Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 70

Văn bản gốc(Tây Tạng)

Trang 4 / 18 (50.000 ký tự/trang)
ས་མཚན་པ་ཞེས་པ་ནི་དབང་ཆེན་
ལ་སོགས་པའི་དཀྱིལ་འཁོར་སོ་སོའི་ས་བོན་ཨ་དང་བ་ལ་སོགས་པས་མཚན་པ་ཞེས་པའོ། །དང་པོར་སྔགས་པས་དཀྱིལ་འཁོར་དེ། །རང་གི་ལུས་ལ་བགོ་བྱ་སྟེ། །ཞེས་པ་ནི་ཚོན་འགྱེད་པ་ལ་སོགས་པའི་སྔོན་རོལ་དུ་སྔགས་པ་སྔར་བཤད་པའི་རྣལ་འབྱོར་གྱི་སྟན་ལ་གནས་ནས།
སྔ་མ་བཞིན་དུ་དབང་ཆེན་ལ་སོགས་པའི་དཀྱིལ་འཁོར་ལུས་ལ་རིམ་པ་བཞིན་དུ་གཞག་གོ་ཞེས་པ་སྟེ། དེ་བས་ན། རྐང་པ་རྣམས་ནི་ཆུ་སོ་ལ། །ཐུག་གི་བར་དུ་ས་ཡིག་བསམ། །དེ་ནས་འོག་ཏུ་སྙིང་གའི་བར། །སྡོམ་བརྩོན་ཅན་གྱིས་ཆུ་ཡིག་བསམ། །ཆུ་ཡི་ཡན་ཆད་མེ་ཡི་སྟེ། །མེ་ཡི་ཡན་ཆད་
རླུང་ཡིན་ནོ། །ཞེས་གསུངས་ཏེ། ཆུ་ཡི་ཡན་ཆད་མེ་ཡི་སྟེ། །ཞེས་པས་སྙིང་ག་ཡན་ཆད་མེར་བསམ་པ་ནི་གསལ་ན། མེ་ཡི་ཡན་ཆད་རླུང་ཡིན་ནོ། །ཞེས་པ་ལ་གང་ཡན་རླུང་དུ་བསམ་པའི་མཚམས་གསལ་བར་མ་སྨོས་ཀྱང་སྙིང་པོ་ལས་སྨིན་མཚམས་སུ་ཡི་གེ་ཧཱུཾ་བསམ་པར་གསུངས་པས་ན་སྨིན་
མཚམས་ཡན་ཆད་རླུང་གི་དཀྱིལ་འཁོར་དུ་བསམས་པར་ཤེས་པར་བྱའོ། །བསམས་ནས་དེ་ནས་མཁས་པ་ཡིས། །ས་ལ་གཟུགས་བརྙན་གཞག་པར་བྱའོ། །ཞེས་པ་ནི་སྔགས་པས་དེ་ལྟ་བུའི་ཏིང་ངེ་འཛིན་བྱས་ནས་ས་ལ་གཟུགས་བརྙན་གྱི་དཀྱིལ་འཁོར་བྲི་བར་བྱའོ་ཞེས་པའོ། །དེ་
ནས་ཕྱག་ན་རྡོ་རྗེས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་ས་ལ་ཞུགས་ནས་ཞེས་པ་ནི་བཅོམ་ལྡན་འདས་ཀྱི་སྐུ་དང་གསུང་དང་ཐུགས་མི་ཟད་པའི་རྡོ་རྗེའི་རྒྱན་ལ་ཞུགས་ཞེས་པའོ། །ཆོས་མཉམ་པ་ཉིད་ལ་བལྟས་ཏེ་ཞེས་པ་ནི་དོན་དམ་པར་ཡང་ཆོས་
ཐམས་ཅད་སྟོང་པ་ཉིད་ཀྱི་རང་བཞིན་དུ་མཉམ་ལ་ཀུན་རྫོབ་ཏུ་ཡང་དེ་བཞིན་གཤེགས་པའི་སྐུ་ལ་སོགས་པ་སེམས་ཅན་གྱི་ཁམས་ཇི་སྙེད་པ་དང་མཉམ་པ་ལ་བྱའོ། །མ་འོངས་པའི་སྐྱེ་བོ་རྣམས་ལ་བརྟགས་ནས་ཞེས་པ་ནི་མ་འོངས་པའི་འགྲོ་བ་རྣམས་གྱི་དོན་དུ་རིག་སྔགས་ཀྱི་

རྒྱལ་པོ་ཐེ་ཚོམ་ཐམས་ཅད་གཅོད་པར་བྱེད་པ་འདི་སྨྲས་སོ་ཞེས་པ་ནི་མ་འོངས་པའི་དུས་ན་སྔགས་པས་དཀྱིལ་འཁོར་བྲི་བའི་སྔོན་རོལ་དུ་སྔགས་ཀྱི་རྒྱལ་པོ་འདི་བསྙེན་པར་བྱས་ནས་དཀྱིལ་འཁོར་བྲི་བའི་ཕྱིར་དང་། སྔགས་འདིའི་དོན་ལ་འཇུག་པ་དང་འདིས་བསྲུང་བར་བྱ་བའི་ཕྱིར་རོ། །
གསང་བ་པའི་བདག་པོ་ཕྱག་ན་རྡོ་རྗེས་གསང་སྔགས་ཀྱི་རྒྱལ་པོ་འདི་སྨྲས་མ་ཐག་ཏུ་ཞེས་པ་ནས། འཇིག་རྟེན་ཁམས་ཀུན་ཞུགས་པ་ཡིས། །རྫོགས་སངས་རྒྱས་རྣམས་དབང་དུ་འགྱུར། །ཞེས་པའི་བར་ཕྱག་ན་རྡོ་རྗེས་གསང་སྔགས་ཀྱི་རྒྱལ་པོ་འདི་སྨྲས་པའི་རྗེས་སུ་བསྔགས་པ་གསུངས་
པ་ཡིན་ནོ། །དེ་ནས་དཔལ་ལྡན་རྡོ་རྗེ་འཛིན། །ཞེས་པ་ནས། མཚན་ཉིད་འདི་དག་རྟོག་པར་འགྱུར། །ཞེས་པའི་བར་གྱིས་སྔར་བཅོམ་ལྡན་འདས་ཀྱིས། ཡིད་གཉིས་སོམ་ཉི་དང་བྲལ་བ། །རྫོགས་སངས་རྒྱས་ཀྱིས་རབ་བཤད་པའི། །ལམ་འདི་ཁྱེད་ཀྱིས་བསྒོམ་པར་གྱིས། །ཞེས་
གདམས་པ་ཉིད་ཀྱི་དོན་ཕྱག་ན་རྡོ་རྗེས་ཇི་ལྟར་རྟོགས་པ་བཞིན་དུ་བཅོམ་ལྡན་འདས་ལ་གསོལ་པ་སྟེ། རྟོག་པ་དེ་ཡང་བཅོམ་ལྡན་འདས་ཀྱིས་བྱིན་གྱིས་བརླབ་པའི་རྟོག་པ་བསྟན་པའི་ཕྱིར། དེ་ནས་དཔལ་ལྡན་རྡོ་རྗེ་འཛིན། །བསམ་པ་མཆོག་རབ་མགུ་གྱུར་པ། །ཞེས་པ་ལ་སོགས་
པ་གསོལ་པ་ཡིན་ཏེ། བདག་གི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་དགོངས་པ་ཞེས་པ་ནི་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱི་ཕྱག་གཡས་པ་བརྐྱང་སྟེ་སྤྱི་བོར་གཞག་སྟེ་བྱིན་གྱིས་བརླབས་པ་ཤེས་པ་ཡིན་ནོ་ཞེས་པའོ། །ཆོས་འདི་རྣམས་ནི་མཚན་ཉིད་མེད། །ཅེས་པ་ནི་
ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་སོགས་པའི་ཆོས་རྣམས་རང་བཞིན་གྱིས་སྟོང་པས་ན་མཚན་མ་དང་བྲལ་བའོ། །ངོ་བོ་ཉིད་མེད་ཅེས་པ་ནི་བདག་དང་བདག་གི་བའི་རང་བཞིན་དུ་ཡོད་པ་མ་ཡིན་ཏེ་ཞེས་པའོ། །གནས་མེད་པ་ནི་ཕ་རོལ་པོ་རྣམས་ཀྱི་ཆ་ཤས་ཅན་ལ་སོགས་པ་ཀུན་གྱིས་
གནས་སུ་བརྟགས་པ་དེ་ཡོད་པ་མ་ཡིན་ཞེས་པའོ། །ལས་དང་ཚེ་ལས་རྣམ་གྲོལ་ཏེ། །ཞེས་པ་ནི་ཆོས་རྣམས་ཀྱི་རྒྱུ་དང་འབྲས་བུའི་རང་བཞིན་མེད་ཅེས་པ་སྟེ། དེ་ལྟར་རྒྱུ་དང་འབྲས་བུའི་རང་བཞིན་མེད་པས་མཚན་ཉིད་མེད་པ་ལ་སོགས་པའི་ཚིག་གོང་མ་རྣམས་དང་སྦྱར་རོ། །

རྫོགས་པའི་སངས་རྒྱས་འདྲ་བར་སྤྱོད། །ཅེས་པ་ནི་ཆོས་ཐམས་ཅད་གང་དུ་ཡང་དངོས་པོ་ཡོད་པ་མ་ཡིན་ཏེ། འདུ་ཤེས་ཙམ་དུ་ཟད་དོ་ཞེས་པའོ། །ཐུགས་རྗེ་མངའ་ནི་མཛད་པ་ཡིས། །མགོན་པོ་རྣམས་ཀྱི་ཐབས་ཀྱིས་ནི། །རྣམ་པར་བསྐུལ་ནས་ཆོས་རྣམས་ཀྱི། །
མཚན་ཉིད་འདི་དག་རྟོགས་པར་འགྱུར། །ཞེས་པ་ནི་ཆོས་རྣམས་ཀྱི་མཚན་ཉིད་འདི་འདྲ་བ་དེ་བཅོམ་ལྡན་འདས་ཀྱི་ཐུགས་རྗེ་ཆེན་པོའི་ཐབས་ཀྱི་སྒོ་ནས་བྱིན་གྱིས་བརླབས་པས་བདག་གིས་རྟོགས་སོ་ཞེས་པའོ། །དེ་ནས་གསང་བ་པའི་བདག་པོ་ཕྱག་ན་རྡོ་རྗེས་ཆེད་དུ་བརྗོད་པའི་ཚིགས་སུ་
བཅད་པ་དེ་སྨྲས་ནས་ཞེས་པ་ནས། སྔགས་པ་རྣམས་ཀྱིས་ནམ་ཞིག་ན། །ལས་དང་ཚེ་ལས་རྣམ་གྲོལ་འགྱུར། །ཞེས་པའི་བར་གྱིས་གསང་བ་པའི་དཀྱིལ་འཁོར་བྲི་བ་དང་། དཀྱིལ་འཁོར་གསུམ་ཆར་གྱིས་ཆོ་གའི་ལྷག་མ་རྣམས་བྲིས་པ་སྟེ། སློབ་དཔོན་གྱི་ཏིང་ངེ་འཛིན་དང་
དབང་བསྐུར་བའི་ཆོ་ག་རྣམས་མ་གཏོགས་པར་དཀྱིལ་འཁོར་གསུམ་ཆར་ཆོ་ག་གཞན་ཐམས་ཅད་མཐུན་པར་ཤེས་པར་བྱའོ། །སྙིང་རྗེ་ཆེན་པོའི་སྙིང་པོ་འབྱུང་བའི་དཀྱིལ་འཁོར་ཆེན་པོ་འདིའི་ཐེ་ཚོམ་བཅད་པའི་ཕྱིར་ཞེས་པ་ནི་དཀྱིལ་འཁོར་གསུམ་ཆར་ཡང་སྙིང་རྗེ་ཆེན་པོ་ལས་འབྱུང་
བས་ན་གསང་བའི་དཀྱིལ་འཁོར་ལ་སྙིང་རྗེ་ཆེན་པོའི་སྙིང་པོ་ལས་འབྱུང་བ་ཞེས་བྱའོ། །ཐེ་ཚོམ་བཅད་པ་ནི་འོག་ནས་འབྱུང་བའི་དོན་རྣམས་བཤད་ན་ཆོ་ག་རྣམས་མ་རྫོགས་པས་མ་འོངས་པའི་འགྲོ་བ་རྣམས་ཐེ་ཚོམ་དུ་འགྱུར་ཏེ། དེ་བས་ན་དེ་དག་གི་ཐེ་ཚོམ་བཅད་པའི་ཕྱིར་ཞེས་བྱ་བ་ནི་
མ་འོངས་པའི་སྐྱེ་བོ་རྣམས་ལ་བརྟགས་ནས་ཞེས་པ་ལ་སོགས་པས་དངོས་སུ་གསུངས་སོ། །དྲི་བ་འདི་རྣམས་ཀྱི་དོན་ནི་འོག་ནས་ལན་ཞིབ་ཏུ་འབྱུང་བས་ན་དེ་དང་སྦྱར་ཏེ་བྱའོ། །དེའི་འོག་ཏུ་བཅོམ་ལྡན་འདས་ཀྱིས་ཕྱག་ན་རྡོ་རྗེ་ལ་བཤད་པའི་སྐབས་ལ་བབས་པས། དེ་ནས་ཀུན་མཁྱེན་
རྫོགས་སངས་རྒྱས། །ཞེས་པ་ལ་སོགས་གསུངས་པ་ཡིན་ནོ། །ཕྱག་ན་རྡོ་རྗེས་དྲིས་པ་རྣམས་ཀྱང་བཅོམ་ལྡན་འདས་ཀྱིས་སྤྱིར་རྣམ་པ་གསུམ་དུ་བསྡུ་བ་མཛད་ནས། སྙིང་རྗེ་ཆེན་པོའི་རྩ་ལས་བྱུང་། །གསང་བའི་དཀྱིལ་འཁོར་རྣམས་དགོད་པས། །ལྷ་རྣམས་ཀྱི་ནི་གནས་ངེས་པ། །

ཐེག་པ་ཆེན་པོའི་གོ་འཕང་མཆོག །རྫོགས་སངས་རྒྱས་ཀྱི་རབ་གསང་བ། །དཔའ་བོ་ཆེར་བྱུང་ཁྱོད་ཀྱིས་གང་། །ཡོངས་སུ་དྲིས་པ་དེ་ལེགས་སོ། །ལག་ན་རྡོ་རྗེ་སྟོབས་པོ་ཆེ། །མདོར་ནི་བསྡུས་ནས་བཤད་པར་བྱ། །ཞེས་གསུངས་པ་ཡིན་ཏེ་དེ་ལ། ལྷ་རྣམས་ཀྱི་ནི་གནས་ངེས་པ། །ཞེས་
བྱ་བས་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ལྷའི་བྱེ་བྲག་དང་ལྷ་དེ་རྣམས་ཀྱི་ཁ་དོག་ལ་སོགས་པ་དྲིས་པ་དང་། ལྷ་རྣམས་ཀྱི་གནས་དབང་ཆེན་ལ་སོགས་པའི་དཀྱིལ་འཁོར་དུ་བརྟག་པ་དེ་དག་མདོར་བསྡུས་ཏེ་གསུངས་པའོ། །ཐེག་པ་ཆེན་པོའི་གོ་འཕང་མཆོག །ཅེས་པ་
ནི། སྔགས་པ་བྱང་ཆུབ་མཆོག་སེམས་དཔའ། །ཐམས་ཅད་མཁྱེན་པ་ཇི་ལྟར་འགྱུར། །ཇི་ལྟར་བདེན་པ་མཐོང་བར་འགྱུར། །ཞེས་དྲིས་པ་དེ་དག་བསྡུས་ཏེ་གསུངས་པ་ཡིན་ཏེ། གནས་དེ་དག་ནི་བྱང་ཆུབ་ཏུ་གཞོལ་བའི་གོ་འཕང་ཡིན་པས། ཐེག་པ་ཆེན་པོའི་གོ་འཕང་མཆོག །
ཅེས་བྱའོ། །གཞན་རྣམས་ཀྱང་ཐེག་པ་ཆེན་པོའི་གནས་ཡིན་མོད་ཀྱི། གཞན་ལས་འདི་ཉེ་ཞིང་གཙོ་བོ་ཡིན་པའི་ཕྱིར་རོ། །དེ་གཉིས་ལས་གཞན་པ་སློབ་དཔོན་གྱི་མཚན་ཉིད་དང་ཚོན་འགྱེད་པ་ལ་སོགས་པ་ཇི་སྲིད་དྲིས་པ་དེ་དག་ཐམས་ཅད་ནི་གསང་བའི་དཀྱིལ་འཁོར་རྣམས་དགོད་བཞེས་
པའི་ནང་དུ་བསྡུས་པར་རིག་པར་བྱའོ། །དེ་ལ་སྐབས་འདིར་གསང་བའི་དཀྱིལ་འཁོར་ཞེས་པ་ནི་དཀྱིལ་འཁོར་གསུམ་ཆར་གྱི་ཆོ་ག་སྤྱིར་བྲིས་པའི་དོན་དེ་དག་ཉིད་དམ་ཚིག་ཅན་མ་ཡིན་པ་ལ་མི་བསྟན་པས་གསང་བ་ཞེས་བྱའོ། །གཞན་ནི་གོང་དུ་སྨོས་པ་བཞིན་ནོ། །ཆེར་འབྱུང་ཞེས་པ་
ནི་གོང་དུ་དྲིས་པ་དེ་དག་ཐམས་ཅད་བླ་ན་མེད་པའི་བྱང་ཆུབ་ཀྱི་རྒྱུ་ཤ་སྟག་ཡིན་པས་དྲིས་པའི་དོན་དེ་དག་ལ་ཆེན་པོ་འབྱུང་བའི་རྒྱུ་ཞེས་བྱའོ། །སྙིང་རྗེ་ཆེན་པོའི་རྩ་ལས་བྱུང་། །ཞེས་པ་ནི་དཀྱིལ་འཁོར་དེ་དག་སྙིང་རྗེ་ཆེན་པོ་ལས་བྱུང་བས་དེའི་ཡོ་བྱད་དྲིས་པའི་དོན་དེ་དག་ཀྱང་། སྙིང་རྗེ་ཆེན་
པོའི་རྩ་ལས་བྱུང་། །ཞེས་བྱའོ། །རྫོགས་སངས་རྒྱས་ཀྱི་རབ་གསང་བ། །ཞེས་པ་ནི་ཐེག་པ་ཆེན་པོའི་གོ་འཕང་མཆོག་ལ་སོགས་པ་དེ་དག་སྣོད་མ་ཡིན་པའི་སེམས་ཅན་རྣམས་ལ་མི་བཤད་པས་རབ་ཏུ་གསང་བ་ཞེས་བྱའོ། །དཀྱིལ་འཁོར་གྱི་ནི་སྔོན་རོལ་དུ། །ཞེས་པ་ནས། གོ་རིམས་བཞིན་

དུ་བཟླས་བརྗོད་བྱ། །ཞེས་པའི་བར་ནི་དཀྱིལ་འཁོར་བྲི་བའི་སྔོན་རོལ་སློབ་དཔོན་གྱིས་བདག་དང་སློབ་མ་སྲུང་བ་ལ་སོགས་པའི་ལས་བྱ་བའི་སྔགས་རྣམས་ལ་ཡུན་དུ་བསྙེན་པ་བྱས་ནས་སོ་སོའི་ལས་ལ་སྦྱར་རོ་ཞེས་གསང་བའི་རྒྱུད་ལ་སོགས་པ་ལས་བྱུང་སྟེ་དེའི་ཕྱིར་དཀྱིལ་
འཁོར་བྲི་བའི་སྔོན་རོལ་དུ་རིག་པའི་རྒྱལ་པོའི་བཟླས་པ་བྱ་སྟེ། མཚན་མ་བྱུང་གི་བར་དུ་བཟླས་ན་དེ་དག་ཐམས་ཅད་བསྙེན་པ་བྱས་པར་འགྱུར་རོ། །འདིའི་མཚན་མ་ཡང་དཀྱིལ་འཁོར་གྱི་ལྷའི་རྣམ་པར་གནས་པ་ན་སྔགས་པའི་རྨི་ལམ་དུ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་
དཀྱིལ་འཁོར་འདྲི་བའི་ལས་ལ་སོགས་མཐོང་ན་ཞེས་པ་དང་སྦྱར་རོ། །ཡན་ལག་བཅུ་གཉིས་ཚིག་བྱུང་བ། །ཞེས་པ་ནི་ཡི་གེ་འབྲུ་ཡན་ལག་བཅུ་གཉིས་སྔགས་ཀྱི་ཚིག་ཏུ་གྱུར་པ་ལ་ཡང་བྱ་ལ་གཉིས་སུ་ན་ཡིག་འབྲུ་བཅུ་གཉིས་ལས་དོན་དམ་པའི་མཚན་ཉིད་རྟོགས་པར་འགྱུར་བ་
ལ་ཡང་བྱ་སྟེ། ཡན་ལག་ཅེས་པ་ནི་ཡི་གེའི་འབྲུའོ། །པཱ་ད་ཞེས་པ་ནི་རྟོགས་པ་ལ་བྱའོ། །རིག་སྔགས་རྒྱལ་པོ་སྟོབས་པོ་ཆེ། །ཞེས་པ་ནི་དོན་དམ་པར་སྟོང་པ་ཉིད་ཀྱི་རང་བཞིན་སྟོན་པར་བྱེད་ལ། ཀུན་རྫོབ་ཏུ་ཡང་སྤྲུལ་པ་ལ་སོགས་པ་བྱེད་པས་ན་མཐུ་ཆེ་བའོ། །གོ་རིམས་
བཞིན་དུ་བཟླས་བརྗོད་བྱ། །ཞེས་པ་ནི་རྩ་སྔགས་དང་སྙིང་པོ་དང་ཉེ་བའི་སྙིང་པོ་རིམ་པ་བཞིན་དུ་བཟླས་ཞེས་པའོ། །རང་གི་ཏིང་འཛིན་ལ་གནས་ཏེ། །ཞེས་པ་ནི་སློབ་དཔོན་རང་གི་ཏིང་ངེ་འཛིན་རིགས་གསུམ་གྱི་སྙིང་པོ་གནས་གསུམ་དུ་གཞག་པ་དང་། དཔའ་བོ་ཆེན་པོའི་
སྙིང་པོ་གནས་ལྔར་དགོད་པ་དང་། ཡན་ལག་ཐམས་ཅད་དུ་ཡི་གེ་དགོད་པ་ཡང་རུང་བའི་ཏིང་ངེ་འཛིན་ལ་གནས་ནས་བཟླས་པར་བྱའོ་ཞེས་པའོ། །སོ་སོའི་ལས་རྣམས་འདོད་པ་ཡིས། །ཚུལ་ཞེས་པས་ནི་ཅི་རིགས་པར། །ཞེས་པ་ནི་དེ་ལྟ་བུའི་རིམ་པས་སྔོན་དུ་བསྙེན་པ་བྱས་ནས་
བདག་དང་གནས་དང་སློབ་མ་སྲུང་བ་ལ་སོགས་པའི་སྔགས་རྣམས་ཇི་ལྟར་རིགས་པར་སྦྱོར་རོ་ཞེས་པ་སྟེ། རིག་པའི་རྒྱལ་པོ་འདི་སྔོན་དུ་བསྙེན་པ་བྱ་བ་ཡང་དཀྱིལ་འཁོར་གསུམ་ག་དང་འབྲེལ་པར་ཤེས་པར་བྱའོ། །གསང་སྔགས་ཕྱག་རྒྱ་རྟོགས་ཤེས་པའི། །ཞེས་པ་ནས།

རྗེས་སུ་གནང་ཞིང་དབང་ཡང་བསྐུར། །ཞེས་པའི་བར་གྱིས་སློབ་དཔོན་གྱི་མཚན་ཉིད་དང་བྱེ་བྲག་བཤད་པ་སྟེ། དེ་ཡང་སྤྱིའི་མཚན་ཉིད་དང་བྱེ་བྲག་བཤད་པའོ། །དེ་ལ་སྤྱིའི་མཚན་ཉིད་ནི་ཡིད་བྱང་ཆུབ་ཀྱི་སེམས་ལ་ཞུགས་པ་ཞེས་པ་དང་། ཐེག་པ་གསུམ་གྱི་ཁྱད་པར་ཤེས་པ་ལ་
སོགས་པས་སྔར་བཤད་ཟིན་ཏོ། །འདིར་ནི་ཟབ་ཅིང་རྒྱ་ཆེ་བ་ལ་མོས་པ་དང་། དམིགས་པ་ཅན་གྱི་བྱེ་བྲག་བཤད་པ་སྟེ། །དེ་བས་ན། ཟབ་དང་མི་ཟབ་བྱེ་བྲག་ལས། །དེ་ཡི་མཚན་ཉིད་ཤེས་པར་བྱ། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །གསང་སྔགས་ཕྱག་རྒྱ་རྟོགས་ཤེས་པའི། །
ཞེས་པ་ནི་སློབ་དཔོན་ཉིད་ཀྱི་སྤྱིའི་མཚན་ཉིད་དེ། ཕྱག་རྒྱ་དང་སྔགས་རྣམས་གཞུང་ལས་ཇི་སྐད་བཤད་པ་བཞིན་ཤེས་པར་བྱའོ། །ཟབ་མོ་རྒྱ་ཆེར་ཤེས་པར་བྱ། །ཞེས་པ་ནས། མཐོང་བའི་ཆོས་ནི་རྣམ་པར་སྤངས། །ཞེས་པའི་བར་ནི་ཟབ་ཅིང་རྒྱ་ཆེ་བ་ལ་མོས་པའི་སློབ་དཔོན་གྱི་བྱེ་བྲག་
སྟེ། ཟབ་མོ་ནི་སྟོང་པ་ཉིད་དམིགས་སུ་མེད་པ་ལ་མོས་པས་དེའི་སེམས་ཀྱི་རྒྱུད་སུས་ཀྱང་རིག་པར་མི་ནུས་ཏེ་དཔག་པར་དཀའ་ཞེས་པའོ། །རྒྱ་ཆེ་བ་ནི་དོན་དམ་པར་ཆོས་ཐམས་ཅད་སྟོང་པ་ཉིད་ནམ་མཁའི་རང་བཞིན་ལྟ་བུར་རྟོགས་ལ་ཀུན་རྫོབ་ཏུ་ཡང་སྒྱུ་མ་དང་སྨིག་རྒྱུ་ལྟ་བུར་ཤེས་ནས་ཚོང་
པ་ལ་སོགས་པ་རྒྱ་ཆེན་པོ་ལ་སྦྱོར་བའོ། །ལུས་ཅན་རྣམས་ནི་ཡིད་མི་རྟོན། །ཞེས་པ་ནི་ལུས་ཅན་རྣམས་དང་སྤྱོད་ལམ་མི་མཐུན་པས་གཅིག་ལ་གཅིག་ཡིད་མི་རྟོན་པའོ། །སངས་རྒྱས་རྣམས་ཀྱི་སྲས་མཆོག་སྟེ། །ཞེས་པ་ནི་སངས་རྒྱས་ཀྱི་སྤྱོད་པ་དང་རྗེས་སུ་མཐུན་པའི་ཕྱིར་ཏེ། །
འཇིག་རྟེན་ན་ཡང་པའི་སྤྱོད་པ་དང་མི་འགལ་བར་སྤྱོད་པ་ནི་བེའུ་མཆོག་ཅེས་བྱའོ། །མཐོང་བའི་ཆོས་ནི་རྣམ་པར་སྤངས། །ཞེས་པ་ནི་འཇིག་རྟེན་ཀུན་རྫོབ་ཀྱི་ཆོས་རྣམས་ལ་མ་ཆགས་པ་ཞེས་པའོ། །གཉིས་པ་མཐོང་བའི་ཆོས་རྣམས་ཀྱིས། །ཞེས་པ་ནས། རྗེས་སུ་གནང་ཞིང་དབང་
ཡང་བསྐུར། །ཞེས་པའི་བར་སློབ་དཔོན་དམིགས་པ་ཅན་གྱི་བྱེ་བྲག་སྟེ། མཐོང་བའི་ཆོས་རྣམས་ཀྱིས། །མྱོས་པར་འགྱུར་བ་དམིགས་པ་ཅན། །ཞེས་པ་ནི་ཐོས་པ་དང་བསམ་པའི་ཤེས་རབ་ཀྱིས་སྔགས་ཀྱི་རྒྱུད་ལ་སོགས་པ་ཐོས་ཤིང་བསམ་པའི་ཤེས་རབ་ཀྱིས་སྟོང་པའི་རང་

བཞིན་དུ་མོས་སུ་ཟིན་ཀྱང་བསྒོམ་པའི་ཤེས་རབ་ཀྱིས་གོམས་པར་ནུས་པས་ཕྱི་རོལ་གྱི་སྤྱོད་པ་རྣམས་ལ་མོས་པར་འགྱུར་ཏེ། དེས་འཇིག་རྟེན་པའི་དཀྱིལ་འཁོར་ཚོན་ལ་སོགས་པས་བྲི་བར་བཅོམ་ལྡན་འདས་ཀྱིས་དབང་བསྐུར་ཞིང་ལུང་སྩལ་ཏོ་ཞེས་པའོ། །འཇིག་རྟེན་པའི་
དཀྱིལ་འཁོར་ནི་ཚོན་ལ་སོགས་པས་བྲིས་ནས་འཇིག་རྟེན་པ་རྣམས་ཀྱི་ལྟ་བའི་སྤྱོད་ཡུལ་དུ་གྱུར་པས་འཇིག་རྟེན་པའི་དཀྱིལ་འཁོར་ཞེས་བྱའི་མུ་སྟེགས་པ་ལ་སོགས་པའི་དཀྱིལ་འཁོར་ལ་ནི་མི་བྱའོ། །དེ་བས་ན་སློབ་དཔོན་དམིགས་པ་ཅན་གྱིས་ཕྱི་རོལ་གྱི་ཚོན་ལ་སོགས་པས་དཀྱིལ་འཁོར་བྲི་བར་
དབང་བསྐུར་གྱི། །སེམས་དབང་དུ་མ་གྱུར་པས་ཡིད་ཀྱི་དཀྱིལ་འཁོར་བྲི་བར་ནི་དབང་མི་བསྐུར་རོ། །ཟབ་ཅིང་རྒྱ་ཆེ་བ་ལ་མོས་པའི་སློབ་དཔོན་དེ་ནི་ཕྱིའི་དཀྱིལ་འཁོར་དང་ནང་གི་དཀྱིལ་འཁོར་གཉིས་ཀ་བྲི་བར་དབང་བསྐུར་ཏེ། ཕྱི་རོལ་གྱི་སྤྱོད་པ་རྣམས་ལ་མ་ཆགས་ཤིང་སེམས་དབང་དུ་གྱུར་པས་
ནང་གི་དཀྱིལ་འཁོར་བྲི་བར་དབང་བསྐུར་ཏེ། སློབ་མ་རྣམས་ཀྱི་ཡིད་དང་སྦྱར་བའི་ཕྱིར་ཕྱི་རོལ་གྱི་དཀྱིལ་འཁོར་ཡང་བྲི་བར་གསུངས་སོ། །དུས་དང་དུས་མིན་བྱེ་བྲག་ལས། །ཞེས་བྱ་བ་ནས། སློབ་མ་དེ་ནི་རྒྱལ་བའི་མཆོག །ཅེས་བྱ་བའི་བར་གྱིས་སློབ་མའི་བྱེ་བྲག་བཤད་དེ། དུས་དང་དུས་
མིན་བྱེ་བྲག་ལས། །ཞེས་པ་ལས་སྤྱིར་སློབ་མ་རྣམ་པ་བཞི་ལས་སློབ་མ་ཁ་ཅིག་སྔགས་ཀྱི་རྒྱུད་ལ་སོགས་པ་ཐོས་ཤིང་ཤེས་ལ། བྱང་ཆུབ་ཀྱི་སེམས་ཀྱང་བསྒོམས་པ་ནི་དཀྱིལ་འཁོར་དུ་བཅུག་པ་ཉིད་ཀྱི་ཚེ་ན་སྒྲུབ་པར་དབང་བསྐུར་ལ་སློབ་དཔོན་དམིགས་པ་ཅན་གྱིས་མཚན་ཉིད་དང་ལྡན་ན་བྱང་
ཆུབ་སེམས་དང་མི་ལྡན་ཡང་དེ་ཉིད་ཀྱི་ཚེ་ན་སློབ་དཔོན་དུ་དབང་བསྐུར་བར་བྱ་སྟེ། དེ་དག་ནི། གཅིག་ནི་དེ་ཡི་མོད་ལ་བསྒྲུབ། །ཅེས་པའོ། །གཞན་ནི་སྔགས་ཀྱི་རྒྱུད་ལ་སོགས་པ་ཐོས་ཤིང་ཤེས་ཀྱང་བྱང་ཆུབ་ཀྱི་སེམས་མ་བསྒོམས་ན་སྒྲུབ་པར་དབང་བསྐུར་དུ་མི་རུང་སྟེ། དཀྱིལ་འཁོར་དེར་
བཅུག་ནས་བྱང་ཆུབ་ཀྱི་སེམས་བསྒོམ་པའི་ཐབས་བསྟན་ཏེ། བྱང་ཆུབ་ཀྱི་སེམས་གོམས་པར་གྱུར་པ་ན་ཕྱིས་བསྒྲུབ་པར་བྱ་བ་ནི་དུས་གཉིས་པར་བསྒྲུབ་པའོ། །དེ་བཞིན་དུ་སློབ་དཔོན་དབང་བསྐུར་བ་དོན་དུ་གཉེར་ན་ཡང་སྔགས་ཀྱི་རྒྱུད་ལ་སོགས་པ་མི་ཤེས་ན་དེར་དབང་མི་བསྐུར་བར་སྔགས་

ཀྱི་རྒྱུད་ལ་སོགས་པ་རྫོགས་པར་སློབ་ཏུ་བཅུག་སྟེ་སློབ་དཔོན་གྱི་མཚན་ཉིད་དང་ལྡན་པ་ན་སློབ་དཔོན་དུ་དབང་བསྐུར་བ་ཡང་དུས་གཉིས་པར་བསྒྲུབ་པའོ། །དེ་ལ་ཁ་ཅིག་སྔ་ནས་ཀྱང་རྒྱུད་ལ་སོགས་པ་མི་ཤེས་ཤིང་བྱང་ཆུབ་ཀྱི་སེམས་ཀྱང་མ་བསྒོམས་ཕྱིས་ཀྱང་མི་སློབ་ལ་བསྒོམ་པར་མི་འགྱུར་
བ་ནི་དཀྱིལ་འཁོར་དུ་གཟུང་བ་ཙམ་ལས་དུས་གཉིས་པར་ཡང་སློབ་དཔོན་དུ་སྒྲུབ་པར་དབང་མི་བསྐུར་བར་ནི་གཉིས་ཀར་མིན་ཞེས་པའོ། །མཚན་ཉིད་ཐམས་ཅད་རྫོགས་པ་ཡིས། །སློབ་མ་དེ་ནི་རྒྱལ་བའི་མཆོག །ཅེས་པ་ནི། རྒྱུད་ལ་སོགས་པ་ཡང་རྫོགས་པར་ཤེས། བྱང་ཆུབ་སེམས་
ཀྱང་ཚུལ་བཞིན་དུ་བསྒོམ་པ་ཞིག་གིས་བསོད་ནམས་སྤེལ་བའི་ཕྱིར་དཀྱིལ་འཁོར་དུ་ཞུགས་པ་དེ་ཡང་སློབ་མའི་གྲངས་སུ་ཡང་གཏོགས་ཏེ། དེ་ནི་དབང་ལ་སོགས་པ་བསྐུར་བས། །འདིར་དབང་ལ་སོགས་པ་གདོད་བསྐུར་མི་དགོས་ཏེ། དེ་ནི། མཚན་ཉིད་ཐམས་ཅད་རྫོགས་པ་
ཡིས། །ཞེས་པའོ། །ས་ནི་དང་པོར་ཤེས་བྱ་བ། །ཞེས་པ་ནས། དེ་བས་རྟོག་པ་རྣམ་སྤངས་ནས། །ས་ཀུན་རྣམ་པར་སྦྱང་བར་བྱ། །ཞེས་པའི་བར་གྱིས་ས་སྦྱང་བ་བཤད་དེ། ཕྱི་ནང་གི་རྣམ་པ་གཉིས་ལས། །ཕྱིའི་ས་སྦྱང་བ་ནི་སྔར་བཤད་ཟིན་ཏོ། །འདིར་ནང་གི་ས་སྦྱང་བ་བཤད་དེ། །
སེམས་ཀྱི་སར་ནི་བཤད་པ་ཡིན། །ཞེས་པ་ནི། སྤྱད་པ་སྔར་ནི་བསྟན་པ་སྟེ། །ཞེས་པ་ནི་སྔར་བྱང་ཆུབ་ཀྱི་སེམས་ནི་རང་གི་སེམས་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་པ་ཞེས་ནང་། རྣམ་པར་རམ། ཁ་དོག་ཏུའམ། དབྱིབས་སུའམ་ཞེས་པ་ནས་རྣམ་པ་ཐམས་ཅད་ཀྱི་བར་དུ་ཡོངས་སུ་བཙལ་
ཀྱང་མི་དམིགས་པ་ཡིན་ཏེ་ཞེས་པ་ལ་སོགས་པའི་བར་དུ་བཤད་པ་དེའི་ཚུལ་དུ་ཏིང་ངེ་འཛིན་དག་པ་དང་། རྣམ་པ་ཐམས་ཅད་སྤངས་པ་དང་། །རྣམ་པར་རྟོག་པ་དང་བྲལ་བས་ན། །སེམས་ཀྱི་དྲི་མ་དག་པ་སྟེ། །དེ་ལྟར་དག་པར་བྱས་ནས་ཕྱི་རོལ་གྱི་དཀྱིལ་འཁོར་རམ། ནང་གི་དཀྱིལ་
འཁོར་གང་ཡང་རུང་བ་བྲི་བར་བྱའོ་ཞེས་པའོ། །དེ་ཡིས་དེ་ནི་ཡོངས་སུ་སྤངས། །ཞེས་པ་ནི་སྔར་བྱང་ཆུབ་ཀྱི་སེམས་སྦྱང་བར་བཤད་པར་དེས་སེམས་ཀྱི་སྦྱང་བར་བྱའོ་ཞེས་པའོ། །ནམ་ཞིག་ཉེས་པ་དང་བྲལ་ན། །སེམས་ཀྱི་ས་ནི་མི་འཇིགས་པ། །ཞེས་པ་ནི་ཇི་ལྟར་ཕྱི་རོལ་གྱི་སའི་

ཉེས་པ་རུས་པ་དང་རྡོ་བ་ལ་སོགས་པ་མེད་པ་བཞིན་དུ་འདིར་ཡང་རྣམ་པར་རྟོག་པ་ལ་སོགས་པ་དང་། འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་རྣམས་དང་བྲལ་ན་བགེགས་ལ་སོགས་པས་མི་འཇིགས་ཞེས་བྱའོ། །དེ་བས་ན། དེ་ཚེ་དེ་ནི་དག་པ་སྟེ། །ཉེས་
པ་ཐམས་ཅད་རྣམ་པར་སྤངས། །མངོན་པར་བྱང་ཆུབ་མཐོང་བས་ན། །དེ་ལྟར་དེ་ནི་བསྟན་ཞེས་བྱ། །ཞེས་གསུངས་པ་ཡིན་ནོ། །དེ་ལས་གཞན་དུ་ས་སྤྱོད་པ། །ཞེས་པ་ནས། བྱང་ཆུབ་སེམས་ཀྱི་ས་སྦྱང་བྱ། །ཞེས་པའི་བར་གྱིས་ཕྱི་རོལ་གྱིས་རྣམས་སྦྱངས་པ་ན་ཡང་བྱང་
ཆུབ་ཀྱི་སེམས་དང་མི་ལྡན་པར་རྟོག་པ་ལ་གནས་ཏེ། སྦྱངས་ན་མི་འདག་གོ། །དེ་ལས་གཞན་དུ་ཞེས་པ་གང་གི་ནང་དུ་སྦྱང་བ་ལས་གཞན་པ་སྟེ་ཕྱིའི་ས་ལ་བྱའོ། །སྔགས་པ་རྟོག་ལ་གནས་ནས་སུ། །ཞེས་པ་ནི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་སོགས་པའི་དངོས་པོ་
ཡོད་པར་རྟོག་སྟེ། སྦྱང་བར་བྱ་བའི་ས་དང་། །རུས་པ་ལ་སོགས་པའི་ཉེས་པ་ཡང་དངོས་པོ་ཡོད་པར་རྟོག་ཅིང་ས་དེ་སྦྱོང་ན་དེ་བྱང་ཆུབ་ཀྱི་སེམས་དང་མི་ལྡན་པས་དེ་དག་པར་འགྱུར་བ་མ་ཡིན་ཞེས་པ་སྟེ། དེ་བས་རྟོག་པ་རྣམ་སྤངས་ནས། །ས་ཀུན་རྣམ་པར་སྦྱང་བར་བྱ། །ང་ཡིས་དཀྱིལ་
འཁོར་རྣམས་ཀྱི་ནི། །ཆོ་ག་རྒྱས་པར་གང་བསྟན་པ། །དེ་དག་ཐོག་མར་བསྟན་པ་ནི། །ཞེས་བྱ་བ་གསུངས་པ་ཡིན་ཏེ། བྱང་ཆུབ་ཀྱི་སེམས་སྔོན་དུ་བསྒོམ་པ་ཡང་སློབ་དཔོན་གྱི་མཚན་ཉིད་མང་བ་ལས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་ལ་རྟག་ཏུ་མཁས་པ་ཐེག་པ་གསུམ་གྱི་ཁྱད་
པར་ཤེས་པ་ཞེས་བྱ་བ་ལ་སོགས་པ་གསུངས་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་ལ་མཁས་པ་ནི་སྟོང་པ་ཉིད་ཀྱི་རང་བཞིན་ལ་མཁས་པར་མངོན་པར་སྔོན་དུ་བྱང་ཆུབ་ཀྱི་སེམས་བསྒོམ་པར་རིག་པར་བྱའོ། །ཐེག་པ་གསུམ་གྱི་ཁྱད་པར་ཤེས་པས་ཀྱང་སྟོང་པ་ཉིད་
ལ་མཁས་པར་མངོན་ཏེ། གང་ཟག་དང་ཆོས་ལ་བདག་མེད་པའི་ཁྱད་པར་ལ་མཁས་པའི་ཕྱིར་རོ། །དཀྱིལ་འཁོར་གྱི་ལས་འདི་རྣམས་ཐམས་ཅད་ཀྱང་བྱ་བ་བྱས་པའི་སློབ་དཔོན་གྱི་མཚན་ཉིད་དེ་ལྟ་བུ་དང་ལྡན་པས་ས་སྦྱང་བར་བྱ་བས་ན་རྟོག་པ་འབའ་ཞིག་ལ་མི་གནས་གྱི།

བྱང་ཆུབ་ཀྱི་སེམས་དང་ལྡན་པས་འཇིག་རྟེན་པ་རྣམས་ཀྱི་སེམས་དང་སྦྱར་བའི་ཕྱིར། ཕྱི་རོལ་གྱི་ས་རྣམས་སྦྱང་བ་རྒྱ་ཆེར་བཤད་པའི་བཅོམ་ལྡན་འདས་ཀྱི་དགོངས་པ་དེ། རྨོངས་པ་རྣམས་ཀྱིས་མི་ཤེས་ཏེ། །གང་གིས་དེ་ལྟ་བུའི་རྟོག་པ་མ་སྤངས་པ་དེ་ནི་སངས་རྒྱས་དང་ཐམས་ཅད་
མཁྱེན་པའི་རྒྱུར་མི་འགྱུར་རོ། །དེ་བས་ན། འཇིག་རྟེན་འདི་ན་སངས་རྒྱས་སྨིན། །ཞེས་བྱ་བ་ལ་སོགས་པ་གསུངས་ལ། སློབ་མ་རྣམས་ལ་ནན་ཏན་དུ། །བྱང་ཆུབ་སེམས་ཀྱི་སྦྱང་བ་སྟེ། །དེ་ཡང་སྨོན་པ་བྱང་ཆུབ་ཀྱི་སེམས་དང་། འཇུག་པ་བྱང་ཆུབ་ཀྱི་སེམས་སྦྱང་བ་གཉིས་འཇུག་
པ་བྱང་ཆུབ་ཀྱི་སེམས་སྔར་བསྒོམས་ན་དེ་སྦྱངས་པ་ཡིན་པས་ཕྱིས་དཀྱིལ་འཁོར་དུ་འཇུག་ཀར་སྨོན་པ་བྱང་ཆུབ་ཀྱི་སེམས་སྦྱིན་པར་བྱ་སྟེ། གཉིས་པོ་དེ་དག་ས་སྦྱང་བའོ། །དེ་སྟེ་སྔར་འཇུག་པའི་བྱང་ཆུབ་ཀྱི་སེམས་གོམས་པར་མ་བྱས་ན་དཀྱིལ་འཁོར་དུ་འཇུག་པའི་ཚེ་སྨོན་པ་བྱང་ཆུབ་
ཀྱི་སེམས་སྦྱིན་ལ། ཕྱིས་འཇུག་པ་བྱང་ཆུབ་ཀྱི་སེམས་བསྒོམ་དུ་གཞུག་སྟེ་དེ་ནི་སློབ་མ་རྣམས་ཀྱི་བྱང་ཆུབ་ཀྱི་སེམས་ཀྱི་སྦྱོང་བའོ། །སྲུང་བ་མི་གཡོ་མགོན་པོའམ། །ཁམས་གསུམ་རྣམ་པར་རྒྱལ་བས་བྱ། །ཞེས་པ་ནི་སློབ་མ་རྣམས་ཀྱི་སྲུང་བ་གསུངས་པ་སྟེ། སློབ་མ་
རྣམས་ཐོག་མ་ནང་དུ་འོང་བའི་ཚེ་སྲུང་བ་དང་། ལྷག་པར་གནས་པའི་ཚེ་སྲུང་བ་ལ་སོགས་པ་ཐམས་ཅད་གཉིས་པོ་འདི་དག་གང་ཡང་རུང་བས་སྲུང་ངོ་ཞེས་སོ། །སློབ་མ་ནམ་ཞིག་དམིགས་པ་ཡིས། །ནམ་ཡང་གཡོས་པར་མི་འགྱུར་བ། །དེ་ཚེ་དྲི་མེད་ནམ་མཁའ་བཞིན། །ཡང་
དག་པར་ནི་དག་པར་འགྱུར། །ཞེས་པས་ནི་སློབ་མ་དག་པའི་མཚན་ཉིད་གསུངས་ཏེ། དེ་ཡང་ནམ་སློབ་མ་དེ་རྣལ་འབྱོར་ལ་གནས་པའི་ཚེ་ཏིང་ངེ་འཛིན་དག་པ་དང་། རྣམ་པར་རྟོག་པ་སྤངས་པ་དང་། །རྣམ་པ་དང་བྲལ་བ་སྟེ། དགེ་བ་དང་མི་དགེ་བ་གཉིས་ཀ་ལ་དམིགས་པས་མི་
གཡོས་པ་དང་རྣལ་འབྱོར་ལས་ལངས་ནས་ཀྱང་མཆོད་པ་ལ་སོགས་པའི་དགེ་བ་ནི་སྤྱོད་ཀྱི་འདོད་ཆགས་ལ་སོགས་པའི་ཡུལ་གྱི་དམིགས་པས་མི་གཡོ་བར་གྱུར་ན་དེ་དག་པའི་མཚན་ཉིད་དོ་ཞེས་པའོ། །དེ་ཚེ་དྲི་མེད་ནམ་མཁའ་བཞིན། །ཞེས་པ་ནི་ཇི་ལྟར་ནམ་མཁའ་གང་གིས་

ཀྱང་མ་བསྡུས་པས་རང་བཞིན་གྱིས་དང་བ་དང་། གློ་བུར་གྱི་སྤྲིན་ལ་སོགས་པས་ཆོད་ན་ཡང་ནམ་མཁའ་དེ་རང་བཞིན་དག་པ་ལས་ཉམས་པར་མི་འགྱུར་བ་བཞིན་དུ། འདི་ཡང་ཏིང་ངེ་འཛིན་ལ་གནས་པའི་ཚེ་དགེ་བ་དང་མི་དགེ་བ་ལ་སོགས་པའི་དྲི་མ་གཉིས་མེད་པ་
དང་། ཏིང་ངེ་འཛིན་ལས་ལངས་པའི་ཚེ་མཆོད་པ་ལ་སོགས་པའི་སྤྱོད་པ་བྱེད་ཀྱང་སྒྱུ་མ་ལ་སོགས་པའི་རང་བཞིན་དུ་ཤེས་བཞིན་དུ་བྱེད་དེ། དངོས་པོ་ཡོད་པར་རྟོག་པའི་དྲི་མས་མི་གོས་པའི་ཕྱིར་རོ། །ས་བྱིན་བརླབ་པ་དང་པོ་ནི། །རྫོགས་སངས་རྒྱས་ཀྱིས་བྱ་བར་བཤད། །གཉིས་
པ་སེམས་ཀྱི་དབང་གིས་ཏེ། །འདིར་ནི་གཞན་གྱིས་མི་བྱའོ། །ཞེས་པ་ནི། སྔར་སྙིང་རྗེ་ཆེན་པོས་ས་ཡོངས་སུ་གཟུང་བའི་ཚེ་དཀྱིལ་འཁོར་གྱི་ས་སྦྱང་བ་དེར་སངས་རྒྱས་ལྔ་བསམ་པ་ལ་སོགས་པ་གསུངས་པ་དེ་ཉིད་འདིར་གླེང་ནས་རིམ་པ་བཞིན་དུ་བཤད་པ་སྟེ། དཀྱིལ་འཁོར་གྱི་ས་དེ་
དང་པོར་སངས་རྒྱས་བཅོམ་ལྡན་འདས་རྣམས་དེར་བསམས་ནས་བྱིན་གྱིས་བརླབ། དེའི་འོག་ཏུ་སེམས་ཀྱིས་བདག་གི་བར་གཟུང་། །དེའི་འོག་ཏུ་སྔགས་ཀྱིས་བསྲུང་བ་སྟེ། །དེ་གསུམ་གྱིས་ཡོངས་སུ་གཟུང་གི་དེ་ལས་གཞན་དུ་མ་ཡིན་ཞེས་པའོ། །སྲད་བུ་རྣམ་བཞི་བཤད་དེ། །ཞེས་
པ་ནས། ལྔ་པ་ནམ་མཁའ་ལྟ་བུར་བཤད། །ཅེས་པའི་བར་ནི་སྔར་ཚོན་སྣ་ལྔའི་སྲད་བུ་ཞེས་སྤྱིར་བཤད་པ་དེ་ཚོན་སྣ་ལྔ་གང་ཡིན་པའི་མིང་སྨོས་ནས་གསལ་བར་བཤད་པའོ། །བར་སྣང་ལ་ནི་བཟུང་ནས་སུ། །དེར་ནི་དཀྱིལ་འཁོར་བརྟག་པར་བྱ། །ཞེས་པ་ནི་དཀྱིལ་འཁོར་སྔ་མ་ལ་ལྟེ་
བའི་ཐད་ཀར་སྲད་བུ་གཟུང་ཞེས་སྤྱིར་གསུངས་ཀྱི། དེར་དཀྱིལ་འཁོར་བྲི་བར་མ་བཤད་པ་དེ་ཉིད་བར་སྣང་ལ་སྲད་བུ་གཟུང་། བར་སྣང་དེར་དཀྱིལ་འཁོར་བྲིའོ་ཞེས་གསལ་བར་བཤད་པ་ཡིན་ནོ། །སྲད་བུ་དག་ནི་གཉིས་པ་ཡིས། །ས་ལ་དཀྱིལ་འཁོར་དགོད་པར་བྱ། །ཞེས་པ་ནི་སྔར་
སྲད་བུ་གཉིས་པ་བླངས་ནས་ཁ་ཤར་ཕྱོགས་སུ་བལྟ་ཞེས་པ་ལ་སོགས་པ་སྤྱིར་སྨོས་ཀྱི། དཀྱིལ་འཁོར་ཉིད་གང་དུ་བྲི་བ་ཞིབ་ཏུ་བཤད་པ་དེ་ཉིད་གསལ་བར་གསུངས་པ་ཡིན་ཏེ། བར་སྣང་ལ་བྲིས་པའི་འོག་ཏུ་སྲད་བུ་གཉིས་པ་བླངས་པ་དེས་ས་ལ་དཀྱིལ་འཁོར་བྲིའོ་ཞེས་པའོ། །སངས་

རྒྱས་རྣམས་ནི་ཐམས་ཅད་དང་། །དེའི་སྲས་བློ་ཅན་རྣམས་ཀྱི་གདན། །པདྨ་ཡིད་ལས་བྱུང་བའི་མཆོག །བཀྲ་ཤིས་འཇིག་རྟེན་རྣམས་ཀྱིས་བསྔགས། །ཞེས་པ་ནི་གདན་པདྨ་དཀར་པོས་བྱའོ་ཞེས་པ་སྟེ། ཡིད་ལས་བྱུང་བའི་མཆོག །ཅེས་པ་ནི་སྔར་བཟླས་པའི་ཡན་ལག་བཞི་བཤད་པའི་ཚེ་སྙིང་
གར་པདྨ་དཀར་པོ་བསམ་པར་བཤད་ལ། འདིར་པདྨ་དཀར་པོ་ཞེས་བཤད་པས་ཡིད་ལས་བྱུང་བའི་པདྨ་སྨོས་པས་ནི་ཡིད་ཀྱིས་བསམ་པའི་པདྨ་དཀར་པོ་དེ་དང་འདྲ་བའི་གདན་བྱའོ། །རང་རྒྱལ་དང་ནི་དགྲ་བཅོམ་པ། །ཕྱོགས་གཅིག་ཤེས་པར་གང་གྲགས་པ། །དེ་དག་སྟན་དུ་ཤེས་བྱ་བ། །
པདྨ་ལས་བྱུང་འདབ་མའོ། །ཞེས་པ་ནི་ཉན་ཐོས་དང་སངས་རྒྱས་ཡེ་ཤེས་ཕྱོགས་གཅིག་པ་དང་ལྡན་པ་རྣམས་ཀྱི་སྟན་པདྨ་དཀར་པོའི་འདབ་མ་གཅིག་སྟེང་དུ་བྱ་ཞེས་པའོ། །འཇིག་རྟེན་གྱི་ནི་ལྷ་རྣམས་གང་། །ཞེས་པ་ནས། རྒྱལ་པོ་རྣམས་ཀྱིས་རབ་བསྔགས་པའོ། །ཞེས་པའི་བར་དུ་འཇིག་
རྟེན་གྱི་ལྷ་ཚངས་པ་ལ་སོགས་པ་རྒྱལ་པོའི་གཟུགས་ཅན་དེ་དག་འདོད་ཆགས་དང་བཅས་པ་ཡིན་པས་སྟན་གྱི་པདྨ་དཀར་པོར་བཤད་པ་ཡིན་ནོ། །ཕལ་པ་རྣམས་ཀྱི་ཅི་རིགས་པར། །ས་ཡི་བྱེ་བྲག་དག་ལས་བསམ། །ཞེས་པ་ནི་འཇིག་རྟེན་པའི་འཁོར་ཕལ་པ་རྣམས་བླ་མའི་དྲུང་ན་བླ་མ་དང་
འདྲ་བར་པདྨའི་སྟན་མི་རིགས་པས་དེ་ལས་དམའ་བའི་སྟན་རྣམས་གང་རིགས་བྱའོ་ཞེས་པ་སྟེ། ཉན་ཐོས་དང་རང་སངས་རྒྱས་དང་འཇིག་རྟེན་པའི་ལྷ་རྣམས་ཀྱི་སྟན་འདིར་བཤད་པ་ཡང་འདི་རྣམས་དཀྱིལ་འཁོར་འདིར་མ་སྨོས་པས་ཞར་ལ་བཤད་པར་ཤེས་པར་བྱའོ། །དཀྱིལ་འཁོར་
བར་མ་ལ་གཤིན་རྗེ་ལ་སོགས་པ་འཇིག་རྟེན་གྱི་ལྷ་རྣམས་སྨོས་པ་ཡང་དེ་བཞིན་གཤེགས་པའི་སྐུ་ལས་སྤྲུལ་པ་ཤ་སྟག་ཡིན་པས་པདྨའི་གདན་ཉིད་དུ་རིགས་པར་བྱའི་འཇིག་རྟེན་པ་ཕལ་པ་རྣམས་ཀྱི་ནི་མ་ཡིན་ནོ། །མཆོད་པ་རྣམ་བཞིར་ཤེས་བྱ་སྟེ། །ཞེས་པ་ནས། དེ་ལས་གཞན་
པ་འཇིག་རྟེན་པའི་ལྷ་རྣམས་ལ་ནི་གོ་རིམས་བཞིན་ཞེས་པའི་བར་གྱིས་མཆོད་པ་རྣམས་བཤད་པ་སྟེ། དེ་ལ་སྤྱིར་མཆོད་པ་རྣམ་པ་བཞི་སྟེ། །ཐལ་མོ་སྦྱར་བ་དང་། བྱམས་པ་དང་། སྙིང་རྗེ་དང་མེ་ཏོག་དང་བདུག་པ་ལ་སོགས་པ་དང་ཡིད་ཀྱི་མཆོད་པའོ། །དེ་ལ་སྔགས་པ་ཟབ་ཅིང་

རྒྱ་ཆེ་བ་ལ་མོས་པའི་མཆོད་པ་འདི་བཞི་ཆར་སྤྱོད་དེ་ཡིད་ཀྱི་མཆོད་པ་ཡང་བྱེད། ཕྱི་རོལ་གྱི་མཆོད་པ་ཡང་བྱེད་དོ། །དམིགས་པ་ཅན་གྱི་སྔགས་པས་ནི་ཕྱི་རོལ་གྱི་མཆོད་པ་རྣམས་བྱེད་ཀྱི། ཏིང་ངེ་འཛིན་ནི་མི་ཁུག་པས་ཡིད་ཀྱི་མཆོད་པ་མེད་དོ། །བྱམས་པ་དང་སྙིང་
རྗེ་ནི་ནན་ཏན་གྱི་མཆོད་པ་སྟེ། ཕྱི་དང་ནང་གི་མཆོད་པ་གང་ཡང་རུང་བ་བྱས་ནས་སེམས་ཅན་རྣམས་ལ་བྱམས་པ་དང་སྙིང་རྗེ་བསྐྱེད་ནས་མཆོད་པ་དེ་དག་ཉིད་སེམས་ཅན་རྣམས་ལ་བསྔོ་བར་བྱེད་པའོ། །དེ་ལ་ཕྱི་རོལ་གྱི་མཆོད་པ་རྣམས་ནི་སྔར་བཤད་ཟིན་ཏོ། །ད་ནི་འདིར་ཡིད་ཀྱི་མཆོད་པ་
བཤད་པར་བྱ་སྟེ། དེ་ལ། མེ་ཏོག་བདུག་སྤོས་འཇིག་རྟེན་པའི། །སོར་མོ་ལས་བྱུང་མེ་ཏོག་རྣམས། །ཞེས་པ་ལ་སོགས་པ་སྟེ། སོར་མོ་ལས་བྱུང་མེ་ཏོག་རྣམས། །ཞེས་པ་ནི་ཐལ་མོ་སྦྱར་བ་ལས་མེ་ཏོག་འབྱུང་བ་དེ་སྐྱོབ་པ་ཀུན་ལ་དབུལ་བར་བྱ་ཞེས་པའོ། །དེ་ཉིད་དགྲོལ་བའི་ཕྱིར། །ཡན་
ལག་ཀུན་འབྱུང་ཕྱག་རྒྱ་ནི། །བཅིངས་ནས་བྱང་ཆུབ་སེམས་བསྒོམས་ཏེ། །ཞེས་བྱ་བ་གསུངས་ཏེ། ཡིད་ཀྱི་མཆོད་པ་བྱ་བ་ཡང་ཐོག་མར་བདག་གིས་ཕྱག་རྒྱ་འདི་བཅིངས་པས་ཇི་ལྟར་བསམས་བཞིན་དུ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་མཆོད་པའི་སྤྲིན་འབྱུང་བར་ཤོག་ཤིག་
ཅེས་སྨོན་ལམ་བཏབ་ནས་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ལ་གནས་ཏེ་བྱང་ཆུབ་ཀྱི་སེམས་དེ་མངོན་དུ་བྱའོ། །དེ་ལྟར་ཏིང་ངེ་འཛིན་ལ་གནས་པ་ཉིད་ན་ཡང་ཡིད་ལ་ནམ་མཁའ་མཛོད་ཀྱི་རིག་པ་བཟླས་ཏེ། དེ་ནས་ཕྱག་རྒྱ་དེ་ལས་མཆོད་པ་རྒྱ་ཆེན་པོ་འོག་ནས་སྨོས་པ་རྣམས་ཆར་བཞིན་དུ་འབབ་པར་བསམ་
མོ། །དེ་ལྟར་བསམས་ན་ཆོས་ཀྱི་དབྱིངས་ཀྱི་བྱིན་རླབས་ཏིང་ངེ་འཛིན་གྱི་དབང་དང་སྔགས་ཀྱི་མཐུས་དེའི་ཚེ་སངས་རྒྱས་ཀྱི་སྤྱན་སྔར་ཆར་བཞིན་དུ་འབབ་པར་འགྱུར་ཏེ། དེ་བས། འདི་ནི་སྐྱོན་མེད་མེ་ཏོག་སྟེ། །ཞེས་པ་ལ་སོགས་པ་རྗེས་སུ་བསྔགས་པ་དང་བཅས་པ་གསུངས་སོ། །ལྷ་རྣམས་
ཕལ་བ་གཞན་ལ་ནི། །ཞེས་པ་ནས། ཇི་ལྟར་རིགས་པར་རྣམ་པར་བསམ། །ཞེས་པའི་བར་གྱིས་ནི་གཟུགས་བརྙན་གྱི་དཀྱིལ་འཁོར་ཚོན་གྱིས་བྲིས་པའི་ལྷ་རྣམས་ལ་ཕྱིའི་མཆོད་པ་མེ་ཏོག་ལ་སོགས་པ་དབུལ་བའི་རིམ་པ་བསྟན་པ་སྟེ། སོ་སོའི་སྔགས་ཀྱིས་བཏབ་ནས་ཐོག་

མར་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ལ་སོགས་པ་དེ་བཞིན་གཤེགས་པའི་རིགས་ལ་མཆོད་དེ། དེ་ནས་པདྨའི་རིགས་ལ་སོགས་པ་ལ་མཆོད་པ་བྱ་སྟེ། དེ་བས་ན། ཇི་ལྟར་རིགས་པར་རྣམ་པར་བསམ། །ཞེས་གསུངས་པ་ཡིན་ནོ། །མཐེ་བོ་སྲིན་ལག་སྦྱར་བ་ནི། །ཞེས་པ་ནས། དེ་
ལས་གཞན་པ་འཇིག་རྟེན་པའི། །ལྷ་རྣམས་ལ་ནི་གོ་རིམས་བཞིན། །ཞེས་པའི་བར་གྱིས་མཆོད་པ་རྣམས་འབུལ་བའི་ཐབས་བསྟན་པ་སྟེ། མཐེ་བོ་སྲིན་ལག་སྦྱར་བ་ནི། །ཞེས་པ་ལ་སོགས་པས་མེ་ཏོག་དབུལ་བ་གསུངས་པ། འཇིག་རྟེན་པ་ཡི་ལྷ་རྣམས་ལ། །ལྟེ་བའི་ཐད་ཀ་ནས་ཤེས་བྱ། །
ཞེས་པ་འཇིག་རྟེན་པའི་འདིར་གཟུགས་བརྙན་གྱི་དཀྱིལ་འཁོར་གྱི་ལྷ་རྣམས་ལ་བྱ་སྟེ། དེའི་ལྷ་རྣམས་ལ་ལྟེ་བའི་ཐད་ཀ་ནས་མེ་ཏོག་དབུལ་བར་བྱ་ལ། འཇིག་རྟེན་ལས་འདས་པའི་ཡིད་ཀྱི་དཀྱིལ་འཁོར་རྣམས་ལ་ནི་སྙིང་ག་ནས་དབུལ་བར་བཤད་པའོ། །བདུག་སྤོས་རྡོ་རྗེའི་ཁུ་ཚུར་
རམ། །ཡང་ན་པདྨའི་ཕྲེང་བ་ཡིས། །བར་སྣང་ལ་ནི་བཟུང་ནས་སུ། །འཇིག་རྟེན་མགོན་སྐྱོབ་རྣམས་ལ་དབུལ། །ཞེས་པ་ནི་བདུག་སྤོས་གསོལ་བ་ན་རྡོ་རྗེ་ལྟ་བུའི་ཁུ་ཚུར་རམ། པདྨའི་ཕྱག་རྒྱ་བཅིངས་པ་སྟེ། །པོག་ཕོར་ནི་རྡོ་རྗེ་ཁུ་ཚུར་གྱིས་བཟུང་ལ་ཁམ་པོར་ནི་པདྨའི་ཕྱག་རྒྱས་བཟུང་སྟེ་
ཡིད་ཀྱིས་དཀྱིལ་འཁོར་གྱི་ལྷ་རྣམས་ལ་བར་སྣང་ལ་བསྟོད་དེ་བཟུང་ནས་གསོལ་ཞེས་པའོ། །གཟུགས་བརྙན་གྱི་དཀྱིལ་འཁོར་གྱི་ལྷ་རྣམས་ལ་ནི་ལྟེ་བའི་ཐད་ཀ་ནས་རིམ་པ་བཞིན་དུ་གསོལ་ལོ་ཞེས་པ་སྟེ། དེ་བས་ན། དེ་ལས་གཞན་པ་འཇིག་རྟེན་པའི་ལྷ་རྣམས་ལ་ནི་གོ་རིམས་བཞིན་ཞེས་
གསུངས་པ་ཡིན་ནོ། །ཕྱི་དང་ནང་གི་བྱེ་བྲག་གིས། །སྦྱིན་སྲེག་རྣམ་པ་གཉིས་ཤེས་བྱ། །ཞེས་པ་ནས། སྔགས་ཀྱི་ཤེས་པ་སྤངས་པ་སྟེ། །ཞེས་པའི་བར་གྱིས་ཕྱི་ནང་གི་སྦྱིན་སྲེག་གཉིས་བཤད་པ་སྟེ། དེ་ལ་ཕྱིའི་སྦྱིན་སྲེག་ནི་བསྲེག་པར་བྱས་པ་སྟེ། སྲེག་པའི་མེ་ལ་སོགས་པ་ཕྱིའི་
དངོས་པོ་གཟུགས་ལ་སོགས་པ་ལ་ལྟོས་པའོ། །ནང་གི་སྦྱིན་སྲེག་ནི་དེ་རྣམས་སེམས་གཉིས་ཀྱིས་བྱས་ཏེ་ཕྱི་རོལ་གྱི་གཟུགས་ལ་སོགས་པ་ལ་ལྟོས་པ་མ་ཡིན་ཏེ། དེ་བས་ན། ལས་དང་ཚེ་ལས་རྣམ་པར་གྲོལ། །ཞེས་གསུངས་པ་ཡིན་ཏེ། ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་སོགས་

པའི་ཆོས་རྣམས་འཇིག་པར་བྱེད་པའི་བྱང་ཆུབ་ཀྱི་སེམས་ཀྱིས་སྟོང་པར་བཤིག་སྟེ་ལས་དང་ཚེ་ལ་སོགས་པ་དམིགས་སུ་མེད་པར་སྤྲོས་པ་མེད་པའི་ཤེས་རབ་ཀྱིས་རྟོགས་ཏེ་ཡིད་ལ་ཕུང་པོ་ལ་སོགས་པ་དང་སེམས་དང་སེམས་ལས་བྱུང་བའི་རྒྱུ་དང་འབྲས་བུ་དག་དམིགས་
སུ་མེད་པར་གྱུར་པ་དེ་ལ། ལས་དང་ཚེ་ལས་རྣམ་པར་གྲོལ། །ཞེས་པའོ། །དེ་ལ་སྲེག་པར་བྱེད་པ་ནི་སྤྲོས་པ་མེད་པའི་ཤེས་རབ་ཡིན་ལ་ལས་དང་ཚེ་ལ་སོགས་པ་ནི་བསྲེག་པར་བྱ་བ་ཡིན་ཞིང་སྲེག་པའི་མེ་ནི་རྣམ་པ་དང་བྲལ་བའི་ཡིད་ལ་བྱའོ། །སླར་ཡང་ས་བོན་འབྱུང་བ་སྟེ། །ཞེས་
པ་ནི་ལས་དང་ཚེ་སྲེག་པའི་མཚན་ཉིད་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་དེ་ལས་ལངས་ནས་སྙིང་རྗེའི་དབང་གིས་ལྷའི་གཟུགས་སུ་བྱ་བ་ལ་བྱ་སྟེ། བདག་གི་ལྷ་གང་ཡིན་པའི་སྔགས་ཀྱི་ས་བོན་ལས་ལྷར་བསྒྱུར་བའི་རིམ་པ་ཇི་སྐད་གསུངས་པའི་ཚུལ་གྱིས་བདག་ཉིད་ཀྱི་ལྷའི་གཟུགས་སུ་བསྒྱུར་བ་
ལ་བྱ་སྟེ། དེ་ལ་དང་པོ་ཕུང་པོ་ལ་སོགས་པ་འཇིག་པའི་བྱང་ཆུབ་ཀྱི་སེམས་ནི་འཇུག་པའི་བྱང་ཆུབ་ཀྱི་སེམས་སོ། །ཇི་ལྟར་འཇིགས་ཤིང་རྟོག་པ་དེ་ཡང་སྤངས་ཏེ་སྤྲོས་པ་མེད་པའི་ཤེས་རབ་རྣམ་པར་མི་རྟོག་པ་ལས་དང་ཚེ་སྲེག་པར་བྱེད་པ་སོ་སོ་རང་གི་རིག་པའི་མཚན་ཉིད་ནི་གནས་པ་བྱང་
ཆུབ་ཀྱི་སེམས་སོ། །སླར་རང་གི་ས་བོན་ལས་ལྷའི་གཟུགས་སུ་བསྒྱུར་བ་ནི་ལྡང་བའི་བྱང་ཆུབ་ཀྱི་སེམས་སོ། །ལས་དང་འདོད་པའི་སྦྱིན་སྲེག་བྱ། །ཞེས་པ་ནི་ཞི་བ་དང་རྒྱས་པ་ལ་སོགས་པའི་ལས་རྣམས་གྲུབ་པར་འདོད་པས་ཕྱི་དང་ནང་གི་བྱའོ་ཞེས་པ་སྟེ། །མཚན་མར་བཅས་
པས་མཚན་བཅས་ཀྱིས། །དངོས་གྲུབ་རྒྱལ་བ་དམ་པ་བཞེད། །མཚན་མ་མེད་པ་གནས་པས་ནི། །མཚན་མ་ཅན་ཡང་བསྒྲུབ་ཏུ་རུང་། །ཞེས་བྱ་བ་དང་སྦྱར་ཏེ། ནང་གི་སྦྱིན་སྲེག་ཕྱི་རོལ་གྱི་གཟུགས་ལ་སོགས་པ་ལ་མི་ལྟོས་པའི་མཚན་མ་མེད་པ་དེས་ཀྱང་ཤིང་ལ་སོགས་པ་མཚན་
མ་དང་བཅས་པ་རྣམས་འགྲུབ་པར་འགྱུར་རོ་ཞེས་པའོ། །ཕྱི་རོལ་གྱི་ནི་གསུམ་ལྡན་ཞིང་། །ཞེས་པ་ནི་ཕྱི་རོལ་གྱི་སྦྱིན་སྲེག་བྱེད་པ་ན་གསུམ་དང་ལྡན་པར་བྱ་བ་ནི་ཞི་བ་དང་རྒྱས་པ་དང་མངོན་སྤྱོད་ཀྱི་ལས་གང་ཡང་རུང་བའི་ཁ་དོག་དང་ཚུལ་དུ་ལྡན་པར་བྱ་བ་དང་རྫས་རྣམས་ཀྱང་དེའི་ཁ་

དོག་དང་ལྡན་པར་བསམས་པ་དང་། བདག་ཉིད་ཀྱང་དེའི་ཁ་དོག་དང་མཚུངས་པར་ལྡན་པའི་ལྷར་བསྒྱུར་བ་སྟེ། དེ་ལྟར་མེ་དང་རྫས་དང་བདག་གསུམ་པོ་ཞི་བ་ལ་སོགས་པའི་ལས་གང་ཡང་རུང་བའི་ཁ་དོག་དང་ཚུལ་དུ་ལྡན་པར་བྱ་བ་ནི་གསུམ་དང་ལྡན་པའོ། །གནས་གསུམ་དང་ཞེས་པ་ནི་ཞི་
བ་དང་རྒྱས་པ་དང་མངོན་སྤྱོད་རྣམས་ཀྱི་དཀྱིལ་འཁོར་དབང་ཆེན་དང་ཆུ་དང་རླུང་གི་གནས་གསུམ་དང་ལྡན་པའོ། །གསུམ་ལ་གནས་ཞེས་པ་ནི་ཞི་བ་ལ་སོགས་པའི་མེ་ཐབ་ཟླུམ་པོ་དང་གྲུ་བཞི་དང་གྲུ་གསུམ་དག་བསྲེག་རྫས་ལ་སོགས་པའི་གནས་ཡིན་ནོ་ཞེས་པའོ། །ལས་གསུམ་ནི་ཞི་བ་དང་རྒྱས་པ་
དང་མངོན་སྤྱོད་རྣམས་ཡིན་ལ། ལམ་གྲུབ་པ་ནི་དེ་དག་གི་འབྲས་བུ་གསུམ་གྲུབ་པའོ། །ཕྱི་དང་ནང་གང་ཡང་རུང་བའི་སྦྱིན་སྲེག་གི་ཆོ་ག་དེ་ལས་གཞན་དུ་བྱས་ན་དེ་དག་གིས་འབྲས་བུ་ཐོབ་པར་མི་འགྱུར་ཏེ། དེ་བས་ན། གང་དག་གཞན་དུ་བྱེད་པ་ནི། །ཞེས་པ་ལ་སོགས་པ་ནི་གཉི་
གའི་སྤྱིར་གསུངས་པ་ཡིན་ནོ། །དེ་བཞིན་གཤེགས་པའི་གསང་སྔགས་དང་། །ཞེས་པ་ནས། ལྷ་ཡི་ཚད་ཀྱང་གོ་རིམས་བཞིན། །དེ་ཙམ་དུ་ནི་ཤེས་པར་བྱ། །ཞེས་པའི་བར་གྱིས་ནི་སྔགས་ཀྱི་ལྷ་ལ་སོགས་པའི་ཁ་དོག་དང་དབྱིབས་དང་ཚད་རྣམས་བཤད་དེ། དེ་བཞིན་གཤེགས་
པས་གསང་སྔགས་དང་། །དེ་བཞིན་རྫོགས་སངས་རྒྱས་ཀྱིས་གསུངས། །དཀར་དང་སེར་དུ་ཤེས་པར་བྱ། །ཞེས་པ་ནི་དེ་བཞིན་གཤེགས་པའི་རིགས་ནི་ཆོས་ཐམས་ཅད་རྣམ་པར་དག་པའི་མཚན་ཉིད་ཞི་བའི་རང་བཞིན་ཡིན་པས་ན་ཁ་དོག་དཀར་པོར་རིག་པར་བྱའོ་ཞེས་པའོ། །དེ་བཞིན་
རྫོགས་སངས་རྒྱས་ཀྱིས་གསུངས། །ཞེས་པ་ནི་ཤཱཀྱ་ཐུབ་པ་དང་འཕགས་པ་འཇམ་དཔལ་ལ་སོགས་པ་བྱང་ཆུབ་སེམས་དཔའ་ཀུན་དུ་སངས་རྒྱས་པ་དེ་དག་ནི་སེམས་ཅན་གྱི་དོན་ལ་སྤྱོད་པས་ན་ཚོགས་རྫོགས་པར་མཛད་དེ་རྒྱས་པའི་མཚན་ཉིད་ཡིན་པས་ཁ་དོག་སེར་པོར་རིག་པར་
བྱའོ། །ཕྱག་ན་རྡོ་རྗེ་ཐམས་ཅད་པ། །ཞེས་པ་ནི་ཕྱག་ན་རྡོ་རྗེ་ཡང་བྱ་བ་གྲུབ་པའི་ཡེ་ཤེས་ཀྱི་རང་བཞིན་སེམས་ཅན་གྱི་དོན་དུ་སྤྱོད་པས་ཁ་དོག་ཐམས་ཅད་བར་རིག་པར་བྱའོ། །འཇིག་རྟེན་དབང་ཕྱུག་གསང་སྔགས་ནི། །ལས་ཀྱི་བྱེ་བྲག་དག་ལས་དཀར། །ཞེས་པ་ནི་སྤྱན་རས་གཟིགས་ཀྱི་

དབང་པོ་ནི་སོ་སོར་ཀུན་དུ་རྟོག་པའི་ཡེ་ཤེས་ཀྱི་རང་བཞིན་ཆོས་ཐམས་ཅད་འཁྲུལ་པར་བྱེད་པའི་བདག་ཉིད་པས་ཁ་དོག་དཀར་པོར་ཤེས་པར་བྱའོ། །ཀུན་དུ་གྲུ་བཞི་ལྷམ་པ་ལ། །གོ་རིམས་བཞིན་དུ་ཟླུམ་པོ་དང་། །གྲུ་གསུམ་དང་ནི་ཟླ་གམ་འདྲ། །དབྱིབས་ནི་
ལེགས་པར་བཤད་པ་ཡིན། །ཞེས་པ་ནི་ལྷ་དེ་རྣམས་ཀྱི་འཁོར་དབང་ཆེན་ལ་སོགས་པའི་དབྱིབས་བཤད་པ་སྟེ། རིམ་པ་བཞིན་དུ་ཤེས་པར་བྱའོ། །གཟུགས་ནི་གཉིས་སུ་ཤེས་བྱ་བ། །བུད་མེད་དང་ནི་སྐྱེས་པ་ཉིད། །ཅེས་པ་ནི་ལྷ་རྣམས་ཀྱི་གཟུགས་བཤད་པ་སྟེ། དེ་ལ་ལྷ་རྣམས་
ཀྱང་རྣམ་པ་གསུམ་སྟེ་རྣམ་པར་སྨིན་པའི་གཟུགས་དང་། གནས་ཡོངས་སུ་གྱུར་པ་དང་། སྤྲུལ་པའོ། །དེ་ལ་རྣམ་པར་སྨིན་པའི་གཟུགས་ནི་རང་གི་ལས་དང་བསོད་ནམས་ལས་སྐྱེས་པའོ། །གནས་ཡོངས་སུ་གྱུར་པ་ནི་སྒྲུབ་པ་པོས་གྲུབ་པའི་གཟུགས་སོ། །སྤྲུལ་པ་ནི་ཏིང་ངེ་འཛིན་
ལ་སོགས་པའི་དབང་གིས་གང་ཡང་རུང་བ་ཅིག་ཡིད་ལ་བསམས་པར་གྱུར་པ་སྟེ། དེ་དག་ལས་ལ་ལ་ནི་སྐྱེས་པར་སྣང་། ལ་ལ་ནི་བུད་མེད་དུ་སྣང་བའོ། །ཡང་ན་ཀུན་དུ་ཐམས་ཅད་ཀྱི། །ཁ་དོག་དབྱིབས་དང་གཟུགས་རྣམས་ཏེ། །ཞེས་པ་ནི་ཡང་ན་གོང་དུ་ཁ་དོག་དཀར་པོ་ལ་
སོགས་སྨོས་པ་དང་། དབྱིབས་གྲུ་བཞི་ལ་སོགས་པ་སྨོས་པ་དང་། གཟུགས་བུད་མེད་དང་སྐྱེས་པར་སྨོས་པ་དེ་དག་ངེས་པ་ནི་མ་ཡིན་ཏེ་དེ་དག་ཀུན་ཀྱང་ཁ་དོག་ཐམས་ཅད་དང་དབྱིབས་ཐམས་ཅད་དང་། གཟུགས་ཐམས་ཅད་དུ་ཤེས་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། བསམ་ཡས་
ཡེ་ཤེས་ལས་བྱུང་བས། །དེ་བས་དེ་རྣམས་བསམ་ཡས་ཏེ། །ཞེས་གསུངས་ཏེ་དེ་ཐམས་ཅད་ཀྱང་དེ་བཞིན་ཉིད་ཀྱི་ཡེ་ཤེས་བསམ་དུ་མེད་པ་ལས་བྱུང་བ་ཤ་སྟག་ཡིན་པས་ཁ་དོག་དང་དབྱིབས་ལ་སོགས་པ་ཆད་པ་མེད་པས་བསམ་གྱིས་མི་ཁྱབ་པའོ། །དེ་ཡང་ཅིའི་ཕྱིར་ཞེ་ན། ཡེ་
ཤེས་མཁྱེན་གྱིས་ཡེ་ཤེས་ནི། །སེམས་ཅན་དོན་ཕྱིར་ཐ་དད་འགྱུར། །ཞེས་པ་སྟེ། དེ་དག་གི་ཁ་དོག་དང་དབྱིབས་ལ་སོགས་པ་ཆད་པ་མེད་པ་ཡང་སེམས་ཅན་གྱི་དོན་སྣ་ཚོགས་ལ་མཁས་པའི་ཡེ་ཤེས་དེས་གདུལ་བའི་འགྲོ་བ་དང་རྗེས་སུ་མཐུན་པའི་གཟུགས་ལ་སོགས་པ་སྟོན་པའི་ཕྱིར་

རོ། །ཡིད་ཀྱི་རྒྱན་ནི་ཇི་ཙམ་པ། །སྟན་དང་ཕྱག་རྒྱ་དག་དང་ནི། །ལྷ་ཡི་ཚད་ཀྱང་གོ་རིམས་བཞིན། །དེ་ཙམ་དུ་ནི་ཤེས་པར་བྱ། །ཞེས་པ་ནི་ལྷ་ལ་སོགས་པའི་ཚད་བསམས་ཏེ། ནང་དུ་ཡིད་ལ་བསམ་པའམ། ཕྱི་རོལ་དུ་བྲི་བ་ལ་སོགས་པ་ཀུན་ཀྱང་ཡིད་ལ་ཇི་ཙམ་དུ་འདོད་པ་དེ་ཙམ་
དུ་བསམ་པའམ་བྲི་བར་བྱ་ཞེས་པའོ། །ལྷ་ཡི་ཚད་ཀྱང་གོ་རིམས་བཞིན། །ཞེས་པ་ནི་དཀྱིལ་འཁོར་དུ་བྲི་བའི་ལྷ་རྣམས་ཀྱང་སྙིང་པོའི་དཀྱིལ་འཁོར་དུ་བྲི་བ་རྣམས་ནི་དཀྱིལ་འཁོར་གྱི་སའི་ཞེང་ཆེ་བས་ལྷའི་གཟུགས་ཀྱང་ཆེ་བར་བྱ་དེའི་གོ་རིམས་ཀྱིས་དེ་བཞིན་དུ་ཞེང་ཆུང་བ་རྣམས་
སུ་རིམ་གྱིས་ཆུང་བར་བྱ་ཞེས་པའོ། །སངས་རྒྱས་གང་ནས་གང་བྱུང་བ། །ཕྱག་རྒྱ་རྣམས་ཀྱང་དེ་ནས་བྱུང་། །ཞེས་བྱ་བ་ནི་ཕྱག་རྒྱ་གང་ནས་བྱུང་བའི་ཁུངས་བཤད་པ་སྟེ། སངས་རྒྱས་རྣམས་ཀྱི་ཆོས་ཀྱི་དབྱིངས་ལས་བྱུང་བའི་ཕྱག་རྒྱ་དེས་བདག་དང་སློབ་མ་ལ་སོགས་པ་ལྷའི་
ལུས་སུ་བྱིན་གྱིས་བརླབས་པ་དང་ཕྱག་རྒྱ་དེས་སློབ་མ་ལ་སོགས་པ་སྲུང་བ་སྟེ། དེ་བསྲུངས་ན་ཆོས་ཀྱི་དབྱིངས་ཀྱི་མཚན་མས་བཏབ་པས་ཅིས་ཀྱང་མི་ཚུགས་པར་འགྱུར་བ་ནི་འཇིག་རྟེན་ན་རྒྱལ་པོའི་རྒྱ་དང་ལྡན་པའི་སྐྱེས་བུ་ལ་སུས་ཀྱང་གཙེ་བར་མི་འགྱུར་བ་དང་འདྲའོ་ཞེས་སྔར་
བཞིན་དུ་བཤད་དོ། །དེ་བས་མདོར་ན་ཆོས་ཀྱི་དབྱིངས། །མཚན་མ་ཕྱག་རྒྱ་ཡིན་པར་བཤད། །ཅེས་པ་ནི་མདོར་ན་ཕྱག་རྒྱ་རྣམས་ཆོས་ཀྱི་དབྱིངས་ཀྱི་མཚན་མ་ཡིན་པར་ཤེས་པར་བྱའོ་ཞེས་པའོ། །དབང་བསྐུར་གསུམ་དུ་ཤེས་བྱ་སྟེ། །ཞེས་པ་ནས། རྫོགས་པའི་སངས་རྒྱས་
རྣམས་ཀྱིས་བསྒྲགས། །ཞེས་པའི་བར་གྱིས་ནི་དབང་བསྐུར་བ་རྣམ་པ་གསུམ་བཤད་དེ། །ཕྱག་རྒྱ་གང་ཞིག་དབང་བསྐུར་བ། །ལས་དང་བྱ་བ་སྤངས་པ་སྟེ། །ཞེས་པ་ནི་སྙིང་རྗེ་ཆེན་པོ་འབྱུང་བ་དང་ཡི་གེ་འཁོར་ལོ་བསྐོར་བའི་དཀྱིལ་འཁོར་དུ་ནམ་སློབ་དཔོན་དང་སློབ་མ་ཟབ་ཅིང་རྒྱ་
ཆེ་བ་ལ་མོས་པ་དག་ཕྱག་རྒྱས་དབང་བསྐུར་བྱ་བར་བཤད་པ་སྟེ། དཀྱིལ་འཁོར་གཉིས་གང་ཡང་རུང་བའི་མདུན་དུ་དབང་བསྐུར་བའི་དཀྱིལ་འཁོར་དང་བུམ་པ་ལ་སོགས་པ་ལ་མི་ལྟོས་པར་ཀུན་དུ་བཟང་པོ་ལ་སོགས་པ་བྱང་ཆུབ་སེམས་དཔའི་ཕྱག་རྒྱ་དང་འོག་ནས་འབྱུང་བའི་ཕྱག་

རྒྱས་དབང་བསྐུར་བའོ། །ལས་དང་བྱ་བ་སྤངས་པ་སྟེ། །ཞེས་པ་ནི་དབང་བསྐུར་བའི་བུམ་པ་དང་། དཀྱིལ་འཁོར་དང་དུང་དང་འཁོར་ལོ་ལ་སོགས་པའི་ཆོ་ག་རྣམས་དང་བྲལ་བ་ཞེས་པའོ། །གཉིས་པ་ལས་དང་བྱ་བ་ཡིས། །ཀུན་ནས་བསླངས་པར་ཡང་དག་བཤད། །
ཅེས་པ་ནི་སྙིང་རྗེ་ཆེན་པོ་དང་འབྱུང་བ་དང་ཡི་གེ་འཁོར་ལོ་བསྐོར་བའི་དཀྱིལ་འཁོར་གྱི་མདུན་དུ་དབང་བསྐུར་བའི་དཀྱིལ་འཁོར་བྲིས་ནས་སྔར་ཇི་སྐད་བཤད་པའི་ཆོ་ག་བཞིན་དུ་དབང་བསྐུར་བར་གསུངས་པའོ། །གསུམ་པ་ཡིད་ཀྱིས་ཤེས་བྱ་སྟེ། །ཡུལ་དང་དུས་ཚོད་སྤངས་པའོ། །ཞེས་
པ་ནི་གསང་བའི་དཀྱིལ་འཁོར་དུ་ཡིད་ཀྱིས་དབང་བསྐུར་བ་སྟེ་འོག་ནས་དངོས་སུ་འབྱུང་ངོ་། །བླ་མ་ལེགས་པར་མགུ་བྱས་ནས། །ཕན་བྱེད་པས་གང་སྨྲས་པ་ཡི། །དབང་བསྐུར་འདི་ནི་མཆོག་ཡིན་པར། །རྫོགས་པའི་སངས་རྒྱས་རྣམས་ཀྱིས་བསྒྲགས། །ཞེས་པ་ནི་དཀྱིལ་
འཁོར་གོང་མ་གཉིས་སུ་ཕྱག་རྒྱས་དབང་བསྐུར་ནས་རྗེས་སུ་གནང་བའི་ཚིག་སྨྲས་པ་ལ་བྱ་སྟེ། ཕྱག་རྒྱས་དབང་བསྐུར་བའི་འོག་ཏུ་སློབ་དཔོན་སློབ་མའི་རིམ་གྲོ་དང་ནན་ཏན་ལ་སོགས་པས་མགུ་ནས་ཁྱོད་ཀྱིས་དེང་ཕྱིན་ཆད་ཆོས་ཀྱི་འཁོར་ལོ་བསྐོར་ཅིག་ཅེས་པ་ལ་སོགས་པའི་
ཚིག་ཏུ་ཤེས་པར་བྱའོ། །ཕྱག་རྒྱས་དབང་བསྐུར་བ་དང་པོ་དང་དབང་བསྐུར་བ་གཉིས་པ་ནི་སྙིང་རྗེ་ཆེན་པོ་འབྱུང་བ་དང་ཡི་གེ་འཁོར་ལོ་བསྐོར་བའི་དཀྱིལ་འཁོར་དུ་བྱའོ། །གསང་བའི་དཀྱིལ་འཁོར་དུ་ནི་ཡིད་ཀྱིས་དབང་བསྐུར་བ་དངོས་སུ་གསུངས་པས་གོང་མ་གཉིས་མི་བྱ་བར་
ཤེས་པའོ། །འདི་རྣམས་ཀྱང་འདིར་ཚིག་ཙམ་བཤད་ཀྱིས་དོན་བསྡུས་པའི་དོན་ཉིད་དུ་གཏན་ལ་ཕབ་སྟེ་བཤད་ཟིན་ཏོ། །སངས་རྒྱས་རྣམས་ཀྱིས་མདོར་ན་ནི། །དམ་ཚིག་ཅན་རྣམས་སྔར་བཤད་དེ། །ཞེས་པ་ནས། དམ་ཚིག་ཅན་ཞེས་གཞན་མི་བྱ། །ཞེས་པའི་བར་གྱིས་ནི་དམ་
ཚིག་ཅན་གྱི་རིམ་པའི་བཤད་པ་ཡིན་ཏེ། དེ་ལ་སྤྱིར་སློབ་མ་རྣམས་དཀྱིལ་འཁོར་དུ་འཇུག་པ་ཡང་ཁ་ཅིག་ནི་དམ་ཚིག་ཅན་དུ་འདོད་པའི་ཕྱིར་འཇུག་ལ་ཁ་ཅིག་ནི་སྒྲུབ་པར་བྱེད་པའི་ཕྱིར་འཇུག །ཁ་ཅིག་ནི་སློབ་དཔོན་དུ་འདོད་པའི་ཕྱིར་འཇུག་སྟེ། དེ་ལ་

དམ་ཚིག་ཅན་དུ་འདོད་པའི་ཕྱིར་འཇུག་པ་ནི། དཀྱིལ་འཁོར་འདི་གསུམ་ལས་གང་ཡང་རུང་བར་ཞུགས་ཏེ་དམ་ཚིག་ཅན་དུ་གྱུར་ན་དཀྱིལ་འཁོར་ལྷག་མ་གཉིས་ལ་མི་ལྟོས་ལ། སྒྲུབ་པ་དང་སློབ་དཔོན་དུ་འདོད་པ་ནི་དཀྱིལ་འཁོར་གསུམ་ཆར་ལ་ལྟོས་པར་ཤེས་པར་བྱའོ། །
དཀྱིལ་འཁོར་འདི་ནི་མཐོང་བ་ལས། །དམ་ཚིག་ཤེས་པ་གཅིག་ཅེས་བྱ། །ཞེས་པ་ནི་དམ་ཚིག་གི་དོན་ནི་འདིར་ཚུལ་ལས་མི་འགལ་བའི་དོན་ཏེ་དཀྱིལ་འཁོར་གསུམ་ལས་གང་ཡང་རུང་བ་ཞིག་མཐོང་ན་དམ་ཚིག་ཅན་གཅིག་ཅེས་བྱ་སྟེ། དེས་སྔར་བྱང་ཆུབ་ཀྱི་སེམས་བསྒོམས་ན་ནི་དེ་
ལ་ཕྱག་རྒྱ་དང་སྔགས་སྦྱིན་པར་བྱ་ལ། སྔར་བྱང་ཆུབ་ཀྱི་སེམས་མ་བསྒོམས་ན་དེ་ལ་ཕྱག་རྒྱ་དང་སྔགས་སྦྱིན་དུ་མི་རུང་སྟེ། དེ་བས་ན། དེ་ལ་ཕྱག་རྒྱ་མི་བསྟན་ཞིང་། །སྔགས་ཀྱང་སྦྱིན་པར་མི་བྱའོ། །ཞེས་གསུངས་པ་ཡིན་ནོ། །དེ་ལྟར་དཀྱིལ་འཁོར་དེར་ཞུགས་ནས་ཕྱག་རྒྱ་དང་
སྔགས་མི་སྦྱིན་པར་བྱང་ཆུབ་ཀྱི་སེམས་བསྒོམ་དུ་བཅུག་སྟེ་གོམས་པར་གྱུར་ན། བྱང་ཆུབ་སེམས་ཀྱི་བྱེ་བྲག་ལས། །སྔགས་དང་ཕྱག་རྒྱ་ཡོངས་སུ་གཟུང་། །ཞེས་བྱ་བས་གདོད་ཕྱག་རྒྱ་དང་སྔགས་སྦྱིན་པར་གསུངས་སོ། །དཀྱིལ་འཁོར་མཐོང་ཞེས་བྱ་བ་འདི། །དམ་ཚིག་ཅན་གཉིས་
ཤེས་པར་བྱ། །ཞེས་པ་ནི་དེ་ལྟར་བྱང་ཆུབ་ཀྱི་སེམས་གོམས་ནས་ཡང་དཀྱིལ་འཁོར་དུ་བཅུག་སྟེ་ཕྱག་རྒྱ་དང་སྔགས་བྱིན་པ་དེ་ནི་དམ་ཚིག་ཅན་གཉིས་པར་ཤེས་པར་བྱའོ། །དཀྱིལ་འཁོར་དང་ནི་ཕྱག་རྒྱ་མཐོང་། །ལས་དང་བྱ་བ་ལ་ཡང་སྦྱར། །བླ་མས་ལུང་ནི་མ་བྱིན་པར། །དེ་ཡང་དམ་
ཚིག་ཤེས་པར་བཤད། །ཅེས་པ་ནི་དཀྱིལ་འཁོར་ཀྱང་མཐོང་ལ། རྒྱུད་དང་རྟོག་པ་ལ་སོགས་པ་ཉན་དུ་བཅུག་ཅིང་སློབ་དཔོན་དུ་ལུང་མ་བསྟན་པ་དེ་ནི་དམ་ཚིག་ཤེས་པ་གསུམ་པ་ཞེས་བྱའོ། །ཕྱག་རྒྱ་དཀྱིལ་འཁོར་བྲི་བ་རྣམས། །དེ་ཚེ་ཆོ་ག་བཞིན་དུ་བསྟན། །གསང་བའི་ཡེ་ཤེས་བྱུང་
བ་ཡིས། །དབང་བསྐུར་མེད་པའི་སྔགས་པའང་ཡིན། །ཞེས་པ་ནི་སྙིང་རྗེ་ཆེན་པོ་འབྱུང་བའི་དཀྱིལ་འཁོར་དང་། ཡི་གེ་འཁོར་ལོ་བསྐོར་བའི་དཀྱིལ་འཁོར་གཉིས་ཀ་དབང་བསྐུར་བའམ། གང་ཡང་རུང་བ་ཅིག་ཏུ་དབང་བསྐུར་ཏེ་ཕྱག་རྒྱ་དང་དཀྱིལ་འཁོར་བྲི་བ་དང་ཕྱག་རྒྱ་བཤད་པ་དེ་དག་

ཆོ་ག་བཞིན་དུ་དེས་གཞན་ལ་ཡང་བསྟན་པར་གསུངས་པ་ལས་གསང་བའི་དཀྱིལ་འཁོར་འབའ་ཞིག་ཏུ་དབང་མ་བསྐུར་བ་དེ་ནི་དམ་ཚིག་ཤེས་པ་བཞིན་ཞེས་བྱའོ། །གསང་བའི་དཀྱིལ་འཁོར་དབུས་སུ་ནི། །སྔགས་པ་ཆོ་གས་དབང་བསྐུར་བ། །དམ་ཚིག་ཤེས་པ་ལྔར་
ཤེས་བྱ། །དམ་ཚིག་ཅན་ཞེས་གཞན་མི་བྱ། །ཞེས་པ་ནི་དཀྱིལ་འཁོར་གོང་མ་གཉིས་སུ་ཡང་དབང་བསྐུར་ལ། །གསང་བའི་དཀྱིལ་འཁོར་དུ་དབང་བསྐུར་བ་དེ་ནི་དམ་ཚིག་གཤེས་པ་ལྔ་ཞེས་བྱའོ། །དམ་ཚིག་ཅན་ཞེས་གཞན་མི་བྱ། །དེ་ལྟར་གོང་དུ་སྨོས་པ་ལས་གཞན་དུ་ཆོ་ག་ལས་འགལ་
བར་བྱས་ན་དམ་ཚིག་ཅན་ཞེས་མི་བྱའོ་ཞེས་པའོ། །བརྟུལ་ཞུགས་བཟང་པོ་བྱང་ཆུབ་ཕྱིར། །ཞེས་པ་ནས། གནས་པ་དེ་ནི་བདེན་པ་མཐོང་། །ཞེས་པའི་བར་གྱིས་གོང་དུ་ནི། །སྔགས་སྤྱད་པ་ལ་བརྩོན་པ་ཡི། །སྔགས་པ་བྱང་ཆུབ་སེམས་དཔའ་དང་། །ཐམས་ཅད་མཁྱེན་པར་ཇི་ལྟར་འགྱུར། །
ཇི་ལྟར་བདེན་པ་མཐོང་བར་འགྱུར། །ཞེས་པ་ནི་དྲིས་པ་དེ་དག་བཤད་པ་སྟེ། བརྟུལ་ཞུགས་བཟང་པོ་བྱང་ཆུབ་ཕྱིར། །གང་ཞིག་སེམས་ནི་བསྒོམ་པ་ན། །སྔགས་པའི་གནས་གསུམ་མི་དམིགས་པ། །དེ་ནི་བྱང་ཆུབ་སེམས་དཔའ་ཡིན། །ཞེས་པ་ནི་གང་ཞིག་བྱང་ཆུབ་ཀྱི་སེམས་རྟག་
ཏུ་བསྒོམས་ཏེ། ལུས་དང་ངག་དང་ཡིད་ཀྱི་གནས་གསུམ་མམ། འདོད་པའི་ཁམས་དང་གཟུགས་ཀྱི་ཁམས་དང་གཟུགས་མེད་པའི་ཁམས་ཀྱི་གནས་གསུམ་དུ་འཇུག་པའི་བྱང་ཆུབ་ཀྱི་སེམས་ཀྱིས་བཤིག་སྟེ། དམིགས་སུ་མེད་པར་བྱེད་པ་དེ་ནི་བྱང་ཆུབ་སེམས་དཔའ་ཞེས་བྱའོ། །
ཐབས་ཀྱི་སྙིང་སྟོབས་སྐྱེས་ནས་སུ། །སེམས་ཅན་དོན་ལ་སྦྱོར་བ་ནི། །དམིགས་སུ་མེད་པའི་སྤྱོད་པ་ཐོབ། །རྒྱལ་བའི་མཆོག་ཏུ་ཤེས་པར་བྱ། །ཞེས་པ་ནི་དམིགས་སུ་མེད་པའི་སྤྱོད་པ་ཐོབ་ནས་དེ་ལས་ལངས་ཏེ་ཆོས་རྣམས་སྒྱུ་མ་ལྟ་བུར་ཤེས་པ་བཞིན་དུ་ཐབས་ཀྱིས་སེམས་ཅན་གྱི་དོན་དུ་
སྤྱོད་པ་དེ་ནི་ཐམས་ཅད་མཁྱེན་པ་ཞེས་བྱ་སྟེ། དམིགས་སུ་མེད་པའི་སྤྱོད་ཐོབ་པ། །ཞེས་པ་ནི་མོས་པས་སྤྱོད་པའི་ཚེ་ན་འཇུག་པའི་བྱང་ཆུབ་ཀྱི་སེམས་ཀྱི་ཆོས་རྣམས་བཤིག་ནས་གནས་པའི་བྱང་ཆུབ་ཀྱི་སེམས་ཀྱི་མཚན་ཉིད་སྟོང་པ་ཉིད་ལ་གནས་པ་ན་དོན་དམ་པར་ཡང་ཆོས་རྣམས་དམིགས་

སུ་མེད་ལ། ཀུན་རྫོབ་ཏུ་ཡང་ཆོས་རྣམས་འཁྲུལ་པའམ་སྒྱུ་མ་ལྟ་བུར་རྟོགས་པས་ན། དམིགས་སུ་མེད་པའི་སྤྱོད་པ་ཐོབ་པ། །ཞེས་བྱའོ། །རྒྱལ་བའི་མཆོག་ཅེས་པ་ནི་དེ་ལྟར་ཀུན་རྫོབ་དང་དོན་དམ་པར་ཆོས་རྣམས་དམིགས་སུ་མེད་པར་རྟོགས་པ་དེ་ནི་བདུད་བཞི་དངོས་སུ་བཅོམ་ཡང་བདུད་བཞི་
ལས་རྒྱལ་བའི་ངང་ཚུལ་ཅན་ཡིན་པས་རྒྱལ་བའི་མཆོག་ཅེས་བྱའོ། །ཐོག་མ་ནས་ནི་ཞི་བའི་ཆོས་ངོ་བོ་ཉིད་མེད་པ་ལ། གང་གི་སེམས་ནི་རང་བཞིན་གྱིས། །གནས་པ་དེ་ནི་བདེན་པ་མཐོང་། །ཞེས་པ་ནི་བདེན་པ་མཐོང་བ་བཤད་པ་སྟེ། དེ་ནས་ཆོས་རྣམས་ཐོག་མ་ནས་ཞི་ཞིང་གང་གི་ངོ་
བོ་ཉིད་མེད་པར་རྟོགས་ཏེ་དེ་ཉིད་ལ་སེམས་རི་རབ་བཞིན་དུ་མི་གཡོ་བར་འགྱུར་ན་དེ་ནི་བདེན་པ་མཐོང་བ་ཞེས་བྱའོ། །དེ་དག་ཀྱང་མདོར་ན་ཐོག་མ་ནི་འཇུག་པའི་བྱང་ཆུབ་ཀྱི་སེམས་དང་ལྡན་པའོ། །བདེན་པ་མཐོང་བ་ཞེས་པ་ནི་གནས་པའི་བྱང་ཆུབ་ཀྱི་སེམས་བཤད་པའོ། །རྒྱལ་བའི་
མཆོག་ཅེས་པ་ནི་ལྡང་བའི་བྱང་ཆུབ་ཀྱི་སེམས་བསྟན་པ་སྟེ་དེ་དག་ཀྱང་མོས་པས་སྤྱོད་པའི་ས་གཉིས་ལ་གནས་པའི་ཡོན་ཏན་དུ་ཤེས་པར་བྱའོ། །འདི་བདེན་འདི་ནི་ཡང་དག་པར། །ཞེས་པ་ནས། སངས་རྒྱས་ཉིད་དང་གང་གཞན་ནོ། །ཞེས་བའི་བར་གྱིས་གྲུབ་པའི་རིགས་རྣམས་བཤད་པ་
སྟེ། འདི་བདེན་འདི་ནི་ཡང་དག་པ། །དེ་བཞིན་དུ་ནི་མི་སླུ་བ། །ཇི་ལྟར་སངས་རྒྱས་བདེན་གཟིགས་པ། །དེ་བཞིན་སྔོན་ནི་ངས་མ་མཐོང་། །ཞེས་པ་ནི། འདི་ནི་བྱང་ཆུབ་སེམས་ཐོབ་པ། །ཞེས་པ་ནི་དེ་ཉིད་ཀྱི་རྗེས་སུ་བསྔགས་པའི་ཁྱད་པར་ཏེ། གང་ཡང་བྱང་ཆུབ་ཀྱི་སེམས་ཐོབ་པ་དེ་ནི་བདེན་
ཞིང་ཡང་དག་པ་མི་སླུ་བ་སྟེ་ཇི་ལྟར་སྔོན་གྱི་སངས་རྒྱས་དང་། ངས་ཀྱང་ཡང་དག་མི་སླུ་བ་ཡིན་པར་མཐོང་ངོ་ཞེས་པའོ། །གང་གིས་བྱང་ཆུབ་ཀྱི་སེམས་ཐོབ་པ་ཡང་བསྒྲུབས་ནས། དེ་སྲིད་དུ་བྱང་ཆུབ་སེམས་དཔའ་ཀུན་དུ་བཟང་པོའམ། འཕགས་པ་འཇམ་དཔལ་ལམ། རྡོ་རྗེ་འཛིན་
ཆེན་པོ་གང་ཡང་རུང་བ་ཅིག་འོངས་ཏེ་མགོ་ལ་ཉུག་གམ་ལེགས་སོ་ཞེས་ཟེར་གྱི་བར་དུ་བཟླས་བརྗོད་བྱའོ། །དེ་ནས་ཕྱག་བྱས་ཏེ་མཆོད་ཡོན་ཕུལ་ན་བྱང་ཆུབ་ཀྱི་སེམས་མི་བརྗེད་པའི་ཏིང་ངེ་འཛིན་ཐོབ་པར་འགྱུར་རོ་ཞེས་གོང་དུ་བཤད་པ་དེ་ལྟ་བུའི་གྲུབ་པ་ཐོབ་པ་ནི་བྱང་ཆུབ་ཀྱི་སེམས་

ཐོབ་པ་ཞེས་བྱ་སྟེ། དེ་ལྟ་བུ་གྲུབ་ན་དེ་ཉིད་དངོས་གྲུབ་ཡིན་གྱིས། གཞན་ཅི་ཞིག་དགོས་ཏེ་བྱང་ཆུབ་ཀྱི་སེམས་དེ་གྲུབ་པ་གཞན་གྱི་རྒྱུ་ཡིན་པའི་ཕྱིར་རོ། །དེ་ལས་གཞན་དུའང་དངོས་གྲུབ་ནི། །རྣམ་པ་དག་ནི་ལྔར་འདོད་དེ། །ཞེས་པ་ནི་བྱང་ཆུབ་ཀྱི་སེམས་གྲུབ་པ་དེ་
ལས་གཞན་པ་མིང་གིས་སྨོས་པ་ལྔ་པོ་ལ་བྱ་སྟེ། དེ་དག་ཀྱང་སྤྱོད་པའི་རྗེས་སུ་འཇུག་པ་ལ་སོགས་པ་རྣམས་སོ། །དེ་ལ་སྤྱོད་པའི་རྗེས་སུ་འཇུག་པ་ནི་མོས་པས་སྤྱོད་པའི་ས་ལས་འཕར་ཏེ་ཡེ་ཤེས་ཀྱི་ས་ལ་འཇུག་པའི་སྐབས་སུ་སྣང་བ་ཐོབ་པ་དང་སྣང་བ་མཆེད་པ་ཞེས་བྱ་བ་ལ་སོགས་པའི་ཏིང་
ངེ་འཛིན་གྱི་ཁྱད་པར་གྲུབ་པའོ། །དེ་བཞིན་ས་ནི་གནོན་པ་དང་། །ཞེས་པ་ནི་ས་རབ་ཏུ་དགའ་བ་ཐོབ་པ་ལས་གྲུབ་པའོ། །འཇིག་རྟེན་མངོན་ཤེས་ལྔར་འདོད་དང་། །ཞེས་པ་ནི་འཇིག་རྟེན་གྱི་མངོན་པར་ཤེས་པ་ལྔ་གྲུབ་པའོ། །སངས་རྒྱས་ཉིད་དང་ཞེས་པ་ནི་སངས་རྒྱས་ཀྱི་གཟུགས་སུ་གྱུར་
པའི་རིག་འཛིན་གྲུབ་པའོ། །གང་གཞན་ཞེས་པ་ནི་རིག་འཛིན་ཕལ་པ་རྣམས་གྲུབ་པ་སྟེ། དེ་ཉིད་ཀྱི་གཟུངས་ཀྱི་གྲུབ་པའོ། །གོང་མ་གསུམ་ནི་སེམས་ཀྱི་གྲུབ་པར་ཤེས་པར་བྱའོ། །རྒྱུད་ལས་རྒྱུད་དུ་གྱུར་པ་ཡི། །ཞེས་པ་ནས། ཡིད་ལས་ཡང་དག་འབྱུང་བ་ཐོབ། །ཅེས་པའི་བར་གྱིས་གྲུབ་
པའི་དུས་བཤད་དེ། དེ་ལས་གྲུབ་པའི་དུས་ཀྱང་ཚེ་འདི་ལ་གྲུབ་པ་དང་ཚེ་ཕྱི་མ་ལ་གྲུབ་པ་རྣམ་པ་གཉིས་སོ། །རྒྱུད་ལས་རྒྱུད་དུ་གྱུར་པ་ཡི། །ལས་ནི་མི་སྲིད་མ་ཉམས་ཤིང་། །རྣམ་སྨིན་རྣམ་པར་མ་སྨིན་ཏེ། །དངོས་གྲུབ་དག་གིས་དུས་སུ་འདོད། །ཅེས་པ་ནི་ཚེ་འདི་ལ་གྲུབ་པ་སྟེ། རྒྱུད་
ལས་རྒྱུད་དུ་གྱུར་པའི་ལས་རྣམས་མ་ཟད་དེ་ཚེ་སྔ་མའི་རྒྱུད་གོ་དྲུག་ལ་སོགས་པ་ནས་ལས་བསགས་པ་ཚེ་འདིའི་རྒྱུད་ལ་མ་ཉམས་ཤིང་བདག་གི་ཕུང་པོ་གསོན་ན་ཞེས་པའོ། །རྣམ་སྨིན་རྣམ་པར་སྨིན་པ་དེ། །ཞེས་སྟོན་ལ་དེ་ལྟར་ཡང་གསོན་ལ་ཚེ་དང་བསོད་ནམས་ལ་སོགས་པའི་རྒྱུད་བསགས་
པའི་འབྲས་བུ་ཡང་འདིར་སྨིན་པར་གྱུར་ཅིང་སྔ་མའི་ལས་རྣམས་མ་ཟད་པས་བདག་ཚེ་རིང་བའི་རྣམ་སྨིན་རྣམ་པར་སྨིན་པས་བདག་གི་བསོད་ནམས་ཀྱི་རྒྱུད་མཐུ་བརྟས་པར་གྱུར་ཏེ། སྒྲུབ་པའི་ཚེ་དེ་ལྟར་ཚེ་དང་བསོད་ནམས་གཉིས་བསྲུངས་ན་དེ་ཚེ་འདི་ཉིད་ལ་གྲུབ་པར་བཤད་དོ། །མདོར་ན་

གང་ཚེ་དུས་གཅིག་ཏུ། །ལས་དང་སྐྱེ་བ་འཕང་གྱུར་པ། །དེ་ཚེའང་སྔགས་པས་དངོས་གྲུབ་ནི། །ཡིད་ལས་ཡང་དག་འབྱུང་བ་ཐོབ། །ཅེས་པ་ནི་དངོས་གྲུབ་སྒྲུབ་པ་ནི་ལས་དང་ཚེས་མ་བཏང་སྟེ། དུས་གཅིག་ཏུ་ལས་དང་ཚེ་ཟད་པར་གྱུར་ན་སྒྲུབ་པའི་འབྲས་བུ་སྔགས་པ་དེས་ཚེ་ཕྱི་མ་ལ་བསྒྲུབ་
མི་དགོས་པར་རྡོ་རྗེ་ལ་སོགས་པའི་རིགས་སུ་སྐྱེ་བ་དང་རིག་འཛིན་ལ་སོགས་པའི་སྐྱེ་བ་ཐོབ་པར་འགྱུར་རོ་ཞེས་པའོ། །ཡིད་ལས་ཡང་དག་འབྱུང་བ་ཡིས། །ཞེས་པ་ནི་རྫས་ལ་སོགས་པས་བསྒྲུབ་མི་དགོས་པར་ཚེ་འཕོས་མ་ཐག་ཏུ་ཡིད་ཉིད་ཀྱིས་གྲུབ་པ་དེ་དག་ཐོབ་པར་འགྱུར་རོ། །གྲུབ་
ནས་མཁའ་ལ་འགྲོ་བ་ནི། །ཞེས་པ་ནས། རྫོགས་སངས་རྒྱས་དང་ལྷན་ཅིག་དགའ། །ཞེས་པའི་བར་གྱིས་ནི་གྲུབ་པའི་འབྲས་བུ་རྣམས་དྲིས་པའི་ལན་བཤད་པ་སྟེ། གྲུབ་ནས་ནམ་མཁའ་ལ་འགྲོ་བ་ནི། ཇི་ལྟར་སྒྱུ་མ་འཇིགས་མེད་བཞིན། །སྔགས་ཀྱི་དྲ་བས་རྨོངས་བྱེད་པ། །ཇི་
ལྟར་མིག་འཕྲུལ་ཆེན་པོ་བཞིན། །ཞེས་པ་ནི་ནམ་མཁའ་ལ་འགྲོ་བའི་གྲུབ་པ་བཤད་པ་སྟེ། ཇི་ལྟར་མིག་འཕྲུལ་གཞན་ནམ་མཁའ་ལ་འགྲོ་བ་དང་རྫུ་འཕྲུལ་སྣ་ཚོགས་བྱེད་པ་བཞིན་དུ་སྔགས་པ་དེ་ཡང་རིག་འཛིན་ལ་སོགས་པ་གྲུབ་ནས་ནམ་མཁའ་ལ་འགྲོ་བ་དང་སྔགས་ཀྱི་མཐུས་རྣམ་
པ་སྣ་ཚོགས་པའི་སྤྲུལ་པ་ལ་སོགས་པར་སྟོན་པར་བྱེད་ཅེས་པའོ། །གང་ལ་ལུས་དང་ངག་མེད་པར། །དྲི་ཟའི་གྲོང་ཁྱེར་དེ་བཞིན་ཏེ། །དེ་བཞིན་མི་སྣང་འགྱུར་ཞེས་བྱ། །དེ་ནི་དེ་ན་གནས་པ་ཡིན། །ཞེས་པ་ནི་རིག་འཛིན་ལ་སོགས་པ་གྲུབ་ནས་མི་སྣང་བར་གྱུར་པའི་དཔེ་དྲི་ཟའི་གྲོང་ཁྱེར་
ལས་བླངས་ནས་བཤད་པ་སྟེ། ཇི་ལྟར་དྲི་ཟའི་གྲོང་ཁྱེར་ལུས་ལ་སོགས་པ་དངོས་སུ་མི་སྣང་ལ་གནས་པར་བྱེད་པ་དེ་བཞིན་དུ། སྔགས་པ་དེ་ཡང་གྲུབ་ནས་ལུས་ཀྱང་མི་སྣང་ལ་ཚིག་ཏུ་བརྗོད་པ་ཡང་མི་ཐོས་པར་ནམ་མཁའ་ལ་མི་སྣང་བར་གྱུར་ཅིང་བར་སྣང་ལ་གནས་པར་བྱེད་དོ་ཞེས་བཤད་
དོ། །ཇི་ལྟར་ཉལ་བའི་རྨི་ལམ་ན། །སུམ་ཅུ་རྩ་གསུམ་གནས་སུ་ནི། །ལུས་ཀྱང་སྤངས་པ་མ་ཡིན་ལ། །དེ་ཉིད་ཀྱིས་ཀྱང་དེ་མ་སོང་། །དེ་བཞིན་རྣལ་འབྱོར་གཉིད་ཀྱིས་ཀྱང་། །སྔགས་པ་སྔགས་ལ་གནས་པ་དང་། །བསོད་ནམས་བྱས་པའི་ལས་རྣམས་ཀྱིས། །འཇའ་དང་འདྲ་བའི་

ལུས་ཀྱང་ཐོབ། །ཅེས་པ་ནི་སྔགས་པ་རིག་འཛིན་ལ་སོགས་པ་གྲུབ་ནས་ལུས་འདི་ཡང་མི་འདོར་བར་ནམ་མཁའ་ལ་སོགས་པ་ལ་འགྲོ་བའི་དཔེ་རྨི་ལམ་ལས་བླངས་ནས་བཤད་པ་སྟེ། ཇི་ལྟར་སྐྱེས་བུ་ཉལ་བའི་རྨི་ལམ་ན་སུམ་ཅུ་རྩ་གསུམ་ལ་སོགས་པའི་གནས་མཐོང་
བར་ཡང་འགྱུར་བ་དེ་བཞིན་དུ། །སྔགས་པ་དེ་ཡང་རྣལ་འབྱོར་གྱི་དབང་གིས་ལུས་འདི་ནི་མ་བོར་བར་ནམ་མཁའ་ལ་སོགས་པར་འགྲོ་བ་ཡང་རང་གིས་མཐོང་ངོ་། །གཟུགས་རྣམ་པ་སྣ་ཚོགས་ཡང་སྟོན་ནུས་པར་འགྱུར་ཞེས་པའོ། །འཇའ་དང་འདྲ་བའི་ལུས་ཀྱང་ཐོབ། །ཅེས་པ་ནི་
གཟུགས་སྣ་ཚོགས་སྟོན་པའོ། །ལུས་དང་ངག་ཡིད་ལས་བྱུང་བའི། །གསང་སྔགས་ཡིད་བཞིན་ནོར་བུ་འདྲ། །དེ་ལས་རྣམ་པར་བསམས་པའི་དོན། །མ་བརྟགས་པར་ཡང་འབྱུང་བར་འགྱུར། །ཞེས་པ་ནི་སྔགས་ཀྱི་གྲུབ་པའི་ཡིད་བཞིན་གྱི་ནོར་བུ་ལས་དཔེ་བླངས་ནས་བཤད་པ་
སྟེ། ཇི་ལྟར་ཡིད་བཞིན་གྱི་ནོར་བུ་གང་བསམས་པའི་དོན་རྣམས་བརྟགས་མི་དགོས་པར་ལྷུན་གྱིས་གྲུབ་པ་ཉིད་དུ་འབྱོར་པར་གྱུར་པ་དེ་བཞིན་དུ་སྔགས་གྲུབ་པའི་འབྲས་བུ་ཡང་གང་འདོད་པ་རྣམས་བརྟགས་མི་དགོས་པར་ལྷུན་གྱིས་གྲུབ་པ་ཉིད་དུ་འབྱོར་པར་འགྱུར་ཞེས་པའོ། །ཇི་ལྟར་
ནམ་མཁའ་ཕྱོགས་རྣམས་སུ། །འདུས་བྱས་སྤྱོད་ཡུལ་ཐམས་ཅད་ཀྱིས། །མི་གོས་དེ་བཞིན་སྔགས་པ་ཡང་། །རྟོགས་པའི་སྤྱོད་ཡུལ་ཀུན་གྱིས་སོ། །ཞེས་པ་ནི་གྲུབ་པ་ཐོབ་པ་དེ་ཡང་ནི་གཟའ་དང་སྐར་མ་དང་ལྟས་ངན་ལ་སོགས་པས་མི་ཚུགས་པར་བཤད་པ་སྟེ། ཇི་ལྟར་ནམ་
མཁའ་ལ་འདུས་བྱས་ལ་སོགས་པའི་དྲི་མས་མི་གོས་པ་དེ་བཞིན་དུ་གྲུབ་པའི་སྔགས་པ་དེ་ཡང་གཟའ་དང་སྐར་མ་ལ་སོགས་པ་བཟང་ངན་ལ་མི་ལྟོས་ཏེ། དེ་དག་གིས་ལྟས་ངན་ལ་སོགས་པས་མི་ཚུགས་པར་ཤེས་པའོ། །འདི་ཀུན་འདུ་ཤེས་ཙམ་དུ་ནི། །ནམ་ཞིག་དེ་ལྟར་
བསྒོམས་གྱུར་ཅིང་། །རྣམ་པར་བསྒོམས་ན་སྔགས་པ་དེ། །རྫོགས་སངས་རྒྱས་དང་ལྷན་ཅིག་དགའ། །ཞེས་པ་ནི་སྔགས་པ་གྲུབ་པ་ཐོབ་ནས་སངས་རྒྱས་དང་ལྷན་ཅིག་ཏུ་འགྲོགས་པ་ཐོབ་པར་བཤད་པ་དེ། འདི་ཀུན་འདུ་ཤེས་ཙམ་དུ་ནི། །ཞེས་པ་འདུས་བྱས་ལ་སོགས་པའི་

ཆོས་འདི་དག་ཐམས་ཅད་དངོས་སུ་སྤོང་བ་མ་ཡིན་གྱི། །འདུ་ཤེས་ཙམ་དུ་བྱང་ཆུབ་ཀྱི་སེམས་བསྒོམ་པའི་ཚེ་བསྒོམས་པས་ཀུན་དུ་སངས་རྒྱས་པ་དང་ལྷན་ཅིག་ཏུ་འགྲོགས་ཤིང་དེ་ལ་ཆོས་ཉན་པ་ལ་སོགས་པས་དགའ་བར་འགྱུར་ཞེས་པའོ། །སངས་རྒྱས་རྐང་གཉིས་གཙོ་བོ་ཡིས། །སྦྱིན་
སྲེག་གཉིས་སུ་བཤད་པ་ནི། །ཕྱི་རོལ་གྱི་དང་ནང་གི་སྟེ། །དེ་ཡང་ཚིམ་པར་བྱ་དང་བཅས། །ཞེས་པ་ནི་སྦྱིན་སྲེག་ལས་མེ་དག་དང་། ཞེས་སྔར་དྲིས་པ་ལ་རྣམ་པ་གཉིས་ནི་སྔར་བཤད་ཟིན་ལ། འདིར་ནི་སྦྱིན་སྲེག་རྣམ་པ་གཉིས་ཕྱི་མའི་མེ་དང་ནང་གི་མེ་རྣམ་པ་གཉིས་སུ་བཤད་དེ། དེ་
ཡང་ཚིམ་པར་བྱ་བ་བཅས། །ཞེས་གསུངས་པ་དེ་ལ་ནང་གི་སེམས་ཀྱི་ཚིམ་པར་བྱ་བ་ནི་རང་གི་ས་བོན་ལས་སླར་ལྷའི་གཟུགས་སུ་བསྒྱུར་བར་སྔར་བཤད་དོ། །ཕྱི་རོལ་གྱི་མེ་ནི་མཉེས་པར་བྱ་བའི་བསྲེག་པའི་རྫས་ཀྱིས་ཚིམ་པར་བྱའོ། །ལྷ་རྣམས་ཀྱིས་ནི་སོ་སོ་ཡིས། །ཞེས་པ་ནས།
ཡང་དག་རྫོགས་པའི་སངས་རྒྱས་ཀྱིས། །གསང་སྔགས་འབྲས་བུ་སྐལ་བ་ལྡན། །ཞེས་པའི་བར་གྱིས་ལྷ་རྣམས་ཀྱི་རང་བཞིན་དང་གྲུབ་ཚད་རྣམས་བཤད་པ་སྟེ། ལྷ་རྣམས་ཀྱང་ནི་སོ་སོ་ཡིས། །རང་བཞིན་ཡོངས་སུ་མཁྱེན་ནས་སུ། །ཞེས་པ་ནི་ལྷ་རྣམས་ཀྱི་རང་བཞིན་ཤེས་པར་བྱས་
ན་དེ་དག་གི་གྲུབ་པའི་འབྲས་བུ་ཡང་ཤེས་པར་འགྱུར་ཞེས་པ་སྟེ། དེ་ལ་འཇིག་རྟེན་ལས་འདས་པའི་ལྷ་རྣམས་ཀྱི་རང་བཞིན་ནི་སྔར་བཤད་ཟིན་ཏོ། །འདིར་ནི་འཇིག་རྟེན་གྱི་ལྷ་རྣམས་ཀྱི་རང་བཞིན་བཤད་ནས་དེའི་མཐུས་འབྲས་བུའི་ཚད་ཤེས་པར་བྱ་སྟེ། དེ་བས་ན། འཇིག་རྟེན་པ་ཡི་སྔགས་
རྣམས་ཀྱི། །ཚད་དག་ལེགས་པར་གསུངས་པ་ནི། །ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །དབང་ཕྱུག་ལ་སོགས་པའི་ལྷ་མཐུ་ཆེན་པོ་དེ་དག་གིས་སྨྲས་པའི་སྔགས་དང་ཕྱག་རྒྱ་རྣམས་ནི་འབྲས་བུ་འཕྲལ་དུ་སྟེར་བ་ནི་དེ་དག་གི་ཚད་བསྟན་པ་ཡིན་ནོ། །ཚད་ཅེས་པ་ནི་དེ་དག་གི་མཐུ་ལ་
བྱའོ། །འོན་ཀྱང་སྐྱེ་དང་འཇིག་པ་ཡི། །ཆོས་ཅན་དེ་དག་བརྟན་པ་མེད། །ཅེས་པ་ནི་དེ་དག་གི་ཁྱད་པར་གསུངས་པ་སྟེ། འཇིག་རྟེན་པའི་ལྷ་རྣམས་འབྲས་བུ་ཚེ་འདི་ལ་འཕྲལ་དུ་སྟེར་མོད་ཀྱི། དེ་རྣམས་སྐྱེ་ཞིང་འཇིག་པའི་ཆོས་ཅན་ཡིན་པས་མི་རྟག་པའོ། །འཇིག་རྟེན་འདས་པའི་

སྔགས་རྣམས་ནི། །ཞེས་པ་ནས། གསང་སྔགས་ཚད་ནི་སྔོན་བཤད་པ། །ཞེས་པའི་བར་གྱིས་འཇིག་རྟེན་ལས་འདས་པའི་སྔགས་ཏེ། བྱང་ཆུབ་སེམས་དཔའ་དང་ཉན་ཐོས་དང་རང་སངས་རྒྱས་ལ་སོགས་པས་གསུངས་པས་སྔགས་རྣམས་ཐོག་མའི་བྱེད་པ་མེད་ཅིང་ལས་
དང་སྐྱེ་བ་བཅད་པ་སྟེ། འདོད་ཆགས་དང་ཞེ་སྡང་དང་གཏི་མུག་གི་ཉེས་པ་གསུམ་དང་བྲལ་བས་སྐྱེ་ཞིང་འཇིག་པ་ལ་སོགས་པ་མེད་དེ་ཚད་རྣམས་སྔར་བཤད་ཟིན་ཏོ་ཞེས་པའོ། །དུས་གསུམ་ལས་ནི་ཤིན་ཏུ་འདས། །རྟེན་ཅིང་འབྲེལ་པ་ལས་བྱུང་བ། །མཐོང་དང་མ་མཐོང་འབྲས་བུ་ཅན། །
དག་གི་ལུས་ལས་བྱུང་བའོ། །ཞེས་པ་ནི་དེ་ལྟ་བས་ན་འཇིག་རྟེན་ལས་འདས་པའི་སྔགས་རྣམས་འཇིག་རྟེན་པ་ལྟར་མཐོང་བའི་ཆོས་འབའ་ཞིག་ལ་འབྲས་བུ་འཕྲལ་དུ་སྟེར་བ་ཁོ་ན་མ་ཡིན་གྱི། མཐོང་བའི་ཆོས་དང་མ་མཐོང་བ་གཉི་ག་ལ་འབྲས་བུ་སྟེར་རོ་ཞེས་པ་སྟེ། མཐོང་བ་ནི་ལྷ་དང་མི་ལ་སོགས་
པ་འགྲུབ་བའོ། །མ་མཐོང་བ་ནི་མྱ་ངན་ལས་འདས་པའོ། །འཇིག་རྟེན་ལས་འདས་པའི་འབྲས་བུའི་ཚད། །བསྐལ་པ་གཅིག་ཏུ་བཤད་པ་ཡིན། །ཞེས་གསུངས་པ་ནི་འཇིག་རྟེན་པའི་ལྷ་རྣམས་ཀྱི་གྲུབ་པའི་འབྲས་བུ་ཇི་སྲིད་ཐུབ་པ་གསུངས་པ་སྟེ། འཇིག་རྟེན་པའི་འབྲས་བུ་ནི་བསྐལ་པ་གཅིག་
གི་བར་དུ་ཐུབ་ཅེས་པའོ། །ཡང་དག་རྫོགས་པའི་སངས་རྒྱས་ཀྱིས། །གསང་སྔགས་འབྲས་བུ་བསྐལ་པ་འདས། །ཞེས་པ་ནི་འཇིག་རྟེན་ལས་འདས་པའི་སྔགས་རྣམས་ཀྱི་འབྲས་བུ་བསྐལ་པ་ལས་འདས་པར་ཐུབ་ཅེས་པའོ། །སངས་རྒྱས་དྲང་སྲོང་ཆེན་པོ་དང་། །རྒྱལ་སྲས་
རྣམས་ཀྱི་ཏིང་འཛིན་ནི། །མཚན་མ་མེད་ཅིང་དག་པའོ། །འཇིག་རྟེན་པར་ནི་མཚན་མར་བཅས། །ཞེས་པ་ནི་སྔགས་པ་རྣམས་ཀྱི་ཏིང་ངེ་འཛིན་བཤད་པ་སྟེ། དེ་ལ་སྤྱིར་ཏིང་ངེ་འཛིན་ལ་ཡང་རྣམ་པ་གཉིས་ཏེ། དོན་དམ་པ་དང་ཀུན་རྫོབ་ཀྱིའོ། །དེ་ལ་དོན་དམ་པ་ནི་ཨ་ལ་སོགས་པ་ཡི་གེ་འབྲུ་
རེའི་སྒོ་ནས་བསྟན་པའོ། །ཀུན་རྫོབ་ཀྱི་ནི་སྟོབས་དང་མི་འཇིགས་པ་ལ་སོགས་པའི་ཡོན་ཏན་གྱི་ཚིག་ཏུ་གྱུར་པ་དེ་དག་གི་སྔགས་ཀྱི་ཕྲེང་བའི་ཚིག་ལས་ཏིང་ངེ་འཛིན་གྱུར་པའི་ཡི་གེ་རྣམས་ཏེ་སྔར་བཤད་ཟིན་ཏོ། །འདིར་ནི་ཏིང་ངེ་འཛིན་གྱི་དོན་རྣམས་བཤད་པ་སྟེ། སངས་རྒྱས་དྲང་

སྲོང་ཆེན་པོ་ནི། །ལུས་དང་ངག་དང་ཡིད་གསུམ་ཐུབ་པའི་མཚན་ཉིད་ཅན་ཡིན་པས་དྲང་སྲོང་སྟེ། མི་གནས་པའི་མྱ་ངན་ལས་འདས་པ་ཀུན་དུ་སངས་རྒྱས་པ་ལ་སོགས་པ་ལ་བྱའོ། །རྒྱལ་སྲས་རྣམས་ནི་བྱང་ཆུབ་སེམས་དཔའ་ལ་སོགས་པའོ། །དེ་དག་གི་ཏིང་ངེ་འཛིན་གྱི་ཆོས་ཐམས་
ཅད་གཟོད་མ་ནས་མ་སྐྱེས་པ་རྣམ་པར་མི་རྟོག་པའི་མཚན་ཉིད་ཅན་ཡིན་པས་མཚན་མ་མེད་པས་དག་པའོ། །འཇིག་རྟེན་པར་ནི་མཚན་མར་བཅས། །ཞེས་པ་ནི་ནམ་བྱང་ཆུབ་སེམས་དཔའ་ཏིང་ངེ་འཛིན་ལས་བཞེངས་ནས་སངས་རྒྱས་ཀྱི་ཞིང་རྣམ་པར་བརྒྱན་པ་ལ་སོགས་པ་རྣམ་པ་དང་
བཅས་པའི་སྤྱོད་པ་དང་། འཇུག་པ་དང་སངས་རྒྱས་ཤིང་མངོན་པར་བྱང་ཆུབ་ནས་སྔོན་གྱི་སྨོན་ལམ་གྱི་ཤུགས་ཀྱིས་སྐུ་མི་ཟད་པའི་འཁོར་ལོ་ལ་སོགས་པ་འབྱུང་བ་ཡ་མཚན་དང་བཅས་པའི་སྤྱོད་པ་སྟེ་དེ་དག་ལ་ཡང་འཇིག་རྟེན་པ་མཚན་མ་དང་བཅས་ཞེས་བྱའོ། །གཉིས་སུ་ན་མུ་སྟེགས་
བྱེད་ཀྱི་འཇིག་རྟེན་པའི་ལྷ་རྣམས་ཀྱི་ཏིང་ངེ་འཛིན་ནི་དངོས་པོ་ཡོད་པར་ལྟ་བས་ན་མཚན་མ་དང་བཅས་ཞེས་བྱའོ། །རྣམ་པར་སྨིན་པ་འདི་ཉིད་ལ། །ལས་ཀྱི་འབྲས་བུ་སྨིན་གྱུར་པ། །ནམ་ཞིག་དངོས་གྲུབ་ཐོབ་པ་ན། །དེ་ཚེ་ལས་དང་ཟློག་པར་འགྱུར། །ཞེས་པ་ནི་སྔོན་གྱི་ལས་ཀྱི་
རྣམ་པར་སྨིན་པའི་ཕུང་པོ་ལྔ་པོ་འདི་ལ་ལྷའི་གཟུགས་སུ་སྨིན་པར་འགྱུར་བའི་ལས་ཀྱི་འབྲས་བུ་སྨིན་པར་འགྱུར་ཏེ། ནམ་བདག་གི་ཏིང་ངེ་འཛིན་ལ་སོགས་གྲུབ་པ་ཐོབ་པ་ནི་དེའི་ཚེ་གྲུབ་པ་དེ་ལས་ཀྱི་རྣམ་པར་སྨིན་པས་དེ་ཟིལ་གྱིས་མནན་ནས་འབྲས་བུ་མི་སྨིན་པར་ལྡོག་པར་འགྱུར་
རོ་ཞེས་པའོ། །སེམས་ནི་ངོ་བོ་ཉིད་མེད་པའི་ཕྱིར། །རྒྱུ་དང་འབྲས་བུ་རྣམས་སྤངས་ཤིང་། །ལས་དང་ཚེ་ལས་རྣམ་པར་གྲོལ། །ནམ་མཁའ་ལྟ་བུར་གྱུར་པ་ཡིན། །ཞེས་པ་ནི་གྲུབ་པའི་མཐར་སངས་རྒྱས་སུ་འགྱུར་བར་བསྟན་ཏེ། སྒྲུབ་པ་པོས་བྱང་ཆུབ་ཀྱི་སེམས་དག་པར་བསྒོམ་
པས་སེམས་ཀྱི་ངོ་བོ་ཉིད་མེད་པར་རྟོགས་ཏེ། ཆོས་ཀྱི་རྒྱུ་དང་འབྲས་བུ་དམིགས་སུ་མེད་པས་རྒྱུ་ལས་དང་འབྲས་བུ་ཆེ་སྟེ། ལས་དང་ཚེ་དག་ལས་ཀྱང་རྣམ་པར་གྲོལ་བར་འགྱུར་ཏེ། དེ་ལྟར་ལས་དང་ཚེ་ལས་རྣམ་པར་གྲོལ་ན་ནམ་མཁའ་ལྟ་བུར་གཟུང་བ་དང་འཛིན་པ་སྤངས་པ་དག་པའི་

མཚན་ཉིད་དུ་འགྱུར་རོ་ཞེས་པའོ། །གསང་བའི་བདག་པོ་ཞེས་པ་ནས། །སྙིང་རྗེ་ཆེན་པོའི་འབྱུང་བ་ཞེས་བྱ་བ་ཡོད་ཀྱི་དེ་བྲི་བའི་ཆོ་ག་ཉོན་ཅིག་ཅེས་པའི་བར་གྱིས་གསང་བའི་དཀྱིལ་འཁོར་གྱི་རང་བཞིན་དང་ཡོན་ཏན་བརྗོད་ནས་ཉོན་ཅིག་ཅེས་པ་སྟེ། དེ་ལ་ཕྱག་རྒྱའི་གཟུགས་སུ་དགོད་
བའི་རིམ་པར་ཕྱེ་བ་ཞེས་པ་ནི་སྙིང་རྗེ་ཆེན་པོ་འབྱུང་བའི་དཀྱིལ་འཁོར་དང་ཡི་གེ་འཁོར་ལོ་བསྐོར་བའི་དཀྱིལ་འཁོར་དུ་ལུས་དང་ཚིག་གིས་གཟུགས་སུ་བཀོད་ཀྱི། འདིར་སེམས་ཀྱི་རང་བཞིན་དངོས་སུ་གཞག་ཏུ་མི་རུང་པས་ཕྱག་རྒྱའི་གཟུགས་སུ་བཀོད་པ་དེ། དེའི་རིམ་པར་ཕྱེ་བ་ནི་ཕྱག་
རྒྱའི་གཟུགས་སུ་བཀོད་པའི་དཀྱིལ་འཁོར་ལ་བྱའོ། །ལྷ་རྣམས་གནས་པར་བྱིན་གྱིས་རློབ་པ་ཞེས་པ་ནི་དཀྱིལ་འཁོར་དེར་ལྷ་རྣམས་ཕྱག་རྒྱའི་གཟུགས་སུ་བཀོད་པས་བྱིན་གྱིས་རློབ་པར་གྱུར་པའོ། །ཏིང་ངེ་འཛིན་ལྔ་རྟོགས་པ་ཞེས་པ་ནི་དབང་ཆེན་ལ་སོགས་པའི་དཀྱིལ་འཁོར་ལྔ་པོ་དེ་
དག་ཉིད་ཡེ་ཤེས་ཀྱི་བྱེ་བྲག་ཏུ་བྱིན་གྱིས་བརླབས་པ་སྟེ། དཀྱིལ་འཁོར་ལྔ་པོ་དེ་ལས་ཡེ་ཤེས་ཀྱི་ཏིང་ངེ་འཛིན་གྱི་ཁྱད་པར་ལྔ་རྟོགས་པར་འགྱུར་པའོ། །སྔོན་གྱི་སངས་རྒྱས་རྣམས་ཀྱི་མངོན་པར་རྫོགས་པར་སངས་རྒྱས་པ་ཞེས་པ་ནི་སངས་རྒྱས་ཐམས་ཅད་མཛད་པ་གཅིག་ཏུ་བསྟན་
པ་ནི། སྔོན་གྱི་སངས་རྒྱས་རྣམས་ཀྱིས་ཀྱང་མཁྱེན་ནས་བཤད་ཀྱིས་དེ་ཉོན་ཅིག་ཅེས་སྦྱར་རོ། །བྱང་ཆུབ་སེམས་དཔའ་གསང་སྔགས་ཀྱི་སྒོ་ནས་ཞེས་པ་ནས། ཕན་པ་དང་བདེ་བའི་ཕྱིར་ཞེས་པའི་བར་དུ་ནི་དཀྱིལ་འཁོར་དེ་བཤད་པ་ཡང་ཕྱག་ན་རྡོ་རྗེས་མི་མཁྱེན་པའི་ཕྱིར་བཤད་པ་ནི་
མ་ཡིན་གྱི། མོས་པས་སྤྱོད་པའི་ས་ལ་གནས་པའི་བྱང་ཆུབ་སེམས་དཔའ་གསང་སྔགས་ཀྱི་སྒོ་ནས་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་རྣམས་ལ་ཕན་པ་དང་བདེ་བའི་ཕྱིར་བཤད་དོ་ཞེས་པ་སྟེ། ཆོས་ཀྱི་དབྱིངས་རྟོགས་པ་སྤྱོད་ཡུལ་དུ་གྱུར་པ་ཞེས་པ་ནི་མོས་པས་སྤྱོད་པའི་ས་ལ་
གནས་པ་རྣམས་ཀྱི་ཤེས་རབ་ཀྱི་ཡོན་ཏན་བཤད་པ་སྟེ། དེ་དག་གི་ཤེས་རབ་ནི་ནམ་མཁའ་དང་འདྲ་བའི་ཆོས་ཀྱི་དབྱིངས་དམིགས་པའི་སྤྱོད་ཡུལ་དུ་འགྱུར་ཞེས་པའོ། །ཆོས་ཀྱི་དབྱིངས་ནམ་མཁའ་དང་འདྲ་བ་དེ་དག་གི་སྤྱོད་ཡུལ་དུ་གྱུར་ན་སྔགས་ཀྱི་ཚུལ་བཤད་ཅི་དགོས་ཤེ་ན། དེ་དག་དེ་ལྟར་

སྟོང་པ་ཉིད་ཀྱི་སྤྱོད་ཡུལ་ཅན་དུ་གྱུར་ཀྱང་ཐབས་ཀྱིས་སེམས་ཅན་བསྒྲལ་བར་བྱེད་དོ། །དེ་བས་ན་སེམས་ཅན་གྱི་ཁམས་མ་ལུས་པ་བསྒྲལ་བ་ཡི་དམ་བཅས་པ་ཞེས་གསུངས་པ་ཡིན་ནོ། །དེ་ལྟར་ཐབས་དང་ཤེས་རབ་ཟུང་དུ་འབྲེལ་བའི་སྔགས་ཀྱི་སྒོ་ནས་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་རྣམས་ལ་
ཕན་པ་དང་བདེ་བའི་ཕྱིར་དཀྱིལ་འཁོར་དེ་ཉོན་ཅིག་ཅེས་པའོ། །དེ་ལ་དོན་དང་ཞེས་པ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དོན་མྱ་ངན་ལས་འདས་པའམ། ངེས་པར་ལེགས་པའི་བདེ་བའི་ཕྱིར་རོ། །ཕན་པ་དང་བདེ་བའི་ཞེས་པ་ནི་ཚེ་འདི་དང་ཕྱི་མ་ལ་ཕན་པའི་ཕྱིར་རོ། །བདེ་བའི་ཕྱིར་
ཞེས་པ་ནི་ཚེ་འདི་ལ་བྱ་བའི་ཕྱིར་ཞེས་པའོ། །གསང་བ་པའི་བདག་པོ་དང་པོར་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་དཀྱིལ་འཁོར་དགོད་པ་ཞེས་པ་ནི་དཀྱིལ་འཁོར་སྔ་མ་དག་དང་འདྲ་བར་དང་པོ་སྙིང་པོའི་དཀྱིལ་འཁོར་དུ་བཅོམ་ལྡན་འདས་རྣམ་པར་སྣང་མཛད་དགོད་པ་
ཞེས་པ་སྟེ། བྲི་བའི་ཆོ་ག་ཉོན་ཅིག་ཅེས་འོག་ནས་འབྱུང་བ་དང་སྦྱར་རོ། །གསང་བ་ལས་ཀྱང་ཆེས་གསང་བ། །ཞེས་པ་ལ་གསང་བ་ནི་སེམས་ཀྱི་རང་བཞིན་ཕྲ་ཞིང་དམིགས་སུ་མེད་པས་ན་གསང་བའོ། །དེ་ལས་ཀྱང་ཆེས་གསང་བ་ནི་དམ་ཚིག་མེད་པའི་སེམས་ཅན་རྣམས་ལ་
མི་བསྟན་པའི་ཕྱིར་རོ། །སྙིང་རྗེ་ཆེན་པོའི་སྙིང་པོ་འབྱུང་བ་ཞེས་པ་ནི་སྔར་བཞིན་ནོ། །གང་ལས་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་དཀྱིལ་འཁོར་གྲངས་མེད་པ་འབྱུང་བ་ཞེས་པ་ལ་འཇིག་རྟེན་པའི་དཀྱིལ་འཁོར་ནི་གཟུགས་བརྙན་གྱི་དཀྱིལ་འཁོར་ཏེ་ཚོན་གྱིས་བྲི་བ་རྣམས་
སོ། །འཇིག་རྟེན་ལས་འདས་པ་ནི་རང་བཞིན་གྱི་དཀྱིལ་འཁོར་ཏེ་གཟུགས་བརྙན་གྱི་དཀྱིལ་འཁོར་རྣམས་ཀྱང་འདི་ལས་འཕྲོ་བ་དང་རང་བཞིན་གྱི་དཀྱིལ་འཁོར་ཡང་འདི་མཐོང་བ་ལས་ཤེས་པར་གྱུར་པས་ན་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་དཀྱིལ་འཁོར་འབྱུང་བ་ཞེས་བྱའོ། །ཡང་
ན་འཇིག་རྟེན་པའི་ལྷ་རྣམས་ཀྱི་དཀྱིལ་འཁོར་དང་འཇིག་རྟེན་ལས་འདས་པའི་ལྷ་རྣམས་ཀྱི་དཀྱིལ་འཁོར་གྲངས་མེད་པ་རྣམས་ཀྱང་འདི་ལས་འབྱུང་བ་ཞེས་པ་སྟེ། དེ་བྲི་བའི་ཆོ་ག་ཉོན་ཅིག་ཅེས་པའོ། །ཀུན་དུ་གྲུབ་བཞི་ལྷམ་པ་ལ། །ཞེས་པ་ནས། དགོད་པ་རྣམས་ཀྱང་ངེས་པ་ཡིན། །འདི་

ལས་བྱུང་བར་ཤེས་པར་བྱ། །ཞེས་པའི་བར་གྱིས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་བཞུགས་པའི་སྙིང་པོའི་དཀྱིལ་འཁོར་བྲི་བ་སྟེ། དཀྱིལ་འཁོར་གྱི་ས་བཅད་པ་དང་། སྣམ་བུའི་རིམ་པ་དང་། ཚོན་དགྱེ་བ་ལ་སོགས་པའི་ཆོ་ག་རྣམས་དཀྱིལ་འཁོར་གོང་མ་རྣམས་
སུ་ཇི་སྐད་གསུངས་པ་བཞིན་ནོ། །ཀུན་དུ་གྲུ་བཞི་ལྷམ་པ་ནི་ཚད་མེད་པ་བཞི་དང་ལྡན་པར་སྟོན་པའོ། །སྒོ་གཅིག་པ་ནི་སྒོ་མང་པོ་ནས་ཆོས་ཀྱི་དབྱིངས་ཀྱི་སྒོ་གཅིག་ཏུ་འདུ་བར་བསྟན་པའོ། །སྟེགས་བུར་བཅས་པ་ནི་མཐའ་ཚོན་གྱིས་བྲིས་པའི་དབུས་ཚོན་སེར་པོས་བཀང་སྟེ་བཅོམ་ལྡན་
འདས་བཞུགས་པའི་གཞིར་བཅས་ཞེས་པའོ། །རྡོ་རྗེ་རྣམས་ཀྱི་མཚན་པ་ནི་དེའི་ནང་ནུབ་ཕྱོགས་ཀྱི་ལོགས་སུ་རྡོ་རྗེ་རྩེ་ལྔ་པ་བྲི་བའོ། །དབུས་སུ་རྡོ་རྗེ་རྩེ་བརྒྱད་པ། །ཞེས་པ་ནི་རྒྱུའི་ཚེ་རྣམ་པར་གྲོལ་བའི་གཟུངས་ཡེ་ཤེས་བརྒྱ་དང་བཅས་པར་སྟོན་ཏོ། །རྣམ་པར་གྲོལ་བའི་སྒོར་གྱུར་པ་ཡེ་
ཤེས་བརྒྱར་ཡང་ཡི་གེ་འཁོར་ལོ་བསྐོར་བའི་རིམ་པར་ཕྱེ་བ་ལས་ཡི་གེ་ཨས་མགོ་བཙུགས་ནས་ཀའི་རིམ་ནས་ཡ་དང་ར་དང་བ་དང་ལ་ཡན་ཆད་ཀྱི་བར་དུ་ཡི་གེ་ཉི་ཤུ་རྩ་བཞི་སྨོས་པ་དང་དང་པོའི་ཡི་གེ་ཨ་དང་བཅས་པ་ཉི་ཤུ་རྩ་ལྔ་པའོ། །དེ་བཞིན་དུ་ཨཱ་དང་བཅས་པ་དེ་ཡང་ཉི་ཤུ་རྩ་ལྔ་ཨོཾ་
དང་བཅས་པ་ཉི་ཤུ་རྩ་ལྔ། ཨཿདང་བཅས་པ་ཡང་ཉི་ཤུ་རྩ་ལྔ་སྟེ། དེ་ལྟར་རྣམ་པར་ཐར་པའི་སྒོ་བརྒྱ་ལས་ཡེ་ཤེས་བརྒྱར་སྦྱར་བའི་རང་བཞིན་རྡོ་རྗེ་རྩེ་བརྒྱད་པ་དེའི་དབུས་སུ་བྲིའོ་ཞེས་པའོ། །ཤ་དང་ཥ་དང་ས་དང་ཧ་རྣམས་ནི་ཆ་གཉིས་པའི་ནང་དུ་འདུས་པར་ཤེས་པར་བྱའོ། །དེའི་སྟེང་
པདྨ་བྲི་བ་ནི། །ས་བོན་དང་བཅས་རྒྱས་པར་བྱས། །ཞེས་པ་ནི་རྡོ་རྗེ་དེའི་སྟེང་དུ་པདྨ་འདབ་མ་བཞི་པ་རང་གི་ས་བོན་དང་བཅས་པར་བྲིའོ། །དེ་སྟེང་དུ་ཡང་པདྨ་ཆེ། །ཕྱག་རྒྱ་ཀླད་ཀོར་གྱིས་མཛེས་བྱས། །འདབ་མ་བརྒྱད་པ་ལེགས་པར་རྫོགས། །ཟེ་བར་བཅས་པ་ཤིན་ཏུ་བཟང་། །ཞེས་པ་ནི་པདྨོ་
དེའི་སྟེང་དུ་ཡང་པདྨ་ཆེན་པོ་འདབ་མ་བརྒྱད་པ་བྲིས་ཏེ། ཕྱག་རྒྱ་ཀླད་ཀོར་གྱིས་མཛེས་བྱས། །ཞེས་པ་ཀླད་ཀོར་ནི་སྟོང་པ་ཉིད་དུ་སྟོན་པའི་ཚིག་ཡིན་པས་ཡན་ལག་བཅུ་གཉིས་པའི་རིག་པའི་རྒྱལ་པོ་ལ་བྱ་སྟེ། ཡན་ལག་བཅུ་གཉིས་ཚིག་དགོད་པ། །ཞེས་པ་དང་སྦྱར་རོ། །ཕྱག་རྒྱ་ནི་

གསང་བའི་ཕྱག་རྒྱ་བརྒྱད་པ་སྟེ། དཀྱིལ་འཁོར་བརྒྱད་ཀྱི་འཁོར་རྣམས་ཀྱི། །ཞེས་པ་དང་སྦྱར་རོ། །པདྨ་སྟེང་མཆེ་བ་དང་འདབ་མ་བརྒྱད་ཀྱིས་བྱེ་བྲག་ཆེ་བས་འོག་དེ་བས་ཆུང་བར་བྱ་བར་མངོན་ཏེ་འདབ་མ་བཞི་བར་ཤེས་པར་བྱའོ། །གཉིས་སུ་རྒྱུའི་ཚེ་པདྨ་ཡིན་པས་ཆུང་བར་ཤེས་པར་བྱའོ། །
པདྨ་ཆེན་པོ་འདབ་མ་བརྒྱད་པ་ནི་ཡེ་ཤེས་བརྒྱད་ཀྱི་རང་བཞིན་དུ་སྔར་བཤད་པ་བཞིན་ནོ། །འདབ་མ་རྣམས་ནི་ཐམས་ཅད་ལ། །ཡན་ལག་བཅུ་གཉིས་ཚིག་དགོད་པ། །ཞེས་པ་ནི་ཡན་ལག་བཅུ་གཉིས་པའི་རིག་པའི་རྒྱལ་མོའི་སྙིང་པོ་དང་ཉེ་བའི་སྙིང་པོར་བཅས་པའི་ཡི་གེ་ཟུང་བརྒྱད་
པོ་རྣམས་འདབ་མ་བརྒྱད་ལ་བྲི་བར་བྱའོ། །དེ་རྣམས་དབུས་ན་མགོན་བཞུགས་པ། །རྫོགས་པའི་སངས་རྒྱས་རྐང་གཉིས་གཙོ། །དཀྱིལ་འཁོར་བརྒྱད་ཀྱི་འཁོར་རྣམས་ཀྱིས། །ཁོ་ར་ཁོར་ཡུག་ཡོངས་བསྐོར་བ། །ཞེས་པ་ནི་པདྨའི་དབུས་ཀྱི་སྙིང་པོ་ལ་བཅོམ་ལྡན་འདས་བཞུགས་ཏེ།
ཕྱག་རྒྱ་བརྒྱད་པོ་རྣམས་ཀྱང་བཅོམ་ལྡན་འདས་ཀྱི་ཁོ་ར་ཁོར་ཡུག་ཏུ་རང་གི་དཀྱིལ་འཁོར་དང་ས་བ