Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 70
Văn bản gốc(Tây Tạng)
Trang 17 / 18 (50.000 ký tự/trang)
དུ་འགྲུབ་པར་འགྱུར་རོ། །ཧཱུྃ་ནི་བསྐུལ་བའི་ཚིག་གི་བརྡས་འཛིན་ཙམ་དུ་ཟད་པས་འདིའི་ཧཱུྃ་ཉིད་དཀྱུས་སུ་གཞུག་མི་དགོས་ཏེ། ཧཱུྃ་དྲུག་གི་མཇུག་ལ་སོ་སོའི་བསྐུལ་བའི་ཚིག་གཞུག་པར་ཟད་དེ། འོག་མ་ཀུན་ལ་འདི་སྦྱར་རོ་ཞེས་པའི་དོན་ཏོ། །ཧཱུྃ་ཚིག་རིག་སྔགས་ཐམས་ཅད་དང་། །ཞེས་པ་ཕ་རོལ་པོའི་རིག་སྔགས་བཅད་པ་དང་ཞེས་པའོ། །རི་བཀས་པར་བྱ་བ་དང་ས་གཡོ་བར་བྱའི་ཚིག་གཞུག་མི་དགོས་ ཏེ། སོ་སོའི་བསྐུལ་བའི་ཚིག་ཡི་གེ་འབྲུ་རེ་རེ་པོ་དང་བསམ་པའི་ཁྱད་པར་ཙམ་གྱིས་ལས་རྣམས་བྱའོ་ཞེས་ཁ་ཅིག་འཆད་དོ། །མཚོན་ཆ་རྣམས་ནི་མཆོད་པར་བཤད། །ཅེས་པ་ཕ་རོལ་གྱི་མཚོན་ཆ་རྣམས་ནི་གཅོད་དོ། །ཤཱུ་ལའི་ཕྱག་རྒྱ་དང་ལྡན་པར། །ཧཱུྃ་ཁ་རྟག་པར་རབ་སྦྱར་ན། ། ཞེས་པ་ཤཱུ་ལའི་ཕྱག་རྒྱ་ནི་ལས་འདི་དག་ཐམས་ཅད་ལ་སྦྱར་བར་བྱའོ། །གདུག་པ་རྣམས་ནི་ཟ་དང་འཆི། །དགྲ་ཡི་དཔུང་དག་རབ་ཏུ་འཇིག །ཅེས་པ་གདུག་པ་རྣམས་ཟ་བ་དང་། དགྲའི་དཔུང་རྣམས་འཆི་བར་འགྱུར་རོ། །ཧཱུྃ་ཐར་མཚོན་ཆ་ཀུན་འཕེན་ཆེ། །ཞེས་པ་ཕ་རོལ་པོའི་ དཔུང་ལ་མཚོན་ཆ་འཕེན་པའི་ཚེ་སྔགས་འདི་བརྗོད་ན་ཕ་རོལ་པོའི་སྡེའི་ལྷ་མ་ཡིན་རྣམས་འཇིག་པར་བྱེད་ཅིང་ཕ་རོལ་པོའི་མཚོན་ལས་ཐར་བར་འགྱུར་རོ། །རྨོངས་པ་ཞེས་པ་འཐོམ་པར་འགྱུར། །ཞེས་པའོ། །ཧཱུྃ་དག་རབ་ཏུ་སྦྱར་ན་ནི། །ཞེས་པ་ཕ་རོལ་པོའི་སྡེའི་ནང་ན་གཅིག་ལ་གཅིག་ མཚོན་ཆ་འཁྲུགས་པར་བྱེད་དོ། །སླར་ཡང་ཐར་བར་བྱེད་པ་ཡིན། །ཞེས་པ་གོང་མ་དེ་དག་སླར་ཡང་ཐར་བར་འགྱུར་རོ་ཞེས་པའི་དོན་ཏོ། །གནོན་པར་བྱེད་པའི་མཆོག་ཡིན་ནོ། །ཞེས་པ་མི་གཡོ་བར་འགྱུར་ཏེ་ངེས་པར་གྱུར་ཏེ་ཞེས་པའོ། །ཧཱུྃ་མུ་རབ་ཏུ་སྦྱར་ན་ནི། །ཞེས་པ་རྒྱ་གར་གྱི་ཡི་གེ་གཉིས་ ལས་གཅིག་ལ་ནི་མ་ཞེས་འབྱུང་། གཅིག་ལ་ནི་ས་ཞེས་འབྱུང་ངོ་། །མནན་པ་རྟག་ཏུ་ཐར་བར་བྱེད། །ཅེས་པ་གོང་དུ་རེངས་པར་བྱེད་པ་དེ་དག་ལས་ཐར་བར་བྱེད་དོ་ཞེས་པའོ། །ལྷ་དང་ལྷ་མིན་གཞན་ཡང་འགུགས། །ཞེས་པ་སེམས་ཅན་གཞན་ཞེས་པའོ། །དངོས་གྲུབ་ ཕྲ་མོ་ཐམས་ཅད་ལ། །ཞེས་པ་སྦྱོར་བ་བསྟན་པ་དེ་དག་ཐམས་ཅད་ནི་དངོས་གྲུབ་ཕྲ་མོའོ་ཞེས་པའོ། །ཧཱུྃ་བ་ཀུན་དུ་དབང་བྱེད་པ། །ཞེས་པ་སྔ་མ་བཞིན་དུ་སྦྱར་ན་ཞེས་པའོ། །ཐ་མར་རབ་བཞག་བསྡུ་བར་བྱེད། །ཅེས་པ་སྔ་མ་བཞིན་དུ་སྦྱར་ནས་ཞེས་པའོ། །མ་དང་སྦྱར་ན་གསོད་བར་བྱེད། ། ཅེས་པ་སྔ་མ་བཞིན་དུ་སྦྱར་ནས་ཞེས་པའོ། །ཞི་དང་སྦྱར་ལ་འབའ་ཞིག་གོ། །ཞེས་པ་ཞི་བ་དང་རྒྱས་པ་ལ་སོགས་པའི་ལས་རྣམ་པ་བཞི་དག་ལ་ནི་ཡི་གེ་བཞི་བཅུ་རྩ་གསུམ་པའི་སྔགས་བཟླས་པ་ཆེ་གེ་མོ་ཞིག་ཤཱནྟིཾ་ཀུ་རུ་བཽ་ཥཊ་ཅེས་བྱ་བའི་ཚུལ་དུ་བསྐུལ་ཚིག་བཅུག་སྟེ་དེ་ལ་ བྱའོ། །དེ་དག་གི་བསྐུལ་ཚིག་ཀྱང་ཧཱུྃ་དྲུག་གི་འོག་ཏུ་གཞུག་གམ་སྭཱ་ཧཱའི་འོག་ཏུའམ་དེ་གཉིས་གཅིག་ཏུ་བཅུག་སྟེ་ལས་བྱའོ་ཞེས་པའི་དོན་ཏོ། །དེ་ལ་སོགས་པ་གཞན་རྣམས་ཀྱང་ཞེས་པ་དེ་ལ་སོགས་པའི་རྩ་བའི་རྟོག་པ་ལས་གསུངས་པའི་ལས་གཞན་རྣམས་ཀྱང་རྩ་བའི་རྟོག་ པ་ལས་གསུངས་པ་བཞིན་དུ་འདིར་ཡང་སྦྱར་བར་བྱ་ཞེས་པའོ། །ཡི་གེ་གཅིག་པའི་ཆོ་ག་བཞིན། །འཇམ་དཔལ་ཁྲོ་བོ་གཙོ་བོ་ཡིས། །ཞེས་པ་འཇམ་དཔལ་གྱི་རྟོག་པ་གང་ཡི་གེ་འབྲུ་གཅིག་པ་གསང་བ་གཞན་དག་བཤད་ཟིན་ཏོ། །ཁྲོ་བོ་གཤིན་རྗེའི་རྒྱལ་པོ་ཞལ་དྲུག་ཧཱུྃ་ཞེས་བྱ་ བ་ལས་བྱུང་བའི་རྟོག་པར་གཏོགས་པ་སྟེ་ཞེས་པ་དུར་ཁྲོད་གནས་ཀྱི་དཀྱིལ་འཁོར་དུ་གཏོགས་པའི་ལེའུ་ལྔ་པ་འདི་ཡན་ཆད་དུ་རྫོགས་ཏེ། འདི་ཡང་སྔར་རྩ་བའི་རྟོག་པར་གསུངས་པའི་དངོས་གྲུབ་དང་ལས་རྣམས་འདིར་བསྡུས་ནས་ཡི་གེ་ཧཱུྃ་གཅིག་གི་སྒོ་ནས་རྒྱས་པར་བཤད་དོ། ། ལྔ་པའི་བཤད་པ་རྫོགས་སོ།། །།དོན་གྲུབ་ཀྱི་རྟོག་པ་འདི་ལ་དོན་རྣམ་པ་ལྔས་བཤད་དེ། དེ་ལ་སྐབས་དབྱེ་བ་དང་། དཀྱིལ་འཁོར་བྱས་པའི་ཆོ་ག་དང་། དཀྱིལ་འཁོར་གྱི་ལས་དང་། ལྷ་བསྟན་པ་དང་། སྤྱན་དྲང་བ་བྱས་ནས་སློབ་མ་བཟུང་བ་ལ་སོགས་པ་ལས་ བྱའོ། །དེ་ལ་དང་པོ་སྐབས་དབྱེ་བ་ཞེས་བྱ་བ་བསྟན་ཏོ། །དེ་ནས་རྟོག་པ་རབ་རྒྱས་པ། །ཞེས་པ་ལ་སོགས་པ་ལས་དང་། དངོས་གྲུབ་དག་ལེའུ་འདིར་རྒྱས་པར་བཤད་པས་ན་རབ་ཏུ་རྒྱས་ཞེས་བྱའོ། །སྔར་གོང་དུ་གཏོགས་པའི་ཕྱི་མའི་ཡང་ཕྱི་མ་ཞེས་བྱ་བའི་ལེའུ་བཅུ་པ་དང་འཕྲོ་ སྦྱོར་བའི་ལེའུ་བཅུ་གཅིག་པ་དང་འདི་མན་ཆད་བཤད་དོ། །དོན་བསྒྲུབ་པའི་ལེའུ་འདིར་སྔར་གསུངས་པའི་རྟོག་པ་རྣམས་ཀྱི་ནང་ནས་མ་བཤད་པ་ཡང་འདིར་བཤད་པ་དང་། རྟོག་པ་སྔ་མ་རྣམས་ལས་ཀྱང་འདི་མཆོག་ཏུ་གྱུར་ཅིང་དོན་ཐམས་ཅད་འགྲུབ་པར་བྱེད་པས་ན་ཡང་དངོས་ གྲུབ་ཅེས་བྱ་སྟེ། དེ་བཤད་པར་བྱའོ་ཞེས་པའི་དོན་ཏོ། །འདི་མན་ཆད་ནི་དཀྱིལ་འཁོར་བྲི་བའི་ཆོ་ག་བཤད་དེ། དེ་ནས་རིག་འཛིན་དཔལ་ལྡན་པས། །ཞེས་པ་སྔགས་པ་མཚན་ཉིད་ཀྱི་ཡོན་ཏན་དང་ལྡན་པ་ཞེས་པའོ། །ལས་རྣམས་ཐམས་ཅད་འགྲུབ་པའི་ཕྱིར། །ཞེས་པ་ལ་ སོགས་པ་འོག་ནས་བཤད་པའི་ལས་ཐམས་ཅད་འགྲུབ་པར་བྱ་བའི་ཕྱིར་སེམས་རྩེ་གཅིག་ཏུ་བྱང་ཆུབ་ཀྱི་སེམས་དང་ལྡན་པར་བྱས་ནས་ཐོག་མར་དཀྱིལ་འཁོར་བྲི་བར་བྱའོ། །དེ་ལྟར་ཐོག་མར་དཀྱིལ་འཁོར་བྲི་བར་བྱ་བ་ན། གནས་གང་དུ་དཀྱིལ་འཁོར་བྲི་བར་བྱ་ཞེ་ན་གསུངས་ པ། བགྲོད་དཀའ་བ་ལ་བྱ་སྟེ། མི་དག་མི་འགྲུལ་བའི་གནས་སོ། །གཅོང་རོང་དུར་ཁྲོད་དུ་ཡང་རུང་། །ཞེས་པ་དུར་ཁྲོད་རྣམ་གཉིས་ལྟ་བུ་ལ་བྱའོ། །དེ་ནས་དེར་ནི་ཞལ་ཞལ་བྱས། །ཞེས་པ་གནས་དེ་དག་ཏུ་འོག་ནས་བཤད་པའི་ཚུལ་བཞིན་དུ་སྦྱངས་ཏེ། སླར་ས་བརྙན་ བཟང་པོ་བླུགས་ནས་བཅགས་ཏེ། དེའི་སྟེང་དུ་བའི་ལྕི་བས་སྐྱང་ནུལ་བྱ་བ་དག་གོ། །མེ་ཏོག་སིལ་མ་དག་གིས་བརྒྱན། །ཞེས་པ་དེ་ལྟར་སྐྱང་ནུལ་བྱས་ཏེ། ས་གཏོར་བའི་སྟེང་དུ་ཞེས་པའོ། །དཔའ་བོ་གཅིག་པའི་སྔགས་འབར་བ། །ཞེས་པ་ཡི་གེ་བཅུ་གཅིག་ པའི་སྔགས་འོག་ནས་འབྱུང་བ་ལ་བྱའོ། །མེ་ལྕེ་འཕྲོ་བས་ཁྲུས་བྱས་པ། །ས་དང་སྐྱུ་རུ་ར་ལ་སོགས་པ་ཞེས་པ་སྔགས་འདི་མཐུ་དང་གཟི་ལ་བྱ་སྟེ། སྔགས་དེས་ཁྲུས་བྱ་བའི་འདག་རྩི་དང་སྐྱུ་རུ་ར་དག་ལ་བཏབ་སྟེ་འདག་རྩིའི་ཆལ་དེ་དག་དེ་ལྟར་སྔགས་ཀྱིས་ བསངས་ནས་ཆལ་དེས་ཁྲུས་བྱའོ། །རིག་ཁྲུས་ཁྲུས་བྱས་གཙང་མ་ཡིས། །ཞེས་པ་དེ་ལྟར་ཁྲུས་བྱས་པའི་སྔགས་པ་ཕྱི་ནང་གི་གཙང་སྦྲ་དང་ལྡན་ཞེས་པའོ། །དེ་ནས་སྔགས་དེ་ཐམས་ཅད་ཀྱིས། །ཞེས་པ་ལ་སོགས་པ་དེ་ལྟར་ཁྲུས་བྱས་པའི་འོག་ཏུ་བདག་གི་ ལུས་ལ་འོག་ནས་འབྱུང་བ་བཞིན་དུ་ཡི་གེ་བཅུ་གཅིག་པ་དཀོད་ནས་བདག་ཉིད་ཁྲོ་བོའི་སྐུར་བསྒྱུར་ནས་བདག་གི་ལུས་ལ་སྔགས་དགོད་ཅེས་བྱ་བ་ཡང་སྤྱི་བོར་ཨོཾ་བསམ། ཨཱཿམིག་ཏུ་བསམ། ཧཱུྃ་སྙིང་གར་བསམ་ཞིང་དགོད་པའོ། །སྐུར་བསྒྱུར་བའི་སྙིང་པོ་ནི་ཡི་གེ་ཧཱུྃ་གིས་སོ། ། ཕྱག་དང་ཟང་ཟིང་ཡོངས་སྤངས་ལ། །ཞེས་པ་ལ་སོགས་པ་ལུགས་ཀྱི་ཡི་གེ་ལས་རྣམ་གཉིས་ལྟར་བཤད་དུ་རུང་སྟེ། དཀྱིལ་འཁོར་གྱི་ས་གཞི་དེ་ཉིད་ཀྱི་གྱོ་མོ་དང་སྐྲ་ཤད་དང་ཕུབ་མ་ལ་སོགས་པའི་སྐྱོན་མེད་པར་བརྐོས་ནས་བསལ་ཏེ། སྔར་ས་བཟང་པོས་བཀང་ནས་ བཅགས་ཏེ་ལྕི་བའི་སྐྱང་ནུལ་བྱུགས་ཏེ་ས་གཞི་བཟང་པོ་བསྟར་བ་ལ་ཡང་བྱའོ། །རྣམ་པ་གཅིག་ཏུ་ན་དཀྱིལ་འཁོར་དེ་ལྟ་བུར་བགེགས་ཞི་བར་བྱ་བའི་ཆོ་ག་དེ་ལྟ་བུ་བྱེད་པའི་ཚེ་སྔགས་པ་དེ་འདོད་པའི་ཡོན་ཏན་ལ་སོགས་པ་ཟང་ཟིང་ལ་ཆགས་པའི་སེམས་སྤངས་ནས་ལས་དེ་དག་བྱའོ་ ཞེས་པའི་ཐ་ཚིག་གོ། །རང་སྔགས་ཟློས་ཤིང་བལྟ་བར་བྱ། །ཞེས་པ་ཕྱོགས་བཅུར་བལྟ་བ་དང་། ཡི་གེ་གཅིག་པ་བཟླས་ཞེས་པའོ། །གཅིག་པུ་ཡི་གེ་བཅུ་གཅིག་པ་དཔའ་བོའི་སྔགས་ཟློས་ཤིང་ཞེས་པའོ། །དཀྱིལ་འཁོར་བཟང་པོ་གྲུ་བཞི་པར། །དུར་ཁྲོད་ཐལ་བས་བྲི་བར་བྱ། ། ཞེས་པ་དཀྱིལ་འཁོར་ཚད་གོང་དུ་བཤད་པ་བཞིན་དུ་ཁྲུ་བརྒྱད་པའམ། ཁྲུ་བཞི་པའམ། ཁྲུ་གང་ཡང་རུང་བའམ། །ཡང་ན་འོག་ནས་འབྱུང་བའི་ལས་དང་སྦྱར་ཏེ། དེ་ཡང་གྲུ་བཞི་པོར་དུར་ཁྲོད་ཀྱི་དཀྱིལ་འཁོར་གྱི་ཚད་ཅི་ཙམ་གྱིས་བྱ་བར་འབྱུང་བ་དང་སྦྱར་ཏེ། དེ་ཡང་གྲུ་བཞི་ པོར་དུར་ཁྲོད་ཀྱི་ཐལ་བས་བྲིའོ་ཞེས་པའི་དོན་ཏོ། །ནུབ་ཕྱོགས་ཞེས་པ་འདིའི་སྐབས་སུ་ནི་ནུབ་ཕྱོགས་སུ་སྒོ་བཏོད་སྒོ་ལྷག་མ་བཅད་ཅེས་པའོ། །དེ་ཡི་དབུས་སུ་པདྨོ་བྲི། །ཞེས་པ་དཀྱིལ་འཁོར་གྱི་དབུས་སུ་པདྨོ་བྲི་བ་ནི་འོག་ནས་ལྷ་བསྟན་པ་བཤད་པ་དང་སྦྱར་རོ། །བེ་ཅོན་ཕྱག་རྒྱ་ རྩེ་འབར་བ། །གྲྭ་བཞི་དག་ཏུ་བྲི་བར་བྱ། །འདི་ནི་བེ་ཅོན་མང་པོ་ཡིན། །ཞེས་པ་བེ་ཅོན་གྱི་མགོ་ཐོད་པ་ཅན་ལ་དེ་ཉིད་འབར་བའི་བེ་ཅོན་གྱི་ཕྱག་རྒྱ་བཞི་དཀྱིལ་འཁོར་གྱི་གྲྭ་བཞིར་རེ་རེ་པདྨོའི་སྟེང་དུ་བྲིས་པ་འདི་ནི་བེ་ཅོན་མང་པོའི་དཀྱིལ་འཁོར་ཞེས་བྱའོ། །ཤཱུ་ལ་ཅན་ནི་ཤཱུ་ལ་མང་། །ཞེས་པ་ དཀྱིལ་འཁོར་གྲྭ་བཞིའི་པདྨོའི་སྟེང་དུ་ཤཱུ་ལ་རེ་རེ་བྲིས་པ་ནི་ཤཱུ་ལ་མང་པོ་ཞེས་བྱ་བའི་དཀྱིལ་འཁོར་རོ། །ཤཀྟི་རྣམས་ཀྱིས་ཡོངས་བསྐོར་བ། །དེ་བཞིན་ཤཀྟི་མང་ཞེས་བྱ། །ཞེས་པ་དཀྱིལ་འཁོར་གྱི་གྲྭ་བཞིར་ཤཀྟི་བཞི་པདྨོའི་སྟེང་དུ་སྔ་མ་བཞིན་དུ་བྲིས་པ་ནི་ཤཀྟི་མང་པོ་ཞེས་བྱ་བའི་ དཀྱིལ་འཁོར་བྲི། ཤཀྟི་ངེས་པར་བྱིན་གྱིས་བརླབ་པའི་སྔགས་ནི་མཚོན་ཆའི་སྔགས་ཀྱིས་དགོད་པར་བྱའོ། །དེ་བཞིན་མི་ཐོད་མང་པོ་ཡིན། །ཞེས་པ་དཀྱིལ་འཁོར་གྱི་གྲྭ་བཞིར་ཐོད་པ་བཞི་སྔ་མ་བཞིན་དུ་བྲིས་ནས་ཐོད་པ་མང་པོ་ཞེས་བྱ་བའི་དཀྱིལ་འཁོར་རོ། །མི་རོར་ལྡན་པའི་མི་རོ་མང་། །ཞེས་ པ་ལ་སོགས་པའི་དཀྱིལ་འཁོར་གྱི་གྲྭ་བཞིར་མི་རོ་རེ་རེ་སྟེ་བཞི་བྲི་བ་ནི་མི་རོ་མང་པོའི་དཀྱིལ་འཁོར་རོ། །དཀྱིལ་འཁོར་གྱི་གྲྭ་བཞིར་མགོ་མེད་པའི་མི་རོ་མི་སྡུག་པ་བཞི་སྔ་མ་བཞིན་དུ་བྲི་བ་དང་། དཀྱིལ་འཁོར་གྱི་ནང་གི་ངོས་བཞིར་ཡི་དགས་རངས་པ་དང་། སྲིན་པོའི་གཟུགས་ལྟོ་ བ་ཆེ་བ། སྐྲ་གྱེན་དུ་ལྷུགས་པར་འདུག་ཅིང་གཟུགས་མི་སྡུག་པ་དག་གིས་སྤེལ་ཞིང་བྲིས་པའི་དཀྱིལ་འཁོར་འདི་ནི་དུར་ཁྲོད་མང་པོ་ཞེས་བྱ་བའི་དཀྱིལ་འཁོར་ཞེས་བྱའོ། །ཕྱོགས་བཅུ་ཀུན་ན་འཇིགས་པ་ཅན། །ཞེས་པ་དཀྱིལ་འཁོར་གྱི་ཕྱོགས་བཞི་དང་། མཚམས་བཞི་ དང་། བླ་འོག་རྣམས་སུ་མི་རོ་མགོ་མེད་པའི་མི་སྡུག་པ་དང་། ཡི་དགས་འབར་བ་དང་། སྲིན་པོ་ལྡན་པར་བྲིས་པ་ནི་ཕྱོགས་བཅུའི་འཇིགས་པ་ཅན་ཞེས་བྱའོ། །གཤིན་རྗེ་གཤེད་པོ་དཔའ་བོ་ཡི། །དཀྱིལ་འཁོར་རྣམ་པ་དྲུག་དུ་བཤད། །ཅེས་པ་དཀྱིལ་འཁོར་དྲུག་ཅར་ གྱི་མཚན་མ་ངེས་པར་བྱིན་གྱིས་བརླབ་པ་དགོད་པར་བྱ་བ་ནི་ལེའུ་སྟེ། འོག་ནས་སྔགས་ཀྱི་ལེའུ་གཉིས་འབྱུང་བ་ལ་བརྟགས་ཏེ། གང་རིགས་མཐུན་མཐུན་དུ་སྦྱར་ཏེ། དེ་དག་གི་སྔགས་ཀྱིས་བྱིན་གྱིས་བརླབ་པར་བྱའོ། །དེ་ལྟར་དཀྱིལ་འཁོར་རྣམ་པ་དྲུག་ཏུ་བཤད་དོ། །ད་ནི་ དཀྱིལ་འཁོར་གྱི་ལས་སོ་སོའི་བྱ་བ་བཤད་དོ། །དེ་ལ་བེ་ཅོན་མང་པོ་ནི། །ཞེས་པ་དེ་ལ་དང་པོར་བེ་ཅོན་མང་པོའི་དཀྱིལ་འཁོར་གྱིས་ནི་དངོས་གྲུབ་ཕྲ་མོ་སྟེར་ཞེས་པའོ། །ཤཱུ་ལ་མང་པོ་སྲིན་པོ་རྣམས། །འཇོམས་པར་རབ་ཏུ་བསྒྲགས་པ་ཡིན། །ཞེས་པ་ཤཱུ་ལ་མང་པོའི་ དཀྱིལ་འཁོར་གྱིས་ནི་སྲིན་པོ་འབར་བ་རྣམས་འཇོམས་པར་མཛད་དོ། །དེ་བཞིན་དུ་ཤཀྟི་མང་པོ་ནི། །ཞེས་པ་ཤཀྟི་མང་པོའི་དཀྱིལ་འཁོར་གྱིས་ནི་བགེགས་རྣམས་ཐམས་ཅད་ཚར་བཅད་པའོ། །ཐོད་པ་མང་པོ་ཞེས་བྱ་བ། འཁྲུལ་འཁོར་ཐམས་ཅད་རབ་ཏུ་འཇིག །ཅེས་པ་ཐོད་པ་ མང་པོའི་དཀྱིལ་འཁོར་གྱིས་ནི་ལྷ་མ་ཡིན་གྱི་འཁྲུལ་འཁོར་འཇིག་པར་མཛད་དོ་ཞེས་པའི་དོན་ཏོ། །མི་རོ་མང་པོ་ཞེས་བྱ་བ། །ཞེས་པ་མི་རོ་མང་པོའི་དཀྱིལ་འཁོར་གྱིས་ནི་རོ་ལངས་ཐམས་ཅད་བསྒྲུབ་པའོ། །དུར་ཁྲོད་མང་པོར་རབ་གྲགས་པ། །ཞེས་པ་དུར་ཁྲོད་མང་པོའི་དཀྱིལ་ འཁོར་གྱིས་ནི་དངོས་གྲུབ་ཐམས་ཅད་རབ་ཏུ་སྦྱིན་པའོ། །འདི་མན་ཆད་ལྷ་བསྟན་པ་ཞེས་བྱ་བ་བཤད་དོ། །དེ་ལ་པདྨོའི་དབུས་སུ་ནི། །ཞེས་པ་ལྷ་བསྟན་པ་ཞེས་བྱ་བ་བཤད་དོ། །དེ་ལ་པདྨོའི་དབུས་སུ་ནི་ཞེས་པ་སྔར་དཀྱིལ་འཁོར་གྱི་དབུས་སུ་པདྨོ་བྲིས་པ་དེའི་དབུས་སུ་ཞེས་པའོ། ། ཆོ་ག་བཞིན་དུ་བཞུགས་པར་བསམ། །ཞེས་པ་སྤྱན་དྲངས་ཏེ་པདྨོའི་དབུས་སུ་བཞུགས་ཞེས་པའོ། །ཨིནྡྲ་ནཱི་ལ་ཞེས་པ་ནི་མཐིང་ག་འཚེར་བའི་མདོག་ཅེས་པའོ། །འཇིགས་འཇིགས་ལྟ་ལ་འཇིགས་པའི་གདོན། །ཞེས་པ་ཁྲོ་བོ་ཉིད་ཕ་རོལ་འཇིགས་པའི་གཟུགས་ཅན་ནམ་ ཡང་གདོན་ཞེས་པའི་དོན་ཏོ། །དྲིལ་བུ་དང་ཞེས་པ་གཡེར་ཀའི་དྲིལ་བུ་ལ་བྱའོ། །ཐོད་པ་སྐམ་པོ་ཞེས་པའོ། །མི་མགོ་རློན་དང་མི་རུས་དང་། ཞེས་པ་ཁྲག་དང་། སྐྲ་དང་བཅས་པ་དང་། རྗེ་ངར་དང་། དཔུང་པ་དང་། ལག་པ་རྣམས་ལས་གཅིག་བསྣམས་ཞེས་པའོ། ། འཇིགས་པའི་མི་རོ་དབྱུག་ཏོ་འབར། །ཞེས་པ་ཁྲག་དང་བཅས་པའི་དཎྜ་འབར་ཞེས་པའི་དོན་ཏོ། །འབར་ཞེས་པ་མེ་ལྕེ་ཁ་གསུམ་ཙམ་དུ་འབར་བའི་མེ་ལྕེ་བསྣམས་སོ། །ཤི་བའི་རོ་ཡི་སྟེང་ན་བཞུགས། །ཞེས་པ་མཎྜལ་གྱི་དབུས་སུ་པདྨོ་བྲིས་པ་དེའི་དབུས་སུ་མི་རོ་བྲིས་པ་ལ་ རོའི་སྟེང་དུ་ལྷ་བཞུགས་པར་བྱའོ་ཞེས་པའི་དོན་ཏོ། །འཇིགས་པའི་མཚོན་ཆ་གདེངས་འཇིགས་ལྟ། །ཞེས་པ་མཚོན་ཆའི་ཕྱག་མཚན་ཀུན་འཇིགས་ཞེས་པའི་དོན་ཏོ། །དུར་ཁྲོད་ན་ནི་རྟག་ཏུ་བཞུགས། །ཞེས་པ་ལྷ་ཉིད་དཀྱིལ་འཁོར་དེ་ལྟ་བུའི་ཚུལ་དུ་རྟག་ཏུ་ཞུགས་པ་ཞེས་པའི་དོན་ ཏོ། །ཐམས་ཅད་འཇོམས་ཞེས་པ་ལྷ་དེའི་ཡོན་ཏན་ལ་བྱའོ། །ལྷ་རྣམས་ཀུན་གྱིས་ཕྱག་བྱས་ཤིང་། །ཞེས་པ་འཇིག་རྟེན་པའི་ལྷ་རྣམས་ཞེས་པའོ། །ཁྲོ་བོ་ཐམས་ཅད་ལེགས་པར་འདུད། །ཅེས་པ། འཇིག་རྟེན་པ་ཡི་ཁྲོ་བོས་འདུད། །ཅེས་པའི་དོན་ཏོ། །སྐུ་ནི་རབ་ཏུ་འབར་ བ་ཅན། །ཞེས་པ་སྐུ་མེ་ལྕེ་འབར་བ་ཅན་ནོ་ཞེས་པའི་དོན་ཏོ། །འཁྲུག་པས་དཀྲུགས་ཤིང་རབ་ཏུ་ཟབ། །ཅེས་པ་ལྷ་དེ་ཉིད་ལ་བྱ། སྤྱིར་ན་ཁྲོ་བོའི་ཚུལ་དུ་ཕ་རོལ་པོ་ལ་སྦྱར་ཞེས་པའོ། །སྟག་ལྤགས་ན་བཟའ་བསྣམས་པར་དགྱེས། །ཞེས་པ་དེ་ཉིད་ཀྱི་ཚུལ་ལམ་ཉམས་སུས་ ཀྱང་མི་རྟོགས་པའོ། །རྗེས་སུ་འབྲངས་ཤིང་ཕྱག་རྒྱ་བྱས་པའོ། །ཞེས་པ་ཁྲོ་བོ་དེའི་རྗེས་སུ་འབྲངས་ཤིང་ཁྲོ་བོ་དེ་ལ་ཕྱག་བྱས་ཞེས་པའོ། །ཁྲོ་བོ་གཤིན་རྗེ་གཤེད་དྲན་བྱ། །ཞེས་པ་དེ་ལྟ་བུའི་ཁྲོ་བོ་ཆེན་པོ་འདི་དྲན་པར་བྱའོ། །བདག་གིས་དྲན་བྱས་ནས་ཞེས་པ་སྙིང་པོས་དེ་ལྟ་བུའི་ ལྷ་སྤྱན་དྲང་བར་བྱའོ་ཞེས་པའོ། །འདི་མན་ཆད་ནི་སྤྱན་དྲང་བར་བྱས་ནས་སློབ་མ་གཟུད་པ་ལ་སོགས་པའི་ལས་བྱའོ་ཞེས་པ་བསྟན་པ་བཤད་དེ། །སྤྱན་དྲངས་ན་ལྷ་དེ་ལྟ་བུ་དྲང་ཞེས་པའོ། །ཙནྡན་གྱིས་བསྐུས་ཞེས་པ་དཀར་པོས་བསྐུས་ཞེས་པའོ། །རིམ་པ་བཞིན་དུ་མཆོད་ནས་ནི། །སློབ་མ་ ཁྲོ་བོའི་སྔགས་དག་དང་། །སངས་རྒྱས་སྤྱན་གྱི་སྔགས་དག་གིས། །ཞེས་པ་མེ་ཏོག་ལ་སོགས་པས་རིམ་པ་བཞིན་དུ་མཆོད་ནས་སློབ་མ་ལ་བདུད་རྩི་འཁྱིལ་བའི་སྔགས་ཀྱིས་བསྔགས་པའི་ཚུལ་གྱིས་བསང་བ་དང་། སངས་རྒྱས་སྤྱན་གྱིས་ཀྱང་བསྲུང་ངོ་། །གོང་དུ་དཀྱིལ་འཁོར་ དྲུག་བཤད་པ་ལས་བེ་ཅོན་གྱི་ཕྱག་རྒྱའི་དཀྱིལ་འཁོར་བྲིས་ན་བེ་ཅོན་གྱི་ཕྱག་རྒྱ་བཅིངས་པས་མེ་ཏོག་དོར་བར་བྱའོ། །ཡང་ན་ཤཱུ་ལའི་ཕྱག་རྒྱའི་དཀྱིལ་འཁོར་བྲིས་ནས། ཤཱུ་ལའི་ཕྱག་རྒྱ་བཅིངས་ལ་མེ་ཏོག་དོར་བར་བྱའོ། །མིང་གིས་སྨོས་པའི་དཀྱིལ་འཁོར་འདི་རྣམས་ལས་མ་གཏོགས་པར་ གཞན་ཞིག་བྲིས་ན་བེ་ཅོན་གྱི་ཕྱག་རྒྱའམ་ཤཱུ་ལའི་ཕྱག་རྒྱ་གཉིས་ལས་གང་ཡང་རུང་བ་ཅིག་བཅིངས་ཏེ་མེ་ཏོག་དབུལ་བར་བྱའོ། །དཀྱིལ་འཁོར་དྲུག་ཅར་དུ་ཡང་དེ་ལྟར་ཤེས་པར་བྱའོ། །བཙུད་ནས་མེ་ཏོག་དོར་དུ་གཞུག །ཅེས་པ་སྔགས་ཡི་གེ་བཅུ་གཅིག་པ་བརྗོད་ནས་ མེ་ཏོག་དཀྱིལ་འཁོར་དུ་དོར་དུ་གཞུག་གོ་ཞེས་པའི་དོན་ཏོ། །དེ་ནས་རིག་འཛིན་དཔལ་དང་ལྡན། །ཞེས་པ་སྔགས་པས་སློབ་མ་རྣམས་བསྲུང་བའི་ཕྱིར་ཡང་སྔགས་བཟླས་ནས་སློབ་མ་དང་། སློབ་དཔོན་གྱིས་དཀྱིལ་འཁོར་ལ་མཆོད་པ་འདི་དག་ལ་སོགས་པས་མཆོད་པར་བྱའོ། །མཆོད་པ་ བྱས་ནས་སློབ་མ་ལ། །ཞེས་པའི་དོན་ཏོ། །དེ་ནས་སངས་རྒྱས་སྤྱན་ཡང་བཟླས། །ཞེས་པ་ཁ་ཅིག་གིས་བཤད་པ་ནི་དེ་ལྟར་མཆོད་པ་བྱས་པའི་འོག་ཏུ་མེ་ཏོག་ལ་བུདྡྷ་ལོ་ཙ་ན་དང་ཁྲོ་བོའི་སྔགས་བཟླས་པས་བཏབ་ལ་སློབ་མའི་ལག་ཏུ་སྦྱིན་ཏེ། དེ་ནི་དེ་བཞིན་གཤེགས་པ་དང་། །རྡོ་རྗེའི་རིགས་ ཀྱིས་བྱིན་གྱིས་བརླབ་པའི་ཕྱིར་རོ། །དེ་ནས་དབང་རྣམ་བཞི་ལས་གཅིག་སྦྱིན་ནོ། །འདིའི་སྐབས་སུ་རིག་པའི་དབང་བསྐུར་བར་བྱའོ། །དབང་བསྐུར་བ་འདི་དག་ཀྱང་སྤྱིའི་ཆོ་ག་དང་སྦྱར་ཏེ་བྱའོ་ཞེས་པའི་དོན་ཏོ། །ལྷ་ཁྱོད་བདག་གིས་མནོས་ཞེས་པ་སློབ་མས་དེ་སྐད་སྨྲ་བར་བྱའོ། །དེ་ནས་ སྔགས་རིག་ཆོ་ག་བཞིན། །ཞེས་པའི་དེའི་འོག་ཏུ་སློབ་མས་བླ་མ་སློབ་དཔོན་ལ་ཕྱག་བྱའོ། །ཆོ་ག་བཞིན་དུ་དབང་བསྐུར་བས། །ཞེས་པའི་སྤྱིའི་ཆོ་ག་དང་སྦྱར་ཏེ། དབང་བསྐུར་བ་ལ་བྱ་ཞེས་བྱ་བའི་དོན་ཏོ། །ཁྲོ་བོ་གཤིན་རྗེ་གཤེད་པོ་བཟླས། །ཞེས་པ་དེ་ཡན་ཆད་ཁྲོ་བོའི་བཟླས་བརྗོད་རྒྱུན་དུ་བྱའོ། །གཤིན་ རྗེ་གཤེད་དུ་གཏོགས་པར་བཅུ་གཅིག་པའི་བཤད་པ་རྫོགས་སོ།། །།གསང་བའི་ཕྱི་མའི་ཡང་ཕྱི་མར་གཏོགས་པ་འདི་ལ་དོན་རྣམ་པ་བཅུས་སྟོན་ཏེ། དེ་ལ་རི་མོའི་སྐུ་གཟུགས་ཀྱི་ཆོ་ག་དང་། སྔོན་དུ་བསྙེན་པ་བྱས་ནས་སྒྲུབ་པ་ལ་འཇུག་པའི་གླེང་བསླང་བ་དང་། སྔགས་བསྟན་ པ་དང་། གནས་སྔར་བསྟན་ནས་བཟླས་པའི་མཚན་ཉིད་སྔར་བསྟན་པ་དང་། སྒྲུབ་པ་ལ་འཇུག་པ་དང་། གྲུབ་ནས་ལས་རྣམས་སྒྲུབ་པ་དང་། མ་གྲུབ་པའི་ལས་བྱ་བ་དང་། རྟོག་པ་ཕྱི་མ་དང་། རྟོག་པ་ཕྱི་མའི་ཡང་ཕྱི་མ་དང་། ཕྱག་རྒྱའི་མཚན་ཉིད་དོ། །གསང་བའི་ཕྱི་མར་གཏོགས་ པའི་ལེའུ་འདི་ནི་གོང་དུ་སྔར་བཤད་པའི་ཕྱི་མའི་ཡང་ཕྱི་མ་ཞེས་བྱ་བའི་སྔར་གསུངས་པ་རྣམས་ཀྱི་མ་ཆུད་པ་རྣམས་རྒྱས་པར་བཤད་པའོ། །དེ་ལ་རི་མོའི་སྐུ་གཟུགས་ཀྱི་ཆོ་ག་ཞེས་བྱ་བ་དང་པོར་བཤད་དོ། །དེ་ནས་གཞན་ཡང་གཤིན་རྗེ་ཡི། །བཤད་པའི་སྔགས་ནི་མནོས་ནས་སུ། །མི་ཡི་ རོ་གོས་བླངས་ནས་སུ། །ཞེས་པ་རས་བླངས་པ་དེ་ལ་ཁྲོ་བོ་དེའི་སྐུ་གཟུགས་བྲི་ཞེས་པའོ། །བཟང་པོ་ཁྲུ་གང་ཞེས་པ་རས་བཟང་པོ་ཁྲུ་གང་ཚད་དུ་བྱ་ཞེས་པའོ། །གང་ཚེ་སྔགས་པ་བདག་ཉིད་ཀྱིས། །ཞེས་པ་སྔགས་པ་བདག་ཉིད་རི་མོ་འདྲི་མི་ཤེས་པ་དེའི་ཚེ། བཟོ་བོ་སྨྱུང་བ་བྱས་པ་ནི། ། ཞེས་པ་རི་མོ་བཟོ་བོ་སྨྱུང་བ་བྱེད་དུ་བཅུག་ལ་ཁྲིམས་མནོས་པར་འདྲིར་གཞུག་གོ། །ཤི་བའི་རོ་ཡི་སྟེང་ན་བཞུགས། །ཞེས་པ་འདོད་པའི་ཁམས་ཀྱི་ལྷའི་བུའི་བདུད་ཀྱི་རོའི་སྟེང་ན་བཞུགས་ཞེས་བཤད་དེ། མདོར་ན་མི་རོའི་སྟེང་ན་བཞུགས་པ་བྲིའོ། །འཇིགས་པ་གནོན་ཞེས་ པ་ཕ་རོལ་པོ་རྣམས་གནོན་ཞེས་པའོ། །འཇིགས་འཇིགས་ལྟ་ཞེས་པ་ཁྲོ་བོ་ཉིད་ཀྱིས་ཀྱང་ལྟ་ཞེས་པའོ། །ཁ་ཅིག་བཤད་ཅེས་པ་ཞལ་དབུ་མའི་སྟེང་མ་ལའོ། །ལྗགས་འདྲིལ་ཁ་ཅིག་མཆེ་བ་གཙིགས། །ཞེས་པ་གཡས་པའི་ཞལ་དང་པོའོ། །ཁ་ཅིག་ཞལ་གདངས་པ་ གཡོན་དང་པོའོ། །ཁ་ཅིག་ཁྲོས་ཞེས་པ་གཡས་པའི་ཞལ་གཉིས་པའོ། །ཁ་ཅིག་འཇིགས་པ་ཞེས་པ་གཡོན་གཉིས་པའོ། །ཇི་སྐད་གསུངས་པའི་མཚོན་ཆ་རྣམས། །ཞེས་པ་སྔར་དོན་གྲུབ་ཀྱི་རྟོག་པར་བཤད་པའི་མཚོན་ཆ་རྣམས་ཕྱག་ན་བསྣམས་པའོ། །དབེན་ཞིང་འདུ་ འཛི་མེད་པ་རུ། །ཞེས་པ་གནས་འདི་ལྟ་བུར་རི་མོ་མཁན་མཁས་པས་འདྲིར་གཞུག་གོ། །འདི་མན་ཆད་སྔོན་དུ་བསྙེན་པ་བྱས་ནས་སྒྲུབ་པ་ལ་འཇུག་པ་གླེང་བསླང་བ་ཞེས་བྱ་བ་བཤད་དེ། དེ་ལྟར་བྲིས་ན་སྔགས་མཁན་དེ་ཞེས་པ་ལ་སོགས་པ་སྨོས་ཏེ། རི་མོ་བྲིས་ནས་དེ་ཉིད་ཀྱིས། ། ཞེས་པ་དེའི་འོག་ཏུ་སྒྲུབ་པ་ལ་འཇུག་པའི་ཚེ་ཡང་རི་མོ་ཉིད་ཀྱང་མདུན་དུ་བཀྲམ་སྟེ་བསྒྲུབ་པར་བྱའོ་ཞེས་པའི་དོན་ཏོ། །དེ་ལྟར་གོང་དུ་བཤད་པའི་ཚུལ་བཞིན་དུ་བྲིས་ནས་མདུན་དུ་བཀྲམ་སྟེ། རི་མོ་དེ་ལ་མངོན་དུ་ཕྱོགས་ནས་ཚུལ་བཞིན་དུ་བསྙེན་པ་འབུམ་བྱའོ། །འདི་མན་ཆད་ནི་སྔགས་ བསྟན་པ་ཞེས་བྱ་བ་བཤད་དེ། གཤིན་རྗེ་གཤེད་པོ་འདི་ཡི་སྔགས། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གཤིན་རྗེ་གཤེད་པོ་འདི་ཡི་སྔགས། །ཞེས་པ་དྲག་པོ་གང་ཡིན་དེ་བཤད་དོ་ཞེས་པ་ཁྲོ་བོ་དེའི་མཐུ་རྩལ་ཆེ་བའི་སྔགས་དེ་ཡང་འབྲུ་ལྷག་ཆད་དུ་འགྱུར་བ་དང་། ལྟག་འོག་གི་གོ་རིམས་ཤོར་དུ་དོགས་པའི་ཕྱིར་འབྲུ་རེ་རེ་ནས་བཤད་དོ། །ཨོཾ་ནི་དེ་ཡི་དང་པོ་ཡིན། །ཞེས་པ་ཁྲོ་བོ་དེའི་སྔགས་ཀྱི་དང་པོར་ཨོཾ་འབྱུང་ངོ་། །དེ་བཞིན་ཕཊ་ནི་ལྷག་མ་སྟེ། །ཞེས་པ་འབྲུ་བཅུ་ལས་ལྷག་པ་ལའོ། །མི་མཉམ་སྔགས་ནི་བཅུ་གཅིག་པའོ། །ཞེས་པ་ཡི་གེ་འབྲུ་དེ་ ཉིད་ཟུང་དུ་འབྲེལ་བ་མ་ཡིན་ཏེ། ཡན་གར་བྱུང་བའི་ཐ་ཚིག་གོ། །འཇམ་དཔལ་གྱི་ནི་ཁྲོ་བོ་མཆོག །ཅེས་པ་དེ་ཉིད་མཐུ་སྟོབས་སམ། །ཡོན་ཏན་གཞན་ལས་ཆེ་བར་གྱུར་པའོ། །རྟོག་པ་ཕྱི་མའི་ཡང་ཕྱི་མ་སྟེ། །སངས་རྒྱས་ཀུན་གྱིས་མངོན་བསྟོད་པས། །ཞེས་པ་རྟོག་པ་ཕྱི་ མའི་ཡང་ཕྱི་མར་གསུངས་པའི་སྔགས་འདི་ནི་སངས་རྒྱས་ཀུན་གྱིས་ཀྱང་བསྟོད་པའོ། །སྔགས་དེ་དེ་ལྟར་མནོས་ནས་སུ། །ཞེས་པ་སྔར་གོང་དུ་བཤད་པའི་ཚུལ་དེ་ལྟར་མནོས་ནས་ཞེས་བྱ་བའི་དོན་ཏོ། །གོ་ཆ་བགོས་ནས་བཟླས་བྱས་ནས། །ཞེས་པ་བརྩོན་འགྲུས་གྱི་གོ་ཆ་བགོས་ནས་ བཟླས་པ་བྱས་ན། རིག་འཛིན་གོ་འཕང་ཐོབ་པར་འགྱུར། །ཞེས་པའི་དོན་ཏོ། །ཨོཾ་ཨ་ཀྲོ་ཏེ་ཀ་ཡ་མཱནྟ་ཀ་ཧཱུྃ་ཕཊ། །ཅེས་པ་ཡི་གེ་འབྲུ་བཅུ་གཅིག་པའི་སྔགས་སོ། །སྔགས་འདི་ལས་བྱ་བའི་བསྐུལ་ཚིག་ནི་ཧཱུྃ་ཕཊ་གཉིས་ཀྱི་བར་དུ་བཅུག་སྟེ་ལས་བྱའོ། །ཨོཾ་ཨ་མྀ་ཏ་ཀུཎྜ་ལི་ཞེས་པ་ སློབ་མ་བསང་བ་བསྲུང་བའི་སྔགས་སོ། །འདི་མན་ཆད་ནི་གནས་སྔར་བསྟན་ནས་བཟླས་པའི་ཚུལ་མཚན་ཉིད་བསྟན་པ་ཞེས་བྱ་བ་བཤད་དོ། །དེ་ནས་གཞན་ཡང་བཟླས་པ་ཡི། །གནས་ངག་ཇི་ལྟར་ཡིན་པ་བཤད། །ཅེས་བྱ་བ་ལ་བཟླས་པའི་གནས་ནི་ཇི་སྐད་གསུངས་པ་ཡིན་ པ་དེ་བཤད་པར་བྱའོ། །ཚང་ཚིང་པདྨའི་མཚོ་འགྲམ་དུ། །ཞེས་པ་ནགས་ཚལ་སྟུག་པོ་བགྲོད་དཀའ་བའི་གནས་ལ་བྱའོ། །གཤིན་རྗེ་གཤེད་པོ་ནི་ཞེས་པ་ལྷའི་སྐུའི་ཚུལ་དུ་བྱ་བའོ། །ཀུ་ཤ་ཞེས་པ་བཟླས་པའི་མཚན་ཉིད་འདི་དག་གོ། །རི་མོ་ལ་ནི་ཕྱོགས་འདུག་པ། ། ཞེས་པ་མདུན་དུ་རི་མོའི་སྐུ་གཟུགས་བྲིས་པ་ལ་ཕྱོགས་པར་བྱ་སྟེའོ། །རུ་རཀྴ་ཡི་ཕྲེང་བ་ཐོགས། །ཞེས་པ་སྔགས་ཀྱི་ནོར་བུ་ཞེས་པའོ། །སྔགས་པས་རྟག་ཏུ་བཟླས་པ་བྱས། །ཞེས་པ་མཚན་ཉིད་དེ་ལྟར་བཟླས་པ་བྱའོ། །མྱུར་བ་དང་ནི་བུལ་བ་དང་། །ཞེས་པ་ཟུར་མི་ཕྱིན་པའི་ སྐྱོན་དང་བར་ཆད་པའི་སྐྱོན་ནོ། །དེ་བཞིན་ཡི་གེ་འདྲེས་པར་ནི། །ཞེས་པ་གོ་རིམས་འཆོལ་བར་ཏེ། ནམ་ཡང་སྨྲ་བར་ཡོང་མི་བྱ། །ཞེས་པ་དེ་ལྟ་བུའི་སྐྱོན་གྱི་ཚུལ་དུ་སྔགས་བཟླས་པ་ཡང་མི་བྱའོ། །བཟླས་པའི་མཚན་ཉིད་འདི་དག་གོ། །རྟག་ཏུ་རབ་ཏུ་གསལ་བར་སྨྲ། །ཞེས་ པ་མྱུར་བའང་མ་ཡིན་བུལ་བ་ཡང་མ་ཡིན། འཆོལ་བ་ཡང་མ་ཡིན་པར་དྲག་དལ་སྙོམས་པར་ཟུར་ཕྱིན་པར་གསལ་བར་སྔགས་བཟླས་པར་བྱའོ། །ཡིད་སྙོམས་ནས་ཞེས་པ་དེ་ལྟར་བཟླས་པ་བྱེད་པའི་ཚེ་བསྡམ་ཞེས་པའོ། །བུ་དོན་ལ་ནི་སེམས་བཞག་སྟེ། །ཞེས་པ་སེམས་རྩེ་གཅིག་ ཏུ་སེམས་ཤིང་ཞེས་པའོ། །སྐྱོ་བ་མེད་པའི་སེམས་ཀྱིས་ནི། །ཞེས་པ་མི་སྐྱོ་བའི་བར་གྱིས་སྔགས་ཀྱི་རིམ་པ་བཞིན་དུ་བཟླས་སོ། །འབུམ་གཅིག་བཟླས་པའི་ཐ་མར་ནི། །བསྒྲུབ་པར་བྱ་བ་བཤད་ཀྱིས་ཉོན། །ཞེས་པ་དེ་ལྟར་སྔར་བསྙེན་པ་འབུམ་བྱས་ནས་དེའི་འོག་ཏུ་བསྒྲུབ་པ་ ལ་འཇུག་པ་བསྟན་ཏོ། །མཚོ་ཡི་འགྲམ་དུ་དཀྱིལ་འཁོར་ནི། །ཞེས་པ་ཆུ་ཀླུང་དག་ལ་ཡང་བྱའོ། །དུར་ཁྲོད་མང་པོ་བྲི་བར་བྱ། །ཞེས་པ་དུར་ཁྲོད་ཅེས་བྱ་བའི་ལེའུ་དུར་ཁྲོད་མང་པོའི་དཀྱིལ་འཁོར་འབྱུང་བ་དེ་འདིར་འདྲི་བར་བྱའོ། །དེ་ཡི་ནང་དུ་རི་མོ་བཀྲམ། །ཞེས་པ་མདུན་དུ་རི་ མོ་བྲིས་པ་བཀྲམ་ཞེས་པའོ། །སེམས་དཔའ་མཚན་མོ་བཞུགས་ནས་ནི། །བསྒྲུབ་པ་ལ་འཇུག་གོ་ཞེས་པའི་དོན་ཏོ། །སེམས་ཀྱིས་ཀྱང་མ་རྨོངས་པར་ཞེས་པ་སྔགས་ཀྱི་ཆོ་ག་རྣམས་ཤེས་པར་བྱ་བ་ལ་མ་རྨོངས་པ་ཞེས་པའོ། །གུ་གུལ་བདུག་པ་དེ་ཡིས་བསྲེག །ཅེས་པ་དེ་ ལྟར་ནུབ་མོ་སྒྲུབ་པའི་ཚེ། གུ་གུལ་བདུག་པས་བསྲེག་གོ། །ཟློས་ཤིང་མེ་ཏོག་ཛཱ་ཏི་སྟོང་། །ཞེས་པ་སྔགས་ཟློས་ཤིང་། སྲི་ཤིང་སྣ་མའི་མེ་ཏོག་སྟོང་མདུན་གྱི་རི་མོའི་ཐུགས་ཀར་ཕོག་པར་བྱ་ཞིང་དབུལ་ལོ། །རི་མོ་ལ་བཞུགས་ཁྲོ་བོའི་སྤྱན། །ཞེས་པ་རི་མོ་དང་གཅིག་ཏུ་ བྱས་པའི་ཁྲོ་བོའི་སྤྱན་དང་བཅས་པ་ཞེས་བྱ་བའི་དོན་ཏོ། །གཡོ་འམ་ཡང་ན་འགུལ་ཡང་རུང་། །ཞེས་པ་རིལ་གྱིས་གཡོ་འམ་ཆའམ་ཕྱོགས་འགའ་འགུལ་བའོ། །དེ་ནས་ལྷ་དེ་འགྲུབ་གྱུར་ནས། །གང་འདོད་པ་ཡི་ལས་རྣམས་བྱེད། །ཅེས་པ་རི་མོའི་སྐུ་ གཟུགས་དེ་ལ་མཚན་མ་འདི་ལྟ་བུ་བྱུང་བ་ལ་གྲུབ་པ་ཞེས་བྱ་སྟེ། དེས་ནི་གང་འདོད་པའི་ལས་རྣམས་དེ་བཞིན་དུ་བྱེད་ནུས་པར་འགྱུར་རོ། །དེ་སྟེ་གྲུབ་པར་མ་གྱུར་ན། །གཞན་ཡང་ཚིག་འབུམ་བཟླས་པར་བྱ། །ཞེས་པ་སྟེ་མཚན་མ་དེ་ལྟ་བུ་དག་བྱུང་བར་མ་གྱུར་ན་ཡང་ལན་ཅིག་ སྤོགས་ཏེ་བསྙེན་པ་འབུམ་བྱའོ། །དེ་ནས་དེ་ཡི་ཐ་མར་སྒྲུབ། །ཅེས་པ་དེའི་འོག་ཏུ་མཚན་གཅིག་སྔ་མ་བཞིན་དུ་སྒྲུབ་པོ། །དེས་ཀྱང་མ་གྲུབ་གསུམ་པ་ལ། །མཚམས་མེད་ལྔ་རྣམས་བྱེད་པ་ཡང་། །གདོན་མི་ཟ་བར་འགྲུབ་པར་འགྱུར། །ཞེས་པ་དེ་ལྟར་བསྒྲུབས་ཏེ་མ་གྲུབ་ པར་གྱུར་ན་ལན་གསུམ་དུ་བསྒྲུབས་ཏེ། ཡང་དང་པོར་བསྙེན་པ་འབུམ་བྱས་ལ་དེའི་འོག་ཏུ་མཚན་གཅིག་སྔ་མ་བཞིན་དུ་བསྒྲུབས་ཏེ། དེ་ལྟར་བསྒྲུབས་ན་མཚམས་མེད་པ་ལྔ་བྱས་པའི་སེམས་ཅན་གྱིས་ཀྱང་འགྲུབ་པར་འགྱུར་ཏེ། ཐེ་ཚོམ་མེད་པར་ལས་རྣམས་དེ་བཞིན་དུ་ནུས་ པར་འགྱུར་རོ་ཞེས་པའི་ཐ་ཚིག་གོ། །འདི་མན་ཆད་ནི་དེ་ལྟར་གོང་དུ་བཤད་པ་ལྟར་བསྒྲུབས་ཏེ་གྲུབ་པར་གྱུར་ན། གྲུབ་པ་དེས་ལས་རྣམས་བྱ་བ་ན་དེ་བཞིན་དུ་འགྲུབ་པར་འགྱུར་བའི་ལས་བཤད་དོ། །གྲུབ་པའི་ལས་རྣམས་གང་དག་འདིར། །ཞེས་པ་ལ་སོགས་པ་སྨོས་ཏེ། དེ་དག་ ཕྱིན་ཆད་སྙོམས་པར་ནི། །ཞེས་པ་དེ་ལྟར་གྲུབ་ཟིན་ཕན་ཆད་ལས་རྣམས་བྱེད་པར་འགྱུར་རོ་ཞེས་པའི་དོན་ཏོ། །དཔུང་རྣམས་རེངས་པར་བྱེད་ཅེས་པའོ། །སྟོང་ངམ་ཡང་ན་འབུམ་ཡང་རུང་། །ཞེས་པ་ཕ་རོལ་པོའི་དཔུང་ངོ་། །གནོན་པ་རེངས་པ་ཞེས་པའོ། །རྨོངས་པ་འཐོམ་པ་ ཞེས་པའོ། །དེ་མ་ཐག་ཏུ་འབེབས་པར་བྱེད། །ཅེས་པ་སྣོད་ལ་དབབ་པའི་ལས་དེ་ནུས་པར་འགྱུར་བའོ། །ཕ་རོལ་དཔུང་དག་རབ་ཏུ་འཁྲུག་པར་བྱེད། །ཅེས་པ་ནང་འཁྲུག་དག་བྱེད་དོ། །རྨོངས་པར་ནུས་ཞེས་པ་སེམས་ཅན་དག་རྨོངས་ནུས་ཞེས་སོ། །སྤྲིན་ཡང་ ལེགས་པར་གནོན་པར་ནུས། །ཞེས་པ་སྤྲིན་མི་གཡོ་བར་གནས་ཤིང་འདུག་ནུས་པར་བྱེད་ནུས་སོ། །ཆར་པ་དག་ཀྱང་འབེབས་པར་བྱེད། །ཅེས་པ་དུས་ཀྱི་ཆར་མི་འབབ་པ་དག་ཀྱང་འབེབས་ནུས་སོ། །དེ་ནི་ནག་པོས་ཟིན་པ་ཡང་། །མཐོང་བའམ་སྦྱིན་པ་ཙམ་གྱིས་གྲུབ། །ཅེས་ པ་ཀ་ལ་དུ་ཧཱུྃ་ཞེས་བྱ་སྟེ། དུས་སུ་ཟིན་པ་ལ་ཡང་བྱ་སྟེ། སྦྲུལ་གྱིས་ཉི་མའི་གུང་དང་འཆི་བའི་དུས་ཀྱི་ཚེ་ཟིན་པ་ཡང་སྔགས་པས་མཐོང་བའམ་ཡང་ན་སྔགས་མཁན་གྱིས་སྤྲིང་བ་ཙམ་གྱིས་སོས་པར་འགྱུར་རོ་ཞེས་པའི་དོན་ཏོ། །དེ་ནི་སྦྱོར་བ་ཙམ་གྱིས་སུ། །ཞེས་པ་སྔགས་པ་དེས་ སྦྱོར་བ་ཙམ་གྱིས་སའི་འོག་ཀྱང་འཁྲུགས་པར་བྱེད་ཅེས་པའོ། །དེ་བཞིན་ལྷ་དང་མི་རྣམས་ལ། །གནོད་པ་ཆེན་པོ་འབྱུང་བར་བྱེད། །ཅེས་པ་གནོད་པ་ཆེན་པོ་འབྱུང་བ་དང་སྦྱར་ན་ཡང་དེ་བཞིན་དུ་བྱེད་ནུས་པར་འགྱུར་རོ་ཞེས་པའི་དོན་ཏོ། །ཕྱིས་འབྱུང་བ་དག་གང་ཡང་མེད། །ཅེས་ པ་མདོར་ན་དུས་གསུམ་གྱི་ལས་གང་ཡང་བྱེད་མི་ནུས་པ་མེད་དོ། །འདི་མན་ཆད་ནི་མ་གྲུབ་པའི་ལས་བཤད་དེ། ལྷ་དེ་གྲུབ་པར་མ་གྱུར་ཀྱང་། །ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ལྷ་དེ་གྲུབ་པར་མ་གྱུར་ཀྱང་། །ཞེས་པ་སྔ་མ་བཞིན་དུ་བསྒྲུབས་ཀྱང་མ་གྲུབ་པར་གྱུར་ན་ཡང་ལས་འདི་ དག་བྱེད་ནུས་པར་འགྱུར་རོ། །མཐོང་བ་ཙམ་ཞེས་པ་སྔགས་པས་སོ། །ཚིག་གིས་ཀྱང་ཞེས་པ་བསྒོ་བ་ཙམ་གྱིས་སོ། །དུག་དང་རིམས་དང་གདོན་ལ་སོགས། །ཞེས་པ་འགྲོ་བ་དང་མི་འགྲོ་བའི་དུག་ལ་བྱའོ། །བདུག་པ་དང་ཞེས་པ་བདུག་པའི་སྦྱོར་བས་སོ། །སྦྱོར་བ་ཡིས་ ཞེས་པ་འདི་དག་སྔར་གོང་དུ་བཤད་པའི་ལས་དེ་དག་རྣམས་ཞེས་པའོ། །ལས་རྣམས་འདི་དག་ཐམས་ཅད་ནི། །བཟླས་པ་བརྒྱ་བྱས་བསྒྲུབ་པར་བྱ། །ཞེས་མིང་གིས་སྨོས་པའི་ལས་དེ་དག་གང་བྱེད་ཀྱང་རུང་སྟེ་ལས་དེ་དག་ལ་སྔགས་བརྒྱ་རྩ་བརྒྱད་བཟླས་པས་ལས་དེ་དག་འགྲུབ་ པར་འགྱུར་རོ་ཞེས་པའི་དོན་ཏོ། །སོང་སྟེ་བསྒྲུབ་པ་བྱས་ནས་སུ། །བགེགས་རྣམས་ཀུན་གྱིས་མི་འཇིགས་པར། །ཞེས་པ་གཏེར་གང་ལ་ཡོད་པའི་གནས་སུ་སོང་སྟེ་བདག་ཉིད་བསྲུང་བ་དང་། མཚམས་བཅད་དེ་བསྲུང་བ་བྱས་ན་བགེགས་དང་འབྱུང་པོས་མི་འཇིགས་པས་ ཞེས་པའོ། །ནོར་དེ་བཟླས་པ་སྟོང་བྱས་པས། །བདག་གི་ཁྱིམ་ནས་ལེན་པ་བཞིན། །ཞེས་པ་གཏེར་ཆེན་པོ་ལས་བཟླས་པ་སྟོང་བྱས་པས་བདག་གི་ཁྱིམ་ནས་ནོར་བླང་བ་བཞིན་དུ་ཡོད་དོ་ཞེས་པའི་དོན་ཏོ། །ཕྲ་མོ་རྣམས་ལ་བརྒྱ་ཡིས་འཐོབ། །ཅེས་པ་གཏེར་ཕྲ་མོ་རྣམས་ ལ་བཟླས་པ་བརྒྱ་ཡིས་འཐོབ་པོ། །ཧོམ་དང་བཟླས་པ་མ་བྱས་ཀྱང་། །ཞེས་པ་ལྷ་རྣམས་སྐྲག་པར་བྱ་བ་ནི། ཧོམ་དང་བཟླས་པ་མ་བྱས་པར་ཡང་ཁྲོ་བོའི་མཚན་བརྗོད་པ་ཙམ་གྱིས་རིང་པོར་མི་ཐོགས་པར་ལྷ་རྣམས་སྐྲག་པར་འགྱུར་བར་ཐེ་ཚོམ་མེད་དོ། །མ་རུངས་པར་ནི་བྱ་བ་ཡང་། ། ཞེས་པ་གང་ཡང་རུང་བར་གཟུགས་བྱས་པ་ལ་སྔར་བཤད་པ་ལྟ་བུའོ། །དངོས་གྲུབ་རྣམས་ཞེས་པ་དེ་ལྟ་བུ་ལ་སོགས་པའི་ལས་བྱའོ་ཞེས་པའི་དོན་ཏོ། །བལྟས་པ་རྣམ་པ་དུ་མ་ཡང་། །རྟོག་པ་གཞན་གྱི་ཆོ་ག་ཡིས། །རིང་པོར་མི་ཐོགས་བསྒྲུབ་པར་ནུས། །ཞེས་པ་གང་ལ་བྱ་ བ་དེ་དག་ལ་བལྟས་ཏེ་བསམ་པའི་ཁྱད་པར་ཙམ་གྱིས་ཀྱང་། ལས་དེ་དག་འགྲུབ་པར་འགྱུར་ལ། རྟོག་པ་གཞན་གྱི་ཆོ་ག་ལས། དེ་དག་ཇི་ལྟར་སྒྲུབ་པར་འབྱུང་བའི་ཆོ་ག་བཞིན་དུ་བསྒྲུབས་ན། །དེ་བཞིན་དུ་འགྲུབ་པོ། །རྨོངས་པ་དང་ཞེས་པ་ལ་ལོང་བ་དང་ཞེས་པའོ། །སྐྱོ་ ཞིང་སླར་ཡང་གཡོ་བ་དང་། །ཞེས་པ་གནས་ནས་སྐྱོ་ཞིང་འགྲོ་འདོད་པའོ། །ནོར་འགུགས་དེ་བཞིན་མནོད་པ་དང་། །ཞེས་པ་སླར་ཡང་གནས་དེ་ཉིད་དུ་འོང་འདོད་ལྟ་བུའོ། །སྐྱེ་བོ་དག་གིས་འགུགས་པ་དང་། །ཞེས་པ་ཕ་རོལ་པོ་རེངས་པར་བྱའོ། །ཡུལ་དུ་འཚེ་ཞིང་འཇིགས་ པ་དང་། །ཞེས་པ་ལོ་ཏོག་ལ་སོགས་པ་ལ་གནོད་པའོ། །འཁྲུག་དང་ཞེས་པ་ཕ་རོལ་པོ་འཁྲུག་ཅེས་པའོ། །བྲུ་བ་ཉིད་ཅེས་པ་བཀྲེས་པའོ། །གང་དག་གཞན་དག་དེ་འདོད་པ། །སྔགས་པ་གཤིན་རྗེ་གཤེད་དྲན་པས། །ཞེས་པ་དེ་ལ་སོགས་པའི་ལས་དེ་དག་བྱེད་ འདོད་པས་སྔགས་པ་ཁྲོ་བོ་ཆེན་པོའི་སྦྱོར་བ་བྱས་པས་ལས་དེ་དག་ཐམས་ཅད་བྱེད་པར་འགྱུར་རོ་ཞེས་པའི་དོན་ཏོ། །འདི་མན་ཆད་ནི་རྟོག་པ་ཕྱི་མ་ཞེས་བྱ་བ་བཤད་དོ། །དེ་ནས་རྟོག་པ་ཕྱི་མ་འདི། །ཇི་ལྟ་ཡིན་པ་དེ་བཤད་དོ། །ཞེས་པ་ལེའུ་འདི་ཉིད་དུ་གཏོགས་པ་ཕྱི་མའི་ཕྱི་མ་བཤད་ པ་ལ་བྱ་སྟེ། དེ་ཡང་ཇི་སྐད་གསུངས་པའི་དེ་བཞིན་དུ་བཤད་པར་བྱའོ། །སྔོན་དུ་བསྙེན་པ་བྱས་པའི་འོག་ཏུ་ལྷ་མ་ཡིན་གྱི་ཕུག་སྒོར་སོང་སྟེ། སྒྲུབ་པ་པོའི་རི་མོའི་སྐུ་གཟུགས་མདུན་དུ་བཀྲམ་ནས་སྨྱུང་བ་བྱས་ཏེ་སྟན་ལ་འདུག་ཅེས་པའི་དོན་ཏོ། །ཁྲི་ཡི་གྲངས་ཙམ་བཟླས་བྱས་ན། ། ཞེས་པ། དཀྱིལ་འཁོར་བྲི་བ་དུར་ཁྲོད་མང་། །སྔར་བཤད་མཚན་གཅིག་གིས་སྔགས་བཟླས་ཞེས་པའོ། །དེ་ནས་བུད་མེད་གཟུགས་མཆོག་ལྡན། །ཞེས་པ་དེ་ནས་ལྷ་མ་ཡིན་གྱི་བུ་མོ་སྒོར་འབྱུང་ངོ་ཞེས་པའོ། །སྒྲུབ་པ་པོ་དེའི་མདུན་དུ་ནི། །ཞེས་པ་འོངས་ནས་ལྷ་མ་ཡིན་གྱི་ཕུག་ ཏུ་གཤེགས་ཤིང་དགའ་བར་བྱེད་དོ། །དེ་དག་གྲོགས་པོ་ཡིད་གཅུགས་ནས། །ཞེས་པ་ལ་སོགས་པ་གྲོགས་པོ་དང་ལྷན་ཅིག་ཏུ་དེའི་ཚེ། ལྷ་མ་ཡིན་གྱི་བུ་མོས་སྔགས་པ་ལ་བསྒོ་བ་ཁྱོད་ཀྱིས་འདི་དང་འདི་བྱར་རུང་གིས་དེ་བཞིན་དུ་བྱར་མི་རུང་གིས་མ་བྱེད་ཅིག་བསྒོ་བ་ལྟ་ བུའམ། ཡང་ན་ཆོ་ག་དེ་ལྟར་བསྒྲུབས་པས་ན་དམ་ཚིག་གིས་ལྷ་མ་ཡིན་གྱི་བུ་མོའི་གནས་སུ་འཇུག་པར་བྱེད་དོ་ཞེས་པའི་དོན་ཏོ། །ཡང་ན་གང་འདོད་པའི་ལྷ་ཡི། །ཞེས་པ་ལ་སོགས་པ་གནས་གང་ཡང་རུང་བའི་གནས་གཙང་མར་ལྕི་བའི་སྐྱང་ནུལ་བྱས་ཏེ་ས་བསྟར་བའི་བསང་ པོ་བྱས་ལ་མདུན་དུ་ས་གཞི་བསྟར་བ་བཟང་པོར་བྱས་པར་སྲེ་ནས་གང་འདོད་པའི་མིང་བྲིའོ། །བཙག་གམ་ལྡོང་རོས་ཀྱིས་ཀྱང་འདྲིར་རུང་ཞེས་པའོ། །མི་སྐྱོ་བར་དུ་འབུམ་བཟླས་ན། །ཞེས་པ་གནོད་སྦྱིན་ལ་སོགས་པ་གང་འགུགས་པ་འོང་བར་འགྱུར་ཞེས་པའོ། །སྒྲུབ་པར་ཇི་སྲིད་ འདོད་པར་ནི། །ཞེས་པ་སྒྲུབ་པ་པོ་ཇི་སྲིད་འདོད་པ་དེ་དག་གི་ལས་རྣམས་བྱེད་པར་འགྱུར་རོ། །ལྷ་རྣམས་དག་ནི་ཐམས་ཅད་དང་། །ཞེས་པ་འདིར་ནི་མཇུག་སྡུད་པའི་ཚིག་གོ། །གནོད་སྦྱིན་ལ་སོགས་བསྒྲུབ་པ་སྤངས། །ཞེས་པ་ཤ་ཟ་དང་དྲི་ཟ་མོ་དག་ཅེས་པའོ། །ཕྱི་མའི་ཕྱི་མ་ཞེས་བྱ་ བ་སྔ་མ་རྣམས་ཀྱིས་ནི་རྩ་བའི་རྟོག་པར་གསུངས་པ་རྣམས་ཀྱི་མཇུག་སྡུད་ཐུན་བུ་ཐུ་བ་ཡིན་པར་བཤད་དོ། །གསང་བ་ཕྱི་མར་གཏོགས་པའི་ལེའུ་འདི་ན་གོང་དུ་བཤད་པའི་ཕྱི་མའི་ཕྱི་མ་ཞེས་བྱ་བ་གསུངས་པ་རྣམས་ཀྱི་མཇུག་སྡུད་པ་དང་ཐུན་བུ་ཐུ་བ་ཡིན་ནོ། །མདོར་ན་སྔར་ གོང་དུ་གསུངས་པ་རྣམས་ཀྱི་ཆོ་ག་རྒྱས་པར་བཤད་པ་ལ་བྱའོ། །འདི་མན་ཆད་ལེའུ་འདིར་གཏོགས་པའི་རྟོག་པ་ཕྱི་མའི་ཡང་ཕྱི་མ་འདི་ལ་ཞེས་བྱ་བ་བཤད་དོ། །དེ་འདིར་རྟོག་པ་ཕྱི་མ་ཡི། །ཕྱི་མ་དག་ཀྱང་བཤད་པར་བྱ། །ཞེས་བྱ་ལ་སོགས་པའོ། །རིའི་མཆོག་ དག་གི་རྩེ་མོ་ལ། །ཞེས་པ་རི་བཙན་པོ་བཟང་པོའི་མཆོག་གི་རྩེ་མོ་ལ་ཞེས་པའོ། །ཡི་དགས་མང་པོའི་དཀྱིལ་འཁོར་བྲི། །ཞེས་པ་དོན་གྲུབ་ཅེས་བྱ་བའི་ལེའུ་རུ་གསུངས་པའི་ནང་ནས་ཡི་དགས་མང་པོ་ཞེས་བྱ་བའི་དཀྱིལ་འཁོར་འབྱུང་སྟེ་བྲི་བར་བྱའོ། །ཐམས་ཅད་ཤ་ཡི་གཏོར་མ་ བྱ། །ཞེས་པ་ཐམས་ཅད་ཀྱི་གཏོར་མ་དཀྱིལ་འཁོར་དུ་དབུལ་བར་བྱའོ། །གྲོགས་པོ་སེམས་ནི་དཔའ་བ་དང་། །ཡོན་ཏན་ལྡན་པ་བཟོ་བོ་དང་། །ཞེས་པ་མཚན་ཉིད་ཀྱི་ཡོན་ཏན་དང་ལྡན་པ་ལ་བྱའོ། །མི་རོའི་གོས་ལ་སྔོན་བྲིས་པའི། །རི་མོ་གཞག་ནས་དེ་ནས་སུ། །ཞེས་པ་ལ་ སོགས་པ་དཀྱིལ་འཁོར་དེའི་དབུས་སུ་མི་རོའི་རས་དེའི་སྟེང་དུ་རི་མོའི་གཟུགས་སྔར་བྲིས་པ་དེ་བཀྲམ་ལ་དེ་ནས་བདག་གི་ལུས་ལ་ཡན་ལག་ལ་སོགས་པ་དང་། དེ་དག་གི་ཡང་ཡན་ལག་ཏུ་གཏོགས་པ་ཐམས་ཅད་ལས་མི་རུས་སྦོམ་ཕྲ་ཁབ་ཙམ་གྱི་རྣོན་པོ་བྱས་པས་ཡན་ལག་དེ་དག་གི་ ཁྲག་ཆ་ཤས་ཀྱིས་ཕྱུང་ནས་མི་ཐོད་ཀྱི་ནང་དུ་གཞག་ལ། དེ་ནས་མི་རོ་དེའི་བར་གྱི་བདག་གམ། །གྲོགས་པོ་གཉིས་ལས་གང་བཟོ་བོ་གཅིག་གིས་རི་མོ་བྲིས་ཟིན་པ་དེའི་སྐྲའི་པིར་གྱིས་གཟུགས་དེའི་ཡན་ལག་དང་། ཉིང་ལག་ཐམས་ཅད་ཨུན་མི་ལན་ཞེས་བྱ་བའི་ཚུལ་དུ་རི་མོ་བྲི་བར་ བྱ་སྟེ། མདོར་ན་བྱེ་བྲག་གམ་ཁྱད་པར་ཅན་དུ་བྲི་བར་བྱའོ་ཞེས་པའི་དོན་ཏོ། །དེ་ནས་དེ་ཡི་ལུས་དག་དང་། །མིང་ཀྱང་རབ་ཏུ་གསལ་བར་བྱ། །ཞེས་པ་དེ་ནས་རི་མོའི་དེའི་སྐུ་གཟུགས་ཀྱི་ཡན་ལག་དག་ཏུ་སྔགས་པ་དག་ལས་བྱེད་པའི་ཚེ་ལུས་དག་ལ་ཙནྡན་དང་། ཁྲག་དག་གིས་ ཇི་ལྟར་བསྐུ་བར་གྲགས་པ་དེ་ལྟ་བུའི་ཚུལ་དུ་སྐུ་གཟུགས་ལ་ཡང་བྲི་བ་ཡིན་པར་ཤེས་པར་བྱ་སྟེ། ཁྲོ་བོའི་སྤྱན་དག་ཀྱང་དམར་པོར་བྲིའོ་ཞེས་པའི་དོན་ཏོ། །དེ་ལ་བགེགས་ཀྱང་མང་དུ་འབྱུང་། །ཞེས་པ་དེ་ལྟར་བྱས་པ་དེ་ལའོ། །དེར་ནི་དཔའ་བོས་སྤྱད་པར་གསུངས། །ཞེས་པ་ཆོ་ག་ འདི་ནི་སྒྲུབ་པ་པོ་སེམས་སྟོབས་ཅན་གྱིས་བསྒྲུབ་པོ། །དཔའ་བོ་དག་གི་ལས་ཀྱང་བྱ། །ཞེས་པ་དེ་ལྟར་བྱེད་ཅིང་སྒྲུབ་པ་ཉིད་དཔའ་བོའི་ལས་ཡིན་པར་བཤད་པའི་རིགས་སོ། །ཤ་ཆེན་པོའི་བཅིངས་པའི་ལས་ཀྱང་དེ་དག་གིས་བྱའོ། །དེ་ཡི་འོག་ཏུ་བཟོ་བོ་ལ། །ཞེས་པ་དེ་ལྟར་རི་མོ་འདྲི་ བའི་གྲོགས་པོ་བཟང་པོ་དེ་ལ་དཔའ་བོ་དག་གིས་ཡོན་ཡང་དབུལ། །ཞེས་པ་རིན་ཐང་མེད་པའི་ཡོན་དབུལ་བ་ལ་བྱའོ། །དེ་ཉིད་ཡོངས་སུ་རྫོགས་པར་ནི། །ཞེས་པ་རི་མོའི་དེའི་སྐུ་གཟུགས་ཀྱི་ཡན་ལག་དང་། ཉིང་ལག་ཐམས་ཅད་དུ་བྱེ་བྲག་གམ། ཁྱད་པར་ཅན་དུ་བྱ་བ་དེ་ཡོངས་སུ་ རྫོགས་པར་གྱུར་གྱི་བར་དུ་ཚུལ་བཞིན་དུ་བྲིའོ། །དེ་ལྟར་བྲིས་པའི་འོག་ཏུ་གནས་དེ་ཉིད་དུ་མདུན་དུ་བཀྲམ་སྟེ་མཚན་གཅིག་བསྒྲུབ་པོ། །རི་མོའི་སྐུ་གཟུགས་དེ་ཡང་ན་དགོད་དམ། གཡོ་ཡང་རུང་བའི་མཚན་མ་དེ་དག་བྱུང་ན་ཞེས་པའོ། །དེ་ནས་དངོས་གྲུབ་ཐོབ་པར་བཤད། །ཅེས་པ་དེ་ ལྟར་མཚན་མ་བྱུང་བའི་རི་མོ་དེ། སྐུ་གཟུགས་དེ་ཡིས་དངོས་གྲུབ་ཐོབ་པར་འགྱུར་ཞེས་པའོ། །མཚན་མ་ཉི་མ་བཞིན་དུ་འབར། །ཞེས་པ་སྒྲུབ་པ་པོ་དེ་འབར་ཞེས་པའོ། །སྒྲུབ་པ་དེ་ལ་ལྷ་རྣམས་ཀྱང་། །ཞེས་པ་དེ་ལྟར་བསྒྲུབ་པའི་སྒྲུབ་པ་པོ་དེ་ལ་གདོན་མི་ཟ་བར་ཕྱག་འཚལ་ བར་འགྱུར་ཞེས་པའི་དོན་ཏོ། །ཀུན་དུ་བཀུར་བ་རྒྱལ་པོར་འགྱུར། །ཞེས་པ་རིག་འཛིན་གྱི་རྒྱལ་པོར་འགྱུར་ཞེས་པའོ། །ཡང་ན་ཆོ་ག་ཤེས་པ་ཡིས། །ཞེས་སྒྲུབ་པ་པོས་ཞེས་པའོ། །རི་མོ་ཞི་བ་སྔོན་བཞིན་དུ། །བླངས་ཏེ་བསྲེགས་པའི་སྟེང་དུ་གཞག །དེ་ནས་བསྲེགས་པ་ དེར་འདུག་ནས། །གཅིག་པུ་རལ་གྲི་བླངས་ནས་སུ། །ཞེས་པ་ཁྲག་དང་སྐྲའི་པིར་གྱིས་མ་བྲིས་པའི་རི་མོའི་སྐུ་གཟུགས་ལ་བྱ་སྟེ། སྐུ་གཟུགས་དེ་བླངས་ལ་མི་རོ་བསྲེགས་པའི་མདུན་གྱི་ནམ་མཁའ་ལ་བྲིས་ཏེ་གཞག་གོ། །མི་རོ་བསྲེགས་པའི་གནས་དེར་སྔགས་པ་ ཉིད་ཀྱང་འདུག་ནས་གྲོགས་མེད་པས་སྒྲུབ་པའི་རལ་གྲི་བླངས་ནས་བསྒྲུབ་ཅེས་པའོ། །མཚན་མོ་གཤིན་རྗེ་གཤེད་བཟླས་པ། །ཞེས་པ་མཚན་མོ་བསྒྲུབ་ཅེས་པའོ། །འབར་བར་འགྱུར་གྱི་བར་དུའམ། །ཞེས་པ་རི་མོའི་སྐུ་གཟུགས་ལ་དངོས་གྲུབ་རྣམ་གསུམ་མ་བྱུང་གི་བར་དུ་ བཟླས་བརྗོད་བྱའོ། །རལ་གྲི་མཆོག་དེ་བྱ་བ་ཡང་། །ཞེས་པ་དེ་ལྟར་སྒྲུབ་པའི་རལ་གྲིའི་ཚད་གསུངས་སོ། །སྲིད་དུ་སོར་ནི་སུམ་ཅུ་རྩ་གཉིས་ཀྱིས་ཞེས་པའོ། །ཡན་ལག་ཐམས་ཅད་ཡོངས་རྫོགས་པ། །ཞེས་པ་ལ་སྦོམ་ཕྲ་མེད་པ་ཞེས་པའོ། །སྒྲུབ་ཅིང་སྒྲ་ཡི་ སོའི་དོ་ཅན། །ཞེས་པ་རལ་གྲི་རྣོན་པོའི་སོ་ལ་བྱའོ། །དེ་ལྟར་རྟོག་པ་ཕྱི་མ་ཡང་། །ཞེས་པ་མཇུག་སྡུད་པའི་ཚིག་ལ་བྱའོ། །འདི་མན་ཆད་ཕྱག་རྒྱའི་མཚན་ཉིད་བཤད་དོ། །དེ་ནས་གཞན་ཡང་ཕྱག་རྒྱ་ནི། །རབ་ཏུ་འབར་བ་གཅིག་པུ་བཤད། །ཅེས་པ་གཅིག་ཅེས་བྱ་བ་ནི་ མཆོག་དམ་པ་ལ་བྱ་སྟེ། དེ་ཡང་གཟི་བརྗིད་དང་ལྡན་པ་དེ་བཤད་དོ་ཞེས་པའོ། །གང་གིས་འགྲུབ་པར་འགྱུར་བ་ཡི། །ཞེས་པ་བེ་ཅོན་གྱི་ཕྱག་རྒྱ་འགྲུབ་པར་འགྱུར་བ་ལ་བྱའོ། །ལག་པ་གཡས་པའི་སོར་མོ་ཡིས། །ཞེས་པ་སྔར་བཤད་པ་དང་འདྲའོ། །མཐེ་བོང་སྦས་ཏེ་ གྱེན་དུ་བསྒྲེང་བར་བྱས་པའི་ཕྱག་རྒྱ་དེ་ཞེས་པ་དེ་མཐེ་བོང་ནང་དུ་བཅུག་སྟེ་བཅིངས་ལ་གྱེན་དུ་བསྒྲེང་བའོ། །ལྷ་ཉིད་ཀྱི་ནི་སྔགས་ལྡན་པར། །བེ་ཅོན་གྱི་ཕྱག་རྒྱ་འདི་ལ་ཡང་ལས་ཐམས་ཅད་དང་སྦྱར་བར་བྱ་སྟེ། ལས་ཀུན་ལ་བཅིང་བར་བྱ་ཞེས་པ་ཡི་གེ་བཅུ་གཅིག་པའི་སྔགས་ དང་ལྡན་པར་ཕྱག་རྒྱ་བཅིང་བར་བྱའོ། །སྤྱན་དྲང་བ་དང་། མཆོད་པ་དང་ཞེས་པ་མཛུབ་མོས་ནང་དུ་གཡབ་པས་སྤྱན་དྲང་ཞེས་པའོ། །གཤེགས་སུ་གསོལ་བ་དང་། །ཞེས་པ་མཛུབ་མོས་ཕྱིར་གཡབ་པས་གཤེགས་སུ་གསོལ་ཞེས་པའི་དོན་ཏོ། །འཇམ་དཔལ་གཤིན་རྗེ་ གཤེད་རྒྱལ་པོའི་རྟོག་པ་ཕྱི་མའི་ཡང་ཕྱི་མ་གསང་བའི་བཤད་པ་རྫོགས་སོ།། །།རབ་ཏུ་གསང་བར་གཏོགས་པའི་ལེའུ་འདིའི་དོན་རྣམ་པ་དགུས་བསྟན་པའོ། །དེ་སྔགས་ཐོག་མར་བསྟན་ནས་དངོས་གྲུབ་གླེང་བ་དང་། ཞུ་བ་ཞུས་པ་དང་། ཞུས་པའི་ལན་བསྟན་པ་དང་། བསམ་ གཏན་པ་དང་། དཀྱིལ་འཁོར་བསྟན་པ་དང་། མཆོད་པ་བསྟན་པ་དང་། ས་བོན་དགོད་པ་བསྟན་པ་དང་། སྔགས་སྤེལ་བ་བསྟན་པ་དང་། མཇུག་སྡུད་པ་རྣམས་ཀྱིས་བསྟན་པའོ། །སྔགས་ཐོག་མར་བསྟན་པའོ། །སྔགས་ཐོག་མར་བསྟན་ནས་དངོས་གྲུབ་གླེང་བ་ཞེས་བྱ་ བ་དང་པོར་བཤད་དེ། ཨོཾ་ཨ་ཀྲོ་ཏེ་ཀ་ཡ་མཱནྟ་ཀ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་ཕཊ་ཕཊ་སྭཱ་ཧཱ། ཞེས་པ་བཅུ་གཅིག་པའི་སྔགས་དང་སྔགས་འདི་འདྲ་སྟེ། སྔགས་འདིས་ཡི་གེ་བཅུ་གཅིག་པའི་དངོས་གྲུབ་དང་ལས་ཐམས་ཅད་འདིར་འགྲུབ་ཏུ་རུང་ངོ་། །སྔགས་གཞན་ནོ་ཞེས་པ་ཡི་གེ་བཅུ་གཅིག་པ་ ལས་གཞན་ནོ་ཞེས་བྱ་བའི་དོན་ཏོ། །ཨོཾ་ཨཱཿཧཱུྃ། སྙིང་པོ་ཞེས་པའོ། །འདི་ཡང་གཞན་ནོ་ཞེས་པ་གོང་མ་ལས་གཞན་ཞེས་པའོ། །ཡི་གེ་བཅུ་གཅིག་རྒྱལ་པོ་ཡིས། །ཞེས་པ་ཡི་གེ་བཅུ་གཅིག་པའི་མགོར་སྔགས་འདི་བཟླས་ན། དངོས་གྲུབ་དང་ལས་འདི་དག་འདི་བཞིན་ དུ་འགྲུབ་པར་འགྱུར་རོ། །དེ་ལ་རབ་ཏུ་གསང་བ་ཞེས་ཅིའི་ཕྱིར་བྱ་ཞེ་ན། སྔགས་ཀྱི་རྒྱུད་འདི་དག་ཉན་ཐོས་དང་རང་སངས་རྒྱས་ལ་སོགས་པ་དང་། ཕྱི་རོལ་པ་རྣམས་ལ་ཡང་གསང་བ་དང་སྔགས་པ་ཉིད་ལ་ཡང་གསང་སྟེ་དཀའ་ཐུབ་སྤྱད་མི་དགོས་པར་རྣལ་འབྱོར་བྱ་བ་འབའ་ ཞིག་གིས་འགྲུབ་པར་འགྱུར་བའི་ཆོ་ག་འདི་སྔར་ཐོག་མར་བསྟན་ན་སྔགས་པ་དཀའ་ཐུབ་དག་མི་སྤྱོད་ཅིང་ཆོ་ག་ཅན་གྱིས་སྒྲུབ་ཅིང་ལས་བྱ་བ་རྣམས་ལ་དད་ཅིང་མོས་པ་དང་། འཇུག་པར་མི་འགྱུར་བའི་ཕྱིར་འདིར་དཀའ་ཐུབ་སྤྱད་པ་དང་། ཆོ་ག་ཕལ་པོ་ཆེ་སྒྲུབ་ཅིང་ལས་སུ་བྱ་བ་ རྣམས་སྔར་བསྟན་ཅིང་བཤད་ནས་དེའི་འོག་ཏུ་དཀའ་ཐུབ་དང་ཆོ་ག་དག་བྱ་མི་དགོས་པར་སེམས་ཉིད་ཀྱིས་རྣལ་འབྱོར་དུ་བྱས་པ་ཙམ་གྱིས་ཐམས་ཅད་འགྲུབ་པར་འགྱུར་བའི་ཆོ་ག་འོག་ནས་འབྱུང་བ་འདི་བཤད་པས་ན། དེ་ལྟ་བུ་དག་གི་ཕྱིར་གསང་བ་ཞེས་བྱའོ། །འདི་མན་ཆད་ཞུ་བ་ ཞུས་པ་ཞེས་བྱ་བ་བཤད་དོ། །ཁྲོ་བོ་རྣམ་པར་རྒྱལ་བ་ཡི། །རྩ་བ་དང་ནི་ཕྱི་མ་དང་། །ཞེས་པ་གོང་དུ་བཤད་པ་རྣམས་ཀྱི་རྟོག་པའོ། །རྟོག་པ་མ་ལུས་རྒྱས་པ་དག །ཅེས་པ་གོང་དུ་རྒྱས་པར་བཤད་པ་དེ་དག་ཅེས་པའོ། །ལྷ་དེ་རྣམས་ཀྱིས་ལེགས་མཐོང་ནས། །ཞེས་པ་དང་པོར་ བཤད་པ་ལྷའི་འཁོར་དུ་འདུས་པ་རྣམས་ལ་བྱའོ། །འཇིག་རྟེན་འཇིག་རྟེན་འདས་པ་ཀུན། །ཐལ་མོ་རབ་ཏུ་སྦྱར་ནས་སུ། །ཞེས་པ་ལྷ་ཀུན་གྱི་ས་འོག་ནས་འབྱུང་བའི་ཐེ་ཚོམ་ཞུ་བའི་ཕྱིར་ཐལ་མོ་སྦྱར་ནས་ཁྲོ་བོའི་རྒྱལ་པོ་ལ་ཞུས་པ་ཞེས་པའི་དོན་ཏོ། །གཤིན་རྗེ་གཤེད་ལ་འདི་སྐད་སྨྲས། བཅོམ་ལྡན་ཁྱོད་ཀྱིས་རྟོག་པ་འདི། །སྒྲུབ་པ་རྣམས་ལ་ཕན་པའི་ཕྱིར། །རབ་ཏུ་ངོ་མཚར་བཤད་ལགས་ཏེ། །ཞེས་པ་ལས་དང་དངོས་གྲུབ་དང་ངོ་མཚར་ཆེ་བ་སྔར་གོང་དུ་བཤད་པ་རྣམས་ཞེས་པའོ། །ཇི་སྐད་བཤད་པའི་སྨྱུང་བ་ཡིས། །ཞེས་པ་ལ་སོགས་པ་བཟླས་ བརྗོད་དང་སྦྱིན་སྲེག་ལ་སོགས་པ་ཇི་སྐད་གོང་དུ་བཤད་པའི་ཆོ་ག་རྣམས་ཀྱི་ཚུལ་དེ་བཞིན་དུ་སྤྱད་པས་ཁྲོ་བོ་ཀཱི་ལི་ཀཱི་ལ་ལ་སོགས་པ་འགའ་ཞིག་གིས་བསྒྲུབས་ན་དཀའ་ཐུབ་ལ་སོགས་པ་སྤྱོད་པ་དེའི་རྒྱུས་གང་གི་ཚེ་མཉེས་པར་འགྱུར་བ་དེའི་ཚེ་སྒྲུབ་པ་པོ་ལ་དངོས་གྲུབ་སྩོལ་བར་མཛད་ན། ཁྲོ་བོའི་ རྒྱལ་པོའི་ཁྱོད་དང་བྱེ་བྲག་དང་། ཁྱད་པར་ཅི་མཆིས་པར་འགྱུར་ཞེས་དྲིས་པའི་དོན་གོང་དུ་སྔར་བཤད་པའི་སྤྱད་པའི་ཆོ་ག་རྣམས་ལ་བྱའོ། །ཕྱིའི་ཆོ་ག་དཀའ་ཐུབ་ལ་སོགས་པ་རྣམས་མ་སྤྱད་པར་ཡང་སེམས་ཀྱི་རྣལ་འབྱོར་ཙམ་གྱིས་དབང་ཉིད་དུ་དངོས་གྲུབ་ཐོབ་པར་འགྱུར་བ་དེའི་ཆོ་ག་ ཁྱོད་ཀྱིས་གསུངས་ཞེས་བྱ་བའི་ཐ་ཚིག་གོ། །བཅོམ་ལྡན་འདས་ཀྱི་རྟོག་པ་དང་། །ཞེས་པ་ཁྲོ་བོ་ཆེན་པོ་ཁྱད་པར་གྱུར་པ་ཅི་ཞིག་མཆིས་ཞེས་པ་ཁྲོ་བོ་གཞན་ལས་ཁྱད་ཅི་མཆིས་ཞེས་པའོ། །འདི་མན་ཆད་ཞུས་པའི་ལན་བསྟན་པ་ཞེས་བྱ་བ་བཤད་དོ། །ལྷ་མཆོག་དེ་དག་ཐམས་ཅད་ ཀྱིས། །ཕྱག་འཚལ་དེ་སྐད་སྨྲས་པ་དང་། །ཁྲོ་བོ་དྲག་ཏུ་བཞད་པ་ཡིས། །ཞེས་པ་ཁྲོ་བོ་བཞད་པའི་སྒྲ་གསུངས་པའོ། །ལྷ་ཡི་ཚོགས་རྣམས་འཇིགས་རྨོངས་པ། །ཞེས་པ་བཞད་པ་ཆེན་པོས་ལྷ་རྣམས་ཐམས་ཅད་སྐྲག་པ་དང་རྨོངས་པར་གྱུར་པའོ། །མ་འཇིགས་མ་འཇིགས་ ཞེས་གསུངས་པའི། །ཞེས་པ་འདི་སྐད་བཀའ་སྩལ་པ་ཉིད་ཕན་པའི་ཚིག་གིས་ལྷ་རྣམས་དབུགས་ཕྱུང་ཞེས་བྱའོ། །ཁྱེད་རྣམས་ཀྱིས་ནི་གང་སྨྲས་པ། །ཞེས་པ་ལྷ་རྣམས་ང་ལ་གང་ཞུས་པ་རྣམས་ཞེས་པའོ། །སྒྲུབ་པ་དག་ནི་མེད་པར་ཡང་། །ཞེས་པ་ཕྱིའི་ཆོ་ག་སྤྱོད་པའི་ཆོ་ག་རྣམས་ ནི་དངོས་གྲུབ་འགྲུབ་པར་འགྱུར་བའི་རྒྱུ་སྟེ། དེ་སྒྲུབ་མི་དགོས་ཞེས་བྱའོ། །སྦྱིན་སྲེག་དང་དཀའ་ཐུབ་ལ་སོགས་ཏེ་ཕྱིའི་སྤྱོད་པའི་ཆོ་ག་རྣམས་མེད་པར་ཡང་། སྦྱོར་བ་ཤེས་པས་འགྲུབ་འགྱུར་བ། །ཞེས་པ་ནང་གི་སྦྱོར་བ་ནི་བྱང་ཆུབ་སེམས་སོ། །ཕྱིའི་སྦྱོར་བ་ནི་ཀུན་རྫོབ་བྱང་ཆུབ་ ཀྱི་སེམས་དེ་ལྷའི་སྐུ་བསྒོམས་པའོ། །དེ་ཡང་འོག་ནས་ཞིབ་ཏུ་བཤད་དོ། །ཕྱི་ནང་གི་སྦྱོར་བ་ཞེས་པས་འགྲུབ་པར་འགྱུར་བ་དེ་བཤད་པར་བྱས། ལྷ་རྣམས་ཀྱིས་མཉན་པར་གྱིས་ཞེས་པའི་དོན་ཏོ། །བདེ་གཤེགས་དངོས་གྲུབ་གཅིག་པུ་ལས། །ཞེས་པ་སྤྱིར་ནི་བླ་ན་མེད་ པའི་བྱང་ཆུབ་སྒྲུབ་པའི་དངོས་གྲུབ་གཅིག་པུར་ཟད་པས་དེ་ལས་སྒྲུབ་ཏུ་མེད་མོད་ཀྱི་འོན་ཀྱང་བྱང་ཆུབ་སེམས་ཀྱིས་ཟིན་པའི་དངོས་གྲུབ་ཐ་དད་པ་རྣམ་པ་མང་པོ་སྒྲུབ་པའི་ཐབས་དག་བཤད་ཅིང་བསྟན་པ་རྣམས་ནི་སེམས་ཅན་གྱི་སྐལ་བ་དང་། དད་པ་དང་། བསོད་ནམས་ཀྱི་ཚད་དང་། ལས་དང་རྣམ་པར་སྨིན་པ་ཐ་དད་པ་མི་འདྲ་བ་རྣམས་འདུལ་བའི་དབང་དང་དངོས་གྲུབ་ཐ་དད་པ་རྣམ་པ་མང་པོ་དག་གསུངས་སོ། །དེ་ནས་ཏིང་འཛིན་ཚུལ་ལས་ནི། །མཚན་མ་དེ་དང་དངོས་གྲུབ་སྟེ། །ཞེས་པ་དཀའ་ཐུབ་དང་། བརྟུལ་ཞུགས་དང་སྨྱུང་བ་ལ་སོགས་པའི་ ཆོ་ག་དག་སྤྱོད་པའི་སྒོ་ནས་ཞུགས་ཏེ་འགྲུབ་སྟེ། སེམས་ཅན་རྣམས་ཀྱིས་ཏིང་ངེ་འཛིན་གྱི་ཚུལ་དུ་བསྒོམས་པས་ལས་ཀྱང་མཚན་མ་དེ་དག་འབྱུང་བར་འགྱུར་ཞིང་དངོས་གྲུབ་དག་ཀྱང་ཐོབ་པར་འགྱུར་རོ་ཞེས་པའི་དོན་ཏོ། །འདི་མན་ཆད་བསམ་གཏན་པ་ཞེས་བྱ་བ་བཤད་དེ། ཐོག་མ་བྱང་ཆུབ་རྩ་བ་བརྟན། །ཞེས་པ་སངས་རྒྱས་རྣམས་ཀྱང་སྔོན་བྱང་ཆུབ་ཀྱི་སེམས་འདི་ལ་བརྟེན་ཏེ། དེའི་སྒོ་ནས་མངོན་པར་སངས་རྒྱས་པའོ། །མངོན་པར་སངས་རྒྱས་སུ་བསྒྲུབ་འདོད་པ་དེ་ཡང་བྱང་ཆུབ་ཀྱི་སེམས་རྩ་བར་འགྱུར་བ་དེ་ལ་བརྟེན་ནས་བླ་ན་མེད་པར་ འགྱུར་བའོ་ཞེས་པའི་དོན་ཏོ། །ཤེས་རབ་དེ་ལྟ་བུ་ཡང་བསྒོམ། །ཞེས་པ་བྱང་ཆུབ་ཀྱི་སེམས་བསྒོམ་ཞེས་བྱ་བའི་དོན་ཏོ། །དེ་ཡང་ལྷག་མཐོང་དང་ཞི་གནས་དང་འབྲེལ་བར་བསྒོམ་མོ། །སེམས་ཀྱང་རྣམ་པར་མི་རྟོག་པས། །བདེ་གཤེགས་དངོས་གྲུབ་དེ་དག་ཐོབ། །ཅེས་ པ་ཞི་གནས་ཀྱི་ཚུལ་དུ་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་བསྒོམས་ན། བླ་ན་མེད་པའི་བྱང་ཆུབ་ཀྱི་དངོས་གྲུབ་དག་ཐོབ་པར་འགྱུར་རོ། །སྔར་སྟོང་པ་ཉིད་མི་དམིགས་པའི་ཏིང་ངེ་འཛིན་བསྒོམས་ནས་དེའི་རྗེས་སུ་འབྱུང་བའི་དཀྱིལ་འཁོར་བསམ་དེའི་སྟེང་དུ་པདྨའི་དཀྱིལ་འཁོར་ བསམས་ཏེ། དེའི་སྟེང་དུ་བདག་གི་སྙིང་ག་ཙམ་དུ་ཉི་མའི་དཀྱིལ་འཁོར་བསམས་ཏེ། དེའི་སྟེང་དུ་ས་བོན་ཧཱུྃ་བསམས་པ་ལས་རིམ་གྱིས་བེ་ཅོན་ལས་ལྷའི་སྐུར་རྫོགས་པ་བསྒོམ་མོ། །དེའི་གཟུགས་སུ་བསྒྱུར་བ་བྱས་སོ། །ཞེས་པ་དེ་ལྟར་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་ བསྒོམ་པ་ལས་ལངས་ནས། ཀུན་རྫོབ་ཏུ་བྱང་ཆུབ་ཀྱི་སེམས་ལྷའི་སྐུར་བསྒྱུར་བ་བསྟན་ཏོ། །ས་བོན་མཚོན་ཆ་མང་པོར་ལྡན། །ཞེས་པ་ས་བོན་ཧཱུྃ་ལས་ལྷའི་སྐུའི་མཚོན་ཆའི་ཕྱག་རྒྱ་ཐམས་ཅད་འབྱུང་ངོ་། །ཕྱག་མཚན་གྱི་མཚོན་ཆ་རྣམས་དང་ལྡན་པར་བསྒོམས་ཞེས་པའི་དོན་ཏོ། ། ཁྲོ་བོ་ང་ཡི་ཞལ་དུ་བསྒྱུར། །ཞེས་པ་ཁྲོ་བོ་ངའི་ཞལ་དུ་བསྒྱུར་རོ། །དྲིལ་བུ་གསིལ་བའི་སྒྲ་ཡང་འབྱིན། །ཞེས་པ་ཨ་ལ་ལ་ཞེས་པ་ལྗགས་འདྲིལ་བའི་ཚུལ་དུ་སྒྲ་འབྱིན་ནོ། །ཁྲོ་བོ་ཞལ་ནི་བབས་པར་ལྡན། །ཞེས་པ་དེ་ལྟ་བུའི་ཚུལ་དུ་བསྒོམ་པ་ཡང་། རོ་ཡོད་པའམ། ཉམས་ པ་དང་ལྡན་པས་བསྒོམ་མོ། །ང་ཡི་གཟི་དང་མཐུ་ལྡན་བྱས། །ཞེས་པ་གཟི་བརྗིད་དང་། མཐུ་དང་། ཁྲོ་བོའི་རྒྱལ་པོའི་ཚུལ་ལྟར་བསྒོམ་པར་བྱའོ། །ཀུན་དུ་དགའ་བའི་སྙིང་པོར་ལྡན། །ཞེས་པ་ཡི་གེ་ཧཱུྃ་གི་སྒོ་ནས་ལྷའི་སྐུར་གྱུར་ཅིང་དེས་འབྱོར་པ་ཕུན་སུམ་ཚོགས་པར་འབྱུང་ བས་ན་ཡི་གེ་ཧཱུྃ་ལས་ཀུན་དུ་དགའ་བ་ཞེས་ཀྱང་བྱ་སྟེ། སྙིང་པོ་དེ་ཐུགས་ཀར་བསམ་མོ་ཞེས་བཤད་དེ། གང་གི་ཡིད་ལ་གང་བསྒོམ་པ། །དེ་ལ་ང་ཡིས་ཐུགས་དགྱེས་པ། །ཞེས་པ་སུའི་ཡིད་ལ་གོང་དུ་བཤད་པའི་ཚུལ་བཞིན་དུ་བསྒོམ་པ་དེ་ལ་ཁྲོ་བོའི་རྒྱལ་པོ་དགྱེས་ཞེས་པའོ། ། ཇི་ལྟ་བའམ་གང་ཡང་རུང་། །ཞེས་པ་ལ་སོགས་པ་ཆོ་གར་སྤྱོད་པ་རྣམས་དེ་ལྟར་བསྒོམས་པ་དེའི་མདུན་ནམ་རྒྱབ་བམ་ཕྱོགས་གང་ནས་ཀྱང་སྐྱོབ་ཅིང་སྟོང་པས་ན་སྔགས་པས་ལས་ཀུན་བྱེད་པར་འགྱུར་ཏེ། དེ་བཞིན་དུ་འགྲུབ་པར་འགྱུར་རོ་ཞེས་པའི་དོན་ཏོ། །གང་དག་ང་ཡི་ ཕྱག་ལྔ་བཅུ། །ཞེས་པ་ཕྱག་གཡས་གཡོན་ལ་ཕྱག་ཉི་ཤུ་རྩ་ལྔ་ལྔ་སྟེ། སྤྱིར་ཕྱག་ལྔ་བཅུ་པར་བསྒོམ་མོ། །བེ་ཅོན་གདེངས་པས་བསྡིགས་པར་མཛད། །ཅེས་པ་འདི་ནི་མཚོན་ཆ་ཙམ་དུ་ཟད་དེ་གོང་དུ་སྨོས་པའི་ཕྱག་རྒྱའི་མཚན་མ་རྣམས་ཀྱི་སྟེང་དུ་ཅི་རིགས་པའི་མཚོན་ཆ་ རྣམས་ཀྱིས་མནན་ཏེ། སྤྱིར་ཕྱག་རྒྱའི་མཚོན་ཆ་རྣམས་ལྔ་བཅུ་ཚང་བར་ཕྱག་ན་བསྣམས་པ་ལ་བྱའོ། །ཁྲོ་གཉེར་བསྙེར་བའི་ལྟ་བ་ཅན། །ཞེས་པ་དཔྲལ་བའི་གཉེར་མ་ཉིད་དེ་དང་ལྡན་པར་བྱས་ལ་ཁྲོ་བོའི་ལྟ་བ་ཡང་བྱའོ། །འཇིགས་པའི་སྦྲུལ་གྱིས་རོ་སྟོད་དཀྲིས། །ཞེས་པ་ སྦྲུལ་ཆེན་པོས་སེ་རལ་ཁ་ལ་སོགས་པའི་ཚུལ་དུ་རྒྱན་དུ་བྱས་པའོ། །ཞལ་གཅིག་སྤྱན་ཡང་གསུམ་མཉམ་པ། །ཞེས་པ་དབུ་གཅིག་ལ་སྤྱན་ཡང་གསུམ་ཞེས་པའོ། །འབྲུག་གི་སྒྲ་དབྱངས་སྒྲ་སྒྲོགས་པ། །ཞེས་པ་འབྲུག་གི་སྒྲ་སྒྲོགས་པའི་ཚུལ་དུའོ། །སྟག་ལྤགས་ ཞེས་པ་ཤམ་ཐབས་སོ། །ཕྱག་ལྔ་བཅུ་ན་བསྣམས་པའི་ཕྱག་མཚན་རྣམས། །མཚོན་ཆའི་ཕྱོགས་རྣམས་འབར་ཞིང་འཁྲུགས། །ཞེས་པའོ། །སྤྱན་དང་གཙུག་ཕུད་རྩ་དམར་སེར། །ཞེས་པ་གཙུག་ཕུད་དེ་ལྟ་བུ་ལ་བྱ་ཞེས་པའོ། །ཞལ་གཉིས་གདངས་ཤིང་ཚམ་ངམ་མཛད། ། ཅེས་པ་གཡོན་བརྐྱང་བའི་ཚུལ་དུ་གདངས་པ་དེ་ཉིད་ཚམ་ངམ་མཛད་པའོ། །ས་ཡི་སྟེང་དུ་ཟ་ཟ་ལྟ། །ཞེས་པ་འདི་འདྲ་བའི་གཟུགས་ཅན་དུ་གནས་སོ། །བཅིབས་པ་མ་ཧེ་ལ་བཅིབས་པ། །ཞེས་པ་འོག་ནས་བཤད་པ་འདྲ་བའི་མ་ཧེ་ལ་བཅིབས་སོ། །སེམས་པའམ་རི་མོ་ལ་ བྲིས་པ་ལ་སོགས་པ་དེ་ལྟ་བུའི་གཟུགས་ཡིད་ལ་སེམས་པའམ་ཡང་ན་རི་མོའི་སྐུ་གཟུགས་བྲིས་ཤིང་སྒྲུབ་པ་པོ་མོས་ཤིང་འདུག་པས་གཟུགས་དེ་མདུན་དུ་བསམས་པ་ལའམ། རི་མོའི་སྐུ་གཟུགས་མདུན་དུ་བཀྲམ་པ་ལ་མཆོད་པ་བྱའོ། །ཚུལ་དེ་ལྟར་བྱེད་པ་དེ་ལ་རིང་པོར་མི་ ཐོགས་པར་ཁྲོ་བོ་དེ་དགྱེས་ནས་སྒྲུབ་པ་པོ་ལ་འཕྲོགས་པར་འགྱུར་རོ། །ཇི་ལྟར་འདོད་པའི་དོན་རྣམས་ནི། །ཞེས་པ་དེ་ལྟར་གྱུར་ན་བདག་གང་འདོད་པའི་དོན་རྣམས་ཐེ་ཚོམ་མེད་པར་འགྲུབ་པར་འགྱུར་རོ། །གདོན་མི་ཟ་བར་སྒྲུབ་པར་བྱེད། །ཅེས་པ་ཐེ་ཚོམ་མེད་པར་འགྲུབ་པར་ འགྱུར་རོ། །རྣམ་པར་གནོད་པ་ཞེས་པ་བདུད་དང་། མུ་སྟེགས་དང་། ལོག་འདྲེན་རྣམས་གནོད་པའི་གཟུགས་ཞེས་པའོ། །གཟུགས་དེ་ནི་ཞེས་པ་དེ་ལྟ་བུའི་རི་མོའི་གཟུགས་དེ་བདུད་ལས་རྒྱལ་བ་ཡིན་པར་བསྒྲགས་སོ། །དེ་ཡང་གཟུགས་དེའི་ཡོན་ཏན་ལ་བྱ་ཞེས་པའི་དོན་ ཏོ། །ཐོག་མར་བདག་གི་དམ་ཚིག་སྦྱིན། །ཞེས་པ་ཐོག་མར་ཁྲོ་བོའི་རྒྱལ་པོའི་གཟུགས་འདྲི་བར་འདོད་ན་དང་པོར་བཟོ་བོ་རི་མོ་མཁན་དམ་ཚིག་ཅན་དུ་བྱ་བའི་ཕྱིར་དཀྱིལ་འཁོར་དུ་གཞུག་གམ། ཡང་ན་དེ་བཞིན་གཤེགས་པའི་དམ་ཚིག་ལག་པ་གཉིས་ཐལ་མོ་སྦྱར་ ནས་སྔགས་ཨོཾ་ན་མོ་བུདྡྷ་དྷརྨ་སཾ་གྷེ་བྷྱཿཞེས་བྱ་བ་བརྗོད་ཅིང་དམ་ཚིག་བསྟན་པས་རི་མོ་མཁན་ལ་བྱིན་ཏེ་དམ་ཚིག་ཅན་དུ་འགྱུར་ཏེ། དེ་ནས་རི་མོ་འདྲི་རུ་གཞུག་གོ། །བསྲུང་མཆོག་ཚུལ་བཞིན་བྱས་ནས་སུ། །ཞེས་པ་རི་མོ་མཁན་ལ་སྔགས་དང་ཕྱག་རྒྱས་བསྲུངས་ཏེ། དེ་ལ་སྔགས་མན་ ཞེས་བྱ་བའི་སྐྱིན་པར་ཨོཾའམ་ཡང་ན་མ་ཞེས་བྱ་བ་བཟླས་པས་བསྲུང་ངོ་ཞེས་བྱ་བའི་དོན་ཏོ། །རས་ནི་སོར་བཅུའི་སོར་ཚད་ལ། །ཞེས་པ་རས་ཆེད་དུ་བཏགས་པའི་སྲིད་དུ་སོར་བཅུའི་ཚད་དུ་ཕྱིན་པ་གྲུ་བཞི་པ་ལ་བྲིའོ། །སྔགས་པ་བཟོ་བོ་ཡོན་ཏན་ཅན། །ཞེས་པ་རི་མོ་མཁན་ཡོན་ཏན་ ཅན་ལ་སྔགས་པས་འདྲིར་གཞུག་གོ། །ཡིད་ནི་བརྟན་པར་བྱ་བའི་ཕྱིར། དབེན་པའི་གནས་སུ་མི་མངོན་པར། །ཞེས་པ་རི་མོའི་སྐུ་གཟུགས་དེ་ལྟར་བྲི་བར་ཡང་སེམས་གོམས་པར་བྱ་བའི་རྟེན་ཙམ་གྱི་ཕྱིར་བྲིའོ། །དེ་ལྟར་བྲི་བ་ཡང་དབེན་པའི་གནས་སུ་སུས་ཀྱང་མི་མཐོང་བར་བྲིའོ། ། ཚོན་རྩི་དགེ་བ་བཟང་པོ་ཡིས། །ཞེས་པ་སྦྱིན་མེད་པ་ལ་བྱ། །རི་མོ་ཐོག་མར་བྲི་བར་བྱ། །ཞེས་པ་ཚུལ་དེ་ལྟར་རི་མོའི་སྐུ་གཟུགས་ཐོག་མར་བྲི་བར་བྱའོ། །བྲིས་ཟིན་ནས་ནི་བདེ་བར་གཞག །ཅེས་པའོ། །ང་ཡི་གཟུགས་སུ་གྱུར་པར་བྱས། །ཞེས་པ་རི་མོའི་སྐུ་གཟུགས་ཅི་འདྲ་ བ་བྲི་བར་བཤད་དེ་སྔར་དེ་གོང་དུ་བཤད་པ་དང་འདྲའོ། །ཁྲོ་བོའི་ཞལ་ནི་བབས་པར་བྱས། །ཞེས་པ་བྱིན་ཅན་དུ་བཞུགས་པའི་ཚུལ་དུ་བྲི་བར་བྱ་ཞེས་པའོ། །ང་ཡི་གཟི་དང་ཞེས་པ་ཁྲོ་བོ་བཞིན་དུ་བྲི་ཞེས་པའོ། །ཀུན་དུ་དགའ་བའི་སྙིང་པོར་ལྡན། །ཞེས་པ་མདུན་གྱི་གཟུགས་ དེའི་ཐུགས་ཀར་སྙིང་པོ་བསམ་ཞེས་པའོ། །གལ་ཏེ་དམ་ཚིག་མི་ལྡན་པའི། །ཞེས་པ་དམ་ཚིག་མེད་པའི་སེམས་ཅན་གྱིས་མཐོང་ན། མྱུར་དུ་རྣམ་པར་རྨོངས་པར་འགྱུར། །ཞེས་པ་མྱོས་པ་འཐོམ་པ་མི་དྲན་པར་འགྱུར་རོ་ཞེས་པའི་དོན་ཏོ། །དེ་བས་རྣམ་པ་ཐམས་ཅད་དུ། །ཞེས་པ་ རི་མོ་མཁན་བཟོ་བོས་སོ། །བསྲུང་བ་དྲག་པོ་ཀུན་དུ་བྱ། །ཞེས་པ་སྔགས་པས་སྔགས་དང་ཕྱག་རྒྱ་མཚམས་བཅད་པ་དང་བསྲུང་བ་བྱས་ཞེས་པའོ། །རྣམ་པ་གཞན་དུ་བཞག་གྱུར་ཏམ། །ཞེས་པ་གནས་གཞན་དུའོ། །གང་དུ་མཆོད་པ་མ་བྱས་ན། །ཞེས་པ་གཟུགས་དེ་ལ་མཆོད་ པ་མ་བྱས་ནའོ། །མྱུར་དུ་འཇིགས་པ་སྐྱེད་པར་འགྱུར། །ཞེས་པ་ཁྱིམ་མེས་ཚིག་པའམ་དགྲའམ་ནད་ཀྱིས་འདེབས་པར་འགྱུར་རོ། །རི་མོ་ལ་གནས་པ་ཡི་གཟུགས། །དེ་ལྟར་རྟག་ཏུ་བསྒོམ་བྱས་ཤིང་། །དེ་བསྒྱུར་དེ་ཡི་ཡིད་དུ་འགྱུར། །ཞེས་པ་སྤྱོད་ལམ་རྣམ་བཞིར་ལས་ རྣམ་བཞིས་གོམས་པར་བྱེད་པ་གཟུགས་ཅི་འདྲ་བ་དེ་བཞིན་དུ་རྟག་ཏུ་གོམས་པར་བསྒོམ་ཞིང་བདག་ལུས་ལྷའི་སྐུར་བསྒྱུར་ཏེ་དེའི་ཐུགས་དང་བདག་གི་ཡིད་གཅིག་ཏུ་བསྒོམ་མོ། །དེ་ལྟར་ལྷའི་སྐུ་དང་བདག་གི་ལུས་བྱེ་བྲག་མེད་པར་བསྒོམ་མོ། །བདག་གི་ལུས་ལྷའི་སྐུར་བསྒྱུར་བ་ཉིད་ གསལ་བར་བསྒོམས་ཏེ། གོང་མ་ཉིད་གསལ་བར་བསྒོམ་པ་ལ་བྱའོ། །ཇི་སྲིད་ཡང་དག་གོམས་པའི་ཕྱིར། །ཀུན་དུ་མདུན་ན་གནས་པ་རུ། །ཞེས་པ་དེ་ལྟར་ཡང་དག་པར་བསྒོམས་པས་གོམས་པའི་མཐུས་དུས་ཐམས་ཅད་དུ་མངོན་སུམ་དུ་འདྲ་བར་གནས་པ་མཐོང་གི་བར་ དུ་བསྒོམ་ཞེས་པའི་དོན་ཏོ། །གང་ཚེ་མཐོང་བར་གྱུར་པ་ན། །དེ་ཚེ་རི་མོ་མེད་པར་ཡང་། །ཞེས་པ་དེར་བསྒོམ་པ་གོམས་པར་གྱུར་པ་དེའི་ཚེ་རི་མོ་ལ་རྟོག་པར་ཡང་། རྟག་ཏུ་སྦྱོར་བ་བྱས་ནས་ནི། །ཞེས་པ་སྐུའི་ཚུལ་ཇི་ལྟ་བ་བཞིན་དུ་དུས་ཀུན་དུ་སྦྱོར་བ་བྱས་ན་ཞེས་པའོ། །སྦྱོར་ བ་ཉིད་ཀྱིས་རྟག་པ་རུ། །ཞེས་པ་དེ་ལྟར་སྦྱོར་བ་བྱས་པ་ཉིད་ཀྱིས་རྟག་པར་འགྱུར་བ་ཞེས་པའོ། །ཁྲོ་བོ་ཀུན་དུ་སྦྱོར་ན་ནི། །ཞེས་པ་སྔགས་དང་ལྡན་པར་སྦྱར་ན་སྔགས་ཡི་གེ་བཅུ་གཅིག་པའམ་ལེའུ་འདི་ཉིད་ཀྱི་མགོ་ལ་འབྱུང་བ་དང་སྦྱར་རོ་ཞེས་པའོ། །ཡང་ན་བདག་ཉིད་དེ་འདྲ་ བར། །ཞེས་པ་ལ་སོགས་པ་ཡང་ན་རི་མོའི་སྐུ་གཟུགས་མེད་པར་གོང་དུ་ཇི་ལྟར་བཤད་པའི་ལྷ་ཡིན་པར་དེ་ནི་བདག་གོ། །བདག་ཇི་ལྟར་ཡིན་པ་འདི་ནི་ལྷའོ། །ཞེས་པ་དེ་ལྟར་ཐ་དད་དུ་དབྱེར་མེད་པར་གཅིག་ཏུ་བསྒོམ་པར་བྱའོ། །ཁ་ཅིག་གིས་ཡི་གེ་སྐབས་དང་སྦྱར་ཏེ་ཤཱུ་ལའམ་བེ་ ཅོན་གྱི་ཕྱག་རྒྱ་གཉིས་ལས་གཅིག་གིས་མདུན་གྱི་ལྷ་དང་བདག་འདྲེས་པར་བྱས་ཏེ་བསྒོམ་དགོས་སོ། །ལྷ་འདི་ལྟར་བསྒོམ་པའི་ཚེ་ན་ཕྱག་རྒྱ་ཤཱུ་ལའམ་བེ་ཅོན་གྱི་ཕྱག་རྒྱ་གཅིག་བཅིངས་ཏེ་ཐམས་ཅད་དུ་བྱ་བའམ་སྦྱོར་བ་རིགས་སོ་ཞེས་བཤད་དོ། །དེ་ནས་དེ་ ཡིས་དངོས་གནས་པས། །ཞེས་པ་ལྷའི་རང་བཞིན་དུ་གནས་པས་ཞེས་པའོ། །ཡིད་ལ་ཅུང་ཟད་གང་བསམ་པའི། །དགོས་པ་གོམས་པར་བྱས་ནས་ནི། །ཞེས་པ་བདག་གང་འདོད་པའི་དགོས་པ་བསྒྲུབས་ན། དེ་ཉིད་འབྲས་བུ་ཡོད་པར་འགྱུར། །ཞེས་པ་གང་ བསྒྲུབས་པ་འགྲུབ་པར་འགྱུར་རོ་ཞེས་པའི་དོན་ཏོ། །གང་ཕྱིར་ཁྲོ་བོ་བསྒོམ་པ་ཡིན། །ཞེས་པ་དེ་ལྟ་བུའི་ཕྱིར་རོ། །ཁྲོ་བོ་ཡོང་ཡེ་བསྒོམས་ན་ནི། །ཞེས་པ་ཐམས་ཅད་དུ་བསྒོམས་ན་ཞེས་པའོ། །བཟླས་པ་ལ་སོགས་མེད་པར་ཡང་། །དངོས་གྲུབ་དམ་པ་ཐོབ་པར་འགྱུར། ། ཞེས་པ་དཀའ་ཐུབ་དང་བརྟུལ་ཞུགས་དང་སྨྱུང་བ་དག་མེད་པར་ཡང་དངོས་གྲུབ་དམ་པ་ཐོབ་པར་འགྱུར་ཞེས་པའི་དོན་ཏོ། །འདི་མན་ཆད་དཀྱིལ་འཁོར་བསྟན་པ་ཞེས་བྱ་བ་བསྟན་ཏེ། བསྒྲུབ་པ་རྣམས་ལ་དམ་ཚིག་ནི། །ཞེས་པ་འོག་ནས་འབྱུང་བའི་དཀྱིལ་འཁོར་འདི་དང་ བསྒྲུབ་པའི་དབང་དང་དམ་ཚིག་གིས་དབང་བསྐུར་བར་བྱའོ། །གལ་ཏེ་སྦྱིན་པར་བྱས་ན་ཡང་། །ཞེས་པ་སྔར་བཤད་པའི་ཆོ་ག་བཞིན་སྦྱར་བར་བྱའོ། །ཐོག་མར་སྤོས་ཆུས་གདབ་པར་བྱ། །ཞེས་པ་དྲིས་ཆུས་བསང་ཞིང་གདབ་པོ། །ཀུན་དུ་ཟླུམ་པོས་ཞེས་བྱ་བའི། །དཀྱིལ་ འཁོར་འདི་ནི་ལོགས་ཤིག་ཏུ། །ཞེས་པའི་གོང་དུ་དཀྱིལ་འཁོར་བཤད་པ་རྣམས་ལས་ལོགས་ཤིག་ཏུ་འདིར་མཐུན་པར་དཀྱིལ་འཁོར་ཉིད་ཀྱང་ཟླུམ་པོར་བྲིས་ལ་དཀྱིལ་འཁོར་གྱི་མིང་ཉིད་ཀྱང་ཟླུམ་པོ་ཞེས་བྱ་བའི་དཀྱིལ་འཁོར་དེ་བྲི་བར་བྱའོ། །ཀུན་དུ་ཟླུམ་པོ་བྲི་བར་བྱ། ། ཞེས་པ་དཀྱིལ་འཁོར་གྱི་དབྱིབས་ཉིད་ཀྱང་ཟླུམ་པོར་བྲི་བ་ལ་བྱའོ། །ཚོན་རྩི་ནག་པོ་ཞེས་པ་དུད་པ་དང་སོལ་བ་བསྲེས་སམ་ཡང་ན་སོལ་བ་གཅིག་པུས་བྱའོ། །ནུབ་ཕྱོགས་སྒོ་བཏོད་ཁྲུ་དོ་ཙམ། །ཞེས་པ་ནུབ་ཕྱོགས་འབའ་ཞིག་ཏུ་སྒོ་དག་བཏོད་ཅིང་དཀྱིལ་འཁོར་ཟླུམ་ པོ་ཆེ་ཆུང་གི་ཚད་ནི་ཁ་ཞེང་དང་ཁྲུ་དོ་བར་བྱའོ། །དེ་ཡི་དབུས་སུ་མཆོག་བྲི་བ། །ཞེས་པ་དཀྱིལ་འཁོར་དེའི་དབུས་སུ་ཞེས་པའོ། །འགྱིང་ཞིང་ལྡེམ་བག་ཅན་གྱི་ལུས། །ཞེས་པ་མ་ཧེའི་ལུས་འདི་འདྲ་བར་བྲི་བར་བྱའོ། །ཆར་སྤྲིན་དང་ཞེས་པ་སྨུག་ནག་ཏུ་བྱའོ། །འཇམ་ཞིང་ མཉམ་ལ་དཔལ་དང་ལྡན། །ཞེས་པ་ཡོན་ཏན་འདི་འདྲ་བ་དང་ལྡན་པར་བྲིའོ། །གསེར་གྱི་དྲིལ་བུའི་སྒྲ་དང་ལྡན། །གཡག་རྔའི་བསིལ་ཡབ་གཡོབ་པ་ཅན། །ཞེས་པ་འདི་འདྲ་བར་བྲི་བར་བྱའོ། །དྲིལ་བུ་བཏགས་པ་དག་རྭ་ལས་བཏགས་པའི་ཚུལ་དུ་རྣ་དྲུང་ཕ་རོལ་ཚུ་རོལ་དུ་ སྦྱར་བའི་ཐབས་སུ་རི་མོ་བྲིས་ཏེ་འདི་བཞིན་དུ་བསམ་མོ། །མ་ཧེ་ཆེན་པོ་དམ་པ་བྲི། །དཀྱིལ་འཁོར་དམ་པ་བྲིས་ཏེ་ཞེས་པ་ཡོན་ཏན་ལ་བྱ་ཞེས་ཏེ། སྨུག་ནག་གི་ཚུལ་དུ་བྲིས་ཏེ་དེ་ལྟ་བུའི་ཚུལ་དུ་མ་ཧེ་བྲིའོ། །མ་ཧེ་དེའི་མགོ་བྱང་ཕྱོགས་སུ་ལྟ་བར་བྲིའོ། །མ་ཧེའི་ས་བོན་ཡི་གེ་མའོ། །མ་ཧེའི་ མགོ་ལྷོར་ལྟ་བར་བྲི་བར་ཞེས་ཀྱང་བཤད་དོ། །བསྲུང་བའི་ཆོ་ག་བཞིན་བྱས་ནས། །ཞེས་པ་བདག་དང་གཞན་བསྲུང་བ་དང་། མཚམས་བཅད་པ་དག་བྱ་བའི་དོན་ཏོ། །ད་ནི་མཆོད་པ་བསྟན་པ་ཞེས་བྱ་བ་བསྟན་པའི་ཕྱིར། སྔགས་ཤེས་པ་ཡིས་མཆོད་བྱ་བ། །ཞེས་པ་ལ་སོགས་པ་སྨོས་སོ། །སྔགས་ ཤེས་པ་ཡིས་མཆོད་བྱ་བ། །ཞེས་པ་དེ་ལྟར་དཀྱིལ་འཁོར་བྲིས་ནས་དེར་མཆོད་པར་བྱ་བ་བཤད་དོ། །ཆོ་ག་བཞིན་དུ་འདིར་བཤད་དོ། །ཞེས་པ་མཆོད་པ་བྱ་བ་ཡང་ཆོ་ག་བཞིན་དུ་བཤད་པར་བྱའོ། །སྤྱན་དྲངས་གདན་དང་དགག་པ་དང་། །ཞེས་པ་འདི་དག་ཀྱང་འོག་ནས་ བཤད་པ་དང་སྦྱར་རོ། །ཨརྒྷ་གཏོར་མ་ལྷ་བཤོས་ཨརྒྷ་ཞེས་པའོ། །མཆོད་པ་ཞེས་པ་མེ་ཏོག་ཡིན་ནོ། །མར་མེ་བདུག་པར་བསྟན་པ་དང་། །ཞེས་པ་དང་པོར་སྤྱན་དྲངས་ནས། ཐ་མར་མཆོད་པ་བྱ་སྟེ་སླར་གཤེགས་སུ་གསོལ་བའི་བར་དུ་བྱ་བ་དེ་དག་ཐམས་ཅད་མཆོད་པ་ཡིན་ ནོ་ཞེས་པའོ། །གཟུགས་དགོད་པ་དག་ཐོག་མ་རུ། །ཞེས་པ་འདིར་ལྷའི་གཟུགས་དགོད་པ་དེ་དག་ཀྱང་དང་པོར་ས་བོན་གྱིས་དགོད་པར་བྱ་བ་དེ་ཚུལ་བཞིན་དུ་བཤད་པར་བྱའོ། །འདི་མན་ཆད་ནི་ས་བོན་དགོད་པ་བསྟན་པ་ཞེས་བཤད་དེ། དེ་ལ་དང་པོར་ཐམས་ཅད་ཀྱི། །ས་བོན་ཁྲོ་ བོའི་གཟུགས་ཡིན་ཏེ། །ཞེས་པ་མཚོན་ཆ་ཐམས་ཅད་ཀྱི་ས་བོན་ཡང་ཡི་གེ་ཧཱུྃ་ཉིད་ཡིན་ལ་ཧཱུྃ་ཉིད་ཀྱང་ཁྲོ་བོའི་གཟུགས་ཀྱི་ཡི་གེའོ། །དེ་ཉིད་ཕལ་ཆེར་རབ་ཏུ་གྲགས། །ཞེས་པ་ཡི་གེ་ཧཱུྃ་ཉིད་མཚོན་ཆ་ཕལ་པོ་ཆེར་འབྱུང་བའོ། །གཅིག་ཏུ་ཕལ་ཆེར་དུ་མའི་མཆོག ། ཅེས་པ་ཧཱུྃ་ཉིད་ལ་མཚོན་ཆ་དུ་མའི་མཆོག་བྱའོ། །དེ་ཉིད་དེར་ནི་བརྟག་བྱ་བ། །ཞེས་པ་ཧཱུྃ་དེ་ཉིད་སྔར་བཤད་པའི་མ་ཧེའི་སྟེང་དུ་བསམ་པར་བྱ་ཞེས་པའོ། །རྟག་ཏུ་མཚོན་ཆ་འབར་བར་བྱེད། །ཅེས་པ་ཧཱུྃ་གི་རང་བཞིན་ལ་བྱའོ། །དེ་ཡི་གཟུགས་འདིར་བྱ་བ་ལ། །ས་བོན་གྱིས་སུ་ བསྐུལ་བའི་ཞལ། །ཞེས་པ་ས་བོན་གྱིས་ཧཱུྃ་བསྐུལ་བས་ཧཱུྃ་ཉིད་ཞལ་དུ་བསྒྱུར་རོ། །དྲིལ་བུའི་ས་བོན་དྲུག་རྣམས་ཀྱི། །སྒྲ་རྣམས་དེ་བཞིན་སྒྲོགས་པར་བརྟག །ཅེས་པ་ཨ་ལ་ལ་ཞེས་པའི་ཚུལ་དུ་ལྗགས་འདྲིལ་ཞིང་སྒྲ་འབྱིན་པའི་ཚུལ་དུ་བསམ་མོ། །འདི་ནི་ཁྲོ་བོའི་ཞལ་ཡིན་ གསུངས། །ཞེས་པ་དེ་ལྟ་བུར་འདི་ནི་ཁྲོ་བོའི་ཞལ་ཡིན་ནོ། །དེ་ནི་ཐོག་མ་ཉིད་ཀྱི་གཟུགས། །ཞེས་པ་དེ་ལྟ་བུའི་སྐུ་དེ་ནི་གཅེས་པའམ། །དཀོན་པར་བསྟན་པ་སྟེ་ཐོག་མ་ཉིད་ཀྱི་གཟུགས་ཞེས་བྱའོ། །གང་ཞིག་དྲན་པ་ཙམ་གྱིས་ནི། །ཞེས་པ་སྒྲུབ་པ་པོ་གང་ཞིག་གིས་སྐུ་དེ་དྲན་པ་ ཙམ་གྱིས་ནི། བདུད་དང་གདུག་པའི་གདོན་ལ་སོགས། །མཐུ་རྩལ་གནོན་པ་ཉམས་ནས་སུ། །ཞེས་པ་བདུད་དེ་དག་གི་མཐུ་རྩལ་ཉམས་པའི་དོན་ཏོ། །ད་ནི་སྔགས་སྤེལ་བ་ཞེས་བྱ་བ་བསྟན་པའི་ཕྱིར། །ཟུང་ཤིག་ཅེས་པའི་ཚིག་གཉིས་ལྡན། །ཞེས་པ་ལ་སོགས་པ་སྨོས་ སོ། །ཞལ་ཡང་གདངས་ཏེ་འབར་བ་ཅན། །ཞེས་པ་ལྷ་དེ་གྲ་ས་གྲ་ས་ཞེས་བྱ་བའི་སྔགས་ཀྱི་ཚིག་གཉིས་དང་ལྡན་པའི་རང་བཞིན་ཅན་དུ་བསམ་མོ། །ཞལ་གཅིག་པོ་ཞེས་སོ། །སྙིང་པོ་དགའ་བར་རྣམ་པར་གཞག །ཅེས་པ་ཐུགས་ཀར་ཡི་གེ་ཧཱུྃ་བསམ་མོ། །ཧཱུྃ་དེའི་མཚན་ ཉིད་མཚོན་ཆ་འབེབས་པའི་མཐུ་རྩལ་ཅན་ཞེས་པའོ། །སྔགས་ཀྱི་དངོས་པོ་ཤེས་ན་ནི། །ཞེས་པ་ཁྲོ་བོའི་རྒྱལ་པོ་དེ་ས་བོན་ཧཱུྃ་ལས་འབྱུང་བར་སྔགས་ཀྱི་དངོས་པོར་ཤེས་ན། སྔགས་པས་དངོས་གྲུབ་ཐོབ་པར་འགྱུར། །ཞེས་པའི་དོན་ཏོ། །མཚོན་ཆ་འཕངས་པ་ཙམ་གྱིས་ ནི། །དེ་ཡིས་ཀུན་དུ་བསྲུང་བར་བྱ། །ཞེས་པ་མཚོན་ཆའི་ཕྱག་རྒྱ་བཅིངས་པ་ཙམ་མམ། ཡང་ན་མཚོན་ཆའི་ཕྱག་རྒྱ་དངོས་གདེངས་པ་ཙམ་གྱིས་བསྲུང་བར་བྱའོ། །ས་བོན་དགོད་པ་ཚུལ་བཞིན་དུ། །བདག་གི་ལུས་ལ་སྦྱར་བར་བྱ། །ཞེས་པ་བདག་གི་ལུས་ལྷའི་སྐུར་བསྒྱུར་བ་ ལས་ས་བོན་དགོད་པ་ཚུལ་བཞིན་དུ་བྱའོ། །གཟུགས་ནི་གཟུགས་ལ་བཞག་ནས་སུ། །ཞེས་པ་མདུན་དུ་ལྷའི་གཟུགས་ཅི་འདྲ་བར་བསམས་པ་དེ་བཞིན་དུ། བདག་ཀྱང་དེ་འདྲ་བའི་གཟུགས་སུ་བསྒོམ་མོ། །མཚོན་ཆའི་དེ་ཉིད་ལག་ན་ཐོགས། །ཞེས་པ་མདུན་གྱི་ལྷ་ཅི་ལྟ་ བུ་བཞིན་དུ་བདག་ལྷར་བསྒྱུར་བའི་ཕྱག་རྒྱ་མཚོན་ཆ་དེ་དག་ཐོགས་པར་བསྒོམ་མོ། །ས་བོན་རྣམས་ཀྱང་ཁར་བཞག་སྟེ། །ཧཱུྃ་ལྕེར་བསམས་པ་ལས་ཞལ་དུ་གྱུར་ཅིང་། དྲུག་གིས་ལྗགས་འདྲིལ་བའི་ཚུལ་དུ་སྒྲ་འབྱིན་ཞེས་པའོ། །རྐང་པ་ཉིད་ཀྱང་ཚམ་ངམ་བྱ། །ཞེས་པ་ གཡོན་བརྐྱང་བའི་ཚུལ་དུ་གནས་པ་ཉིད་ལ་བྱ། དེ་ནས་ཀུན་དུ་ཁྲོས་ནས་སུ། །རང་གི་ས་བོན་དགོད་པར་བྱ། །ཞེས་པ་ས་བོན་རྣམས་དེ་ལྟར་བཞག་པ་ཡང་བདག་ཉིད་ཁྲོ་བོར་བསྒྱུར་ནས། དེ་ནས་དགོད་པར་བྱའོ་ཞེས་བཤད་དོ། །ཐོག་མར་བདག་ལ་མ་ཡེངས་པར། །ཞེས་ པ་སེམས་རྩེ་གཅིག་པར་བསམ་ཞེས་པའོ། །བསྲུང་བ་དེ་ལྟར་བྱས་ནས་སུ། །དཀྱིལ་འཁོར་དེ་ནི་སྤྱན་དྲངས་ཏེ། །དེ་ནས་མདུན་དུ་མཆོད་པ་བྱ། །ཞེས་པ་གོང་དུ་བཤད་པའི་ཚུལ་དེ་ལྟར་བསྒོམ་པ་ཉིད་བསྲུང་བའོ། །དེ་ལྟར་བྱས་པའི་འོག་ཏུ་གདོད་ལྷ་སྤྱན་དྲངས་ནས་ལྷའི་མདུན་དུ་ འོག་ནས་བཤད་པ་རྣམས་ཀྱིས་མཆོད་པར་བྱའོ། །སྔགས་ཀྱི་སྙིང་པོ་ཐ་མ་ལ། །ཞེས་པ་དང་པོར་སྤྱན་དྲངས་ཏེ། ཨོཾ་ཨཱཿཧཱུྃ་ཨཱ་གཙྪ་ཡ་ཨཱ་གཙྪ་ཡ་ཞེས་བྱ་བས་སྤྱན་དྲང་ངོ་། །ཚུར་གཤེགས་པ་ཡི་ཚིག་གཉིས་དང་། །རྟག་ཏུ་ལྡན་པར་བྱས་ན་ནི། །ཞེས་པ་སྤྱན་དྲང་བའི་ཆོ་ ག་ཐམས་ཅད་དུ་ཚིག་འདི་སྐད་ཅེས་བྱ་བར་སྦྱར་རོ། །སྤྱན་དྲང་བ་དག་བྱ་བར་བཤད། །ཅེས་པ་སྙིང་པོས་སྐུར་བསྐྱེད་དེ་མདུན་དུ་བསམས་པ་ལ་ཡང་སྤྱན་དྲངས་པ་ཅི་དགོས་ཤེ་ན། སེམས་ཅན་རྟོག་པ་ཅན་གྱི་དོན་དུ་སྤྱན་དྲང་བར་བྱའོ། །མེ་ཏོག་གི་གདན་འདི་ལ་ཞེས་པ་དེ་ ལྟར་མེ་ཏོག་འདོར་བའི་ཚེ་སྔགས་འདི་བརྗོད་དེ། ཨོཾ་ཨཱཿཧཱུྃ་ཨི་དཾ་ཨཱ་ས་ནཾ་ཨ་དྷི་ཏིཥྛ་ཞེས་བརྗོད་ཅིང་གདན་གྱི་སྟེང་དུ་བཞུགས་སུ་གསོལ་ལོ། །བཞུགས་སུ་གསོལ་ཞེས་རྟག་ཏུ་བྱ། །ཞེས་པ་བཞུགས་སུ་གསོལ་བའི་དོན་ཏོ། །མེ་ཏོག་གཅིག་གིས་དབུས་ཀྱི་ མ་ཧེའི་གདན་ལ་གཏོར་རོ། །དེ་ལྟ་བུར་ནི་སྤྱན་དྲངས་པ། །མེ་ཏོག་དག་གིས་སྔ་མ་བཞིན། །བཞུགས་ཤིག་ཅེས་པའི་ཚིག་གཉིས་བྱས། །ཆོ་ག་བཞིན་དུ་བཞུགས་སུ་གསོལ། །ཞེས་པ་དེ་ལྟར་སྤྱན་དྲངས་པ་སྟེ། དེ་གདན་གྱི་སྟེང་དུ་བཞུགས་སུ་གསོལ་ནས་དེའི་འོག་ཏུ་ཡང་མེ་ ཏོག་གཅིག་སྔ་མ་བཞིན་དུ་སྐུ་གཟུགས་ཀྱི་སྟེང་དུ་དོར་ཏེ། ཨོཾ་ཨཱཿཧཱུྃ་ཏིཥྛ་ཞེས་པའི་ཚིག་གཉིས་བརྗོད་དེ། སྔགས་མཁན་གྱིས་འཛབ་བམ། ལས་མ་ཟིན་པ་དང་རེ་བ་མ་བསྐངས་ཀྱི་བར་དུ་གུད་དུ་མི་བཞུད་པར་རྟག་པར་གནས་འདིར་བཞུགས་སུ་གསོལ་ཞེས་པའི་དོན་ཏོ། །ཁྲོ་བོའི་རྒྱལ་པོ་ དེ་ལ་ནི། །དགག་པར་བྱ་བ་བསྟན་པ་ཡི། །ཞེས་པ་ཚུལ་དེ་ལྟར་བྱ་བ་དེ་ཉིད་ལྷ་གུད་དུ་མི་གཤེགས་པར་བྱ་བ་བསྟན་པ་ཡིན་ནོ། །གོང་དུ་དགག་པ་བཤད་པའི་འཕྲོ་སྦྱོར་བའི་ཚིག་གོ། །མེ་ཏོག་སྔགས་ཀྱིས་བཏབ་པ་ཡིས། །དེ་ལྟར་དགག་པ་བྱས་ནས་སུ། །ཞེས་པའོ། །ཨརྒྷ་འདི་ ནི་བཞེས་ཤིག་ཅེས། །ཚིག་འདི་མཇུག་ཏུ་བརྗོད་ནས་སུ། །ཞེས་པ་དེའི་འོག་ཏུ་མཆོད་ཡོན་དབུལ་བའི་ཚེ། སྔགས་འདི་བརྗོད་ཅིང་དབུལ་ལོ། །ཨོཾ་ཨཱཿཧཱུཾ་ཨི་དཾ་ཨརྒྷ་ནཱ་མ་ཡ་ཏཏྟྭ་ན་གྲྀཧྞ་ཞེས་བརྗོད། །མཆོད་ཡོན་དབུལ་བར་བྱའོ། །སྤོས་ཆུ་སྨེ་གཏོར་སྦྱར་བ་ཡི། །ཞེས་པ་ ལ་སོགས་པ་ཡི་གེ་འབྲུ་གསུམ་པའི་མཇུག་ཏུ་འདི་བཞིན་པའི་ཚིག་བཅུག་སྟེ་དབུལ་བར་བྱའོ། །སྤོས་ཆུ་བཟང་པོས་བཏབ་པ་ཡིས། །ཞེས་པ་མེ་ཏོག་དྲི་ཞིམ་པོ་དང་ལྡན་པ་ལ་བྱའོ། །བཞེས་སུ་གསོལ་ཞེས་བརྗོད་ནས་སུ། །ཞེས་པ་མེ་ཏོག་གི་སྔགས་འདི་བརྗོད་ཅིང་དབུལ་ལོ། །ཨོཾ་ ཨཱཿཧཱུྃ་ཨི་དཾ་པུཥྤ་ནཱ་མ་ཡ་ཏཏྟྭ་ན་གྲྀ་ཧྞ་ཞེས་བརྗོད་ཅིང་དབུལ་ལོ་ཞེས་སོ། །སྔགས་པས་རྟག་ཏུ་ཚིག་མཇུག་ལ། །ཅེས་པ་ཡི་གེ་འབྲུ་གསུམ་གྱི་ཚིག་གོ། །གཏོར་མ་བདག་གིས་ཕུལ་བ་འདི། །བཞེས་སུ་གསོལ་ཞེས་བརྗོད་ནས་སུ། །ཞེས་ལྷ་བཤོས་དབུལ་བའི་སྔགས་འདི་ བརྗོད་ཅིང་དབུལ་ལོ། །ཨོཾ་ཨཱཿཧཱུྃ་བ་ལི་ནཻ་ཝི་ཏྱ་ནཱ་མ་ཡ་ཏཏྟྭ་ན་གྲྀ་ཧྞ་ཞེས་བརྗོད་ཅིང་དབུལ་ལོ། །གཏོར་མ་སྣ་ཚོགས་དབུལ་བར་བྱ། །མར་མེ་བདག་གིས་དབུལ་བར་བྱ། །བཞེས་སུ་གསོལ་ཞེས་མཇུག་ཏུ་བརྗོད། །ཅེས་པ་མར་མེ་དབུལ་བའི་སྔགས་འདི་བརྗོད་ཅིང་དབུལ་ལོ། །ཨོཾ་ཨཱཿ ཧཱུྃ་ཨི་དཾ་དཱི་པ་ནཱ་མ་ཡ་ཏཏྟྭ་ན་གྲྀཧྞ་ཞེས་བརྗོད་ཅིང་དབུལ་ལོ་ཞེས་པའི་དོན་ཏོ། །བདུག་པ་བདག་གིས་ཕུལ་བ་འདི། །བཞེས་སུ་གསོལ་ཞེས་མཇུག་ཏུ་བརྗོད། །ཅེས་པ་བདུག་པ་དབུལ་བའི་ཚེ་ཡང་། །ཨོཾ་ཨཱཿཧཱུྃ་ཨི་དཾ་དྷཱུ་པ་ནཱ་མ་ཡ་ཏཏྟྭ་ན་གྲྀཧྞ་ཞེས་བརྗོད་ཅིང་དབུལ་ལོ། །བདུག་ པ་ཐང་ཆུ་རྣམ་པ་ལྔ། །སྔགས་ཀྱིས་བཏབ་སྟེ་དབུལ་བར་བྱ། །ཞེས་པ་སྲ་རྩི་པོག་ཕོར་ལྕེ་པོག་ག་པུར་ཐང་ཆུ་དང་ལྔ་ལ་བྱའོ། །ཐང་ཆུ་རྣམ་པ་བདུན་ནི་སྔ་མའི་སྟེང་དུ་གན་ད་ས་ར་དང་། གུ་གུལ་དང་བདུན་ནོ། །ཁ་ཅིག་གིས་བཤད་པའི་ཐང་ཆུ་རྣམ་པ་ལྔ་ལ་ག་པུར་དང་། ས་ར་ལ་ དང་ནི་ནིརྱ་ལ་དང་དེ་བ་ཏི་ནིརྱ་ལ་དང་། ས་ལ་ཀི་ནིརྱ་ས་དང་། ས་ལ་ནིརྱ་ས་དང་ལྔའོ་ཞེས་པའི་དོན་ཏོ། །དཀྱིལ་འཁོར་དག་གམ་རི་མོ་ལ། །ཞེས་པ་ལ་སོགས་པ་དཀྱིལ་འཁོར་དེར་རི་མོའི་སྐུ་གཟུགས་བཀྲམ་པ་དེ་ལ་གོང་དུ་བཤད་པའི་ཚུལ་དུ་ཡན་ལག་ལ་བཀོད་པ་དག་ཀྱང་བྱས་ པའི་དཀྱིལ་འཁོར་དེ་སློབ་མ་དམ་ཚིག་ཅན་ལ་བསྟན་ན་དཀྱིལ་འཁོར་དེ་མཐོང་བ་ཙམ་གྱིས་དམ་ཚིག་ཅན་དུ་འགྱུར་རོ། །དཀྱིལ་འཁོར་དུ་འཇུག་པའི་ཕྱག་རྒྱ་ནི་བེ་ཅོན་གྱི་ཕྱག་རྒྱ་བྱའོ། །དམ་ཚིག་ཅན་ལ་བསྟན་ན་ནི། །ཞེས་པ་སྔར་བཤད་པའི་དཀྱིལ་འཁོར་དུ་ཞུགས་པ་ལ་ བྱའོ། །སྔགས་པ་དམ་ཚིག་ཅན་དུ་འགྱུར། །ཞེས་པའོ། །སྒྲུབ་པ་པོ་ནི་མ་ཡེངས་པར། །ཞེས་པ་རྩེ་གཅིག་ཏུ་སྔགས་བརྗོད་ཅེས་པའོ། །སྔགས་བརྗོད་སླར་ཡང་གཤེགས་སུ་གསོལ། །ཞེས་པ་ཨོཾ་ཨཱཿཧཱུྃ་གཙྪ་གཙྪ་བྱ་ཞིང་གཤེགས་སུ་གསོལ་ལོ། །མེ་ཏོག་སྙིམ་ པ་བཀང་ནས་ནི། །ཕྱག་བཙལ་སླར་ཡང་གཤེགས་སུ་གསོལ། །ཞེས་པ་མེ་ཏོག་སྙིམ་པ་བཀང་བ་ཐོགས་ཤིང་གོང་མའི་སྔགས་བརྗོད་དོ། །ཕྱག་བཙལ་ནས་སླར་ཡང་གཤེགས་སུ་གསོལ་ལོ། །དཀྱིལ་འཁོར་དག་གམ་རི་མོ་ལ། །ཞེས་པ་ལྷ་འདི་རྟག་ཏུ་བསྒོམ་པ་ནར་ མ་ལ་ཡང་མཆོད་པའི་ཚུལ་དུ་དེ་ལྟར་སྦྱར་རོ། །རྟག་པར་མཆོད་པའི་ཆོ་ག་འདི། །ཞེས་པ་བསྒོམ་པའི་ཚེ་ཡང་རྟག་ཏུ་མཆོད་པ་འདི་དག་བྱའོ། །ད་ནི་མཇུག་བསྡུ་བ་ཞེས་བྱ་བ་བསྟན་པའི་ཕྱིར། བཟླས་པ་དང་ནི་ཧོམ་དག་དང་། །ཞེས་པ་ལ་སོགས་པ་སྨོས་ སོ། །རྟག་ཏུ་ཁྲོ་བོར་འདུ་ཤེས་པ། །ཞེས་པ་དུས་ཐམས་ཅད་དུ་ཁྲོ་བོའི་ང་རྒྱལ་དུ་བྱའོ། །རྩ་བའི་རྟོག་པ་ལས་གསང་བའི་རྟོག་པར་གཏོགས་པ་སྟེ་དང་པོའོ། །དང་པོའི་བཤད་པ་རྫོགས་སོ།། །།གསང་བར་གཏོགས་པའི་ལེའུ་གཉིས་པ་འདི་ལ་དོན་རྣམ་པ་ལྔས་བསྟན་ཏེ། དེ་ལ་ས་བོན་དགོད་པར་བྱས་ནས་སྦྱར་བའི་གོ་རིམས་དང་། མ་ཤེས་ན་ཉེས་དམིགས་སུ་འགྱུར་བ་བསྟན་པ་དང་། སྤྱིའི་ས་བོན་དགོད་པའི་རིམ་པ་དང་། ཚམ་ངམ་དང་། འཁོར་ལོའི་ཕན་ཡོན་བསྔགས་པའོ། །འཁོར་ལོ་དང་སྦྱར་ཏེ་དང་པོ་དང་། ཐ་མ་དང་། འོག་མ་དང་། ཐ་ མ་དག་ཏུ་སྦྱར་ཏེ། འོག་མ་ཡང་དེ་བཞིན་དུ་དྲུག་གིས་ཐ་མ་མུ་དང་དྲུག །འོག་མའི་དང་པོ་མུ་གཉིས་སུ་སྦྱར་ཏེ་བྱའོ། །འཁོར་ལོ་བཟླས་པ་ལ་འོག་མ་ལྟ་བུ་འབྲུ་གཉིས་ལས་དྲུག་གི་དང་པོ་དང་། དྲུག་གི་འོག་མར་སྦྱར། དེ་ལྟར་རིམ་བཞིན་དུ་སྦྱར་ལ་དང་པོ་དང་སྦྱར་བ་ཐ་མ་ སྟེ། ཡི་གེ་བཞི་བཞི་པ་ཐ་མལ་པ་དེ་ཉིད་ཡང་ལྟག་འོག་བསྣོར་ཏེ་བཀོད་པ་དེ་དེ་ལྟར་རྣམ་པ་གསུམ་གྱི་ལས་བྱའོ། །མ་མཻ་མཱ་མཱ། མུ་མཱུ། མུ་མུ། མཱི་མཱ། མཻ་མ། ཡི་གེ་ཟུང་ཞེས་པ་དང་པོའི་ཡི་གེ་འབྲུ་དྲུག་ཏུ་ཟུང་དུ་སྦྱར་བ་སྟེ་སྔགས་ཐ་མལ་པས་སྒྲུབ་པའི་དོན་ཏོ། །ཟུང་དང་ ཞེས་པ་བསྣོལ་བའི་ཡི་གེ་སྟེ། །འོག་མའི་ཡི་གེ་འབྲུ་དྲུག་པོ་ཟུང་དུ་སྦྱར་བའོ། །ཡ་བྲལ་བྱེ་བྲག་གིས་ཞེས་པ་སྔགས་གོང་མའི་འབྲུ་དྲུག་ཏུ་བྱས་པ་དང་། སྔགས་འོག་མ་འབྲུ་དྲུག་པོ་ཡང་ཟུང་དུ་སྦྱར་ལ། ཟུང་དེ་ཡང་བསྣོལ་བར་བྱའོ། །ཐོག་མ་ཐ་མ་ཟུང་གཅིག་ཏུ། །ཞེས་ པ་ཡི་གེ་ཐོག་མའི་འབྲུ་དྲུག་པོ་དང་། ཡི་གེ་ཐ་མའི་འབྲུ་དྲུག་པོ་གཉིས་ལས་རིམ་བཞིན་དུ་རེ་རེ་སྦྱར་ན་ཟུང་དེ་ཉིད་ལྟག་འོག་བསྣོལ་ལོ་ཞེས་པའི་དོན་ཏོ། །ཁྲོ་བོ་ཞེས་བྱ་ས་བོན་ནི། །ཞེས་པ་ཁྲོ་བོ་ཞེས་བྱ་བའི་ས་བོན་འཁོར་ལོའི་ལྟེ་བ་ལ་ས་བོན་བཞག་པ་དེ་དག་དེ་དབང་ལ་སོགས་ པའི་ལས་སོ་སོར་སྦྱར་བར་བྱའོ་ཞེས་ཀྱང་བཤད་དུ་རུང་ངོ་