Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 70

Văn bản gốc(Tây Tạng)

Trang 8 / 18 (50.000 ký tự/trang)
ཞེས་བྱའོ། །གཉིས་སུ་ན་དཀྲི་ཎ་ཞེས་བྱ་བ་ནི་ལྷོ་ཕྱོགས་ལ་ཡང་བྱ་སྟེ། ཚངས་པའི་མེ་དང་ཞི་བའི་མེ་གཉིས་ནི་ལྷོ་ཕྱོགས་ལོགས་སུ་བཞག་ནས་རྟག་ཏུ་གསོ་བའི་མེ་ཞེས་པའོ། །དེ་བཞིན་ཕྱུགས་ནི་བཅིང་བ་ལ། །ཨ་བ་ནི་ཀ་ཞེས་བྱའི་མེ། །ཞེས་པ་ནི་
ཕྱུགས་གསད་དེ་ལྷ་ལ་ཡོན་དབུལ་བའི་སྦྱིན་སྲེག་བྱ་བའི་མེ་ནི་ཨ་བ་ནི་ཀ་ཞེས་བྱའོ། །ལྟུང་བ་ལ་ནི་པི་བེ་ཙེ། །ཞེས་པ་ནི་མྱོས་པས་ལྟུང་བ་བྱུང་སྟེ། འགྱོད་ནས་མྱོས་པ་དེ་དག་པར་བྱ་བའི་སྦྱིན་སྲེག་བྱ་བའི་མེ་ནི་པི་བེ་ཙེ་ཞེས་བྱའོ། །བཙོས་སྦྱིན་ལ་ནི་ས་ཧ་ས། །ཞེས་པ་ནི་ཟས་བཙོས་པ་སྦྱིན་པའི་ཆོ་ག་ལ་སྦྱིན་སྲེག་བྱ་བའི་མེ་
ནི་ས་ཧ་ས་ཞེས་བྱའོ། །དུས་ཀྱི་མཚམས་ལ་ཧ་བིར་ཤེས། །དུས་ཀྱི་མཚམས་ཞེས་བྱ་བའི་ཆོ་ག་ལ་སྦྱིན་སྲེག་བྱ་བའི་མེ་ནི་ཧ་བི་ཞེས་བྱའོ། །དེ་བཞིན་ཟླ་བ་གནས་ལ་གཏེར། །ཞེས་པ་ནི་ཟླ་བ་གནས་པ་ཞེས་བྱ་བའི་ཆོ་ག་ལ་སྦྱིན་སྲེག་བྱ་བའི་མེ་ནི་གཏེར་ཞེས་བྱའོ། །མྲི་ཊ་ཞེས་བྱ་བ་སྲེག་བླུགས་ལ། །
ཞེས་པ་ནི་སྦྱིན་སྲེག་གི་སྔོན་རོལ་དུ་རྫས་རྣམས་ལས་གང་བའི་སྦྱིན་སྲེག་གསུམ་བྱ་བའི་མེ་ནི་མྲྀ་ཊ་ཅེས་བྱའོ། །ཞི་ལ་ད་རུ་ཎར་འདོད་དོ། །ཞེས་པ་ནི་ཞི་བའི་སྦྱིན་སྲེག་ལ་ནི་མེ་ད་རུ་ཎ་ཞེས་བྱ་བར་འདོད་དོ། །བྱས་མཐའི་མེ་ནི་གཤིན་རྗེའི། །ཞེས་པ་ནི་མི་ཤི་བའི་ཚེ་སྦྱིན་སྲེག་བྱ་བའི་མེ་ནི་གཤིན་རྗེ་ཞེས་

བྱའོ། །དེ་བཞིན་རྒྱས་ལ་སྟོབས་སྦྱིན་པའོ། །ཞེས་པ་ནི་རྒྱས་པའི་སྦྱིན་སྲེག་གི་མེ་ནི་སྟོབས་སྦྱིན་པ་ཞེས་བྱའོ། །དྲག་ཤུལ་སྤྱད་པ་ཐམས་ཅད་ལ། །ཁྲོ་བོའི་མེ་ནི་རབ་ཏུ་བསྒྲགས། །ཞེས་པ་ནི་མངོན་སྤྱོད་ཀྱི་སྦྱིན་སྲེག་བྱ་བའི་མེ་ནི་ཁྲོ་བོ་ཞེས་བྱའོ། །འདོད་ལས་སྐྱེས་ཞེས་བྱ་བའི་མེ། །དེ་ནི་དབང་གི་
དོན་དུ་བཤད། །ཅེས་པ་ནི་དབང་དུ་བྱ་བའི་སྦྱིན་སྲེག་ལ་འདོད་སྐྱེས་ཞེས་བྱ་བའི་མེ་དེ་བཤད་དོ་ཞེས་པའོ། །ནགས་ཚལ་སྲེག་ལ་ཕོ་ཉའི་མེ། །ཞེས་པ་ནི་གང་ནགས་སྲེག་པར་བྱེད་པའི་མེ་ནི་ཕོ་ཉ་ཞེས་བྱའོ། །ཁོང་པའི་མེ་ནི་ཛ་ཋ་ར། །ཞེས་པ་ནི་ཁོང་པ་ན་གནས་ནས་ཟས་ལ་སོགས་པ་
འཇུ་བར་བྱེད་པའི་མེ་ནི་ཛ་ཋ་ར་ཞེས་བྱའོ། །བཟའ་བར་བྱ་བ་ཤ་ཟར་བཤད། །ཅེས་པ་ནི་བཟའ་བར་བྱེད་པའི་མེ་ནི་ཤ་ཟ་ཞེས་བྱའོ། །རྒོད་མའི་ཁ་ནི་རྒྱ་མཚོ་ནའོ། །ཞེས་པ་ནི་རྒྱ་མཚོ་ན་གནས་པའི་མེ་ནི་རྒོད་མའི་ཁ་ཞེས་བྱའོ། །ཟད་ཚེ་འཇིག་པ་ཞེས་བྱ་སྟེ། །དུས་མཐའི་མེར་ནི་ཡང་
དག་བསྒྲགས། །ཞེས་པ་ནི་འཇིག་རྟེན་འཇིག་པའི་ཚེའི་མེ་ནི་འཇིག་པ་ཞེས་བྱ་སྟེ། དེ་ཡང་དུས་མཐའི་མེ་ཞེས་སོ། །འདི་ནི་མེ་རྣམས་མདོར་བསྡུས་ནས། །ངེས་པར་ཁྱོད་ལ་བཤད་པ་སྟེ། །རིག་བྱེད་ཐོས་པ་སྤྱོད་རྣམས་ཀྱི། །ཚངས་པའི་བུ་དག་བརྗོད་པ་ཡིན། །བཞི་བཅུ་རྩ་བཞི་འདི་དག་ནི། །
དེ་ཡི་ཚེ་ན་ངས་བསྟན་ཏོ། །ཞེས་པ་དེ་ལ་མེ་ང་རྒྱལ་ཅན་གང་ཡིན་པ་དེ་ནི་རང་བྱུང་བའོ་ཞེས་པ་ནས། ངོས་བསྲུངས་ཨ་ཐར་ན་བ་ཡི། །བུ་ཡིན་བར་ནི་རྒྱ་མཚོར་གྲགས། །ཞེས་པའི་བར་ནི་མེ་རྣམས་ཀྱི་སྐྱེས་པའི་རབས་བསྟན་པའོ། །རླུང་ཞེས་བྱ་བའི་མེ་དེ་ནི། །མངལ་དུ་འཇུག་པའི་ཆོ་གར་
བཤད། །ཅེས་པ་ནས། འདོད་ལས་སྐྱེས་ཞེས་བྱ་བའི་མེ། །དེ་ནི་དབང་གི་དོན་དུ་བཤད། །ཅེས་པའི་བར་ནི་ལས་རྣམས་ཀྱི་རང་བཞིན་གྱི་མེ་བསྟན་པའོ། །ནགས་ཚལ་སྲེག་ལ་ཕོ་ཉའི་མེ། །ཞེས་པ་ནས། ཟད་ཚེ་འཇིག་པ་ཞེས་བྱ་སྟེ། །དུས་མཐའི་མེར་ནི་ཡང་དག་བསྒྲགས། །ཞེས་པའི་བར་
ནི་མེ་རྣམས་ཀྱི་ངང་ཚུལ་ལས་རང་བཞིན་བསྟན་པ་སྟེ། དེ་རྣམས་བྲམ་ཟེ་ལ་སོགས་པ་འཇིག་རྟེན་པའི་གཞུང་ལས་གྲགས་ཤིང་འཇིག་རྟེན་པའི་ལས་བྱེད་པའོ། །གསང་བ་པའི་བདག་པོ་དེ་ལ། མེ་རྣམས་རང་བཞིན་མི་ཤེས་པར། །གང་དག་སྦྱིན་སྲེག་བྱེད་པ་དེ། །སྦྱིན་སྲེག་མ་ཡིན་ལེགས་བྱས་

མིན། །ལས་ཀྱི་འབྲས་བུའང་ཡོད་མི་འགྱུར། །ཞེས་པ་ནི་མེ་རྣམས་ཀྱི་རང་བཞིན་མི་ཤེས་ན་ཆོ་ག་དང་འགལ་བས་སྦྱིན་སྲེག་བྱས་པར་མི་ཆུད་ལ། ལེགས་བྱས་མིན་ཞེས་པ་ནི་སྦྱིན་སྲེག་གི་ཆོ་ག་འཇག་མ་དགྲམ་པ་ལ་སོགས་པའི་ལེགས་བྱས་རྣམས་ཀྱང་ལེགས་བྱས་སུ་མི་ཆུད་དོ་ཞེས་པའོ། །
ལས་ཀྱི་འབྲས་བུའང་ཡོད་མི་འགྱུར། །ཞེས་པ་ནི་གང་གི་ཕྱིར་སྦྱིན་སྲེག་བརྩམས་པའི་ལས་དེའི་འབྲས་བུར་མི་འགྱུར་རོ་ཞེས་པའོ། །ངས་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་ནི་མེ་བཅུ་གཉིས་བསྟན་ཏེ་ཞེས་པ་ནི་བཅོམ་ལྡན་འདས་བྱང་ཆུབ་སེམས་པའི་སྤྱད་པ་སྤྱོད་པ་ན་བྲམ་ཟེའི་རིག་
བྱེད་ལས་འབྱུང་བའི་མེ་གོང་དུ་སྨོས་པ་རྣམས་བསྟན་ལ། མངོན་པར་སངས་རྒྱས་ནས་ནི་འཇིག་རྟེན་ལས་འདས་པའི་སྦྱིན་སྲེག་ལ་སོགས་པ་བྱ་བའི་ཕྱིར་མེ་རྣམ་པ་བཅུ་གཉིས་པོ་འདི་བསྟན་ཏོ་ཞེས་པའོ། །དེ་ཡང་གང་ཞེ་ན་ཞེས་པ་ནས། ཡེ་ཤེས་རྫོགས་བྱེད་ཡིན་ཞེས་བྱ། །ཞེས་པའི་བར་ནི་
རྒྱས་པའི་སྦྱིན་སྲེག་གི་མེའི་མཚན་ཉིད་གསུངས་པ་སྟེ། ཡེ་ཤེས་མེ་ཞེས་པ་ནི་ཡེ་ཤེས་སེམས་དཔའ་ཡིན་པའི་ཕྱིར་རོ། །གཉིས་པ་འཛིན་བྱེད་ཅེས་བྱ་སྟེ། །ཞེས་པ་ནས། བགྲང་ཕྲེང་རིལ་བ་སྤྱི་བླུགས་ཐོགས། །ཞེས་པའི་བར་ནི་ཞི་བའི་སྦྱིན་སྲེག་གི་མེའི་མཚན་ཉིད་གསུངས་པའོ། །
གསུམ་པ་རླུང་ཞེས་བྱ་བ་སྟེ། །མདོག་མེད་གནག་ལ་རྩུབ་པའོ། །ཞེས་པ་ནི་རླུང་ཞེས་པའི་མེ་དེ་མེ་ཐབ་ཏུ་མེ་སྦར་བའི་ཚེ་བོད་པའོ། །བཞི་པ་དམར་པོ་ཞེས་བྱ་སྟེ། །ནུབ་ཁའི་མཚམས་ཀྱི་དམར་ཐག་འདྲ། །ཞེས་པ་ནི་དབང་གི་སྦྱིན་སྲེག་གི་མེའོ། །ལྔ་པ་མྲི་ཊ་ཞེས་བྱ་བ། །སྤུན་
ལ་ཁ་དོག་ཁམ་པ་སྟེ། །མགྲིན་པ་རིང་ཞིང་གཟི་བརྗིད་ཆེ། །ཀུན་ལ་ཕན་ནི་འདོགས་པར་བཤད། །ཅེས་པ་ནི་གང་བའི་སྦྱིན་སྲེག་བྱ་བའི་མེའོ། །དྲུག་པ་ཁྲོ་ནའོ་ཞེས་བྱ་སྟེ། །མིག་ཡོན་དུད་པའི་ཁ་དོག་འདྲ། །གྱེན་དུ་སྐྲ་བརྫེས་སྒྲ་ཆེན་འབྱིན། །མཆེ་བ་བཞི་པ་སྟོབས་པོ་ཆེའོ། །ཞེས་
པ་ནི་མངོན་སྤྱོད་ཀྱི་སྦྱིན་སྲེག་བྱ་བའི་མེའི་མཚན་ཉིད་གསུངས་པའོ། །བདུན་པ་ལྟ་བ་ཞེས་བྱ་སྟེ། །རྣོ་ལ་ཁ་དོག་ཀུན་དང་ལྡན། །ཞེས་པ་ནས། རྨུགས་བྱེད་ཅེས་པ་བཅུ་གཉིས་ཏེ། །སེམས་ཅན་ཐམས་ཅད་རྨུགས་བྱེད་པའོ། །ཞེས་པའི་བར་ནི་མེ་ལྷག་མ་རྣམས་ཀྱི་མཚན་ཉིད་ཉི་ཚེ་སྨོས་

པའོ། །གསང་བ་པའི་བདག་པོ་དེ་ལྟར། མེ་ཡི་གཟུགས་ནི་བྱིན་བརླབས་ཏེ། །ཞེས་པ་ལ་སོགས་པ་མེ་རྣམས་བཤད་པའི་ཞར་ལ་སྦྱིན་སྲེག་བཤད་པ་སྟེ། མེ་ཡི་གཟུགས་ནི་བྱིན་བརླབས་ཏེ། །ཞེས་པ་ནི་ཞི་བ་དང་རྒྱས་པ་གང་ཡང་རུང་བའི་མིས་ལས་བྱེད་པ་དང་རྫས་གཉིས་ཀའི་ཁ་
དོག་བསྒྱུར་རོ་ཞེས་པ་སྟེ། དེ་བས་ན། བདག་རང་གི་ནི་གཟུགས་དང་ནི། །རྫས་ཀྱང་དེ་ཡི་ངོ་བོར་བྱ། །ཞེས་གསུངས་པ་ཡིན་ནོ། །འདི་ནི་ཕྱི་ཡི་སྦྱིན་སྲེག་སྟེ། །ཞེས་པ་ནི་དེ་ལྟར་བདག་དང་མེ་དང་རྫས་གསུམ་ཚར་དུ་ལྡན་པ་དེ་ནི་ཕྱི་རོལ་གྱི་སྦྱིན་སྲེག་གོ་ཞེས་པའོ། །ནང་གི་སྦྱིན་སྲེག་ཀྱང་
གསང་བ་པའི་བདག་པོ་ནང་གི་ནི་རང་བཞིན་གཅིག་པ་སྟེ་ཞེས་པ་ནི་སྟོང་པ་ཉིད་ཀྱི་རང་བཞིན་དུ་གཅིག་པའོ་ཞེས་པ་སྟེ། གནས་དུ་ཞིག་གཅིག་ཏུ་བསྡུ་ཞེ་ན། གནས་གསུམ་གཅིག་ཏུ་བྱ་བའི་ཚུལ་གྱིས་གསུམ་དང་ལྡན་པ་ནི་ནང་གི་སྦྱིན་སྲེག་ཡིན་ནོ་ཞེས་གསུངས་ཏེ། བདག་དང་མེ་དང་
རྫས་ཏེ་གསུམ་པོ་གཅིག་ཏུ་ལྡན་པའི་གནས་གསུམ་པོ་དེ། སྟོང་པ་ཉིད་ཀྱི་རང་བཞིན་གཅིག་ཏུ་བྱའོ་ཞེས་པ་སྟེ། དེ་ཡང་འོག་ནས་འགྲེལ་ཏོ། །གསང་བ་པའི་བདག་པོ་བྱམས་པ་ཆེན་པོ་དང་སྙིང་རྗེ་ཆེན་པོ་དང་ལྡན་པ་ནི་ཞི་བའོ་ཞེས་པ་ནི་ཞི་བའི་སྦྱིན་སྲེག་བྱ་བ་ལ་བྱམས་པ་དང་སྙིང་
རྗེ་ལྷག་པར་བསྐྱེད་དོ་ཞེས་པའོ། །དགའ་བ་དང་ལྡན་པ་ནི་རྒྱས་པའོ་ཞེས་པ་ནི་རྒྱས་པའི་སྦྱིན་སྲེག་ལ་དགའ་བ་ལྷག་པར་བསྐྱེད་དོ་ཞེས་པའོ། །ཁྲོ་བོའི་མེས་ནི་ཞེས་པ་ནས། ཁྲོ་བ་ཐུལ་བས་བྱ་བའོ། །ཞེས་པའི་བར་ནི་མངོན་སྤྱོད་ཀྱི་སྦྱིན་སྲེག་གསུངས་པ་སྟེ། ཁྲོ་བར་བྱ་བ་ཡང་ལྡང་བ་
དང་བཅས་པ་མ་ཡིན་ཏེ། དེ་བས་ན་ཁྲོ་བ་ཐུལ་བས་བྱ་བའོ། །ཞེས་གསུངས་པ་ཡིན་ནོ། །དབུས་སུ་རླུང་གི་མེ་གཞག་གོ། །ཞེས་པ་ནི་དང་པོར་ཞུགས་ཐབ་ཏུ་མེ་སྦར་བའི་ཚེ་རླུང་གི་མེ་བོས་ནས་རླུང་གཡབ་ཀྱིས་མེ་སྦར་བར་བྱའོ་ཞེས་པའོ། །གསང་བ་པའི་བདག་པོ་དེ་ལྟར་ཇི་སྐད་
བསྒྲགས་པའི་གནས་དེ་དང་དེ་དག་ཏུ་ཇི་ལྟར་རིགས་པ་དང་ཇི་ལྟར་ལྡན་པར་སྦྱིན་སྲེག་བྱའོ་ཞེས་པ་ནི་ཞི་བ་དང་རྒྱས་པ་ལ་སོགས་པའི་གནས་ཇི་སྐད་དུ་གསུངས་པ་དེ་དག་གར་རིགས་པར་ཞི་བ་ལ་སོགས་པའི་སྦྱིན་སྲེག་རྣམས་བྱའོ་ཞེས་པའོ། །དེ་ནས་ཡང་བཅོམ་ལྡན་འདས་ལ་ཕྱག་

ན་རྡོ་རྗེས་འདི་སྐད་ཅེས་གསོལ་ཏོ་ཞེས་པ་ནས། ཇི་ལྟར་བསམ་པ་བདག་ལ་གསུངས། །ཞེས་པའི་བར་ནི་གོང་དུ་སྦྱིན་སྲེག་མདོར་བསྟན་པ་དེ་ལ་མེ་ཐབ་ཇི་ལྟར་བྱ་བ་དང་། མེ་བསང་བའི་ཕྱིར་ཆུས་གཏོར་བ་ནི་ཇི་ལྟར་གཏོར་བ་དང་། མེ་ཐབ་ཀྱི་མཐར་འཇག་མ་ཇི་
ལྟར་གདིང་བ་དང་། མེ་ཐབ་ཏུ་མེ་ཇི་ལྟར་གཞག་པ་ཞུས་པའོ། །གསང་བ་པའི་བདག་པོ། དེ་ལ་མེ་ཡི་ཐབ་ཁུང་ནི། །ཀུན་དུ་ཁྲུ་གང་ཙམ་གྱི་ཚད། །ཁ་ཁྱེར་སོར་བཞིའི་ཚད་དུ་བྱ། །རྡོ་རྗེའི་མཚན་མ་དག་གིས་མཚན། །ཞེས་པ་ནི། མེ་ཡི་ཐབ་ཁུང་ཇི་ལྟར་བགྱི། །ཞེས་
ཞུས་པའི་ལན་ཏེ། མེ་ཐབ་ཁོ་ར་ཁོར་ཡུག་ཏུ་ཁྲུ་གང་ཙམ་ལ་ཁ་ཁྱེར་ཡང་ཞེང་དང་དཔངས་སུ་སོར་བཞི་པར་བྱ་སྟེ། ཞབས་སུ་རྡོ་རྗེའི་མཚན་མས་མཚན་པར་བྱའོ། །ཐབ་ཁུང་གི་ནི་གཡས་ཕྱོགས་ནས། །ཀུ་ཤའི་རྩྭ་ནི་རློན་པ་དགྲམ། །རྩེ་མོ་དག་ཀྱང་རྩ་བས་དཀྲི། །རྩ་བ་དག་ཀྱང་རྩེ་མོས་
དཀྲི། །ཞེས་པ་ནི། ཀུ་ཤའི་རྩྭ་ཡང་ཇི་ལྟར་དགྲམ། །ཞེས་ཞུས་པའི་ལན་ཏེ་གོ་བར་ཟད་དོ། །འདིར་ནི་བསང་གཏོར་གཡས་ཕྱོགས་ནས། །ཀུ་ཤ་བསྐོར་བ་བཞིན་དུ་བྱ། །ཞེས་པ་ནི། བསང་གཏོར་དག་ཀྱང་ཇི་ལྟར་བགྱི། །ཞེས་ཞུས་པའི་ལན་ཏེ། མེ་བསང་བའི་ཕྱིར་ཆུ་གཏོར་བ་
ཡང་འཇག་མ་བསྐོར་བའི་ཚུལ་དུ་གཡས་ཕྱོགས་ནས་བསྐོར་ཞིང་གདབ་པོ་ཞེས་པའོ། །བྱུག་སྤོས་མེ་ཏོག་བདུག་སྤོས་དག །མྲྀ་ཊའི་མེ་ལ་དབུལ་བར་བྱ། །ཞེས་པ་ནས། མཁས་པས་དེ་ལ་དབུལ་བར་བྱ། །ཞེས་པའི་བར་ནི། ཇི་ལྟར་བསམ་པ་བདག་ལ་གསུངས། །ཞེས་ཞུས་པའི་ལན་
ཏེ། མེ་ཐབ་དེར་ཐོག་མར་མེ་ཏོག་གཅིག་གཞག་སྟེ། མྲི་ཊའི་མེ་བོས་ལ་དྲི་དང་མེ་ཏོག་ལ་སོགས་པས་མཆོད་དེ། དེ་ནས་ཡང་ཆུས་བསངས་ལ་གང་བའི་སྦྱིན་སྲེག་ལན་གསུམ་མེ་དེ་ཉིད་ཀྱི་སྔགས་ཀྱིས་བཏབ་སྟེ་དབུལ་ལོ་ཞེས་པའོ། །དེ་ནས་ཞི་པའི་སྦྱིན་སྲེག་གམ། །ཡང་ན་རྒྱས་པའི་
སྦྱིན་སྲེག་བྱ། །འཇིག་རྟེན་པ་ཡི་སྦྱིན་སྲེག་འདི། །ཕྱི་རོལ་པ་ཞེས་གསུངས་པ་ཡིན། །ཞེས་པ་ནི་ཇི་སྐད་བཤད་པའི་རིམ་པས་མེ་ཐབ་ཀྱི་ཆོ་ག་བྱ་བ་དང་མྲི་ཊའི་མེ་ལ་གང་བའི་སྦྱིན་སྲེག་བྱིན་ཏེ། མེ་དེ་རང་གི་གནས་སུ་གཞག་ལ། །དེ་ནས་ཞི་བའམ་རྒྱས་པའི་མེ་གང་ཡང་རུང་བ་སྤྱན་

དྲངས་ན་ཞི་བ་ལ་སོགས་པའི་སྦྱིན་སྲེག་གམ། ཇི་ལྟར་འདོད་པ་བྱའོ། །དེ་དག་ནི་མེ་ཐབ་དང་མེ་ལ་སོགས་པ་ཕྱི་རོལ་གྱི་དངོས་པོ་རྣམས་ལ་དམིགས་པས་འཇིག་རྟེན་པའི་སྦྱིན་སྲེག་གསུངས་པ་ཡིན་ནོ། །གཞན་ཡང་ནང་གི་སྦྱིན་སྲེག་ནི། །ཞེས་པ་ནས། དེ་ནི་ནང་གི་སྦྱིན་སྲེག་ཅེས། །དེས་པ་
ཁྱོད་ལ་བསྟན་པ་ཡིན། །ཞེས་པའི་བར་ནི་ནང་གི་སྦྱིན་སྲེག་བཤད་པ་སྟེ། དེ་ཡང་བདག་ཉིད་ཀྱི་ཕུང་པོ་ལྔ་སྟོང་པ་ཉིད་དུ་བཤིག་ལ། ཕྱི་རོལ་གྱི་མེ་ཐབ་ལ་སོགས་པ་ཡུལ་གྱི་གཟུགས་རྣམས་ཀྱང་སྟོང་པར་བཤིག་སྟེ། དེ་བཞིན་དུ་སྒོ་དྲུག་གི་རྣམ་པར་ཤེས་པ་འཕྲོ་བ་རྣམས་ཀྱང་སོ་
སོར་བཤིག་ནས་མི་འཕྲོ་བར་བཀག་ཅིང་དེ་ལྟར་འཇིག་ཅིང་འགོག་པར་བྱེད་པའི་བྱང་ཆུབ་ཀྱི་སེམས་དེ་ཡང་འཕྲོ་བ་མེད་པའི་ཤེས་རབ་ཀྱིས་བཀག་པ་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་ལ་གནས་པ་ནི་ནང་གི་སྦྱིན་སྲེག་སྟེ། དེ་བས་ན། རླུང་གི་མེ་ཡང་འཕྲོ་བ་མེད་པའི་ཤེས་རབ་ཀྱིས་
བཀག་སྟེ། ཡིད་ཀྱིས་མེ་ལ་སྦྱིན་སྲེག་བྱའོ་ཞེས་གསུངས་པ་ཡིན་ནོ། །རླུང་གི་མེ་བཀག་པ་ནི་སྲོག་དང་རྩོལ་བ་རབ་ཏུ་བསྡམས་ནས་ཞེས་པའོ། །ཡིད་ཀྱིས་མེ་ལ་སྦྱིན་སྲེག་བྱའོ། །ཞེས་པ་ནི་སེམས་མི་གཡོ་བར་བསྲེག་གོ་ཞེས་པའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཐམས་ཅད་དང་
ལྡན་པའི་འཁོར་འདུས་པ་ལ་བཀའ་སྩལ་པ། ཁྱེད་རྣམས་ཀྱིས་ཆོས་ཀྱི་རྣམ་གྲངས་འདི་ལ་བག་ཡོད་པར་གནས་པས་སྤྱད་པར་བྱའོ་ཞེས་པ་ནི་ཆོས་ཀྱི་རྣམ་གྲངས་འདི་ནི་སྣོད་དུ་མ་གྱུར་པའི་སེམས་ཅན་རྣམས་ལ་གྱ་ཚོམ་དུ་སྦྱིན་པར་མི་བྱ་བ་སྟེ། དེ་བས་ན། ངའི་སྲས་རྣམས་མ་གཏོགས་པར་
དབང་པོ་མ་བརྟགས་པ་གཞན་སུ་ལ་ཡང་མ་སྦྱིན་ཅིག་ཅེས་གསུངས་པ་ཡིན་ནོ། །ངའི་བུ་རྣམས་ཀྱི་མཚན་ཉིད་འོག་ནས་བཤད་པ་རྣམས་ལ་ནི་དབང་པོ་བརྟག་མི་དགོས་པར་སྦྱིན། དེ་ལས་གཞན་པ་རྣམས་ལ་ནི་ཆོས་ཀྱི་རྣམ་གྲངས་ཟབ་མོ་འདི་ཤེས་རབ་དང་ལྡན་ནམ་མི་ལྡན་པ་དང་།
དབང་པོ་རྣམས་འདོད་ཆགས་ལ་སོགས་པའི་ཡུལ་རྣམས་ལ་འཕྲོ་བ་ཡིན་ནམ་མ་ཡིན་པ་བརྟགས་ཏེ་ཤེས་པར་བྱས་ནས་དེ་ལྟ་བུ་ལ་སོགས་པའི་སྐྱོན་རྣམས་མེད་ཅིང་སྣོད་དུ་གྱུར་ན་གདོད་སྦྱིན་ཅིག་ཅེས་པ་སྟེ། དམན་པ་ལ་མོས་པ་ལ་ཟབ་ཅིང་རྒྱ་ཆེ་བའི་ཆོས་བཤད་པ་ནི་བྱང་ཆུབ་

སེམས་དཔའི་འཁྲུལ་པའོ་ཞེས་འབྱུང་བའི་ཕྱིར། དེ་ནས་དེའི་ཚེ་ཐམས་ཅད་ཀྱིས། དེ་བཞིན་གཤེགས་ལ་ཕྱག་འཚལ་ཏེ། །ཞེས་པ་ནས། བསྟན་པ་འདི་ལ་བཤད་དུ་གསོལ། །ཞེས་པའི་བར་ནི་ཕྱག་ན་རྡོ་རྗེ་ལ་སོགས་པའི་འཁོར་དེ་
རྣམས་ཀྱིས་རྣམ་པར་སྣང་མཛད་མངོན་པར་རྫོགས་པར་བྱང་ཆུབ་པ་རྣམ་པར་སྤྲུལ་པ་བྱིན་གྱིས་རློབ་པའི་ཆོས་ཀྱི་རྣམ་གྲངས་འདི་འཇིག་རྟེན་ན་མི་ཉམས་ཤིང་ཡུན་རིང་དུ་གནས་པར་བྱ་བའི་ཕྱིར་བྱིན་གྱིས་བརླབ་པའི་སྔགས་ཀྱིས་བྱིན་གྱིས་རློབ་པར་བཅོམ་ལྡན་འདས་
ལ་གསོལ་བ་སྟེ། སྔགས་འདིས་བྱིན་གྱིས་བརླབས་ནས་ཆོས་ཀྱི་རྣམ་གྲངས་འདི་གསུངས་པར་གྱུར་པའི་ཕྱིར་རོ། །རྣམ་པར་སྣང་མཛད་ཆེན་པོ་མངོན་པར་རྫོགས་པར་བྱང་ཆུབ་པ་རྣམ་པར་སྤྲུལ་པ་བྱིན་གྱིས་རློབ་པ་ཤིན་ཏུ་རྒྱས་པ་ཆེན་པོའི་མདོ་སྡེའི་དབང་པོའི་
རྒྱལ་པོ་ལས། གསང་སྔགས་ཀྱི་སྒོ་ནས་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པའི་ཆོ་ག་ཇི་སྙེད་པ་རྫོགས་སོ།། །།རྣམ་པར་སྣང་མཛད་མངོན་པར་རྫོགས་པར་བྱང་ཆུབ་པ་རྣམ་པར་སྤྲུལ་པ་བྱིན་གྱིས་རློབ་པའི་རྒྱུད་ཆེན་པོ་སློབ་དཔོན་སངས་རྒྱས་གསང་བས་
ཕྱིན་ཅི་མ་ལོག་པར་བཤད་པ་རྫོགས་སོ།། །།རྣམ་པར་སྣང་མཛད་མངོན་པར་རྫོགས་པར་བྱང་ཆུབ་པའི་རྒྱུད་ཀྱི་ཚིག་འགྲེལ་ཞེས་གྲགས་པ་འདི་ནི་དཔལ་སྣར་ཐང་གི་གཙུག་ལག་ཁང་དུ་བསྟན་བཅོས་བོད་ཀྱི་ཡུལ་དུ་འགྱུར་བ་ཇི་ལྟར་སྙེད་པ་བསྡུས་པའི་ཚེ། འགྲེལ་
བ་འདིའི་དཔེ་ཕྱི་མོ་མ་དག་ཅིང་གོང་འོག་འཁྲུགས་ལ་བར་བར་ནས་ཅུང་ཟད་མ་ཚང་བ་ཞིག་ལ་བརྟེན་པས་བསྟན་འགྱུར་ཐམས་ཅད་དུ་མ་དག་པ་བརྒྱུད་པ་དང་། སྐད་གསར་བཅད་ཀྱིས་གཏན་ལ་མ་ཕབ་པའི་འགྱུར་ཡང་མི་བདེ་བ་ཞིག་སྣང་བ་ལས། སྐད་གཉིས་སྨྲ་བའི་
དབང་པོ་སྐ་བ་དཔལ་བརྩེགས་ཀྱིས་བསྒྱུར་བའི་རྒྱུད་ཀྱི་ཚིག་དང་བསྟུན་ཏེ། སྐད་གསར་བཅད་དང་མཐུན་པར་བཅོས་པ་འདི་ནི་ཡུལ་དབུས་ཀྱི་བནྡེ་གཞོན་ནུ་དཔལ་ཞེས་བགྱི་བས། དཔལ་རྩེ་ཐང་གཙུག་ལག་ཁང་དུ་ལྕགས་མོ་སྦྲུལ་གྱི་ལོ་ལ་བྲིས་པའོ།། །།

༄༅༅། །རྒྱ་གར་སྐད་དུ། མ་ཧཱ་བཻ་རོ་ཙ་ན་ཨ་བྷི་སཾ་བོ་དྷི་སཾ་བོ་དྷ་པཱུ་ཛ་བི་དྷིཿ། བོད་སྐད་དུ། རྣམ་པར་སྣང་མཛད་ཆེན་པོ་མངོན་པར་བྱང་ཆུབ་པར་གཏོགས་པའི་མཆོད་པའི་ཆོ་ག །པདྨ་རྒྱས་འདྲའི་སྤྱན་མངའ་རྫོགས་སངས་རྒྱས། །རྣམ་པར་སྣང་མཛད་ཅེས་བྱ་ལ་བཏུད་
དེ། །རྣམ་པར་སྣང་མཛད་ལས་ཀྱི་མཆོད་པ་ཡི། །ཐབས་ཀྱི་ཆོ་ག་བཏུད་དེ་བཤད་པར་བྱ། །ཇི་ལྟར་སྔགས་ཀྱི་ཆོ་གའི་གོ་རིམས་གྱུར། །ཇི་ལྟར་རང་སེམས་དྲི་མ་མེད་འགྱུར་བ། །དེ་ལྟར་མདོར་བསྡུས་པ་ནི་འདི་བྱའོ། །དེ་ལ་དང་པོར་བདག་གཞན་དོན་གྲུབ་པའི། །བླ་མེད་དངོས་གྲུབ་
མཆོག་གི་ཐབས་དང་ནི། །དེ་ཐོབ་བྱ་བའི་ཐབས་ནི་རྣམ་མང་ལའང་། །དངོས་གྲུབ་ཐོབ་པར་འདོད་པ་བསྐྱེད་པར་བྱ། །དོན་ཀུན་གྲུབ་པའི་མཆོག་ནི་སྩོལ་མཛད་པ། །སངས་རྒྱས་རྣམས་དང་སངས་རྒྱས་སྲས་མཆོག་ཉིད། །དེ་ཡི་བདག་ཉིད་གྱུར་པའི་སྔགས་ཚུལ་དང་། །སྣ་ཚོགས་
ཚུལ་དུ་གནས་པའི་ཕྱག་རྒྱ་དང་། །ལྷག་པར་གསང་སྔགས་ཚུལ་གྱི་གཙོ་བོ་ནི། །རྒྱ་ཆེན་ཐེག་པ་ལ་ནི་མོས་བསྐྱེད་དེ། །སེམས་ཅན་མོས་པ་ཆེ་འབྲིང་ཆུང་ངུ་ལ། །དེ་ཐོབ་ཆོ་ག་འང་འབད་དེ་ངེས་པར་བསྟན། །རྒྱལ་བས་འདི་དག་བསྐྱབ་པའི་དོན་དགོངས་པས། །འགྲོ་དྲུག་
འཁོར་ལོ་ཅན་ལའང་ཅི་རིགས་པར། །གུས་པ་སྔོན་དུ་འགྲོ་བར་ངེས་བྱ་སྟེ། །འདི་ལ་སེམས་ནི་དང་བ་རྣམ་པར་བསྐྱེད། །དེ་ནས་གཞན་ཡང་ཐེག་པ་མཆོག་ལ་ནི། །སྔགས་མཆོག་སྤྱོད་པའི་འདུལ་བའི་ཆོ་ག་ཤེས། །བདེ་གཤེགས་སྲས་ཀྱི་སྤྱོད་པའི་རྗེས་འཇུག་ཅིང་། །བླ་མེད་སྔགས་
ཀྱི་ཚུལ་ལ་འཇུག་པར་བྱ། །སྦྱོར་བ་ཕུན་ཚོགས་བསྒྲུབས་པར་གྱུར་པ་དང་། །དབང་བསྐུར་ཐོབ་ཅིང་རྗེས་སུ་ཤེས་པ་དང་། །གཞན་དོན་སྒྲུབ་ལ་གཅིག་ཏུ་གཞོལ་གྱུར་པས། །བླ་མ་མཐོང་ན་གུས་པས་ཕྱག་བྱའོ། །སྟོན་པ་བཞིན་དུ་རབ་དང་གུས་བསྐྱེད་ཅིང་། །དགེ་བའི་
བཤེས་དང་མཛའ་བོ་མཆོག་བཞིན་བལྟ། །ལྷག་པར་མོས་པའི་ཁྱད་པར་བསྐྱེད་ནས་ནི། །དེ་མཉེས་བྱས་ཏེ་དེ་ནས་དེ་རྫས་སྤྱད། །རྗེས་སུ་བརྩེ་ཕྱིར་དེ་ལ་མངོན་ཕྱོགས་ཤིང་། །བསྙེན་བཀུར་དག་གིས་ཡིད་ནི་མགུ་བར་བྱ། །བཏུད་དེ་མགོན་པོ་དེ་དབང་བྱས་བདག་ལ། །

སྩོལ་ཞེས་བདེ་གཤེགས་སྤྱོད་མཆོག་གསོལ་བ་གདབ། །ཐུགས་རྗེས་འབྱུང་སྩོགས་དཀྱིལ་འཁོར་བཟང་པོར་ནི། །ཆོ་གས་དཀྱིལ་འཁོར་མཆོག་དེར་ཞུགས་ནས་སུ། །དམ་ཚིག་དམ་པ་ཅི་རིགས་བླངས་ནས་སུ། །རང་སྔགས་ཕྱག་རྒྱ་དག་ཏུ་བཅས་པ་ནི། །བླ་མ་མངོན་
དུ་གྱུར་ལས་ཡང་དག་མནོས། །དམ་ཚིག་མཆོག་ཏུ་སྒྲུབ་ཅིང་བསྲུང་བ་དང་། །འཕེལ་བར་བྱ་བ་ལ་ཡང་རྗེས་འབད་བྱ། །དེ་ལ་ཚུལ་འདི་ལས་ནི་སྟོན་པ་ཡིས། །གསང་སྔགས་སྤྱོད་མཆོག་དམ་ཚིག་ཡང་དག་གཟུང་། །བློ་ཆུང་རྣམས་ལ་བརྩེ་ཕྱིར་བཤད་པ་ནི། །ཆོ་ག་ཇི་བཞིན་
རིམ་བཞིན་རྣམ་པར་དབྱེ། །བཅོམ་ལྡན་ཀུན་ལ་ཕན་དོན་མཆོག་མཛད་པའི། །སངས་རྒྱས་རྣམས་དང་སངས་རྒྱས་སྲས་མཆོག་དང་། །དེ་ཡི་སྔགས་དང་ཕྱག་རྒྱ་ལྷ་རྣམས་དང་། །ཐེག་མཆོག་སྔགས་ཀྱི་ཚུལ་ལ་ཁྱད་པར་དུའོ། །སྔགས་ཀྱི་དོན་ལ་འཇུག་བྱེད་བླ་མ་ལའང་། །
གུས་མིན་མི་བྱ་བརྙས་པའང་བྱ་བ་མིན། །གཞན་དོན་ཕུན་ཚོགས་འབྱུང་བའི་རྒྱུར་གྱུར་པ། །སངས་རྒྱས་ལ་སྩོགས་ཡོངས་སུ་སྤང་མི་བྱ། །བདག་ཉིད་ཆེ་བའི་ཡོན་ཏན་སྔོན་འགྲོ་བས། །རྗེས་སུ་དྲན་པའང་རྒྱུན་དུ་བསྟེན་པར་བྱ། །མཉེས་པར་བྱ་ཞིང་དད་པས་མཆོད་པ་ལ། །ཅི་
རིགས་པར་ནི་རྗེས་སུ་སྤྱད་པར་བྱ། །རང་སངས་རྒྱས་དང་དེ་བཞིན་ཉན་ཐོས་དང་། །དེ་ཡི་ཚུལ་དུ་བསྟན་པའི་ཆོས་རྣམས་དང་། །བསླབ་པ་རབ་སྟེར་སློབ་དཔོན་བླ་མ་གཞན། །ཚངས་པར་སྤྱོད་པར་བཅས་ལའང་བརྙས་མི་བྱ། །དེ་རྣམས་ལ་ནི་རིམ་གྲོ་ཅི་རིགས་པར། །དུས་དང་དུས་
རྟག་ཏུ་ནི་བྱ་བ་ཡིན། །གང་ཡང་བྱིས་པའི་ཆོས་ཀྱིས་སྤྱོད་པ་དང་། །ཁོང་ཁྲོའང་སངས་རྒྱས་ལ་སྩོགས་བྱ་བ་མིན། །གང་ཕྱིར་འཇིག་རྟེན་དོན་མཛད་སྤྱོད་མཛད་པས། །མདོ་ལས་ཁོང་ཁྲོ་དོན་ཆེན་འཇོམས་གསུངས་ཏེ། །སེམས་བསྐྱེད་གཅིག་གིས་བསྐལ་པ་བྱེ་བར་ནི། །བྱས་
པ་མ་ལུས་འཇོམས་པར་བྱད་པར་གསུངས། །དེ་བས་ཕུང་ཁྲོལ་གནས་དང་རྩར་གྱུར་པ། །ཁྲོ་བོ་འབད་དེ་རྣམ་པར་སྤང་བར་བྱ། །བྱང་ཆུབ་སེམས་ནི་རིན་ཆེན་མཆོག་གྱུར་པ། །འཇིག་རྟེན་འཇིག་རྟེན་འདས་པའི་ཕུན་ཚོགས་དང་། །རང་དོན་གཞན་དོན་ཕུན་ཚོགས་རྒྱུར་གྱུར་

ཅིང་། །ཐེ་ཚོམ་ངེས་པར་འཇིག་པའི་མཐའ་གཅིག་པུ། །དེ་ནི་སྲོག་པས་ལྷག་པར་བསྲུང་བྱ་ཞིང་། །བདག་ཉིད་ཆེ་བའི་ཡོན་ཏན་གང་ཡིན་བསྒོམ། །ལུས་དང་ངག་དང་ཡིད་ཀྱིས་སེམས་ཅན་ལ། །གནོད་པར་གྱུར་པ་ཆུང་ངུའང་རྣམ་པར་སྤང་། །གཞན་དུ་དེ་ལ་ཕན་པའི་དོན་འགྱུར་ཕྱིར། །
སྙིང་རྗེ་བསྐྱེད་དེ་ཁྲོ་བ་བསྟན་པར་བྱ། །གནོད་པ་བྱེད་པ་ལ་ཡང་སེམས་འཚེ་བ། རྣམ་སྤང་བཟོད་ལའང་རྟག་ཏུ་དགའ་བར་བྱ། །སྙིང་རྗེ་བྱམས་དང་དགའ་བའི་སེམས་དང་ནི། །བཏང་སྙོམས་དང་ཡང་ལྡན་པར་བསྒོམ་པར་བྱ། །ཆོས་དང་ཟང་ཟིང་མི་འཇིགས་སྦྱིན་པ་ནི། །ཅི་རིགས་
འགྲོ་དོན་བསྒྲུབ་པ་ཉིད་དུ་བྱ། །དོན་ཆེན་བསྒྲུབ་དང་ལྡན་པའི་སེམས་ཀྱིས་ནི། །དུས་གཞན་དག་ཏུ་བཏང་སྙོམས་ཉིད་དུ་བྱ། །འགྲོ་ལ་ཕན་པའི་དོན་ནི་མི་ནུས་ན། །བྱང་ཆུབ་སེམས་ནི་ཆོ་ག་བཞིན་དུ་བསྒོམ། །དེར་ནི་ཆོས་རྣམས་ཐམས་ཅད་འདུས་གྱུར་ཅིང་། །རྟག་ཏུ་དཀར་
ཞིང་རྣམ་པར་དག་པར་བཤད། །སྦྱིན་སྩོགས་བསྡུ་བའི་དངོས་པོ་རྣམས་ཀྱིས་ཀྱང་། །སེམས་ཅན་ཡང་དག་བསྡུས་ཏེ་ཐེག་མཆོག་ལ། །ངེས་སྦྱར་འཛིན་དང་བཀླག་པར་བྱ་བ་དང་། །དེ་དོན་སྒོམ་ཞིང་བསམ་པར་བྱ་བ་ཡིན། །མཁས་པས་མིག་སྩོགས་དྲུག་པོ་དེས་གཟུང་ཞིང་། །
མཉམ་གཞག་ཡིད་ནི་ཞི་ཞིང་སྤང་བར་བྱ། །གང་ཕྱིར་ཆང་ནི་དོན་ཀུན་འཇིག་བྱེད་ཅིང་། །མི་དགེ་ཀུན་གྱི་རྩ་བར་གྱུར་པས་སྤང་། །དུག་དང་མཚོན་དང་ལྕེ་འབབ་ལྟ་བུའི་སེམས། །དེ་ནི་ཤིན་ཏུ་རིང་བའང་སྤང་བར་བྱ། །མདོར་ན་བདག་དང་གཞན་དོན་འཇིག་པ་གང་། །དེ་ནི་རབ་ཏུ་རྒྱང་
བསྲིང་སྤང་བར་བྱ། །མལ་ཁྲི་མཆོག་ལྔ་རྣམ་པར་སྤང་བྱ་སྟེ། །རྒྱལ་བས་དེ་ནི་དྲེགས་གནས་ཡིན་པར་གསུངས། །ཚུལ་མཆོག་ཡང་དག་དམ་པའི་རིམ་བཞིན་དུ། །མདོར་བསྡུས་ནས་ནི་བསྟན་པ་འདི་ཡིན་ཏེ། །འདི་ནི་རྣམ་དབྱེ་རབ་རྒྱས་ངེས་པ་ཡིས། །གཙོ་བོས་མདོ་སྡེ་ལ་
སྩོགས་གསུངས་པ་ཡིན། །དེ་ལྟར་ཡང་དག་དམ་ཚིག་ལ་གནས་པའི། །དེ་ཉམས་འགྱུར་རྒྱུ་རྣམ་པར་སྤང་བྱ་སྟེ། །སེམས་ངན་ལེ་ལོ་དྲན་པ་བརྗེད་པ་དང་། །སྐྱེ་བོ་ངན་པ་འདྲེས་པ་རྟག་ཏུ་སྤང་། །དེ་ལྟར་ཡང་དག་དམ་ཚིག་གནས་པ་ཡི། །སྔགས་མཆོག་སྤྱོད་སྒོས་བྱང་

ཆུབ་སྤྱོད་པ་ཡི། །རྒྱུན་ཏུ་སྒྲིབ་པ་རྣམས་ནི་ཟད་ཕྱིར་དང་། །བསོད་ནམས་ལ་སྩོགས་ཚོགས་རྣམས་རྣམ་འཕེལ་ཕྱིར། །ཚེ་འདི་ཉིད་དུ་གསང་སྔགས་གྲུབ་པར་ནི། །ཇི་ལྟར་འགྱུར་ཞེས་རྣམ་པར་བསམ་བྱས་ལ། །དེ་བསྒྲུབ་དོན་དུ་རུང་བར་བདག་མཐོང་ནས། །བླ་མ་
ལས་ནི་རིམ་པ་ཡང་དག་མནོད། །ཇི་སྐད་བཤད་རིག་ཆོ་གའི་རིམ་གྱིས་ནི། །དེ་ནས་གསང་སྔགས་ལ་སྩོགས་སྤྱོད་ལ་སྦྱར། །བླ་མ་ཕྱག་བྱས་བདག་ཉིད་དབང་བསྐུར་ནས། །སྔགས་དོན་ལེགས་པར་བསྒྲུབ་ཕྱིར་གསོལ་བ་གདབ། །བློ་ལྡན་བླ་མས་གནང་བར་བྱས་ནས་ནི། །རྗེས་སུ་
མཐུན་པའི་ཡུལ་དུ་གནས་པར་བྱ། །སྣ་ཚོགས་རི་དང་རི་སུལ་དག་དང་ནི། །ཕུག་དང་ནགས་ཚལ་རྣམ་པ་སྣ་ཚོགས་དང་། །བདེ་བ་ཐམས་ཅད་འབྱུང་བའི་གནས་རྣམས་དང་། །པདྨ་ཨུཏྤལ་ཁ་བྱེས་བརྒྱན་པ་དང་། །ཆུ་བོ་ཆུ་བྲན་ཆུ་མིག་མང་བ་དང་། །སྐྱེ་བོ་ལ་སྩོགས་འདུས་པ་
རྣམ་སྤངས་ཤིང་། །ཡིད་འོང་ཤིང་གི་ཡལ་གར་ལྡན་པ་དང་། །གང་ན་ཡམ་ཤིང་ཀུ་ཤ་ལ་སྩོགས་མང་། །སྦྲང་མ་ཚ་གྲང་ལ་སྩོགས་རྣམས་དང་བྲལ། །གང་ན་སྟག་དང་སེང་གེ་མེད་པ་དང་། །གང་ཞིག་སངས་རྒྱས་སངས་རྒྱས་སྲས་མཆོག་གི། །གནས་གྱུར་སྔོན་ནི་བསྟེན་པར་
མཛད་པ་དང་། །གཙུག་ལག་ཁང་དང་མཆོད་རྟེན་གནས་གྱུར་པ། །ཡིད་ནི་དགའ་བར་ལེགས་པར་གནས་པར་བྱ། །འབད་དེ་འདོད་ལས་སེམས་པ་རྣམ་བཟློག་ཅིང་། །ཁྱིམ་པ་རབ་བྱུང་འདྲེ་བ་རྣམ་སྤངས་ཏེ། །ཆོས་ལ་ཤིན་ཏུ་དགའ་བ་བསྐྱེད་ནས་ནི། །སེམས་ནི་དངོས་
གྲུབ་ལ་འདོད་སྤྲོ་བ་སྐྱེད། །བློ་ནི་ཤིན་ཏུ་སྤྲོ་བར་ལྡན་པ་དང་། །བཀྲེས་སྐོམ་ངལ་ལ་སྩོགས་པས་མི་ཞུམ་པར། །འཚོ་བ་རྣམ་དག་གྲོགས་བཟང་གྲོགས་མེད་པར། །དམ་ཆོས་གླེགས་བམ་གཉིས་པ་ཉིད་ལ་བརྟག །སངས་རྒྱས་སྲས་ཀྱི་སྤྱོད་ཡུལ་རྗེས་འཇུག་ཅིང་། །སྔགས་མཆོག་
ཐེག་ལའང་མོས་པ་བརྟན་པ་དང་། །སྤྲོ་བ་དང་ནི་བློ་མཆོག་སྟོབས་ལྡན་ཞིང་། །བརྟན་ལྡན་དགོས་པ་ལ་ནི་ལྟོས་མེད་སེམས། །སྙིང་སྟོབས་ལྡན་ཞིང་རབ་བརྩེའི་རྗེས་སུ་འཇུག །མཐོང་བའི་ཆོས་ལ་རང་གཞན་དོན་བསྒྲུབ་ལ། །ལྷ་གཞན་བསྟེན་པར་མི་བྱེད་འཇིགས་མེད་པ། །

དེ་ནི་གྲོགས་པོ་ཡིན་པར་ཡོངས་སུ་བསྒྲགས། །སྔགས་ཀྱི་སྤྱོད་པའི་བསླབ་པའི་གནས་བསྟན་པ་སྟེ་ལེའུ་དང་པོའོ།། །།གནས་བྱས་དེར་ནི་སྒྲུབ་པ་པོ་དེ་ཡིས། །དབང་པོ་བརྟན་པས་ད་ནི་ཉིན་རེ་ཞིང་། །ཐོག་མར་རམ་སྔར་གནས་མལ་ལས་ལངས་ནས། །དེས་ནི་བགེགས་
ཀྱི་དཀྱིལ་འཁོར་མ་ལུས་བསལ། །མཚན་མོ་བག་མེད་ཉེས་བྱས་ནང་པར་ནི། །འབད་དེ་ཆོ་ག་དེ་བཞིན་གཤེགས་ལ་འཇུག །དབང་པོ་ཞི་ཞིང་ཕན་སེམས་སྙིང་རྗེ་ཅན། །འགྲོ་བ་མ་ལུས་གདོན་པའི་ཡིད་གཅིག་ལྡན། །ཁྲུས་ཀྱི་ཆོ་ག་བཞིན་དུ་ཁྲུས་བྱས་པའམ། །རང་གི་ལུས་
དང་ངག་སེམས་རྣམ་དག་པས། །གཙང་ཞིང་དབེན་པའི་ས་ཡི་ཕྱོགས་སུ་ནི། །མེ་ཏོག་ལ་སོགས་ཆལ་པར་ལེགས་བཀྲམ་པར། །རས་རིས་ལ་སྩོགས་དམ་ཆོས་གླེགས་བམ་བདུན། །ཡང་ན་ཕྱོགས་བཅུར་བཞུགས་པའི་མགོན་པོ་བསམ། །དེ་ནས་མཁས་པས་ཤང་ལ་སྩོགས་
བལྟས་ཏེ། །ཡིད་ཀྱིས་མངོན་སུམ་བཞིན་དུ་བསམས་ནས་ནི། །དད་པ་གཅིག་ཏུ་གཞོལ་བའི་སེམས་ཀྱིས་ནི། །འདུད་པའི་སྦྱོར་བས་ཡན་ལག་ལྔས་ཕྱག་བྱས། །ཕྱོགས་བཅུ་དག་ན་བཞུགས་པའི་སངས་རྒྱས་ནི། །དུས་གསུམ་འཁྲུངས་ཤིང་སྐུ་མཆོག་གསུམ་མངའ་
བ། །ཚུལ་གྱི་རབ་མཆོག་ཐེག་ཆེན་ཆོས་དང་ནི། །དེ་བཞིན་བྱང་ཆུབ་ཐུགས་ལྡན་དགེ་འདུན་མཆོག །རིག་པའི་ཚོགས་དང་གསང་སྔགས་ཚོགས་རྣམས་དང་། །ཕྱག་རྒྱའི་ཚོགས་རྣམས་འདུས་ཚོགས་མཐར་ཕྱིན་ལ། །བརྗོད་ཀྱིས་མི་ལང་བསྡུས་པའི་སྦྱོར་བ་ཡིས། །
རང་ལུས་ངག་སེམས་དག་པས་ཕྱག་འཚལ་ལོ། །ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བཱཀྩིཏྟ་པཱ་ད་བནྡ་ནཱཾ་ཀ་རོ་མི་ཞེས་ཕྱག་འཚལ་བའི་སྦྱོར་བའོ། །སྡིག་ལས་ལྡོག་པའི་སེམས་ཀྱིས་ཐལ་སྦྱར་ཏེ། །པུས་མོ་གཡས་པའི་ལྷ་ང་སར་བཙུགས་ནས། །སྡིག་པའི་ཚོགས་རྣམས་
བསགས་པ་བཤགས་བགྱི་སྟེ། །འདོད་ཆགས་ཞེ་སྡང་རྣམ་པར་རྨོངས་སེམས་ཀྱིས། །ལུས་དང་ངག་དང་ཡིད་ཀྱིས་གང་བྱས་དང་། །སངས་རྒྱས་ཆོས་དང་ཚོགས་བཅས་ལ་གང་བྱས། །སྲོག་ཆགས་ཚོགས་གཏོགས་གཞན་ཡང་གང་བྱས་དང་། །གང་ཡང་ཕ་མ་

སློབ་དཔོན་སྟོན་པ་ལ། །ཐོག་མེད་འཁོར་བའི་འགྲོ་བར་གཏོགས་པ་ཡི། །བྱས་པའི་ཉེས་བྱས་མི་གཟུང་མ་ལུས་འདི། །གང་ཞིག་ཕྱོགས་བཅུའི་འཇིག་རྟེན་ཁམས་རྣམས་ན། །བཞུགས་པའི་རྒྱལ་བའི་སྤྱན་སྔར་བཤགས་པར་བགྱི། །ཨོཾ་སརྦ་པཱ་པཾ་སྥོ་ཊ་ད་ཧ་ན་
བཛྲ་ཎི་སྭཱ་ཧཱ། སྡིག་བསལ་བའི་སྦྱོར་བའོ། །སྐུ་གསུམ་མངའ་བའི་དུས་གསུམ་སངས་རྒྱས་དང་། །ཆོས་རྣམས་ཀུན་དང་བྱང་ཆུབ་སེམས་མཆོག་དང་། །གང་ཡང་ཕྱོགས་བཅུར་བཞུགས་པའི་སྟོན་པ་ལ། །དེ་ལ་ཐལ་མོ་སྦྱར་ཏེ་སྐྱབས་སུ་མཆི། །ཨོཾ་སརྦ་བུདྡྷ་བོ་དྷི་ས་ཏྭཾ། ཤ་ར་ཎཾ་
གཙྪ་མི་བཛྲ་དྷརྨ་ཧྲཱིཿ། སྐྱབས་སུ་འགྲོ་བའི་སྦྱོར་བའོ། །དུས་གསུམ་འབྱུང་བའི་ལུས་དང་ངག་དང་ཡིད། །ཞིང་ལས་ལྷག་པའི་ལུས་ཀྱི་རྒྱ་མཚོའི་ཚོགས། །སྐྱོན་མེད་བདག་ཉིད་རྣམ་པར་དག་པ་ཡི། །བདག་ཉིད་བདེ་གཤེགས་ཀུན་ལ་དབུལ་བར་བགྱི། །ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་
ཛ་པྲ་བཪྟ་ནཱ་ཡ་ཨཱཏྨ་ནཱཾ། སརྦ་ཏ་ཐཱ་ག་ཏ་ཤྲཱི་ཨ་དྷི་ཏིཥྛ་ཏཾ། སརྦ་ཏ་ཐཱ་ག་ཏ་ཛྙཱ་ནཱཾ་མེ་ཨ་བྷི་ཥ་ཏུ། བདག་དབུལ་བའི་སྦྱོར་བའོ། །སྐྱེ་སྩོགས་སྡུག་བསྔལ་རྣམས་ཀྱིས་ཉེར་གཙེས་ཤིང་། །མི་ཤེས་ལོག་པས་ཉེས་བཅོམ་བདག་ཉིད་ཅན། །སྲོག་ཆགས་རྣམས་ལ་ཕན་ཕྱིར་བྱང་ཆུབ་
སེམས། །རིན་ཆེན་མཆོག་གྱུར་བདག་གིས་བསྐྱེད་པར་བགྱི། །རྟག་ཏུ་སྲོག་ཆགས་རྣམས་ཀྱི་སྐྱབས་དང་ནི། །གནས་དང་དཔུང་གཉེན་སྐྱོབ་པ་ཉིད་གྱུར་ཅིག །ཨོཾ་བོདྷི་ཙིཏྟཾ་ཨུཏྤཱ་ད་ཡཱ་མི། སརྦ་བྷ་བ་བི་ག་ཏ་སྐནྡྷ་དྷཱ་ཏྭཱ་ཡ་ཏ་ན་གྲཱ་ཧྱ་གྲཱ་ཧ་ཀཻ་ཤྩ་བི་བརྫི་ཏཾ་དྷ་མ་ནཻ་རཱཏྨྱ་ས་མ་ཏཱ། ཡཱ་
སྭ་ཙིཏྟ་མཱདྱཱ་ནུཏྤནྣཾ་ཤཱུ་ནྱ་ཏཱ་སྭ་བྷཱ་བཾ་ཡ་ཐཱ་ཏེ། བུདྡྷ་བྷ་ག་བདྡྷཿབོ་དྷི་ས་ཏྭཻཿཡཱ་བད་བོ་དྷི་མཎྜ་ནང་བོ་དྷི་ཙིཏྟ་མུཏྤ་ཏཱི་ཏཾ་ཏ་ཐཱ་ཧཾ་སཾ་ཨ་བ་བོ་དྷི་ཙིཏྟ་ཨུཏྤཱ་ད་ཡཱ་མི། བྱང་ཆུབ་སེམས་ཀྱི་སྦྱོར་བའོ། །སངས་རྒྱས་རྣམས་དང་བྱང་ཆུབ་སེམས་དཔའ་ནི། །སྣ་ཚོགས་ཐམས་ཅད་མཁས་པས་ཕན་མཛད་
དང་། །ཕྱོགས་བཅུའི་འཇིག་རྟེན་དག་ན་གང་དག་གཞན། །བསོད་ནམས་བྱེད་པ་དེ་ལ་ཡི་རང་ངོ་། །ཨོཾ་སརྦ་ཏ་ཐཱ་ག་ཏ་པུཎྱ་ཛྙཱ་ན་ཨ་ནུ་མོ་ད་ན་པཱུ་ཛ་མེ་གྷ་ས་མུ་དྲ་སྤ་ར་ཎ་ས་མ་ཡེ་ཧཱུཾ། རྗེས་སུ་ཡི་རང་བའི་སྦྱོར་བའོ། །སངས་རྒྱས་ཀུན་དང་བྱང་ཆུབ་སེམས་དཔའ་ནི། །འགྲོ་བའི་སྐྱབས་

གྱུར་པ་ལ་གསོལ་བ་ནི། །ཕྱོགས་བཅུའི་སེམས་ཅན་ཇི་སྙེད་ཐམས་ཅད་ལ། །ཆོས་ཀྱི་སྤྲིན་ལས་ཆར་ཆེན་དབབ་ཏུ་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨདྷིཥྛ་ན་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། བསྐུལ་བའི་སྦྱོར་བའོ། །སོ་སོ་སྐྱེ་བོའི་ས་དང་ཉེས་བྱས་རྣམས། །མ་ལུས་པར་ནི་མྱུར་
དུ་སྤངས་ནས་ནི། །སྐྱོན་མེད་ཆོས་ཀྱི་སྐུ་ནི་རྣམ་དག་པར། །བཤད་པ་མྱུར་དུ་རྟོགས་པར་ཉིད་མཛོད་ཅིག །ཨོཾ་སརྦ་ཏ་ཐཱ་ག་ཏ་ན། ཨ་དེ་ཤ་ཡ་མེ། སརྦ་སཏྭ་ཧེ་ཏྭརྠཱ་ཡ། དྷརྨ་དྷ་ཏོ། །སྠཱི་ཏིརྦྷ་བ་ཏུ། གསོལ་བ་གདབ་པའི་སྦྱོར་བའོ། །སེམས་ཅན་ཐམས་ཅད་ལ་ནི་ཕན་པའི་ཕྱིར། །བདག་
གིས་དགེ་བ་གང་དག་ཅི་བསགས་པ། །སྐྱེ་བ་ལ་སྩོགས་སྡུག་བསྔལ་ཐམས་ཅད་ནི། །ཉེ་བར་ཞི་ཕྱིར་བདག་གིས་བསྔོ་བར་བགྱི། །ཨོཾ་སརྦ་ཏ་ཐཱ་ག་ཏ་པུཎྱ་ནིརྱཱ་ཏ་ཡཱ་མི་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། བསྔོ་བའི་སྦྱོར་བའོ། །ནུས་པ་ལ་ལྟོས་གང་ཅུང་ཟད། །ཕྱག་ལ་སྩོགས་པ་
གང་བྱས་པ། །བྱ་བ་དེ་ནི་དག་ཕྱིར་དང་། །རང་གཞན་རྗེས་སུ་གཟུང་ཕྱིར་རོ། །དེ་ལྟར་སེམས་ཀྱི་འཇུག་པ་རྣམ་དག་པས། །ཇི་ལྟར་རིགས་པར་སྐྱིལ་ཀྲུང་བཅས་ནས་ནི། །དམ་ཚིག་གསུམ་ཞེས་བྱ་བའི་རྒྱ་བཅིངས་ནས། །ལུས་དང་ངག་དང་ཡིད་ནི་རྣམ་པར་སྤྱད། །དེ་ལ་འདི་
ཡི་མཚན་ཉིད་ནི། །ཀུན་གྱིས་གསུངས་པ་ལས་ཤེས་བྱ། །ཐལ་མོ་སྦྱར་བ་བྱས་ནས་ནི། །མཐེ་བོང་གཉིས་ནི་བསྒྲེང་བར་བྱ། །ཡན་ལག་ཀུན་ལ་མཉམ་སྦྱར་ཏེ། །གསང་སྔགས་འདི་ཡང་བརྗོད་པར་བྱ། །ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ། །བི་ཤྭ་མུ་ཁེ་བྷྱཿཨོཾ་ཨ་ས་མེ་ཏྲི་ས་མེ་ས་མ་
ཡེ་སྭཱ་ཧཱ། འདིའི་ཆོ་ག་ནི་ལན་གསུམ་དུ་བརྗོད་དོ། །རྒྱུད་གསུངས་ཕྱག་རྒྱ་གཞན་གྱི་ཡང་། །མཚན་ཉིད་རིམ་པ་གང་ཡིན་པ། །གསང་སྔགས་བསྒྲུབ་ལ་བརྩོན་པ་ཡི། །སྔགས་སྤྱོད་པ་ཡིས་ཤེས་པར་བྱ། །ཕྱག་རྒྱ་འདི་ནི་བཅིངས་ཙམ་གྱིས། །སངས་རྒྱས་རྣམས་ནི་
སྦྱོང་བྱེད་ཡིན། །ས་དང་ཕ་རོལ་ཕྱིན་བསྐོང་ཞིང་། །ཆོས་གསུམ་ལམ་གྱིས་མཚམས་འཛིན་པའོ། །ཆོས་ཀྱི་དབྱིངས་ལས་ཡང་དག་དབྱུང་། །དེ་བས་ཕྱག་རྒྱ་ངེས་པར་བཅིང་། །ལུས་དང་ངག་ཡིད་རྣམ་པར་དག །རང་གི་ལུས་ནི་ཡོངས་བསྒྱུར་ཕྱིར། །

ལག་པ་དག་ནི་གཉི་ག་ཡང་། །ཁུ་ཚུར་བཅངས་ལ་མཐེ་བོང་སྦ། །མཛུབ་གཉིས་བསྒྲེང་བར་བྱས་པ་འདི། །རྒྱ་འདི་ཕྱག་རྒྱ་ཆེན་པོ་སྟེ། །ཆོས་དབྱིངས་རྣམ་སྦྱོང་ཕྱག་རྒྱའོ། །དེ་ཡི་སྔགས་ནི་འདི་ཡིན་ཏེ། །ན་མཿས་མནྟ་བུདྡྷཱ་ནཱཾ། དྷརྨ་དྷཱ་ཏུ་སྭ་བྷཱ་བ་ཨཱཏྨ་
ཀོ྅ཧཾ། ཆོས་ཀྱི་དབྱིངས་ཀྱི་རང་བཞིན་དང་། །རང་གི་ལུས་ནི་མཉམ་བསམས་ཏེ། །མཐར་ནི་ཚིག་ནི་འདི་དག་ཀྱང་། །ལན་གསུམ་བརྗོད་དེ་སྦྱར་བར་བྱ། །དཔེར་ན་རྡུལ་མེད་ནམ་མཁའ་བཞིན། །ཆོས་ཀྱི་སྐུ་ལ་གནས་པར་མཐོང་། །འདི་ཡིས་བྱིན་བརླབས་སྔགས་པ་
ནི། །ཕྱག་རྒྱ་སྔགས་ཀྱི་མཐུ་ཉིད་ཡིན། །བརྟན་པར་བྱ་བའི་རྒྱུ་རུ་ནི། །རྡོ་རྗེ་ངོ་བོར་རྣམ་པར་བསམ། །རྡོ་རྗེའི་ཕྱག་རྒྱ་འདི་བཅིངས་ནས། །གསང་སྔགས་འདི་ཡང་བརྗོད་པར་བྱ། །དེ་བཞིན་དུ་ལག་པ་གཉིས་ཀྱི་རྒྱབ་སྤྲད་དེ་སོར་མོ་ཐམས་ཅད་ཀུན་བསྣོལ་ལ་མཐེ་བོང་
གཉིས་བཟློག་སྟེ་སྤྲད་པར་བྱའོ། །རྒྱ་མཆོག་དཔལ་དང་ལྡན་པ་འདི། །ཆོས་ཀྱི་འཁོར་ལོ་ཞེས་སུ་བསྒྲགས། །འཇིག་རྟེན་མགོན་པོ་སྐྱོབ་པ་ཡིས། །འཁོར་ལོ་རབ་ཏུ་འདི་བསྐོར་རོ། །སྔགས་དང་ཕྱག་རྒྱའི་མཐུ་དག་ཀྱང་། །དེ་ལྟར་སྒྲུབ་པ་པོས་མངོན་ན། །རྟག་ཏུ་འཁོར་ལོས་
སྒྱུར་འདྲ་ཞིང་། །ཆོས་ཀྱི་འཁོར་ལོ་རབ་སྐོར་བྱེད། །དེ་ལ་ཕྱག་རྒྱ་དེའི་གསང་སྔགས་ནི་འདི་ཡིན་ཏེ། ན་མཿས་མནྟ་བཛྲཱ་ཎཱཾ། བཛྲ་ཨཱཏྨ་ཀོ྅་ཧཾ། རྡོ་རྗེ་སེམས་དཔའ་བདག་འདྲ་ཞེས། །ཤིན་ཏུ་མཉམ་གཞག་བསྒོམས་ན་ནི། །རྡོ་རྗེ་སེམས་དཔའ་བདུད་ཚོགས་ཀྱིས། །མཐོང་བར་
འགྱུར་བར་ཐེ་ཚོམ་མེད། །དེ་ནས་སྔགས་དང་ཕྱག་རྒྱ་ཡིས། །ཆོ་ག་བཞིན་དུ་གོ་བགོས་ཏེ། །རང་ལུས་འོད་ཟེར་འབར་བ་ཡི། །རྡོ་རྗེ་གོ་ཆ་བསྒོམ་པར་བྱ། །བགེགས་དང་ལོག་འདྲེན་མི་བཟད་དང་། །གང་གཞན་སྡིག་པའི་སེམས་ལྡན་པས། །རྡོ་རྗེ་ལྟ་བུར་དེ་མཐོང་ནས། །གདུག་
པའི་བདག་ཉིད་ཅན་རྣམས་འབྱེར། །དེ་ལ་འདིའི་ཕྱག་རྒྱ་དང་སྔགས་ནི་འདི་ཡིན་ཏེ། ཐལ་མོ་སྦྱར་ནས་མཛུབ་མོ་གཉིས་ཀྱིས་ཕྱི་རོལ་ནས་དཀྲིས་ལ། མཐེ་བོང་གཉིས་གཞག་པ་ནི། རྡོ་རྗེ་གོ་ཆའི་ཕྱག་རྒྱའོ། །ན་མཿས་མནྟ་བཛྲཱ་ཎཱཾ། ཨོཾ་བཛྲ་ཀ་བ་ཙ་ཧཱུཾ། ཡི་གེ་ར་ནི་ཁ་དོག་

དཀར། །ཐིག་ལེ་ཡིས་ནི་རྣམ་བརྒྱན་པ། །དཔའ་བོས་གཙུག་གི་ནོར་བུ་བཞིན། །དེ་ནི་རང་གི་སྤྱི་བོར་བསམ། །ན་མཿས་མནྟ་བུདྡྷཱ་ནཱཾ་རཾ། གལ་ཏེ་སྡིག་པའི་ལས་རྣམས་ནི། །བསྐལ་པ་བརྒྱར་ནི་བསགས་གྱུར་ཀྱང་། །ཉེས་པ་ཐམས་ཅད་བྱང་འགྱུར་ཞིང་། །བསོད་ནམས་ཡེ་ཤེས་
དག་ཀྱང་རྫོགས། །ཆོས་ཀྱི་དབྱིངས་ཀྱི་སྔགས་འདི་ནི། །སྡིག་པ་ཐམས་ཅད་ཟད་བྱེད་པ། །མི་ལྡོག་པ་ཡི་ས་དག་ཀྱང་། །འདི་ཡིས་མྱུར་དུ་ཐོབ་པར་བྱེད། །ཁ་དོག་དམར་ཤིང་ཤས་ཆེར་འབར། །འོད་ཟེར་འབར་བ་འཁྲིགས་པའི་འོད། །སྨོས་པའི་བྱ་བ་ཐམས་ཅད་ལ། །འདི་ཉིད་
ངེས་པར་སྦྱར་བར་བྱ། །དེ་ནས་བགེགས་ནི་གཞིག་པའི་ཕྱིར། །བསྲུང་ཆེན་འདི་ནི་དྲན་བྱས་ཏེ། །མི་བཟད་ཅེས་པའི་བསྲུང་བ་འདི། །བགེགས་ཆེན་ཟློག་པར་བྱེད་པ་ཡིན། །ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱཿསརྦ་བྷ་ཡ་བི་ག་ཏེ་བྷྱོ། །བི་ཤྭ་མུ་ཁེ་བྷྱཿ། སརྦ་ཐཱ་ཧཾ་ཁཾ་རཀྵ་མ་ཧཱ་བ་ལེ། སརྦ་ཏ་
ཐཱ་ག་ཏ་པུཎྱ་ནིརྫ་ཏེ། ཧཱུཾ་ཧཱུཾ་ཏྲ་ཊ་ཏྲ་ཊ། ཨ་པྲ་ཏི་ཧ་ཏེ་སྭཱ་ཧཱ། བགེགས་དང་ལོག་འདྲེན་ཐམས་ཅད་དང་། །སྲིན་པོ་མི་བཟད་གཟུགས་ཅན་རྣམས། །འདི་ནི་དྲན་པ་ཙམ་གྱིས་སུ། །དེ་དག་ཐམས་ཅད་འབྱེར་བར་འགྱུར། །སྤྱོད་པ་དག་པ་སྤེལ་བ་དང་། །བསྲུང་བ་བསྟན་པ་སྟེ་ལེའུ་
གཉིས་པའོ།། །།དེ་ལྟར་བདག་ཉིད་ལེགས་པར་སྦྱངས་ནས་ནི། །རང་གི་སྔགས་ཀྱིས་བདག་པོའི་མདུན་བསམས་ལ། །སྔགས་ཀྱི་སྦྱོར་བས་ཆོ་ག་བཞིན་སྤྱན་དྲངས། །དེ་ལ་དང་པོར་དམ་ཚིག་བསྟན་པར་བྱ། །སྔགས་ཀྱི་སྦྱོར་བ་འཕགས་པ་མི་གཡོ་བའི། །རལ་
གྲིའི་ཕྱག་རྒྱ་བཅས་པས་བགེས་རྣམས་བསལ། །ཕྱག་བྱས་ཆོ་ག་བཞིན་དུ་མཆོད་ཡོན་དབུལ། །གསང་སྔགས་མཆོག་གིས་གདན་ཡང་བསྟབ་པར་བྱ། །དེ་ནས་སངས་རྒྱས་བྱང་ཆུབ་སེམས་དཔའ་མཆོག །གྲངས་འདས་རྣམས་ཀྱིས་ཡོངས་སུ་བསྐོར་བར་བསམ། །
འཕགས་པ་མི་གཡོ་མགོན་གྱིས་སྔར་བསངས་ཤིང་། །སྔགས་ཀྱི་སྦྱོར་བས་བསྐྲད་དང་སྦྱང་བ་དང་། །རང་རང་སྔགས་ཀྱིས་རྣམ་པར་བྱིན་བརླབས་པའི། །མེ་ཏོག་ལ་སྩོགས་མཆོད་པས་དེ་འོག་མཆོད། །དེ་ལ་གོ་རིམས་འདི་ཡིན་ཏེ། །འོད་ཟེར་འབར་བས་ཁྱབ་པའི་མཆོག །

ཉི་མ་འཆར་ཀ་ལྟ་བུའི་མདོག །ཡི་གེ་ར་ནི་ཐིག་ལེར་བཅས། །རྒྱས་པར་མདུན་དུ་བསམ་པར་བྱ། །རྡུལ་དང་བྲལ་ཞེས་འདི་ཡི་ནི། །སྒྲ་ཡིས་དེ་ཉིད་རྣམ་བསམས་ལ། །ཆོས་ཀུན་འདོད་ཆགས་ལ་སྩོགས་པའི། །རྡུལ་བྲལ་ཡིན་ཞེས་བརྗོད་པར་བྱ། །སེམས་ཀྱི་ས་
ནི་དག་པའི་བདག །དེ་འོག་ས་ལ་འཇུག་པར་བྱ། །ཟུག་རྔུའི་ཉེས་པ་རྣམ་སྦྱངས་འདི། །ནམ་མཁའ་འདྲ་བར་སྦྱང་བར་བྱ། །མཉམ་པར་གྱུར་པའི་ས་དེ་ནི། །རྡོ་རྗེ་ལྟ་བུར་ཡང་དག་གནས། །ས་ཡི་འོག་གཞིར་ལེགས་གནས་པའི། །རླུང་གི་དཀྱིལ་འཁོར་བསམ་པ་ནི། །འོད་ཟེར་
ནག་པོ་འཕྲོ་བཅས་པའི། །ཡི་གེ་ཧས་ནི་ལེགས་མནན་པའོ། །ན་མཿས་མནྟ་བཛྲཱ་ཎཱཾ་ཧཾ། དེ་ནས་དེ་སྟེང་ཆུའི་དཀྱིལ་འཁོར། །ཤེལ་དང་འདྲ་བའི་འོད་འདྲ་བའི། །ཡི་གེ་བས་ནི་ལེགས་མནན་པའོ། །ན་མཿས་མནྟ་བུདྡྷཱ་ནཱཾ་པཾ། དེ་ནས་ཆུ་ཡི་སྟེང་གནས་པའི། །གསེར་གྱི་ས་གཞི་བསྒོམ་པ་ནི། །
གྲུ་བཞི་ཁ་དོག་སེར་པོར་སྣང་། །དང་པོའི་ཡི་གེས་ལེགས་མནན་པའོ། །ན་མཿས་མནྟ་བུདྡྷཱ་ནཱཾ་ཨ། དཀྱིལ་འཁོར་བཙོ་མའི་གསེར་འདྲ་ལ། །འོད་ཟེར་གསེར་གྱི་མདོག་འདྲ་བ། །ཀུན་ནས་རྣམ་པར་འཕྲོ་བ་ནི། །དབང་ཆེན་ཞེས་ནི་བཤད་པ་ཡིན། །སངས་རྒྱས་སྲས་དང་
བཅས་པ་ཡི། །བཞུགས་གནས་དེ་ལྟར་བསམས་ནས་ནི། །དེ་ནས་པདྨ་བསམ་བྱས་ཏེ། །ཡུ་བ་རྡོ་རྗེ་ཡིད་ལས་བྱུང་། །རིན་ཆེན་སྣ་ཚོགས་རྣམས་ཀྱི་དབུས། །འདབ་མ་བརྒྱད་པ་གེ་སར་བཅས། །ཁ་བྱེ་འོད་ཟེར་མང་པོར་ལྡན། །པདྨ་བྱེ་བས་ཡོངས་བསྐོར་བའོ། །
དེ་ནས་དེ་སྟེང་གདན་ཆེན་པོ། །སེང་གེས་བཏེག་པར་བསམ་པར་བྱ། །དེ་ནས་གཞལ་ཡས་ཁང་ཆེན་ཏེ། །རིན་ཆེན་རྣམ་པ་སྣ་ཚོགས་ཀྱིས། །བརྒྱན་པའི་ཀ་བས་བཏེག་པ་དང་། །གདུགས་དང་རྒྱལ་མཚན་རྣམས་ཀྱིས་ཁྱབ། །མུ་ཏིག་དྲ་བ་སྩོགས་ཀྱིས་བརྒྱན། །རིན་ཆེན་
ཆུན་འཕྱང་རྣམས་ཀྱིས་སྤུད། །མེ་ཏོག་སྤྲིན་ནི་བཟང་པོས་གཡོགས། །དྲི་དང་སྤོས་ཀྱིས་ཕན་ཚུན་ཁྱབ། །མེ་ཏོག་ལ་སོགས་ཚོགས་རྣམས་ནི། །ཁོར་ཡུག་ཀུན་དུ་ཁྱབ་པར་གྱུར། །དེར་ནི་གླུ་གར་རོལ་མོ་རྣམས། །མངོན་པར་དགའ་བའི་ཡོན་ཏན་འབར། །རིན་

ཆེན་བུམ་པ་མཆོད་ཡོན་སྣོད། །གཞལ་ཡས་ཁང་བཟངས་དེ་རུ་བསམ། །རིན་ཆེན་ཤིང་ལ་སྩོགས་པས་བརྒྱན། །ནོར་བུའི་འོད་ཀྱིས་རྣམ་པར་གསལ། །ཏིང་འཛིན་གཟུངས་དང་ས་དང་ནི། །དབང་སྩོགས་ལྷ་མོ་རྣམས་ཀྱིས་བསྟེན། །སངས་རྒྱས་ཕ་རོལ་ཕྱིན་སྩོགས་དང་། །
བྱང་ཆུབ་ཡན་ལག་མེ་ཏོག་འབར། །གར་བྱེད་རོལ་མོ་བརྡུང་བ་དང་། །ཡིད་འཕྲོག་སྙན་པའི་གླུ་དང་ལྡན། །མགོན་པོ་བདག་གི་བསོད་ནམས་དང་། །སངས་རྒྱས་བྱིན་བརླབས་གཟི་ཅན་དང་། །དེ་བཞིན་ཆོས་ཀྱི་དབྱིངས་སྟོབས་ཀྱིས། །མཆོད་པ་ཡང་དག་གནས་གྱུར་
ཅིག །ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོ་བི་ཤྭ་མུ་ཁེ་བྷྱཿཨོཾ་སརྦ་ཐཱ་ཁཾ། ཨུངྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱ་ཧཱ། འདིའི་ཆོ་ག་ནི་ལན་མང་དུ་བརྗོད་པ་ཡིན་ནོ། །འདི་ཡིས་བྱིན་གྱིས་བརླབས་ན་ཀུན། །སླར་ཡང་ལོག་པར་འགྱུར་མ་ཡིན། །ཕྱག་འཚལ་ཐལ་མོ་ལས་སོར་བར། །ཕན་
ཚུན་གཅེར་འདི་བྱིན་རློབ་རྒྱ། །ཆོས་རྣམས་ཐམས་ཅད་མ་སྐྱེས་ཤིང་། །གཟོད་ནས་ཞི་བའི་ངོ་བོ་ཉིད། །དེ་ཉིད་འདི་ནི་བསམས་ནས་སུ། །ཡི་གེ་ཨ་ནི་དེ་རུ་དགོད། །ཡི་གེ་ཨ་དེ་གྱུར་པ་ལས། །ཐུབ་ཆེན་རྣམ་པར་སྣང་མཛད་ནི། །འཇིག་རྟེན་ཁམས་ནི་མ་ལུས་པར། །འོད་ཀྱི་ཕྲེང་
བ་རྣམ་པར་འགྱེད། །སེམས་ཅན་ཁམས་ནི་དཔག་མེད་པ། །བསམ་པ་ཇི་བཞིན་བསྐུལ་མཛད་པ། །འཇིག་རྟེན་ཁམས་ནི་སྟོང་ཕྲག་ཏུ། །དཀྱིལ་འཁོར་རྒྱ་ཆེར་ཁྱབ་པར་མཛད། །སྐུ་གསུང་ཐུགས་ནི་ཐམས་ཅད་དུ། །རྟག་པར་གནས་པའི་ཐུགས་དང་ལྡན། །དཔའ་བོ་འཛམ་
བུའི་གསེར་འདྲ་ཞིང་། །ཀུན་དུ་སྣང་བར་མཛད་པ་པོ། །དཔའ་བོའི་སྐྱིལ་ཀྲུང་བཅས་ནས་ནི། །ཏིང་ངེ་འཛིན་བཞུགས་ཉེས་པ་བཅོམ། །སྟོད་གཡོགས་དར་དཀར་ལ་མནབས་ཤིང་། །རལ་པ་ཐོར་ཚུགས་དག་གིས་བརྒྱན། །ཡང་ན་འདིར་ནི་ར་བཀོད་ལ། །སྐྱེས་མཆོག་
ཤཱཀྱ་ཐུབ་པ་བསམ། །དཔའ་བོ་ཆོས་གོས་མནབས་པ་དང་། །མཚན་མཆོག་སུམ་ཅུ་གཉིས་མངའ་བའོ། །ན་མཿས་མནྟ་བུདྡྷཱ་ནཱཾ་ར། གནས་ནི་ཡོངས་སུ་གྱུར་པ་དང་། །དེ་བཞིན་འཇིག་རྟེན་སྣང་མཛད་དེ། །སྐུ་གཅིག་དང་ནི་གཉིས་ཉིད་དམ། །སྐུ་ཀུན་དང་ནི་རྗེས་སུ་ལྡན། །

བློ་དང་ལྡན་པས་འཇུག་པ་དང་། །འབྱུང་བའང་དེ་བཞིན་བསམ་པར་བྱ། །བཅོམ་ལྡན་གཡས་ཀྱི་པདྨ་ལ། །རང་རིག་ལྷ་མོ་དགོད་པར་བྱ། །གཡོན་དུ་རྡོ་རྗེ་འཛིན་ལ་སྩོགས། །བཞུགས་པར་ཡང་ནི་བསམ་པར་བྱ། །ཉེ་འཁོར་པདྨ་གཞན་དག་ལ། །བྱང་
ཆུབ་སེམས་དཔའི་ཚོགས་ཆེན་པོ། །གཞན་གྱི་དོན་ནི་མཛད་པར་བརྩོན། །མི་ལྡོག་ཚོགས་ནི་བློ་ཡིས་བསམ། །དེ་ནས་གཡས་ཀྱི་འོག་ལོགས་སུ། །ཟློས་པ་དེ་ནི་རྣམ་པར་དག །ཡང་ན་དེ་དབུས་འཇམ་དབྱངས་སྩོགས། །ཡི་གེ་ཡོངས་སུ་གྱུར་པ་ཡིས། །གནས་ལ་དེ་
ནི་རིམ་བཞིན་དུ། །རྣམ་པར་བསམ་པར་བྱ་བ་ཡིན། །དེ་ལ་འདིའི་ཡི་གེའི་ཆོ་ག་ནི་འདི་ཡིན་ཏེ། ན་མཿས་མནྟ་བུདྡྷཱ་ནཱཾ་མཾ། སྤྱན་རས་གཟིགས་སམ་རྡོ་རྗེ་སེམས། །བྱམས་པ་དང་ནི་བཟང་ཞེས་བྱ། །རྣམ་པར་སེལ་ལམ་ས་ཉིད་དམ། །སྤྱན་དང་ན་བཟའ་དཀར་མོ་དང་། །
སྒྲོལ་མ་ཁྲོ་གཉེར་ཅན་ཉིད་དང་། །མཱ་མ་ཀཱི་དང་ལུ་གུ་རྒྱུད། །འཁོར་ལོས་སྒྱུར་དང་རྟ་མགྲིན་དང་། །གནོད་མཛེས་བྲན་ཕོ་བྲན་མོ་དང་། །ཁྲོ་བོ་ཕོ་ཉ་ཕོ་ཉ་མོ། །ཚོགས་དང་རྒྱལ་པོ་རྒྱལ་མོ་དང་། །ཡོངས་སུ་གྱུར་པའི་ཆོ་ག་ཡིས། །ཅི་འདོད་པར་ནི་བསམ་པར་བྱ། །དེ་ནས་
རང་སེམས་དཔའ་བའི་ཕྱིར། །ཕྱི་ཡི་མེ་ཏོག་ལ་སོགས་ཚོགས། །མཆོད་ཡོན་ཞབས་བསིལ་ལ་སོགས་པ། །ཆོ་ག་བཞིན་དུ་ཡོངས་སུ་བརྟགས། །མི་གཡོ་བས་ནི་ཡོངས་སྦྱར་ཞིང་། །བསད་དང་བསྐྲད་དང་སྦར་བ་དང་། །ཡོངས་སུ་བཟླས་ཏེ་བྱིན་བརླབས་ལ། །བདག་
ཉིད་ཀྱང་ནི་བསྲུང་བར་བྱ། །ཁམས་གསུམ་རྣམ་རྒྱལ་ལ་སྩོགས་པས། །མཚམས་དང་ཕྱོགས་དང་ནམ་མཁའ་བཅིངས། །དེ་ནས་རང་རང་ཕྱག་རྒྱ་དང་། །སྔགས་ཀྱིས་སྤྱན་ནི་དྲང་པར་བྱ། །ཡང་ན་སྤྱི་ཡི་གསང་སྔགས་ཀྱི། །སྦྱོར་བ་འདི་དང་ལྡན་པར་བྱ། །དེ་ལ་འདི་ནི་
འཕགས་པ་མི་གཡོ་བའི་སྔགས་དང་ཕྱག་རྒྱ་ཡིན་ཏེ། ན་མཿས་མནྟ་བཛྲཱ་ཎཱཾ། ཙཎྜ་མ་ཧཱ་རོ་ཥ་ཎ་སྥོ་ཊ་ཡ་ཧཱུཾ་ཏྲ་ཊ་ཧཾ་མཾ། འདིའི་ཆོ་ག་འདི་ལན་གསུམ་དུ་བརྗོད་པའོ། །ཕྱག་རྒྱ་ནི་ལག་པ་གཡོན་པ་ཁུ་ཚུར་བཅངས་ལ། མཛུབ་མོ་དང་གུང་མོ་བརྐྱང་ལ། སྲིན་ལག་དང་མཐེའུ་

ཆུང་གི་རྩེ་མོ་མཐེ་བོས་མནན་ལ། ལག་པ་གཡས་པ་དེ་བཞིན་དུ་རལ་གྲི་ལྟ་བུར་བྱས་ལ། ལག་པ་གཡོན་པའི་ལག་མཐིལ་དུ་བཅུག་སྟེ། རལ་གྲི་ཤུབས་སུ་བཅུགས་པ་ལས་དྲངས་པ་ལྟ་བུ་ནི་མི་གཡོ་མགོན་གྱི་ཕྱག་རྒྱ་ཡིན་ཏེ། དེ་ཀུན་དུ་བསྐོར་ལ་མེ་ཏོག་ལ་སྩོགས་པ་ཡང་དེ་
ཉིད་ཀྱིས་རེག་པར་བྱས་ན། བསྐྲད་པ་ལ་སྩོགས་པ་བྱས་པར་འགྱུར་རོ། །རལ་གྲི་ཤུབས་ནས་དྲངས་ལ་བསྐྲད་པ་ལ་གཡོན་ཕྱོགས་ནས་བསྐོར་ཏེ་ཕྱི་རོལ་དུ་ཚམ་ངམ་བྱ་བ་བསྟན་པར་བྱའོ། །ཕྱོགས་དང་མཚམས་བཅིངས་པ་ནི་གཡས་ནས་བསྐོར་བར་བྱའོ། །བྱ་བ་གཞན་
དང་གཞན་དག་དང་། །མི་བཟད་འཇིགས་པ་སྣ་ཚོགས་དང་། བགེགས་ལ་སྩོགས་པ་བཟློག་པའི་ཕྱིར། །འདི་དག་ཉིད་ནི་ངེས་པར་སྦྱར། །དེ་ནས་སྤྱན་དྲང་བའི་སྔགས་དང་ཕྱག་རྒྱའི་སྦྱོར་བ་བྱ་སྟེ། སྲས་བཅས་སངས་རྒྱས་ཐམས་ཅད་ནི། རང་གི་དམ་ཚིག་ཉིད་
ཀྱིས་སྤྱོན། །དེ་ལ་འདིའི་ཆོ་ག་ནི། ན་མཿས་མནྟ་བུདྡྷཱ་ནཱཾ། ཨ་བ་སརྦ་ཏྲ་ཨ་པྲ་ཏི་ཧ་ཏ། ཏ་ཐཱ་ག་ཏ་ཨདྴུ་ཤ །བོ་དྷི་ཙརྱ་པ་རི་པཱུ་ར་ཀ་སྭཱ་ཧཱ། འདིའི་ཆོ་ག་ནི་ལན་བདུན་བརྗོད་པའོ། །འདིའི་ཕྱག་རྒྱ་ནི་དེ་བཞིན་དུ་ལག་གཉིས་གཅིག་ཏུ་སྦྱར་ལ་ཁུ་ཚུར་བྱས་ཏེ་ལག་པ་གཡས་པའི་མཛུབ་
མོ་བརྐྱང་སྟེ། ཚིགས་གསུམ་བཀུག་ལ་ལྷག་མ་གདུ་བུའི་ཚུལ་དུ་གཞག་པའོ། །སངས་རྒྱས་སྐྱོབ་པ་ཐམས་ཅད་ཀྱི། །འདི་ནི་ལྕགས་ཀྱུ་ཡིན་པར་བཤད། །ས་བཅུ་དག་ལ་གནས་པ་ཡི། །བྱང་ཆུབ་སེམས་དཔའ་བདག་ཉིད་ཆེ། །གང་གཞན་གདུག་པའི་སེམས་ལྡན་
པའི། །ཐམས་ཅད་འདིས་ནི་འགྲུབ་པར་བྱེད། །དེ་ནས་སྔགས་དང་ཕྱག་རྒྱ་དང་། །ལྡན་པར་དམ་ཚིག་བསྟན་བྱས་ཏེ། །སྟོན་པ་ཀུན་གྱི་དམ་ཚིག་གི། །ཕྱག་རྒྱ་ཇི་སྐད་བཤད་པ་བཅིང་། །ན་མཿས་མནྟ་བུདྡྷཱ་ནཱཾ། ཨ་ས་མེ་ཏྲི་ས་མ་ཡེ་སྭཱ་ཧཱ། འདིའི་ཆོ་ག་ནི་ལན་གསུམ་
རབ་ཏུ་བརྗོད་པ་ཡིན་ནོ། །དེ་ལྟར་དམ་ཚིག་ཡང་དག་བསྟན་བྱས་པས། །འགྲོ་ལ་ཕན་མཛད་རྣམས་ནི་ཚིམ་འགྱུར་ཞིང་། །སྔགས་དང་རིག་པའི་ལྷ་མཆོག་དགྱེས་པའི་ཕྱིར། །དགོངས་པ་མཛད་ཅིང་དམ་པ་སྩོལ་བར་འགྱུར། །དེ་ནས་མཆོད་ཡོན་སྔར་གྱི་ཆོ་ག་དང་། །

རང་སྔགས་ཕྱག་རྒྱའི་ཆོ་གར་ཡང་དག་ལྡན། །རྣམ་དག་བདེ་བར་གཤེགས་པར་གཏོགས་པ་དང་། །རྒྱལ་སྲས་རྣམས་ལ་དག་ཕྱིར་དབུལ་བར་བྱ། །ན་མཿས་མནྟ་བུདྡྷཱ་ནཱཾ། ག་ག་ན་ས་མཱ་ས་མཱ་སྭཱ་ཧཱ། འདིའི་ཆོ་ག་ནི་ལན་ཉི་ཤུ་རྩ་ལྔ་བརྗོད་པ་ཡིན་ནོ། །འདིའི་
ཕྱག་རྒྱ་ནི་མི་གཡོ་མགོན་གྱི་ཕྱག་རྒྱ་ཡིན་ནོ། །སྔགས་དང་ཕྱག་རྒྱར་ལྡན་བྱས་ཏེ། །པདྨའི་ཕྱག་རྒྱ་བཅིང་བ་ནི། །ཐམས་ཅད་ཉིད་ལ་སྦྱར་བར་བྱ། །བྱང་ཆུབ་མཆོག་དང་རྒྱལ་བའི་སྲས། །གང་དུ་བཞུགས་པར་ཤེས་པ་དང་། །དེ་ཚེ་ཟློས་པས་གདན་ཐོབ་ཕྱིར། །དེ་ཕྱིར་དེ་
ཉིད་དབུལ་བར་བྱ། །དེ་ལ་འདི་ཡི་ཆོ་ག་ནི། །ན་མཿས་མནྟ་བུདྡྷཱ་ནཱཾ་ཨ། འདིའི་ཕྱག་རྒྱ་ནི་དེ་བཞིན་དུ་ལག་པ་གཉིས་སྦྱར་ཏེ་སོར་མོ་རྣམས་ཀུན་དུ་བརྐྱང་ལ་མཐེ་བོ་གཉིས་དང་མཐེའུ་ཆུང་གཉིས་གཅིག་ཏུ་སྦྱར་ཏེ། དྲིལ་བུ་ལྟ་བུར་བྱས་ལ་མཛུབ་མོ་གཉིས་གུང་མོ་གཉིས་དང་ལྷན་
ཅིག་སྦྱར་བར་བྱའོ། །འདི་ནི་པད་མཆོག་དཔལ་དང་ལྡན། །སྐྱོབ་པ་སངས་རྒྱས་ཐམས་ཅད་ཀྱི། །གང་ན་བཞུགས་པར་ཤེས་གྱུར་པ། །རྡོ་རྗེ་མི་ཕྱེད་གདན་ཆེན་ཡིན། །དེ་ནས་གདུག་པའི་བློ་ཅན་དེ། །རྟ་ཡི་མཆོག་ལྟར་མི་བཟད་འདི་མཐོང་ནས། །ལུས་ཚིག་པ་ལྟར་རྣམ་པར་
འབྱེར་བར་འགྱུར། །ན་མཿས་མནྟ་བཛྲཱ་ཎཱཾ། ཙཎྜ་མ་ཧཱ་རོ་ཥ་ཎ་སྥོ་ཊ་ཡ་ཏྲ་ཀ་ཧཾ་མཾ། བློ་དང་ལྡན་པས་འདི་དག་ཐམས་ཅད་ནི། །རྣམ་སྦྱང་རང་ཉིད་རྡོ་རྗེ་སེམས་དཔའ་རུ། །ཆོ་ག་བཞིན་བསམས་དེ་ཡི་གསང་སྔགས་དང་། །ཕྱག་རྒྱའི་ཆོ་གས་ཡང་དག་སྦྱར་བར་བྱ། །ན་མཿས་མནྟ་
བཛྲཱ་ཎཱཾ་བཾ། འདིའི་ཆོ་ག་ནི་ཡན་ལག་ཐམས་ཅད་ལ་སྦྱར་བར་བྱའོ། །ཆོས་རྣམས་ཚིག་ལས་བྲལ་བའོ་ཞེས། །དེ་ཉིད་རྣམ་པར་བསམ་བྱ་ཞིང་། །ཕྱག་རྒྱར་ཡང་དག་ལྡན་པས་ནི། །རྡོ་རྗེ་སེམས་དཔའ་ལྟ་བུར་འགྱུར། །དེ་ལ་འདིའི་ཕྱག་རྒྱ་ཡིན་ཏེ། ལག་པ་གཉིས་ཁུ་
ཚུར་བཅངས་ལ་གུང་མོ་གཉིས་བརྐྱང་སྟེ་སྦྱར་ལ། མཛུབ་མོ་གཉིས་བཀུག་སྟེ་ངོས་ལ་སྦྱར་ནས་རྡོ་རྗེ་ལྟ་བུར་བྱའོ། །མཐེ་བོང་གཉིས་དང་མཐེའུ་ཆུང་གཉིས་ནི་གྱེན་དུ་བསྒྲེངས་ནས་གཞག་ལ། སྲིན་ལག་གཉིས་ནང་དུ་གཞུག་པར་བྱའོ། །སྔགས་ནི། ན་མཿས་མནྟ་

བཛྲཱ་ཎཱཾ། ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུཾ། ལག་པ་གཡོན་པ་ཁུ་ཚུར་བཅངས་ལ། རྡོ་རྗེ་ཕྱག་རྒྱ་སྦྱར་བར་བྱ་བའམ། རྒྱུད་གཞན་ལས་གསུངས་པའི་སྔགས་དང་ཕྱག་རྒྱ་ཡང་སྦྱོར་བ་འདིས་བྱའོ། །ཀུན་དུ་རྡོ་རྗེའི་གོ་ཆ་ནི། །མགོ་ནས་རྐང་པའི་བར་དུ་བསམ། །སྔར་བཤད་གོ་ཆའི་སྦྱོར་བ་ནི། །
སྔགས་དང་ཕྱག་རྒྱ་ངེས་པར་སྦྱར། །ན་མཿས་མནྟ་བཛྲཱ་ཎཱཾ། བཛྲ་ཀ་བ་ཙ་ཧཱུཾ། ཕྱག་རྒྱ་ནི་ཐལ་མོ་ཁོང་སྟོང་དུ་སྦྱར་ལ་མཛུབ་མོ་གཉིས་ཀྱིས་རྒྱབ་ནས་དཀྲིས་ཏེ། མཐེ་བོང་གཉིས་གུང་མོ་གཉིས་ལ་གཞར་བ་ནི་རྡོ་རྗེ་གོ་ཆའི་ཕྱག་རྒྱའོ། །ཡི་གེ་ཁ་ནི་ཐིག་ལེར་བཅས། །རང་གི་
སྤྱི་བོར་ཡང་དག་བསམ། །ཆོས་ཀུན་མཁའ་དང་མཉམ་པའོ་ཞེས། །དེ་ཉིད་རྣམ་པར་བསམ་པར་བྱ། །ན་མཿས་མནྟ་བུདྡྷཱ་ནཱཾ་ཁཾ། དེ་ནས་མཉམ་པར་གཞག་ནས་སུ། །བདུད་རྣམས་སྐྲག་བྱེད་ཕྱག་རྒྱ་ནི། །སྔགས་དང་ཕྱག་རྒྱར་ཡང་དག་ལྡན། །མཁས་པས་ཀུན་ནས་
བསྐོར་བར་བྱ། །གང་གཞན་སྡང་བར་སེམས་པ་ཡི། །མི་བཟད་འཇིགས་པས་ས་གཞི་དེ། །རྡོ་རྗེ་མེ་ནི་འབར་བ་རུ། །མཐོང་ནས་རྣམ་པར་འབྱེར་བར་འགྱུར། །ན་མཿས་མནྟ་བུདྡྷཱ་ནཱཾ། མ་ཧཱ་བ་ལ་བ་ཏི། ད་ཤ་བ་ལེ་ཏོ་བཛྲོ་དྦྷ་བེ། མ་ཧཱ་མཻ་ཏྲྱཱ་དྦྷཱུ་ཏ་ག་ཏེ་སྭཱ་ཧཱ། ཕྱག་རྒྱ་
ནི་ལག་པ་གཡས་པ་ཁུ་ཚུར་བཅངས་ལ། མཛུབ་མོ་བརྐྱང་། དཔྲལ་བར་ཁྲོ་གཉེར་བསྡུ་བར་བྱའོ། །ཕྱག་རྒྱ་འདི་ནི་རྒྱ་ཆེན་ཏེ། །སངས་རྒྱས་སྐྱོབ་པ་ཐམས་ཅད་ཀྱི། །བདུད་ནི་རྣམ་པར་བསྡིགས་ཞེས་བྱ། །ཕུང་བྱེད་ཐམས་ཅད་འཇིགས་པར་བྱེད། །འདི་ནི་བཅིངས་པ་
ཙམ་གྱིས་སུ། །བདུད་སྡེ་ཤིན་ཏུ་མི་བཟད་དང་། །བགེགས་དང་ལོག་འདྲེན་ཐམས་ཅད་ཀྱང་། །ཐེ་ཚོམ་མེད་པར་རབ་ཏུ་འབྱེར། །དེ་ནི་མི་བཟད་བཅིངས་ནས་སུ། །མཚམས་བཅིང་བ་ནི་ངེས་པར་སྦྱར། །སྔགས་དང་ཕྱག་རྒྱར་ལྡན་པས་ཀྱང་། །ཤིན་ཏུ་བཟོད་དཀའ་སྐྱེ་
བར་འགྱུར། །ན་མཿས་མནྟ་བུདྡྷཱ་ནཱཾ། སརྦ་ཏྲཱ་ནུ་ག་ཏེ། བནྡྷ་སཱི་མཾ་མ་ཧཱ་ས་མ་ཡཿནིརྫཱ་ཏེ་སྨ་ར་ཎི་ཨ་པྲ་ཏི་ཧ་ཏེ་ཌྷ་ཀ་ཌྷ་ཀ་ཙ་ར་ཙ་ར། བནྡྷ་བནྡྷ། ད་ཤ་ད་ཤིན། སརྦ་ཏ་ཐཱ་ག་ཏཱ་ནུ་ཛྙཱ་ཏེ། པྲ་བརྟ་དྷརྨ་ཨ་བ་ད་བི་ཛ་ཡེ། བྷ་ག་ཝ་ཏི་བི་ཀུ་ལ་བི་ཀུ་ལེ་ལི་ལ་པུ་རི་སྭཱ་ཧཱ། ཡང་ན་

མདོར་བསྡུས་པའི་སྔགས་འདི་སྦྱར་བར་བྱ་སྟེ། ན་མཿས་མནྟ་བུདྡྷཱ་ནཱཾ། བེལླུ་པུ་རི་བི་ཀུ་ལེ་སྭཱ་ཧཱ། འདིའི་ཆོ་ག་ནི་ལན་བདུན་བྱ་བ་ཡིན་ནོ། །ཕྱག་རྒྱ་ནི་ལག་པ་གཉིས་ཐལ་མོ་སྦྱར་ལ། མཛུབ་མོ་གཉིས་ནང་དུ་གཞུག་མཐེ་བོང་གཉིས་དང་མཐེའུ་ཆུང་གཉིས་
བསྐུམས་ལ། སྲིན་ལག་ཕྱེ་སྟེ་གྱེན་དུ་བསྒྲེང་། གུང་མོ་གཉིས་དེ་བཞིན་དུ་སྦྱར་བ་ནི་མཚམས་ཆེན་པོ་གཅོད་པ་ཡིན་ནོ། །འདི་ཕྱོགས་བཅུར་བསྐོར་ན་མཚམས་ཆེན་པོ་གཅད་པ་བྱས་པར་འགྱུར་རོ། །བསྲུང་དང་ཕྱོགས་བཅིང་ལ་སོགས་པ། །འདི་དག་ལས་ནི་གཅིག་གིས་ཀྱང་། །
གང་ཕྱིར་འཇིག་རྟེན་གསུམ་དག་ཏུ། །ངེས་པར་བསྲུང་བ་ནུས་པ་ཡིན། །ཡང་ན་མི་གཡོ་དཔའ་བོ་ཡིས། །བདག་བསྲུང་གནས་ནི་སྦྱང་བ་དང་། །མཚམས་དང་ཕྱོགས་བཅིང་ལ་སྩོགས་པའི། །ལས་རྣམས་ཐམས་ཅད་བྱ་བ་ཡིན། །ན་མཿས་མནྟ་བཛྲཱ་ཎཱཾ་ཧཾ། དེ་ནས་
གུས་པ་དམ་པ་སྔོན་འགྲོ་བས། །དད་པས་སླར་ཡང་མཆོད་ཡོན་དབུལ་བྱ་ཞིང་། །དེ་ནས་དྲི་ལ་སྩོགས་པ་ངེས་བསྟན་པས། །མཁས་པས་ཆོ་ག་བཞིན་དུ་མཆོད་པར་བྱ། །དེ་ནས་འཕགས་པ་མི་གཡོ་བའི། །སྔགས་དང་ཕྱག་རྒྱར་སྦྱར་བ་ཡི། །དྲི་ཡི་ཆུ་ཡིས་ཀུན་དུ་ནི། །
གསང་བར་བྱ་བ་ཡང་དག་སྦྱར། །མཆོད་པའི་ཡན་ལག་དྲི་སྩོགས་ལ། །དེ་ཡི་སྔགས་ཀྱིས་ཡང་དང་ཡང་། །གསང་སྔགས་ཡོངས་སུ་བཟླ་བ་དང་། །དེ་ནས་རང་རང་སྔགས་ཀྱིས་སོ། །དེ་ནས་མཁས་པས་རང་གི་ནི། །རིག་པ་བཟླས་ལ་དབུལ་བྱ་སྟེ། །དྲི་འདི་ཞེས་ནི་
བརྗོད་བྱ་ཞིང་། །སོ་སོའི་མིང་གིས་དབུལ་བར་བྱ། །ཆོས་དབྱིངས་ཡི་གེ་དགོད་པ་ནི། །ཐམས་ཅད་ལས་ནི་ཆེས་སྔར་བྱ། །དེ་ལ་འདི་ནི་ཆོས་ཀྱི་དབྱིངས་ཀྱི་སྙིང་པོའོ། །ན་མཿས་མནྟ་བུདྡྷཱ་ནཱཾ་རཾ། དེ་ལ་དྲི་ལ་སྩོགས་པའི་སྔགས་ནི་འདི་ཡིན་ཏེ། ན་མཿས་མནྟ་བུདྡྷཱ་ནཱཾ།
ཨོཾ་བི་ཤུདྡྷ་གནྡྷོ་དྦྷ་བཱ་ཡ་སྭཱ་ཧཱ། དྲིའི་སྔགས་ཏེ་འདིའི་ཆོ་ག་ནི་ལན་གསུམ་བརྗོད་པའོ། །ན་མཿས་མནྟ་བུདྡྷཱ་ནཱཾ། ཨོཾ་མ་ཧཱ་མཻ་ཏྲྱཱ་དྦྷཱུ་ཏ་ག་ཏེ་སྭཱ་ཧཱ། མེ་ཏོག་གི་སྔགས་སོ། །ན་མཿས་མནྟ་བུདྡྷཱ་ནཱཾ། ཨོཾ་དྷརྨ་དྷཱ་ཏྭཱ་ནུ་ག་ཏེ་སྭཱ་ཧཱ། བདུག་སྤོས་ཀྱི་སྔགས་སོ། །ན་མཿས་མནྟ་བུདྡྷཱ་ནཱཾ།

ཨོཾ་ཏ་ཐཱ་ག་ཏཪྩ་སྥ་ར་ཎ་ཨ་བ་བྷཱ་ས་ག་ག་ནཽ་དཱ་རྱ་སྭཱ་ཧཱ། མར་མེའི་སྔགས་སོ། །ན་མཿས་མནྟ་བུདྡྷཱ་ནཱཾ། སརྦ་ཐཱ་ཁཾ་ཨུདྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱ་ཧཱ། ལྷ་བཤོས་ཀྱི་སྔགས་སོ། །མཆོད་པའི་ཡན་ལག་གཞན་དག་འབྱོར་པར་གྱུར་ན་ཡང་། འཕགས་པ་མི་གཡོ་བས་རབ་ཏུ་སྦྱངས་པ་
ཉིད་དང་ཆོས་ཉིད་ཀྱིས་དབུལ་བར་བྱའོ། །དེ་ལ་ཐལ་མོ་ཁོང་སྟོང་དུ་སྦྱར་ཏེ། སོར་མོ་ཕན་ཚུན་དུ་ཅུང་ཟད་བསྣོལ་བ་ནི་ཐམས་ཅད་དྲི་ལ་སྩོགས་པ་སྤྱིའི་ཕྱག་རྒྱ་ཡིན་ནོ། །མཁས་པས་སྤོས་སྩོགས་མེད་ན་ནི། །དད་པས་ཡིད་ཀྱིས་དབུལ་བྱ་སྟེ། །རྣམ་དག་ཡིད་དུ་འོང་བ་
ཡི། །ཡིད་ཀྱི་ཆོ་གའང་བྱ་བ་ཡིན། །ཞིང་ཁམས་འདི་འམ་གཞན་དག་ན། །ལྷ་དང་མི་ཡི་གང་ཡིན་པའི། །སྤོས་དང་མེ་ཏོག་ལ་སྩོགས་པས། །ཆོས་དབྱིངས་མཉམ་དང་མི་མཉམ་དག །སངས་རྒྱས་བྱང་ཆུབ་སེམས་རྣམས་ཀྱིས། །བསོད་ནམས་ཡེ་ཤེས་ལས་
བྱུང་བའི། །གདུགས་དང་རྒྱལ་མཚན་བ་དན་དང་། །གཞལ་ཡས་ཁང་སྩོགས་ཆེན་པོ་དང་། །ལྷ་ཡི་རིན་ཆེན་ཤིང་སྩོགས་ནི། །ཡོ་བྱད་ཐམས་ཅད་ལྡན་པ་དང་། །དེ་བཞིན་དྲི་སོགས་སྤྲིན་གྱིས་ནི། །ནམ་མཁའི་གཏོས་ཀུན་ཡང་དག་དགང་། །དྲི་སོགས་སྤྲིན་གྱི་ཆར་
འབབ་པའི། །མཆོད་པ་ཀུན་དུ་ལེགས་བསམས་ཏེ། །སངས་རྒྱས་སྲས་དང་བཅས་རྣམས་ལ། །ཀུན་ནས་ལེགས་པར་མཆོད་བྱ་བ། །བྱིན་རློབ་སྔགས་དང་ཕྱག་རྒྱ་ཡིས། །དེ་ནས་དེ་ནི་དབུལ་བར་བྱ། །ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁཾ་ཨུངྒ་ཏེ་སྥ་ར་ཎ་
ཨི་མཾ་ག་ག་ན་སྭཱ་ཧཱ། ཕྱག་རྒྱ་འདི་ནི་བྱིན་གྱིས་རློབ་པའི་ཕྱག་རྒྱ་ཉིད་ཡིན་ཏེ། འདིའི་ཆོ་ག་ནི་ལན་བདུན་གྱི་བར་དུ་བྱ་བ་ཡིན་ནོ། །འདི་སྐད་ཀྱང་བརྗོད་པར་བྱ་སྟེ། མགོན་པོ་བདག་གིས་བསོད་ནམས་ཀྱི་སྟོབས་དང་ཆོས་ཀྱི་དབྱིངས་ཀྱི་སྟོབས་ཀྱིས་སངས་རྒྱས་དང་བྱང་ཆུབ་
སེམས་དཔའ་ཐམས་ཅད་ཀྱི་འཁོར་གྱི་དཀྱིལ་འཁོར་དུ་དུས་ཐམས་ཅད་རྙེད་པར་སླ་ཞིང་། རྒྱ་ཆེ་ལ་ཡོངས་སུ་དག་པའི་མཆོད་པ་ཆེན་པོའི་བཀོད་པའི་སྤྲིན་བྱུང་བ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བྱིན་གྱིས་བརླབ་པར་མཛད་དུ་གསོལ་ཞེས་

བརྗོད་པར་བྱའོ། །ཆོ་ག་འདི་ཡིས་གང་ཅུང་ཟད། །བསོད་ནམས་ཚོགས་ནི་ལེགས་བསགས་པ། །དེས་ན་བདག་ནི་འགྲོ་ཀུན་གྱི། །དོན་བྱེད་གསང་སྔགས་གྲུབ་གྱུར་ཅིག །དེ་སྐད་སྔགས་སྤྱོད་རྣམ་དག་ཕྱིར། །བསམ་པ་དག་པས་བརྗོད་པར་བྱ། །གང་
ཞིག་སྒྲིབ་པ་དག་ཕྱིར་དང་། །ཚོགས་རྣམས་ཡོངས་སུ་བསྐང་བའི་ཕྱིར། །སྔགས་ཀྱི་ཆོ་ག་འདི་སྦྱར་བ། །དེ་ལ་ངེས་པའང་གང་ན་མེད། །ཆོ་ག་ལ་སྩོགས་སྦྱོར་བ་དང་། །གནས་དང་དུས་ཀྱི་ཆོ་ག་ཡང་། །ཚེ་འདིར་དངོས་གྲུབ་ཐོབ་འདོད་ཕྱིར། །གང་ཞིག་གསང་སྔགས་
ལ་བརྩོན་པ། །དེའི་བསྙེན་ཆོ་གའང་སྔོན་དུ་ནི། །ཡིད་ཀྱི་ཆོ་ག་བྱ་བ་ཡིན། །བསྙེན་པའི་ཆོ་ག་བཞིན་རྫོགས་ནས། །ཟླ་བ་གཅིག་གི་འོག་ཏུ་ནི། །ཕྱི་ཡི་མཆོད་པའི་ཆོ་ག་ཡིས། །སྔགས་ཀྱི་བསྙེན་པ་བྱ་བ་ཡིན། །དེ་ནས་དངོས་གྲུབ་མྱུར་དུ་ཐོབ་པར་བྱ་བའི་ཕྱིར་རྡོ་རྗེ་གླུའི་
བསྟོད་པའི་མཆོག་འདིས་དེ་བཞིན་གཤེགས་པ་སྲས་དང་བཅས་པ་རྣམས་ལ་མཆོད་པར་བྱ་བ་ཡིན་ནོ། །མཉམ་ཉིད་མི་གཡོ་མཉམ་ཉིད་མཆོག་ཆོས་ཅན། །ཐུགས་རྗེའི་བདག་ཉིད་འགྲོ་བའི་སྡུག་བསྔལ་སེལ། །ཡོན་ཏན་ཀུན་མཉམ་མཐའ་ཡས་དངོས་གྲུབ་སྩོལ། །དྲི་མེད་མི་
གཡོ་མཉམ་ཉིད་མཆོག་རབ་ཆོས། །སེམས་ཅན་ཁམས་ལ་རྟག་མཆོག་དངོས་གྲུབ་སྩོལ། །དངོས་གྲུབ་མཉམ་དང་མཐའ་མེད་དཔེ་བྲལ་བ། །མཉམ་པའི་དཔེ་མེད་ནམ་མཁའ་ལ་མེད་དེ། །ཡོན་ཏན་ཕྲ་བའི་ཆོས་ཀྱང་མཚུངས་མ་ཡིན། །རྟག་ཏུ་དྲི་མེད་ཐུགས་རྗེའི་
ཤུགས་ལས་བྱུང་། །སྨོན་ལམ་གྲུབ་པ་མི་འགག་ཆོས་ཉིད་ཅན། །འགྲོ་བའི་དོན་གྲུབ་ལྷུར་མཛད་མཐའ་ཡས་པ། །ཐུགས་རྗེའི་བདག་ཉིད་རྟག་ཏུ་རྣམ་པར་སྣང་། །དཔག་མེད་མི་གོས་གནས་ཉིད་ལེགས་རྫོགས་ཏེ། །བདེ་གནས་གཤེགས་ཀྱང་ཐུགས་རྗེའི་སྤྱོད་མི་གཡོ། །
འཇིག་རྟེན་གསུམ་ལ་མཆོག་གི་དངོས་གྲུབ་སྩོལ། །འགག་ཉིད་མི་འགྱུར་ཀྱེ་མའོ་ཆོས་ཉིད་བཟང་། །མཆོག་སྩོལ་སྦྱིན་མཆོག་ཉིད་གནས་མཆོག་ཉིད་བརྙེས། །འཇིག་རྟེན་གསུམ་མཆོག་དམ་པ་སྩོལ་མཆོག་སྒྲུབ། །བདེ་གཤེགས་དུས་གསུམ་མཁྱེན་སྒྲིབ་མི་མངའ་བ། །

ཀུན་གྱིས་དམ་ཚིག་མཆོག་གསུང་གྲུབ་བདག་སྩོལ། །དེ་ནས་མཆོག་གྱུར་ཚིག་གི་དམ་པ་བརྗོད། །མགོན་པོ་ཁྱོད་ལ་རབ་ཏུ་སྐྱབས་མཆི་ཡིས། །དངོས་གྲུབ་འགྲོ་བ་ཀུན་ལ་ཕན་བྱེད་བ། །ཤིན་ཏུ་འཕགས་ཤིང་མཆོག་གྱུར་སྩལ་དུ་གསོལ། །དེ་ནས་སེམས་ཅན་དོན་བྱེད་ཚོགས་པ་
ཡི། །སྤྲུལ་པའི་སྤྲིན་ནི་ཕྱོགས་བཅུར་བདག་གི་ནི། །བསོད་ནམས་དག་གིས་ཀུན་དུའང་སངས་རྒྱས་དང་། །ཀུན་དུ་བཟང་པོ་ལ་སྩོགས་རྒྱལ་སྲས་རྣམས། །བཞུད་དེ་པདྨ་རྒྱས་པའི་གདན་བཞུགས་ནས། །སེམས་ཅན་བསམ་པ་ཇི་བཞིན་དོན་མཛད་ཤོག །བདེ་གཤེགས་
བསྔགས་པའི་ཕྱི་ནང་འབྱོར་པ་རྣམས། །ཕུན་སུམ་ཚོགས་པ་ཀུན་མོས་ཇི་བཞིན་དུ། །བདག་གིས་བསོད་ནམས་རྒྱས་པའི་སྟོབས་དག་དང་། །དམ་ཆོས་རྒྱུ་ཡི་སྟོབས་ཀྱིས་རྟག་འབྱོར་ཤོག །དེ་བཞིན་གཤེགས་པའི་སྟོབས་ཀྱི་མཐུ་ཡིས་ཀྱང་། །འགྲོ་དོན་འབྱོར་པ་ཉིད་ནི་ཕུན་
ཚོགས་ཤིང་། །ཇི་བཞིན་དོན་གྱི་འབྱོར་པ་བསམ་མི་ཁྱབ། །འགྲོ་བ་རྟག་ཏུ་འབྱུང་བར་ཤོག་ཅེས་བརྗོད། །ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ། བི་ཤྭ་མུ་ཁེ་བྷྱཿ། སརྦ་ཐཱ་ཁཾ་ཨུངྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱ་ཧཱ། འདིས་ཀྱང་གསང་སྔགས་ཀྱི་སྤྱད་པ་སྤྱོད་པའི་བྱང་ཆུབ་སེམས་དཔའ་
རྣམས་ཀྱིས་འདི་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གསུངས་པ་ཡིན་པའི་ཕྱིར་མི་སླུ་བ་ཡིན་ནོ་ཞེས་མངོན་པར་འདོད་པར་བྱའོ། །མཆོད་པའི་ཆོ་ག་བསྟན་པའི་ལེའུ་སྟེ་གསུམ་པའོ།། །།དེ་ལྟར་མཆོད་བཅས་དོན་ལ་ཞུགས་ནས་ནི། །ད་ནི་སེམས་ཅན་མ་ལུས་ཕན་
སེམས་ཀྱིས། །སངས་རྒྱས་བྱང་ཆུབ་སེམས་མཆོག་ཕྱག་བྱས་ལ། །རྣལ་འབྱོར་སྟན་གནས་ཡིད་ནི་མཉམ་པར་གཞག །བསམ་གཏན་ཡན་ལག་བཞི་ཡི་ཆོ་ག་ཡིས། །ཇི་ལྟར་རང་གི་ལྷ་ནི་མཉེས་འགྱུར་བ། །དེ་ལྟར་ཅི་ནུས་པས་ནི་གསང་སྔགས་ཀྱི། །དེ་ཉིད་དོན་གྱི་
ཕན་པ་བསྐུལ་བར་བྱ། །གསང་སྔགས་རྗེས་སུ་དྲན་བྱ་བ། །དེ་ཡི་ཆོ་ག་འདི་བརྗོད་བྱ། །མཁས་པས་སྔར་བཤད་ཆོ་ག་ཡིས། །མདུན་དུ་རང་ལྷ་བསམ་པར་བྱ། །སྙིང་གའི་དབུས་སུ་ཟླ་གཟུགས་ལ། །དེར་ནི་ཡི་གེ་རྣམ་བསྒོམས་ཏེ། །ཇི་སྲིད་སེམས་ནི་དག་

གྱུར་པ། །དེ་སྲིད་བཟླས་བརྗོད་བརྩམ་པར་བྱ། །གྲངས་དང་དུས་དང་མཚན་མ་ནི། །ལུང་ལས་བཤད་བཞིན་རྫོགས་བྱས་ཏེ། །སྔགས་ཀྱི་དངོས་གྲུབ་ཅི་གསུངས་པ། །རྣམ་རྟོག་ལས་བྱུང་གསོལ་བ་གདབ། །དེ་ལ་རྣམ་པར་རྟོག་པ་དང་བཅས་པའི་ཆོ་ག་ནི་འདི་
ཡིན་ཏེ། ཡན་ལག་བཞི་པ་ལས་ནི་གཞན་པ་ཡིན་ནོ། །མཁས་པས་མདུན་དུ་རང་གི་ལྷ། །རྣམ་པར་ངེས་པར་བློས་བསམས་ཏེ། །དེ་ཡི་སྔགས་རྒྱར་ལྡན་པ་ལས། །རང་གི་ལྷ་ཡི་སྦྱོར་བར་ལྡན། །དེའི་མདོག་རྟགས་དང་དབྱིབས་རྣམས་དང་། །ཉེར་གདགས་བདག་ཉིད་དབྱེར་མེད་
པར། །རང་ལྷའི་སྦྱོར་ལྡན་བདག་ཉིད་ཅན། །བསོད་ནམས་དམན་ཡང་འགྲུབ་པར་འགྱུར། །ཞེས་དོན་དམ་པའི་ཚུལ་ལས་གསུངས་པའི་ཕྱིར་རོ། །ཡི་གེའི་གནས་དེ་གྱུར་པ་ནི། །དེ་ལས་གཟུགས་ནི་རྣམ་པར་བསྒོམ། །རང་གི་ལྷ་ཡི་སྦྱོར་བ་ཡང་། །རྒྱུད་ལས་མཚན་ཉིད་གཉིས་
སུ་གསུངས། །སྔར་ནི་སངས་རྒྱས་སྦྱོར་ཆོ་ག །དེ་བཞིན་བྱང་ཆུབ་སེམས་ཆོ་ག །ཇི་ལྟར་འཕགས་པ་འཇམ་དབྱངས་སོགས། །ཡོངས་སུ་གྱུར་པའི་ཚུལ་གྱིས་བཞུགས། །དེ་སྔགས་གནས་ནི་གྱུར་པ་དང་། །སྔགས་དང་ཕྱག་རྒྱའི་སྦྱོར་བས་སོ། །ན་མཿས་མནྟ་བུདྡྷཱ་ནཱཾ་ཨ།
རང་གི་ལྷ་ཡི་སྦྱོར་བ་ཡང་། །རང་གི་སྙིང་གར་འདི་བཀོད་ལ། །བྱང་ཆུབ་སེམས་ནི་རྗེས་དྲན་ནས། །དེ་ཉིད་བདག་ཅེས་བསྒོམ་པར་བྱ། །སྐུ་མདོག་རྟགས་སོགས་གྲགས་པ་ཡིས། །ཉེ་བར་གདགས་པས་དབྱེར་མེད་བྱ། །འདི་ཡི་ཆོ་ག་འདི་ཤེས་བྱ། །གུར་གུམ་བཟང་པོའི་མདོག་
འདྲ་ཞིང་། །དབུ་ལ་ཟུར་ཕུད་ལྔ་དང་ལྡན། །ཕྱག་གཡོན་ཨུཏྤལ་རྡོར་བཅས་བསྣམས། །གཡས་ཀྱི་ཕྱག་ནི་མཆོག་སྦྱིན་མཆོག །སྩོལ་བར་མཛད་པ་བསམ་པར་བྱ། །དེ་ལ་འདིའི་སྔགས་དང་ཕྱག་རྒྱ་ནི་འདི་ཡིན་ཏེ། ན་མཿས་མནྟ་བུདྡྷཱ་ནཱཾ། ཧེ་ཧེ་ཀུ་མཱ་ར་ཀཱ་བི་མུཀྟི་པ་ཋ་སྠི་ཏ་
སྨ་ར་སྨ་ར་པྲ་ཏེ་ཛྙཱཾ་སྭཱ་ཧཱ། ཕྱག་རྒྱ་ནི་ལག་པ་གཉིས་ཐལ་མོ་སྦྱར་ཏེ། གུང་མོ་གཉིས་ཀྱིས་སྲིན་ལག་གཉིས་དཀྲིས་ལ། མཛུབ་མོ་གཉིས་མཐེ་བོའི་སྟེང་དུ་བཀུག་ལ་བཞག་ནས་སྔ་མ་བཞིན་དུ་ཡན་ལག་ཐམས་ཅད་ལ་འདིར་གཏུགས་ནས་དེའི་འོག་ཏུ་ལས་བརྩམ་པར་བྱའོ། །དེ་བཞིན་

དུ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་གཞན་རྣམས་ཀྱི་ཡང་ཡི་གེ་ཡོངས་སུ་གྱུར་པའི་ཆོ་གའི་སྦྱོར་བ་རྒྱུད་ལས་ཇི་སྐད་གསུངས་པ་ཉིད་ལས་ཤེས་པར་བྱའོ། །ཡང་ན་རྒྱུད་གཞན་ལས་གསུངས་པའི་སྔགས་དང་ཕྱག་རྒྱ་རྣམས་ལ་ཡང་སྦྱོར་བ་འདི་དང་འགལ་བ་མེད་པ་ཡིན་ནོ། །
ཡང་ན་སྤྱིའི་སྔགས་དང་ཕྱག་རྒྱའམ། སོ་སོའི་ཆོ་ག་ཇི་ལྟ་བ་བཞིན་དུ་ཡོངས་སུ་གྱུར་པའི་ཚུལ་དང་སྦྱར་བར་ཤེས་པར་བྱ་སྟེ་སྤྱིའི་ནི་འདི་ཡིན་པར་བཤད་དོ། །ན་མཿས་མནྟ་བུདྡྷཱ་ནཱཾ་ཀ །འདི་ལ་ཡང་ཆོས་ཐམས་ཅད་བྱ་བ་དང་བྲལ་བའོ་ཞེས་སྟོན་པར་བྱེད་པའི་སྒྲའི་དེ་ཁོ་ན་ཉིད་
ངེས་པར་བསམ་པར་བྱའོ། །རྒྱལ་སྲས་ཀུན་གྱི་སྤྱི་ཡི་ནི། །ཕྱག་རྒྱ་ཡིད་བཞིན་ནོར་བུར་བཤད། །ཡང་ན་རྒྱུད་གསུངས་སོ་སོ་ཡི། །སྔགས་དང་ཕྱག་རྒྱའི་ཆོ་གས་བྱ། །ཡིད་བཞིན་ནོར་བུའི་ཕྱག་རྒྱ་ནི་ཚིགས་དང་ཚིགས་སུ་སྦྱར་བ་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལྟ་བུ་སྟེ་སྦྱར་
བར་བྱའོ། །ན་མཿས་མནྟ་བུདྡྷཱ་ནཱཾ། སརྦ་ཐཱ་བི་མ་ཏི་བི་ཀ་ར་ཎ། དྷརྨ་དྷཱ་ཏུ་ནི་རྫཱ་ཏ་སཾ་སཾ་སྭཱ་ཧཱ། སྔགས་འདི་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྤྱིའིའོ། །སྤྱི་བོར་ཐིག་ལེར་བཅས་པ་ཡི། །ཁ་ནི་ཁ་དོག་ཀུན་ལྡན་བསམ། །ཆོས་ཀུན་ནམ་མཁའ་དང་མཉམ་ཞིང་། །ཐོབ་པ་མེད་
པ་ཉིད་ཅེས་བརྗོད། །ན་མཿས་མནྟ་བུདྡྷཱ་ནཱཾ་ཁཾ། སྤྱི་བོའི་ནང་དུ་དབྱངས་ཀྱི་ཡི་གེ་དང་པོ་དཀར་ཞིང་ཐིག་ལེ་དཀར་པོས་མཛེས་པར་བྱས་པའི་སྙིང་པོའི་མཆོག་སྔ་མ་བཞིན་དུ་བསམས་ལ། མིག་གཉིས་སུ་ཡི་གེ་ར་དང་མ་ཐིག་ལེས་མཚན་པ་མར་མེ་ལྟར་འབར་བ་བསམས་
ལ། ཆོ་ག་བཞིན་དུ་རང་གི་ལྷའི་གནས་ལ་གནས་ཏེ། སྔར་བཞུགས་སུ་གསོལ་བའི་བཅོམ་ལྡན་འདས་ཡང་དག་པར་རྫོགས་པའི་སངས་རྒྱས་མངོན་སུམ་བཞིན་དུ་མཐོང་བར་གྱུར་པ་དེ་སྲིད་ཀྱི་བར་དུ་བྱའོ། །དེ་ཡི་སྙིང་གའི་དབུས་ཆུད་པའི། །ཟླ་བའི་དཀྱིལ་འཁོར་
དྲི་མེད་པ། །དེར་ནི་ཡི་གེའི་གནས་དགོད་དེ། །ཨ་ནི་ཁ་དོག་སེར་པོའོ། །འདི་ཡི་སྒྲ་ཡི་དེ་ཉིད་ནི། །ཆོས་རྣམས་གདོད་ནས་མ་སྐྱེས་བརྗོད། །ཡིད་ལ་སོགས་པ་ཀུན་འབར་བ། །ནང་དུ་ཆུད་པར་ངེས་པར་བསམ། །སྒྲ་ཞེས་བྱ་བ་ཕྲེང་བར་སྦྱར། །མེ་ཡི་རྩེ་མོའི་

འོད་བཅས་པ། །ཀུན་ཏུ་འོད་བྱེད་རྣམ་པར་དག །མི་ཤེས་གྲོང་ཁྱེར་འཇིག་བྱེད་པའོ། །ཡི་གེ་ཀ་ལ་སོགས་པ་རྣམས་ཀྱང་ཇི་སྐད་སྟོན་པའི་སྒྲའི་དེ་ཁོ་ན་ཉིད་ཇི་སྐད་བཤད་པ་བརྗོད་ཅིང་བཀོལ་ལ། དེ་ནས་མངོན་པར་འདོད་པའི་སྔགས་ཀྱི་ཕྲེང་བ་བསམས་ལ། སྲོག་
དང་རྩོལ་བ་ལེགས་པར་བསྡམས་ཏེ། ཡིད་སླར་སྡུད་པའི་སྦྱོར་བས་ནོན་པར་བྱས་ལ། ཡིད་ཀྱིས་སམ་ཤུབ་བུ་ཅི་རིགས་པ་དང་ཅི་འདོད་པའི་དངོས་གྲུབ་ལ་དམིགས་པའི་སེམས་ཀྱིས་ཇི་སྲིད་ཡིད་སྐྱོ་བར་མ་གྱུར་པ་དེ་སྲིད་ཀྱི་བར་དུ་བཟླས་བརྗོད་བྱའོ། །རྣམ་པ་གཞན་ཡང་
གསང་སྔགས་ཟླ་བའི་དཀྱིལ་འཁོར་ལ་བཀོད་དེ། ཡི་གེ་དང་མཐུན་པའི་སྒྲའི་དེ་ཁོ་ན་ཉིད་བསམས་ལ་བཟླས་བརྗོད་བྱའོ། །འདིར་ཡང་གང་བསོད་ནམས་ཀྱི་ཚོགས་ཙམ་གྱི་དངོས་གྲུབ་དོན་དུ་གཉེར་པ་དེ་རྣམས་ཡིད་ཀྱིས་སམ་ཤུབ་བུར་བྱ་བའི་ཆོ་གའི་ཕྱིར་དུས་ཀྱི་ངེས་པ་མེད་དོ། །
གང་མཐོང་བའི་ཆོས་ཉིད་ལ་དངོས་གྲུབ་རབ་འབྲིང་ཐ་མ་དོན་དུ་གཉེར་བ་དེ་རྣམས་ལ་ནི། སྔོན་དུ་བསྙེན་པའི་དུས་སུ་ཡིད་ཀྱི་བཟླས་པ་ཉིད་བྱ་བར་བཅོམ་ལྡན་འདས་ཀྱིས་གསུངས་པ་ཡིན་ནོ། །ཡང་ཅི་ནུས་པ་ལ་ལྟོས་པར་བྱའོ། །སྔོན་དུ་བསྙེན་པ་ནི་རྣམ་པ་གཉིས་ཏེ། སྔར་
དུས་སུ་བྱ་བ་དང་མཚན་མ་ཅན་ནོ། །དེ་ལ་སྔར་གྱི་དུས་སུ་བྱ་བ་ནི་བཟླས་པའི་གྲངས་ཡོངས་སུ་རྫོགས་པའི་ངེས་པའི་དུས་ཏེ། ཞག་དང་ཟླ་བ་ལ་སོགས་པའི་དུས་ཀྱི་གྲངས་དང་དུས་ངེས་པའོ། །མཚན་མ་ཅན་ནི་མཆོད་རྟེན་དང་། རས་རིས་དང་སྐུ་གཟུགས་ལ་སྩོགས་
པ་ལས་འོད་དང་གསུང་འབྱུང་བ་ལ་སྩོགས་པའི་མཚན་མ་སྟོན་པའི་ངེས་པ་ཡོངས་སུ་ཆད་པའོ། །དེ་ལ་སྔ་མ་ནི་ཡོངས་སུ་མ་དག་པའི་སྔགས་པའི་ཡིན་པར་ཤེས་པར་བྱ་སྟེ་གང་ཞིག་གི་དབང་དུ་མཛད་ནས། ཤིན་ཏུ་བསྡམས་ཏེ་འབུམ་ཕྲག་གཅིག། །ཡིད་ཀྱི་
བཟླས་པ་བྱ་བ་ཡིན། །ཞེས་བྱ་བ་ལ་སྩོགས་པ་གསུངས་པ་ཡིན་ནོ། །དེའི་གོང་དུ་བསྙེན་པ་གཞན་བྱ་སྟེ། དེའི་ནི་ཤུབ་བུའི་བཟླས་བརྗོད་ཀྱི་སྐབས་སུ་ཡིན་པར་ཤེས་པར་བྱའོ། །སྒྲིབ་པ་དང་བཅས་པའི་མཚན་མ་ཅན་གྱི་སྔོན་དུ་བསྙན་པ་དེ་ལ་ཡང་ཡིད་ཀྱི་

བཟླས་པ་ཉིད་ནི་ཇི་སྲིད་མཚན་མ་མཐོང་གི་བར་དུ་བྱ་ལ། དེའི་གོང་དུ་ཟླ་བ་གཉིས་ནི་ཤུབ་བུའི་བཟླས་བརྗོད་བྱ་བ་ཡིན་པར་སྔ་མའི་རྗེས་སུ་འབྲངས་ནས་ཤེས་པར་བྱའོ། །དེ་བཞིན་གཤེགས་པའི་གསང་སྔགས་ཀྱི། །བཟླས་བརྗོད་བྱ་བ་འདི་ལས་གཞན། །ཟློས་པ་པོ་ལ་
ཕན་འདོད་པས། །མདོར་བསྡུས་ནས་ནི་བསྟན་པར་བྱ། །མགོན་པོ་རྣམ་པར་སྣང་མཛད་ཀྱི། །གསང་སྔགས་གང་ཞིག་ཟློས་འདོད་པ། །དེ་ཡི་ཕྱག་རྒྱ་སྔགས་བཅས་པ། །མཁས་པས་ཡང་དག་སྦྱར་བར་བྱ། །དེ་ལ་ཡི་གེ་ནི་འདི་ཡིན་ཏེ། ན་མཿས་མནྟ་བུདྡྷཱ་ནཱཾ་ཨཱ།
འདིའི་སྒྲའི་དེ་ཁོ་ན་ཉིད་ནི་སྔར་བཤད་པ་ཡིན་ནོ། །ཕྱག་རྒྱ་ནི་ཡང་མཛོད་སྤུ་ལ་སྩོགས་པ་སྟེ། ལག་པ་གཡས་པའི་ཁུ་ཚུར་བཅངས་ལ་སྨིན་མའི་མཚམས་སུ་གཞག་པར་བྱའོ། །སྔགས་ནི། ན་མཿས་མནྟ་བུདྡྷཱ་ནཱཾ། ཨཱ་ཧཾ་ཛཿ། སྔོན་བཞིན་ལྷ་ཡི་དེ་ཉིད་ནི། །ཡོངས་སུ་གྱུར་པའི་
སྦྱོར་བ་ལས། །དབྱེར་མེད་པ་ཡི་ཆོ་ག་ཡིས། །རང་གི་བདག་ཉིད་ཉེ་བར་སྦྱར། །རང་ལྷའི་རྣལ་འབྱོར་ལ་གནས་ཤིང་། །ཡི་གེ་ལྔ་ཡི་སྦྱོར་བ་ཅན། །ལུས་ཀྱི་མགོ་དང་ལྟེ་བ་དང་། །དེ་བཞིན་ལྟེ་བའི་གང་དག་དང་། །སྨིན་མའི་མཚམས་དང་མགོ་ཕྱོགས་སུ། །མཉམ་
པར་གཞག་པས་དགོད་པར་བྱ། །ཆོ་ག་དེ་འདི་བྱིན་རླབས་ཆེ། །ཐུབ་པའི་མཆོག་གིས་བཀའ་སྩལ་ཏོ། །ན་མཿས་མནྟ་བུདྡྷཱ་ནཱཾ་ཨཿསེར་པོའོ། །ལུས་ཀྱི་འོག་ཏུ་ཨ་ནི་དབང་ཆེན་ཡིན་ཏེ་རྣལ་འབྱོར་གྱི་གནས་ཡིན་པར་བཤད་དོ། །དེ་ནས་ལྟེ་བར་ནི། ན་མཿས་མནྟ་བུདྡྷཱ་
ནཱཾ་བཾ། དཀར་པོ་སྟེ་འདི་ནི་ཁུག་རྣའི་ཚོགས་ཀྱི་དབུས་ན་གནས་པའི་ཆུའི་དཀྱིལ་འཁོར་ཡིན་པར་བཤད་དོ། །ལྟེ་བའི་སྟེང་ན་ཡི་གེ་ར་སྟེ། ན་མཿས་མནྟ་བུདྡྷཱ་ནཱཾ་རཾ། མེའི་དཀྱིལ་འཁོར་ཏེ་ཁ་དོག་དམར་པོར་སྣང་ངོ་། །སྨིན་མའི་མཚམས་སུ་ཡི་གེ་ཧ་ནི་རླུང་གི་དཀྱིལ་
འཁོར་ཏེ་ཁ་དོག་ནག་བོའོ། །ན་མཿས་མནྟ་བུདྡྷཱ་ནཱཾ་ཧཾ། སྤྱི་བོའི་དབུས་སུ་ཡི་གེ་ཁ་དོག་ཐམས་ཅད་དང་ལྡན་པར་བསམ་པར་བྱའོ། །ན་མཿས་མནྟ་བུདྡྷཱ་ནཱཾ་ཁཾ། ཡི་གེ་ལྔ་ནི་རྣམ་དག་དགོད། །མེ་འོད་ལྡན་པ་སྐྱེ་འགྱུར་ཏེ། །བློ་ལྡན་ཡེ་ཤེས་ཉི་མ་འདྲ། །སྡིག་པ་ཐམས་ཅད་

ངེས་པར་བཏུལ། །རྡོ་རྗེ་མེ་འབར་ལྟ་བུ་ནི། །གདུག་པའི་སེམས་དང་ལྡན་པ་དང་། །བདུད་ཀྱི་ཚོགས་ནི་མི་བཟད་དང་། །བགེགས་དང་ལོག་འདྲེན་རྣམས་ཀྱིས་མཐོང་། །ཐོད་པ་སྦྱར་བའི་དབུས་ན་ནི། །ཡི་གེ་ཨ་ནི་ཐིག་ལེར་ལྡན། །ཡི་གེ་ར་ནི་མིག་ཉིད་དུ། །མར་
མེ་འབར་བ་ལྟ་བུ་ཡིན། །སྔ་མའི་གནས་ཀྱི་སྦྱོར་བ་དང་། །བྱིན་གྱིས་བརླབ་པའང་སྔ་མ་ཡིན། །བློ་ཡིས་རང་ལུས་སྔོན་བཞིན་དུ། །དེ་བཞིན་གཤེགས་དང་བྲལ་བར་བསམ། །སྒྲ་ཞེས་བྱ་བའི་ཕྲེང་བར་སྦྱར། །ཡི་གེ་དང་ནི་ཡི་གེར་སྦྱར། །དྲིལ་བུའི་སྒྲ་ལྟར་མ་ཆད་པར། །
ཡིད་ལ་སོང་བར་བསམ་པར་བྱ། །དེ་བཞིན་གཤེགས་པའི་གསང་སྔགས་གང་མངོན་པར་འདོད་པས་སྔ་མ་བཞིན་དུ་བཀོད་དེ་བཟླས་བརྗོད་བྱའོ། །གལ་ཏེ་བྱང་ཆུབ་སེམས་དཔའི་གསང་སྔགས་ཟློས་པར་བྱེད་པ་རྣམས་ལ་རྣམ་པ་གཉིས་པ་འདི་ནི་ཤིན་ཏུ་མྱུར་དུ་གྲུབ་པའི་ཐབས་ཡིན་
པར་ཤེས་པར་བྱ། བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ལ་ནི་ཡི་གེ་འདི་དགོད་པར་ཤེས་པར་བྱའོ། །ན་མཿས་མནྟ་བུདྡྷཱ་ནཱཾ་བུཾ། འདིའི་སྒྲའི་དེ་ཁོ་ན་ཉིད་ནི་སྔར་བཤད་པ་ཉིད་དོ། །ཕྱག་རྒྱ་ནི་ལྷུང་བཟེད་ཀྱི་ཕྱག་རྒྱ་ཡིན་ནོ། །སྔགས་ནི། ན་མཿས་མནྟ་བུདྡྷཱ་ནཱཾ། སརྦ་ཀླེ་ཤ་ནི་སཱུ་ད་ན།
སརྦ་དྷརྨཱ་བ་ཤི་ཏ་པྲཱ་ཏ་ག་ག་ན་ས་མཱ་ཡ་སྭཱ་ཧཱ། དེ་བཞིན་དུ་བཅོམ་ལྡན་འདས་ཀྱི་སྔགས་དང་ཕྱག་རྒྱ་གཞན་དག་ཀྱང་རྒྱུད་ལས་ཇི་ལྟར་གྲགས་པ་བཞིན་དུ་སྦྱར་བར་བྱའོ། །སྔ་མ་བཞིན་དུ་རང་གི་ལྷའི་ཡི་གེ་ཡོངས་སུ་གྱུར་པའི་སྦྱོར་བ་བྱས་ལ། དེའི་ཡི་གེ་དགོད་པ་ལས་ཅི་ལྟར་
མངོན་པར་འདོད་པའི་བཟླས་བརྗོད་བྱའོ། །འདི་ནི་དེ་བཞིན་གཤེགས་པའི་བཟླས་བརྗོད་ཀྱི་ཆོ་ག་ཡིན་ཏེ། ཐུགས་རྗེ་འབྱུང་བ་ལ་སྩོགས་པའི་དཀྱིལ་འཁོར་ཆེན་པོར་དབང་བསྐུར་བའི་སློབ་དཔོན་ཉིད་ལ་འོས་པ་ཡིན་གྱི། རིགས་པའི་དབང་བསྐུར་བ་ནི་མ་ཡིན་ནོ། །
ཡན་ལག་བཞིའི་བསམ་གཏན་ལ་སྩོགས་པའི་སྦྱོར་བ་གང་རྒྱུད་གཞན་ལས་བཤད་པའི་ཆོ་ག་མ་ཚང་བ་ལ་སྩོགས་པའི་ཉེས་པ་དང་འགལ་བར་འགྱུར་བ་མ་ཡིན་ནོ། །ལྷ་རྣམས་ཀྱང་ཤིན་ཏུ་ཚིམ་ཞིང་ཐུགས་མཉེས་པར་འགྱུར་བ་ཡིན་ནོ། །ཇི་ལྟར་བྱས་པའི་བཟླས་བརྗོད་དང་

བསྲུང་བ་དང་། དགོས་པའི་སྦྱོར་བ་ནི་ཤིན་ཏུ་མྱུར་དུ་གྲུབ་པའི་ཕྱིར་སྒྲུབ་པ་པོས་རྒྱུད་གཞན་དག་ལས་བཤད་པ་དེ་ཡང་བྱའོ། །དེ་ལས་ཀྱང་ཤིན་ཏུ་མྱུར་དུ་གྲུབ་པར་འདོད་པར་བྱ་སྟེ། དེ་བས་ན་འདི་དང་ཆོ་ག་གཞན་བསྒྲེ་བར་བྱའོ། །རང་གི་ལྷའི་གནས་ཀྱི་ཆོ་གའི་སྦྱོར་བ་
ལས་རང་གི་དཀྱིལ་འཁོར་གྱི་གནས་ཀྱི་བྱ་བ་ལ་རབ་ཏུ་སྦྱང་བར་བྱའོ། །གང་གིས་ཁ་དོག་གང་བཤད་པ། དེ་ཡིད་ཀྱི་དཀྱིལ་འཁོར་དུ་འགྱུར་ཏེ། ཆོ་གའི་སྦྱོར་བ་འདི་ཡིས་ནི། །དངོས་གྲུབ་མྱུར་དུ་ཐོབ་པར་འགྱུར། །འདི་ནི་དངོས་གྲུབ་རྣམ་གསུམ་དབྱེ་ཤེས་ནས། །རྟག་
ཏུ་ཞི་ལ་སྩོགས་པའི་ལས་གསུམ་གྱི། །ཁ་དོག་དཀྱིལ་འཁོར་དག་ནི་སོ་སོ་ཡི། །དབྱེ་བ་རྣམ་བཞི་ཆོ་ག་བཞིན་དུ་བྱ། །དཀར་པོ་སེར་པོ་དེ་བཞིན་དམར་དང་གཞན། །ཞི་ལ་སྩོགས་པའི་དབྱེ་བར་རྟག་ཏུ་བཤད། །ཟླུམ་པོ་དང་ནི་གྲུ་བཞིར་བཅས་པ་དང་། །གྲུ་
གསུམ་དེ་བཞིན་པདྨའི་དབྱིབས་ཅན་ཡིན། །ཞི་བའི་སྦྱོར་བས་ཁ་ནི་བྱང་དུ་བལྟ། །རྟག་ཏུ་ཞི་ཞིང་པདྨའི་འདུག་སྟབས་བྱ། །ཤར་དུ་ཁ་བལྟས་བཀྲ་ཤིས་སྟབས་ཀྱིས་འདུག །དགའ་བཅས་སེམས་ཀྱིས་རྒྱས་པ་བྱ་བ་ཡིན། །ནུབ་ཏུ་ཁ་བལྟས་བཟང་པོའི་སྟབས་ཀྱིས་
འདུག །ཁྲོ་བོ་དགའ་བཅས་སེམས་དང་དབང་དུ་བྱ། །ལྷོ་ཕྱོགས་ཁ་བལྟས་སྟན་ནི་མེད་པའམ། །གཅིག་པུས་ཁྲོས་པའི་ཡིད་ཀྱིས་མངོན་སྤྱོད་བྱ། །རང་ལྷའི་ཁ་དོག་ལ་སྩོགས་ཆོ་གའི་རིམ། །དཀར་པོ་ལ་སྩོགས་ཞི་ལ་རྟག་ཏུ་སྦྱར། །དྲི་སྩོགས་ལས་དང་
རྗེས་མཐུན་ཆོ་ག་བཞིན། །ཁ་དོག་ལ་སྩོགས་དབྱེ་བས་ཇི་བཞིན་སྦྱར། །ཞི་དང་སྟོབས་བསྐྱེད་ལུས་ནི་བརྟན་པ་དང་། །བསྐྲད་དང་དགར་དང་གསད་པར་བྱ་བ་ལའང་། །སྔགས་ཀྱང་ཨོཾ་དང་ཕྱག་འཚལ་སྦྱོར་བར་ལྡན། །ཧཱུཾ་དང་ཕཊ་དག་མངོན་སྤྱོད་བྱ་བ་ལ། །
ཨོཾ་དང་སྭཱ་ཧཱ་ཞེས་པས་ཞི་བ་བྱ། །ཐོག་མ་ཨོཾ་དང་བཅས་པ་རྒྱས་པ་ལ། །ཧཱུཾ་དང་ཕཊ་གཉིས་དག་གི་སྦྱོར་བ་ལས། །བར་དུ་མིང་བཅུག་བསྐུལ་པ་བྱ་བ་ཡིན། །དེ་ལྟར་གསང་སྔགས་ཀྱི་དབྱེ་བས་ཞི་བ་དང་། རྒྱས་པ་དང་། མངོན་སྤྱོད་ལ་སྩོགས་པའི་ལས་ཀྱི་དབྱེ་

བས་གསུངས་པ་ཡིན་པར་ཤེས་པར་བྱའོ། །བཟླས་བརྗོད་ཀྱི་ཆོ་ག་བསྟན་པ་སྟེ་ལེའུ་བཞི་པའོ།། །།དེ་ལྟར་ཅི་རིགས་པ་དང་ཅི་འདོད་པས་བཟླས་བརྗོད་ཀྱི་ཆོ་གའི་རྗེས་སུ་སྤྱད་པ་སྒྲུབ་པ་ཉིད་ལས་སྔ་མ་བཞིན་དུ་བདག་ལས་ཀྱི་རྡོ་རྗེ་སེམས་དཔར་
བྱས་ནས། བཅོམ་ལྡན་འདས་ཡོན་ཏན་མཐའ་ཡས་པ་མངའ་བ་དང་། སེམས་ཅན་མ་ལུས་པ་བསྐྱབ་པ་མཛད་པའི་བྱང་ཆུབ་སེམས་དཔའ་རྣམས་བསམས་ལ་ཅི་འབྱོར་བའི་མཆོད་པ་བྱའོ། །དེ་ནས་ཐལ་མོ་སྦྱར་བ་དང་བཅས་པས་སྔ་མ་བཞིན་དུའམ། དེ་ལས་གཞན་
པའི་ཡང་དག་པའི་ཡོན་ཏན་ཡོངས་སུ་སྒྲོགས་པ་ལས་འབྱུང་བའི་བསྟོད་པས་བསྟོད་ཅིང་མཆོད་པས་དེ་རྣམས་ཀྱི་ཡོན་ཏན་ཡོངས་སུ་བསྒྲག་པར་བྱའོ། །དེ་ནས་ཇི་ལྟར་བྱས་པའི་དགེ་བའི་རྩ་བ་རྣམས་ཡོངས་སུ་བསྔོ་བར་བྱའོ། །དེའི་སྦྱོར་བ་ཡང་འདི་ཡིན་ཏེ།
འདི་ལྟར་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་བླ་ན་མེད་པའི་ཡོངས་སུ་བསྔོ་བ་མཁྱེན་ཅིང་ཐུགས་སུ་ཆུད་པ་དེ་བཞིན་དུ། བདག་གི་བསོད་ནམས་མ་ལུས་པས་སེམས་ཅན་གྱི་ཁམས་མ་ལུས་པ་འཁོར་བའི་རྒྱ་མཚོ་ལས་བསྒྲལ་བར་བགྱི་ཞིང་། དེ་བཞིན་
གཤེགས་པ་ཉིད་དང་། གཞན་གྱི་ཕུན་སུམ་ཚོགས་པ་བླ་ན་མེད་པའི་གནས་ཆེན་པོ་ལ་རབ་ཏུ་གཞག་པར་བྱའོ། །ཇི་སྲིད་འགྲོ་བ་མ་ལུས་པའི་