Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 94

Văn bản gốc(Tây Tạng)

Trang 1 / 21 (50.000 ký tự/trang)
༄༅༅། །རྒྱ་གར་སྐད་དུ། བྷ་ག་ཝ་ཏྱཱ་མ་ནཱ་ཡཱ་ནུ་སཱ་རི་ཎི་ནཱ་མ་བྱཱ་ཁྱཱམ། བོད་སྐད་དུ། བཅོམ་ལྡན་འདས་མའི་མན་ངག་གི་རྗེས་སུ་འབྲང་བ་ཞེས་བྱ་བའི་རྣམ་པར་བཤད་པ། འཕགས་པ་
ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་ལ་ཕྱག་འཚལ་ལོ། །གང་ལ་ཀུན་རྟོག་དང་ནི་རྣམ་པར་རྟོག་པའི་ངོ་བོ་སྤང་བྱས་ཏེ། །གཟུགས་ལ་སོགས་པ་ཡང་ནི་དེ་བཞིན་ཉིད་དང་རོ་གཅིག་སྨྲ། །རྟག་པ་ལ་སོགས་
ཉེ་བར་བཟློག་པའི་དབང་གིས་མངོན་པར་དགའ་བ་ཡིས། །བདུད་སྡང་བ་ཡི་མཆོག་གི་ཡུམ་དེ་ལ་འདིར་བདག་ཉིད་ཀུན་ནས་འདུད། །གང་ཞིག་སངས་རྒྱས་རྣམས་ཀྱི་ཡུམ། །བརྒྱད་སྟོང་པ་འདི་
བདག་གིས་ནི། །སྔོན་གྱི་མན་ངག་རྗེས་འབྲངས་ནས། །འདི་ཡི་རྣམ་བཤད་བརྩམ་པར་བྱ། །ཐུབ་པའི་རྒྱལ་པོའི་ཡུམ་འདི་མགོན་པོ་བྱམས་པ་ལས། །འཕགས་པའི་ལམ་ནི་ཐོབ་པ་ཐོགས་མེད་ཅེས་བྱས་
འདིར། །དོན་ནི་གང་ཞིག་ཐོབ་གྱུར་དེ་ནི་བདག་གིས་སྦྱར། །ཐལ་སྦྱར་གསོལ་འདེབས་དོན་དུ་བདག་གིས་བརྩོན་འགྲུས་བརྩམ། །གྲོགས་ངན་བོར་ལ་ལམ་ངན་རྣམས་ལ་རྒྱལ་པོའི་ལམ་དུ་འཁྲུལ་པ་མི་བྱེད་

པར། བདག་གིས་གོམ་གཞག་རྗེས་སུ་གོམ་པ་རྣམ་པར་བཀོད་ནས་ལམ་བཟང་དག་ལ་བུ་ཁྱེད་ཤོག །གང་དང་གང་དུ་ཡང་ནི་རིང་ནས་འབྱུང་བ་བདག་གིས་གང་དུ་དཀའ་བས་ངོ་མཚར་བ། །དམ་པ་ཚད་མར་གྱུར་པ་
འཁོར་ལོས་སྒྱུར་བའི་ཞབས་ཀྱི་དགོད་པ་འདི་ནི་མཆོག་ཏུ་བླང་། །བསྐལ་པ་བཟང་པོའི་དེ་བཞིན་གཤེགས་པ་རྣམས་ཀྱི་གཟུགས་ཀྱི་སྐུ་དང་དམ་པའི་ཆོས་ཀྱི་ཚོགས་བསྲུང་བར་རྟོགས་པའི་ཕྱིར་འཕགས་པ་ཕྱག་ན་རྡོ་རྗེ་བྱང་ཆུབ་སེམས་དཔའ་ཆེན་པོ་ལ་
འཁོར་གྱི་ནང་དུ་དྲིས་པ་དང་། འདི་སྐད་བདག་གིས་ཐོས་པ་ཞེས་བྱ་བས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བཤད་པ་འདི་བདག་གིས་ཐོས་པ་ཡིན་པར་འཕགས་པ་བྱམས་པ་ལ་ཁས་འཆེས་སོར། བཅོམ་ལྡན་འདས་ཀྱིས་འདི་སྐད་བཤད་དོ་ཞེས་ཅིའི་ཕྱིར་
མ་བརྗོད་ཅེ་ན། བཅོམ་ལྡན་འདས་ཀྱི་བསྟན་པ་རྔོམ་བརྗིད་འདི་རང་གི་ཡུལ་མ་ཡིན་པའི་ཕྱིར་ཏེ། གང་གི་ཕྱིར་དེ་ལྟར་ན་བཅོམ་ལྡན་འདས་ཀྱིས་དེ་བཞིན་གཤེགས་པའི་གསང་བའི་མདོ་ལས་གསུངས་པའི་རིམ་པས་དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་སྤྱོད་
ཡུལ་མཐར་ཐུག་པ་མེད་པའི་འཇིག་རྟེན་གྱི་ཁམས་སྣ་ཚོགས་ནས་འདུས་པའི་གདུལ་བྱའི་རིགས་སྣ་ཚོགས་པའི་ལྷག་པར་མོས་པ་དང་། ལྟ་བ་སྣ་ཚོགས་པས་ཐ་དད་པར་གྱུར་པ་རྣམས་ལ་སྣ་ཚོགས་པའི་སྐད་ཀྱིས་སྣ་ཚོགས་པའི་དོན་རྣམས་སྐད་ཅིག་མ་

གཅིག་ལ་ཉེ་བར་རྗེས་སུ་སྟོན་པར་མཛད་དེ། དེ་བཞིན་གཤེགས་པའི་གདུལ་བྱ་རྣམས་ལ་སྟོན་པར་བྱེད་པའི་རིམ་པ་དེ་ནི་རྣམ་པ་ཐམས་ཅད་དུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྱོད་ཡུལ་མ་ཡིན་ནོ། །སྤྱོད་ཡུལ་དུ་གང་གྱུར་པ་ཡིན་པ་དེ་ཡང་སྡུད་པའི་གོ་རིམས་ཀྱིས་བཤད་པར་ནུས་པ་དེའི་ཕྱིར་ཆོས་
སྡུད་པར་རུང་བ་དང་བདག་ཉིད་ཀྱི་སྤྱོད་ཡུལ་ཆོས་སྟོན་པའི་གོ་རིམས་གཞན་བཟུང་ནས། འདི་སྐད་བདག་གིས་ཐོས་པ་ཞེས་བྱ་བས་བདག་ཉིད་ཀྱི་རྣ་བའི་ལམ་དུ་འོངས་པའི་རིམ་པ་སོ་སོར་སྟོན་པར་བྱེད་པ་ཡིན་ནོ། །བསྟན་པའི་མཐར་ཡང་དེ་སྐད་ཅེས་བཀའ་སྩལ་ནས་ཞེས་བྱ་བ་ནས་ཉེ་བར་སྡུད་
པར་བྱེད་པ་ཡིན་གྱི་འདི་སྐད་བཀའ་སྩལ་ཞེས་བྱ་བ་ནི་མ་ཡིན་ནོ། །གཞན་དུ་ཡང་སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ངག་གིས་གཞན་རྣམས་ལ་ཆོས་སྟོན་པར་མཛད་པ་ནི་མ་ཡིན་ཏེ། གང་གི་ཕྱིར་དོན་དམ་པ་ནི་བརྗོད་པར་བྱ་བ་མ་ཡིན་ལ་དེ་བཞིན་གཤེགས་པ་རྣམས་ནི་རྟག་ཏུ་མཉམ་པར་བཞག་
པ་དང་། རྣམ་པར་མི་རྟོག་པ་ལྷུན་གྱིས་གྲུབ་པ་སྟེ། འོན་ཀྱང་སྔོན་གྱི་སྨོན་ལམ་གྱི་སྟོབས་དང་སེམས་ཅན་རྣམས་ཀྱི་ལས་ཀྱི་དབང་གིས་ཇི་ལྟ་ཇི་ལྟར་གདུལ་བྱ་རྣམས་རང་རང་གི་སྐད་རྣམས་ཀྱིས་ཆོས་སྟོན་པ་ངེས་པར་འབྱུང་བར་ཡང་དག་པར་ཤེས་པ་ཡིན་ཏེ། ཆོས་ཀྱི་སྐུའི་དབང་གིས་བྱུང་བས་དམ་
པའི་ཆོས་ལ་གུས་པ་བསྐྱེད་པའི་ཕྱིར་ཉེ་བར་སྡུད་པའི་མཐར་བསྟན་པ་ལ་དེ་ལྟར་འཇུག་པ་ཡིན་ལ། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས་ཞེས་བཤད་པ་ཡིན་ནོ། །སླར་མདོ་སྡེ་འགའ་ཞིག་ལས་འཇིག་རྟེན་པ་དག་པའི་རྣམ་པར་རྟོག་པ་ལ་མངོན་དུ་ཕྱོགས་པར་བྱེད་པའི་ཕྱིར་ཡང་ཆོས་སྟོན་པ་
བཤད་པར་མཛད་པ་ཡིན་ཏེ། ཕྱོགས་དེ་ལ་འདི་སྐད་ཅེས་བཀའ་སྩལ་པ་ཞེས་བྱ་བ་ནི་གཙོ་བོ་ཁོ་ན་ཡིན་ནོ། །དུས་གཅིག་ན་ཞེས་བྱ་བ་ནི་གང་ཡང་རུང་བའི་དུས་ན་ཞེས་བྱ་བའི་ཐ་ཚིག་གོ། །ཅིའི་ཕྱིར་དུས་ངེས་པ་མ་མཛད་ཅེ་ན། དགོས་པ་མེད་པའི་ཕྱིར་ཏེ། ཟླ་བ་འདི་འམ་ཞག་འདི་ལ་བསྟན་པར་མཛད་ཅེས་བྱ་བའི་
ཐ་ཚིག་ལ་དགོས་པ་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ཏེ། དགོས་པ་མེད་པ་ནི་བཤད་པར་མི་རིགས་སོ། །གནས་བསྟན་པ་ནི་རིགས་པ་ཡིན་ཏེ། མཆོད་རྟེན་གྱི་གནས་ཡིན་པའི་ཕྱིར་སེམས་ཅན་རྣམས་ཀྱི་མཆོད་པ་དང་ཕྱག་བཙལ་བ་ལ་སོགས་པས་ཚོགས་བསགས་པའི་དོན་དུ་སྟེ། རྩོད་པ་མེད་པའི་དོན་དུ་

ཡང་དུས་ཀྱི་ངེས་པ་བཤད་པ་མ་ཡིན་ནོ། །འདི་ལྟར་དེ་བཞིན་གཤེགས་པ་ནི་སྐད་ཅིག་ཐང་ཅིག་ཡུད་ཙམ་དེ་ཉིད་ཀྱི་ཕྱིར་འཇིག་རྟེན་གྱི་ཁམས་སྣ་ཚོགས་པ་དང་གདུལ་བྱ་སྣ་ཚོགས་པ་རྣམས་ལ་བསྟན་པ་སྣ་ཚོགས་པ་རྣམས་ཀྱིས་སྒྲུབ་པར་བྱེད་པ་མཐོང་བ་ཡིན་ཏེ། གལ་
ཏེ་དེ་དག་ཐམས་ཅད་གཅིག་ཏུ་འདུས་པར་གྱུར་ན། དེ་བཞིན་དུ་ཉི་མ་འདི་དང་ཡུལ་གཞན་ལ་བདག་ཅག་གི་དེ་ན་དེ་བཞིན་གཤེགས་པ་བཞུགས་སོ་ཞེས་བརྗོད་པ་སྐྱེད་པ་ཡིན་ཏེ། དེ་ལྟ་བུར་འགྱུར་གྱིས་འཇིག་པ་ཐམས་ཅད་དུ་ཡང་དག་པར་སྡུད་པར་བྱེད་པ་རྣམས་ཀྱིས་དུས་ཀྱི་ངེས་པ་མ་
མཛད་དོ། །ཡང་ན་རྒྱལ་པོའི་ཁབ་ཏུ་ལན་མང་དུ་བཞུགས་པའི་ཕྱིར་རྒྱལ་པོའི་ཁབ་ན་བཞུགས་པའི་དུས་གཅིག་ན་ཞེས་བཤད་པར་བཞེད་ནས་དུས་གཅིག་ན་ཞེས་བྱ་བའི་ཚིག་སྨོས་པར་སྦྱར་རོ། །བཅོམ་ལྡན་འདས་ཞེས་བྱ་བ་ནི་བདུད་བཞི་བཅོམ་པ་དང་ལྡན་པའམ། ཡང་ན་འདི་ལ་ལེགས་པ་མངའ་
བས་བཅོམ་ལྡན་ཞེས་བྱའོ། །རྒྱ་ཞེས་བྱ་བའི་རྐྱེན་དང་རྒྱུས་བྱེད་པ་ཉིད་ཁོ་ན་སྟེ། བྱེད་པ་ཉིད་ཀྱིས་བརྗོད་པར་འདོད་པའི་ཕྱིར་རོ། །དེ་རྣམས་ཀྱང་དབང་ཕྱུག་ལ་སོགས་པ་རྣམ་པ་དྲུག་ཡིན་ཏེ། དབང་ཕྱུག་དང་ནི་གཟུགས་བཟང་དང་། །དཔལ་དང་གྲགས་དང་ཡེ་ཤེས་དང་། །བརྩོན་འགྲུས་
ཕུན་སུམ་ཚོགས་ལྡན་པ། །དྲུག་པོ་འདི་ལ་བཅོམ་ཞེས་ཐོས། །དེའི་ཕྱིར་དབང་ཕྱུག་ཐམས་ཅད་དང་ལྡན་པས་ན་བཅོམ་ལྡན་འདས་སོ། །དེ་ལ་དབང་ཕྱུག་ནི་གཞན་དབང་མ་ཡིན་པ་སྟེ། དེ་བཅོམ་ལྡན་འདས་ལ་ཚང་བས་བག་ཆགས་དང་བཅས་པའི་སྒྲིབ་པ་ཐམས་ཅད་སྤངས་པའི་ཕྱིར་རོ། །
བཅོམ་ལྡན་འདས་ལ་གཟུགས་ཚང་བ་སྟེ། གོང་ན་མེད་པའི་མཚན་རྣམས་དང་དཔེ་བྱད་བཟང་པོ་ཐམས་ཅད་ཀྱིས་རྣམ་པར་མཛེས་པའི་སྐུ་ཉིད་ཡིན་པའི་ཕྱིར་རོ། །གྲགས་པ་ཚང་བ་སྟེ། ཕྱོགས་དང་མཚམས་སུ་སྒྲས་རྣམ་པར་གྲགས་པའི་ཕྱིར་རོ། །ཕུན་སུམ་ཚོགས་པ་གང་གིས་མང་པོ་རྣམས་
ཀྱི་རྟེན་དུ་གྱུར་པ་དེ་ནི་དཔལ་ཏེ། དེ་ཡང་བཅོམ་ལྡན་འདས་ལ་ཚང་བ་དང་། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཕུན་སུམ་ཚོགས་པ་ཐམས་ཅད་འདོད་པ་རྣམས་ཀྱིས་བརྟེན་པར་བྱ་བ་ཡིན་པའི་ཕྱིར་རོ། །ཡེ་ཤེས་ཚང་བ་སྟེ་རྣམ་པ་ཐམས་ཅད་དུ་ཤེས་བྱ་ཐམས་ཅད་ཆགས་པ་མེད་པ་དང་།

ཐོགས་པ་མེད་པའི་ཡེ་ཤེས་མངའ་བའི་ཕྱིར་རོ། །བརྩོན་འགྲུས་ཚང་བ་སྟེ། རྣམ་པ་ཐམས་ཅད་དུ་གཞན་གྱི་དོན་ལ་རྟག་ཏུ་མཛད་པ་རྒྱུན་མ་ཆད་པའོ། །བཅོམ་ལྡན་འདས་དེ་བཞུགས་སོ། །གང་དུ་ཞེ་ན་རྒྱལ་པོའི་ཁབ་ཏུ་ཞེས་བྱ་བ་སྟེ། རྒྱལ་པོའི་ཁབ་ཏུ་ཞེས་བྱ་བ་ནི་མ་ག་དྷཱ་པ་རྣམས་
ཀྱི་གྲོང་ཁྱེར་རོ། །ཇི་ལྟར་རྒྱལ་པོའི་ཁབ་ཅེས་བརྗོད་ཅེ་ན། སྔོན་རོལ་པའི་ལྷ་ཞེས་བྱ་བའི་རྒྱལ་པོ་བྱུང་བར་གྱུར་པ་དེས་མཆོད་སྦྱིན་ཡང་དག་པར་བརྩམས་པ་དང་དྲང་སྲོང་བརྒྱ་ཕྲག་ལྔ་དང་བྲམ་ཟེ་བརྒྱ་ཕྲག་ལྔ་ཚོགས་པར་གྱུར་ཏོ། །དེ་ལ་མཆོད་སྦྱིན་བྱ་སྙམ་དུ་བསམས་པ་དང་ར་རྣམས་ཀྱིས་
མཆོད་སྦྱིན་བྱའོ་ཞེས་བྱ་བ་ནི་རིག་བྱེད་ལས་འདོན་པ་ཡིན་ཏེ། དེ་ལ་བྲམ་ཟེ་རྣམས་ཀྱིས་སྨྲས་པ། ར་རྣམས་ཀྱིས་ཞེས་བྱ་བ་ནི་རའི་ཕྱུགས་རྣམས་ཀྱིས་མཆོད་སྦྱིན་བྱའོ། །དྲང་སྲོང་རྣམས་ཀྱིས་སྨྲས་པ། རྭ་རྣམས་ཀྱིས་ཞེས་བྱ་བ་ནི་མ་བཙུགས་པར་སྐྱེ་བའི་ཆོས་ཅན་གྱི་ནས་ལ་སོགས་པ་རྣམས་ཀྱིས་མཆོད་སྦྱིན་བྱ་
ཞེས་ཟེར་རོ། །དུས་དེའི་ཚེ་ནོར་གྱི་དོག་པ་ཞེས་བྱ་བ་མཆོག་ཏུ་རྒྱལ་མའི་གྲོང་ཁྱེར་གྱི་རྒྱལ་པོ་སྟེ། དེ་ཡང་རིག་བྱེད་ཐམས་ཅད་ཀྱི་དོན་ལ་མཁས་པ་དེ་ཚད་མར་བྱའོ་ཞེས་རྩོད་པ་ལས་གཉི་ག་ཡང་དེར་སོང་བར་གྱུར་པ་དང་། གལ་ཏེ་ཁོ་བོ་ཅག་གི་ཕྱོགས་གཙོ་བོར་མི་བྱེད་ན་དེའི་ཚེ་ཁྱོད་དམོད་པའི་མེས་ཐལ་
བར་བྱའོ་ཞེས་ནོར་གྱི་དོག་པ་དེ་བྲམ་ཟེ་རྣམས་ཀྱིས་བསྡིགས་པར་བྱས་ནས། བྲམ་ཟེ་རྣམས་ཀྱི་ཕྱོགས་ཁོ་ན་གཙོ་བོར་བྱས་པར་གྱུར་ཏེ། སྡིག་པ་དེས་ཡང་སེང་གེའི་ཁྲི་ལས་ལྟུང་བར་ས་གཞི་ཡང་གས་ནས་དེར་ཞུགས་པར་གྱུར་ཏོ། །དེའི་ཕྱིར་བྲམ་ཟེ་རྣམས་ནི་མཆོད་སྦྱིན་ལ་སོགས་པའི་ཕྲིན་
ལས་ལ་ས་གཞི་ལ་གཙང་གཏོར་བྱས་ཏེ། བུ་ལོངས་ཤིག་ཅེས་བྱ་བ་འདོན་པར་བྱེད་དོ། །རྒྱལ་པོ་དེའི་བུ་རྒྱལ་བའི་ཤིང་རྟ་ཞེས་བྱ་བ་དེ་བློན་པོ་རྣམས་ཀྱིས་སོང་སྟེ་ས་སྦྱོངས་ཤིག་ཅེས་སྨྲས་པ་དང་། རྒྱལ་བའི་ཤིང་རྟ་ལ་རྨི་ལམ་དུ་ལྷ་མོས་གསུངས་པ། གང་གཱ་བརྒལ་ནས་ཧ་ཅང་ཡང་
མི་རིང་བ་ན་རི་བོ་ལྔ་ཡོད་དེ་དབུས་ན་མཚོ་ཡོད་པ་དེར་གྲོང་ཁྱེར་བརྩིག་པར་བྱ་སྟེ། དེར་ནི་ཁྱོད་ཀྱི་རྒྱལ་སྲིད་དེ་ཇི་སྲིད་དུ་རྒྱལ་བའི་ཤིང་རྟས་ཀྱང་ཐམས་ཅད་དུ་དེ་བཞིན་དུ་བྱས་ནས་གྲོང་ཁྱེར་ཡང་བཙུགས་སོ། །འོན་ཀྱང་དེར་ནི་མི་མ་ཡིན་རྣམས་རྒྱལ་པོའི་ཁབ་དོར་ནས། ཐམས་ཅད་

འཇིགས་པར་བྱེད་དོ། །དེ་ནས་རྒྱལ་པོས་ལྕགས་རིས་ཀྱིས་ཡོངས་སུ་བསྐོར་ནས་འདི་དག་ཐམས་ཅད་བདག་གི་ཁྱིམ་ཞེས་སྨྲས་སོ། །དེང་ཕྱིན་ཆད་མ་བཤིག་པས་དེས་ན་རྒྱལ་པོའི་ཁབ་པོ། །རྒྱལ་པོའི་ཁབ་དེ་ལ་བཞུགས་སོ་ཞེས་བྱ་བ་ནི་ལ་ཊ་སྟེ། ཏི་སྨ་སྦྱར་བས་
ལྐོག་ཏུ་གྱུར་པ་མ་ཡིན་པ་ལ་ལ་ཊའོ། །ཐུན་མོང་དུ་ནི་མཉམ་པར་བཞག་པའི་ལུས་དང་ངག་དང་ཡིད་ཀྱི་རང་བཞིན་བཞུགས་པ་རྣམས་སོ། །ཁྱད་པར་དུ་ནི་སངས་རྒྱས་ཀྱི་བཞུགས་པ་རྣམ་པ་བཞི་སྟེ། སྤྱོད་ལམ་གྱིས་བཞུགས་པ་དང་། ཆོས་སྟོན་པས་བཞུགས་པ་དང་། མཉམ་པར་
གཞག་པས་བཞུགས་པ་དང་། ནང་དུ་ཡང་དག་འཇོག་ལ་བཞུགས་པའོ། །དེ་ལ་སངས་རྒྱས་རྣམས་ཀྱི་སྐུའི་ཕྲིན་ལས་ཐམས་ཅད་ནི་དང་པོ་སྟེ། ངག་གི་ཕྲིན་ལས་ཐམས་ཅད་ནི་གཉིས་པའོ། །གང་ཞིག་རང་བཞིན་གྱིས་མཉམ་པར་བཞག་པ་དང་གང་ཞིག་ཏིང་ངེ་འཛིན་ལ་མངོན་དུ་
ཕྱོགས་པར་བྱེད་པ་ལ་ཐུགས་ཀྱི་ཕྲིན་ལས་དེ་གཉི་ག་གསུམ་པའོ། །གང་ཞིག་སངས་རྒྱས་ཀྱི་སྤྱན་གྱིས་སེམས་ཅན་རྣམས་ལ་གཟིགས་པ་དང་། ལྷ་ལ་སོགས་པ་ཉེ་བར་བསྡུ་བའི་ཕྱིར་ཐུགས་ཀྱི་ཕྲིན་ལས་དེ་གཉི་ག་ནི་བཞི་པའོ། །རྒྱལ་པོའི་ཁབ་ན་ཡང་ས་ཕྱོགས་གང་དུ་བཞུགས་ཤེ་ན།
གསུངས་པ། བྱ་རྒོད་ཀྱི་ཕུང་པོའི་རི་ལ་ཞེས་བྱ་བ་སྟེ། ཁྱིམ་པ་དང་རབ་ཏུ་བྱུང་བའི་ཕྱོགས་གཉིས་བསྡུ་བའི་ཕྱིར་དང་། གཟུགས་ཀྱི་སྐུ་དང་ཆོས་ཀྱི་སྐུས་ཕན་འདོགས་པར་བསྟན་པའི་ཕྱིར་གཉིས་སྨོས་སོ། །ཉན་པ་པོ་རྣམས་ཀྱང་སྟོན་པ་འདི་ལ་རིང་པོ་ནས་མངོན་པར་ལྷགས་པ་ཉིད་
མཚོན་པའི་དོན་དུ་ཡང་བྱ་རྒོད་ཀྱི་ཕུང་པོ་སྨོས་པ་ཡིན་ནོ། །འཁོར་ཕུན་སུམ་ཚོགས་པ་བསྟན་པའི་ཕྱིར་གསུངས་པ། དགེ་སློང་གི་དགེ་འདུན་ཆེན་པོ་དང་ཐབས་ཅིག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། གྲངས་ཀྱི་ཆེ་བ་དང་། ཡོན་ཏན་གྱི་ཆེ་བ་ཉིད་ཀྱི་ཕྱིར་དགེ་སློང་ཞེས་བྱའོ། །རྣམ་པར་
རིག་བྱེད་མ་ཡིན་པའི་རང་གི་ངོ་བོའི་དགེ་སློང་གི་སྡོམ་པ་ཡང་དག་པར་འབྱུང་བས་དགེ་སློང་ཞེས་བརྗོད་པ་ཡིན་ཏེ། དགེ་སློང་གི་སྡོམ་པ་ཡང་རྣམ་པ་བཅུས་སྐྱེད་པ་ཡིན་ཞེས་འདུལ་བ་འཛིན་པ་རྣམས་སོ། །རང་འབྱུང་གི་ཡེ་ཤེས་ཡང་དག་པར་འབྱུང་བས་སངས་རྒྱས་བཅོམ་ལྡན་འདས་

རྣམས་དང་རང་སངས་རྒྱས་རྣམས་སོ། །འགའ་ཞིག་འཕགས་པའི་ལམ་ཡང་དག་པར་འབྱུང་བས་དང་། གཞན་རྣམས་ལ་ཚུར་ཤོག་གི་སྒོ་ནས་བསྙེན་པར་རྫོགས་པས་དང་། སྐྱབས་སུ་འགྲོ་བས་སྡེ་པ་བཟང་པོ་དྲུག་ཅུའི་ཚོགས་དང་། སྟོན་པ་ཉིད་དུ་ཁས་བླངས་པས་འཕགས་པ་འོད་སྲུངས་དང་།
ཕོ་ཉས་མཆོད་སྦྱིན་མ་དང་ལྕི་བའི་ཆོས་ཁས་བླངས་པས་འཕགས་མ་གཽ་ཏཱ་མི་ལ་སོགས་པ་རྣམས་ལ་ཡང་། ལས་བརྗོད་པ་གསུམ་དང་གསོལ་བ་དང་བཞིའི་ལས་ཀྱིས་བསྙེན་པར་རྫོགས་པ་དང་མི་ཕྱེད་པ་ལྔ་པས་དེ་རིང་གི་བར་དུའོ། །ཇི་ལྟར་སྲིད་པ་དགེ་སློང་དེ་རྣམས་ཀྱི་དགེ་འདུན་ནི་ཚོགས་ཀྱིས་སོ། །
དེ་ཇི་ལྟར་དགེ་འདུན་ཞེ་ན། མི་ཕྱེད་པ་ཉིད་ཀྱིས་ཡང་དག་པར་བསྡུས་པའི་ཕྱིར་རོ། །སངས་རྒྱས་ཆོས་དང་དགེ་འདུན་ལ། །བྱེ་བ་བརྒྱ་ཡི་བདུད་ཀྱིས་ཀྱང་། །གང་ཕྱིར་དབྱེ་བར་མི་ནུས་པས། །དེ་ཕྱིར་དགེ་འདུན་ཞེས་སུ་བརྗོད། །ཐབས་ཅིག་ཅེས་བྱ་བ་ནི་ལྷན་ཅིག་ཅེས་བྱ་བའི་དོན་ཏོ། །སྔར་ཆེན་པོ་ཞེས་
བྱ་བས་སྤྱིར་བཤད་པ་བྱས་ནས་ཁྱད་པར་དུ་གྲངས་བཤད་པར་བྱའོ། །དགེ་སློང་སྟོང་ཉིས་བརྒྱ་ལྔ་བཅུའི་ཞེས་བྱ་བ་ནི་ཕྱེད་ཀྱིས་རྫོགས་པའི་བརྒྱ་ཕྲག་བཅུ་གསུམ་ལ་དགེ་སློང་སྟོང་ཉིས་བརྒྱ་ལྔ་བཅུའོ། །ཡོན་ཏན་གྱི་ཆེ་བ་ཉིད་གསུངས་པ། ཐམས་ཅད་ཀྱང་དགྲ་བཅོམ་པ་ཞེས་བྱ་བ་ལ་སོགས་
པ་སྟེ། དགྲ་ནི་ཉོན་མོངས་པ་རྣམས་ལ་དེ་རྣམས་བཅོམ་པས་ན་དགྲ་བཅོམ་པ་ཞེས་བྱའོ། །ཨ་རེ་ཞེས་བྱ་བ་ལ་ཨེ་ཡིག་ཕྱི་བས་ཧན་ཏེ་ཞེས་བྱ་བ་ལ་ཏྲེ་ཀ་གི་རྐྱེན་ཡང་ངེས་པའི་ཚིག་ཅན་ནོ། །ཡང་ན་བཅོམ་པ་སྟེ་སླར་ཡང་རྒས་པ་མེད་པས་དེའི་ཕྱིར་དགྲ་བཅོམ་པའོ། །ཡང་ན་ལྷ་དང་མི་རྣམས་ལས།
མཆོད་པ་དང་ཡོན་ལེན་པར་གྱུར་པས་ན་དགྲ་བཅོམ་པ་སྟེ། འདིས་ནི་སྦྱིན་གནས་ཀྱི་ཡོན་ཏན་གསུངས་པ་ཡིན་ནོ། །ཟག་པ་ཟད་པ་ཞེས་བྱ་བ་ནི་ཟག་པར་བྱེད་པ་ཉོན་མོངས་པ་རྣམས་དང་དགེ་བའི་རྩ་བ་ཡང་སྐྱེད་པར་བྱེད་པས་ན་ཟག་པ་ནི་རྣམ་པ་བཞི་སྟེ། འདོད་པའི་ཟག་པ་དང་། སྲིད་པའི་ཟག་
པ་དང་། མ་རིག་པའི་ཟག་པ་དང་། ལྟ་བའི་ཟག་པ་ཞེས་བྱ་བའོ། །དེ་རྣམས་ཀྱང་རིམ་པ་ཇི་ལྟ་བར་འདོད་པ་ལྔ་དང་། སྲིད་པ་གསུམ་ལྷན་ཅིག་སྐྱེད་པ་དང་ཀུན་ཏུ་བརྟགས་པའི་མ་རིག་པ་དང་། ལྟ་བ་དྲུག་ཅུ་རྩ་གཉིས་སུ་སོན་པ་དེ་རྣམས་འདི་རྣམས་ལ་ཟག་པས་ན་ཟག་པ་ཟད་པ་སྟེ།

མི་སློབ་པའི་ཚུལ་ཁྲིམས་དང་ཏིང་ངེ་འཛིན་གྱི་ཕུང་པོས་འདོད་པའི་ཟག་པ་ཟད་པ་དང་། མི་སློབ་པའི་ཤེས་རབ་ཀྱི་ཕུང་པོས་ལྟ་བའི་ཟག་པ་ཟད་པ་དང་། མི་སློབ་པའི་རྣམ་པར་གྲོལ་བའི་ཕུང་པོས་སྲིད་པའི་ཟག་པ་ཟད་པ་དང་། མི་སློབ་པའི་རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་
ཕུང་པོས་མ་རིག་པའི་ཟག་པ་ཟད་པའོ། །འདིས་ནི་རྣམ་པར་དག་པའི་ཡོན་ཏན་བསྟན་ཏོ། །ཉོན་མོངས་པ་མེད་པ་ཞེས་བྱ་བ་ནི་ཀུན་ནས་ཉོན་མོངས་པ་དང་བྲལ་བ་ཞེས་བྱ་བའི་དོན་ཏོ། །ཀུན་ནས་ཉོན་མོངས་པ་ནི་རྣམ་པ་བཞི་སྟེ། ལས་ཀྱི་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་སྨིན་པའི་ཀུན་ནས་
ཉོན་མོངས་པ་དང་། ཉོན་མོངས་པའི་ཀུན་ནས་ཉོན་མོངས་པ་དང་། སྐྱེ་བའི་ཀུན་ནས་ཉོན་མོངས་པའོ། །གང་ཞིག་ཀུན་ནས་ཉོན་མོངས་པར་བྱེད་པ་ནི་སྡུག་བསྔལ་བར་བྱེད་པ་སྟེ་གང་ཞིག་ཡང་ཀུན་ནས་ཉོན་མོངས་པར་འགྱུར་བ་དང་། གང་གི་ཀུན་ནས་ཉོན་མོངས་པ་དང་། གང་ཞིག་ཡང་ཀུན་ནས་ཉོན་
མོངས་པའོ། །དེ་ལ་མ་རིག་པ་འགགས་པས་འདུ་བྱེད་འགག་པ་ཞེས་བྱ་བས་ལས་ཀུན་ནས་ཉོན་མོངས་པ་མེད་པའོ། །འདུ་བྱེད་འགགས་པས་རྣམ་པར་ཤེས་པ་དང་། མིང་དང་། གཟུགས་དང་། སྐྱེ་མཆེད་དྲུག་དང་། རེག་པ་དང་། ཚོར་བ་འགག་པ་དེའི་ཕྱིར་རྣམ་པར་སྨིན་པའི་ཀུན་ནས་ཉོན་མོངས་པ་མེད་
པའོ། །ཚོར་བ་འགགས་པས་སྲིད་པ་དང་ལེན་པ་དང་། སྲིད་པ་འགག་པ་དེའི་ཕྱིར་ཉོན་མོངས་པའི་ཀུན་ནས་ཉོན་མོངས་པ་མེད་པའོ། །སྲིད་པ་འགགས་པས་སྐྱེ་བ་དང་། རྒ་བ་དང་། འཆི་བ་འགག་པ་མེད་པས་ན་སྐྱེ་བའི་ཀུན་ནས་ཉོན་མོངས་པ་མེད་པའོ། །ཀུན་ནས་ཉོན་མོངས་པ་ནི་སྡུག་བསྔལ་ཏེ། དེ་
བས་ན་ཉོན་མོངས་པ་མེད་པ་ཉིད་ཀྱིས་སྡུག་བསྔལ་མེད་པའི་ཡོན་ཏན་བསྟན་ཏོ། །དབང་དུ་གྱུར་པ་ཞེས་བྱ་བ་ནི་འཇིག་རྟེན་པ་རྣམས་དེ་རྣམས་ཀྱི་དབང་དུ་གྱུར་པ་སྟེ། རང་ཉིད་ཀྱིས་འཇིག་རྟེན་པ་དབང་དུ་གྱུར་པའམ་ཡིད་དུ་འོང་བར་གྱུར་པ་དང་། ཡང་ན་དེ་རྣམས་ཀྱི་སེམས་དབང་ལ་བཞག་པའམ་དབང་ཐོབ་པས་ན་
དབང་དུ་གྱུར་པའོ། །གང་གི་ཕྱིར་དབང་རྣམས་ནི་རྣམ་པ་བཞི་སྟེ། རྫུ་འཕྲུལ་ལ་དབང་བ་དང་། དབང་པོ་ལ་དབང་བ་དང་། ཏིང་ངེ་འཛིན་ལ་དབང་བ་དང་། ཤེས་རབ་ལ་དབང་བའོ། །དེ་ལ་རྫུ་འཕྲུལ་ལ་དབང་བས་བཅུད་ཀྱི་འཇིག་རྟེན་དང་སྣོད་ཀྱི་འཇིག་རྟེན་ཐམས་ཅད་དེ་རྣམས་ཀྱི་དབང་དུ་གྱུར་པའོ། །དབང་

པོ་ལ་དབང་བས་སྤྱོད་ལམ་ཉེ་བར་ཞི་བས་འཇིག་རྟེན་པ་ལ་དེ་རྣམས་ཡིད་དུ་འོང་བ་སྐྱེས་པའོ། །ཏིང་ངེ་འཛིན་ལ་དབང་བས་སེམས་དེས་དབང་དུ་བཞག་པའོ། །ཤེས་རབ་ལ་དབང་བས་ནི་ཉོན་མོངས་པ་ཐམས་ཅད་ལས་དང་རྣམ་པར་སྨིན་པ་རྣམས་ཡང་དག་པར་ཆད་པའི་ཕྱིར་བཅིངས་པ་ལས་རྣམ་
པར་གྲོལ་བ་ལྟར་ཡང་དག་པར་སྐྱེས་པ་དེའི་ཕྱིར་དབང་ཐོབ་པའོ། །སེམས་ཤིན་ཏུ་རྣམ་པར་གྲོལ་བ་ཞེས་བྱ་བས་ནི་སྲེད་པའི་ཕྱོགས་ཀྱི་ཀུན་ནས་ཉོན་མོངས་པའི་ཆོས་ཐམས་ཅད་མེད་པར་བསྟན་ཏོ། །ཤེས་རབ་ཤིན་ཏུ་རྣམ་པར་གྲོལ་བ་ཞེས་བྱ་བས་ནི་མ་རིག་པའི་ཕྱོགས་པ་མེད་པར་བསྟན་ཏོ། །འདི་ལྟར་
འདོད་ཆགས་དང་རྣམ་པར་བྲལ་བའི་ཕྱིར་སེམས་རྣམ་པར་གྲོལ་བས་སེམས་ཤིན་ཏུ་རྣམ་པར་གྲོལ་བ་ཞེས་བྱ་བ་བརྗོད་དོ། །མ་རིག་པ་དང་བྲལ་བའི་ཕྱིར་ཤེས་རབ་རྣམ་པར་གྲོལ་བས་ཤེས་རབ་ཤིན་ཏུ་རྣམ་པར་གྲོལ་བ་ཞེས་བྱའོ། །དེ་ལ་སྲིད་པའི་ཕྱོགས་ཀྱི་ཉོན་མོངས་པ་དང་ཉེ་བའི་ཉོན་
མོངས་པ་སྤངས་པས་ཐོབ་པར་བྱ་བའི་ཏིང་ངེ་འཛིན་དང་སྙོམས་པར་འཇུག་པ་ཐོབ་པ་ནི་སེམས་རྣམ་པར་གྲོལ་བ་ཞེས་བྱའོ། །ཉོན་མོངས་པ་ཐམས་ཅད་སྤངས་པས་ཐོབ་པར་བྱ་བའི་དགྲ་བཅོམ་པའི་ལམ་གྱི་ཤེས་པ་ནི་ཤེས་རབ་རྣམ་པར་གྲོལ་བ་ཞེས་བརྗོད་དོ། །དེ་ལ་སེམས་རྣམ་པར་གྲོལ་བ་ཐོབ་པའི་
ཕྱིར་སྙོམས་པར་འཇུག་པའི་སྒྲིབ་པ་ལས་རྣམ་པར་གྲོལ་བའོ། །ཤེས་རབ་རྣམ་པར་གྲོལ་བ་ཐོབ་པའི་ཕྱིར་ཉོན་མོངས་པའི་སྒྲིབ་པ་ལས་རྣམ་པར་གྲོལ་བའོ། །གཉི་གའི་ཆ་ལས་རྣམ་པར་གྲོལ་བ་དག་ནི་སེམས་ཤིན་ཏུ་རྣམ་པར་གྲོལ་བ་དང་ཤེས་རབ་ཤིན་ཏུ་རྣམ་པར་གྲོལ་བ་ཞེས་བརྗོད་པ་
ཡིན་ནོ། །ཅང་ཤེས་པ་ཞེས་བྱ་བ་ནི་མི་འཇིགས་པ་སྟེ། འཇིགས་པ་མེད་པའི་ཕྱིར་མདོ་ལས་ཅང་ཤེས་པ་ལྔ་གསུངས་ཏེ། ལྕེ་འབབ་པ་ལ་སོགས་པའི་བག་ཚ་བ་འབྱུང་བར་དོགས་པ་མེད་པས་ཁྱུ་མཆོག་ཅང་ཤེས་དང་། འཐབ་མོའི་འཇིགས་པ་མེད་པས་གླང་པོ་ཆེ་དང་རྟ་ཅང་ཤེས་དག་
གོ། །གཞན་གྱིས་གནོད་པར་བྱེད་པའི་འཇིགས་པ་མེད་པས་སེང་གེ་ཅང་ཤེས་དང་། སྡུག་བསྔལ་གྱིས་འཇིགས་པའི་དོགས་པ་མེད་པས་དགྲ་བཅོམ་པ་ཡང་ཅང་ཤེས་ཞེས་བརྗོད་དོ། །མདོར་ན་བག་ཚ་བ་རྣམ་པ་བཞི་སྟེ། སྡུག་བསྔལ་གྱིས་བག་ཚ་བ་དང་། འཇིགས་པས་བག་ཚ་བ་

དང་། འཇིག་རྟེན་གྱི་ཆོས་ཀྱིས་བག་ཚ་བ་དང་། མི་ཤེས་པས་བག་ཚ་བའོ། །བག་ཚ་བ་འདི་རྣམས་མེད་པའི་ཕྱིར་རིམ་པ་ཇི་ལྟ་བ་བཞིན་དུ་བདེ་བ་ཐོབ་པ་དང་། མི་སྐྲག་པ་ཐོབ་པ་དང་། མི་འཇིགས་པ་ཐོབ་པ་དང་། དབུགས་ཕྱུང་བ་ཐོབ་པ་ཞེས་བརྗོད་དོ། །དེ་ལ་
མྱ་ངན་དང་སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་རྣམས་མེད་པའི་ཕྱིར་དང་མྱ་ངན་མེད་པའི་ཕྱིར་སྡུག་བསྔལ་གྱིས་བག་ཚ་བ་མེད་པའོ། །བདག་གིས་སྨད་པ་དང་། གཞན་གྱིས་སྨད་པ་དང་། ངན་འགྲོ་དང་འཚོ་བ་མེད་པ་དང་ཆད་པས་བཅད་པ་དང་། ཚིགས་སུ་
བཅད་པ་མེད་པ་དང་། འཆི་བས་འཇིགས་པ་རྣམས་མེད་པའི་ཕྱིར་འཇིགས་པས་བག་ཚ་བ་རྣམས་མེད་པའོ། །རྙེད་པ་དང་མ་རྙེད་པ་དང་གྲགས་པ་དང་མ་གྲགས་པ་དང་། བསྟོད་པ་དང་སྨད་པ་དང་བདེ་བ་དང་སྡུག་བསྔལ་གྱིས་གོས་པ་མེད་པའི་ཕྱིར་འཇིག་རྟེན་གྱི་ཆོས་ཀྱིས་བག་
ཚ་བ་མེད་པའོ། །རང་གི་ལམ་ཤེས་པ་ལ་བར་དུ་གཅོད་པར་གྱུར་པའི་མི་ཤེས་པ་དང་ཐེ་ཚོམ་གྱི་ཤེས་པ་དང་ལོག་པའི་ཤེས་པ་རྣམས་མེད་པའི་ཕྱིར་མི་ཤེས་པས་བག་ཚ་བ་མེད་དོ། །དེ་ལྟ་བས་ན་བག་ཚ་བ་མེད་པའི་ཕྱིར་ཅང་ཤེས་པ་ཞེས་བྱའོ། །གླང་པོ་ཆེན་པོ་ཞེས་བྱ་བ་ནི་གཙོ་བོ་ཆེན་པོ་
རྣམས་ཞེས་བྱ་བའི་དོན་ཏེ། ཁ་ཅིག་ནི་རིག་པ་གསུམ་དང་ལྡན་པ། ཁ་ཅིག་ནི་སོ་སོ་ཡང་དག་པར་རིག་པ་ཐོབ་པ། ཁ་ཅིག་ནི་མངོན་པར་ཤེས་པ་དྲུག་དང་ལྡན་པ། ཁ་ཅིག་ནི་ཤེས་པ་བརྡ་སྤྲོད་པའི་ཆོས་དང་ལྡན་པ་ཞེས་བྱ་བ་ལ་སོགས་པ་ཁྱད་པར་དུ་འཕགས་པའི་རྟོགས་པའི་ཆོས་བརྙེས་
པའི་ཕྱིར་གླང་པོ་ཆེན་པོ་ཞེས་བྱའོ། །བྱ་བ་བྱས་པ་བྱེད་པ་བྱས་པ་ཞེས་བྱ་བས་ནི་བསྒྲུབས་པ་ཡོངས་སུ་རྫོགས་པ་ཉིད་བསྟན་ཏེ། འདི་ལྟ་སྟེ་ཚུལ་ཁྲིམས་དང་ཏིང་ངེ་འཛིན་དང་། ཤེས་རབ་ཡོངས་སུ་རྫོགས་པས་སྡུག་བསྔལ་ཐམས་ཅད་ལས་རྣམ་པར་ཐར་པ་ནི་བྱ་བ་སྟེ་ཅི་ནས་ཀྱང་བྱ་བ་ཉིད་ཀྱི་
ཕྱིར་རོ། །འདོད་པ་ཆུང་བས་འཚོ་བ་དང་། ཆོག་ཤེས་པས་འཚོ་བ་དང་། སྦྱངས་པའི་ཡན་ལག་གིས་འཚོ་བ་དང་། ཡང་དག་པར་མགུ་བར་བྱེད་པས་འཚོ་བ་ཞེས་བྱ་བ་ལ་སོགས་པ་ནི་བྱེད་པ་སྟེ། རང་དགའ་བ་དང་འབྲེལ་པའི་ཕྱིར་དེ་ཡོངས་སུ་རྫོགས་པས་གོ་རིམས་ཇི་ལྟ་བར་བྱ་བ་བྱས་

པ་དང་བྱེད་པ་བྱས་པ་ཞེས་བྱའོ། །ཁུར་བོར་བ་ཞེས་བྱ་བ་ལ། ཁུར་ནི་རྣམ་པ་བཞི་སྟེ། ཕུང་པོའི་ཁུར་དང་། ཉོན་མོངས་པའི་ཁུར་དང་། དམ་བཅས་པའི་ཁུར་དང་། བརྩོན་འགྲུས་ཀྱི་ཁུར་རྣམས་ཏེ། ཡོངས་སུ་གཏང་བར་བྱ་བའི་ཕྱིར་དང་། སྤང་བར་བྱ་བའི་ཕྱིར་དང་། བསྒྲུབ་
པར་བྱ་བའི་ཕྱིར་དང་། ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་གོ་རིམས་ཇི་ལྟ་བར་འདི་རྣམས་ཀྱི་བོར་བ་ནི་ཡོངས་སུ་གཏོང་བ་དང་། སྤོང་བ་དང་། སྒྲུབ་པར་བྱེད་པ་དང་། ཡོངས་སུ་རྫོགས་པར་བྱེད་པའོ། །དེ་རྣམས་ཀྱང་སྡུག་བསྔལ་ཡོངས་སུ་ཤེས་པ་དང་། ཀུན་འབྱུང་བ་སྤངས་པ་དང་།
ལམ་བསྒོམས་པ་དང་། འགོག་པ་མངོན་སུམ་དུ་བྱས་པས་སོ། །དེ་རྣམས་བོར་བས་ནི་ལྷག་མ་མེད་པའི་བདེ་བ་དང་། རྣམ་པར་གྲོལ་བའི་བདེ་བ་དང་། རྫོགས་པའི་བྱང་ཆུབ་ཀྱི་བདེ་བ་དང་། ཉེ་བར་ཞི་བའི་བདེ་བ་གང་ཞིག་ཐོབ་པའོ། །དེའི་ཕྱིར་ཁུར་བོར་བ་ཉིད་ཀྱིས་ཁུར་བོར་བའི་བདེ་བ་ཐོབ་པའི་
ཡོན་ཏན་བསྟན་ཏོ། །རང་གི་དོན་རྗེས་སུ་ཐོབ་པ་ཞེས་བྱ་བ་ལ་རང་གི་དོན་ཐོབ་པ་ནི་རྣམ་པ་གཉིས་ཏེ། དོན་མ་ཡིན་པ་སྤངས་པ་དང་། དོན་ཐོབ་པའོ། །གང་ཞིག་མ་རིག་པ་སྤངས་པའི་ཕྱིར་ཉོན་མོངས་པའི་སྒྲིབ་པ་ཐམས་ཅད་སྤངས་པ་གང་ཡིན་པ་དེ་ནི་དོན་མ་ཡིན་པ་སྤངས་པའོ། །གང་ཞིག་རིག་པ་
སྐྱེས་པའི་ཕྱིར་མྱ་ངན་ལས་འདས་པ་རྟོགས་པ་འདི་ནི་དོན་ཐོབ་པའོ། །སྲིད་པར་ཀུན་ཏུ་སྦྱོར་བ་ཡོངས་སུ་ཟད་པ་ཞེས་བྱ་བ་ལ། སྲིད་པ་སྐྱེ་བར་བྱེད་པའི་ཀུན་ཏུ་སྦྱོར་བ་རྣམས་ནི་སྲིད་པའི་ཀུན་ཏུ་སྦྱོར་བ་རྣམས་ཏེ་སྲིད་པ་དང་ལྷན་ཅིག་ཏུ་སྐྱེས་བུ་ལ་ཀུན་ཏུ་སྦྱོར་བར་བྱེད་པ་ནི་འཆིང་བའོ། །དེ་བས་ན་
སྲིད་པར་ཀུན་ཏུ་སྦྱོར་བའོ། །དེ་རྣམས་ཀྱང་རྣམ་པ་དགུ་ཡིན་ཏེ། ལྟ་བའི་ཀུན་ཏུ་སྦྱོར་བ་དང་། མཆོག་ཏུ་འཛིན་པའི་ཀུན་ཏུ་སྦྱོར་བ་དང་། ཐེ་ཚོམ་གྱི་ཀུན་ཏུ་སྦྱོར་བ་ཞེས་བྱ་བ་གསུམ་ནི་ཟག་པ་མེད་པའི་ཡང་དག་པའི་ལྟ་བས་སྤོང་བ་ཡིན་ནོ། །ཕྲག་དོག་གི་ཀུན་ཏུ་སྦྱོར་བ་དང་། སེར་སྣའི་ཀུན་
ཏུ་སྦྱོར་བ་དང་། ཁོང་ཁྲོའི་ཀུན་ཏུ་སྦྱོར་བ་ཞེས་བྱ་བ་གསུམ་དང་། སྲིད་པའི་འདོད་ཆགས་ལ་ཀུན་ཏུ་སྦྱོར་བའི་ཕྱོགས་གཅིག་འདོད་པའི་ཁམས་ཀྱི་ཕྱོགས་སུ་གཏོགས་པས་ཟག་པ་མེད་པའི་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་པ་ཐོབ་པའི་ཕྱིར་འདི་རྣམས་སྤོང་བར་བྱེད་པ་ཡིན་ནོ། །ང་རྒྱལ་གྱི་ཀུན་

ཏུ་སྦྱོར་བ་དང་། མ་རིག་པའི་ཀུན་ཏུ་སྦྱོར་བ་དང་། སྲིད་པའི་འདོད་ཆགས་ཀྱི་ཀུན་ཏུ་སྦྱོར་བ་ཞེས་བྱ་བ་འདི་རྣམས་ནི་དགྲ་བཅོམ་པའི་ལམ་གྱི་ཤེས་པས་སྤོང་བ་ཡིན་ཏེ། དེ་རྣམས་ཡོངས་སུ་ཟད་པ་འདི་རྣམས་ལ་དེའི་ཕྱིར་སྲིད་པར་ཀུན་ཏུ་སྦྱོར་བ་ཡོངས་སུ་ཟད་པ་
ཞེས་བྱའོ། །ཡང་དག་པར་ཀུན་ཤེས་པས་སེམས་ཤིན་ཏུ་རྣམ་པར་གྲོལ་བ་ཞེས་བྱ་བ་ནི་ཀུན་ནས་ཤེས་པས་ན་ཀུན་ཤེས་པ་སྟེ་རྟོགས་པའོ། །ཡང་དག་པར་རྟོགས་པས་སེམས་ཤིན་ཏུ་རྣམ་པར་གྲོལ་བ་འདི་རྣམས་ལ་ཞེས་བྱའོ། །ཡང་ན་འདིར་རྣམ་པར་གྲོལ་བ་ནི་མོས་པ་ལ་བྱ་སྟེ།
གང་ལ་ལྷག་པར་མོས་པ་ཡིན་ཞེ་ན། དཀོན་མཆོག་གསུམ་གྱི་ཡོན་ཏན་དང་། ཐེག་པ་གསུམ་དང་ལྡན་པའི་ཆོས་བསྟན་པ་རྣམས་དང་། འཕགས་པའི་བདེན་པ་བཞི་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ལའོ། །སེམས་ཐམས་ཅད་ཀྱི་དབང་དམ་པའི་ཕ་རོལ་ཏུ་སོན་པ་ཞེས་
བྱ་བ་ནི་གང་ཞིག་སེམས་ཏིང་ངེ་འཛིན་ལ་དབང་བས་དབང་ལ་འཇུག་པར་བྱེད་པ་དེ་རྣམས་ནི་སེམས་ཐམས་ཅད་ཀྱི་དབང་དམ་པའི་ཕ་རོལ་ཏུ་སོན་པའོ། །ཐམས་ཅད་ཀྱང་ཡིན་ལ་དེ་རྣམས་ཀྱང་ཡིན་པས་སོ། །དེ་རྣམས་ལ་དམ་པའི་ཕ་རོལ་ཏུ་སོན་པ་ཐོབ་པ་སྟེ། ཕ་རོལ་ནི་མཐར་ཐུག་པའོ། །
མང་ཞེས་བྱ་བ་ནི་གཞལ་བར་བྱེད་པ་ལའོ། །ཕ་རོལ་གྱི་མཐར་ཐུག་པ་ལ་གཞལ་བར་བྱེད་པར་འགྲོ་བས་མཐར་ཐུག་པར་བྱུང་བ་ཞེས་བྱ་བ་ནི་དངོས་པོ་སྒྲུབ་པ་ལ་དཀའ་བའི་སྐྱོན་ནོ། །དམ་པ་དེའི་ཕ་རོལ་ཏུ་ཕྱིན་པ་སྟེ། ཇི་ལྟ་ཡིན་ཞེ་ན། གང་དུ་འདོད་པ་དང་ཇི་སྲིད་འདོད་པ་ལུགས་དང་མཐུན་པ་དང་ལུགས་
ལས་བཟློག་པ་ཞེས་བྱ་བ་ལ་སོགས་པའི་རིམ་པས་མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ལ་མགུ་བར་བྱེད་པའི་སྙོམས་པར་ཞུགས་པའི་བྱིན་གྱིས་བརླབས་པ་ལ་སོགས་པ་ལྡང་བའི་སོ་སོར་རྟོག་པར་བྱེད་པ་ལ་དབང་ཐོབ་པའི་ཕྱིར་རོ། །འོན་ཏེ་ཁྱད་པར་འདི་ཙམ་ལ་ཉེ་བར་ལེན་པ་ནི་ཅིའི་དོན་དུ་
ཡིན་སྙམ་ན། མང་བ་ལ་འདིར་རྗེས་སུ་འགྲོ་བ་མ་བྱས་ཏེ། འདི་ལྟ་སྟེ་དགྲ་ནི་ཉོན་མོངས་པ་རྣམས་སོ། །དེ་རྣམས་བཅོམ་པས་དེའི་ཕྱིར་དགྲ་བཅོམ་པའོ་ཞེས་འདི་ཉིད་ཀྱིས་འདོད་པའི་ཟག་པ་ལ་སོགས་པ་རྣམས་ལ་སྤང་བྱར་གསུངས་པ། དེ་བས་ན་ཟག་པ་ཟད་པ་ཞེས་བྱ་བ་འདིས་ཅི་ཞིག་བྱ།

དེ་བཞིན་དུ་ཁྱད་པར་གཞན་རྣམས་ལ་ཡང་ཅི་རིགས་པར་ཟློས་པའི་སྐྱོན་ཡོད་དོ་ཞེ་ན། འདིར་སྨྲས་པ། ཐམས་ཅད་ཀྱང་དགྲ་བཅོམ་པ་ཤ་སྟག་གོ། །ཅིའི་ཕྱིར་ཞེ་ན། ཟག་པ་ཟད་པའི་ཕྱིར་རོ། །ཟག་པ་ཟད་པ་ནི་ཉོན་མོངས་པ་མེད་པའི་ཕྱིར་རོ། །ཉོན་མོངས་པ་མེད་པ་ནི་དབང་དང་ལྡན་པར་གྱུར་
པའི་ཕྱིར་རོ། །ཇི་སྲིད་དུ་ཡང་དག་པར་ཀུན་ཤེས་པས་སེམས་ཤིན་ཏུ་རྣམ་པར་གྲོལ་བ་སྟེ། སེམས་ཐམས་ཅད་ཀྱི་དབང་དམ་པའི་ཕ་རོལ་ཏུ་སོན་པ་ཐོབ་པ་ཉིད་ཅེས་བྱ་བ་ཡོན་ཏན་རྣམས་ཀྱི་འབྲེལ་པ་སྦྱར་བར་བྱ་ཞེས་བྱ་བའོ། །འོན་ཏེ་འདི་ཉིད་ཀྱི་དོན་ཡང་གང་ཞིག་ཡིན། གལ་ཏེ་སེམས་
ཐམས་ཅད་ཀྱི་དབང་དམ་པའི་ཕ་རོལ་ཏུ་སོན་པ་འདི་རྣམས་དང་པོར་ཐོབ་པར་གྱུར་ན། དེའི་ཕྱིར་དེས་གཏན་ཚིགས་སུ་གྱུར་པ་ཡང་དག་པར་ཀུན་ཤེས་པས་སེམས་ཤིན་ཏུ་རྣམ་པར་གྲོལ་བ་ཉིད་དང་། ཇི་སྲིད་དུ་ཟག་པ་ཟད་པ་ཉིད་ཐོབ་ནས་དགྲ་བཅོམ་པ་ཐོབ་པར་གྱུར་པ་ཡིན་པས། དེ་འདིར་ཅི་ལྟར་རིགས་
གང་གི་ཕྱིར་གང་གི་ཚེ་དགྲ་བཅོམ་པའི་ལམ་གྱི་ཤེས་པ་འདི་རྣམས་ལ་དགྲ་བཅོམ་པ་ཉིད་ཐོབ་པ་དེའི་ཚེ་ཁོ་ན་ཟག་པ་ཟད་པ་ལ་སོགས་པའི་ཡོན་ཏན་རྣམས་ཐོབ་པར་འགྱུར་ཏེ། གང་གི་ཕྱིར་ཟག་པ་ཟད་པ་ཉིད་ཐོབ་ནས་དགྲ་བཅོམ་པ་ཉིད་ཕྱིས་ཐོབ་པར་བྱེད་དམ་འོན་ཏེ་མ་ཡིན་ཞེས་གང་དུ་ཡང་བརྗོད་པ་མ་ཡིན་ཞེ་ན།
བདེན་ཏེ་རྣམ་པར་གཞག་པར་བྱ་བ་དང་། རྣམ་པར་འཇོག་པར་བྱེད་པའི་ངོ་བོས་བྱས་པའི་རྒྱུ་མཚན་ཅན་གྱི་ངོ་བོ་འདི་འབྱུང་བར་འགྱུར་རོ། །གང་གི་ཕྱིར་གང་གི་ཚེ་དེ་རྣམས་སེམས་ཐམས་ཅད་ཀྱི་དབང་དམ་པའི་ཕ་རོལ་ཏུ་སོན་པ་ཐོབ་པ་ཞེས་རྟོགས་པར་གྱུར་ན་དེའི་ཚེ་དེ་རྣམས་ཡང་དག་པར་ཀུན་ཤེས་
པས་སེམས་ཤིན་ཏུ་རྣམ་པར་གྲོལ་བ་ཞེས་རྣམ་པར་གཞག་པ་ཡིན་ནོ། །དེ་བཞིན་དུ་ཇི་སྲིད་དུ་གང་གི་ཚེ་ཟག་པ་ཟད་པ་ཞེས་བྱ་བ་དེའི་ཚེ་དགྲ་བཅོམ་པ་ཞེས་བྱའོ། །དེ་ལྟར་ན་དགེ་སློང་རྣམས་ཀྱི་འཁོར་ཉེ་བར་བསྟན་ནས། དགེ་སློང་མ་དང་། དགེ་བསྙེན་དང་དགེ་བསྙེན་མའི་འཁོར་རྣམས་ཀྱང་དེ་དགེ་སློང་
མ་ལྔ་བརྒྱ་ཙམ་ཞེས་བྱ་བ་ལ་སོགས་པས་གང་ཞིག་བཅོམ་ལྡན་འདས་མ་རྒྱས་པ་ལས་གླེང་གཞིར་འདོན་པ་དེ་ཉིད་འདིར་ཡང་རྟོགས་པར་བྱ་སྟེ་སྟོན་པ་ལ་གླེང་གཞི་གཅིག་པ་ཉིད་ཀྱི་ཕྱིར་རོ། །འདི་ཉིད་ཀྱི་ཕྱིར་བྱང་ཆུབ་སེམས་དཔའི་འཁོར་རྣམ་པ་ལྔ་ལ་ཡང་བལྟ་བར་བྱ་སྟེ། གང་ཞིག་དེར་ཚད་མེད་པའི་

བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཞེས་བྱ་བ་ལ་སོགས་པས་གསུངས་པའོ། །བྱང་ཆུབ་སེམས་དཔའ་ནི་རྣམ་པ་ལྔ་སྟེ། ལྷག་པའི་བསམ་པ་དག་པ་ཅན་ནི་ས་དང་པོ་ལའོ། །རྩོལ་བ་དང་བཅས་པར་མཚན་མ་མེད་པ་ལ་གནས་པ་ནི་ཇི་སྲིད་བདུན་པར་རོ། །
མཚན་མ་མེད་པ་ལ་ལྷུན་གྱིས་གྲུབ་པར་གནས་པ་ནི་བརྒྱད་པ་ལའོ། །དེ་ལ་བརྟེན་ནས་སྤྱོད་པ་ངེས་པ་ཅན་ལ་རབ་ཏུ་ཞུགས་པ་ནི་ཇི་སྲིད་དུ་བཅུ་པ་ལའོ། །དེ་རྣམས་ཡན་ཆད་ནི་སྐྱེ་བ་གཅིག་གིས་ཐོགས་པ་རྣམས་སོ། །སླར་མདོ་སྡེ་ཐམས་ཅད་ལ་དེ་རྣམས་ཀྱི་ཐུན་མོང་བའི་གླེང་གཞི་ཡོངས་
སུ་རྫོགས་པ་ལས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོན་པ་ལ་ནི་ཁྱད་པར་གྱི་གླེང་གཞི་སྟེ། དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཉིད་ཀྱིས་གདན་སེང་གེའི་ཁྲི་བཤམས་པ་ལ་རབ་ཏུ་བཞུགས་པར་གྱུར་ཏོ་ཞེས་བྱ་བ་ལ་སོགས་པས་ཇི་སྲིད་དུ་བཅོམ་ལྡན་འདས་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། ཡན་
ལག་དང་ཉེ་བའི་ཡན་ལག་ཐམས་ཅད་ལས་འོད་ཟེར་རྣམས་ངེས་པར་བྱུང་བར་གྱུར་པ་དང་། ཇི་སྲིད་དུ་འཇིག་རྟེན་གྱི་ཁམས་མཐའ་ཡས་པ་སྣང་བར་མཛད་པ་ཡིན་ནོ། །དེ་རྣམས་ལས་བྱང་ཆུབ་སེམས་དཔའ་ལ་སོགས་པ་འདི་འཁོར་དགུག་པར་མཛད་ཅེས་བྱ་བ་ཐམས་ཅད་དུ་རྟོགས་པར་བྱའོ། །
གང་གི་ཕྱིར་བཅོམ་ལྡན་འདས་དུས་གཅིག་ན་གླེང་གཞི་གཅིག་པ་ཉིད་དུ་འཁོར་འདུས་པ་གཅིག་ཁོ་ན་ལ་ཏིང་ངེ་འཛིན་དང་རྫུ་འཕྲུལ་གྱི་ཆོ་འཕྲུལ་ལ་སོགས་པ་རྣམས་བསྟན་པར་མཛད་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོན་པར་མཛད་པ་ཡིན་ཏེ། དེར་ཡང་གདུལ་བྱ་རྣམ་པ་མང་པོ་འདུས་པ་རྣམས་ནི་མགོ་
སྨོས་པས་གོ་བ་དང་། རྣམ་པར་སྤྲོས་ན་གོ་བ་དང་། ཚིག་ལ་འཆེལ་པས་གོ་བའོ། །དེ་ལ། གསུང་གཅིག་ཏུ་ནི་གསུངས་མོད་ཀྱང་། །དུ་མ་ཉིད་དུ་གོ་འགྱུར་ཏེ། །བདག་ཉིད་ཁོ་ནའི་ཆེད་དུ་ཞེས། །སྐྱེ་བོ་ཀུན་གྱིས་རྟོགས་པར་བྱེད། །ཅེས་བྱ་བའི་རིགས་པས་མདོར་བསྡུས་པའི་ཤེས་རབ་ཀྱི་
ཕ་རོལ་ཏུ་ཕྱིན་པ་སྟོན་པ་ཐོས་ཏེ། དེ་ཡང་བཅོམ་ལྡན་འདས་མ་འཕགས་པ་བརྒྱད་སྟོང་པའོ། །གང་ཞིག་རྣམ་པར་སྤྲོས་ན་གོ་བ་རྣམས་ལ་རྣམ་པར་སྤྲོས་པའི་རྣམ་པ་ཅན་དེ་འཕགས་པ་སྟོང་ཕྲག་ཉི་ཤུ་ལྔ་པ་རྣམ་པར་སྤྲོས་ན་གོ་བ་རྣམས་ཁོ་ན་ལ་ཅུང་ཟད་ཙམ་གྱི་ཁྱད་པར་གྱིས་བཅོམ་ལྡན་འདས་མ་འཕགས་མ་ཆེ་

བའོ། །གང་ཡང་ཚིག་ལ་འཆེལ་བའི་གདུལ་བྱ་རྣམས་ལ་སྟོན་པ་ཐོས་པ་དེ་ནི་བཅོམ་ལྡན་འདས་མ་སྟོང་ཕྲག་བརྒྱ་པ་ཞེས་བྱ་བ་སྟེ། དེ་ཡང་གླེང་གཞི་གཅིག་ཁོ་ན་ལ་འཁོར་འདུས་པ་ཡང་གཅིག་ཁོ་ན་ལའོ། །བསྡུས་པ་ལ་དགའ་བ་རྣམས་ཀྱིས་ནི་དེ་ལྟ་བུ་ཉིད་སྟོན་པས་ཐོས་པར་གྱུར་ཏོ། །དེ་བཞིན་
དུ་གཞན་རྣམས་ཀྱིས་ཀྱང་གཞན་རྣམས་ཉིད་དོ། །བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ནི་འཕགས་པ་ཕྱག་ན་རྡོ་རྗེ་ལ་སོགས་པ་སྟེ། སྟོན་པ་རྣམ་པ་མང་པོ་ཡང་ཐོས་པ་དང་ཤིས་པ་སྟེ། འདི་རྣམས་ནི་བསྡུས་པ་ལ་དགའ་བ་དང་སྟོན་པ་འདི་ནི་བསྡུས་པ་ཞེས་ཐོས་པ་ཡིན་ནོ། །དེ་བཞིན་དུ་
གཞན་དག་གིས་ཀྱང་གཞན་གྱིས་ཞེས་བྱའོ། །དེ་བཞིན་དུ་རྣམ་པ་མང་པོ་སྟོན་པའི་རབ་ཏུ་དབྱེ་བ་རྣམས་ལ་སྡུད་པ་པོས་ཐོས་པ་ཇི་སྙེད་པའི་རབ་ཏུ་དབྱེ་བ་རྣམས་ལ་གདུལ་བྱ་རྣམས་སོ་སོར་འཛིན་པ་ཡོད་པར་འགྱུར་བ་དེ་སྙེད་པ་རྣམས་སུ་སྡུད་པ་མཛད་དོ་ཞེས་བྱ་བས་རྟོགས་པར་བྱའོ། །ཐམས་
ཅད་དུ་འདིས་ཐེག་པ་ཆེན་པོའི་ཆོས་ལ་འཕགས་པ་ཕྱག་ན་རྡོ་རྗེ་གཅིག་ཏུ་སྡུད་པར་བྱེད་པ་ཞེས་ལུགས་དང་མཐུན་པར་འགྱུར་རོ། །འོན་ཏེ་དུས་གཅིག་ལ་གསུམ་པོའི་སྟོན་པ་ཞེས་བྱ་བ་ཇི་ལྟར་རྟོགས་པར་བགྱི། གང་ཞིག་ཚིག་ལ་འཆེལ་བའི་རྒྱས་པ་ལ་དགའ་བ་རྗེས་སུ་བཟུང་བའི་དོན་དུ་འཕགས་པ་སྟོང་
ཕྲག་བརྒྱ་པ་སྟོན་པ་ལ་སྟོན་པ་ཐམས་ཅད་བསྡུས་པས་སོ། །རྣམ་པར་སྤྲོས་ན་གོའི་སེམས་ཅན་བར་མ་ལ་དགའ་བ་རྣམས་ལ་བརྩེ་བས་ཕྱིས་སྟོང་ཕྲག་ཉི་ཤུ་ལྔ་པ་བསྟན་པའོ། །དེའི་ཡང་དོན་ཐམས་ཅད་ཉེ་བར་བསྡུས་པ་མགོ་སྨོས་པས་གོ་བ་བསྡུས་པ་ལ་དགའ་བའི་སེམས་ཅན་རྣམས་ལ་ཕན་པ་སྐྱེས་པས་འཕགས་
པ་བརྒྱད་སྟོང་པ་གསུངས་པ་ཞེས་འདི་ཉིད་ཅིའི་ཕྱིར་མི་འགྱུར་སྙམ་ན། འདི་ལྟར་ཤེས་པར་བྱ་བ་མ་ཡིན་ཏེ་འགལ་བ་ཡིན་པའི་ཕྱིར་རོ། །བསྡུས་པ་དང་བར་མ་དང་རྒྱས་པ་ཐམས་ཅད་ཀྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་རྣམས་ལ་དོན་འགའ་ཞིག་གཅིག་པར་སྟོན་པ་ཡིན་ཏེ། ཇི་ལྟར་སྲིང་མོ་
གང་གཱའི་ལྷ་མོ་ལུང་བསྟན་པ་དང་། ཇི་ལྟར་ཡང་དགེ་སློང་རྣམས་ལས་ཐམས་ཅད་མེ་ཏོག་རྣམ་པར་བཀྲམ་པ་ཞེས་བྱ་བའི་དེ་བཞིན་གཤེགས་པ་རྣམས་འབྱུང་བར་འགྱུར་ཞེས་བྱའོ། །དེའི་དོན་བཤད་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་རྣམས་ཐམས་ཅད་ལས་མཐོང་བ་ཡིན་ནོ། །དུས་ཐ་

དད་པས་ཐ་དད་པའི་བསྟན་པ་ལ་དེ་ཇི་ལྟར་འབྱུང་བར་འགྱུར། གང་གི་ཕྱིར་གལ་ཏེ་སྲིང་མོ་གང་གཱའི་ལྷ་མོ་སྟོང་ཕྲག་བརྒྱ་པའི་སྟོན་པ་ལ་ལུང་བསྟན་པ་དེའི་ཚེ་དེའི་སྟོན་པ་ཉིད་ལ་དེས་སངས་རྒྱས་ཀྱི་ཞིང་ཡོངས་སུ་འཛིན་པར་བྱས་པ་དང་ལུང་བསྟན་པ་དང་ཡང་ཐོབ་པོ། །ཡང་དང་
ཡང་དུ་བཅོམ་ལྡན་འདས་མ་གཞན་དང་གཞན་རྣམས་ལ་ཡང་སྟོན་པར་བྱེད་པ་ཇི་ལྟར་དུས་གཞན་ལ་དེའི་སངས་རྒྱས་ཀྱི་ཞིང་ཡོངས་སུ་བཟུང་བ་ལ་སོགས་པ་འབྱུང་བ་ཡིན། དེ་བཞིན་དུ་དགེ་སློང་རྣམས་ལ་ཡང་ལུང་བསྟན་པ་ལ་བརྗོད་པར་བྱ་སྟེ། གལ་ཏེ་ཡང་རྒྱས་པ་ལ་དགའ་བ་ཚིག་ལ་འཆེལ་བའི་
གདུལ་བྱ་རྣམས་ཀྱི་དབང་དུ་མཛད་ནས། བཅོམ་ལྡན་འདས་མ་འབུམ་པ་དུས་གཅིག་ན་བསྟན་པ་དང་། བར་མ་ལ་དགའ་བའི་དབང་དུ་མཛད་ནས་ཕྱིས་སྟོང་ཕྲག་ཉི་ཤུ་ལྔ་པ་དེའི་ཚེ་འབུམ་གྱི་གླེང་གཞི་ལ་འཇིག་རྟེན་གྱི་ཁམས་གང་ལ་བྱང་ཆུབ་སེམས་དཔའ་གང་རྣམས་ལ་འདུས་པ་འདོན་པ་ཇི་
ལྟར་དེ་རྣམས་ཀྱིས་གཞན་དུ་ཡང་འདོན་པར་འགྱུར། གལ་ཏེ་ཡང་འབུམ་སྟོན་པ་ལ་གང་དག་སྔོན་རོལ་དུ་འོངས་པ་དེ་རྣམས་བཅོམ་ལྡན་འདས་མ་གཞན་རྣམས་བསྟན་པ་ལ་ཡང་འོང་བར་འགྱུར་ན་དེའི་ཚེ་དེ་རྣམས་ཀྱི་སྣང་བ་འདི་ལ་བཅོམ་ལྡན་འདས་རྒྱུ་གང་ཡིན། དེ་བཞིན་གཤེགས་པའི་བདག་
གིས་དངོས་པོ་བལྟ་བས་ཆོག་མི་ཤེས་པ་འདི་ལ་བསྟན་པའི་ཕྱིར་ཞེས་བྱ་བ་ལ་སོགས་པའི་དེ་བཞིན་གཤེགས་པ་རྣམས་ལ་དྲི་བ་བཅོམ་ལྡན་འདས་དང་བཅོམ་ལྡན་འདས་དེ་རྣམས་ལ་ཡང་ལན་གྱི་ངག་རྣམས་ལ་རྒྱུ་གང་ཡིན་པ་དེ་མི་མཇེད་ཀྱི་འཇིག་རྟེན་གྱི་ཁམས་ཞེས་བྱ་བ་ན་དེར་དེ་བཞིན་གཤེགས་པ་
ཤཱཀྱ་ཐུབ་པ་ཞེས་བྱ་བ་བཞུགས་པ་ལ་ཇི་སྲིད་ཡོངས་སུ་ཤེས་ནས་སྤྱོད་པ་ནི་རིགས་ཀྱི་བུ་ཁྱོད་སངས་རྒྱས་ཀྱི་ཞིང་དེར་འབྱུང་བར་གྱུར་ཅིག །གང་གི་ཕྱིར་བྱང་ཆུབ་སེམས་དཔའ་དེ་རྣམས་ནི་མགུ་བར་དཀའ་བ་ཡིན་ཏེ་ཞེས་བྱ་བ་ལ་སོགས་པ་སླར་ཡང་ཇི་ལྟར་འགྱུར་སྙམ་ན། སྔོན་གྱི་སྟོན་པ་ཉིད་ལ་མི་ཕྱེད་
པའི་འཇིག་རྟེན་གྱི་ཁམས་དེ་རྣམས་དང་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ལས་ཤེས་པའི་ཕྱིར་རོ། །བཅོམ་ལྡན་འདས་དེ་རྣམས་ཀྱིས་ཀྱང་དེ་རྣམས་ལ་རྗེས་སུ་བསྟན་པ་སྔོན་དུ་བྱས་པ་ཞེས་བྱའོ། །འཕགས་པ་ཤཱ་རིའི་བུ་ལ་སོགས་པའི་རྣམ་པར་རྟོག་པ་རྣམས་གང་ཞིག་ཡང་ཅི་ཚེ་དང་ལྡན་པ་རབ་འབྱོར་

འདི་བདག་ཉིད་ཀྱི་སྤོབས་པས་སམ། འོན་ཏེ་སངས་རྒྱས་ཀྱི་མཐུས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉེ་བར་སྟོན་པར་འགྱུར་ཞེས་བྱ་བ་ལ་སོགས་པ་དེ་རྣམས་ཀྱང་ཡང་དང་ཡང་དུ་ཇི་ལྟར་འབྱུང་བར་འགྱུར། དེ་བཞིན་དུ་ཀླན་ཀ་ཚོལ་ཞིང་གླགས་ལྟ་བར་འདོད་པའི་ཀུན་ཏུ་རྒྱུའི་འདོད་པ་ཉེ་བར་འགྲོ་བ་ལ་སོགས་
པ་ལ་བརྗོད་པར་བྱའོ། །གཞན་ཡང་མདོ་སྡེ་གང་ཞིག་བཅོམ་ལྡན་འདས་དུས་གཅིག་ན་སྟོན་པ་དེ་ཉིད་ནི་སླར་སྟོན་པར་མི་མཛད་དེ། དེ་ལྟར་ན་ཡང་སྔར་གང་རྣམས་ཀྱི་མདོ་སྡེ་དེ་ཐོས་པ་རྣམས་ལ་སྡུད་པའི་སྟོན་པར་འགྱུར་རོ། །ཅི་བཅོམ་ལྡན་འདས་ཀྱིས་མཛད་ཅིང་མཛད་པ་ཡང་ནས་ཡང་དུ་བཅུག་པ་ཞེས་
བྱའོ། །ཆོས་དང་དོན་དང་ངེས་པའི་ཚིག་དང་སྤོབས་པ་སོ་སོ་ཡང་དག་པར་རིག་པ་ཐམས་ཅད་དང་ཡང་དག་པར་ལྡན་པ་ནི་དེ་བཞིན་གཤེགས་པ་སྟེ། དེ་བས་ན་གལ་ཏེ་བཅོམ་ལྡན་འདས་ཀྱིས་སྔར་བསྟན་པ་ཡང་བསྟན་པར་འདོད་པ་ཡིན་ན། དེའི་ཚེ་ངེས་པའི་ཚིག་གཞན་མ་རྣམས་ཀྱི་གོ་རིམས་གཞན་མ་རྣམས་
ཀྱིས་བསྟན་པ་ཡིན་ཏེ། གང་གིས་གདུལ་བྱ་དེ་རྣམས་སྔར་ཐོས་པ་ཡང་རྟེན་ཅིང་འབྲེལ་པར་འབྱུང་བ་ལ་སོགས་པ་བསྟན་པ་དེ་གཞན་དང་འདྲ་བར་ཡིད་ལ་བྱེད་དེ། འདི་ཉིད་ཀྱང་རྣམ་གྲངས་ཀྱིས་བསྟན་པ་ལ་ཡང་རྒྱུ་མཚན་མ་ཡིན་ནོ་ཞེས་སློབ་དཔོན་རྣམས་ཀྱིས་བཤད་པ་ཡིན་ནོ། །བཅོམ་ལྡན་འདས་མ་རྣམས་
ལ་ཡང་གང་མིང་གི་ཚོགས་དང་ཚིག་གི་ཚོགས་དང་ཡི་གེའི་ཚོགས་རྣམས་ནི་གང་རྣམས་ལ་ཡང་མཐོང་བར་འགྱུར་བ་དེ་རྣམས་ཉིད་ཕལ་ཆེར་གཞན་རྣམས་ལ་ཡང་སྐབས་དེ་ཉིད་ཀྱིས་སོ། །དེའི་ཕྱིར་བཅོམ་ལྡན་འདས་ཀྱིས་གསུངས་པའི་དོན་ནི་རྒྱས་པ་ལ་དགའ་བ་རྣམས་ཀྱི་དབང་དུ་མཛད་ནས་དུས་གཞན་ལ་སླར་
ཡང་བསྡུས་པ་ལ་དགའ་བ་རྣམས་ཀྱི་དབང་དུ་མཛད་ནས་སྟོན་པར་བཞེད་པ་དེའི་ཚེ་ངེས་པའི་ཚིག་གཞན་རྣམས་ཀྱིས་ཀྱང་གོ་རིམས་གཞན་གྱིས་སྟོན་པ་ཡིན་ནོ། །གང་གིས་སྔར་ཐོས་པ་དང་ལྡན་པས་རྣམ་པར་བསྡུས་པ་བསྟན་པ་ནི་མ་ཡིན་ཏེ། ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སུམ་བརྒྱ་པའམ་བདུན་
བརྒྱ་པ་ལ་སོགས་པ་སྟོན་པར་མཛད་ཅེས་བྱ་བ་ལྟ་བུའོ། །དེ་བས་ན་གླེང་གཞི་གཅིག་ཉིད་ལ་བཅོམ་ལྡན་འདས་མ་ཐམས་ཅད་བསྟན་པར་མཛད་པ་ཞེས་གནས་པ་ཡིན་ནོ། །དེ་ལ་ཁ་ཅིག་ནི་གང་གཱའི་ལྷ་མོ་ལུང་བསྟན་པ་ལ་སོགས་པ་རྣམས་མགོ་སྨོས་པས་གོ་བ་ལ་སོགས་པ་ཐམས་ཅད་དུས་མཉམ་པར་ཉེ་

བར་དམིགས་ཏེ། དེ་རྣམས་ཐམས་ཅད་ལ་ཡང་བཤད་པའོ། །དེ་བཞིན་དུ་གང་དུ་མིང་གི་ཚོགས་དང་ཡི་གེའི་ཚོགས་རྣམས་དེ་ཉིད་ཐམས་ཅད་ཀྱི་ཐོས་པ་ཇི་ལྟར་རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་བརྩམས་ཏེ་ཁྱོད་སྤོབས་པར་
བྱོས་ཤིག་ཅེས་བྱ་བ་ལ་སོགས་པ་དེ་རྣམས་ཐམས་ཅད་ལ་ཡང་མཉམ་པ་སྟེ། གལ་ཏེ་དེ་ལྟར་ཡིན་ན་བྱང་ཆུབ་སེམས་དཔའ་ཡང་དག་པར་འདུས་པ་ལ་སོགས་པ་བཤད་པ་གླེང་གཞི་རྣམས་ལ་གང་ཞིག་འདི་ཆེན་པོ་རྣམས་ལས་མཐོང་བ་ཡིན་པ་དེ་འདི་ལ་མཉམ་པ་ཡང་བསྟན་པ་མ་ཡིན་ཏེ། བསྡུས་
པའི་དབང་གིས་གླེང་གཞི་ཡང་བསྡུས་པར་རིགས་ཞེས་བྱ་བ་ནི་རིགས་པ་ཁོ་ནའོ། །གང་ཞིག་སླར་འདིར་གསུངས་པ་དགེ་སློང་སྟོང་ཉིས་བརྒྱ་ལྔ་བཅུའི་དགེ་སློང་གི་དགེ་འདུན་ཞེས་བྱ་བ་དེ་ཆེན་པོ་རྣམས་ཀྱི་གླེང་གཞི་ལས་ཇི་ལྟར་གཞན་ཡིན་སྙམ་ན། གང་གི་ཕྱིར་དེ་རྣམས་ལ་དགེ་སློང་སྟོང་ཕྲག་ལྔ་
ཙམ་གྱིས་ཞེས་འབྱུང་བ་ཡིན་ནོ་ཞེས་དེ་ལ་དགོངས་པ་འདི་ཡིན་ཏེ། གང་ཞིག་ད་ལྟར་བྱུང་བ་དེ་བསྡུས་པ་ལ་དགའ་བའི་གདུལ་བྱ་རྣམས་ཀྱི་དབང་དུ་མཛད་ནས་ཡང་དག་པར་བསྡུས་པ་ནི་ཡང་དག་པར་སྡུད་པར་བྱེད་པ་དེ་རྣམས་ཀྱིས་ཇི་ལྟར་བྱང་ཆུབ་སེམས་དཔའི་འཁོར་འདུས་པར་བཤད་པ་ནི་གླེང་
གཞི་ལ་འདུས་པ་ཡིན་པས་དེ་རྣམས་ཀྱི་དགོངས་པས་སོ། །དེ་བཞིན་དུ་ཉན་ཐོས་རྣམས་ཀྱང་མང་བའི་གྲངས་ཀྱི་འདུས་པ་བཤད་པ་ལ་དགའ་བ་མ་ཡིན་ནོ། །དེས་ན་དགྲ་བཅོམ་པ་སྟོང་ཕྲག་ལྔ་ཙམ་པོ་འདུས་པ་རྣམས་ལ་གཞན་དང་མི་ལྡན་པའི་རྣམ་པར་གཅོད་པའི་འདུས་པ་ལ་དགའ་བའི་གདུལ་
བྱ་རྣམས་ཀྱི་ངོར་སྟོང་ཉིས་བརྒྱ་ལྔ་བཅུ་བཤད་པ་ཡིན་ཞེས་བྱའོ། །འོན་ཏེ་སྟོན་པ་འདི་གལ་ཏེ་གཅིག་ཡིན་ན་དེའི་ཚེ་ཆེན་པོ་གཉིས་ལ་ཇི་ལྟར་སྔོན་གྱི་སྦྱོར་བ་ལས་བརྩམས་ཏེ། གདུལ་བྱ་རྣམས་སྤྲོ་བ་བསྐྱེད་པའི་དོན་རྟག་ཏུ་ངུ་དང་ཆོས་འཕགས་ཀྱི་གཏམ་དེ་ཉིད་འདོན་པ་མ་ཡིན། རྒྱས་པ་
ལ་དགའ་བ་རྣམས་ཀྱི་འཁོར་དེ་ཉིད་ལ་སྔར་གྱི་སྦྱོར་བའི་གཏམ་གྱི་སྤྱོད་ཡུལ་མ་ཡིན་ནོ་ཞེ་ན། འདི་ནི་ཇི་ལྟར་དད་པར་བྱ་སྟེ་གང་གི་ཕྱིར་རྒྱས་པ་ལ་དགའ་བ་དེ་རྣམས་རྣམ་པར་སྤྲོས་ན་གོ་བ་ཇི་ལྟར་དད་པ་ཤིན་ཏུ་རྣམ་པར་འཕེལ་བའི་དོན་དུ་སྔོན་གྱི་གཏམ་ཉིད་སྤྲོ་བར་མི་མཛད་སྙམ་ན། གང་ཞིག་བསྡུས་པ་

ལ་དགའ་བ་མགོ་སྨོས་པས་གོ་བ་ཉིད་གཙོར་བྱས་པ་འདིར་ནི་བརྗོད་པར་བྱ་སྟེ། སྔོན་གྱི་གཏམ་གྱིས་བསྟན་པ་ཡང་བཅོམ་ལྡན་འདས་མ་ཐམས་ཅད་ལ་ཡོད་པ་སྟེ་འོན་ཀྱང་སྡུད་པ་པོའི་དགོངས་པ་འདི་ཡིན་ཏེ་གང་ཞིག་བསྡུས་ཏེ་བསྟན་པ་ཉིད་ལ་སྔོན་གྱི་གཏམ་འདོན་པ་དེ་ཉིད་འདིར་ཡང་
འོངས་ནས་འདོན་པར་བྱའོ། །ཁྱད་པར་ནི་གཏམ་ལ་ཡོད་པ་མ་ཡིན་པ་དེའི་ཕྱིར་སླར་མི་འདོན་ནོ། །གདོན་མི་ཟ་བར་ཡང་འདི་ལྟར་ཡིན་ཏེ། གང་གི་ཕྱིར་བཅོམ་ལྡན་འདས་མ་སྟོང་ཕྲག་བརྒྱ་པ་རྫོགས་པ་ལས་བཅོམ་ལྡན་འདས་དགྱེས་ཤིང་དེ་སྐད་ཅེས་བཀའ་སྩལ་པ་དང་། བྱམས་པ་
པ་གཙོ་བོར་བྱས་པའི་བྱང་ཆུབ་སེམས་དཔའ་རྣམས་དང་། ཇི་སྲིད་ལྷ་དང་མི་དང་ལྷ་མ་ཡིན་དང་དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ་ཞེས་བྱ་བས་རྫོགས་པའི་ངག་འདོན་པ་མ་ཡིན་ནོ། །རྗོད་བྱེད་གཉིས་པ་སྟོང་ཕྲག་ཉི་ཤུ་ལྔ་པའི་
རྫོགས་སོ་ཡང་དེ་བཞིན་ནོ། །བསྡུས་པ་བཤད་པ་ལས་སྔོན་གྱི་གཏམ་བླངས་ནས་ཀློག་པར་བྱ་སྟེ་བཅོམ་ལྡན་འདས་མ་འདི་རྫོགས་པར་བྱས་པའི་དགོངས་པའོ། །གང་ཡང་བཟང་པོའི་ཞུས་གཏུགས་བྱས་པའི་སྟོང་ཕྲག་ཉི་ཤུ་ལྔ་པ་རྫོགས་པ་ལ་བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་
སྩལ་ནས་བརྗོད་པ་ཡིན་ཏེ། དེ་སྡུད་པ་པོའི་ངག་ནི་མ་བྲིས་པ་ལ་དགོངས་པ་མ་གཏོགས་པ་དེ་བས་ན་རང་གིས་བཞག་པ་ཡིན་ནོ། །འདི་ལ་མང་བ་ཉིད་ནི་མངོན་པར་རྟོགས་པས་རང་གིས་བཞག་པ་དང་བཟློག་པ་དང་འདོན་པ་ལ་འཁྲུག་པར་བྱེད་པ་ཞེས་བྱ་བ་ནི་རྣམ་པར་དག་པ་འདོན་པའི་སྣང་བ་ལ་ངེས་
པར་སྤྱོད་པ་ཡིན་ནོ། །གང་ཟག་གཅིག་མ་གཏོགས་པ་ནི་འདི་ལྟ་སྟེ། ཚེ་དང་ལྡན་པ་ཀུན་དགའ་བོའོ་ཞེས་བྱ་བ་དེའི་དོན་ནི་འདི་ཡིན་ཏེ། གལ་ཏེ་ཐམས་ཅད་ཀྱང་དགྲ་བཅོམ་པ་ཞེས་གསུངས་པ། དེ་བས་ན་འཕགས་པ་ཀུན་དགའ་བོ་ཡང་འདི་ལྟ་བུའི་ཡོན་ཏན་ཅན་ཡིན་ནམ་འོན་ཏེ་ཅི་མ་ཡིན་སྙམ་
པ་ལ། གཅིག་ཅེས་བྱ་བ་ལ་སོགས་པ་སྟེ་མ་གཏོགས་པ་ཞེས་བྱ་བ་ནི་ཕྱིར་བཞག་པར་བྱས་ནས་སྤྱིར་སེམས་ཅན་དེ་ཉིད་ནི་ཡོན་ཏན་དང་སྐྱོན་ཉིད་ཀྱི་ཁྱད་པར་བཤད་པ་ལ་གང་ཟག་ཅེས་བརྗོད་པ་སྤྱིར་གསུངས་པ་ལ་ཁྱད་པར་བཤད་པའི་དོན་དུ། འདི་ལྟ་སྟེ་ཞེས་བྱ་བའི་མ་ཟད་པ་གཉིས་ཏེ་བཤད་

པ་ནི་ཀུན་དགའ་བོ་ཞེས་བྱ་བའོ། །བཅོམ་ལྡན་འདས་མངོན་པར་རྫོགས་པར་འཚང་རྒྱ་བ་ལ་མངོན་པར་དགའ་བའི་ལྷ་མོ་རྣམས་ཀྱིས་བྱེ་བ་ཕྲག་སུམ་ཅུ་རྩ་གསུམ་གྱིས་བསྐོར་བའི་བདུད་མཚོན་ཆ་སྣ་ཚོགས་པའི་ཆར་རྣམ་པར་འབེབས་པ་ལ་བྱམས་པ་སྟོང་གིས་
རྒྱལ་བར་མཛད་ནས་བཅོམ་ལྡན་འདས་མངོན་པར་རྫོགས་པར་སངས་རྒྱས་པ་ཞེས་བྱ་བ་རྒྱལ་པོ་ཟས་གཙང་མ་ལ་ཞུས་པ་ལ་དགའ་བ་ཆེན་པོ་འཇུག་པ་ལས་སྐྱེས་པའི་ཕྱིར་འདི་ཀུན་དགའ་བོ་ཞེས་པ་མིང་དུ་བཏགས་པ་ཡིན་ནོ། །ཚེ་དང་ལྡན་པ་ཞེས་བྱ་བའི་ཁྱད་པར་ནི་བརྙས་པ་སྤངས་པའི་
དོན་ཏེ་དེའི་ཕྱིར་གདུལ་བ་ལས་རྒན་པོའི་མིང་ནི་ཁྱད་པར་དང་བཅས་པ་ཉིད་གཟུང་བར་བྱའོ། །གཞན་དུ་ན་ལྟུང་བ་དང་བཅས་པ་ཞེས་འབྱུང་བ་ཡིན་ནོ། །ཁྱད་པར་རྣམས་ལ་ཡང་འདུལ་བ་ལས་ངེས་པར་མཐོང་བ་ཡིན་ཏེ་རྒན་པ་ལ་བཙུན་པ་ཞེས་བྱ་བ་ཁོ་ན་ཡིན་གྱི་ཚེ་དང་ལྡན་པ་ཞེས་བྱ་བས་ནི་མ་
ཡིན་ནོ། །དེ་ལྟ་ན་ཡང་དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ་ཞེས་བྱ་བ་ཉེ་བར་གཞག་ནས་འདིའི་ལྷག་མ་རྣམས་ལ་ཚེ་དང་ལྡན་པ་ཞེས་གཟོད་འདོན་པ་ཡིན་ནོ། །དེའི་ཕྱིར་མདོ་སྡེ་ལས་འཕགས་པ་རབ་འབྱོར་ཚེ་དང་ལྡན་པ་ཤཱ་རིའི་བུ་ཞེས་བྱ་བ་གསུངས་པ་དང་། འཕགས་པ་ཤཱ་རིའི་བུ་ཡང་
ཚེ་དང་ལྡན་པ་རབ་འབྱོར་ཞེས་བྱ་བའོ། །གཞན་དུ་ན་ཇི་ལྟར་རྒན་པའི་ཤཱ་རིའི་བུ་ལ་ཚེ་དང་ལྡན་པ་ཞེས་བཤད་པ་ལ་ད་ལྟར་ཡང་བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདས་ནས་དུས་རིང་པོ་ནི་རྒན་པོ་ལ་བཙུན་པ་ཞེས་བརྗོད་ཀྱིས་ཚེ་དང་ལྡན་པ་ཞེས་བྱ་བས་ནི་མ་ཡིན་ནོ་ཞེས་བྱ་བ་ངེས་པ་ཡིན་
ཞེས་རྗོད་པར་བྱེད་དེ། འདི་ཙམ་གྱིས་ནི་གླེང་གཞི་སྔར་ཡང་དག་པར་སྡུད་པར་བྱེད་པས་ཉེ་བར་བསྟན་པ་ཡིན་ནོ། །འདི་སྐད་ཅེས་བྱ་བ་ནི་ཇི་ལྟར་བསྡུ་བར་བྱ་བ་དེ་ཁོ་ན་བཞིན་དུའོ། །བདག་གིས་ཐོས་པ་ཞེས་བྱ་བས་སྡུད་པ་ལ་ཕྱིན་ཅི་མ་ལོག་པ་ཉིད་དུ་དམ་བཅས་པ་ཡིན་ཏེ་རབ་ཏུ་
དབྱེ་བ་འདི་ཉིད་དང་། གླེང་གཞི་དང་གནས་སྐབས་དང་། ཉེ་བར་བསྡུ་བ་དང་། མདོའི་ལུས་འདི་རྣམས་ཀྱིས་ཤེས་པར་བྱ་བའི་དོན་ཏོ། །དེ་ལ་བསྟན་པའི་རྒྱུ་ཉིད་ཀྱི་ཕྱིར་གླེང་གཞི་སྟེ། ཡུལ་འགའ་ཞིག་དུ་སྟོན་པ་དང་ཉན་པ་པོ་འདུས་པ་ནི་བཅོམ་ལྡན་འདས་ཞེས་བྱ་བ་ནས་

བརྩམས་ཏེ་ཀུན་དགའ་བོ་ཞེས་བྱ་བའི་བར་གྱིས་སོ། །དེ་ནས་ཞེས་བྱ་བ་དང་། དེ་ནས་སངས་རྒྱས་ཀྱི་མཐུས་ཞེས་བྱ་བ་དང་དེ་སྐད་ཅེས་སྨྲས་པ་ཞེས་བྱ་བ་ལ་སོགས་པས་གནས་སྐབས་སོ། །འདི་སྐད་ཅེས་བཀའ་སྩལ་པ་དང་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་ནི་ཉེ་
བར་བསྡུ་བ་སྟེ། ལྷག་མ་གཞན་ནི་མདོའི་ལུས་སོ། །གལ་ཏེ་དེ་ལྟར་མདོའི་ལུས་དེ་ནི་སྡུད་པ་པོའི་ཚིག་གོ། །དེ་བས་ན་སྡུད་པ་པོས་སངས་རྒྱས་ཀྱི་གསུང་ནི་སངས་རྒྱས་མ་ཡིན་པའི་ཚིག་གིས་བསྲེ་བར་བྱས་སམ། ཅི་ཞེ་ན། དེས་ན་ཅིའི་ཕྱིར་ད་ལྟར་གང་ཞིག་འཕགས་པ་རབ་འབྱོར་
ལ་སོགས་པ་རྣམས་ཀྱིས་བསྟན་པ་དེ་སངས་རྒྱས་ཀྱི་བཀའ་མ་ཡིན་ནམ། ཅིའི་ཕྱིར་མ་ཡིན་ཏེ་བཅོམ་ལྡན་འདས་ཀྱིས་བྱིན་གྱིས་བརླབས་པས་བསྟན་པ་ལ་རབ་ཏུ་བྱུང་བ་ཉིད་ཀྱི་ཕྱིར་རོ། །གལ་ཏེ་དེ་ལྟར་ན་སྡུད་པ་ཡང་སངས་རྒྱས་ཀྱིས་བྱིན་གྱིས་བརླབས་པས་རབ་ཏུ་བྱུང་བས་ན་སངས་རྒྱས་
ཀྱི་བཀའ་ཁོ་ན་ཡིན་ནོ། །དེ་ལྟར་ན་ཡང་ཆོས་ཡང་དག་པར་སྡུད་པའི་མདོ་ལས་འབྱུང་བ་ཡིན་ཏེ། དེ་ནས་བྱང་ཆུབ་སེམས་དཔའ་དམིགས་པ་མེད་པ་དང་བྱང་ཆུབ་སེམས་དཔའ་བློ་གྲོས་རྣམ་པར་རོལ་པ་གཉི་ག་བཅོམ་ལྡན་འདས་ག་ལ་བ་དེར་ཉེ་བར་སོང་ནས་ཕྱོགས་གཅིག་ཏུ་འདུག་སྟེ། དེ་དག་
བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །འདིར་གཅིག་པའི་དབང་དུ་མཛད་ནས་ཆོས་ཀྱི་སྡུད་པར་བྱས་པ་སྟེ་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་མི་མཁྱེན་པ་དང་མི་རིག་པ་ཡོད་པ་མ་ཡིན་པས་ཇི་སྲིད་བཅོམ་ལྡན་འདས་ལ་ལ་ཞིག་ཁོ་བོ་ཅག་ལ་ལུགས་དང་མཐུན་པར་ཡང་
དག་པར་བསྡུ་བར་མཛད་དམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་དེ་དེ་བཞིན་ཏེ་ཇི་སྲིད་དུ་རིགས་ཀྱི་བུ་གང་ལ་ལ་ཞིག་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྨྲ་བ་དང་ཡང་དག་པར་སྨྲ་བ་དེ་ཐམས་ཅད་དེ་བཞིན་གཤེགས་པའི་བྱིན་གྱི་རླབས་སུ་རིག་པར་བྱའོ། །
རིགས་ཀྱི་བུ་དག་ལེགས་སོ་ལེགས་སོ། །འདི་ལྟར་ཆོས་ཀྱི་བསྡུ་བ་བྱས་ཏེ་ཇི་ལྟར་ཁྱེད་དག་ལ་བྱས་པ་རིགས་ཀྱི་བུ་དག་ཁྱེད་དག་ལ་ཆོས་སྡུད་པ་འདིས་སངས་རྒྱས་ཀྱི་བྱ་བ་བྱས་པ་ལ་རྗེས་སུ་ཡི་རང་ངོ་། །དེ་བཞིན་གཤེགས་པས་ཁྱེད་དག་ལ་བྱས་པའི་ཆོས་ཀྱི་བསྡུ་བ་ཞེས་

བྱའོ། །དེ་ལྟར་ན་སངས་རྒྱས་ཀྱི་བྱིན་གྱི་རླབས་ལས་རབ་ཏུ་བྱུང་བ་དང་སངས་རྒྱས་རྣམས་ཀྱིས་རྗེས་སུ་ཡི་རང་བ་དང་སངས་རྒྱས་ཀྱིས་མཛད་པ་བྱེད་པ་བསྡུ་བ་ནི་སངས་རྒྱས་ཀྱི་བཀའ་ཉིད་ཡིན་ནོ། །ད་ནི་འདི་བསམ་པར་བྱ་བ་སྟེ་གླེང་གཞིའི་ཚིག་འདི་ཅིའི་
དོན་དུ་ཡིན་ཞེ་ན། འདིར་སྨྲས་པ། དད་ལྡན་འཇུག་པའི་ཡན་ལག་ཏུ། །སྟོན་པ་འཁོར་དང་དབང་པོ་དང་། །རང་ཉིད་ཚད་མར་རབ་བསྒྲུབ་ཕྱིར། །ཡུལ་དང་དུས་ནི་བཤད་པ་ཡིན། །སྡུད་པ་བྱེད་པས་འཇིག་རྟེན་དུ། །དུས་དང་ཡུལ་ནི་ཉེ་བར་མཚོན། །དཔང་བཅས་བརྗོད་
ཅིང་སྨྲ་བ་པོ། །ཚད་མ་ཉིད་དུ་རྟོགས་པར་འགྱུར། །ཞེས་བྱ་བའོ། །གང་ཞིག་ཡང་རྟོག་གེ་སྐམ་པོ་ལ་མངོན་པར་དགའ་བ་ཡིད་ཕྱིན་ཅི་ལོག་ཏུ་འཇུག་པ་ཅན་དུས་ཐམས་ཅད་དུ་བརྡ་མ་བྱང་བ་དེ་རྣམས་འདི་ལ་བདག་པོར་བྱ་བ་མ་ཡིན་ནོ། །ཇི་སྐད་དུ་གསུངས་པ། སངས་རྒྱས་རྣམས་ལ་བྱ་
བ་བྱས། །དེ་ལས་དགེ་བའི་རྩ་བ་བསྐྲུན། །དགེ་བའི་བཤེས་ཀྱིས་མགོན་བྱས་པ། །འདི་ནི་ཉན་པའི་སྣོད་ཡིན་ནོ། །འོན་ཏེ་དེ་ལྟར་ན་ཡང་བརྗོད་པར་བྱ་བ་ལ་སོགས་པ་མ་བསྟན་པའི་ཕྱིར་དེའི་ཁྱད་པར་ཚེ་ལ་བར་བྱེད་པ་རྣམས་ཇི་ལྟར་འཇུག་པ་སྟེ། རེ་ཞིག་འདི་རྣམས་ལ་འདི་ལྟར་
ཡོད་པར་འགྱུར་ཏེ་ཟག་པ་ཟད་པ་རྣམས་ཀྱི་འཁོར་གྱི་འདུས་པ་འདི་ཆེན་པོ་སྟེ་འཇིག་རྟེན་གསུམ་གྱི་བླ་མར་གྱུར་པ་བཅོམ་ལྡན་འདས་འདིར་ནི་བསྟན་པར་མཛད་པ་གྲོལ་ནས་གྲོལ་བའི་འཁོར། དེའི་ཕྱིར་འདི་གསུངས་པའི་འཁོར་དང་ལྡན་པ་ངེས་པར་ཕ་རོལ་མེད་པའི་འཁོར་བའི་དགོན་
པ་ལས་རྒལ་བར་བྱེད་པའི་ཐབས་སམ། ཐབས་མ་ཡིན་པ་སྟོན་པར་གྱུར་པ་ཞེས་ཡང་དག་པར་བླངས་ནས་འཇུག་པ་ཡིན་ཏེ། འཇུག་པར་གྱུར་པ་ཡང་། འདི་སྐད་དུ་རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་བརྩམས་ཏེ། ཇི་ལྟར་
བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ངེས་པར་འབྱུང་བར་འགྱུར་བ་དེ་བཞིན་དུ་ཁྱོད་སྤོབས་པར་བྱོས་ཤིག་ཅེས་བྱ་བ་མདོ་ལས་ཐོག་མར་བཅོམ་ལྡན་འདས་ཀྱིས་ཉེ་བར་བསྟན་པའི་ངག་ཉེ་བར་ཐོས་ནས། གང་རྣམས་སྔར་ཉིད་བྱང་ཆུབ་སེམས་

དཔའི་ངེས་པར་འབྱུང་བ་སྒྲུབ་པའི་ཐབས་ཚོལ་བ་དང་། གང་ཞིག་ཡང་དེའི་ཚེ་དེ་ལྟར་ཐོས་ནས་འདོད་པ་སྐྱེས་པ་རྣམས་དེ་དག་གཉི་ག་ཡང་འཇུག་པར་འགྱུར་བ་ཡིན་ཞེས་བྱ་བའོ། །ད་ནི་བསྟན་པ་ལ་གནས་སྐབས་སུ་བྱེད་ཅིང་གསུངས་པ། དེ་ནས་བཅོམ་ལྡན་འདས་ཀྱིས་གནས་བརྟན་
ཚེ་དང་ལྡན་པ་རབ་འབྱོར་ལ་བཀའ་སྩལ་པ་ཞེས་བྱ་བའོ། །དེ་ལ་མང་བ་ཐམས་ཅད་ནི་འོངས་པ་སྟེ། ཅིའི་ཕྱིར་གཅིག་ཁོ་ན་ལ་བཀའ་སྩལ་པ། གང་ཡང་ཆེན་པོ་རྣམས་ཀྱི་གླེང་གཞི་རྣམས་ལས་འདོན་པ་ཡིན་ཏེ། བདག་གི་མདུན་དུ་དེ་བཞིན་གཤེགས་པ་བཞུགས་ཤིང་ཆོས་སྟོན་
པར་མཛད། བདག་གི་མདུན་དུ་དེ་བཞིན་གཤེགས་པ་བཞུགས་ཤིང་ཆོས་སྟོན་པར་མཛད་ཅེས་བྱ་བ་འདི་འགལ་བ་ཡིན་ནོ། །གང་གི་ཕྱིར་ཐམས་ཅད་དེར་འདུས་པ་དེ་བཞིན་གཤེགས་པ་ནི་བདག་ཁོ་ན་ལ་མངོན་པར་ཕྱོགས་པས། འཇིག་རྟེན་པ་ལས་བརྩམས་ནས། ཆོས་
སྟོན་པར་མཛད་ཅེས་སེམས་པར་བྱེད་དོ། །གལ་ཏེ་བཅོམ་ལྡན་འདས་ཐམས་ཅད་ཀྱི་དབུས་སུ་གཅིག་ཁོ་ན་ལ་བཀའ་སྩལ་པ་དེའི་ཚེ་ཇི་ལྟར་འཁོར་རྣམས་ཀྱི་སེམས་འགལ་བར་མི་འགྱུར་སྙམ་ན། འདིར་སྨྲས་པ། གལ་ཏེ་ཡང་དེ་བཞིན་གཤེགས་པ་ཐམས་ཅད་ལས་
བརྩམས་ནས་ཐམས་ཅད་ལ་མངོན་པར་ཕྱོགས་པར་མཛད་ནས་སྟོན་པར་མཛད་པ་ནི་འོན་ཀྱང་གནས་བརྟན་རབ་འབྱོར་ལ་བཀའ་སྩལ་པའི་སྐད་ཅིག་མ་དེ་ལ་ཐམས་ཅད་ལ་ཡང་བཀའ་སྩལ་པར་གྱུར་པ་དེའི་སྟོན་པའི་སྐད་ཅིག་མ་ལའོ། །ཐམས་ཅད་ལ་ཡང་རྣམ་པ་སྣ་ཚོགས་པས་སྣ་ཚོགས་པ་སྟོན་པ་མཛད་དེ་སྡུད་
པ་པོ་ནི་རིམ་པ་དེའི་སྡུད་པར་རུང་བ་མ་ཡིན་པའི་ཕྱིར་བརྟན་པའི་རྔོམ་བརྗོད་ཀྱི་ཤེས་པ་ཡོངས་སུ་དོར་བར་སྐྱེ་བོ་ཐམས་ཅད་ལ་རུང་བའི་རིམ་པ་གཅིག་བཟུང་ནས་ཡང་དག་པར་སྡུད་པར་བྱེད་པ་ཡིན་ནོ། །དེ་བཞིན་གཤེགས་པ་ནི་རབ་འབྱོར་ལས་བརྩམས་ནས་སྟོན་པར་མཛད་དོ། །ཚུལ་
འདི་ཉིད་ཀྱང་དེ་བཞིན་གཤེགས་པས་ཀྱང་རྗེས་སུ་གནང་བ་དམ་པའི་ཆོས་ཡུན་རིང་དུ་གནས་པའི་རྒྱུ་ཉིད་ཀྱི་ཕྱིར་ལམ་འདི་ཉིད་ལ་སྡུད་པ་པོ་རྣམས་ཀྱིས་བསྟན་པ་ཡིན་ཞེས་བྱའོ། །དེ་ལྟར་ན་ཡང་བྱང་ཆུབ་སེམས་དཔའི་ཐེག་པ་སྟོན་པ་ལ་མཆོག་གི་བསྟན་པ་བྱང་ཆུབ་སེམས་དཔའ་རྣམས་

ཡོངས་སུ་དོར་ནས་ཅིའི་ཕྱིར་རབ་འབྱོར་ཉིད་ལ་བཀའ་སྩལ་སྙམ་ན། གནས་སྐབས་སུ་བྱས་པ་འདི་ལྟར་འདི་ནི་ཉེ་བར་གཟུང་བར་བྱ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བསྟན་པ་ནི་ཐུན་མོང་དུ་བསྟན་པ་ཡིན་ལ། བྱང་ཆུབ་སེམས་དཔའ་ཁོ་ནའི་
དོན་དུ་ནི་རྣམ་པར་གཞག་པ་མ་ཡིན་ཏེ། ཅིའི་ཕྱིར་ཞེ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་། ལམ་ཤེས་པ་ཉིད་དང་། ཐམས་ཅད་ཤེས་པ་ཉིད་ཅེས་བྱ་བ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོན་པ་ལ་སྒོ་གསུམ་ལ་འཇུག་པའི་ཕྱིར་རོ། །དེ་ལ་གལ་ཏེ་བྱང་ཆུབ་སེམས་དཔའ་
གཅིག་ལ་བཀའ་སྩལ་ནས་བཅོམ་ལྡན་འདས་ཀྱིས་བསྟན་པ་གནས་སྐབས་བྱེད་པར་གྱུར་ན་དེའི་ཚེ་འདི་ནི་ཟབ་མོ་སྟེ། བདག་ཅག་ལ་འོས་པ་མ་ཡིན་ཞེས་དུས་གཅིག་གི་ཚེ་འཁོར་རྣམས་མགུ་བར་བྱེད་པ་མ་ཡིན་ནོ། །རབ་འབྱོར་ལས་བརྩམས་ནས་གནས་སྐབས་བྱས་པའི་བསྟན་པ་
ལ་སྐྱེ་བོ་ཐམས་ཅད་དང་ཐུན་མོང་དུ་གྱུར་པར་ཤིན་ཏུ་ཟབ་པ་ནི་མ་ཡིན་ནོ་ཞེས་ཕ་རོལ་པོ་སེམས་པར་བྱེད་པ་དེ་བས་ན་རབ་འབྱོར་ཉིད་ལས་བརྩམས་ནས་གནས་སྐབས་སུ་བྱས་པའོ། །འདི་ལྟ་སྟེ། གང་དུ་ནི་དགེ་སློང་རྣམས་དང་འཁོར་གཞན་རྣམས་ལ་ཆོས་ཀྱི་མངོན་པར་རྟོགས་པ་
སོ་སོར་ཐོས་པ་འཆད་པར་འགྱུར་བ་ཡིན་ནོ། །འོན་ཏེ་དེ་ལྟར་ན་ཡང་གནས་བརྟན་རབ་འབྱོར་ནི་ཅིའི་ཕྱིར་བྱ་བ་བྱས་པ་དོན་ཆེ་བའི་བསྟན་པ་ལ་བྱ་བ་བྱས་པ་དེ་ལས་བརྩམས་ནས་གནས་སྐབས་ནི་རིགས་པ་མ་ཡིན་ནོ་ཞེ་ན། འདི་ནི་སྐྱོན་དུ་མི་འགྱུར་ཏེ་གནས་བརྟན་རབ་འབྱོར་འདི་ནི་བྱང་ཆུབ་
སེམས་དཔའ་ཆེན་པོ་ཡིན་ལ། བསྐལ་པ་གྲངས་མེད་པར་བརྩམས་པའི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཟབ་མོ་ལ་བཟོད་པ་ཅན་ཞེས་བྱ་བའི་གྲགས་པ་བསྒྲགས་པ་ཞེས་བྱ་བ་ནི་ཉི་ཁྲིའི་གཞུང་འགྲེལ་ལས་སོ། །དེའི་ཕྱིར་གནས་བརྟན་ཡིན་ཏེ་བྱ་བ་བྱས་པ་ནི་མ་ཡིན་ལ་རྣམ་པ་
ཐམས་ཅད་དུ་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་ཐམས་ཅད་སྤོང་བ་འདི་ལ་བྱ་བ་ཁོ་ན་ཡོད་པ་ཡིན་ཏེ་བྱང་ཆུབ་སེམས་དཔའ་ཆེན་པོ་ཉིད་ཀྱི་ཕྱིར་རོ། །དེས་ན་འདི་ལས་བརྩམས་ནས་བསྟན་པ་གནས་སྐབས་སུ་བྱ་བ་ནི་དེར་ཞེས་བྱ་བ་ལ་སོགས་པ་ལ། དེར་ནི་བདུན་པ་འདི་ཡོད་པ་ལ་སྟེ།

གནས་པ་དེ་ཡོད་པ་ལ་ཞེས་བྱ་བའི་དོན་ཏོ། །ཡང་ན་རྟེན་ལ་སྟེ་དགེ་འདུན་དེའི་ཁོངས་སུ་ཆུད་པ་ཞེས་བྱ་བའི་དོན་ཏོ། །ཡང་ན་ངེས་པར་འབྱུང་བ་ལ་སྟེ། དགེ་སློང་དེ་རྣམས་ལས་ཞེས་བྱ་བ་དགེ་སློང་གི་ཚོགས་ལས་ཕྱོགས་གཅིག་ལ་མིང་གིས་སོ་སོར་བྱས་པའི་ཕྱིར་རོ། །རབ་འབྱོར་ལ་ཞེས་
བྱ་བ་ནི་འདི་ལྟ་སྟེ། བྲམ་ཟེ་རྣམས་ལ་ཤཱཎྜི་ལཱ་ཁྱེར་ལ་ཤོག་ཅིག་བྱ་བ་ལྟ་བུའོ། །ཚེ་དང་ལྡན་པ་ཞེས་བྱ་བ་ནི་སྔ་མ་བཞིན་དུ། གནས་བརྟན་གྱི་ཚིག་ནི་མཆོད་པའི་དོན་དུ་སྟེ། ཡེ་ཤེས་ལ་བསྙེན་པ་དང་ཏིང་ངེ་འཛིན་ལ་སོགས་པ་རྣམས་ཀྱི་མཆོག་ཉིད་ཐོབ་པའི་ཕྱིར་བཀའ་སྩལ་
པའོ། །ཇི་ལྟར་ཞེས་གསུངས་པ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་བརྩམས་ཏེ། ཇི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ངེས་པར་འབྱུང་བར་འགྱུར་བ་དེ་བཞིན་
དུ་ཁྱོད་སྤོབས་པར་བྱོས་ཤིག་ཅེས་བྱ་བ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བསྟན་པའི་སྒོ་གསུམ་དང་རྣམ་གྲངས་བཅུས་རབ་ཏུ་འཇུག་པ་བཅོམ་ལྡན་འདས་ཀྱིས་ཞེས་བྱ་བ་རྣམ་པར་གཞག་པ་ཡིན་ནོ། །གང་གི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་བསྡུས་པའི་སྒོ་དང་བར་
མའི་སྒོ་དང་རྒྱས་པའི་སྒོ་ནས་མགོ་སྨོས་པ་དང་རྣམ་པར་སྤྲོས་ན་གོ་བ་དང་ཚིག་ལ་འཆེལ་བའི་གདུལ་བྱ་གསུམ་ལས་བརྩམས་ནས་སྒོ་གསུམ་རྣམས་ཀྱིས་བསྟན་པ་ཡིན་ཏེ། འདི་ལྟ་སྟེ། བཅོམ་ལྡན་འདས་ཀྱིས་གནས་བརྟན་རབ་འབྱོར་ལ་བཀའ་སྩལ་ནས་བསྟན་པའི་དོན་དུ་ངེས་པར་སྦྱར་ཏེ་
ཅང་མི་གསུང་བར་གྱུར་ཏོ། །འདི་ཉིད་ནི་བཅོམ་ལྡན་འདས་ཀྱིས་བསྡུས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྟན་པ་སྟེ། དེའི་ཕྱིར་འདི་ནི་བསྡུས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བརྗོད་དོ། །དེ་ནས་གནས་བརྟན་ཤཱ་རིའི་བུས་རྣམ་པར་སྤྲོས་པ་ན་གོ་བ་རྣམས་ཀྱི་དོན་དུ། ཅི་ཚེ་དང་
ལྡན་པ་རབ་འབྱོར་འདི་ཞེས་བྱ་བ་ལ་སོགས་པས་བར་མ་ལ་གནས་སྐབས་བྱས་པའོ། །དེའི་ཕྱིར་ངེས་པར་འབྱུང་བའི་གདམས་ངག་དང་ངེས་པར་འབྱུང་བའི་ཡོན་ཏན་དང་ངེས་པར་འབྱུང་བའི་རབ་ཏུ་དབྱེ་བ་དང་གང་ཡང་ངེས་པར་འབྱུང་བ་བསྟན་པ་འདི་ལ་ངེས་པ་ཞེས་བྱ་བ་རྣམ་པ་བཞིས་གནས་

བརྟན་དང་བཅོམ་ལྡན་འདས་ཀྱིས་བཤད་པ་ཡིན་ནོ། །དེ་ལ་ཚེ་དང་ལྡན་པ་ཤཱ་རིའི་བུ་བཅོམ་ལྡན་འདས་ཀྱི་ཉན་ཐོས་རྣམས་གང་ཅི་སྨྲ་བ་དང་ཞེས་བྱ་བ་ནས་བརྩམས་ཏེ། འདི་ཉིད་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་རིག་
པར་བགྱིའོ། །འདི་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གདམས་པ་ལགས་སོ། །གལ་ཏེ་དེ་ལྟར་གནས་ན་དེ་ཉིད་འདིའི་གདམས་པ་དང་རྗེས་སུ་བསྟན་པ་ལགས་སོ་ཞེས་བྱ་བའི་བར་གྱིས་ངེས་པར་འབྱུང་བའི་གདམས་ངག་བཤད་པའོ། །དེ་ནས་དེའི་འོག་ཏུ་བཅོམ་ལྡན་འདས་
གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམས་པས་ཇི་ལྟར་བསླབས་ནས་ཞེས་བྱ་བ་ནས་བརྩམས་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ལས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་
གང་ལ་བསླབ་པར་བྱ་བ་དང་རྣལ་འབྱོར་དུ་བྱ་བའི་སངས་རྒྱས་ཀྱི་ཆོས་ཐམས་ཅད་རྒྱས་པར་བསྟན་ནོ་ཞེས་བྱ་བའི་བར་གྱིས་ངེས་པར་འབྱུང་བའི་ཕན་ཡོན་བཤད་དོ། །དེའི་འོག་ཏུ་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའི་མིང་གང་ལགས་པ་འདི་ཉིད་བདག་གིས་མ་འཚལ་མ་དམིགས་ཡང་
དག་པར་རྗེས་སུ་མི་མཐོང་ངོ་ཞེས་བྱ་བ་ནས་བརྩམས་ཏེ། འདི་དག་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དགེ་བའི་བཤེས་གཉེན་རྣམས་སུ་རིག་པར་བྱའོ་ཞེས་བྱ་བའི་བར་གྱིས་ངེས་པར་འབྱུང་བའི་རབ་ཏུ་དབྱེ་བ་བཤད་པའོ། །དེའི་འོག་ཏུ་བཅོམ་ལྡན་འདས་གང་ཡང་བྱང་ཆུབ་
སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་བཀའ་སྩལ་པ་དེ་ལ་བྱང་ཆུབ་སེམས་དཔའ་ཞེས་བགྱི་བའི་གཞིའི་དོན་གང་ལགས་ཞེས་བྱ་བ་ནས་བརྩམས་ཏེ། ཇི་སྲིད་ཚེ་དང་ལྡན་པ་ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་དེ་ལྟ་བུའི་ངོ་བོ་ཡིད་ལ་བྱེད་པ་འདི་དང་གནས་པ་
འདིས་གནས་པར་འདོད་དོ་ཞེས་བྱ་བའི་ལེའུ་དང་པོ་རྫོགས་པའི་བར་གྱིས་དྲི་བ་རྣམས་རྣམ་པར་བརྩམས་པར་བྱས་ཏེ་གནས་བརྟན་གཉིས་ཀྱི་ལམ་གྱི་རིམ་པས་བསྡུས་ཏེ་བསྟན་པ་འདིའི་ཚིག་གི་དོན་དང་མཚན་ཉིད་ངེས་པར་བྱས་པ་ཡིན་ནོ། །རིམ་པ་འདིས་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་

ཕྱིན་པའི་བར་མ་རྫོགས་པ་ཡིན་ལ། བར་མ་ལ་བསྟན་པ་འདི་ཡང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ནས་བརྩམས་ཏེ་རྣམ་པར་མི་རྟོག་པ་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བཟུང་ནས་དོན་དམ་པའི་བདེན་པའི་ཚུལ་གྱིས་བསྟན་པ་ཡིན་ནོ། །དེའི་འོག་ཏུ་རྒྱ་ཆེར་རྣམ་པར་བསྟན་པ་བྱང་
ཆུབ་སེམས་དཔའ་ལམ་གྱི་རྣམ་པ་མཁྱེན་པ་ཉིད་ལས་བརྩམས་ཏེ། རྟོག་པ་དང་བཅས་པ་དང་རྣམ་པར་མི་རྟོག་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་བརྩོམས་ནས་གདུལ་བྱ་རྣམས་ཀྱི་དོན་དུ་ཀུན་རྫོབ་དང་དོན་དམ་པའི་དབང་གིས་རྣམ་པ་གཉིས་ཀྱིས་རྒྱས་པར་བྱས་པ་ཡིན་ཏེ།
དེའི་གོ་རིམས་ནི་གོང་དུ་དེ་ཉིད་ཀྱི་གནས་སུ་འཆད་པར་འགྱུར་བ་ཡིན་ནོ། །དེ་ལ་རྣམ་གྲངས་བཅུ་ནི་རབ་འབྱོར་ལ་བཀའ་སྩལ་ནས་བསྟན་པ་བསྡུས་པ་ཞེས་བྱ་བ་ནི་རྣམ་གྲངས་གཅིག་གོ། །དེ་ནས་ཕྱིས་གནས་བརྟན་རབ་འབྱོར་གྱིས་བསྟན་པ་ཞེས་བྱ་བ་ནི་གཉིས་པའོ། །དེ་ནས་བརྒྱ་བྱིན་ལ་བཀའ་
སྩལ་ནས་དེ་ནས་གནས་བརྟན་རབ་འབྱོར་དང་། དེ་ནས་འཕགས་པ་བྱམས་པ་དང་། དེ་ནས་གནས་བརྟན་རབ་འབྱོར་དང་། དེ་ནས་བརྒྱ་བྱིན་དང་། དེ་ནས་གནས་བརྟན་རབ་འབྱོར་དང་། དེ་ནས་གནས་བརྟན་རབ་འབྱོར་ཉིད་ལ་བཀའ་སྩལ་ནས་རྟག་ཏུ་ངུ་དང་ཆོས་འཕགས་ཀྱི་གཏམ་
གྱིས་སླར་གནས་བརྟན་ཀུན་དགའ་བོ་ལ་བཀའ་སྩལ་ནས་ཡོངས་སུ་གཏོད་པ་ཉིད་ཅེས་བྱ་བ་སྟེ། དེ་ལྟར་རེ་ཞིག་ཉི་ཁྲིའི་གཞུང་འགྲེལ་གྱི་རྗེས་སུ་འབྲངས་ནས་མདོའི་རིམ་པ་རྗོད་པར་བྱེད་པ་ན་ཐམས་ཅད་ལ་ལྟོས་ནས་བྱས་པ་ཡིན་ནོ། །བསྡུས་པའི་དོན་བཤད་པ་ནི་སླར་སློབ་དཔོན་ཕྱོགས་ཀྱི་
གླང་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྡུས་པའི་དོན་གྱི་སྒོ་ནས་མདོའི་རིམ་པའི་བཤད་པ་ལ་མ་ལྟོས་པར་དེ་དང་དེའི་ཚིག་གི་དོན་ཉིད་ཀྱིས་བྱེད་དེ། རྟེན་དང་དབང་དུ་བྱ་བ་དང་། །ལས་དང་སྒོམ་པ་ལྷན་ཅིག་པའི། །རབ་དབྱེ་རྟགས་དང་ལྟུང་བ་དང་། །ཕན་ཡོན་བཅས་པ་ཡང་དག་
བརྗོད། །ཅེས་བྱ་བའོ། །དེ་ལ་རྟེན་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྟན་པ་ལ་སངས་རྒྱས་བཅོམ་ལྡན་འདས་ཏེ། འཕགས་པ་རབ་འབྱོར་ལ་སོགས་པ་རྣམས་ལ་ཡང་སངས་རྒྱས་ཀྱི་བྱིན་གྱིས་བརླབས་པ་ལས་རབ་ཏུ་བྱུང་བའི་ཕྱིར་རོ། །དེ་སྟོན་པ་ལ་དབང་དུ་བྱེད་པ་སྟེ་བསྟན་པ་འདི་

ལ་ཞེས་བྱ་བ་ནི་དབང་དུ་བྱེད་པའི་བྱང་ཆུབ་སེམས་དཔའ་ལ་སོགས་པའོ། །ལས་ཀྱི་བྱ་བ་སྟེ་བྱེད་པའོ། །འདི་ལྟར་སྤྱོད་པར་བྱ་ཞེས་བྱ་བའི་སྤྱོད་པ་ཉེ་བར་བསྟན་པའོ། །བསྒོམ་པ་ནི་རྣམ་པར་རྟོག་པ་བཅུའི་རྣམ་པར་གཡེང་བ་བསལ་བའི་དོན་དུ་གང་
ཞིག་བསྟན་པའོ། །རྣམ་པར་རྟོག་པ་རྣམ་པ་བཅུ་ནི་བྱང་ཆུབ་སེམས་དཔའ་ཀུན་ནས་ཡོངས་སུ་སྤང་བར་བྱ་སྟེ། དངོས་པོ་མེད་པའི་རྣམ་པར་རྟོག་པ་དང་གང་གི་གཉེན་པོར་འདིར་ནི་བྱང་ཆུབ་སེམས་དཔའ་ཉིད་ཡོད་ཅེས་བྱ་བ་གསུངས་སོ། །དངོས་པོ་ཡོད་པའི་རྣམ་པར་རྟོག་པ་དང་།
གང་གི་གཉེན་པོར་བྱང་ཆུབ་སེམས་དཔའ་ནི་ཡང་དག་པར་རྗེས་སུ་མི་མཐོང་ངོ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །སྒྲོ་འདོགས་པའི་རྣམ་པར་རྟོག་པ་དང་གང་གི་གཉེན་པོར་གཟུགས་ནི་ངོ་བོ་ཉིད་ཀྱིས་སྟོང་ཞེས་བྱ་བ་གསུངས་སོ། །སྐུར་པ་འདེབས་པའི་རྣམ་པར་རྟོག་པ་དང་གང་
གི་གཉེན་པོར་སྟོང་པ་ཉིད་ཀྱིས་སྟོང་པ་མ་ཡིན་ཞེས་བྱ་བ་གསུངས་སོ། །གཅིག་པ་ཉིད་ཀྱི་རྣམ་པར་རྟོག་པ་དང་གང་གི་གཉེན་པོར་གང་ཞིག་གཟུགས་ཀྱི་སྟོང་པ་དེ་ནི་གཟུགས་མ་ཡིན་ནོ་ཞེས་བྱ་བ་གསུངས་སོ། །སྣ་ཚོགས་པ་ཉིད་ཀྱི་རྣམ་པར་རྟོག་པ་དང་གང་ཞིག་གཉེན་པོར་སྟོང་
པ་ཉིད་ལས་གཞན་གཟུགས་མ་ཡིན་ཏེ་གཟུགས་ཉིད་སྟོང་པ་ཉིད་དོ། །སྟོང་པ་ཉིད་ཀྱང་གཟུགས་སོ་ཞེས་བྱ་བ་གསུངས་སོ། །རང་གི་མཚན་ཉིད་ཀྱི་རྣམ་པར་རྟོག་པ་དང་གང་གི་གཉེན་པོར་འདི་ནི་མིང་ཙམ་སྟེ་གང་ཞིག་འདི་ནི་གཟུགས་ཞེས་བྱ་བ་གསུངས་སོ། །ཁྱད་པར་གྱི་རྣམ་
པར་རྟོག་པ་དང་གང་གི་གཉེན་པོར་གང་གི་ཕྱིར་གཟུགས་ནི་སྐྱེ་བ་མ་ཡིན་འགག་པ་མ་ཡིན་ཀུན་ནས་ཉོན་མོངས་པ་མ་ཡིན་རྣམ་པར་བྱང་བ་མ་ཡིན་ཞེས་བྱ་བ་གསུངས་སོ། །མིང་ཇི་ལྟ་བ་དེ་ལྟར་དོན་ལ་མངོན་པར་ཞེན་པའི་རྣམ་པར་རྟོག་པ་དང་གང་ཞིག་གཉེན་པོར་མིང་ནི་བཏགས་པ་
ཞེས་བྱ་བ་ལ་སོགས་པས་གསུངས་སོ། །དོན་ཇི་ལྟ་བར་མིང་ལ་མངོན་པར་ཞེན་པའི་རྣམ་པར་རྟོག་པ་དང་གང་གི་གཉེན་པོར་བྱང་ཆུབ་སེམས་དཔས་མིང་ཡང་ཡང་དག་པར་རྗེས་སུ་མི་མཐོང་ཞིང་མངོན་པར་ཞེན་པར་མི་བྱེད་དེ་དོན་ཇི་ལྟ་བར་ཞེས་བྱ་བས་གསུངས་པ་ནི་དོན་ཇི་ལྟ་བ་ཉིད་ཀྱིས་

ཞེས་བྱ་བར་དགོངས་པའོ། །རབ་ཏུ་དབྱེ་བ་ནི་སྟོང་པ་ཉིད་རྣམ་པ་བཅུ་དྲུག་སྟེ། ནང་སྟོང་པ་ཉིད་དང་། ཕྱི་སྟོང་པ་ཉིད་དང་། ཕྱི་ནང་སྟོང་པ་ཉིད་དང་། སྟོང་པ་ཉིད་སྟོང་པ་ཉིད་དང་། ཆེན་པོ་སྟོང་པ་ཉིད་དང་། དོན་དམ་པ་སྟོང་པ་ཉིད་དང་། འདུས་བྱས་སྟོང་པ་ཉིད་
དང་། འདུས་མ་བྱས་སྟོང་པ་ཉིད་དང་། མཐའ་ལས་འདས་པ་སྟོང་པ་ཉིད་དང་། ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་དང་། དོར་བ་མེད་པ་སྟོང་པ་ཉིད་དང་། རང་བཞིན་སྟོང་པ་ཉིད་དང་། ཆོས་ཐམས་ཅད་སྟོང་པ་ཉིད་དང་། རང་གི་མཚན་ཉིད་སྟོང་པ་ཉིད་དང་།
མི་དམིགས་པ་སྟོང་པ་ཉིད་དང་། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དོ། །སྟོང་པ་ཉིད་རྣམས་ཀྱི་དོན་བཤད་པ་དང་མདོ་དང་སྦྱར་བ་ནི་འོག་ཏུ་བྱེད་པར་འགྱུར་རོ། །རྟགས་ནི་མཚན་མ་ཡིན་ཏེ་གང་གིས་བྱང་ཆུབ་སེམས་དཔའ་འདི་ཞེས་ཤེས་པར་འགྱུར་བ་ཕྱིར་མི་ལྡོག་
པ་ཞེས་བྱ་བ་ལ་སོགས་པའོ། །ལྟུང་བ་ནི་དོན་མ་ཡིན་པ་སྟེ། བདུད་ཀྱི་ལས་ལ་སོགས་པའོ། །དོན་འདི་རྣམས་ཀྱང་མདོ་ལས་གོ་རིམས་སུ་བཤད་ནས་ཟློས་པས་ནི་མ་ཡིན་ནོ། །ཇི་སྐད་གསུངས་པ། དེ་ཉིད་དོན་ནི་འཁོར་བ་སྟེ། །སླར་ནི་དོན་གཞན་ལ་བརྟེན་པ། །
ཞེས་བྱ་བའོ། །འོན་ཏེ། རྣམ་ཀུན་མཁྱེན་ཉིད་ལམ་ཤེས་ཉིད། །དེ་ནས་ཐམས་ཅད་ཤེས་པ་ཉིད། །རྣམ་ཀུན་མངོན་རྫོགས་རྟོགས་པ་དང་། །རྩེ་མོར་ཕྱིན་དང་མཐར་གྱིས་པ། །སྐད་ཅིག་གཅིག་མངོན་རྫོགས་བྱང་ཆུབ། །ཆོས་ཀྱི་སྐུ་དང་དེ་རྣམ་བརྒྱད། །ཅེས་པ་སྟོང་ཕྲག་
ཉི་ཤུ་ལྔ་པ་བཞིན་དུ་འདིར་ཡང་བསྡུས་པའི་དོན་འདི་གཞན་དག་སྟོན་པར་བྱེད་དེ། དེ་ཅིའི་ཕྱིར་བསྟན་པར་མི་བྱེད་སྙམ་ན། མདོ་དང་བསྟན་བཅོས་དག་ལས་འགལ་བའི་ཕྱིར་རོ། །མཐར་གྱིས་པ་ལ་སོགས་པའི་མངོན་པར་རྟོགས་པ་གསུམ་སྟོན་པར་བྱེད་པ་གཞུང་གི་
ཚོགས་ལ་འདིར་མི་སྲིད་པའི་ཕྱིར་རོ། །གང་ཞིག་ཡང་མངོན་པར་རྟོགས་པ་ལྔ་སྟོན་པར་བྱེད་པ་ཉིད་ཀྱིས་རྒྱས་པར་བཤད་པའི་རྣམ་པར་བཤད་པའི་གཞུང་གི་ཚོགས་རྣམས་མདོ་འདི་ལ་སྣང་བ་དེ་རྣམས་ཀྱང་དེ་དང་དེའི་མངོན་པར་རྟོགས་པའི་ཡན་ལག་སྟོན་པར་བྱེད་པའི་ངག་རྣམས་

ཐམས་ཅད་ཀྱིས་ཡོངས་སུ་རྫོགས་པ་མ་ཡིན་ཏེ། འདི་ལྟ་སྟེ། རྒྱས་པར་བཤད་པ་ལ་དང་པོར་ཤཱ་རིའི་བུ་ལ་བཀའ་སྩལ་པའི་སྐབས་སུ་སེམས་བསྐྱེད་པ་རྣམ་པ་ཉི་ཤུ་རྩ་གཉིས་དང་གདམས་ངག་བརྒྱད་ཀྱང་བཤད་པ་ཡིན་ནོ། །གཞུང་གི་ཚོགས་དེ་
ཙམ་ནི་བཅོམ་ལྡན་འདས་མ་འདི་ལ་རྣམ་པ་ཐམས་ཅད་དུ་ཡོད་པ་མ་ཡིན་ཏེ། དེ་ལྟ་ན་ཡང་སློབ་དཔོན་འཕགས་པ་རྣམ་པར་གྲོལ་སྡེའི་འགྲེལ་པ་ལས་མངོན་པར་ཤེས་པ་དྲུག་གི་གདམས་ངག་བསྟན་ཟིན་ཏོ། །མཐོང་བའི་ལམ་གྱི་གདམས་ངག་གི་དབང་དུ་མཛད་ནས། རབ་འབྱོར་
བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་བརྩམས་ཏེ། ཇི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ངེས་པར་འབྱུང་བར་འགྱུར་བ་དེ་བཞིན་དུ་ཁྱོད་སྤོབས་པར་བྱོས་ཤིག་ཅེས་བྱ་བ་
ལ་སོགས་པ་གསུངས་སོ། །གང་ཡང་བསྒོམ་པའི་ལམ་གྱི་གདམས་ངག་གི་དབང་དུ་མཛད་ནས་གསུངས་ལ། རབ་འབྱོར་འདུས་བྱས་ལས་ཐ་དད་པའི་འདུས་མ་བྱས་ནི་བསྟན་པར་བྱེད་ནུས་པ་མ་ཡིན་ཏེ་ཞེས་བྱ་བའི་གཞུང་དེ་ཡང་ཕྱི་ན་ཡོད་པ་མ་ཡིན་ནོ། །དེ་བཞིན་དུ་མངོན་པར་
རྟོགས་པའི་ཡན་ལག་མང་པོ་རྣམས་སྟོན་པར་བྱེད་པའི་གཞུང་རྣམས་ནི་མངོན་པར་རྟོགས་པ་སོ་སོར་མདོ་འདི་ལ་ཡོད་པ་མ་ཡིན་པ་དེ་བས་ན། ཇི་ལྟར་དེའི་བཤད་པ་དང་མི་འགལ་བར། རབ་འབྱོར་ཁྱོད་སྤོབས་པར་བྱོས་ཤིག་ཅེས་བྱ་བ་ལ་སོགས་པའི་མདོ་བླངས་ཏེ། ཇི་ལྟར་གྱི་སྒྲས་
སེམས་བསྐྱེད་པ་རྣམ་པ་ཉི་ཤུ་རྩ་གཉིས་དང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྒྲས་འདིར་གདམས་ངག་རྣམ་པ་བཅུ་བརྗོད་དོ་ཞེས་བཤད་པར་གྱིས་ཤིག །དེ་ལྟར་ན་ཡང་མདོ་སྡེ་དང་བསྟན་བཅོས་ཀྱང་འགལ་བ་ཡིན་ཏེ། གང་ཞིག་ཡང་བརྗོད་པ་བརྗོད་པར་འདོད་པ་གཞན་གྱི་དབང་ཉིད་ཀྱི་སྒྲ་
རྣམས་ཀྱི་བཤད་པ་འདི་ཡིན་ཞེས་དེར་ཡང་བརྡས་བྱས་པའི་དོན་སྟོན་པར་བྱེད་པར་འདོད་པ་དང་བརྗོད་པར་འདོད་པས་སྨྲ་བར་བྱ་སྟེ། བརྡ་ཡང་སྤྱིའི་ཡུལ་ཅན་ཡིན་ལ་དེ་ཡང་བསྟན་བཅོས་བྱེད་པ་པོ་ཉིད་ཀྱིས་བྱ་བར་འོས་པ་ཡིན་ཏེ། ཇི་ལྟར་གཟུགས་ཀྱི་ཕུང་པོ་ལ་སོགས་པའི་སྒྲ་རྣམས་

ལ་མངོན་པ་ལ་སོགས་པ་ལས་བཅོམ་ལྡན་འདས་ཀྱིས་བསྟན་པར་མཛད་པ་བཞིན་དུ་ཐ་སྙད་ཀྱི་དོན་དུ་ཡིན་ལ། འཕགས་པ་བརྒྱད་སྟོང་པའི་མདོ་ལས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྒྲས་དེར་ཡང་གནས་གཅིག་ལ་གདམས་ངག་རྣམ་པ་བཅུ་ཤེས་པར་བྱ་ཞེས་བྱ་བ་ནི་མ་ཡིན་ནོ། །བཅོམ་ལྡན་འདས་
ཀྱིས་གང་དུ་ཡང་བསྟན་པ་ལས་སྔ་རོལ་དུ་བརྡ་མཛད་པ་སྟེ། གང་གིས་གདུལ་བྱ་དེ་རྣམས་དེ་ལྟར་རྟོགས་པར་འགྱུར་རོ། །སྔོན་གྱི་སློབ་དཔོན་རྣམས་ལས་སྒྲའི་ངེས་པ་ཡོད་པ་མ་ཡིན་ཏེ་བདག་ཅག་ཁོ་ནས་ད་ལྟར་ནི་བརྡ་བྱའོ། །དེ་ལ་བཀའི་དོན་རྟོགས་པ་ཞེས་བདེ་ལེགས་ཇི་ལྟར་
སྨྲ། འོ་ན་བསྡུས་པའི་བཤད་པ་འདི་ཇི་ལྟར་ཡིན་སྙམ་ན། རྟེན་ལ་སོགས་པའི་ཉི་ཤུ་རྩ་གཉིས་ཀྱི་དོན་ལ་ལྟོས་པས་སོ། །གང་ཞིག་གསུངས་པ། ཐམས་ཅད་མི་ཟད་རྣམས་ཀྱིས་འདིར། །ཐོས་པ་ལ་སོགས་རབ་ཏུ་གྲགས། །ཞར་ལས་བྱུང་བའི་དོན་དེ་ཉིད། །
གཙོ་བོ་སུམ་ཅུ་རྩ་གཉིས་ཉིད། །དེ་ལྟར་བརྒྱད་སྟོང་པ་འདི་ནི། །ཇི་ལྟར་བརྗོད་དོན་གྱིས་ཉུང་མིན། །ཡུམ་ནི་བསྡུས་པ་འདིར་འདོད་དེ། །ཇི་ལྟར་བརྗོད་པའི་དོན་དེ་ཉིད། །ཅེས་བྱ་བའོ། །ད་ནི་བསྡུས་པའི་བསྟན་པ་ལ་ཚིག་གི་དོན་གྱིས་ངེས་པར་བྱེད་པ་ཡིན་ཏེ། དེ་ལ་རབ་འབྱོར་ཞེས་
བྱ་བ་ནི་བོད་པ་སྟེ་བསྟན་པ་ལ་ངེས་པར་སྦྱར་བའི་དོན་དུའོ། །ཁྱོད་སྤོབས་པར་བྱོས་ཤིག་ཅེས་བྱ་བ་ནི་ཁྱོད་ལ་སངས་རྒྱས་མངོན་དུ་ཕྱོགས་པས་ཤོད་ཅིག་པའོ། །གང་རྣམས་ཀྱི་ཕྱིར་སྤོབས་པར་བྱོས་ཤིག་ཅེ་ན། བྱང་ཆུབ་སེམས་དཔའ་རྣམས་ལ་ཞེས་བྱ་བ་སྨོས་ཏེ་དེ་རྣམས་ཀྱི་ཕྱིར་
ཞེས་བྱ་བའི་དོན་ཏོ། །གང་གི་ཕྱིར་དེའི་དོན་གྱི་དངོས་པོ་ནི་འབྲེལ་པ་སྟེ། དེ་བས་ན་འབྲེལ་པ་བརྗོད་པར་འདོད་པས་དྲུག་པ་ལ་འབྲེལ་པ་བརྗོད་པར་འདོད་པས་ནི་བཞི་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་རྣམས་ནི་རྣམ་པ་གཉིས་ཏེ། ཀུན་རྫོབ་ཀྱི་བྱང་ཆུབ་སེམས་དཔའ་རྣམས་
དང་དོན་དམ་པའི་བྱང་ཆུབ་སེམས་དཔའ་རྣམས་སོ། །གང་གི་ཕྱིར་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ནས་བདག་གིས་སེམས་ཅན་རྣམས་ཤིན་ཏུ་མཐར་ཐུག་པའི་མྱ་ངན་ལས་འདས་པ་ལ་རབ་ཏུ་གནས་པར་བྱའོ་ཞེས་ཡང་དག་པར་རྫོགས་པའི་བྱང་

ཆུབ་དང་སེམས་ཅན་རྣམས་ལ་དམིགས་ནས་དང་པོར་འཇུག་པའི་སེམས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དམིགས་པ་སྟེ། དེའི་ཕྱིར་བྱང་ཆུབ་སེམས་དཔའ་ཞེས་བརྗོད་དོ། །སེམས་དེ་གང་ལ་ཡོད་པ་དེ་ཡང་བྱང་ཆུབ་སེམས་དཔའ་ཞེས་བརྗོད་དོ། །
ཀྱེ་མ་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་སེམས་ཅན་ཐམས་ཅད་ཤིན་ཏུ་མཐར་ཐུག་པའི་མྱ་ངན་ལས་འདས་པ་ལ་རབ་ཏུ་གནས་པར་བྱའོ་ཞེས་བྱང་ཆུབ་དང་སེམས་ཅན་ལ་དམིགས་ནས། ཀུན་རྫོབ་དང་དོན་དམ་པའི་
བདེན་པ་གཉིས་ལ་གནས་ཏེ། ཤེས་རབ་དང་སྙིང་རྗེ་དག་གིས་བསྐྱེད་པའི་སེམས་རིན་པོ་ཆེ་དང་ལྡན་པའི་ཕྱིར་བྱང་ཆུབ་སེམས་དཔའ་ཞེས་བརྗོད་དོ། །རབ་ཏུ་དགའ་བ་ལ་སོགས་པའི་སེམས་བསྐྱེད་པ་བཅུ་ནི་དོན་དམ་པའི་བྱང་ཆུབ་སེམས་དཔའ་ཞེས་བརྗོད་དེ། སློབ་དཔོན་
རྣམས་ཀྱིས་བཤད་པ་ནི་སེམས་ཅན་ཐམས་ཅད་དེ་བཞིན་གཤེགས་པའི་སྙིང་པོ་ཅན་ཞེས་བྱ་བའི་ཚིག་ལས་སེམས་ཅན་ཐམས་ཅད་ནི་དེ་བཞིན་ཉིད་ལས་རབ་ཏུ་བྱུང་བ་སྟེ་དེ་བཞིན་ཉིད་ལ་ཡང་གནས་སྐབས་གསུམ་ལས་མ་དག་པའི་གནས་སྐབས་དང་། དག་པ་དང་མ་དག་པའི་གནས་སྐབས་
དང་། ཤིན་ཏུ་ཡོངས་སུ་དག་པའི་གནས་སྐབས་སོ། །དེ་ལ་མ་དག་པའི་གནས་སྐབས་ལ་སོ་སོའི་སྐྱེ་བོ་ཐམས་ཅད་ལ་བྱང་ཆུབ་ཀྱི་གནས་སྐབས་ཡོད་པ་མ་ཡིན་ཏེ་གཅིག་ཏུ་ན་སེམས་ཅན་གྱི་གནས་སྐབས་ཁོ་ན་ཞེས་བྱ་བའོ། །དེ་བཞིན་ཉིད་དེ་ནི་མིང་ཐམས་ཅད་པ་དང་མིང་ཐམས་ཅད་
བརྗོད་པ་ཡིན་ཏེ། དག་པ་དང་མ་དག་པའི་གནས་སྐབས་ལ་འཕགས་པ་རྣམས་ཀྱི་བྱང་ཆུབ་ཀྱི་གནས་སྐབས་དང་སེམས་ཅན་གྱི་གནས་སྐབས་གཉི་ག་ཡང་ཡོད་པས་ན་དེའི་ཕྱིར་དེ་དག་པ་དང་མ་དག་པ་དེ་ལྟར་བྱང་ཆུབ་སེམས་དཔའི་མིང་གིས་བརྗོད་པ