་པ་དང་། ད་ལྟར་བྱུང་བ་སྟེ་དུས་གསུམ་ན་རྣམ་པར་གནས་པའི་དངོས་པོ་ལས་ཐ་དད་པ་རྟག་པ་ཞིག་གོ་ཞེས་སྨྲའོ། །འདི་ལ་བརྗོད་པར་བྱ་སྟེ། གལ་ཏེ་དུས་ཞེས་བྱ་བ་དངོས་པོ་ལས་ཐ་དད་ཅིང་བདག་ཉིད་ཀྱིས་གྲུབ་པ་ཡོད་པར་འགྱུར་ན་ནི་དེ་སྐྱེ་བ་དང་འཇིག་

པའི་རྒྱུ་ཉིད་དུ་འགྱུར་ན། དེ་ལྟར་ཡང་མ་ཡིན་ཏེ་དངོས་པོ་ལས་ཐ་དད་པར་འཛིན་པར་ཐལ་བར་འགྱུར་བའི་ཕྱིར་རོ། །གང་ཞིག་ཡོད་ན་དངོས་པོ་ལ། །འཇུག་དང་ལྡོག་པའང་དམིགས་འགྱུར་བ། །དེ་ནི་གཞན་གྱི་དབང་འགྱུར་ཏེ། །དེས་ནི་འབྲས་བུར་ཡང་འགྱུར་རོ། །
ཞེས་བྱ་བ་ལ་སོགས་པས་བཀག་ཟིན་པའི་ཕྱིར་ཡང་རང་གི་མཚན་ཉིད་ཀྱིས་གྲུབ་པའི་དུས་ལ་འཇུག་པ་དང་ལྡོག་པའི་རྒྱུ་ཉིད་ཡོད་པ་མ་ཡིན་ནོ། །གཞན་ཡང་དུས་གསུམ་པོ་གང་དག་དུས་ཀྱི་ཁྱད་པར་གྱི་ངོ་བོར་རྣམ་པར་གཞག་པ་དེ་དག་ཀྱང་ལུས་ཅན་མ་ཡིན་པ་ཉིད་ཀྱིས་
རང་བཞིན་ལས་ངེས་པར་མི་ནུས་པའི་ཕྱིར་རང་གི་ངོ་བོས་རྣམ་པར་གཞག་པར་མི་ནུས་ཀྱི་དེ་དག་གིས་བསྙད་པར་བྱ་བའི་དངོས་པོའི་ཁྱད་པར་བུམ་པ་ལ་སོགས་པའི་སྒོ་ནས་ནི་རྣམ་པར་གཞག་པར་ནུས་སོ། །དེ་དག་ནི་དངོས་པོ་ལས་ཐ་དད་པའི་རང་བཞིན་ཡིན་ཞིང་ཚོར་བ་ལ་སོགས་
པ་ལྟར་ཉམས་སུ་མྱོང་བའི་རྣམ་པ་མ་ཡིན་ལ། གཟུགས་དང་སྒྲ་ལ་སོགས་པ་བཞིན་དབང་པོའི་སྒོ་ནས་ཡོངས་སུ་གཅད་པར་བྱ་བ་ཡང་མ་ཡིན་ནོ། །དེའི་ཕྱིར་བུམ་པ་ལ་སོགས་པའི་སྒོ་ཁོ་ན་ནས་དེ་དག་གི་ཁྱད་པར་ཡོངས་སུ་གཅོད་པའི་ཕྱིར་དེའི་སྒོ་ནས་དུས་གསུམ་བཀག་
པས་དུས་དགག་པར་མཛད་པར་བཞེད་པས་བཤད་པ། མ་འོངས་བུམ་པ་ད་ལྟར་བའི། །བུམ་ཡོད་མ་ཡིན་འདས་པ་མེད། །གང་ཕྱིར་དེ་གཉིས་མ་འོངས་པས། །དེ་ཕྱིར་མ་འོངས་ཡོད་མ་ཡིན། །མ་འོངས་པའི་དུས་ཉེ་བར་མཚོན་པར་བྱ་བའི་དོན་དུ་མ་འོངས་པའི་བུམ་
པ་ཉེ་བར་བཀོད་ལ། དེ་བཞིན་དུ་འདས་པ་དང་ད་ལྟར་བྱུང་བའི་དུས་ཉེ་བར་མཚོན་པའི་དོན་དུ་འདས་པ་དང་ད་ལྟར་བྱུང་བའི་བུམ་པ་ཉེ་བར་བཀོད་དོ། །དེ་ལྟར་མ་འོངས་པ་ནི་ད་ལྟར་བྱུང་བའི་དུས་སུ་མ་ཕྱིན་པའོ། །འདས་པ་ནི་དེ་ཉིད་ལས་འདས་པའོ། །ད་ལྟར་
བྱུང་བ་ནི་སྐྱེས་ལ་མ་འགགས་པའོ། །ད་ལྟར་བ་ནི་ད་ལྟར་དམིགས་པའི་ཕྱིར་གཙོ་བོ་ཡིན་གྱི། དེར་མ་འོངས་པ་དང་རྒལ་བ་དག་གིས་མ་འོངས་པ་དང་འདས་པའི་དུས་གཉིས་རྣམ་པར་འཇོག་པ་ནི་གཙོ་བོ་མ་ཡིན་ནོ། །དུས་གསུམ་པོ་དེ་དག་ཀྱང་ཕན་ཚུན་ལྟོས་པ་ཉིད་དུ་

གནས་ཏེ། གཉིས་གཉིས་ལ་མ་ལྟོས་པར་རེ་རེ་མེད་པའི་ཕྱིར་རོ། །འདས་པ་དང་ད་ལྟར་གཉིས་ལ་མ་ལྟོས་པར་ནི་མ་འོངས་པའི་དུས་རྣམ་པར་གཞག་པར་མི་ནུས་ཏེ། མ་འོངས་པ་ནི་མ་འོངས་པ་ལས་ཡིན་ལ་མ་འོངས་པའི་རང་གི་
ངོ་བོས་དེ་གང་དུ་མ་འོངས་པ་འདས་པ་དང་ད་ལྟར་གྱི་དུས་གཉིས་པོ་དེར་གདོན་མི་ཟ་བར་འགྱུར་དགོས་སོ། །དེ་མེད་ན་ནི་གང་དུ་མ་འོངས་པ་ལས་འདི་མ་འོངས་པ་ཉིད་དུ་འགྱུར། དུས་གཞན་གཉིས་ཀྱི་རྣམ་པར་གཞག་པ་ཡང་དེ་དང་འདྲ་བར་སྦྱར་བར་བྱའོ། །དེ་ལ་
མ་འོངས་པའི་བུམ་པ་གང་ཡིན་པ་དེ་ལ་ད་ལྟར་བའི་བུམ་པ་ཡོད་པ་མ་ཡིན་ལ་འདས་པ་ཡང་མ་ཡིན་ཏེ། མཚན་ཉིད་ཐ་དད་པའི་ཕྱིར་དང་། གཅིག་ལ་གཅིག་མི་སྲིད་པའི་ཕྱིར་རོ། །གང་གི་ཚེ་དེ་ལྟར་མ་འོངས་པའི་བུམ་པ་ལ་ད་ལྟར་བ་དང་འདས་པ་གཉིས་ཡོད་པ་མ་
ཡིན་པ་དེའི་ཚེ་ད་ལྟར་བ་དང་འདས་པ་གཉིས་ཀྱང་མ་འོངས་པར་མ་འོངས་པས་དེ་གཉིས་ཀྱང་མ་འོངས་པར་འགྱུར་རོ། །ཇི་ལྟར་མ་འོངས་པ་ད་ལྟར་དུ་མ་འོངས་པ་ལས་མ་འོངས་པ་ཡིན་པ་དེ་བཞིན་དུ་ད་ལྟར་བ་དང་འདས་པ་གཉིས་ཀྱང་མ་འོངས་པས་མ་འོངས་པར་འགྱུར་
རོ། །གལ་ཏེ་ད་ལྟར་དུ་མ་འོངས་པ་ལས་མ་འོངས་པ་ཡིན་གྱི། མ་འོངས་པར་མ་འོངས་པ་ལས་ནི་མ་ཡིན་ནོ་ཞེ་ན། འདི་ནི་དེ་ལྟར་མ་ཡིན་ཏེ། མ་འོངས་པར་གྲུབ་པ་ཡོད་ན་ནི་ད་ལྟར་དང་འདས་པ་གཉིས་འགྲུབ་ན་གང་གི་ཚེ་མ་འོངས་པ་ཉིད་མེད་པ་དེའི་ཚེ་ཇི་ལྟར་
འདས་པའམ་ད་ལྟར་བྱུང་བར་འགྱུར། འདི་ལ་དགོངས་ནས་སློབ་དཔོན་མ་འོངས་པ་མེད་པར་བསྟན་པ་བཞེད་དེ། དེ་ཉིད་ཀྱི་ཕྱིར། གང་ཕྱིར་དེ་གཉིས་མ་འོངས་པ། །དེ་ཕྱིར་མ་འོངས་ཡོད་མ་ཡིན། །ཞེས་བཤད་དོ། །གང་གི་ཕྱིར་དེ་གཉི་ག་ཡང་མ་འོངས་པ་
ཡིན་པ་དེའི་ཚེ་གསུམ་ཆར་ཡང་མ་འོངས་པ་ཉིད་དུ་འགྱུར་ལ། གསུམ་ཆར་ཡང་མ་འོངས་པ་ཉིད་ཡིན་ན་ཡང་ད་ལྟར་བྱུང་བ་དང་འདས་པ་གཉིས་མི་སྲིད་པའི་ཕྱིར་གང་དུ་མ་འོངས་པ་ལས་མ་འོངས་པར་རྣམ་པར་གཞག །དེའི་ཕྱིར་མ་འོངས་པའི་དུས་ཡོད་པ་མ་ཡིན་ནོ། །ཅི་

སྟེ་མ་འོངས་པའི་བུམ་པ་ལ་འདས་པའི་བུམ་པ་རྣམ་པ་ཐམས་ཅད་དུ་མེད་པ་ཉིད་མ་ཡིན་གྱི་མ་འོངས་པའི་ངོ་བོར་མ་འོངས་པའི་བུམ་པ་ལ་ཡོད་པ་ཡིན་ཏེ། དེའི་ཕྱིར་མ་འོངས་པ་ལ་ཡོད་པས་འདས་པ་ཐ་དད་པར་གྲུབ་པ་ཡོད་ན་ཡང་མ་འོངས་པ་ཡོད་པ་ཁོ་ནའོ་སྙམ་དུ་སེམས་ན།
དེ་ལྟ་ན་ཡང་། གལ་ཏེ་ཞིག་པ་མ་འོངས་པའི་ངོ་བོ་མ་འོངས་ལ་ཡོད་ན། མ་འོངས་བདག་ཉིད་དུ་ཡོད་གང་། །དེ་ནི་ཇི་ལྟར་འདས་པར་འགྱུར། །གལ་ཏེ་འདས་པ་མ་འོངས་པ་ཉིད་དུ་མ་འོངས་པའི་བུམ་པ་ལ་ཡོད་དོ་སྙམ་དུ་སེམས་ན་ནི་དེའི་ཚེ་འདི་འདས་པ་ཉིད་དུ་མི་རིགས་ཏེ།
ཁྱོད་ཀྱི་ལུགས་ཀྱིས་མ་འོངས་པ་ལ་ཡོད་པའི་ཕྱིར་ཏེ་མ་འོངས་པ་རང་གི་བདག་ཉིད་བཞིན་ནོ། །དེའི་ཕྱིར་ཉེས་པ་དེ་ཉིད་དུ་འགྱུར་རོ། །ཡང་མ་འོངས་པའི་དངོས་པོ་གང་ཡིན་པ་དེ་ཅི་ཁྱོད་ལ་ཡོད་དམ་འོན་ཏེ་མེད། སྨྲས་པ། མ་འོངས་པའི་ངོ་བོར་ཡོད་པས་མ་འོངས་
པ་ཡོད་ཅེས་བྱ་བར་རྣམ་པར་འཇོག་གོ། །དེ་ལྟར་ཡིན་ན་ནི་འདི་མ་འོངས་པ་ཉིད་དུ་མི་འགྱུར་རོ། །གང་ལས་ཤེ་ན། གང་གི་ཕྱིར་ན་མ་འོངས་དངོས། །མ་འོངས་བདག་ཏུ་གནས་འགྱུར་བ། །དེ་ཡི་ཕྱིར་ན་ད་ལྟ་བར། །འགྱུར་ཏེ་མ་འོངས་ཉིད་མི་སྲིད། །གང་ཞིག་
ལ་ད་ལྟར་ཡོད་པ་ཉིད་ཡོད་པ་དེ་ནི་ད་ལྟར་བ་ཉིད་དུ་འགྱུར་ཏེ། ད་ལྟར་ཡོད་པའི་ཕྱིར་ད་ལྟར་བའི་རང་གི་བདག་ཉིད་བཞིན་ནོ། །ཅི་སྟེ་དེ་ནི་ད་ལྟར་བའི་བདག་ཉིད་དུ་ཡོད་པ་མ་ཡིན་གྱི། འོན་ཀྱང་མ་འོངས་པའི་བདག་ཉིད་དུ་སྟེ། དེའི་ཕྱིར་ད་ལྟ་བར་ཡོད་པ་མེད་པའི་ཕྱིར་འདི་
ལ་མ་འོངས་པ་ཉིད་ཡོད་པ་ཁོ་ནའོ་སྙམ་དུ་སེམས་ན་བརྗོད་པར་བྱ་སྟེ། གང་ཞིག་གི་རང་བཞིན་གང་ཡིན་པ་དེ་ནི་བདག་ཉིད་དེར་ཡོད་པར་གྱུར་དང་ད་ལྟ་བར་འགྱུར་རོ། །འདི་ལྟར་སྔོན་པོ་སྔོན་པོའི་བདག་ཉིད་ཀྱི་ཡོད་པ་ད་ལྟ་བར་འགྱུར་གྱི་དེ་སེར་པོའི་བདག་ཉིད་ཀྱིས་
མ་ཡིན་པ་དེ་བཞིན་དུ་མ་འོངས་པ་ཡང་མ་འོངས་པའི་བདག་ཉིད་དུ་ཡོད་པ་ན་ད་ལྟར་བ་ཉིད་དུ་འགྱུར་བས་འདི་ལ་མ་འོངས་པ་ཉིད་སྲིད་པར་བྱ་བར་མི་ནུས་སོ། །གང་གི་ཚེ་དེ་ལྟར་མ་འོངས་པ་མི་སྲིད་པ་དེའི་ཚེ་གང་ཞིག་འདས་པའམ་ད་ལྟར་བར་འགྱུར་བར་བསམ་པར་བྱའོ། །

དེའི་ཕྱིར་དུས་གསུམ་ཡོད་པ་མ་ཡིན་ནོ། །རང་གི་སྡེ་པ་གང་དག་དངོས་པོ་རྣམས་ལ་རང་གི་མཚན་ཉིད་ཁས་བླངས་ནས་དེ་དུས་གསུམ་ཀར་ཡོད་པའི་ཕྱིར་རང་བཞིན་མི་འདོར་བའི་དངོས་པོ་ཁོ་ན་རྒྱུ་དང་རྒྱེན་གྱི་ཚོགས་པས་གནས་སྐབས་དེ་དང་དེར་
འགྱུར་རོ་ཞེས་སྨྲ་བ་དེ་དག་ལ་བརྗོད་པར་བྱ་སྟེ། མ་འོངས་པ་ཡོད་འདས་པ་ཡོད། །ད་ལྟར་བ་ཡོད་ཅི་ཞིག་སྟེ། །གང་གིས་དུས་ཀུན་ཡོད་པ་ཉིད། །དེ་ཡི་མི་རྟག་ཉིད་ག་ལས། །གང་གིས་དངོས་པོ་ད་ལྟར་བར་འགྱུར་བ་འདིའི་རང་གི་ངོ་བོ་གང་ཞིག་བློ་ལ་སྣང་བའི་
རང་གི་ངོ་བོ་དེ་ཉིད་མ་འོངས་པའི་གནས་སྐབས་དང་འདས་པའི་གནས་སྐབས་སུ་ཡང་ཁས་བླངས་པའི་རྒོལ་བ་དེ་ལ་མི་རྟག་པ་ལྟ་ག་ལ་ཡོད། དེའི་ཕྱིར་ན་དངོས་པོ་རྣམས་རང་བཞིན་གྱིས་རྟག་པ་ཉིད་ཀྱིས་རྟག་པ་ཁོ་ནར་འགྱུར་རོ། །དེ་ལྟར་ཡིན་དང་དེ་ལ་ལུང་འགལ་བར་
ཡང་འགྱུར་ཏེ། བཅོམ་ལྡན་འདས་ཀྱིས། ཀྱེ་མ་འདུ་བྱེད་རྣམས་མི་རྟག །སྐྱེ་ཞིང་འཇིག་པའི་ཆོས་ཅན་ཡིན། །སྐྱེས་ནས་འཇིག་པར་འགྱུར་བ་སྟེ། །དེ་དག་ཉེ་བར་ཞི་བ་བདེ། །ཞེས་གསུངས་སོ། །ཇི་ལྟར་མ་འོངས་པ་ལ་མ་འོངས་པ་ཉིད་མི་སྲིད་པས་མ་འོངས་པ་
ཉིད་མེད་པ་དེ་བཞིན་དུ་འདས་པ་ལ་ཡང་འདས་པ་ཉིད་མི་སྲིད་པས་འདས་པ་ཉིད་མེད་པར་བསྟན་པའི་ཕྱིར་བཤད་པ། །འདས་པ་ལས་ནི་འདས་གྱུར་པ། །ཅི་ཡི་ཕྱིར་ན་འདས་པར་འགྱུར། །འདས་པ་ལས་ནི་མ་འདས་པ། །ཅི་ཡི་ཕྱིར་ན་འདས་པར་འགྱུར། །
འདས་པའི་དུས་གང་ཡིན་པ་དེ་ཅི་འདས་པའི་རང་གི་ངོ་བོ་ལས་འདས་སམ། འོན་ཏེ་མ་འདས། རེ་ཞིག་གལ་ཏེ་འདས་པ་ལས་འདས་ན་ནི་དེ་འདས་པ་ཞེས་བྱ་བར་མི་རིགས་སོ། །འདས་པ་ཞེས་བྱ་བ་ནི་ཐལ་ཟིན་པ་ལ་བྱ་སྟེ། གང་ཞིག་དེ་ལྟ་དེ་ལས་འདས་
ཤིང་རྒལ་བ་དེ་ཇི་ལྟར་འདས་པར་འགྱུར། འོ་མའི་དངོས་པོ་ལས་འདས་པའི་ཞོ་ལ་འོ་མ་ཞེས་བྱ་བ་དང་བྱིས་པའི་དངོས་པོ་ལས་འདས་པའི་ལང་ཚོ་ལ་བབ་པ་ལ་བྱིས་པ་ཞེས་བྱ་བར་བརྗོད་པ་ནི་མ་ཡིན་ནོ། །དེ་ལྟར་ན་འདས་པ་ལས་འདས་པ་ནི་འདས་པའོ་ཞེས་བྱ་བར་མི་རུང་

ངོ་། །ཅི་སྟེ་འདས་པ་ནི་འདས་པ་ལས་མ་འདས་པ་ཁོ་ནའོ་སྙམ་དུ་སེམས་ན་དེ་ལྟ་ན་ཡང་འདས་པ་ལས་ནི་མ་འདས་པ་སྟེ་འདས་པ་ལས་མི་འདའ་བ་འདས་པའི་བྱ་བས་མི་སྟོང་བ་ཅིའི་ཕྱིར་ན་འདས་པར་འགྱུར་ཏེ། དེ་ལས་འདས་པ་ཉིད་མི་སྲིད་པ་ཁོ་ནའོ་སྙམ་དུ་དགོངས་སོ། །
དེའི་ཕྱིར་དེ་ལྟར་ན་འདས་པ་ལས་མ་འདས་པར་ཡང་འདས་པར་མི་རིགས་སོ། །ཅི་སྟེ་འདས་པ་ནི་འདས་པའི་རང་གི་ངོ་བོ་ལ་རྣམ་པར་གནས་པའི་ཕྱིར་འདས་པ་ལས་མ་འདས་པའང་ཡིན་ཏེ། དེའི་ཕྱིར་འདས་པ་ལས་མ་འདས་པ་ཁོ་ན་འདས་པར་འགྱུར་རོ་སྙམ་དུ་སེམས་ན།
བཤད་པར་བྱ་སྟེ། འདས་པ་གྲུབ་པ་ཡོད་དང་འདི་དེ་ལྟར་འགྱུར་ན། འདས་པ་གྲུབ་པ་དེ་ཉིད་ནི་རྣམ་པར་དཔྱད་པ་ན་ཡོད་པ་མ་ཡིན་ནོ། །དེ་ནི་རྟོག་པ་ན་འདས་པ་ལས་འདས་པར་རམ། མ་འདས་པར་རྟོག་གྲང་ན། །གཉི་ག་ལྟར་ན་ཡང་དེའི་གྲུབ་པ་མི་སྲིད་པས་
འདས་པ་རང་གི་ངོ་བོ་ཉིད་ཇེ་མ་གྲུབ་པར་ཇི་ལྟར་དེའི་བདག་ཉིད་དུ་རྣམ་པར་གནས་ཤིང་། འདས་པ་ལས་མ་འདས་པའི་འདས་པའོ་ཞེས་བྱ་བར་བརྟག་པར་ནུས། དེའི་ཕྱིར་འདས་པའི་དུས་རང་གི་ངོ་བོས་ཡོད་པ་མ་ཡིན་ནོ། །འདས་པ་མེད་ན་ཡང་དེ་ལ་མི་ལྟོས་པའི་
འདས་པ་མ་ཡིན་ན་འདས་པ་ཡང་མི་སྲིད་པས་དུས་གསུམ་ཆར་ཡང་ངོ་བོ་ཉིད་ཀྱིས་ཡོད་པ་མ་ཡིན་ནོ། །བྱེ་བྲག་ཏུ་སྨྲ་བ་གང་ཞིག་དུས་ཐམས་ཅད་ཡོད་པ་ཉིད་དུ་སྨྲ་བའི་ཕྱིར་ཐམས་ཅད་ཡོད་པའི་སྨྲ་བ་ཉིད་བསྔགས་པར་བྱེད་པ་དེ་ལ་སླར་ཡང་བརྒལ་ཞིང་བརྟག་པར་
བྱ་སྟེ། གང་མ་འོངས་པའི་དོན་ཡོད་པ་ཉིད་དུ་རྟོག་པ་དེ་སྐྱེས་པའམ་མ་སྐྱེས་པ་ཞིག་ལ་རྟོག་གྲང་། དེ་ལ་རེ་ཞིག །གལ་ཏེ་མ་འོངས་སྐྱེས་ཡོད་ན། །ཅི་ལྟར་ད་ལྟ་བར་མི་འགྱུར། །གལ་ཏེ་མ་འོངས་པའི་དངོས་པོ་སྐྱེས་པར་འགྱུར་ཏེ་ཡོད་དོ་ཞེས་བྱ་བར་ཡོངས་སུ་རྟོགས་
ན་ནི་དེ་སྐྱེས་པ་ཉིད་དུ་གྱུར་པས་ཡོད་པ་ཉིད་ཀྱི་ཕྱིར་དང་ད་ལྟར་བར་འགྱུར་གྱི་མ་འོངས་པར་མི་འགྱུར་རོ། །ཅི་སྟེ་མ་སྐྱེས་པར་གྱུར་པ་དེ་ལ་ཡོད་པ་ཉིད་དུ་རྟོག་ན། དེ་ལྟར་ན་ཡང་། ཅི་སྟེ་དེ་ལ་སྐྱེས་མེད་ན། །མ་འོངས་རྟག་པར་འགྱུར་རམ་ཅི། །གང་ཞིག་མ་སྐྱེས་པར་གྱུར་པ་

དང་ཡོད་པ་དེ་ནི་མྱ་ངན་ལས་འདས་པ་བཞིན་དུ་རྟག་པ་ཁོ་ནར་འགྱུར་ཏེ། དེའི་ཕྱིར་མྱ་ངན་ལས་འདས་པ་ཁོ་ན་ལྟར་དེའི་མ་འོངས་པ་ཉིད་ཉམས་པར་འགྱུར་རོ། །ཅི་སྟེ་མ་འོངས་པ་མ་སྐྱེས་པ་ཡིན་མོད་ཀྱི། དེ་ལྟར་ན་ཡང་དེ་ནི་འདུས་མ་བྱས་ལྟར་མི་
འཇིག་པ་མ་ཡིན་ནོ། །འདི་ལྟར་རྒྱུ་དང་རྐྱེན་རྣམས་ཀྱིས་དེའི་མ་འོངས་པའི་དངོས་པོ་ཉམས་པས་ད་ལྟར་བ་ཉིད་དུ་འགྱུར་གྱི། འདུས་མ་བྱས་ནི་དེ་ལྟར་རང་གི་ངོ་བོ་ལས་ཉམས་པ་ཡང་མ་ཡིན་པས་འདི་འདུས་མ་བྱས་བཞིན་དུ་རྟག་པ་ཉིད་དུ་མི་འགྱུར་རོ། །དེ་ལྟར་བརྟགས་ན་ཡང་
སྐྱེ་བ་མེད་ཀྱང་འཇིག་པ་ལས། །གལ་ཏེ་མ་འོངས་མི་རྟག་ན། །དེ་ལྟར་ན་ནི་འོ་ན། འདས་ལ་འཇིག་པ་ཡོད་མིན་ཏེ། །དེ་ནི་རྟག་པར་ཅིས་མི་རྟོག །གལ་ཏེ་རང་གི་ངོ་བོ་ཉམས་པ་ཡོད་པའི་ཕྱིར་མ་འོངས་པ་རྟག་པ་ཉིད་དུ་མི་འདོད་ན་ནི་འོ་ན་དངོས་པོ་འདས་པ་ལ་རང་གི་ངོ་བོ་
ཉམས་པ་ཡོད་པ་མ་ཡིན་པས་དེ་ཡང་རྟག་གོ་ཞེས་བྱ་བར་བརྟག་པར་གྱིས་ཤིག །ཡང་ན་དངོས་པོ་གང་ཞིག་མི་རྟག་པར་རྟག་ནུས་པར་འགྱུར། གང་གི་ཚེ་མི་ནུས་པ་དེའི་ཚེ་དངོས་པོ་ཐམས་ཅད་ལ་མི་རྟག་པ་ཉིད་མི་སྲིད་པས་རྟག་པ་ཉིད་ཁོ་ནར་འགྱུར་རོ། །དེ་ལ་རེ་ཞིག །
འདས་པ་དང་ནི་ད་ལྟར་བ། །འདི་ནི་མི་རྟག་འགྱུར་མིན་ལ། །རེ་ཞིག་དངོས་པོ་ད་ལྟར་བ་གང་ཡིན་པ་དེ་ལ་ནི་ཇེ་མི་རྟག་པ་ཉིད་ཡོད་པ་མ་ཡིན་ནོ། །དེ་ནི་ད་ལྟར་ཡིན་པ་ཉིད་ཀྱི་ཕྱིར་ཡོད་པས་རང་བཞིན་ལས་མ་ཉམས་པའི་ཕྱིར་ད་ལྟར་བ་ཞེས་བྱ་བར་བརྗོད་ན། གང་ཞིག་མི་
རྟག་པ་ཉིད་ཡིན་པ་དེ་ནི་ད་ལྟར་བ་ཉིད་དུ་མི་འགྱུར་ཏེ། དངོས་པོ་མེད་པ་དང་མངོན་པར་འབྲེལ་པའི་ཕྱིར་རོ། །དངོས་པོ་དང་དངོས་པོ་མེད་པ་དག་ཅིག་ཅར་མི་སྲིད་པའི་ཕྱིར་ཡང་ད་ལྟར་བ་ལ་མི་རྟག་པ་ཉིད་མི་སྲིད་དོ། །དེ་བཞིན་དུ་འདས་པ་ལ་ཡང་མི་རྟག་པ་ཉིད་མི་སྲིད་དེ།
འདས་པ་ནི་ཞིག་པ་ལ་བྱ་ན། ཞིག་ཟིན་པ་ན་སླར་ཡང་འཇིག་པར་མི་རིགས་ཏེ་དགོས་པ་མེད་པའི་ཕྱིར་དང་། རྟེན་མེད་པའི་ཕྱིར་དང་ཐུག་པ་མེད་པར་ཐལ་བར་འགྱུར་བའི་ཕྱིར་རོ། །དེ་ལྟར་ན་རེ་ཞིག །འདས་པ་དང་ནི་ད་ལྟར་བ། །འདི་ནི་མི་རྟག་འགྱུར་མིན་ལ། །

མི་རྟག་པ་ཉིད་དེ་ལས་འདས་པ་དང་ད་ལྟར་བ་གཉིས་ལས་མ་གཏོགས་པའི་གོ་སྐབས་གསུམ་པ་ཞིག་རིགས་པ་ཡང་མ་ཡིན་ནོ་ཞེས་བཤད་པ། དེ་དག་ལས་གཞན་རྣམ་པ་ནི། །གསུམ་པའང་དེ་ལ་ཡོད་མ་ཡིན། །གང་གི་ཚེ་སྐྱེས་པ་མི་རྟག་པའི་རྟེན་ལ་མི་རྟག་
པ་ཉིད་མི་སྲིད་པ་དེའི་ཚེ་ནམ་མཁའ་ལ་སོགས་པ་བཞིན་དུ་དེ་སྐྱེ་བས་སྟོང་པའི་མ་འོངས་པ་ལ་དེ་ཡོད་པར་འགྱུར་རོ་ཞེས་བྱ་བ་ནི་གཏན་མ་འབྲེལ་བ་ཞིག་གོ། །མི་རྟག་པ་ཉིད་དང་བྲལ་བ་ནམ་མཁའ་ལ་སོགས་པ་ལ་དུས་གསུམ་རྟོག་པ་རིག་པ་དང་ལྡན་པ་ཡང་མ་ཡིན་
ཏེ། དེ་བཞིན་དུ་དངོས་པོ་རང་བཞིན་དང་བཅས་པར་སྨྲ་བ་ལ་དུས་གསུམ་མི་རིགས་སོ། །འདིར་སྨྲས་པ། མ་འོངས་པའི་དངོས་པོ་ནི་ཡོད་པ་ཉིད་དེ། རྐྱེན་རྣམས་ཡོད་ན་དེ་སྐྱེ་བར་མཐོང་བའི་ཕྱིར་རོ། །སྔར་མེད་པ་ནི་མོ་གཤམ་གྱི་བུ་ལ་སོགས་པ་ལྟར་ཕྱིས་
སྐྱེ་བར་མི་དམིགས་ཏེ། དེའི་ཕྱིར་སྐྱེ་བ་མཐོང་བ་ལས་ནི་མ་འོངས་པའི་དངོས་པོ་ཡོད་དོ། །དེ་ལྟར་རྟག་ན་ཡང་། །དངོས་པོ་གང་ཞིག་ཕྱིས་སྐྱེ་བ། །དེ་ནི་གལ་ཏེ་སྔར་ཡོད་ན། །དེ་ཡི་ཕྱིར་ན་ཕྱས་སྨྲ་བ། །རྣམས་ཀྱི་ཕྱོགས་ནི་ལོག་མི་འགྱུར། །གལ་ཏེ་གང་ཞིག་སྐྱེས་
པའི་སྔ་རོལ་ན་དངོས་པོ་མེད་ཅིང་ངོ་བོ་མེད་པའི་ཕྱིས་རྒྱུ་དང་རྐྱེན་རྣམས་ཀྱིས་བསྐྱེད་པ་དེ་བསྐྱེད་པའི་སྔ་རོལ་ན་རང་གི་ངོ་བོས་ཡོད་དོ་ཞེས་བྱ་བར་རྟོག་ན་དེ་ལྟ་ཡིན་དང་། ཕྱས་སྨྲ་བ་སྟེ། རང་བཞིན་སོ་སོར་ངེས་པའི་འགྲོ་བ་རྒྱུ་མེད་པ་སྐྱེས་བུའི་བྱེད་པས་སྟོང་ཞིང་འཐད་པ་དང་འགལ་
བ་སྨྲ་བ་རྣམས་ཀྱིས་ཁས་བླངས་པ་ལོག་པར་མི་འགྱུར་བ་ཞིག་ན། དེ་དག་གི་སྨྲ་བ་ནི་ལོག་པ་མ་ཡིན་པ་ཡང་མ་ཡིན་ཏེ། དེའི་ཕྱོགས་མཐོང་བ་དང་མ་མཐོང་བ་འགལ་བའི་ཕྱིར་རོ། །དེ་རྣམས་ཀྱི་ལྟར་ན་འགྲོ་བ་སྐྱེས་བུའི་བྱེད་པ་ལ་མི་ལྟོས་པའི་ཕྱིར་རྟེན་ཅིང་འབྲེལ་
པར་འབྱུང་བ་མེད་པར་འགྱུར་ལ། དེ་མེད་པའི་ཕྱིར་འགྲོ་བ་ཐམས་ཅད་བོང་བུའི་རྭ་ལྟར་གཟུང་དུ་མེད་པར་འགྱུར་བས་གནམ་གྱིས་བསྐོས་པར་སྨྲ་བར་མི་རིགས་སོ། །གལ་ཏེ་དངོས་པོ་མ་འོངས་པ་ཡོད་པར་སྨྲ་བ་འདི་རིགས་པར་འགྱུར་ན་ནི་དེའི་ཚེ་ཕྱས་སྨྲ་བ་རྣམས་

ཀྱི་སྨྲ་བ་ཡང་རིགས་པར་འགྱུར་བས་མ་འོངས་པའི་དོན་ཡོད་པར་སྨྲ་བ་མི་རིགས་སོ། །འདི་ལས་ཀྱང་མི་རིགས་ཏེ། གང་གི་ཕྱིར། གང་ཞིག་འབྱུང་བར་བྱེད་པ་ནི། །སྔར་ཡོད་ཅེས་བྱར་མི་རིགས་ཏེ། །གལ་ཏེ་ཡོད་པ་སྐྱེ་འགྱུར་ན། །སྐྱེས་ཟིན་
པ་ཡང་འབྱུང་བར་འགྱུར། །དོན་གང་ཞིག་རྒྱུ་དང་རྐྱེན་རྣམས་ཀྱིས་འབྱུང་བ་སྟེ་སྐྱེད་པར་བྱེད་པ་དེ་ནི་སྐྱེས་པའི་སྔ་རོལ་དུ་ཡོད་དོ་ཞེས་བྱ་བར་མི་རིགས་སོ། །གལ་ཏེ་ཡོད་པ་ཉིད་དུ་འགྱུར་ན་ནི་དེའི་ཚེ་ཡོད་ཅིང་བདོག་པ་ཡང་སྐྱེ་བར་འགྱུར་ན་ཡོད་པ་ནི་ཡང་སྐྱེ་བར་རིགས་པ་ཡང་
མ་ཡིན་ཏེ། དགོས་པ་མེད་པའི་ཕྱིར་རོ། །འཁོར་བའི་བར་དུ་ཡང་དང་ཡང་དུ་སྐྱེ་བར་སྐྱེ་བ་ཡོངས་སུ་མ་རྫོགས་པར་གྱུར་པའི་དོན་གཅིག་ཁོ་ན་ཐུག་པ་མེད་པར་ཐལ་བའི་ཕྱིར་དེ་ལ་དངོས་པོ་གཞན་མི་འཇུག་པར་རྒྱུ་དང་འབྲས་བུའི་དངོས་པོ་འགལ་བར་གྱུར་ན་དངོས་པོ་རྒྱུ་དང་
འབྲས་བུར་གྱུར་པ་རྣམས་ལ་རྒྱུན་རྗེས་སུ་འཇུག་པ་འདི་ཡོད་པ་ཡང་མ་ཡིན་པས་དངོས་པོ་མ་འོངས་པར་ཡོད་པར་སྨྲ་བར་མི་རིགས་སོ། །འདིར་སྨྲས་པ། མ་འོངས་པ་ནི་ཡོད་པ་ཉིད་དེ། དེ་ལ་དམིགས་པ་རྣལ་འབྱོར་པའི་སྨོན་ལམ་ཤེས་པ་ཡོད་པའི་ཕྱིར་དང་། དོན་
ཇི་ལྟ་བ་བཞིན་དུ་མ་འོངས་པ་ལུང་བསྟན་པའི་ཕྱིར་དང་། དེ་ཡང་དེ་ཁོ་ན་ལྟར་ཡོད་པའི་ཕྱིར་རོ། །མོ་གཤམ་གྱི་བུ་ལ་སོགས་པ་ལ་ནི་འདི་སྲིད་པ་མ་ཡིན་ནོ། །བཤད་པར་བྱ་སྟེ། ཁྱོད་ཀྱི་རྟོག་པས། མ་འོངས་པ་ཡི་དངོས་མཐོང་ན། །དངོས་པོ་མེད་པ་ཅིས་
མི་མཐོང་། །སྐྱེ་བའི་སྔ་རོལ་གྱི་གནས་སྐབས་ན་མ་འོངས་པའི་དངོས་པོ་རང་གི་ངོ་བོས་དངོས་པོ་ཡོད་པ་མ་ཡིན་ནོ་ཞེས་བསྟན་ཟིན་ཏོ། །གལ་ཏེ་ཡོད་པ་མ་ཡིན་པའི་དངོས་པོ་རྣལ་འབྱོར་པ་རྣམས་ཀྱིས་མཐོང་ན་ནི་མོ་གཤམ་གྱི་བུ་ལ་སོགས་པ་དག་ཀྱང་མཐོང་བར་འགྱུར་
རོ། །གཉིས་ཀ་ཡང་རང་བཞིན་མེད་པ་ཉིད་དུ་མཚུངས་བཞིན་དུ་དེས་གཅིག་མཐོང་ལ་ཅིག་ཤོས་མ་ཡིན་ནོ་ཞེས་བྱ་བར་མི་རིགས་སོ། །ཡང་ཅི་རྣལ་འབྱོར་པ་རྣམས་ཀྱིས་མ་འོངས་པ་མི་མཐོང་ངམ་ཞེ་ན། ཇི་ལྟར་ཁྱེད་ཅག་ཡོངས་སུ་རྟོགས་པར་བྱེད་པ་དེ་ལྟར་མི་

མཐོང་ངོ་། །ཇི་ལྟར་མ་འོངས་པའི་དོན་དེ་ད་ལྟར་བའི་གནས་སྐབས་སུ་འགྱུར་བར་བྱ་དགོས་པ་དེ་ལྟར། དེ་རྣམས་ལ་སྨོན་ནས་ཤེས་པའི་སྟོབས་ཀྱིས་དྲངས་པའི་ཏིང་ངེ་འཛིན་གྱི་ཁྱད་པར་ལས་ཤེས་པ་དེ་སྐྱེ་བ་ན་དེ་ལྟར་དོན་གྱི་རྣམ་པ་ཡོངས་སུ་རྟོག་ཅིང་སྐྱེའི་ཤེས་པ་དེ་ད་ལྟར་
བའི་སྔོན་པོ་ལ་དམིགས་པའི་ཤེས་པ་ལྟར་ཉེ་བར་གྱུར་པའི་རྣམ་པའི་རྗེས་སུ་བྱེད་པར་ནི་མི་སྐྱེ་སྟེ། ཤེས་པའི་དོན་དེ་ད་ལྟར་བ་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་རོ། །དངོས་པོ་ཡོད་པར་སྨྲ་བའི་ལྟར་ན་ནི་ཇི་སྲིད་དུ་དངོས་པོ་དེའི་ཡོད་པ་ཉིད་ཡིན་པ་དེ་སྲིད་དུ་དེ་ལྟར་རང་གི་ངོ་བོ་
ཡང་ཡིན་པ་ཉིད་ལ་གང་གི་ཚེ་རང་གི་ངོ་བོ་དང་བྲལ་བ་དེའི་ཚེ་དེ་ལ་དངོས་པོ་དེ་རྣམ་པ་ཐམས་ཅད་དུ་མེད་པའི་ཕྱིར་བོང་བུའི་རྭ་དང་འདྲ་བར་གཉིས་སུ་སྨྲ་བ་ལས་མ་འདས་པའི་ཕྱིར་འདིའི་མངོན་པར་འདོད་པ་ཐམས་ཅད་འགྲིགས་དཀའ་བར་འགྱུར་རོ། །དངོས་པོ་
རང་བཞིན་མེད་པར་སྨྲ་བའི་ལྟར་ན་ནི་དངོས་པོའི་རང་གི་ངོ་བོ་རྣམ་པ་ཐམས་ཅད་དུ་མི་སྲིད་པ་ལས་དངོས་པོའི་རྟོག་པ་ཐག་རིང་པོར་སྤངས་པ་ཡིན་ནོ། །གང་གིས་སྐྱེ་བར་འགྱུར་བར་བྱ་དགོས་པ་དེ་ནི་མེད་པ་ཉིད་མ་ཡིན་ནོ། །གལ་ཏེ་དེ་མེད་པ་ཉིད་དུ་འགྱུར་ན་ནི་དེའི་ཚེ་
བོང་བུའི་རྭ་ལ་སོགས་པ་ལྟར་སྐྱེ་བར་མི་འགྱུར་རོ། །ཅི་སྟེ་ཡོད་པ་ཉིད་དུ་འགྱུར་ན་ནི་དེའི་ཚེ་ད་ལྟ་བ་ཉིད་བཞིན་དུ་སྐྱེ་བར་མི་འགྱུར་བ་ཞིག་ན། དེ་ལ་སྐྱེ་བའང་ཡོད་དེ། དེའི་ཕྱིར་གཉིས་མེད་པར་སྨྲ་བ་འདི་འགྲུབ་བོ། །གང་གི་ཕྱིར་དེ་ལ་མེད་པ་དེ་ཉིད་ཀྱི་ཕྱིར་
མ་འོངས་པ་མཐོང་བ་མི་འགལ་ལ། །གང་གི་ཕྱིར་ཡོད་པ་ཉིད་ཡོད་པ་མ་ཡིན་པ་དེ་ཉིད་ཀྱི་ཕྱིར་མ་འོངས་པའི་བསྙད་པ་ཡང་གྲུབ་པོ། །འདི་ཡང་འཇིག་རྟེན་པའི་ཐ་སྙད་ཡིན་གྱི་དོན་དམ་པ་ནི་མ་ཡིན་པས་འདི་ལ་གཅིག་ཏུ་ངེས་པར་འཐད་པ་མི་འཇུག་གོ། །སངས་
རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་མ་འོངས་པའི་ཡེ་ཤེས་གང་ཡིན་པ་དེ་ནི་སྔོན་གྱི་སྨོན་ལམ་གྱི་བྱིན་གྱི་རླབས་ཀྱིས་འཕངས་པའི་སྒྲ་དོན་ཇི་ལྟ་བ་བཞིན་སྟོན་པར་བྱེད་པ་ཐོས་པའི་སྟོབས་བསྐྱེད་པ་ལས་དེ་རྣམ་པ་དེ་ལྟ་བུའི་ཆོས་ཉན་པར་འགྱུར་བའི་ལས་ཀྱི་མཐུས་

ཤེས་པའི་རྒྱུད་ཡོངས་སུ་འགྱུར་ཞིང་དེ་ལྟ་བུའི་རྣམ་པ་དང་རྗེས་སུ་འབྲེལ་པའི་ཤེས་པ་སྐྱེས་པ་རྣམས་ཀྱིས་དེ་བཞིན་གཤེགས་པའི་བྱིན་གྱི་རླབས་ཀྱིས་དོན་དེ་རྟོགས་པ་ན་དོན་ཇི་ལྟ་བ་བཞིན་དུ་རྟོགས་པར་འགྱུར་ཞིང་། དུས་གཞན་
དུའང་དོན་དེ་ལྟ་བར་འགྱུར་བ་དེ་དེ་ཁོ་ན་ལྟར་ཁོང་དུ་ཆུད་པར་འགྱུར་རོ། །དེ་ལྟར་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་མ་འོངས་པའི་ཡེ་ཤེས་རྣམ་པར་གཞག་གི །ཆོས་ཀྱི་རང་བཞིན་ལ་བཞུགས་པ་དེ་རྣམས་ཀྱི་ཅུང་ཟད་ཅིག་གཟིགས་པའམ་གསུང་བ་
ནི་མ་ཡིན་ཏེ། སྤྲོས་པས་ཆོག་གོ། །དེ་བཞིན་གཤེགས་པའི་གསང་བའི་མདོ་ལས། འཁྲུལ་འཁོར་ལས་བྱས་སིལ་སྙན་ནི། །རླུང་གིས་བསྐུལ་བས་སྒྲ་འབྱིན་ཅིང་། །དེ་ལ་རྡུང་བ་འགའ་མེད་མོད། །དེ་ལྟར་ན་ཡང་སྒྲ་འབྱིན་ལྟར། །དེ་བཞིན་སྔོན་ལེགས་
སྦྱངས་པའི་ཕྱིར། །སེམས་ཅན་ཀུན་གྱི་བསམ་པ་ཡིས། །བསྐུལ་བའི་སངས་རྒྱས་གསུང་འབྱུང་མོད། །དེ་ལ་འདིར་རྟོག་ཡང་མི་མངའ། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ལྟར་ན་རེ་ཞིག་མ་འོངས་པའི་དངོས་པོ་ཡོད་པར་སྨྲ་བ་ལ་མ་འོངས་པ་མཐོང་བ་
མི་སྲིད་དོ། །གཞན་ཡང་གང་གི་ལྟར་ན་མ་འོངས་པའི་དོན་རང་གི་ངོ་བོས་ཡོད་པ་དེའི་ལྟར་ན་དེ་རིང་བར་མི་འགྱུར་བ་ཞིག་ན། དེ་ལ་རིང་བ་ཉིད་ཡོད་པ་ཡང་ཡིན་ནོ། །ཆོས་རིང་བ་རྣམས་གང་དག་ཅིག་ཅེ་ན། འདས་པ་དང་མ་འོངས་པའོ། །ཆོས་ཉེ་བ་རྣམས་ཀྱང་གང་
དག་ཅིག་ཅེ་ན། ད་ལྟར་བྱུང་བའོ་ཞེས་ཁས་བླངས་པའི་ཕྱིར་དེའི་ལྟར་ན་མ་འོངས་པ་རིང་བ་ཡིན་ནོ། །འདིའི་རིང་བ་ཉིད་དེ་ཡང་མི་རིགས་སོ་ཞེས་བསྟན་པའི་ཕྱིར་བཤད་པ། གང་ལ་མ་འོངས་ཡོད་འགྱུར་བ། །དེ་ལ་རིང་བ་ཡོད་མ་ཡིན། །ད་ལྟར་བ་བཞིན་ཡོད་པའི་
ཕྱིར་རོ་སྙམ་དུ་དགོངས་པའོ། །འདིས་དགེ་བའི་བཤེས་གཉེན་དང་ཕྲད་པས་ཆོས་མཉན་པའི་སྒོ་ནས་དབང་པོ་ཡོངས་སུ་སྨིན་པ་ལས་བྱུང་བའི་རྐྱེན་གྱིས་སྦྱིན་པ་དང་ཚུལ་ཁྲིམས་ལ་སོགས་པའི་བདག་ཉིད་ཅན་གྱི་ཆོས་བྱ་དགོས་པ་གང་ཡིན་པ་དེ་ཡང་མ་འོངས་པའི་དོན་ཡོད་པར་སྨྲ་བའི་

བའི་ཕྱིར་དེ་ལ་ཡོད་པ་ཉིད་དོ། །དེའི་ཚེ། གལ་ཏེ་བྱས་པ་མེད་ཀྱང་ཆོས། །ཡོད་ན་ངེས་སྡོམ་དོན་མེད་འགྱུར། །གང་གི་དོན་དུ་འདི་ལུས་དང་ངག་དང་ཡིད་རྣམས་ཡང་དག་པར་སྡོམ་པའི་ཆོས་དེ་འདི་ལ་མ་བྱས་པ་ཁོ་ནར་ཡོད་པས་དེ་ཉེ་བར་བསག་པར་བྱ་བའི་
ཕྱིར་ངེས་པར་སྡོམ་པའི་ངལ་བ་དོན་མེད་པར་འགྱུར་ཏེ་མེད་ཀྱང་དེ་ཡོད་པའི་ཕྱིར་རོ། །ཅི་སྟེ་འདིའི་ངེས་པར་སྡོམ་པ་དེས་ཆོས་དེ་ལ་ཁྱད་པར་འགའ་ཞིག་སྒྲུབ་ན་ནི། ཁྱད་པར་དེ་ཉིད་སྔར་མེད་བཞིན་ན་ཕྱིས་བྱེད་པས་འདིའི་མ་འོངས་པའི་དོན་ཡོད་པར་སྨྲ་བ་ཉིད་
ཉམས་པར་འགྱུར་རོ་ཞེས་བསྟན་པའི་ཕྱིར་བཤད་པ་ནི། ཅི་སྟེ་ཅུང་ཟད་བྱེད་ན་ཡང་། །འབྲས་བུ་ཡོད་པ་མི་སྲིད་དོ། །ཞེས་བྱ་བའོ། །གཞན་ཡང་གང་གིས་འདུ་བྱེད་རྣམས་མི་རྟག་གོ་ཞེས་ཁས་བླངས་པ་དེའི་ལྟར་ན་མི་རྟག་པ་ཉིད་དུས་གསུམ་ཆར་
ལ་ཡང་མི་འཁྲུལ་བའི་ཕྱིར་གང་མི་རྟག་པ་དེ་སྔ་ཕྱིའི་ཆ་གཉིས་ངེས་པར་ཡོད་པ་མ་ཡིན་པར་འགྱུར་བར་བྱ་དགོས་ཏེ། དེ་ལྟར་ཡིན་ན་ནི་འདིའི་མི་རྟག་པ་ཉིད་དུ་འགྲུབ་པར་འགྱུར་རོ། །ཅི་སྟེ་སྐྱེ་བའི་སྔོན་དང་ཕྱིས་ཀྱི་གནས་སྐབས་གཉིས་ན་དེ་ཡོད་པ་ཉིད་དུ་འགྱུར་
ན་ནི་དེའི་ཚེ་དེ་རྟག་པ་ཉིད་དུ་འགྱུར་རོ། །ཅི་སྟེ་འདིར་མི་རྟག་པ་ཉིད་ཁས་ལེན་ན་ནི། དེའི་ཚེ་དེའི། མི་རྟག་ཡིན་ན་ཇི་ལྟ་བུར། །འབྲས་བུ་ཡོད་ཅེས་བྱ་བར་འགྱུར། །འདི་གཉིས་ནི་ཕན་ཚུན་འགལ་བའི་ཕྱིར་རོ་ཞེས་བྱ་བར་དགོངས་སོ། །འདི་ལྟར།
གང་ལ་ཐོག་མ་མཐའ་ཡོད་པ། །དེ་ལ་འཇིག་རྟེན་མི་རྟག་བཤད། གང་གི་སྔ་རོལ་དུ་དངོས་པོ་གཞན་མེད་པ་དེ་ནི་འཇིག་རྟེན་ནི་ཐོག་མ་ཞེས་བྱ་ལ། གང་གི་འོག་རོལ་ཏུ་དངོས་པོ་གཞན་མེད་པ་དེ་ནི་མཐའ་ཞེས་བརྗོད་ལ། དོན་གང་ལ་ཐོག་མ་དང་ཐ་མ་ཡོད་པ་དེ་ནི་
མི་རྟག་པའོ་ཞེས་འཇིག་རྟེན་ན་མངོན་པར་འདོད་དོ། །དངོས་པོ་ལ་ནི་གང་ཞིག་སྐྱེ་བས་བྱེད་པ་དང་པོ་ཡོད་ཅིང་། གང་ཞིག་མི་རྟག་པ་ཉིད་ཀྱིས་བྱེད་པ་ཐ་མ་ཡང་ཡོད་དེ་དེའི་ཕྱིར་ཐོག་མ་དང་ཐ་མ་ཡང་ཡོད་པས་རྟག་པར་སྨྲ་བ་མེད་པ་དང་། དེའི་འབྲས་བུ་ཡོད་པར་

སྨྲ་བ་མི་རིགས་སོ། །གང་ཞིག་འབྲས་བུ་ཡོད་པར་སྨྲ་བ་ལ་སྐྱོན་མཐོང་བས་མ་འོངས་པ་མེད་དོ་ཞེས་བྱ་བར་རྟོགས་པ་དེའི་ལྟར་ན་ཡང་། སྒྲིམ་པ་མེད་པར་ཐར་འགྱུར་ཏེ། །གྲོལ་ལ་མ་འོངས་ཡོད་མ་ཡིན། །མ་འོངས་པའི་ཉོན་མོངས་པ་དང་སྐྱེ་
བ་མེད་པར་སྒྲིམ་པར་འགྱུར་ཏེ་འཕགས་པའི་ལམ་བསྐྱེད་པ་མེད་པར་ཡང་འདི་གྲོལ་བར་འགྱུར་རོ། །གྲོལ་བ་རྣམས་ལ་ནི་འཕགས་པའི་ལམ་གྱི་སྟོབས་ཀྱིས་མ་འོངས་པའི་ཉོན་མོངས་པ་དང་སྐྱེ་བ་གཉིས་མི་སྐྱེ་བའི་ཕྱིར་མ་འོངས་པ་མེད་པ་མ་ཡིན་ནོ། །ཇི་ལྟར་གྲོལ་བ་རྣམས་
ལ་མ་འོངས་པ་མེད་པར་སྒྲིམ་པ་མེད་པར་སྒྲུབ་པར་བྱེད་པ་ཡིན་ཏེ་དེ་རྣམས་བཞིན་དུ་འབྲས་བུ་མ་འོངས་པ་མེད་པར་སྨྲ་བ་འདི་ཡང་སྒྲིམ་པ་མེད་པར་ཐར་བར་འགྱུར་ན། འདི་ནི་དེ་ལྟར་ཡང་མ་ཡིན་པས་འབྲས་བུ་མེད་པར་སྨྲ་བར་མི་རིགས་སོ། །ཐར་པར་ཐལ་བར་འགྱུར་
བ་འབའ་ཞིག་ཏུ་མ་ཟད་ཀྱི། འདིའི་ཕྱིར་ན་རྒྱུ་མེད་པ་ཅན་དུ་སྨྲ་བར་ཡང་འགྱུར་རོ་ཞེས་བསྟན་པའི་ཕྱིར་བཤད་པ། ཆགས་མེད་པར་ཡང་འདོད་ཆགས་ནི། །དེ་ལྟར་ཡིན་དང་འབྱུང་བར་འགྱུར། །མ་འོངས་པ་མེད་ན་རྣམ་པར་ཤེས་པ་སྐྱེའོ་ཞེས་བྱ་བར་མི་
འགྱུར་ཏེ། རྣམ་པར་ཤེས་པ་ནི་མ་འོངས་པ་ཉིད་ཀྱི་ཕྱིར་ཡོད་པ་མ་ཡིན་ནོ། །དེ་ལྟར་ཡིན་དང་རྟེན་མེད་པའི་སྐྱེ་བའི་བྱ་བ་མི་འབྱུང་ངོ་། །དེ་བཞིན་དུ་ཆགས་པའི་རྟེན་ཅན་འདོད་ཆགས་ཀྱང་སྐྱེ་བའི་བྱ་བ་བཞིན་རྟེན་གཞན་གྱི་དབང་ཡིན་ཏེ། དེ་ཆགས་པ་མེད་པར་
འདོད་ན་རྒྱུ་མེད་པ་ཅན་ཉིད་དུ་འགྱུར་ན། རྒྱུ་མེད་པ་ཅན་ནི་སྲིད་པ་ཡང་མ་ཡིན་ཏེ། དགྲ་བཅོམ་པ་ལ་ཡང་འདོད་ཆགས་ཡོད་པར་ཐལ་བར་འགྱུར་བའི་ཕྱིར་རོ། །དེའི་ཕྱིར་རྒྱུ་མེད་པ་ཅན་གྱི་སྐྱེ་བ་མེད་དོ། །གང་གི་ཚེ་སྐྱེ་བ་རྒྱུ་མེད་པ་ཅན་མི་སྲིད་པ་དེའི་ཚེ་མ་འོངས་པ་
མེད་པ་ཉིད་དུ་མི་རིགས་སོ། །ཡང་གི་སྒྲས་ནི་ཆགས་པ་མེད་པར་ཡང་འདོད་ཆགས་སུ་འགྱུར་བའམ། ཡང་ན་མ་འོངས་པ་མེད་པ་མ་ཡིན་ནོ་ཞེས་བྱ་བར་རྣམ་པར་རྟོག་པའི་དོན་ཏོ། །ད་ནི་འབྲས་བུ་ཡོད་པ་དང་མེད་པར་སྨྲ་བ་གཉི་གའི་ལྟར་ན་ཡང་རྒྱུས་འབྲས་བུ་

སྒྲུབ་པར་མི་ནུས་པ་མངོན་པར་གསལ་བར་བྱ་བའི་ཕྱིར་བཤད་པ། འབྲས་བུ་ཡོད་ཉིད་གང་འདོད་དང་། །འབྲས་བུ་མེད་ཉིད་གང་འདོད་པ། །ཁྱིམ་གྱི་དོན་དུ་ཀ་བ་ལས། །སོགས་པའི་རྒྱན་ནི་དོན་མེད་འགྱུར། །གྲངས་ཅན་དང་བྱེ་བྲག་ཏུ་སྨྲ་བ་དག་གི་ནི་འབྲས་བུ་
ཡོད་པར་སྨྲ་བ་ཉིད་དོ། །གྲངས་ཅན་པའི་ལྟར་ན་ནི་གང་ཞིག་ཡོད་པ་དེ་ཡོད་པ་ཁོ་ན་ཡིན་ལ། གང་ཞིག་ཡོད་པ་མ་ཡིན་པ་དེ་མེད་པ་ཁོ་ན་སྟེ། མེད་པ་ལ་སྐྱེ་བ་མེད་ཅིང་ཡོད་པ་ལ་འཇིག་པ་མེད་དོ་ཞེས་ཁས་ལེན་ཏོ། །དེ་ནི་མེད་པ་མི་བྱེད་པའི་ཕྱིར་དང་ཉེ་བར་ལེན་པ་འཛིན་
པའི་ཕྱིར་དང་། ནུས་པས་ནུས་པ་བྱེད་པའི་ཕྱིར་དང་ཞེས་བྱ་བ་ལ་སོགས་པས་འབྲས་བུ་ཡོད་པ་ཉིད་སྐྱེ་སྟེ། འབྲས་བུ་མེད་པར་སྨྲ་བ་ཡིན་ན་ནི་ཐམས་ཅད་ཐམས་ཅད་ལས་འབྱུང་བར་འགྱུར་ན། འདི་ནི་དེ་ལྟར་ཡང་མ་ཡིན་ནོ། །དེའི་ཕྱིར་ཡོད་པ་ཁོ་ན་འབྲས་བུར་འགྱུར་རོ་
སྙམ་དུ་སེམས་སོ། །བྱེ་བྲག་ཏུ་སྨྲ་བ་པ་ཡང་རང་བཞིན་མ་བྱུང་བ་ལས་འབྱུང་བར་ཐལ་བར་འགྱུར་བས་འཇིགས་པས་དུས་གསུམ་ཆར་དུ་ཡང་ཡོད་པ་ཉིད་དུ་རྟོག་ཅིང་ཚོགས་པ་ཡང་གནས་སྐབས་ཀྱི་འབྲས་བུ་ཅན་ཡིན་གྱི། རྫས་ཀྱི་འབྲས་བུ་ཅན་མ་ཡིན་པས་དུས་
གསུམ་ཀར་རྣམ་པར་གནས་པའི་རང་གི་མཚན་ཉིད་ཀྱི་རྫས་ནི་རྒྱུ་དང་རྐྱེན་གྱི་ཚོགས་པས་ད་ལྟར་བའི་གནས་སྐབས་ཙམ་ཞིག་ཏུ་བྱེད་ཀྱི། སྔ་ན་མེད་པའི་རྫས་བསྐྱེད་པ་མ་ཡིན་ནོ་སྙམ་དུ་སེམས་སོ། །བྱེ་བྲག་པ་དང་མདོ་སྡེ་པ་དང་རྣམ་པར་ཤེས་པར་སྨྲ་བ་དག་
ནི་འབྲས་བུ་མེད་པར་སྨྲ་བ་དག་སྟེ། དེ་དག་གིས་ནི་འབྲས་བུ་ཡོད་པ་སྐྱེ་བ་དོན་མེད་པར་སེམས་ཤིང་འབྲས་བུ་མེད་པ་ཁོ་ན་སྐྱེའོ་ཞེས་བྱ་བར་རྟོགས་སོ། །དེ་ལ་བྱེ་བྲག་པ་རྣམས་ཀྱི་ནི་ས་ལ་སོགས་པའི་རྡུལ་ཕྲ་རབ་རྣམས་ལས་དོན་གཞན་རྡུལ་གཉིས་འདུས་
པ་ལ་སོགས་པ་ཡན་ལག་ཅན་གྱི་རྫས་སྐྱེ་བར་རྟོགས་ཤིང་འབྲས་བུ་མེད་པ་ཁོ་ན་སྐྱེའོ་ཞེས་བྱ་བ་ལ་སོགས་པར་རྟོགས་སོ། །དེ་བཞིན་དུ་མདོ་སྡེ་པ་རྣམས་ཀྱང་དགེ་སློང་དག་དེ་ལྟར་ན་མིག་ནི་མ་བྱུང་བ་ལས་འབྱུང་ཞིང་བྱུང་ནས་ཀྱང་རྣམ་པར་འཇིག་པར་འགྱུར་རོ་ཞེས་

བྱ་བའི་ལུང་ལས་ནི་གཏན་ཚིགས་སྔ་མ་འབྲས་བུ་མེད་པ་སྐྱེའོ་སྙམ་དུ་སེམས་སོ། །རྣམ་པར་ཤེས་པར་སྨྲ་བ་རྣམས་ཀྱང་དངོས་པོའི་རྣམ་པ་མཐའ་དག་སྐྱེ་བའི་རྒྱུ་བག་ཆགས་ཀྱི་ཁྱད་པར་གཞག་པས་ཀུན་གཞི་རྣམ་པར་ཤེས་པའི་བག་ཆགས་ཡོངས་སུ་
སྨིན་པའི་རྐྱེན་ཉེ་བ་ལས་འཇུག་པའི་རྣམ་པར་ཤེས་པ་ལ་སོགས་པ་གང་དང་གང་སྐྱེ་བ་དེ་དང་དེ་ནི་མེད་པ་ཁོ་ན་སྐྱེའོ་ཞེའོ། །དེ་ལྟར་ན་རྒོལ་བ་དེ་དག་ནི་འབྲས་བུ་ཡོད་པ་དང་མེད་པར་སྨྲ་བ་ཉིད་ལས་མི་འདའ་སྟེ། བདག་ཉིད་ཇི་ལྟ་བ་བཞིན་དུ་དངོས་པོའི་རང་གི་མཚན་ཉིད་ཁས་
བླངས་པའི་ཕྱིར་ལ། དེ་ཡང་ཡོད་པ་དང་མེད་པར་རྟོག་པ་གཉིས་ལས་ཐ་དད་པར་རྣམ་པ་གཞན་དུ་བརྟག་པར་མི་ནུས་པའི་ཕྱིར་རོ། །དེའི་ཕྱིར་རྒོལ་བ་གཉིས་པོ་འདི་དག་ལས་རེ་ཞིག་འབྲས་བུ་ཡོད་པར་སྨྲ་བ་ལ་ཁྱིམ་གྱི་དོན་དུ་ཀ་བ་དང་སྒོ་སྐྱེས་ལ་སོགས་པ་རྣམས་ཀྱི་
རྒྱན་པ་ཏྲ་དང་བྱ་ལ་སོགས་པ་བཀོད་པའི་ཁྱད་པར་སྤྲས་པའི་བདག་ཉིད་ཅན་
Luận tạng Tây Tạng (Tengyur) — Tập 103 | Tra cứu Kinh điển | Tàng Kinh Việt