Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 70
Văn bản gốc(Tây Tạng)
Trang 3 / 18 (50.000 ký tự/trang)
་ཐམས་ཅད་ལ་གཟིགས་ཏེ་ཞེས་པ་ནི་བཅོམ་ལྡན་འདས་མི་གནས་པའི་མྱ་ངན་ལས་འདས་པ་རྟོག་པ་ཐམས་ཅད་དང་གཏན་དུ་བྲལ་བས་གཟིགས་པའི་རྟོག་པ་མི་འབྱུང་མོད་ཀྱི། སྔོན་གྱི་སྨོན་ལམ་གྱི་ཤུགས་ཀྱིས་ཐུགས་རྗེ་ཆེན་པོའི་ཡུམ་ དང་བྱམས་པ་ཆེན་པོའི་དབང་གིས་སེམས་ཅན་ཐམས་ཅད་ཀྱི་ཁམས་ལ་གཟིགས་པ་ནི་མ་གྲོལ་བ་གྲོལ་བ་དང་། མ་སྨིན་པ་སྨིན་པར་བྱ་བའི་ཕྱིར་རིག་པ་བཤད་པར་བཞེད་པའོ། །བདུད་རྩི་འབྱུང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ་ཞེས་པ་ནི་འཆི་བར་འགྱུར་བ་ མེད་པའི་བདུད་རྩི་སྟེ་དེ་ཡང་། ཆོས་ཀྱི་སྐུ་སྟོང་པ་ཉིད་དོ། །དེ་ལ་དམིགས་ནས་ཏིང་ངེ་འཛིན་འབྱུང་བས་ན་བདུད་རྩི་འབྱུང་བ་ཞེས་བྱའོ། །ཡང་ན་བདུད་རྩི་དེ་ཉིད་ཏིང་ངེ་འཛིན་འདི་ལས་འབྱུང་བས་ན་བདུད་རྩི་འབྱུང་བ་སྟེ། བྱང་ཆུབ་ལས་ཆོས་ཀྱི་སྐུའི་ཡེ་ཤེས་འབྱུང་བའི་དོན་ཏེ། ཏིང་ངེ་འཛིན་དེ་ལ་སྙོམས་པར་ཞུགས་ནས་རིག་པ་གསུངས་པའོ། །བཅོམ་ལྡན་འདས་སྙོམས་པར་ཞུགས་མ་ཐག་ཏུ་ཡན་ལག་ཐམས་ཅད་ནས་དུས་གསུམ་དུ་མ་ཆགས་པའི་སྟོབས་ཅན་ཞེས་བྱ་བའི་རིག་སྔགས་ཀྱི་རྒྱལ་མོ་བྱུང་ངོ་ཞེས་པ་དེ་ལ་བཅོམ་ལྡན་འདས་ཀྱི་ཡན་ལག་ཐམས་ཅད་ནི་ ལོངས་སྤྱོད་རྫོགས་པའི་སྐུ་དང་སྤྲུལ་པའི་སྐུ་དང་སྙིང་པོ་བྱང་ཆུབ་ཀྱི་སྐུའི་ཡན་ལག་ཐམས་ཅད་ནས་བྱུང་བ་སྟེ། སྟོང་པ་ཉིད་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་ལ་གནས་པས་ཞལ་ནས་ཚིག་ཏུ་འབྱིན་པ་མི་རིགས་སོ་ཞེས་བྱ་བ་ཡན་ལག་ནས་བྱུང་ངོ་ཞེས་པའོ། །དེ་ལ་དུས་གསུམ་དུ་ མ་ཆགས་པའི་སྟོབས་ཅན་ཞེས་པ་ནི་སྔར་འདས་པ་དང་མ་འོངས་པ་དང་ད་ལྟར་གྱི་དུས་ལ་མ་ཆགས་པ་ནི་སྟོང་པ་ཉིད་དེ་ཆོས་ཀྱི་དབྱིངས་ཡིན་ལ། དེ་ལ་དམིགས་པའི་སྐྱེ་བ་སྟོབས་དང་ལྡན་པ་ནི་དོན་དམ་པའོ། །རིག་པ་འདིའི་མཐུས་བདུད་དང་རྒོལ་བ་ཐམས་ཅད་ཀྱིས་བགེགས་ བྱེད་པར་མི་ཚུགས་པ་ནི་ཀུན་རྫོབ་ཏུའོ། །རིག་པ་ནི་ཤེས་པའི་དོན་ཏེ། སྐབས་འདིར་བྱང་ཆུབ་པའི་ཤེས་རབ་ཉིད་ལ་བྱ་ལ། རྒྱལ་མོ་ནི་ཤེས་རབ་ཐམས་ཅད་ཀྱི་ནང་ན་བྱང་ཆུབ་པའི་ཤེས་རབ་མཆོག་ཡིན་པའི་ཕྱིར་རྒྱལ་མོ་ཞེས་བྱ་སྟེ། དེ་བས་ན་རིག་པ་འདི་ཡང་བྱང་ཆུབ་ཉིད་ཀྱི་ ཡེ་ཤེས་ཀྱི་རང་བཞིན་བྱིན་གྱིས་བརླབས་པའོ། །རིག་པ་དེའི་རང་བཞིན་དང་གཟུགས་བསྟན་པའི་ཕྱིར་རིགས་ཀྱི་བུ་རིག་སྔགས་ཀྱི་རྒྱལ་མོ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གཉིས་སུ་མེད་པའི་སྤྱོད་ཡུལ་ཅན་དེ་ཞེས་གསུངས་པ་ཡིན་ཏེ། དེ་ལ་དེ་ བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་ནི་ཆོས་ཀྱི་སྐུ་སྟེ་དེ་དང་རིག་པ་འདི་ནི་སྤྱོད་ཡུལ་གཉིས་སུ་མེད་དེ། དེ་བཞིན་ཉིད་ལ་དམིགས་པར་འདྲ་བའི་ཕྱིར་རོ། །རིག་པ་འདིའི་མཐུ་ཆེན་པོ་བསྟན་པའི་ཕྱིར། འདི་ཡིས་བྱིན་བརླབས་ཞེས་པ་ནས། །ཆགས་མེད་ཐོབ་པར་འགྱུར་ ཞེས་བྱ་བའི་བར་གྱིས་གསུངས་ཏེ། རིག་པ་འདིས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བྱིན་གྱིས་བརླབ་པས་ན་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དེ་དག་གིས་མི་གནས་པའི་མྱ་ངན་ལས་འདས་པའི་ཆོས་ཉིད་ཆགས་པ་མེད་པ་གང་དུ་སྡུག་བསྔལ་འགག་ པར་འགྱུར་བ་ཐོབ་པར་འགྱུར་ཞེས་པའི་དོན་ཏོ། །དེ་ལ་སངས་རྒྱས་དང་ཞེས་པ་ནི་བླ་ན་མེད་པའི་སངས་རྒྱས་ལ་མི་བྱ་སྟེ། བྱང་ཆུབ་སེམས་དཔའ་ས་བཅུར་ཕྱིན་པ་དབང་བཅུ་ཐོབ་པའི་སངས་རྒྱས་དེ་ལ་བྱང་ཆུབ་སེམས་དཔའ་ནི་དེ་ལས་གཞན་པའི་འཕགས་པའི་ས་ལ་གནས་པ་ རྣམས་ལ་བྱའོ། །ཆོས་ཉིད་ཆགས་མེད་ཅེས་པ་ནི་མི་གནས་པའི་མྱ་ངན་ལས་འདས་པའི་རང་བཞིན་ཏེ། ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་མེད་པས་ན་མ་ཆགས་པའོ་ཞེས་བྱའོ། །ཡང་ཅི་ལྟ་བུ་ཞེ་ན། གང་དུ་སྡུག་བསྔལ་འགག་འགྱུར་བའི། །ཞེས་པ་སྟེ། མྱ་ངན་ལས་ འདས་པ་ཞེས་བྱ་བའི་ཆོས་དེ་ལ་ཕུང་པོའི་སྡུག་བསྔལ་རྣམས་མེད་ཅེས་པའི་དོན་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཡི་གེ་འཁོར་ལོའི་དཀྱིལ་འཁོར་སྤྱད་པ་འཁོར་རྣམས་ལ་བཤད་པར་བྱའོ་ཞེས་བཀའ་སྩལ་པ། དེ་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཅེས་པ་ནས། རིམ་པར་ཕྱེ་བ་རྒྱས་པ་ཉོན་ཅིག་ཅེས་པའི་བར་དུ་གསུངས་པ་ཡིན་ཏེ། དེ་ལ་དེ་བཞིན་གཤེགས་པ་ཐམས་ཅད་རྗེས་སུ་དགོངས་ནས་ཞེས་པ་ནི་སེམས་ཅན་གཞན་དང་མ་འོངས་པའི་སེམས་ཅན་རྣམས་ཅི་ཙམ་ན་ཡང་དང་པོར་དེ་བཞིན་གཤེགས་པ་རྗེས་སུ་དྲན་པར་གྱིས་ཤིག་ཅེས་ ལུང་བསྟན་པའོ། །བདག་ཉིད་དང་ཕྱག་ན་རྡོ་རྗེ་གཉི་ག་གཟོད་མ་ནས་མ་སྐྱེས་པ་ཉིད་དུ་བྱིན་གྱིས་བརླབས་ཏེ་ཞེས་པ་ནི་དཀྱིལ་འཁོར་གྱི་ཆོ་ག་བསྟན་པ་སྟེ། འཆད་པ་པོ་དང་ཉན་པ་པོ་གཉིས་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་འཆད་ཅིང་མཉན་པའི་ཚུལ་ཏེ་དེ་བས་ན་འཆད་པ་པོ་ བཅོམ་ལྡན་འདས་དང་ཉན་པ་པོ་ཕྱག་ན་རྡོ་རྗེ་གཉི་ག་མ་སྐྱེས་པའི་ཆོས་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པར་བསྟན་ཏེ། དེ་ཡང་ཏིང་ངེ་འཛིན་ལ་མ་ཞུགས་པའི་སྤྱོད་ཡུལ་མ་ཡིན་པའི་ཕྱིར་རོ། །དེ་བས་ན་དཀྱིལ་འཁོར་གྱི་སློབ་དཔོན་གྱིས་ཀྱང་དཀྱིལ་འཁོར་དང་པོར་ བརྩམ་པའི་ཚེ་བདག་ཉིད་ཀྱང་བྱིན་གྱིས་བརླབས་གྲོགས་བྱེད་པ་ཡང་རྡོ་རྗེ་དམ་པ་སྦྱིན་པར་བྱིན་གྱིས་རློབས་ཤིག་ཅེས་པ་སྟེ། དེ་ཡང་རང་ངམ་སློབ་དཔོན་གྱིས་སྟོང་པ་ཉིད་དུ་བྱིན་གྱིས་བརླབ་པོ། །ཡི་གེ་འཁོར་ལོ་བསྐོར་བ་ཞེས་བྱ་བའི་དཀྱིལ་འཁོར་སྤྱད་པ་རིམ་པར་ཕྱེ་བ་རྒྱས་པ་ཞེས་བྱ་བ་དེ་ ལ་ཡི་གེ་འཁོར་ལོ་བསྐོར་བ་ཞེས་པ་ནི་གཅིག་ཏུ་ན་ཡི་གེས་འཁོར་ལོ་བསྐོར་ཏེ་ཡི་གེ་ཨ་དབུས་སུ་གཞག་ལ་ཀ་ལ་སོགས་པས་མཐའ་བསྐོར་བའི་ཕྱིར་རོ། །གཉིས་སུ་ན་འཁོར་ལོའི་དཀྱིལ་འཁོར་དུ་ཡི་གེར་བསྒྱུར་བས་ན་ཡི་གེའི་འཁོར་ལོ་བསྐོར་བ་སྟེ། དཀྱིལ་འཁོར་དེར་གཟུགས་ ཡི་གེའི་འབྲུར་བསྒྱུར་ཏེ་བཀོད་པའི་ཕྱིར་རོ། །སྤྱད་པ་ཞེས་པ་ནི་དཀྱིལ་འཁོར་གྱི་ལས་སུ་བྱ་བ་རྣམས་སོ། །རིམ་པར་ཕྱེ་བ་ཞེས་པ་དེ་ཉིད་ཀྱི་གཞུང་གི་ལེའུའོ། །རྒྱས་པ་ཞེས་པ་ནི་དཀྱིལ་འཁོར་དེར་སློབ་མའི་བསོད་ནམས་ཀྱི་ཚོགས་ཤིན་ཏུ་འཕེལ་བའོ། །དཀྱིལ་འཁོར་དེ་ཡང་ཇི་ལྟ་བུ་ ཞེ་ན། རང་བཞིན་བསྟན་པའི་ཕྱིར་བྱང་ཆུབ་སེམས་དཔའ་གསང་སྔགས་ཀྱི་སྒོ་ནས་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་རྣམས་ལ་སངས་རྒྱས་ཀྱི་མཛད་པས་སོ་སོར་ཉེ་བར་གནས་པ་ཞེས་གསུངས་ཏེ། དེ་ལ་སངས་རྒྱས་ཀྱི་མཛད་པ་ནི་ཚེ་འདི་དང་ཕ་རོལ་དུ་མངོན་པར་མཐོ་བ་དང་ངེས་པར་ ལེགས་པའི་འབྲས་བུ་ཐོབ་པར་མཛད་པ་ཡིན་ལ། དེ་བཞིན་དུ་དཀྱིལ་འཁོར་འདིའི་སྒོ་ནས་སྔགས་སྤྱོད་པ་རྣམས་ཚེ་འདི་དང་ཕ་རོལ་དུ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་འབྲས་བུ་ཐོབ་པར་བྱེད་པའི་ཕྱིར་དཀྱིལ་འཁོར་འདི་ནི་སངས་རྒྱས་ཀྱི་མཛད་པས་ཉེ་བར་གནས་པ་ཡིན་ཏེ་དེ་ བཤད་ཀྱིས་ཉོན་ཅིག་ཅེས་པའི་དོན་ཏོ། །བཅོམ་ལྡན་འདས་ཀྱིས་ཡི་གེ་འཁོར་ལོ་བསྐོར་བའི་དཀྱིལ་འཁོར་སྤྱད་པ་བཤད་པར་གནང་བས་དེས་ཕྱག་ན་རྡོ་རྗེ་ཤིན་ཏུ་མགུ་ནས་བཅོམ་ལྡན་འདས་ལ་ཡོན་ཏན་གྱི་སྒོ་ནས་བསྟོད་པ་ཡང་བཅོམ་ལྡན་འདས་ལ་གུས་པ་བསྐྱེད་པའི་ ཕྱིར་ཕྱག་འཚལ་ཏེ་རྡོ་རྗེ་པདྨའི་སྟན་དེ་ལས་རྡོ་རྗེ་འབབ་པའི་ཚུལ་དུ་བབས་ཞེས་གསུངས་ཏེ། རྡོ་རྗེའི་ཚུལ་དུ་བབས་པ་ནི་གཡེང་བ་དང་འདྲོག་པ་མེད་པར་བརྟན་པོར་བབས་པའོ། །གཅིག་ཏུ་ན་དཀྱིལ་འཁོར་འདིའི་ནང་ནས་བཅོམ་ལྡན་འདས་ཀྱི་རྒྱུ་དང་འབྲས་བུའི་ཡོན་ཏན་འབྱུང་བ་རྣམས་ ཀྱི་སྒོ་ནས་བསྟོད་པའི་ཕྱིར། དེ་ནས་ཕྱག་ན་རྡོ་རྗེས་བཅོམ་ལྡན་འདས་ལ་མངོན་པར་བསྟོད་པ་ཞེས་སྦྱར་རོ། །བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པས་ཡོན་ཏན་རྣམ་པ་ལྔའི་སྒོ་ནས་བསྟོད་དེ། བྱང་ཆུབ་ཀྱི་སེམས་ཀྱི་སྒོ་ནས་བསྟོད་པ་དང་། རྒྱུ་དང་འབྲས་བུའི་སྤྱོད་པའི་སྒོ་ནས་ བསྟོད་པ་དང་། དེ་བཞིན་གཤེགས་པའི་དེ་མ་ཐག་པའི་ལམ་གྱི་སྒོ་ནས་བསྟོད་པ་དང་། ཀུན་དུ་སངས་རྒྱས་པའི་ཡོན་ཏན་གྱི་སྒོ་ནས་བསྟོད་པ་དང་། མྱ་ངན་ལས་འདས་པའི་ཡོན་ཏན་གྱི་སྒོ་ནས་བསྟོད་པ་སྟེ། ཡོན་ཏན་གྱི་གོ་རིམས་ཀྱང་འདི་ལྟར་རིགས་མོད་ཀྱི། །ཚིགས་སུ་བཅད་པ་སྦྱར་ བདེ་བའི་ཕྱིར་གོང་འོག་བསྣོར་ཏེ་གསུངས་སོ། །དེ་ལ། ཕྱག་འཚལ་བྱང་ཆུབ་སེམས་ཁྱོད་ལ། །ཞེས་པ་ནི་བྱང་ཆུབ་ཀྱི་སེམས་དངོས་ནི་བྱང་ཆུབ་སེམས་དཔའི་ས་དང་པོ་ཡན་ཆད་ལ་བྱ་མོད་ཀྱི། ས་དང་པོ་ལ་སོགས་པ་རྣམས་ས་དང་ཕ་རོལ་ཏུ་ཕྱིན་པའི་སྒོ་ནས་བསྟོད་ཟིན་པས་ན་དེ་ལ་ མི་བྱ་བར་སྐབས་འདིར་ནི་བཏགས་པའི་བྱང་ཆུབ་མོས་པས་སྤྱོད་པའི་ས་ལ་བྱ་སྟེ། དེ་ཡང་དེ་བཞིན་གཤེགས་པའི་རྒྱུ་ཡིན་པས་རྒྱུ་དེ་ལ་འབྲས་བུ་དེ་བཞིན་གཤེགས་པའི་མིང་གིས་བཏགས་སོ། །ཕྱག་འཚལ་བྱང་ཆུབ་འབྱུང་ཁྱོད་ལ། །ཞེས་པ་ནི་དེ་བཞིན་གཤེགས་པའི་དེ་མ་ ཐག་པའི་ལམ་གྱི་ཡོན་ཏན་གྱི་སྒོ་ནས་བསྟོད་པ་སྟེ། བྱང་ཆུབ་སེམས་དཔའི་ས་བཅུ་ལས་འདས་ནས་སྙིང་པོ་བྱང་ཆུབ་མ་ཐོབ་ཀྱི་བར་དུ་དེ་མ་ཐག་པའི་ལམ་སྟེ། དེ་ལས་བྱང་ཆུབ་འབྱུང་བས་ན་བྱང་ཆུབ་འབྱུང་བ་ཞེས་བྱའོ། །སྤྱོད་གཟུགས་ཞེས་པ་ལ་རྒྱུའི་སྤྱོད་པ་དང་འབྲས་བུའི་ སྤྱོད་པ་རྣམ་པ་གཉིས་ལས་འབྲས་བུའི་སྤྱོད་པ་ནི། ལུས་དང་ངག་དང་ཡིད་གསུམ་གྱི་འཁོར་ལོའི་སྤྱོད་པས་འཇིག་རྟེན་གསུམ་དུ་ཁྱབ་པར་སྟོན་པ་ཡིན་ལ། རྒྱུའི་སྤྱོད་པའི་གཟུགས་ནི་ས་དང་ཕ་རོལ་ཏུ་ཕྱིན་པ་རྣམས་སོ། །ཕྱག་འཚལ་ཐོག་མར་བྱེད་ཁྱོད་ལ། །ཞེས་པ་ནི་ཀུན་དུ་སངས་ རྒྱས་པའི་ཡོན་ཏན་གྱི་སྒོ་ནས་བསྟོད་པ་སྟེ། ཆོས་རྣམས་ཐོག་མ་ནས་ཡང་དག་པར་གཟུང་བ་དང་འཛིན་པ་དང་བྲལ་བ་སྟོང་པ་ཉིད་ཡིན་པ་དེ་ལ་ཕྱག་འཚལ་བའོ། །སྟོང་པ་ཉིད་ལ་འདུད་ཕྱག་འཚལ། །ཞེས་པ་ནི་མྱ་ངན་ལས་འདས་པའི་རང་བཞིན་གྱི་སྒོ་ནས་བསྟོད་པ་སྟེ་ཐམས་ཅད་མ་ བྱུང་མ་སྐྱེས་པའི་ངོ་བོ་ཉིད་མི་གནས་པའི་མྱ་ངན་ལས་འདས་པ་ལ་ཕྱག་འཚལ་ལོ་ཞེས་པའོ། །དེ་ནས་ཕྱག་ན་རྡོ་རྗེས་དཀྱིལ་འཁོར་དེ་བཤད་པར་གསོལ་བ་གདབ་པའི་ཕྱིར་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ་ཞེས་པ་ནས་བཤད་དུ་གསོལ་ཞེས་པའི་བར་དུ་གསུངས་སོ། ། དེ་ལ་གང་དག་དང་ལྡན་ན་བདག་ཅག་རྣམས་ཞེས་པ་ནི་བཅོམ་ལྡན་འདས་ཀྱིས་བཤད་པའི་དཀྱིལ་འཁོར་གྱི་ཚུལ་དེ་དག་དང་ངོ་། །དེ་ལ་ཕྱག་ན་རྡོ་རྗེ་ནི་རྟོགས་པའི་ཆོས་དང་ལྡན་པས་ན་བཅོམ་ལྡན་འདས་བཤད་པའི་ལུང་གི་ཆོས་དེ་དེས་ཐོས་ནས་སེམས་ཅན་གྱི་དོན་བྱ་བ་དང་སྔགས་ཀྱི་ ཚུལ་རྫོགས་པར་བྱའོ་ཞེས་པ་དེ་མི་རིགས་སོ། །དེ་ཅིའི་ཕྱིར་ཞེ་ན། རྟོགས་པའི་ཆོས་ཉིད་ལ་གནས་པས་ལུང་གི་ཆོས་མཉན་ནས་སེམས་ཅན་གྱི་དོན་བྱ་བ་ལ་སོགས་པ་མི་རིགས་པའི་ཕྱིར་རོ་ཞེ་ན། དེ་ནི་དེ་ལྟ་མ་ཡིན་ཏེ། གཅིག་ཏུ་ན་བཅོམ་ལྡན་འདས་ཀྱིས་ཆོས་བཤད་པ་ གཅེས་ཤིང་བཙུན་པར་བསྟོད་པའི་ཕྱིར་ཏེ། བཅོམ་ལྡན་འདས་ཀྱིས་ཆོས་དེ་བཤད་པ་ན་ཕྱག་ན་རྡོ་རྗེ་ལྟ་བུ་རྟོགས་པ་དང་ལྡན་པས་ཀྱང་ཐོས་ནས་ཡོན་ཏན་གྱི་བྱེ་བྲག་ཐོབ་པར་འགྱུར་ན་གཞན་ལྟ་ཅི་སྨོས་སྙམ་དུ་འཇིག་རྟེན་གྱིས་ཤེས་པར་བྱ་བའི་ཕྱིར་རོ། །ཡང་གཅིག་ཏུ་ན་ཕྱག་ན་རྡོ་རྗེ་ རྟོགས་པའི་ཆོས་དང་ལྡན་པ་ཡིན་མོད་ཀྱི་ལུང་གི་ཆོས་རྣམས་ཀྱང་བཅོམ་ལྡན་འདས་ལས་མཉན་ཏེ་སེམས་ཅན་གྱི་དོན་མཛད་པར་གྱུར་ན་ཡང་ཉེས་པ་མེད་དོ། །དེ་ནས་བཅོམ་ལྡན་འདས་མི་གནས་པའི་མྱ་ངན་ལས་འདས་པ་ལ་བཞུགས་པས་རྣམ་པར་རྟོག་པ་མི་མངའ་བའི་ཕྱིར་རོ། ། ཆོས་གསུངས་པའི་ཚིག་དེ་འབྱུང་བར་མི་རིགས་ལ། ཡང་ན་ནི་རྣམ་པར་མི་རྟོག་པའི་ཚིག་ཉམས་པར་འགྱུར་རོ་སྙམ་པ་དེ་འདྲ་བའི་ཀླན་ཀར་མི་འགྱུར་བའི་ཕྱིར། བཅོམ་ལྡན་འདས་ཀྱི་ལོངས་སྤྱོད་རྫོགས་པ་དང་། སྤྲུལ་པའི་སྐུས་ཆོས་དང་བཤད་ལ་རྣམ་པར་མི་རྟོག་ པའི་ཏིང་ངེ་འཛིན་ལས་ཀྱང་ཉམས་པ་མེད་པར་བསྟན་པའི་ཕྱིར། ང་ནི་འཇིག་རྟེན་དང་པོ་ཡི། །ཞེས་པ་ནས། ལས་ཀྱི་རྣམ་པར་སྨིན་པ་བཞིན་དུ་མཐོང་བར་འགྱུར་བ་དེ་ལྟ་བུའི་བྱིན་གྱིས་བརླབ་པ་མཛད་དོ་ཞེས་པའི་བར་དུ་གསུངས་པ་ཡིན་ཏེ། དེ་ལ་འཇིག་རྟེན་དང་པོ་ཡི། །ཞེས་པ་དང་། ཆོས་བཤད་དོ་ཞེས་པས་ནི་མི་རྟོག་པའི་ངང་ལས་ཆོས་བཤད་པ་མི་འབྱུང་བ་མ་ཡིན་པར་བསྟན་ཏོ། །དེ་ལ་འཇིག་རྟེན་དང་པོ་ནི་རྣམ་པ་གཉིས་ཏེ། དག་པ་དང་། མ་དག་པའོ། །དེ་ལ་དག་པ་ནི་ས་དང་པོ་ཡན་ཆད་ཀྱི་བྱང་ཆུབ་སེམས་དཔའ་རྣམས་ཏེ་དེ་རྣམས་སྔར་བྱུང་ནས་ཕྱིས་མངོན་ པར་ཆོས་བཤད་པ་མི་འབྱུང་བ་མ་ཡིན་པར་བསྟན་ཏེ། དེ་རྣམས་དང་པོའི་འཇིག་རྟེན་སངས་རྒྱས་པ་ཡིན་པའི་ཕྱིར་འཇིག་རྟེན་དང་པོ་ཞེས་བྱའོ། །དེ་ལ་མ་དག་པའི་འཇིག་རྟེན་པ་ནི་བསྐལ་པ་ཆེན་པོ་ཞིག་པའི་འོག་ཏུ་དང་པོ་འཇིག་རྟེན་འཆགས་པའི་ཚེ་ཚངས་པ་དང་བརྒྱ་བྱིན་ལ་སོགས་པ་དང་པོ་ཉིད་དུ་ འབྱུང་བས་ན་འཇིག་རྟེན་དང་པོ་ཞེས་བྱའོ། །དེ་དག་ལ་བཅོམ་ལྡན་འདས་ཀྱིས་ཆོས་རྣམ་པ་གསུམ་བཤད་པས་ན་དེ་དག་གིས་བཅོམ་ལྡན་འདས་ལ་འཇིག་རྟེན་གྱི་མགོན་པོ་ཞེས་བསྒྲགས་སོ། །དེ་ལ་ཆོས་བཤད་པ་རྣམ་པ་གསུམ་པོ་དེ་ཡང་གང་ཞེ་ན། མཉམ་པ་མེད་པའི་ཆོས་དང་། གཟོད་མ་ ནས་ཞི་བ་དང་། བླ་ན་མེད་པའི་ཆོས་སོ། །དེ་རྣམས་ཀྱང་འཇུག་པ་དང་། སྦྱོར་བ་དང་། འབྲས་བུའི་བྱེ་བྲག་ཏུ་བལྟ་སྟེ། དེ་ལ་མཉམ་པ་མེད་ཅེས་པ་ནི་བླ་ན་མེད་པར་འཇུག་པའི་ཆོས་དེ་དགེ་བ་བཅུ་དང་སྦྱིན་པ་ལ་སོགས་པའི་དགེ་བའི་ཆོས་རྣམས་སོ། །དེ་ཡང་འཇིག་རྟེན་པ་ཕྱི་རོལ་མུ་སྟེགས་ཀྱི་ཆོས་ དང་མི་མཚུངས་པས་ན་མཉམ་པ་མེད་པའོ། །གཟོད་མ་ནས་ཞི་བ་ཞེས་པ་ནི་སངས་རྒྱས་པར་སྦྱོར་བའི་རིམ་པ་སྟེ། ཆོས་ཐམས་ཅད་རྒྱུ་དང་རྐྱེན་གྱིས་མི་བསྐྱེད་པའི་ཕྱིར་ན་གཟོད་མ་ནས་ཞི་བའོ་ཞེས་བསྟན་ཏོ། །དེ་ལ་བླ་ན་མེད་པ་ཞེས་པ་ནི་འཇུག་པ་དང་སྦྱོར་བའི་འབྲས་བུ་སྟེ་མི་གནས་ པའི་མྱ་ངན་ལས་འདས་པའི་ས་བསྟན་པའོ། །དེ་ལྟར་ཆོས་བསྟན་ཅིང་འཆད་མོད་ཀྱི་རྣམ་པར་མི་རྟོག་པ་ལས་ཉམས་པ་མེད་པར་བསྟན་པའི་ཕྱིར། དེ་ལྟ་བུའི་བྱིན་གྱིས་བརློབ་པ་མཛད་དོ་ཞེས་གསུངས་ཏེ། དེ་ལ་དེ་ལྟ་བུའི་བྱིན་གྱིས་བརློབ་པ་ཞེས་པ་ནི་བྱང་ཆུབ་སེམས་དཔའ་ཀུན་དུ་བཟང་ པོ་ལ་སོགས་པར་བསམ་པ་ཡོངས་སུ་དག་པ་རྣམས་ཇི་ལྟར་བཅོམ་ལྡན་འདས་ཀྱིས་བྱིན་གྱིས་བརླབས་པ་འོད་ལ་སོགས་པས་བསྐུལ་བ་དེ་ལྟ་བུས་བྱིན་གྱིས་བརླབས་ནས་སྙིང་པོ་བྱང་ཆུབ་ན་བཞུགས་པའི་སྐུ་མཐོང་བར་བསྟན་ཏོ། །དེ་དག་གིས་སྙིང་པོ་བྱང་ཆུབ་ཀྱི་སྐུ་མཐོང་བ་དེ་ཇི་ལྟ་བུར་ མཐོང་ཞེ་ན། ནམ་མཁའ་བཞིན་དུ་སྤྲོས་པ་མེད་པ་ལ་སོགས་པར་ཏེ། ནམ་མཁའ་བཞིན་ཞེས་པ་ནི་རང་བཞིན་གྱིས་འོད་གསལ་ཞིང་དྲི་མ་མེད་པ་སྟོང་པ་ཉིད་ཀྱི་རང་བཞིན་ནོ། །སྤྲོས་པ་མེད་པ་ཞེས་པ་ནི་ནང་གི་ཡིད་ཀྱི་རྣམ་པར་ཤེས་པའི་རྣམ་པར་རྟོག་པ་ཐམས་ཅད་སྤངས་ཞེས་པའི་དོན་ ཏོ། །སྤྱོད་པ་ལ་གཉིས་སུ་མེད་པའི་རྣལ་འབྱོར་ཞེས་པ་ནི་ལུས་དང་ངག་དང་ཡིད་གསུམ་གྱི་འཁོར་ལོས་སྤྱོད་པ་དང་སྙིང་པོ་བྱང་ཆུབ་ཀྱི་སྐུ་གཉིས་སུ་མེད་པར་སྦྱོར་བ་སྟེ། དེ་གཉིས་རང་བཞིན་དབྱེར་མེད་པའི་ཕྱིར་རོ། །ལས་ཀྱི་རྣམ་པར་སྨིན་པ་བཞིན། །ཞེས་པ་ནི་ལས་ཀྱི་རྣམ་པར་སྨིན་པ་དང་ འདྲའོ་ཞེས་པ་སྟེ། རྣམ་པར་སྨིན་པ་ཉིད་མ་ཡིན་གྱི་དེ་དང་འདྲ་བར་བསྟན་པའོ། །དེ་ཅིའི་ཕྱིར་ཞེ་ན། སེམས་དད་པའི་སེམས་ཅན་ནི་ལས་ཀྱི་རྣམ་པར་སྨིན་པ་ལ་བརྟེན་ཏེ་དེ་ཉིད་ཟད་པར་འགྱུར་གྱི་བཅོམ་ལྡན་འདས་ནི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཆེན་པོའི་རྒྱུ་མཐུན་པའི་འབྲས་བུ་ དེ་ཟད་པར་མི་འགྱུར་བ་སྟེ། སྙིང་པོ་བྱང་ཆུབ་ཀྱི་སྐུ་དེ་ནི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཆེན་པོའི་རྒྱུ་མཐུན་པའི་འབྲས་བུ་ཡིན་པས་རྣམ་པར་སྨིན་པ་ལྟ་བུ་ཞེས་བྱའོ། །དེའི་ཚེ་བཅོམ་ལྡན་འདས་ཀྱི་ཡན་ལག་དང་། དེ་བཞིན་གཤེགས་པའི་སྐུ་ཐམས་ཅད་ནས་ཞེས་པ་ནས། སྙིང་པོ་ འདི་ལ་བརྩོན་པར་བྱའོ་ཞེས་པའི་བར་གྱིས་ནི་ཡི་གེ་ཨ་ཡི་གེ་འཁོར་ལོ་བསྐོར་བའི་དཀྱིལ་འཁོར་གྱི་བདག་པོར་བཞག་ནས་ཨ་དེའི་ཡོན་ཏན་བརྗོད་པ་དང་བཅས་པར་གསུངས་པ་ཡིན་ཏེ། དེ་ལ་བཅོམ་ལྡན་འདས་ཀྱི་ཡན་ལག་དང་དེ་བཞིན་གཤེགས་པའི་སྐུ་ཐམས་ཅད་ནས་ཞེས་པ་ ནི་ཡི་གེ་ཨ་དེ་བཞིན་གཤེགས་པའི་ལུས་ཀྱི་འཁོར་ལོ་སྐུ་ཐམས་ཅད་ནས་བྱུང་ངོ་ཞེས་པའི་དོན་ཏོ། །འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པ་ཞེས་པ་ལ་སོགས་པ་དེ་དག་ནི་ཡི་གེ་ཨའི་མཐུ་ཆེན་པོ་བསྟན་པ་སྟེ། དེ་ལ་འཇིག་རྟེན་པ་ཞེས་པ་ནི་མུ་སྟེགས་ཀྱི་ དྲང་སྲོང་ལ་སོགས་པ་དང་ཕྱོགས་གཅིག་སྟོང་པར་ལྟ་བ་རྣམས་སོ། །འཇིག་རྟེན་ལས་འདས་པ་ཞེས་པ་ནི་བྱང་ཆུབ་སེམས་དཔའ་རྣམས་ལ་བྱ་སྟེ། ཉན་ཐོས་དག་ནི་འོག་ནས་འབྱུང་བས་ན་འདིར་མ་གཏོགས་སོ། །ཉན་ཐོས་དང་རང་སངས་རྒྱས་དག་ཀྱང་རང་གི་རྣམ་པར་གྲོལ་བ་ ཕྱོགས་གཅིག་གི་སྒོ་སྟོང་པ་ལ་གནས་པ་སྟེ། དེ་རྣམས་ཀྱང་སྔགས་སྒྲུབ་པའི་འཇུག་པ་དང་། བསམ་གཏན་གྱི་སྒོར་འཇུག་པ་རྣམ་པ་གཉིས་ཏེ་དེ་གཉི་གའི་ཡང་སྲོག་དང་འདྲ་བའོ། །དེ་ཅིའི་ཕྱིར་ཞེ་ན། དེ་དག་ཐམས་ཅད་ཀྱང་དོན་དམ་པར་ཡང་ལ་ལ་ནི་ཕྱིན་ཅི་མ་ལོག་པར་ཡོངས་ སུ་གྲུབ་པའི་སྟོང་པ། ལ་ལ་ནི་ཕྱོགས་ཙམ་སྟོང་པར་ལྟ་བ་སྟེ། སྤྱིར་ཐམས་ཅད་སྟོང་པའི་དོན་ལ་བརྟེན་པས་ན་ཡི་གེ་ཨའི་དོན་མ་སྐྱེས་པའི་ཆོས་ཉིད་ནི་དེ་དག་ཐམས་ཅད་ཀྱི་སྲོག་ལྟ་བུའོ། །ཀུན་རྫོབ་ཏུ་ཡང་གང་ཡིག་འབྲུ་ལ་བརྟེན་པའི་ཆོས་ཐམས་ཅད་ཨ་ལས་འགྱུར་བས་ ན་སྲོག་ལྟ་བུའོ། །དེ་ལ་བསམ་གཏན་ཞེས་པ་ནི་རྣལ་འབྱོར་ཏེ་སེམས་པའོ། །བསམ་གཏན་དུ་བྱ་བ་ཞེས་པ་ནི་བསམ་པ་དེའི་འབྲས་བུ་གང་ཡིན་པ་སྟེ་དེ་ནི་བསམ་གཏན་གྱི་སྒོ་ནས་འཇུག་པའོ། །དངོས་གྲུབ་སྒྲུབ་པ་ནི་རབ་དང་འབྲིང་དང་ཐ་མ་ལ་སོགས་པ་སྟེ་དེ་དག་སྒྲུབ་པའི་ཕྱིར་ འཇུག་པ་དེ་ནི་སྔགས་སྒྲུབ་པའི་སྒོར་ཞུགས་པའོ། །ཡི་གེའི་འབྲུ་རྣམས་ཀྱང་ཀུན་རྫོབ་དང་དོན་དམ་པའི་སྒོ་ནས་སྲོག་ལ་སོགས་པར་འགྱུར་བ་སྟེ། དེ་ལ་ཡི་གེ་ཐམས་ཅད་ཀྱི་འཚོ་བར་གྱུར་པ་ཞེས་པ་ནི་བྱང་ཆུབ་ཀྱི་སྒོ་ནས་ཡི་གེ་རྣམས་ཨ་ལ་བརྟེན་པའི་ཕྱིར་འཚོ་བར་གྱུར་པ་སྟེ། ཨ་ཞེས་པའི་དོན་ནི་མ་སྐྱེས་པ་ཡིན་ལ། དེ་བཞིན་གཤེགས་པ་ཞེས་བྱ་བའི་དོན་ཀྱང་དགོས་པ་ཐམས་ཅད་དང་བྲལ་བ་སྟེ་མ་སྐྱེས་པའི་དོན་ཏོ། །དེ་བས་ན་ཡི་གེ་ཀ་བྱང་ཆུབ་ཀྱི་ས་བོན་གྱི་འཚོ་བ་ཡང་ཨ་ལ་རག་ལུས་པའི་ཕྱིར་སྲོག་ཅེས་བྱའོ། །དེ་བཞིན་དུ་ཡི་གེ་ལྷག་མ་རྣམས་ཀྱང་ཤེས་པར་ བྱའོ། །དེ་ལ་ཡི་གེ་ཐམས་ཅད་ཀྱི་སྲོག་ཏུ་གྱུར་པ་ཞེས་པ་ནི་སྤྱོད་པའི་སྒོ་ནས་ཡིག་འབྲུ་རྣམས་དེ་ལ་བརྟེན་པས་ན་དེའི་ཕྱིར་སྲོག་ཅེས་བྱའོ། །སྐྱབས་སུ་གྱུར་པ་ཞེས་པ་ནི་ཀུན་དུ་སངས་རྒྱས་པའི་སྒོ་ནས་ཡི་གེ་རྣམས་ཀྱི་རྟེན་ཡིན་པས་ན་སྐྱབས་སོ། །བྱུང་ངོ་ཞེས་པ་ནི་མྱ་ངན་འདས་པའི་ སྒོ་ནས་ཡི་གེ་རྣམས་བྱུང་བའི་དོན་ཏོ། །རིགས་ཀྱི་བུ་དག་འདི་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པ་ཞེས་པ་ནི་སངས་རྒྱས་ཀྱི་སྐུའི་འཁོར་ལོ་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་ཞེས་པའི་དོན་ཏོ། །བྱང་ཆུབ་སེམས་དཔའ་གསང་སྔགས་ཀྱི་སྒོ་ནས་བྱང་ ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་རྣམས་ལ། སངས་རྒྱས་ཀྱི་མཛད་པས་སོ་སོར་ཉེ་བར་གནས་པ་ཡིན་ཏེ་ཞེས་པ་ནི་ཡི་གེ་ཨ་དེའི་མཐུ་ཆེན་པོ་བསྟན་པ་སྟེ་སངས་རྒྱས་འཇིག་རྟེན་དུ་འབྱུང་བའི་ཚེ་ཆོས་རྣམ་པ་གཉིས་བསྟན་པ་ནི་སངས་རྒྱས་ཀྱི་མཛད་པ་སྟེ། རྣམ་པ་གཉིས་ནི་བསམ་ པ་དག་པ་རྣམས་ལ་རྟོགས་པའི་ཆོས་བསྟན་པ་དང་བསམ་པ་མ་དག་པ་རྣམས་ལ་ལུང་གི་ཆོས་བསྟན་པའོ། །དེ་བཞིན་དུ་ཡི་གེ་ཨ་ཡང་ཆོས་དེ་གཉི་ག་སྟོན་པའི་རྒྱུ་ཡིན་ཏེ། དེ་བས་ན་སངས་རྒྱས་ཀྱི་མཛད་པས་སོ་སོར་ཉེ་བར་གནས་པ་ཡིན་ནོ། །ཇི་ལྟར་ཞེ་ན། རྟོགས་པའི་ཆོས་ རྣམས་ཀྱང་ཡི་གེ་ཨ་དེའི་དོན་མ་སྐྱེས་པ་ལས་བྱུང་ལ། ལུང་གི་ཆོས་རྣམས་ཀྱང་ཡི་གེའི་འབྲུའི་སྒོ་ནས་བཤད་པ་ཡིན་ཏེ། ཚིག་ཐམས་ཅད་ཡི་གེ་ཨ་ལས་མ་གྱུར་པ་མེད་པའི་ཕྱིར་རོ། །སངས་རྒྱས་ཀྱི་མཛད་པ་བྱེད་པར་ཇི་ལྟར་ཤེས་ཤེ་ན། ཆོས་ཐམས་ཅད་ནི་ཨ་ཞེས་བྱ་བའི་ སྒོ་ནས་འཇུག་གོ་ཞེས་གསུངས་ཏེ། དེ་ཡང་ཇི་ལྟར་ཞེ་ན། ཡི་གེ་ཨ་ཞེས་བྱ་བས་རྒྱུ་བྱས་པ་ལས་རྟོགས་པའི་ཆོས་དང་ལུང་གི་ཆོས་ཐམས་ཅད་འབྱུང་བའི་ཕྱིར་རོ། །དེ་ལྟར་ཡི་གེ་ཨ་ཞེས་བྱ་བ་དེ་སངས་རྒྱས་ཀྱི་མཛད་པ་བྱེད་ཅིང་ཆོས་ཐམས་ཅད་འབྱུང་བའི་སྒོ་ཡིན་པ་དེ་ལྟ་བས་ན་སྔགས་ལ་ སྤྱོད་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡི་གེ་ཨ་དེ་དེ་བཞིན་གཤེགས་པར་བལྟ་བ་ལ་སོགས་པ་བྱ་སྟེ། དེ་ལ་དེ་བཞིན་གཤེགས་པ་རྣམས་མཐོང་བར་འདོད་པས་དེ་བཞིན་གཤེགས་པ་རྣམས་ཀྱི་སྙིང་པོ་འདི་ལ་བརྩོན་པར་བྱའོ་ཞེས་སྦྱར་ཏེ། ཡི་གེ་ཨ་ཞེས་བྱ་བའི་དོན་ནི་དེ་བཞིན་ གཤེགས་པའི་རང་བཞིན་ལས་གཞན་མ་ཡིན་པའི་ཕྱིར་སྙིང་པོ་བྱང་ཆུབ་ཉིད་ཀྱི་སྙིང་པོ་སྟེ་དེ་ནི་དོན་དམ་པའོ། །ཀུན་རྫོབ་ཏུ་ཡང་ཨ་ཞེས་བྱ་བའི་ཡི་གེའི་འབྲུ་དེ་བསྒོམས་ན་དེའི་མཐུས་དེ་བཞིན་གཤེགས་པ་གྲངས་མེད་པ་འཆར་བའི་ཕྱིར་རོ། །དེ་བཞིན་གཤེགས་ པ་མཆོད་པར་འདོད་པས་ཀྱང་ཡི་གེ་འདི་བསྒོམ་པར་བྱ་ལ་མཆོད་པ་ཡང་སྒྲུབ་པའི་མཆོད་པ་དང་། ཟང་ཟིང་གི་མཆོད་པ་རྣམ་པ་གཉིས་སུ་རིག་པར་བྱའོ། །དེ་ལ་སྒྲུབ་པའི་མཆོད་པ་ནི་ཡི་གེ་ཨ་དེ་ཉིད་ཀྱི་དོན་བསྒོམས་པར་འགྱུར་ལ། ཟང་ཟིང་གི་མཆོད་པ་ནི་ཡི་གེ་ཨ་དེ་བསྒོམས་པའི་མཐུ་ལས་ ནམ་མཁའ་གང་བའི་མཆོད་པ་རྒྱ་ཆེན་པོ་འབྱུང་བའི་ཕྱིར་རོ། །བྱང་ཆུབ་ཀྱི་སེམས་མངོན་སུམ་དུ་བྱ་བར་འདོད་པ་ཞེས་པ་ནི་བྱང་ཆུབ་སེམས་དཔའི་ས་དང་པོ་ཡན་ཆད་ཀྱི་སེམས་ལ་བྱ་སྟེ། དེ་མངོན་དུ་བྱ་བར་འདོད་པས་ཡི་གེ་ཨའི་དོན་མངོན་པར་སྒྲུབ་པར་བྱོས་ཤིག་ཅེས་པའི་དོན་ཏོ། །དེ་ཅིའི་ ཕྱིར་ཞེ་ན། བྱང་ཆུབ་ཀྱི་སེམས་ཀྱང་མ་སྐྱེས་པ་ཡིན་པས་ཡི་གེ་ཨའི་དོན་མ་སྐྱེས་པ་དང་མཚུངས་པའི་ཕྱིར་རོ། །བྱང་ཆུབ་སེམས་དཔའ་རྣམས་དང་འགྲོགས་པར་འདོད་པ་ཞེས་པ་ནི་དེ་ལྟར་འདོད་པས་ཡི་གེ་ཨའི་སྒོ་སྒོམས་ཤིག་ཅེས་འདོན་ཏེ། བྱང་ཆུབ་སེམས་དཔའ་རྣམས་ཀྱང་མ་སྐྱེས་པའི་ དོན་ལ་དམིགས། ཡི་གེ་ཨ་ཡང་མ་སྐྱེས་པའི་དོན་ཡིན་པས་ན་སྤྱོད་ཡུལ་མཐུན་པས་ལྷན་ཅིག་ཏུ་སྐྱེ་བར་འགྱུར་རོ། །དེ་ཡན་ཆད་ནི་བསམ་གཏན་གྱི་སྒོ་ནས་བསྒོམ་པ་དང་། ཨ་ཉིད་སྔགས་ཀྱི་སྒོ་སྒྲུབ་པ་ལ་ཞུགས་པ་གཉིས་ཀའི་ཐུན་མོང་གི་ཡོན་ཏན་བསྟན་པ་ཡིན་ལ་དངོས་གྲུབ་མངོན་ པར་འདོད་པ་ཞེས་པ་ནི་སྔགས་ཀྱི་སྒོ་ནས་ཞུགས་པའི་གྲུབ་པ་རབ་འབྲིང་རྣམ་པ་གསུམ་མོ། །དེ་རྣམས་ནི་ཡན་ལག་གི་ཚིག་ཡིན་ལ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་འདོད་པས་འདི་སྒོམས་ཤིག་ཅེས་བྱ་བ་ནི་བསྡུས་པའི་དོན་ཡིན་ནོ། །དེ་ནས་དཀྱིལ་འཁོར་བྲི་བའི་ཆོ་ག་རྣམ་ པ་གསུམ་བསྟན་པའི་ཕྱིར། དེ་ནས་བཅོམ་ལྡན་འདས་རྣམ་པར་མཛད་ཀྱིས་སྙིང་རྗེ་ཆེན་པོའི་སྙིང་པོ་འབྱུང་བའི་དཀྱིལ་འཁོར་གྱི་རྒྱལ་པོ་འདིའི་ཆོ་ག་དགོད་པ་དང་། ལྷའི་གནས་གཏན་ལ་དབབ་པ་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་སྙིང་རྗེ་ཆེན་པོའི་སྙིང་པོ་འབྱུང་བ་ཞེས་པ་ ནི་ལུས་ཀྱི་འཁོར་ལོས་བྱིན་གྱིས་བརླབས་པའི་དཀྱིལ་འཁོར་འདི་དང་། ངག་གི་དཀྱིལ་འཁོར་ལ་ཡང་མིང་དུ་གདགས་སོ། །དེ་ཅིའི་ཕྱིར་ཞེ་ན། དཀྱིལ་འཁོར་རྣམ་པ་གསུམ་ཀ་ཡང་སྙིང་རྗེ་ཆེན་པོའི་སྙིང་པོའི་ནུས་པ་དང་རྒྱུས་དཀྱིལ་འཁོར་འབྱུང་བའི་ཕྱིར་དེ་སྐད་ཅེས་བྱའོ། །ལྷའི་ གནས་གཏན་ལ་དབབ་པ་ཞེས་པ་ནི་དབུང་མཐའ་དང་མཆོག་དུ་བཀོད་པའི་ལྷ་བཞུགས་པའི་གནས་ངེས་པར་བྱའོ། །ཏིང་ངེ་འཛིན་རྣམ་པར་སྤྲུལ་པ་ཞེས་བྱ་བ་ནི་གང་ཏིང་ངེ་འཛིན་དུ་ཞུགས་ནས་སྲུང་བའི་རིག་པ་དང་སྔགས་ལ་སོགས་པའོ། །གསང་སྔགས་སྤྱོད་པ་ཞེས་པ་ནི་དཀྱིལ་འཁོར་ དུ་འཇུག་པའི་ཚེ་ལས་སུ་སྤྱད་པ་རྣམས་སོ། །བསམ་པར་བྱ་བ་ནི་དཀྱིལ་འཁོར་དུ་འཇུག་པ་ན་སློབ་མས་བྱང་ཆུབ་ཀྱི་སེམས་བསམ་པ་དང་། སློབ་དཔོན་རང་གི་ཏིང་ངེ་འཛིན་དུ་གནས་པ་ལ་སོགས་པའི་བྱེ་བྲག་གསུངས་པའོ། །དེ་དག་སོ་སོའི་བཤད་པ་ནི་ཕྱིས་འཆད་པར་འགྱུར་རོ། ། དེ་ལ་དཀྱིལ་འཁོར་གྱི་རྒྱལ་པོ་འདིའི་ཆོ་ག་དགོད་པ་ཞེས་དོན་བཤད་པའི་ཕྱིར། དེ་ལ་སློབ་དཔོན་གྱིས་ཐམས་ཅད་མཁྱེན་པ་ཉིད་ཀྱི་སྒོ་ཨ་ཞེས་བྱ་བ་ལ་གནས་ཏེ་ཞེས་པ་ནས། དེ་བཞིན་གཤེགས་པའི་གཟུགས་སྙིང་པོ་ཉིད་ཀྱི་རང་གི་ངོ་བོར་བྱིན་གྱིས་བརླབས་ལ་ཞེས་པའི་བར་དུ་གསུངས་ཏེ། དེ་ལ་དཀྱིལ་འཁོར་གྱི་ཐིག་བྲེ་བའི་ཚེ་དཀྱིལ་འཁོར་གྱི་སྣམ་བུ་རེ་རེ་ལ་ཡང་སློབ་དཔོན་གྱི་ཏིང་ངེ་འཛིན་རེ་རེ་གསུངས་ཏེ། ཕྱི་རོལ་གྱི་རིམ་པའི་དཀྱིལ་འཁོར་ལ་བྱང་ཆུབ་སེམས་དཔའ་འཇམ་དཔལ་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པ་ལས་སྐྱེས་པ་རྣམས་བཞུགས་པས་ན་ཐིག་བྲི་བའི་སློབ་ དཔོན་གྱི་ཏིང་ངེ་འཛིན་ཀྱང་ཐམས་ཅད་མཁྱེན་པའི་རྒྱུའི་གནས་ཀྱི་སྙིང་པོ་ཡི་གེ་ཨ་ལ་གནས་ཏེ་དཀྱིལ་འཁོར་གྱི་སྲད་བུ་བྲེས་ཤིག་ཅེས་གསུངས་པ་ཡིན་ནོ། །དེ་ལ་དང་པོ་ཐིག་བྲི་བའི་ཚེ་དང་པོར་ནམ་མཁའི་ཐིག་བྲི་བར་གསུངས་པ་ནི་སངས་རྒྱས་ཐམས་ཅད་ལ་ཕྱག་འཚལ་ནས་ཞེས་ པ་ནས་བྱང་ཕྱོགས་སུ་ཁ་བལྟས་ནས་སྲད་བུ་བྲེས་ཏེ་ཞེས་པའི་བར་གྱིས་སོ། །དེ་ནས་སའི་དཀྱིལ་འཁོར་གྱི་ཐིག་བྲི་བའི་ཕྱིར། །ནུབ་ཕྱོགས་སུ་ཁ་བལྟས་ལ་བསྒྱུར་ཏེ་ཐིག་གདབ་པོ་ཞེས་གསུངས་པ་ཡིན་ནོ། །ལྷག་མ་རྣམས་འདིར་མ་གསུངས་པ་ནི་སྙིང་རྗེ་ཆེན་པོའི་དཀྱིལ་འཁོར་དུ་ ཐིག་བྲི་བ་ཞིབ་ཏུ་བཤད་ཟིན་པས་འདིར་ཡང་ལྷག་མ་རྣམས་དེ་དང་འདྲ་བར་ཤེས་པར་བྱའོ། །དེ་ནས་སྙིང་པོའི་དཀྱིལ་འཁོར་གྱི་ཐིག་བྲི་བའི་སློབ་དཔོན་གྱི་ཏིང་ངེ་འཛིན་བཤད་པའི་ཕྱིར། དེ་ནས་བདག་ཉིད་རྡོ་རྗེ་སེམས་དཔའ་ལག་ན་རྡོ་རྗེར་དེའི་ཕྱག་རྒྱའམ། ཡི་གེ་བ་ཞེས་བྱ་བས་བྱིན་གྱིས་བརླབས་ཏེ་ནང་དུ་ཞུགས་ལ་སྙིང་པོའི་དཀྱིལ་འཁོར་བྲི་བར་བྱའི་ཞེས་གསུངས་ཏེ། དེའི་སློབ་དཔོན་གྱི་ཏིང་ངེ་འཛིན་ནི་བྱང་ཆུབ་པའི་ས་བོན་ཡི་གེ་ཨས་བསྐྱེད་པའི་རྡོ་རྗེ་སེམས་དཔར་སློབ་དཔོན་བདག་ཉིད་བྱིན་གྱིས་བརླབ་པའོ། །རྡོ་རྗེ་སེམས་དཔའ་ལ་ཡང་ ལས་ཀྱི་རྡོ་རྗེ་སེམས་དཔའ་ལ་སོགས་པ་བཞིན་དུ་འདྲེན་པ་ཡང་ཡོད་དེ། སྐབས་འདིར་ནི་གཞན་ལ་མི་བྱའི་རྡོ་རྗེ་སེམས་དཔའ་ཕྱག་ན་རྡོ་རྗེ་ལ་བྱའོ། །དེ་ནས་དཀྱིལ་འཁོར་བར་མའི་སྣམ་བུའི་ཐིག་བྲི་བའི་ཏིང་ངེ་འཛིན་བསྟན་པའི་ཕྱིར། །དེ་བཞིན་དུ་དཀྱིལ་འཁོར་གཉིས་པ་ལ་ཡང་ ཞེས་པ་ནས། སྙིང་པོ་ཉིད་ཀྱི་རང་གི་ངོ་བོར་བྱིན་གྱིས་བརླབས་ལ་ཞེས་པའི་བར་དུ་གསུངས་ཏེ། དེ་ལ་དཀྱིལ་འཁོར་སྣམ་བུ་བར་མའི་ནང་ན་ལོངས་སྤྱོད་རྫོགས་པའི་སྐུ་དང་སྤྲུལ་པའི་སྐུ་གཉིས་བཞུགས་པས་དཀྱིལ་འཁོར་དེའི་ཐིག་བྲི་བའི་ཚེའང་སྐུ་དེ་གཉིས་ཀྱི་རྒྱུའི་ཏིང་ངེ་འཛིན་ རྣམ་པ་བཞི་སློབ་དཔོན་བྱིན་གྱིས་བརླབས་ཏེ། སློབ་དཔོན་གྱིས་ཏིང་ངེ་འཛིན་དེ་རྣམས་དམིགས་ནས་བྱའོ་ཞེས་པའི་དོན་ཏོ། །དེ་ནས་གཟོད་མ་ནས་ཞི་བ་ནི་བྱང་ཆུབ་པའོ། །གཉིས་སུ་མེད་པའི་རྣལ་འབྱོར་གྱི་གཟུགས་ནི་སྤྱོད་པའོ། །དེ་བཞིན་གཤེགས་པའི་གཟུགས་ནི་ཀུན་དུ་ སངས་རྒྱས་པའོ། །སྙིང་པོ་ཉིད་ཀྱི་རང་གི་ངོ་བོ་ནི་མྱ་ངན་ལས་འདས་པའོ། །དེ་ནས་དེ་བཞིན་གཤེགས་པའི་གནས་པ་མངོན་དུ་བྱེད་ཅིང་ཞེས་པ་ནས། ལྷའི་གནས་བཤམ་པར་བྱའོ་ཞེས་པའི་བར་གྱིས་དེའི་རྒྱུད་ནས་བཤད་པ་གནས་གཏན་ལ་ཕབ་པ་ཡིན་ཏེ། ཕྱིས་ཀྱང་འཆད་དོ། ། དེ་ལ་སྣམ་བུ་གཅིག་ལས་ཀྱང་གསུམ་དུ་བགོས་ཏེ། སུམ་ཆ་ལ་འཁོར་ས་བྱ་ཞིང་སུམ་གཉིས་ལ་ལྷའི་གཟུགས་བྱའོ་ཞེས་པའི་དོན་ཏོ། །དེ་བཞིན་གཤེགས་པའི་གནས་པ་མངོན་དུ་བྱེད་ཅིང་སྲད་བུ་བྲེས་ལ་ཞེས་པས་དེ་ལྟར་ལྷའི་གནས་དང་འཁོར་ས་དགོད་པ་གྱ་ཚོམ་དུ་མི་བྱ་བར་ཐིག་ བཏབ་སྟེ་བྱ་བས་དེ་ཉིད་ཀྱི་ཚེ་ན་ཡང་དེ་བཞིན་གཤེགས་པའི་སྤྱོད་པ་སྟོང་པ་ཉིད་ལ་དམིགས་པར་བྱའོ་ཞེས་པའི་དོན་ཏོ། །དེ་ནས་དཀྱིལ་འཁོར་གྱི་ཚོན་རྩི་རྣམས་བྱིན་གྱིས་བརླབ་པའི་ཆོ་ག་བསྟན་པའི་ཕྱིར། དེ་ནས་ཡང་བདག་ཉིད་བཅོམ་ལྡན་འདས་རྣམ་པར་སྣང་མཛད་དུ་དེའི་ཕྱག་རྒྱས་བྱིན་ གྱིས་བརླབས་ལ་ཞེས་པ་ནས། བདུད་སྡེ་སྡང་བ་ཐམས་ཅད་ལ། །རྣམ་པ་ཀུན་དུ་བསྡིགས་པར་བྱེད། །ཅེས་པའི་བར་དུ་གསུངས་པ་ཡིན་ཏེ། དེ་ལ་བདག་ཉིད་བཅོམ་ལྡན་འདས་རྣམ་པར་སྣང་མཛད་དུ་དེའི་ཕྱག་རྒྱས་བྱིན་གྱིས་བརླབས་ལ་ཞེས་པ་ནི་ཚོན་རྣམས་བྱིན་གྱིས་རློབ་པའི་ཚེ་རྡོ་ རྗེའི་ཕྱག་རྒྱས་སློབ་དཔོན་ཉིད་རྣམ་པར་སྣང་མཛད་ཀྱི་སྐུར་བྱིན་གྱིས་རློབས་ཤིག་ཅེས་པ་སྟེ། རྡོ་རྗེ་ནི་ཡེ་ཤེས་ཀྱི་མཚན་མ་ཡིན་པས་ན་ཡེ་ཤེས་ལྔས་བྱིན་གྱིས་བརླབས་པའི་དོན་ཏོ། །ཚོན་རྣམས་བྱིན་གྱིས་བརླབ་པ་ཡང་ཀུན་རྫོབ་དང་དོན་དམ་པ་རྣམ་པ་གཉིས་ཏེ། དེ་ལ་དོན་དམ་པར་བྱིན་ གྱིས་བརླབ་པའི་ཕྱིར། ཆོས་ཀྱི་དབྱིངས་རྒྱ་ཆེན་པོར་བྱིན་གྱིས་བརླབས་ཏེ་ཞེས་གསུངས་པ་ཡིན་ཏེ། དེས་ནི་མཚོན་སྣ་ལྔ་པོ་རྣམས་ཆོས་ཀྱི་དབྱིངས་རྒྱ་ཆེན་པོ་སྟོང་པ་ཉིད་དུ་བྱིན་གྱིས་བརླབ་བོ་ཞེས་བསྟན་ཏོ། །ཐོག་མར་ཚོན་རྩི་དཀར་པོ་བླངས་ལ་ཞེས་པས་ནི་ཀུན་རྫོབ་ཀྱི་སྒོ་ནས་ཚོན་རེ་ རེ་ཞིང་ཡང་ལྷ་རེ་རེས་བྱིན་གྱིས་བརླབ་པར་གསུངས་པ་ཡིན་ཏེ། དེ་ལ་ཚོན་དཀར་པོ་ནི་ཆོས་ཀྱི་དབྱིངས་ཀྱིས་བྱིན་གྱིས་བརླབ་པར་གསུངས་པ་ལ། ཆོས་ཀྱི་དབྱིངས་དེའི་རང་བཞིན་དང་མཐུ་བསྟན་པའི་ཕྱིར། འདི་ནི་ཆོས་དབྱིངས་དག་པ་སྟེ། སེམས་ཅན་ཁམས་ནི་རྣམ་སྦྱོང་བ། ། འདི་ནི་བདག་ཉིད་དེ་བཞིན་གཤེགས། །ཉེས་པ་ཐམས་ཅད་རྣམ་པར་སྤངས། །ཞེས་གསུངས་པ་ཡིན་ནོ། །ཆོས་ཀྱི་དབྱིངས་ཀྱི་དོན་དེ་ལྟ་བུར་བསམས་ནས་དོན་དེ་ཡི་གེར་འབར་བ་ལ་སོགས་པའི་ཡོན་ཏན་བཤད་པ་དེ་ལྟ་བུས་བྱིན་གྱིས་བརླབ་པོ། །དེ་ནས་ཚོན་དམར་པོ་བྱིན་གྱིས་བརླབ་ པའི་ཕྱིར། དེ་ནས་ཚོན་རྩི་གཉིས་པ་ནི། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཡི་གེ་ཨའི་ས་བོན་གྱིས་བསྐྱེད་པའི་སངས་རྒྱས་ཐུབ་དཀས་བྱིན་གྱིས་བརླབ་པར་གསུངས་སོ། །དེ་ནས་ཚོན་སེར་པོ་ལ་ཡི་གེ་ཀའི་ས་བོན་གྱིས་བསྐྱེད་པའི། སངས་རྒྱས་གསེར་ཐུབ་ཀྱིས་བྱིན་གྱིས་བརླབ་ པའི་ཕྱིར། དེ་ནས་སྔགས་པས་ཚོན་གསུམ་པ། །ཞེས་པ་ལ་སོགས་པ་གསུངས་པ་ཡིན་ནོ། །ཚོན་ལྗང་གུ་ལ་སྙིང་པོ་བྱང་ཆུབ་ན་བཞུགས་པའི་སྐུས་བྱིན་གྱིས་བརླབ་པའི་ཕྱིར། དེ་ནས་མརྒད་འདྲ་བ་ཡི། །ཞེས་པ་ལ་སོགས་པ་གསུངས་པ་ཡིན་ཏེ། ཚོན་ལྗང་གུའི་ཁ་ དོག་ནི་ནོར་བུ་མརྒད་ཀྱི་ཁ་དོག་ལྟ་བུའོ། །ཚོན་ནག་པོ་ཁམས་གསུམ་རྣམ་པར་རྒྱལ་བས་བྱིན་གྱིས་བརླབ་པའི་ཕྱིར། དེ་ནས་ཚོན་རྩི་ནག་པོ་སྟེ། ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། དེ་ལ་ཡི་གེ་ཧས་བསྐྱེད་པའི་ཁྲོ་བོའི་གཟུགས་དེ་ཡང་ཅི་འདྲ་ཞེ་ན། འབར་བའི་ཕྲེང་བ་རྣམ་པར་ འཕྲོ། །དུས་མཐའི་མེ་ལྟར་མི་བཟད་པ། །ཞེས་པ་ལ་སོགས་པའོ། །དེ་ཡང་ཚོན་སྣ་ལྔ་རྣམས་ཡེ་ཤེས་ལྔའི་རང་བཞིན་དུ་བལྟ་སྟེ་དཀར་པོ་ནི་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ནོ། །དམར་པོ་ནི་སངས་རྒྱས་ཐུབ་དཀའི་རང་བཞིན་ཏེ་མེ་ལོང་ལྟ་བུའོ། །སེར་པོ་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་སོ། ། ལྗང་གུ་ནི་སོ་སོར་ཀུན་དུ་རྟོག་པའི་ཡེ་ཤེས་སོ། །ནག་པོ་ནི་བྱ་བ་སྒྲུབ་པའི་ཡེ་ཤེས་སོ། །དེ་དག་གི་རིམ་པ་བཤད་པ་ནི་དང་པོར་ཆོས་ཀྱི་དབྱིངས་ཉིད་དུ་འཇུག་ལ། སྟོང་པ་འབའ་ཞིག་ཏུ་དམིགས་པར་ཡང་མི་རུང་སྟེ་སྙིང་རྗེ་ཆེན་པོའི་དབང་གིས་སེམས་ཅན་ལ་དམིགས་ཤིང་ཆགས་པ་ བསྐྱེད་པའི་ཕྱིར་དེའི་འོག་ཏུ་ཚོན་དམར་པོ་དགྱེའོ། །སེམས་ཅན་གྱི་དོན་ལ་ཞུགས་པས་རྒྱས་པར་འགྱུར་ཏེ། དེ་བས་ན་དེའི་འོག་ཏུ་ཚོན་སེར་པོ་བྲིའོ། །རྒྱས་ཤིང་མཐུ་དང་ལྡན་པས་ན་ལས་ཐམས་ཅད་ནུས་པ་སྟེ། བདག་དང་གཞན་གྱི་དོན་ནུས་པས་དེའི་འོག་ཏུ་ཚོན་ལྗང་གུ་བྲིའོ། ། འཇམ་པོས་འདུལ་བ་ལ་ཡང་འཇམ་པོར་སྟོན། མ་རུངས་པ་རྣམས་ལ་ཡང་ཁྲོ་བོར་སྟོན་ཏེ་ཐབས་གཞན་གྱིས་མཐུ་མ་རུངས་པ་རྣམས་ལ་ཐབས་གཞན་མེད་ན་མཐར་དྲག་ཤུལ་གྱིས་གདུལ་བའི་ཕྱིར། ཐ་མར་ནག་པོ་གཞག་སྟེ་ཁྲོ་བོ་ལ་སོགས་ཏིང་ངེ་འཛིན་རྣམ་པར་སྤྲུལ་པ་ཞེས་གོང་དུ་ སྨོས་པ་དེ། དེ་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་དེའི་ཚེ་ཏིང་ངེ་འཛིན་དེ་ལས་བཞེངས་ནས་ཞེས་བྱ་བ་ལ་སོགས་པ་འདི་མན་ཆད་ཀྱིས་འཆད་དེ། ཏིང་ངེ་འཛིན་དེ་ལས་བཞེངས་ཞེས་པ་ནི་སྔར་ཏིང་ངེ་འཛིན་དུ་ཞུགས་པ་ལས་བཞེངས་ནས་རྒྱལ་བའི་ཏིང་ངེ་འཛིན་ལ་འཇུག་ པའོ། །མཐའ་ཡས་པས་རྣམ་པར་རྒྱལ་བ་ཞེས་པ་ནི་གྲངས་མེད་པའི་རྒོལ་བ་རྣམས་ཀྱིས་མི་ཚུགས་པས་ན་གྲངས་མེད་པ་ལས་རྒྱལ་བ་ཞེས་པའི་དོན་ཏོ། །ཐམས་ཅད་དུ་ཐོགས་པ་མེད་པའི་སྟོབས་ཞེས་བྱ་བའི་རིག་སྔགས་ཀྱི་རྒྱལ་མོ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡུལ་ལས་འབྱུང་བ་ འདི་འབྱུང་ངོ་ཞེས་པ་དེ་ལ་ཐམས་ཅད་དུ་ཐོགས་པ་མེད་པའི་སྟོབས་ཞེས་པ་ནི་ཀུན་རྫོབ་དང་དོན་དམ་པར་ཏེ། ཉོན་མོངས་པ་དང་ལྷའི་བུའི་བདུད་ལ་སོགས་པས་མི་ཚུགས་ཞེས་པའི་དོན་ཏོ། །རྣམ་པར་སྣང་མཛད་ཆེན་པོ་མངོན་པར་རྫོགས་པར་བྱང་ཆུབ་པ་རྣམ་པར་སྤྲུལ་པ་བྱིན་གྱིས་རློབ་པ་ ལས། ཡི་གེའི་འཁོར་ལོ་རིམ་པར་ཕྱེ་བ་རྒྱས་པའོ།། །།ད་ནི་ཕྱག་རྒྱའི་ལེའུ་བཤད་པར་བྱ་སྟེ། ཕྱག་རྒྱ་རྣམས་བཤད་པ་ཡང་སྤྱིར་འདུལ་བའི་འགྲོ་བ་ཟབ་ཅིང་རྒྱ་ཆེ་བ་རྣམས་མོས་པ་དང་དམིགས་པ་དེ་རྣམ་པ་གཉིས་སོ། །དེ་ལ་ཟབ་ཅིང་རྒྱ་ཆེ་བ་ལ་མོས་པའི་དོན་ཏོ། །འགྲོ་ བ་ནི་སྔགས་ཀྱི་ཚིག་རྣམས་བཤད་པས་སྔགས་ཚིག་དེ་བདག་གི་སྒྲའི་དེ་ཁོ་ན་ཉིད་ལ་དམིགས་ཤིང་བྱང་ཆུབ་ཀྱི་སེམས་ཀྱི་བསྒོམ་པ་སྔོན་དུ་འགྲོ་བའི་ལྷའི་གཟུགས་སུ་སྦྱོར་ཏེ་ལྷའི་གཟུགས་སྦྱོར་བ་དེ་ཡང་ཏིང་ངེ་འཛིན་དག་པ་དང་། རྣམ་པར་རྟོག་པ་གཞན་སྤངས་པ་དང་། ལྷའི་གཟུགས་ སུ་སྣང་བ་རྫོགས་པར་སྦྱོར་རོ། །དམིགས་པ་ཅན་གྱིས་གདུལ་བའི་འགྲོ་བ་ནི་སྔགས་ཀྱི་སྒྲའི་དེ་ཁོ་ན་ཉིད་ལ་དམིགས་པ་ལ་སོགས་པ་དེ་དག་མི་ནུས་ཏེ་ཕྱག་རྒྱ་ཙམ་བཅིངས་ནས་ལྷའི་གཟུགས་སུ་སྦྱོར་བར་བྱེད་པས་ན་དམིགས་པ་ཅན་གྱིས་གདུལ་བའི་འགྲོ་བ་དེ་དག་གི་ཕྱིར་བཅོམ་ ལྡན་འདས་ཀྱི་རྒྱུ་དང་འབྲས་བུའི་ཡོན་ཏན་རྣམས་ཕྱག་རྒྱའི་གཟུགས་སུ་བྱིན་གྱིས་བརློབ་པོ། །དེ་ལ་རལ་གྲི་དང་རྡོ་རྗེ་ལ་སོགས་པའི་ཕྱག་རྒྱ་ནི་ཡིད་ཀྱི་ཡོན་ཏན་ནོ། །དུང་གི་ཕྱག་རྒྱ་ལ་སོགས་པའི་ཕྱག་རྒྱ་ནི་གསུང་གི་ཡོན་ཏན་ནོ། །གཙུག་ཏོར་གྱི་ཕྱག་རྒྱ་ལ་སོགས་པའི་ཕྱག་རྒྱ་ནི་ སྐུའི་ཡོན་ཏན་ནོ། །ཇི་ལྟར་རིགས་པར་སྦྱར་བར་བྱའོ། །ཕྱག་རྒྱའི་ལེའུ་བཤད་པ་དེ་ཡང་། དེ་ནས་བཅོམ་ལྡན་འདས་ཀྱིས་ཐམས་ཅད་དང་ལྡན་པའི་འཁོར་འདུས་པ་ལ་གཟིགས་ནས། བྱང་ཆུབ་སེམས་དཔའ་གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །གསང་བ་བའི་ བདག་པོ་དེ་བཞིན་གཤེགས་པ་རྣམས་ལ་དེ་བཞིན་གཤེགས་པ་རྒྱན་དུ་གྱུར་པ། ཆོས་ཀྱི་དབྱིངས་རྟོགས་པའི་མཚན་མར་གྱུར་པའི་ཕྱག་རྒྱ་རིམ་པར་ཕྱེ་བ་རྒྱས་པ་ཞེས་བྱ་བ་ལ་སོགས་པ་སྟེ། དེ་ལ་དེ་བཞིན་གཤེགས་པའི་རྒྱན་དུ་གྱུར་པ་ཞེས་པའི་གཙུག་ཏོར་དང་། སྤྱན་གྱི་ཕྱག་རྒྱ་ལ་སོགས་པ་སྐུའི་རྒྱུན་དུ་གྱུར་པའི་ཕྱིར་རོ། །ཆོས་ཀྱི་དབྱིངས་རྟོགས་པའི་མཚན་མར་གྱུར་པ་ཞེས་པ་ནི་དེ་བཞིན་ཉིད་ཀྱི་ཡེ་ཤེས་ཏེ་དེ་རྟོགས་ཤིང་ཆུད་པར་བྱེད་པའི་མཚན་མར་རལ་གྲི་དང་རྡོ་རྗེ་ལ་སོགས་པའི་ཕྱག་རྒྱའོ། །གང་གིས་བརྒྱན་ན་བྱང་ཆུབ་སེམས་ དཔའ་རྣམས་ཞེས་པ་ནས། དེ་རྣམས་ཀྱང་དེ་དག་གི་ངག་ཉན་པར་འགྱུར་ཞེས་པའི་བར་གྱིས་ནི་ཕྱག་རྒྱ་དེ་རྣམས་བསྟན་པའི་དགོས་པ་བཤད་པ་སྟེ། བྱང་ཆུབ་སེམས་དཔའ་གང་དག་ཕྱག་རྒྱ་དེ་རྣམས་དང་ལྡན་ན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱང་ཆུབ་ཆེན་པོའི་ མཚན་མས་བཏབ་པས་དེ་དག་ལ་ལྷ་དང་མི་དང་ལྷ་མ་ཡིན་ལ་སོགས་པ་རྣམས་ཀྱིས་བརྫི་བར་མི་འགྱུར་ཞིང་ལྷ་དང་ལྷ་མ་ཡིན་ལ་སོགས་པ་དེ་རྣམས་ཀྱང་བྱང་ཆུབ་སེམས་དཔའ་དེ་དག་གི་ངག་ཉན་པར་འགྱུར་རོ། །ཇི་ལྟར་འཇིག་རྟེན་ན་རྒྱལ་བའི་ཕྱག་རྒྱ་འཆང་བའི་སྐྱེས་བུ་དེ་ལ་འཇིག་རྟེན་ པའི་མི་རྣམས་ཀྱང་བརྫི་བར་མི་བྱེད་ལ། འཇིག་རྟེན་པ་རྣམས་དེའི་ངག་ཀྱང་ཉན་པར་འགྱུར་བ་དང་འདྲ་སྟེ། མདོར་ན་ཕྱག་རྒྱ་འདི་རྣམས་བཤད་པས་གདུལ་བའི་འགྲོ་བ་རྣམས་ལ་མཐོང་བའི་ཆོས་དང་། ཚེ་ཕྱི་མ་ལ་ཕན་པར་འགྱུར་བར་བསྟན་ཏོ། །དེ་ནས་བཅོམ་ལྡན་འདས་ ཀྱིས་དེའི་ཚེ་སྟོབས་ཐོགས་པ་མེད་པར་གནས་བྱིན་གྱིས་རློབ་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ་ཞེས་པ་ནི་འོག་ནས་བྱུང་བའི་ཕྱག་རྒྱ་དེ་དག་ཉིད་སྟོབས་ཐོགས་པ་མེད་པའི་གནས་ཞེས་བྱ་སྟེ། བཅོམ་ལྡན་འདས་ཏིང་ངེ་འཛིན་དེ་ལ་སྙོམས་པར་ཞུགས་ནས་ཕྱག་རྒྱ་དེ་ དག་འཆད་པ་ན་ཏིང་ངེ་འཛིན་དེའི་མིང་སྟོབས་ཐོགས་པ་མེད་པའི་གནས་བྱིན་གྱིས་རློབ་པ་ཞེས་བྱ་བའོ། །དེ་ལ་ཐོགས་པ་མེད་པ་ཞེས་བྱ་བ་ནི་བཅོམ་ལྡན་འདས་ཀྱི་སྐུ་མི་ཟད་པ་ལ་སོགས་པའི་རྡོ་རྗེའི་རྒྱན་དེ་དག་ཅི་ལ་ཡང་ཐོགས་པ་མེད་པའོ། །སྟོབས་ཞེས་པ་ནི་དེ་ལྟར་ཐོགས་པ་མེད་པ་ ཉིད་སྟོབས་སུ་གྱུར་པའོ། །གནས་ཞེས་པ་ནི་བཅོམ་ལྡན་འདས་ཀྱི་སྐུ་ལ་བྱ་ལ། བྱིན་གྱིས་རློབ་པ་ཞེས་པ་ནི་བཅོམ་ལྡན་འདས་ཀྱི་སྐུ་མི་ཟད་པ་ལ་སོགས་པ་རྡོ་རྗེ་ཐོགས་པ་མེད་པའི་སྟོབས་སུ་གྱུར་པ་དེ་ཉིད་ཕྱག་རྒྱའི་ངོ་བོ་བྱིན་གྱིས་རློབ་པའོ། །བཅོམ་ལྡན་འདས་ཏིང་ངེ་འཛིན་དེ་ལ་ སྙོམས་པར་ཞུགས་མ་ཐག་ཏུ་རིག་སྔགས་ཀྱི་རྒྱལ་མོ་ཐམས་ཅད་དུ་ཐོགས་པ་མེད་པའི་སྟོབས་ཅན། མི་མཉམ་པ་དང་མཉམ་པའི་སྟོབས་ཅན། དམ་ཚིག་ལ་འཇུག་པར་བྱེད་པ་སྟོབས་གསུམ་དང་ལྡན་པ་བྱུང་ངོ་ཞེས་པ་ལ་སོགས་པ་མེད་པའི་སྟོབས་ཅན་ཞེས་པ་ནི་གོང་མ་བཞིན་ནོ། །མི་ མཉམ་པ་དང་མཉམ་པའི་སྟོབས་ཞེས་པ་ནི་ཐོགས་པ་མེད་པའི་སྟོབས་དེ་ཉིད་གང་དང་གང་མི་མཉམ་པའོ། །དམ་ཚིག་ལ་འཇུག་པར་བྱེད་པ་ཞེས་པ་ནི། དམ་ཚིག་གི་དོན་ནི་སྔར་བཤད་ཟིན་ལ། དམ་ཚིག་ལ་འཇུག་པ་ནི་སྐུ་མི་ཟད་པ་ལ་སོགས་པའི་རང་བཞིན་གྱི་དཀྱིལ་འཁོར་འོག་མའི་འགྲོ་ བ་རྣམས་ཀྱི་ལྟ་བའི་སྤྱོད་ཡུལ་དུ་མི་འགྱུར་བས་དེའི་བྱིན་རླབས་སུ་གྱུར་པ་དམ་ཚིག་གི་ཕྱག་རྒྱ་དང་སྔགས་འདི་བཅིངས་ཤིང་བརྗོད་པ་ན་རང་བཞིན་དཀྱིལ་འཁོར་དེ་མཐོང་བ་དང་འདྲ་བས་ན་འཇུག་པ་ཞེས་བྱའོ། །གཉིས་སུ་ན་སྲུང་བའི་དམ་ཚིག་རྣམས་ལས་ཉམས་པས་དམ་ཚིག་གི་ཕྱག་རྒྱ་ དང་སྔགས་འདི་བྱས་ན་དཀྱིལ་འཁོར་མཐོང་བ་དང་འདྲ་སྟེ། དེ་བྱས་པ་ཙམ་གྱིས་དམ་ཚིག་ལས་ཉམས་ངེས་སོ། །སླར་དམ་ཚིག་ཏུ་ཞུགས་པར་འགྱུར་བས་ན་དམ་ཚིག་ལ་འཇུག་པར་བྱེད་པ་ཞེས་བྱའོ། །གསུམ་དུ་ན་དཀྱིལ་འཁོར་དུ་འཇུག་པའི་ཚེ་དམ་ཚིག་གི་ཕྱག་རྒྱ་དང་ སྔགས་འདི་བྱས་ཏེ་འཇུག་པས་ན་དམ་ཚིག་ལ་འཇུག་པ་ཞེས་བྱའོ། །གསང་བ་པའི་བདག་པོ་རིག་སྔགས་ཀྱི་རྒྱལ་མོ་འདི་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཡང་དག་པར་སྟོན་པར་བྱེད་པ་ཞེས་པ་ནི་རིག་པ་ནི་བརྗོད་པས་སངས་རྒྱས་ཐམས་ཅད་ཀྱི་གནས་རང་བཞིན་གྱི་དཀྱིལ་ འཁོར་མཐོང་བ་དང་འདྲ་བས་ན་སངས་རྒྱས་ཐམས་ཅད་ཀྱི་ཡང་དག་པར་སྟོན་པར་བྱེད་པ་ཞེས་བྱའོ། །གཉིས་སུ་ན་གཟུགས་བརྙན་གྱི་དཀྱིལ་འཁོར་བྲིས་པ་ཡང་རིག་པ་འདི་བརྗོད་ནས་སྟོན་པའམ་རིག་པ་འདི་བརྗོད་ནས་སངས་རྒྱས་ཐམས་ཅད་ཀྱི་དཀྱིལ་འཁོར་དེ་མཐོང་བར་འགྱུར་ བས་ན་སངས་རྒྱས་ཀྱི་ས་དང་ཡང་དག་པར་སྟོན་པར་བྱེད་པ་ཞེས་བྱའོ། །ཆོས་གསུམ་གྱི་ལམ་གྱི་མཚམས་ལས་མི་འདའ་བར་བྱེད་པ་ཞེས་པ་ལ་ཆོས་གསུམ་ནི་དེ་བཞིན་གཤེགས་པའི་སྐུ་དང་གསུང་དང་རྡོ་རྗེའི་ཡིད་མི་ཟད་པའི་རྒྱན་ནམ་སྐུ་གསུམ་སྟེ་དེའི་ལམ་ནི་དམ་ ཚིག་སྲུང་བའི་བྱ་བ་ལ་སོགས་པ་སྟེ་ལམ་དེ་ལས་མི་འདའ་བའོ། །ས་དང་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་པ་ཡིན་ཏེ་ཞེས་པ་ནི་དམ་ཚིག་དེར་ཞུགས་ནས་བཅོམ་ལྡན་འདས་ལ་མཆོད་པ་ལ་སོགས་པ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་རིམ་གྱིས་རྫོགས་པར་བྱེད་པ་དང་། དེའི་མཐུས་ས་ལ་རིམ་གྱིས་འཕར་བར་འགྱུར་བས་ན་ས་དང་པོ་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་པའོ། །སངས་རྒྱས་ཀུན་གྱི་དམ་ཚིག་ནི། །ཕྱག་རྒྱ་འདི་ལ་རབ་ཏུ་གནས། །ཞེས་པ་ནི་དམ་ཚིག་གི་དོན་དམ་ཚིག་སྲུང་བ་ལས་མི་འདའ་བའམ། སྐུ་མི་ཟད་པ་ལ་སོགས་པ་ རྟོག་པར་བྱེད་པའམ། སྐུ་དེ་དག་ཡོངས་སུ་ཐོབ་པར་བྱེད་པ་དེ་དག་ཕྱག་རྒྱ་འདིའི་སྒོ་ནས་མཚོན་ཅིང་རྟོག་པར་བྱེད་པས་ན། ཕྱག་རྒྱ་འདི་ལ་རབ་ཏུ་གནས། །ཞེས་བྱའོ། །རྒྱ་འདི་ཕྱག་རྒྱ་ཆེན་པོ་སྟེ། །ཆོས་དབྱིངས་རྣམ་པར་སྦྱོང་བའོ། །ཞེས་པ་ནི་ཆོས་ཀྱི་དབྱིངས་ སྟོང་པ་ཉིད་ཕྱག་རྒྱ་འདིས་མཚོན་ཅིང་རྟོག་པར་འགྱུར་བས་ཆོས་ཀྱི་དབྱིངས་སྦྱོང་བ་ཞེས་བྱའོ། །ཕྱག་རྒྱ་དཔལ་དང་ལྡན་པ་ནི། །ཆོས་ཀྱི་འཁོར་ལོ་ཞེས་སུ་གྲགས། །འཇིག་རྟེན་མགོན་པོ་སྐྱོབ་རྣམས་ཀྱིས། །འཁོར་ལོ་རབ་ཏུ་འདིས་བསྐོར་རོ། །ཆོས་ཀྱི་དབྱིངས་སུ་ བྱིན་བརླབས་ནས། །ཆོས་ཀྱི་འཁོར་ལོ་བསྐོར་བའི་ཕྱིར། །རྡོ་རྗེ་སེམས་དཔར་བྱིན་བརླབས་ཏེ། །དཔལ་དང་ལྡན་པ་ཞེས་པ་ནི། །རྡོ་རྗེ་སེམས་དཔའ་ཉིད་ལ་དཔལ་རྡོ་རྗེ་སེམས་དཔའ་དེ་ལུང་གི་ཆོས་དང་རྟོགས་པའི་ཆོས་རྣམས་ཀྱི་འཁོར་ལོ་བསྐོར་བ་ཡིན་ལ། ཕྱག་རྒྱ་རྡོ་རྗེ་སེམས་དཔར་ བསྒྱུར་ན་བྱང་ཆུབ་སེམས་དཔའ་འཇིག་རྟེན་གྱི་མགོན་པོ་རྣམས་ཀྱང་ཆོས་ཀྱི་འཁོར་ལོ་བསྐོར་བར་བྱེད་དོ་ཞེས་པའོ། །སངས་རྒྱས་སྐྱོབ་པ་ཐམས་ཅད་ཀྱི། །ཕྱག་རྒྱ་ཆེན་པོ་རལ་གྲིའི་རྒྱ། །འདིས་ནི་ལྷན་ཅིག་སྐྱེས་པ་ཡི། །འཇིག་ཚོགས་ལྟ་བ་གཅོད་པར་བྱེད། །ཅེས་པ་ནི་རལ་ གྲིའི་ཕྱག་རྒྱ་ནི་ཆོས་དང་གང་ཟག་ལ་བདག་མེད་པར་རྟོག་པའི་ཡེ་ཤེས་ཀྱི་མཚན་མར་གྱུར་པ་སྟེ། ཡེ་ཤེས་འདིས་ནི་ལྷན་ཅིག་སྐྱེས་པའི་བདག་ཏུ་ལྟ་བ་རྣམས་གཅོད་དོ་ཞེས་པའོ། །ཕྱག་རྒྱ་དཔལ་དང་ལྡན་པ་འདི། །ཆོས་ཀྱི་དུང་ཞེས་རྣམ་པར་བསྒྲགས། །འདི་ནི་འཇིག་རྟེན་འདི་དག་ན། ། སངས་རྒྱས་བྱང་ཆུབ་སེམས་དཔའ་རྣམས། །ཞི་བ་མྱ་ངན་འདས་འགྲོ་བ། །རྡུལ་དང་བྲལ་བའི་ཆོས་འཆད་དོ། །ཞེས་པ་ནི་དུང་གི་ཕྱག་རྒྱ་སྟེ་སངས་རྒྱས་ཀྱི་གསུང་གི་མཚན་མར་གྱུར་པ་སྟེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་སངས་རྒྱས་ཀྱི་གསུང་འདིས་རྡུལ་དང་བྲལ་ བའི་ཆོས་རྣམས་མྱ་ངན་ལས་འདས་པ་ཞི་བ་ཐོབ་པར་བྱེད་པ་འཆད་དོ་ཞེས་པའོ། །པདྨ་དམ་པ་དཔལ་ལྡན་འདི། །སངས་རྒྱས་སྐྱོབ་པ་ཐམས་ཅད་ཀྱི། །མི་ཤིགས་རྡོ་རྗེའི་གདན་ཡིན་ཏེ། །དེར་ནི་འདྲེན་པ་འཚང་རྒྱ་ཞིང་། །རྒྱལ་བ་སྲས་བཅས་ཐམས་ཅད་ནི། །འདི་ལས་སྐྱེ་དང་བྱང་ཆུབ་ འགྱུར། །ཞེས་པ་ནི་པདྨའི་ཕྱག་རྒྱ་དེ། སངས་རྒྱས་རྣམས་ཀྱི་གདན་ཡིན་ཏེ། །མགོན་པོ་སངས་རྒྱས་རྣམས་གང་དུ་བྱང་ཆུབ་པ་ན་ཡང་གདན་འདི་ལ་བཞུགས་ཏེ་བྱང་ཆུབ་ལ། སངས་རྒྱས་ཀྱི་སྲས་བྱང་ཆུབ་སེམས་དཔའ་རྣམས་ཀྱང་པདྨོ་འདི་ལས་སྐྱེས་ཞེས་པའོ། །ཕྱག་རྒྱ་ཆེན་པོ་རྡོ་རྗེའི་ རྒྱ། །མི་ཤེས་གྲོང་ཁྱེར་འཇིག་པ་སྟེ། །སངས་རྒྱས་རྣམས་ཀྱི་ཡེ་ཤེས་འདི། །ཉིད་ཀྱིས་བྱིན་གྱིས་བརླབས་ཏེ་བསྟན། །ཞེས་པ་ནི་བཅོམ་ལྡན་འདས་ཀྱི་དེ་མ་ཐག་པའི་ལམ་གྱི་ཡེ་ཤེས་དེ་རྡོ་རྗེའི་ཕྱག་རྒྱར་བྱིན་གྱིས་བརླབས་པ་སྟེ། མི་ཤེས་པའི་གྲོང་ཁྱེར་འཇིག་པ་ནི་ཡེ་ཤེས་དེས་སེམས་ལས་ བྱུང་བའི་འཁོར་དང་བཅས་པའི་མ་རིག་པ་རྣམས་འཇོམས་ཞེས་པའོ། །གཙུག་ཏོར་ཕྱག་རྒྱ་ཆེན་པོ་སྟེ། །གཙུག་ཏོར་ཞེས་ནི་བསྒྲགས་པ་ཡིན། །འདི་ནི་བཅིངས་པ་ཙམ་གྱིས་ཀྱང་། །རྒྱལ་བ་མཆོག་ཏུ་འགྱུར་བ་ཡིན། །ཞེས་པ་ནི་བཅོམ་ལྡན་འདས་ཀྱི་སྐྱེས་བུ་ཆེན་པོའི་མཚན་ གཙུག་ཏོར་དེ་ཕྱག་རྒྱར་བྱིན་གྱིས་བརླབས་པ་སྟེ། འདི་ནི་བཅིངས་པ་ཙམ་གྱིས་ཀྱང་། །རྒྱལ་བ་མཆོག་ཏུ་འགྱུར་བ་ཡིན། །ཞེས་པ་ནི་ཕྱག་རྒྱ་ལ་ནི་མང་པོ་བསྡུས་པ་ལས་ལྷའི་གཟུགས་སུ་འགྱུར་ལ་གཅིག་པུས་ལྷའི་གཟུགས་སུ་གྱུར་པ་ནི་གཙུག་ཏོར་གྱི་ཕྱག་རྒྱ་སྟེ་འདི་གཅིག་པུས་ བཅིངས་པས་ཀྱང་སངས་རྒྱས་ཀྱི་སྐུར་བསྒྱུར་དུ་རུང་ཞེས་པའོ། །རྒྱལ་བ་དམ་པས་ཕྱག་རྒྱ་འདི། །མཛོད་སྤུ་ཞེས་ནི་རབ་ཏུ་བསྒྲགས། །འདི་ནི་བཅིངས་པ་ཙམ་གྱིས་སུ། །རྒྱལ་བ་མཆོག་ཏུ་འགྱུར་བ་ཡིན། །ཞེས་པ་བཅོམ་ལྡན་འདས་ཀྱི་སྐྱེས་བུ་ཆེན་པོའི་མཚན་སྨིན་མཚམས་ ནས་མཛོད་སྤུ་ཞེས་བྱ་བ་སྤུའི་ཉག་མ་གཅིག་གིས་བརྐྱང་ན་ནི་ཁམས་གསུམ་ཐམས་ཅད་དུ་ཡང་ཁྱབ་པར་འགྱུར་ལ་བསྐྱིལ་ན་དེ་ཉིད་དུ་ཟད་པ་དེ་ཕྱག་རྒྱ་འདིར་བྱིན་གྱིས་བརླབས་པ་སྟེ། འདི་འབའ་ཞིག་བཅིངས་པས་ཀྱང་སངས་རྒྱས་ཀྱི་སྐུར་བསྒྱུར་དུ་རུང་ཞེས་པའོ། །ལྷུང་བཟེད་ཀྱི་ཕྱག་རྒྱ་ ནི་ཚིགས་སུ་བཅད་པ་ཉིད་ཀྱིས་གསལ་བར་གསུངས་སོ། །སེམས་ཅན་ཀུན་ལ་མི་འཇིགས་པ། །དེ་ཡིས་རབ་ཏུ་སྦྱིན་པར་འགྱུར། །གང་གི་རྒྱ་ཆེན་དེ་བཅིངས་ན། །མི་འཇིགས་ཕྱག་རྒྱ་ཞེས་བསྒྲགས་སོ། །ཞེས་པ་ནི་མི་འཇིགས་པ་སྦྱིན་པའི་ཕྱག་རྒྱ་སྟེ། བདག་གམ་སེམས་ཅན་ རྣམས་བགེགས་ལ་སོགས་པས་སྐྲག་ཅིང་འཇིགས་པར་གྱུར་ན་ཕྱག་རྒྱ་བཅིངས་ཏེ་བསྟན་པས་དེ་ལས་ཐར་བར་འགྱུར་ཞེས་པའོ། །འདི་ནི་དམ་པ་བྱིན་རྒྱ་ཞེས། །འཇིག་རྟེན་མགོན་པོ་རྣམས་ཀྱི་སྒྲ། །འདི་ནི་བཅིངས་པ་ཙམ་གྱིས་སུ། །རྒྱལ་མཆོག་དམ་པ་སྩོལ་བར་བྱེད། །ཅེས་པ་ནི་བཅོམ་ ལྡན་འདས་ཀྱིས་སེམས་ཅན་རྣམས་ལ་མཆོག་སྦྱིན་པའི་ཕྱག་རྒྱ་སྟེ་ནམ་གྲུབ་པ་ལ་སོགས་པའི་མཆོག་འདོད་ན་མཆོག་སྦྱིན་པའི་ཕྱག་རྒྱ་འདི་བཅིངས་ནས་མནོད་དོ། །ཕྱག་རྒྱ་ཆེན་པོ་རྒྱ་ཆེན་འདིས། །སངས་རྒྱས་སྐྱོབ་པ་ཐམས་ཅད་ཀྱིས། །བདུད་ནི་རྣམ་པར་བསྡིགས་ཞེས་བྱ། །ཕུང་ བྱེད་ཐམས་ཅད་འཇིགས་པར་བྱེད། །འདི་ནི་བཅིངས་པ་ཙམ་གྱིས་སུ། །བདུད་སྡེ་ཤིན་ཏུ་མི་བཟད་དང་། །གེགས་དང་ལོག་འདྲེན་གཞན་དག་ཀྱང་། །ཐེ་ཚོམ་མེད་པར་རབ་ཏུ་འབྱེར། །ཞེས་པ་ནི་གེགས་རྣམ་པར་བསྐྲད་པའི་ཕྱག་རྒྱ་སྟེ་བཅིངས་པ་ཙམ་གྱིས་གེགས་ལ་སོགས་པ་ཐམས་ ཅད་རྣམ་པར་སྐྲག་ནས་སོ་སོར་འབྱེར་བར་འགྱུར་ཏེ། དེ་ལྟར་གེགས་རྣམས་སོ་སོར་བྱེར་ན་གེགས་མེད་པས་ཇི་ལྟར་བསམས་པའི་དོན་གྲུབ་པར་འགྱུར་བས་ན་རེ་བ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པའོ། །འདི་ནི་སངས་རྒྱས་མགོན་རྣམས་ཀྱི། །ཐུགས་རྗེ་ལས་བྱུང་སྤྱན་ཡིན་ཏེ། ། མིག་གི་སྟེང་དུ་མཁས་པས་བཞག །དེ་ལས་སངས་རྒྱས་སྤྱན་དུ་འགྱུར། །ཞེས་པ་སངས་རྒྱས་བཅོམ་ལྡན་འདས་ཀྱི་སྙིང་རྗེ་ཆེན་པོའི་དབང་གིས་ཤེས་རབ་ཀྱི་སྤྱན་སེམས་ཅན་ཐམས་ཅད་ལ་གཟིགས་པ་ནི་སྙིང་རྗེ་ལས་བྱུང་བའི་སྤྱན་ཞེས་བྱ་སྟེ། སྤྱན་དེ་ཕྱག་རྒྱ་འདིར་བྱིན་གྱིས་བརླབས་པས་ན་ ཕྱག་རྒྱ་འདི་བཅིངས་ཏེ་མིག་ཏུ་གཞག་ན་བདག་སངས་རྒྱས་ཀྱི་སྐུར་བསྒྱུར་བའི་ཚེ་སངས་རྒྱས་ཀྱི་སྤྱན་དུ་འགྱུར་རོ། །འདི་ནི་ཞགས་པ་མཆོག་ཅེས་གྲགས། །སྡང་བ་ཐམས་ཅད་འཇིག་པར་བྱེད། །སྔགས་པས་འདི་བཅིངས་དེ་ཡི་ཚེ། །རྟག་ཏུ་སྡང་བ་བཅིངས་པར་འགྱུར། །ཞེས་པ་ནི་འཕགས་ པའི་ལམ་གྱི་ཡན་ལག་བརྒྱད་ཀྱི་རང་བཞིན་གྱི་ཡེ་ཤེས་སེམས་ཅན་ཐམས་ཅད་འདོན་པར་བྱེད་པ་ཞགས་པའི་ཕྱག་རྒྱར་བྱིན་གྱིས་བརླབས་ཏེ། ཞགས་པའི་ཕྱག་རྒྱ་འདི་བཅིངས་པས་བགེགས་ལ་སོགས་པའི་གནོད་པ་རྣམས་འཆིང་བའི་ལས་བྱེད་དོ་ཞེས་པའོ། །སངས་རྒྱས་སྐྱོབ་པ་ ཐམས་ཅད་ཀྱི། །ལྕགས་ཀྱུ་ཞེས་ནི་འདི་བཤད་དེ། །བྱང་ཆུབ་སེམས་དཔའ་བདག་ཉིད་ཆེ། །ས་བཅུ་དག་ལ་གནས་པ་དང་། །སྡང་བར་སེམས་པ་གཞན་དག་ཀྱང་། །སངས་རྒྱས་རབ་ཏུ་འགུགས་པར་བྱེད། །ཅེས་པ་ནི་དེ་བཞིན་གཤེགས་པའི་རྒྱུ་དང་འབྲས་བུའི་སྤྱོད་པ་རྣམས་ ལས་རྒྱུའི་ཚེ་ན་བསྡུ་བ་རྣམ་པ་བཞིས་སེམས་ཅན་རྣམས་སྡུད་ཅིང་འདྲེན་པ་དང་། འབྲས་བུའི་ཚེ་སྐུ་མི་ཟད་པ་ལ་སོགས་པའི་རྡོ་རྗེའི་རྒྱན་གྱིས་སེམས་ཅན་རྣམས་སྡུད་ཅིང་འདྲེན་པའི་སྤྱོད་པ་དེ་དག་ཉིད་ལྕགས་ཀྱུས་ཕྱག་རྒྱར་བྱིན་གྱིས་བརླབས་པ་སྟེ། ལྕགས་ཀྱུས་ཀྱང་བགེགས་ལ་སོགས་ པ་གནོད་པར་བྱེད་པ་རྣམས་དང་བྱང་ཆུབ་སེམས་དཔའ་ས་བཅུ་ལ་གནས་པ་ཡང་སྟེ་ཐམས་ཅད་འདྲེན་པར་བྱེད་དེ་བྱང་ཆུབ་སེམས་དཔའ་ས་བཅུ་ལ་གནས་པ་ཡང་འགུགས་ན་གཞན་ལྟ་སྨོས་ཀྱང་ཅི་དགོས་ཞེས་པའོ། །དེ་བཞིན་གཤེགས་པའི་ལྟེ་བའི་ཕྱག་རྒྱ་ལ་ཕྱག་རྒྱ་དེ་ཉིད་ལས་ཞེས་པ་ནི་ ལྕགས་ཀྱུའི་ཕྱག་རྒྱ་ལ་སྙེགས་ཏེ་ལྕགས་ཀྱུའི་ཕྱག་རྒྱ་ལས་སྲིན་ལག་གཉིས་བསྒྲེང་པར་ཤེས་པར་བྱའོ། །དེ་བཞིན་གཤེགས་པའི་རྡོ་རྗེའི་ཕྱག་རྒྱ་ནི་མངོན་པར་བྱང་ཆུབ་པ་དང་སྦྱར་རོ། །ལྕགས་ཀྱུའི་ཕྱག་རྒྱ་ནི་སྤྱོད་པ་དང་སྦྱར་རོ། །དེ་བཞིན་གཤེགས་པའི་ཐུགས་ཀྱི་ཕྱག་རྒྱ་དང་སྟོབས་བཅུའི་ཕྱག་ རྒྱ་ནི་ཀུན་དུ་སངས་རྒྱས་པ་དང་སྦྱར་རོ། །ཆོས་ཐམས་ཅད་མཉམ་པ་ཉིད་དུ་རྟོག་པར་བྱེད་པའི་ཕྱག་རྒྱ་ནི་མྱ་ངན་ལས་འདས་པ་དང་སྦྱར་རོ། །དེ་ལ་སྔགས་ཀྱང་། ནམཿས་མནྟ་པུདྡྷཱ་ནཱཾ། ཞེས་པ་ནི་ཀུན་དུ་སངས་རྒྱས་པ་དང་སྦྱར་རོ། །ནམཿས་མནྟ་བཛྲཱ་ཎཱཾ་ཞེས་པ་ནི་བྱང་ཆུབ་ དང་སྦྱོར་རོ། །ནམཿསརྦ་ཏ་ཐཱ་ག་ཏེ་བྷྱཿཞེས་པ་ནི་དེ་བཞིན་གཤེགས་པ་དང་སྦྱར་རོ། །དེ་ལ་སྔགས་དང་ཕྱག་རྒྱ་རྣམས་བསྟན་པ་ཡང་སྤྱིར་བསྟན་པ་དང་སོ་སོར་བསྟན་པ་དེ། དེ་ལ་སོ་སོར་བསྟན་པ་ཡང་རྣམ་པ་གཉིས་ཏེ་དངོས་སུ་བསྟན་པ་དང་། གཞན་དུ་སྙེག་པའོ། །དེ་ལ་དངོས་སུ་བསྟན་ པ་ནི་གོང་དུ་མིང་སྨོས་པ་རྣམས་སོ། །གཞན་དུ་སྙེག་པ་ནི་དེ་ལྟ་བུ་ལ་སོགས་པ་ཞེས་པ་སྟེ། རྒྱུད་གཞན་དུ་སྙེག་པའོ། །སྤྱིར་བསྟན་པ་ནི་གསང་བ་པའི་བདག་པོ་འོན་ཀྱང་ཇི་ཙམ་དུ་ཡན་ལག་བསྐྱོད་པ་དེ་དག་ཀུན་ཕྱག་རྒྱ་རྒྱས་པར་རིག་པར་བྱའོ། །ཇི་ཙམ་དུ་ལྕེ་བསྐྱོད་པ་དེ་དག་ཀུན་ཀྱང་ གསང་སྔགས་བསྟན་པ་རིག་པར་བྱའོ་ཞེས་པ་སྟེ། དེ་ཡང་ཇི་ལྟ་བུར་གནས་ནས་ཤེ་ན། །བྱང་ཆུབ་ཀྱི་སེམས་དང་ལྡན་པའི་ཡིད་ཀྱིས་དེ་བཞིན་གཤེགས་པའི་ས་ལ་གནས་ཏེ་དཀྱིལ་འཁོར་བྲི་བར་བྱའོ་ཞེས་པ་སྟེ། ནམ་སྔགས་པ་བྱང་ཆུབ་ཀྱི་སེམས་དང་ལྡན་པའི་ཡིད་དང་། དེ་ བཞིན་གཤེགས་པའི་ས་ལ་གནས་པར་གྱུར་ན་ཇི་ཙམ་དུ་ཡན་ལག་ལ་སོགས་པ་བསྐྱོད་པ་དེ་ཙམ་དུ་ཕྱག་རྒྱར་འགྱུར་ཇི་ཙམ་དུ་ལྕེ་བསྐྱོད་པ་དེ་ཙམ་དུ་སྔགས་སྤྱོད་པར་འགྱུར་རོ་ཞེས་པ་དང་སྦྱར་ཏེ། བྱང་ཆུབ་ཀྱི་སེམས་དང་ལྡན་པའི་ཡིད་ཅེས་པ་ནི་སྟོང་པ་ཉིད་ལ་དམིགས་པའི་ སེམས་དང་ལྡན་པ་ཞེས་བྱའོ། །དེ་བཞིན་གཤེགས་པའི་ས་ལ་གནས་ཞེས་པ་ནི་ཀུན་རྫོབ་དང་དོན་དམ་པ་རྣམ་པ་གཉིས་ཏེ། ཀུན་རྫོབ་ཏུ་དེ་བཞིན་གཤེགས་པའི་ས་ལ་གནས་པ་ནི་ལྷའི་གཟུགས་སུ་སྦྱར་བའོ། །དོན་དམ་པ་ནི་སྟོང་པ་ཉིད་ཀྱི་རང་བཞིན་གྱི་ལྷར་སྦྱར་བ་ སྟེ། དེ་ལྟར་ཡང་བྱང་ཆུབ་ཀྱི་སེམས་དང་ལྡན་ཞིང་ཀུན་རྫོབ་དང་དོན་དམ་པའི་མཚན་ཉིད་ལྷའི་གཟུགས་སུ་སྦྱར་བ་མ་ཡིན་པར་སྔགས་དང་ཕྱག་རྒྱ་བྱ་བའམ། དཀྱིལ་འཁོར་བྲིས་ན་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སྲུང་བར་མི་འགྱུར་རོ་ཞེས་དངོས་སུ་ གསུངས་སོ། །རྣམ་པར་སྣང་མཛད་ཆེན་པོ་མངོན་པར་རྫོགས་པར་བྱང་ཆུབ་པ་རྣམ་པར་སྤྲུལ་པ་བྱིན་གྱིས་རློབ་པ་ལས། ཕྱག་རྒྱའི་རིམ་པར་ཕྱེ་བ་རྒྱས་པའོ།། །།ད་ནི་སྔགས་ཀྱི་ལེའུ་བཤད་པ་ལ་སོགས་པས་སྔགས་ཀྱི་ཚིག་དང་། ཡི་གེའི་འབྲུ་ལས་ཏིང་ངེ་འཛིན་གྱི་སྒོར་ འགྱུར་བ་ལ་སོགས་པ་དང་། ཡི་གེ་ཀ་ལ་སོགས་པ་སུམ་ཅུ་རྩ་གཉིས་རྣམས་ཨ་ལ་སོགས་པ་བཅུ་དྲུག་དང་ལྡན་པར་འགྱུར་བ་བསྟན་ཏེ། དེ་ལ་ཡི་གེ་ཀ་ལ་སོགས་པ་སུམ་ཅུ་རྩ་གཉིས་པོ་རྣམས་ནི་ཡི་གེ་ཨ་དང་མི་སྨྲ་སྟེ། དེ་ཐམས་ཅད་ཀྱང་ཨ་དང་ལྡན་པར་ཤེས་པར་ བྱའོ། །དེ་ཡང་གསང་བ་པའི་བདག་པོ་ཐམས་ཅད་དུ་འཇུག་པའི་ཆོས་ཀྱི་སྒོ་ཆོས་ཀྱི་རྣམ་གྲངས་ཉོན་ཅིག་ཅེས་པ་ལ་སོགས་པ་སྟེ། ཐམས་ཅད་དུ་འཇུག་པའི་སྒོ་ཞེས་པ་ནི་ཨ་དང་ལྡན་པའི་ཡི་གེ་རྣམས་སྔགས་ལ་སྦྱར་བ་དང་། ཏིང་ངེ་འཛིན་ལ་སོགས་པ་ཐམས་ཅད་དུ་ཁྱབ་པར་ འཇུག་པའི་སྒོའོ་ཞེས་པའོ། །དེ་བས་ན་གསང་བའི་བདག་པོ་དེ་ལ་བྱང་ཆུབ་སེམས་དཔས་ཨ་ཞེས་བྱ་བ་ལ་གནས་ཏེ། དགོས་པ་ཐམས་ཅད་བསྒྲུབ་པར་བྱའོ་ཞེས་གསུངས་པ་ཡིན་ནོ། །དང་པོ་ཨ་དང་ས་དང་བ་སྟེ་གསུམ་སྨོས་པ་ནི་རིགས་གསུམ་སྨོས་པའོ། །དེ་དང་པོར་ཡི་གེ་ཨ་ ཐ་མལ་པར་སྨོས་ནས་ཀ་ལ་སོགས་པ་སུམ་ཅུ་རྩ་གཉིས་པ་མ་སྨོས་པ་ནི་ཀ་ལ་སོགས་པ་རྣམ་པ་ཐམས་ཅད་ཀྱང་ཐ་མལ་པའི་རང་བཞིན་དུ་ཤེས་པར་བྱ་སྟེ། དེ་དག་ཐམས་ཅད་བྱང་ཆུབ་ཀྱི་རང་བཞིན་དུ་བསྟན་པའོ། །ཡི་གེ་ཨ་འདྲེན་པ་ཐོག་མར་སྨོས་ནས་ཀ་ལ་སོགས་པ་ཐམས་ཅད་ ཀྱང་རིང་པོར་སྨོས་པ་རྣམས་ནི་དེ་དག་ཐམས་ཅད་སྤྱོད་པའི་རང་བཞིན་དུ་ཤེས་པར་བྱའོ། །ཡི་གེ་ཨཾ་ཐོག་མར་སྨོས་ནས་ཀཾ་ཞེས་པ་ལ་སོགས་པ་སུམ་ཅུ་རྩ་གཉིས་སྨོས་པ་ཐམས་ཅད་ཀྱང་ཨཾ་དང་ལྡན་པས་ཀུན་དུ་སངས་རྒྱས་པའི་རང་བཞིན་དུ་ཤེས་པར་བྱའོ། །ཡི་གེ་ཨ་ཆོ་ག་གཉིས་དང་ ལྡན་པ་ཐོག་མར་སྨོས་ན་ཀ་ལ་སོགས་པ་ཐམས་ཅད་ཨ་ཚེག་གཉིས་དང་ལྡན་པ་ནི་ཐམས་ཅད་ཀྱང་མྱ་ངན་ལས་འདས་པའི་རང་བཞིན་དུ་ཤེས་པར་བྱའོ། །ཀ་ལ་སོགས་པའི་ཡི་གེ་སུམ་ཅུ་རྩ་གཉིས་པོ་དེ་རྣམས་ཨི་ལ་སོགས་པ་དང་ལྡན་པ་ན་ཡང་ཏིང་ངེ་འཛིན་དེ་དག་ཉིད་ཀྱི་སྒོ་སྟོན་པའི་ རང་བཞིན་དུ་ཤེས་པར་བྱའོ། །དེ་ལ་རྀ་རཱྀ་དང་ལྀ་ལཱྀ་གཉིས་མ་སྨོས་པ་ནི་གོང་དུ་ཡི་གེ་ར་དང་ཨི་ལ་སོགས་པར་ལྡན་པ་རྀ་རཱྀ་ཞེས་པའི་ཁོངས་སུ་འདུས་ལ། ལ་དང་ཨི་ལ་སོགས་པར་ལྡན་པ་ལྀ་ལཱྀ་ཞེས་པ་དེའི་ཁོངས་སུ་འདུས་པར་ཤེས་པར་བྱའོ། །གསང་བ་པའི་བདག་པོ་དེ་ ལྟར་ན་འདི་ནི་ཡི་གེའི་ཚུལ་ལ་མཁས་པའི་ཆོས་ཀྱི་རྣམ་གྲངས་ཏེ་ཞེས་པ་ནས་གསང་བ་པའི་བདག་པོ་ངས་ནི་སངས་རྒྱས་ཀྱི་ཞིང་རབ་འབྱམས་གང་དག་ན་དེ་བཞིན་གཤེགས་པ་རྣམས་ཐམས་ཅད་དུ་འདུག་པའི་ཆོས་ཀྱི་རྣམ་གྲངས་འདི་མི་འཆད་པ་མཐོང་ངོ་ཞེས་པའི་བར་ནི་བཤད་པའི་ཡི་གེ་ རྣམས་ཀྱི་རྗེས་སུ་བསྔགས་པ་བཤད་པ་སྟེ། རང་བཞིན་ཕུན་སུམ་ཚོགས་པ་དང་། ལུས་ཕུན་སུམ་ཚོགས་པ་དང་། བྱིན་རླབས་ཕུན་སུམ་ཚོགས་པ་དང་། མཐུ་ཕུན་སུམ་ཚོགས་པ་བསྟན་པའོ། །དེ་ལྷ་རང་བཞིན་ཕུན་སུམ་ཚོགས་པ་ནི་ཡི་གེའི་རང་བཞིན་རྣམས་སོ་སོར་བསྟན་ པ་སྟེ་ཡི་གེའི་ཚུལ་ལ་མཁས་པའི་ཆོས་ཀྱི་རྣམ་གྲངས་ཏེ་ཞེས་པའི་ཚིག་གིས་སོ། །ལུས་ཕུན་སུམ་ཚོགས་པ་ནི་གསང་སྔགས་ཀྱི་ཚུལ་ལ་མཁས་པའི་ཆོ་ག་ཞེས་པའི་ཚིག་གོ། །བྱིན་རླབས་ཕུན་སུམ་ཚོགས་པ་ནི་ནམ་ཡི་གེའི་སྔགས་རྣམས་ཀྱི་སྒྲར་བརྗོད་དམ། ཏིང་ངེ་འཛིན་བསྒོམ་ པའམ། ལྷའི་གཟུགས་སུ་སྦྱོར་བས་ན་དེ་བཞིན་གཤེགས་པ་རྣམས་ཀྱིས་བྱིན་གྱིས་རློབ་པ་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱིན་གྱི་རླབས་ཀྱིས་བྱིན་དུ་བརླབས་པ་ཞེས་པ་ལ་སོགས་པའི་ཚིག་གིས་སོ། །མཐུ་ཕུན་སུམ་ཚོགས་པ་ནི་འདས་པ་དང་། ད་ལྟར་དང་། མ་ འོངས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཀྱང་བཤད་ཅེས་པ་ནས། ཆོས་ཀྱི་རྣམ་གྲངས་འདི་མི་ཆད་པ་མ་མཐོང་ངོ་ཞེས་པའི་བར་གྱི་ཚིག་གིས་སོ། །བྱིན་གྱི་རླབས་ཕུན་སུམ་ཚོགས་པ་ལ་ལས་རྣམ་པ་བཞི་སྟེ། སྔགས་རྣམས་སུ་སྦྱོར་བ་དང་། ལྷའི་གཟུགས་སུ་སྦྱོར་བ་ དང་། ཏིང་ངེ་འཛིན་དུ་སྦྱོར་བ་དང་སྤྱོད་པའོ། །དེ་ལ་སྔགས་རྣམས་སུ་སྦྱོར་བ་ནི་ཡི་གེའི་འབྲུ་དེ་རྣམས་ལས་སྔགས་ཀྱི་ཚིག་གི་ཚུལ་དུ་སྦྱར་བ་སྟེ། གསང་སྔགས་ཀྱི་ཚུལ་ལ་མཁས་པའི་ཆོ་ག་ཞེས་པའི་ཚིག་སྔ་མ་ཉིད་ཀྱིས་སོ། །ལྷའི་གཟུགས་སུ་སྦྱོར་བ་ནི་ཡི་གེ་རྣམས་ གང་རུང་བ་ལས་ལྷའི་གཟུགས་སུ་སྦྱོར་བ་སྟེ། ལྷ་ཡོངས་སུ་གཟུང་བའི་ཆོ་ག་ཞེས་པའི་ཚིག་གིས་སོ། །ཏིང་ངེ་འཛིན་དུ་སྦྱོར་བ་ནི་ཡི་གེ་འབྲུ་དེ་རྣམས་ལ་སྟོང་པ་ཉིད་ཀྱི་རང་བཞིན་ཆོས་ཀྱི་སྐུར་སྦྱོར་བ་སྟེ། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཚུལ་ལ་མཁས་པ་ཞེས་པའི་ཚིག་གིས་ སོ། །སྤྱོད་པ་ཞི་བ་དང་རྒྱས་པ་ལ་སོགས་པའི་ལས་དང་རབ་འབྲིང་ལ་སོགས་པའི་དངོས་གྲུབ་བསྒྲུབ་པའི་སྤྱོད་པ་སྟེ། བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པའི་རོལ་མོ་སྟེ་ཞེས་པའི་ཚིག་གིས་སོ། །ཀ་དང་ཙ་དང་ཊ་དང་ཏ་དང་པ་རྣམས་ཐོག་མ་དང་ཐ་མ་དང་དབུས་དང་ལྡན་ཞིང་ ཏིང་ངེ་འཛིན་གྱི་ཚོགས་འཇུག་པས་བྱང་ཆུབ་དང་སྤྱོད་པ་དང་ཡང་དག་པར་རྫོགས་པའི་སངས་རྒྱས་དང་། མྱ་ངན་ལས་འདས་པ་དང་བཅས་པར་ཐོབ་པར་བྱེད་དོ་ཞེས་པ་ནི་ཡི་གེ་ཀ་ལ་སོགས་པ་སུམ་ཅུ་རྩ་གཉིས་པོ་དེ་རྣམས་དང་། དང་པོའི་ཨ་ཨཱ་ཞེས་པ་གཉིས་དང་། ཐ་མའི་ ཨཾ་ཨ་ཞེས་པ་གཉིས་དང་། དབུས་ཀྱི་ཨི་ལ་སོགས་པ་རྣམས་དང་ལྡན་པར་སྦྱར་ན་བྱང་ཆུབ་དང་སྤྱོད་པ་དང་། ཀུན་དུ་སངས་རྒྱས་པ་དང་། མྱ་ངན་ལས་འདས་པའི་སྒོ་སྟོན་པའི་རང་བཞིན་ཡིན་པས་དེ་རྣམས་དང་ལྡན་པར་ཏིང་ངེ་འཛིན་དུ་སྦྱར་ན་བྱང་ཆུབ་ལ་སོགས་པ་ཐོབ་པར་འགྱུར་ རོ་ཞེས་པའོ། །དེ་བཞིན་དུ་དེ་བས་ན་གསང་སྔགས་ཀྱི་ཆོ་ག་དང་པོ་ལ་སོགས་པའི་ཐ་སྙད་དང་ལྡན་པར་གྱུར་པ་དེ་དག་ཉིད་ཐོག་མ་དང་ཐ་མ་དང་། དབུས་དང་ལྷན་ཅིག་ཏུ་གྱུར་པར་ཤེས་པར་བྱ་སྟེ་ཞེས་པ་དང་པོ་ལ་སོགས་པའི་ཞེས་པ་ནི་ཐོག་མའི་ཨ་ཨཱ་དང་། ཐ་མའི་ཨཾ་ཨ་དངཿ དབུས་ཀྱི་ཨི་ལ་སོགས་པ་དང་ལྡན་པར་ཀ་ལ་སོགས་པ་རྣམས་བརྗོད་ན་བྱང་ཆུབ་ལ་སོགས་པ་འཐོབ་པ་འབའ་ཞིག་མ་ཡིན་གྱི་སྔགས་ཀྱི་ཚིག་རྣམས་སུ་ཡང་འགྱུར་རོ་ཞེས་པའོ། །གསང་སྔགས་ཀྱི་ཚིག་རེ་རེ་ལ་ཇི་ལྟར་འདོད་པར་སྦྱར་བར་བྱའོ། །བློ་ཡིས་རྣམ་པར་རྟོག་ན་ནི། །དེ་དག་ བླ་མའི་གནས་མཆོག་སྟེར། །ཞེས་པ་ནི་མཁས་པ་ཇི་ལྟར་འདོད་པས་སྔགས་ཀྱི་གཙོ་བོར་དེའི་ཚིག་རེ་རེ་དང་སྦྱོར་ཅིག་དེ་དང་ངེས་པར་འཚང་རྒྱ་ཞིང་བླ་ན་མེད་པའི་གནས་མཆོག་སྦྱིན་པར་བྱེད་དོ་ཞེས་འདོན་ཏེ། གོང་དུ་སྨོས་པའི་ཚུལ་ལ་མཁས་པས་ཏིང་ངེ་འཛིན་གང་འདོད་པའམ། རང་གི་ལྷ་གང་ཡིན་པར་སྦྱར་བ་ལ་སོགས་པ་ལ་ཡི་གེ་དེ་རྣམས་ལས་གང་ཡང་རུང་བ་ཇི་ལྟར་འདོད་པའི་འབྲུ་གཅིག་ལ་སྦྱར་ན་ཡང་ཇི་ལྟར་བསམ་པའི་དོན་འགྲུབ་པར་བྱེད་དོ་ཞེས་པའོ། །དེ་ལྟར་འདི་ནི་འཁོར་ལོ་གཅིག་སྟེ། འཁོར་ལོ་བཞིན་དུ་ཡོངས་སུ་འཁོར་ བ་ནི་ཡི་གེའི་འཁོར་ལ་ཞེས་པ་ནི་ཡི་གེ་ཨ་གཅིག་པོ་ལས་ཀ་ལ་སོགས་པ་དུ་མའི་ཏིང་ངེ་འཛིན་གྱི་རང་བཞིན་འཁོར་ལོ་ལྟ་བུར་འཁོར་བའོ་ཞེས་པའོ། །སྔགས་པས་ཡི་གེའི་འཁོར་ལོ་སྟེ་ཤེས་ན་རྟག་ཏུ་ཇི་ལྟར་བཅོམ་ལྡན་འདས་རྣམ་པར་སྣང་མཛད་འཁོར་ལོ་བསྐོར་བ་བཞིན་དུ་རྣམ་པར་ མཛེས་པར་འགྱུར་རོ་ཞེས་པ་ནི་སྔགས་པས་གོང་དུ་སྨོས་པའི་ཡི་གེ་འཁོར་ལོ་དེ་ཤེས་ན་བཅོམ་ལྡན་འདས་རྣམ་པར་སྣང་མཛད་བཞིན་དུ་ལས་དང་སྤྱོད་པ་ཐམས་ཅད་སྤྱོད་ནུས་པར་འགྱུར་རོ་ཞེས་པ་སྟེ། མཛེས་པ་ཞེས་པ་ནི་སྤྱོད་པའི་ཚིག་ཏུ་ཤེས་པར་བྱའོ། །རྣམ་པར་སྣང་མཛད་ཆེན་པོ་ མངོན་པར་རྫོགས་པར་བྱང་ཆུབ་པ་རྣམ་པར་སྤྲུལ་པ་བྱིན་གྱིས་རློབ་པ་ལས། ཐམས་ཅད་དུ་འཇུག་པའི་སྒོ་ཆོས་ཀྱི་ཡི་གེའི་ཚུལ་རིམ་པར་ཕྱེ་བ་རྒྱས་པའོ།། །།སངས་རྒྱས་བཅོམ་ལྡན་འདས་ཀྱི་སྐུ་མི་ཟད་པ་དང་། གསུང་མི་ཟད་པ་དང་། ཐུགས་མི་ཟད་པའི་རྡོ་རྗེའི་རྒྱན་དེ་ རྣམས་དཀྱིལ་འཁོར་བྱིན་གྱིས་བརླབས་པ་ལ། སྐུ་མི་ཟད་པ་བྱིན་གྱིས་བརླབས་པའི་དཀྱིལ་འཁོར་སྙིང་རྗེ་ཆེན་པོའི་སྙིང་པོ་འབྱུང་བ་དང་གསུང་མི་ཟད་པའི་བྱིན་གྱི་རླབས་ཡི་གེ་འཁོར་ལོ་བསྐོར་བའི་དཀྱིལ་འཁོར་དག་ནི་གོང་དུ་བཤད་ཟིན་ཏོ། །ད་ནི་ཐུགས་མི་ཟད་པའི་སྐུའི་དཀྱིལ་ འཁོར་ཆོས་ཀྱི་སྐུ་བྱིན་གྱི་རླབས་སུ་འགྱུར་བ་དེ་འཆང་ལ་དེའི་ཞར་ལ་སྔར་དཀྱིལ་འཁོར་གཉིས་པ་བཤད་པའི་ཆོ་གའི་དཀྱིལ་འཁོར་གྱི་མཚན་ཉིད་དང་། སློབ་མའི་མཚན་ཉིད་ལ་སོགས་པ་དང་། དཀྱིལ་འཁོར་གྱི་ཡོ་བྱད་དུ་བཅས་པ་སྔར་རྒྱས་པར་བཤད་ཅིང་མ་རྫོགས་པ་རྣམས་དང་། སྦྱིན་སྲེག་གི་ཆོ་ག་ལ་སོགས་པ་ཡང་འདི་ཉིད་དུ་རྒྱས་པར་འཆད་དོ། །དེ་ལ་ཆོས་ཀྱི་སྐུ་ནི་མཚན་མས་བསྟན་པ་ལས་འདས་ཏེ། དངོས་པོ་མེད་པས་བསྟན་དུ་མི་མངོན་ཡང་ཡོན་ཏན་དང་རྗེས་སུ་མཐུན་པ་ལས་བསྟན་པར་བྱ་སྟེ། ཆོས་ཀྱི་སྐུའི་ཡོན་ཏན་ནི་ཕྱིན་ཅི་མ་ལོག་པ་དང་མི་འགྱུར་བར་ ཡོངས་སུ་གྲུབ་པའི་རང་བཞིན་རྣམ་པར་རྟོག་པས་ཐམས་ཅད་སྤངས་པ་དང་ཉོན་མོངས་པ་ཐམས་ཅད་ལས་རྣམ་པར་གྲོལ་བ་དང་། བྱ་བ་ཐམས་ཅད་བྱེད་ནུས་པའི་རང་བཞིན་ནོ། །དེ་དང་རྗེས་སུ་མཐུན་པའི་སྒོ་ནས་དེ་སྟོན་པ་ན་ས་དང་ཆུ་དང་མེ་དང་རླུང་རྣམས་ཀྱི་དཀྱིལ་འཁོར་དུ་བྱིན་གྱིས་བརླབས་ པས་སྟོན་ཏེ། ས་ནི་བརྟན་ཞིང་མི་འགྱུར་བར་ཡོངས་སུ་གྲུབ་པའི་མཚན་ཉིད་རྡོ་རྗེ་དང་འདྲ་བས་དབང་ཆེན་རྡོ་རྗེའི་དཀྱིལ་འཁོར་དུ་བྱིན་གྱིས་བརླབས་ཏེ་བསྟན་ཏོ། །ཆུ་ནི་ཐམས་ཅད་འཁྲུ་བས་དག་པར་བྱེད་པའི་རང་བཞིན་ཡིན་པས་རྣམ་པར་རྟོག་པ་ཐམས་ཅད་སྤངས་པའི་རང་བཞིན་ནི་ཆུའི་དཀྱིལ་ འཁོར་དུ་བྱིན་གྱིས་བརླབས་ནས་བསྟན་ཏོ། །མེའི་རང་བཞིན་སྲེག་པར་བྱེད་པ་དང་ཡི་གེར་ཆོས་ཐམས་ཅད་རྡུལ་དང་བྲལ་བར་སྟོན་པའི་ཕྱིར་ཉོན་མོངས་པ་ཐམས་ཅད་རྡུལ་དང་རྣམ་པར་གྲོལ་བའི་མཚན་ཉིད་ནི་མེའི་དཀྱིལ་འཁོར་དུ་བྱིན་གྱིས་བརླབས་ཏེ་བསྟན་ཏོ། །རླུང་ནི་ཀུན་དུ་འགྲོ་ཞིང་ ཐམས་ཅད་བྱེད་པར་སྔར་བཤད་ཟིན་ཏེ། བྱ་བ་ཐམས་ཅད་བྱེད་ནུས་པའི་རང་བཞིན་ནི་རླུང་གི་དཀྱིལ་འཁོར་དུ་བྱིན་གྱིས་བརླབས་ཏེ་བསྟན་ཏོ། །དེ་ལྟར་ཆོས་ཀྱི་སྐུའི་བྱིན་རླབས་སུ་གྱུར་པ་གསང་བའི་དཀྱིལ་འཁོར་དེ་དང་། དཀྱིལ་འཁོར་གསུམ་ཆར་གྱི་ཆོ་ག་རྫོགས་པར་བཤད་པའི་ཕྱིར། བཅོམ་ ལྡན་འདས་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། དེ་ཡང་ཅི་ཞིག་བྱས་ནས་ཞུགས་ཤེ་ན། དེ་ནས་བཅོམ་ལྡན་འདས་ཀྱིས་དེ་བཞིན་གཤེགས་པའི་སྤྱན་གྱིས་ཐམས་ཅད་ལ་གཟིགས་ནས་ཞེས་བྱ་བ་གསུངས་ཏེ། དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱིས་གཟིགས་ནས་ཞེས་པའི་དོན་ཏོ། ། ཆོས་ཀྱི་དབྱིངས་ཀྱི་མཛོད་ཀྱི་མཐུ་རླབས་ཏེ་དེ་བཞིན་གཤེགས་པའི་མཉམ་པ་ཉིད་བཀོད་པའི་སྙིང་པོ་ཅན་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ་ཞེས་པ་ལ་ཆོས་ཀྱི་དབྱིངས་ནི་དེ་བཞིན་ཉིད་དེ། དེ་ལས་སྐུ་མི་ཟད་པ་ལ་སོགས་པའི་རྡོ་རྗེའི་རྒྱན་རྣམས་ཀྱིས་མཚན་ཉིད་འབྱུང་ བ་དེ་བཞིན་གཤེགས་པའི་མཉམ་པ་ཉིད་བཀོད་པ་ཞེས་བྱ་སྟེ། དེ་དག་ཆོས་ཀྱི་དབྱིངས་དེ་ལས་འབྱུང་བས་ན། ཆོས་ཀྱི་དབྱིངས་དེ་ཉིད་མཛོད་ཅེས་བྱའོ། །མཐུ་རླབས་ནི་རྣམ་པར་འཕྲུལ་པ་སྟེ། དེ་ལས་བྱུང་བའི་དེ་བཞིན་གཤེགས་པ་རྣམས་རྣམ་པ་སྣ་ཚོགས་སུ་སྤྱོད་པ་ཞེས་ བྱའོ། །མཉམ་པ་ཉིད་ཅེས་པ་ནི་དེ་བཞིན་གཤེགས་པའི་སྐུ་འབྱུང་བ་དེ་དག་ཉིད་ཚོགས་དང་ཆོས་ཀྱི་སྐུ་དང་། སེམས་ཅན་གྱི་དོན་བྱེད་པར་མཉམ་པ་ཉིད་ཀྱི་ཕྱིར་རོ། །བཀོད་པ་ཞེས་བྱ་བ་ནི་མང་པོའི་ཚིག་གོ། །སྙིང་པོ་ཅན་ཞེས་བྱ་བ་ནི་འབྱུང་བའི་གནས་ཏིང་ངེ་འཛིན་དེ་ ཉིད་ལ་བྱ་སྟེ། ཏིང་ངེ་འཛིན་དེར་ཞུགས་ན་དེ་ལྟ་བུ་དག་འབྱུང་བའི་ཕྱིར་རོ། །ཏིང་ངེ་འཛིན་དུ་ཞུགས་ནས་ཀྱང་ཇི་ལྟ་བུ་ཞིག་སྟོན་ཞེ་ན། ཆོས་ཀྱི་དབྱིངས་མི་ཟད་པ་བཀོད་པ་བསྟན་པ་དང་། གསང་སྔགས་ཀྱི་སྤྱད་པ་མངོན་པར་བསྒྲུབ་པ་འདི་ཉིད་ཀྱི་སེམས་ཅན་གྱི་ཁམས་མ་ལུས་པ་ གདོན་པར་ཐུགས་དམ་བཅས་པ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་ཞེས་བྱ་བ་གསུངས་ཏེ། ཆོས་ཀྱི་དབྱིངས་ཞེས་པ་ནི་སྐབས་འདིར་སེམས་ཅན་གྱི་ཁམས་ལ་བྱ་སྟེ། དེ་ལས་མངོན་པར་འབྱུང་བ་བསྟན་པ་ཡང་ལས་དང་ཚེ་དང་། རྣམ་པར་སྨིན་པའི་འབྲས་བུ་ཞེས་པ་ལ་སོགས་པ་ འོག་ནས་འབྱུང་བའི་ཚིག་རྣམས་ཀྱིས་འཆད་དོ། །སྔགས་ཀྱི་སྤྱད་པ་མངོན་པར་བསྒྲུབ་པ་འདི་ཉིད་ཀྱི་སེམས་ཅན་གྱི་ཁམས་མ་ལུས་པ་གདོན་པར་ཐུགས་དམ་བཅས་པ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་ཞེས་པ་ནི་སྙིང་རྗེ་ཆེན་པོ་འབྱུང་བའི་དཀྱིལ་འཁོར་དང་། ཡི་གེ་འཁོར་ལོ་བསྐོར་བའི་ དཀྱིལ་འཁོར་བསྟན་དུ་ཟིན་ཀྱང་གསང་བའི་དཀྱིལ་འཁོར་མ་བསྟན་ན་ཚིག་ལྔ་ལ་སོགས་པ་དང་ལྡན་པར་ཡང་མི་འགྱུར་ལ། དེའི་ཞར་ལ་སྔ་མའི་ཆོ་ག་ལྷག་མ་རྣམས་ཀྱང་རྫོགས་པར་བཤད་པར་བྱ་བ་མ་བསྟན་ན། སྔགས་པར་རྫོགས་པར་མི་འགྱུར་ཏེ་དེ་བས་ན་དེ་དག་ཐམས་ཅད་རྫོགས་ པར་བསྟན་ན་སེམས་ཅན་གྱི་ཁམས་མ་ལུས་པ་གདོན་པར་ཐུགས་དམ་བཅས་པར་རྫོགས་པར་འགྱུར་རོ། །དེ་ནས་དེ་ཉིད་ཀྱི་ཚེ་སེམས་ཅན་གྱི་ཁམས་མ་ལུས་པ་ཞེས་བྱ་བ་འབྱུང་བར་བྱེད་པའི་སྒོའི་བུ་ག་ཐམས་ཅད་ནས་བསམ་པ་ཇི་ལྟ་བ་བཞིན་ལས་དང་ཚེ་དང་རྣམ་པར་སྨིན་པའི་འབྲས་བུ་ ཟ་བ་དང་། ཟར་འཇུག་པའི་གཟུགས་དང་། ཁ་དོག་དང་། དབྱིབས་དང་། ང་རོ་དང་། འགྲོ་བ་དང་། སྤྱོད་པ་དང་། ངེས་པའི་ཚིག་བརྗོད་པ་སེམས་ཅན་ཐམས་ཅད་སོ་སོ་སོ་སོར་ཡང་དག་པར་མགུ་བར་བྱེད་པ་དང་། ཆོས་ཀྱི་དབྱིངས་ཀྱི་རྣམ་པར་བསྐྱེད་པའི་སྐུ་རྣམས་བྱུང་བར་ གྱུར་ཏོ་ཞེས་པ་ནི་དེ་ལྟར་བཅོམ་ལྡན་འདས་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་མ་ཐག་ཏུ་བཅོམ་ལྡན་འདས་ཀྱི་སྐུའི་བ་སྤུའི་བུ་ག་ཐམས་ཅད་ནས་དེ་བཞིན་གཤེགས་པའི་སྐུ་སེམས་ཅན་ཐམས་ཅད་དང་རྗེས་སུ་མཐུན་པ་ལས་དང་ཚེ་དང་རྣམ་པར་སྨིན་པའི་འབྲས་བུ་ཟ་བ་དང་ཟར་འཇུག་ པ་ལ་སོགས་པ་སྨོན་པ་འབྱུང་ཞེས་པ་སྟེ། ལས་ཀྱི་རྣམ་པར་སྨིན་པ་དང་། ཚེའི་འབྲས་བུ་ཟ་བར་སྟོན་པ་ནི་ལས་ལེགས་ཉེས་ཅི་སྤྱད་པའི་འབྲས་བུ་བདེ་བ་དང་སྡུག་བསྔལ་རྣམས་ལ་རང་རང་སྤྱོད་པར་སྣང་བའོ། །ཟར་འཇུག་པ་ནི་རྒྱལ་པོ་དང་སེམས་ཅན་དམྱལ་བའི་སྲུང་མ་ལ་ སོགས་པ་ལྟ་བུའོ། །དེ་དག་གི་དབང་དུ་བྱས་ནས་གཞན་དག་བདེ་བ་དང་སྡུག་བསྔལ་ལ་སྤྱོད་དུ་འབབ་པའོ། །དེ་དག་ཉིད་ཀྱི་བྱེ་བྲག་གཟུགས་དང་ཁ་དོག་དང་ཞེས་བྱ་བ་ལ་སོགས་པས་གསུངས་ཏེ། སེམས་ཅན་རྣམས་ཀྱི་གཟུགས་དང་། ཁ་དོག་དང་བསམ་པ་ལ་སོགས་ པ་རྗེས་སུ་མཐུན་པར་ཆོས་འཆད་པའི་སྐུ་རྣམས་བྱུང་ངོ་ཞེས་སྦྱར་ཏེ། དེ་བས་ན་སེམས་ཅན་ཐམས་ཅད་སོ་སོ་སོ་སོར་ཡང་དག་པར་མགུ་བར་བྱེད་པ་ཞེས་གསུངས་པ་ཡིན་ནོ། །སེམས་ཅན་གྱི་ཁམས་མ་ལུས་པ་ངེས་པར་འབྱུང་བར་བྱེད་པའི་སྒོ་ཞེས་པ་ནི་དེ་བཞིན་གཤེགས་པའི་ སྐུའི་བ་སྤུའི་ཁུང་བུ་དེ་སེམས་ཅན་གྱི་ཁམས་མ་ལུས་པ་ངེས་པར་འབྱུང་བར་བྱེད་པ་ལས་དང་ཚེ་དང་རྣམ་པར་སྨིན་པའི་འབྲས་བུ་ཟ་བ་དང་ཟར་འཇུག་པར་སྣང་བའི་སྐུ་རྣམས་འབྱུང་བའི་སྒོ་ཡིན་པའི་ཕྱིར་རོ། །བྱུང་ནས་ཀྱང་ནམ་མཁའ་དང་མཉམ་པའི་འཇིག་རྟེན་གྱི་ཁམས་རབ་འབྱམས་ རྣམས་སུ་སྒྲ་དབྱངས་གཅིག་གིས་ཆོས་ཀྱི་དབྱིངས་ཁྱབ་པར་རྣམ་པར་རིག་པར་བྱེད་པ་དེ་བཞིན་གཤེགས་པ་འབྱུང་བར་འགྱུར་བའི་ཚིགས་སུ་བཅད་པ་འདི་སྒྲོགས་པར་གྱུར་ཏོ་ཞེས་པ་ནི་འོག་ནས་བྱུང་བའི་ཚིགས་སུ་བཅད་པ་དེ་སྒྲོགས་པ་སྟེ། དེ་ཡང་ཐམས་ཅད་ཚིག་ཏུ་སྒྲ་སྒྲོགས་ པས་ན་སེམས་ཅན་གྱི་ཁམས་ཐམས་ཅད་དུ་ཐོས་ཤིང་རྟོགས་པར་བྱེད་པ་སྟེ། ཆོས་ཀྱི་དབྱིངས་ནི་འདིར་སེམས་ཅན་གྱི་ཁམས་སུ་ཤེས་པར་བྱའོ། །དེ་སྐད་དུ་བསྒྲགས་པའི་ཚིགས་སུ་བཅད་པ་དེ་ཆོས་ཀྱི་དབྱིངས་ལ་དམིགས་ནས་སྟོན་པའི་ཚིག་དེ་ཚིགས་སུ་བཅད་པ་བསྟན་པ་དེ་ལ་ རྟོགས་ཤིང་གོམས་པར་བྱས་ན་དེ་བཞིན་གཤེགས་པར་འགྱུར་བས་ན། དེ་བཞིན་གཤེགས་པ་འབྱུང་བར་འགྱུར་བའི་ཚིགས་སུ་བཅད་པ་ཞེས་བྱའོ། །གསུངས་པའི་ཚིགས་སུ་བཅད་པ་ནི། །ཆོས་ཀྱི་མཚན་ཉིད་གང་ལས་ནི། །ཞེས་པ་ནས། ལམ་འདི་ཁྱེད་ཀྱིས་ བསྒོམ་པར་གྱིས། །ཞེས་པའི་བར་འདི་དག་ཡིན། ཆོས་རྣམས་ཀྱི་མཚན་ཉིད་གང་ལས་འབྱུང་བ་ནི་སངས་རྒྱས་དང་ཉན་ཐོས་ལ་སོགས་པ་མིང་གིས་སྨོས་པ་རྣམས་ཏེ། མདོར་ན་ཆོས་རྣམས་ཀྱི་ཆོས་ཉིད་ཀྱི་མཚན་ཉིད་ཆོས་ཀྱི་དབྱིངས་དེ་བཞིན་ཉིད་ལས་སངས་རྒྱས་དང་། ཉན་ཐོས་དང་། བྱང་ཆུབ་སེམས་དཔའ་དང་། ཀུན་དུ་སངས་རྒྱས་པ་དང་། སེམས་ཅན་གྱི་འཇིག་རྟེན་དང་། སྣོད་ཀྱི་འཇིག་རྟེན་དང་། ཆོས་རྣམས་སྐྱེ་ཞིང་གནས་པ་དག་འབྱུང་སྟེ། ཇི་ལྟར་འབྱུང་བ་ཤེས་རབ་དང་ཐབས་སུ་ལྡན་པས་ལམ་འདི་ཁྱེད་ཀྱིས་རྟག་ཏུ་སྒོམ་པར་གྱིས་ཤིག་སྟེ། དེ་ ཡང་རྫོགས་པའི་སངས་རྒྱས་ཀྱིས་བཤད་པ་ཡིན་ནོ་ཞེས་པའོ། །བརྟགས་པའི་རིམ་པ་ཞེས་པ་ནི་ཀུན་རྫོབ་ཏུ་ཞེས་པ་སྟེ། མདོར་ན་ཆོས་རྣམས་ཀྱི་ཆོས་ཀྱི་དབྱིངས་མཚན་ཉིད་ཅི་འདྲ་བ་དང་། དེའི་དབང་གིས་དེ་བཞིན་གཤེགས་པའི་སྐུ་ལས་སྤྲུལ་པའི་སྐུ་ལ་སོགས་པ་འབྱུང་བ་དང་། དེ་ལ་དམིགས་ནས་ཉན་ཐོས་དང་རང་སངས་རྒྱས་ལ་སོགས་པ་སངས་རྒྱས་ལ་ཐུག་པའི་བར་དུ་ཇི་ལྟར་འགྲུབ་པར་འགྱུར་བའི་ལམ་དེ་ཁྱེད་ཀྱིས་ཤེས་པར་གྱིས་ཤིག་ཅེས་པའོ། །དེ་ལྟར་བཅོམ་ལྡན་འདས་ཏིང་ངེ་འཛིན་དེར་ཞུགས་ནས་འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་པའི་ ཆོས་གཉིས་བསྟན་ཏེ། འཇིག་རྟེན་པ་ནི་ལས་དང་། ཚེ་དང་། རྣམ་པར་སྨིན་པའི་འབྲས་བུ་ཟ་བ་དང་ཟར་འཇུག་པ་ལ་སོགས་པའོ། །འཇིག་རྟེན་ལས་འདས་པ་ནི་ཚིགས་སུ་བཅད་པ་འདི་ཉིད་དོ། །དེ་ནས་དེ་བཞིན་གཤེགས་པའི་སྐུ་ཆོས་ཀྱི་དབྱིངས་ལས་བྱུང་བ་དེ་དག་གིས་ཆོས་ཀྱི་ དབྱིངས་ཐམས་ཅད་རང་གི་སྐུ་རྣམ་པར་རིག་པར་བྱེད་པ་སྤྲུལ་པའི་སྤྲིན་གྱིས་ཡོངས་སུ་བཀང་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་ཐུགས་ཀྱི་དབང་ཙམ་གྱིས་བ་སྤུའི་བུ་ག་ཐམས་ཅད་ནས། སངས་རྒྱས་འབྱུང་བ་གཅིག་ནས་གཅིག་ཏུ་བརྒྱུད་པ་བྱིན་གྱི་རླབས་ཏེ། རང་རང་གི་ ཆོས་ཀྱི་དབྱིངས་ཀྱི་གནས་སུ་ཞུགས་པར་གྱུར་ཏོ་ཞེས་པ་ནི་གང་དུ་བཅོམ་ལྡན་འདས་ཀྱི་བ་སྤུའི་བུ་ག་ཐམས་ཅད་ནས་ཆོས་ཀྱི་དབྱིངས་ཀྱི་བསྐྱེད་པའི་བྱུང་བ་དེ་དག་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་ཐུགས་ཀྱི་དབང་ཙམ་གྱིས་སངས་རྒྱས་ཀྱི་སྐུ་མངོན་པར་བྱང་ཆུབ་པ་དང་། ཆོས་ཀྱི་འཁོར་ ལོ་བསྐོར་བ་ལ་སོགས་པ་སེམས་ཅན་གྱི་ཁམས་ཐམས་ཅད་དུ་རང་གི་སྐུ་རྣམ་པར་རིག་བྱེད་པ་སྤྲུལ་པ་མང་པོས་ཁྱབ་པར་བྱས་ནས་ཐུགས་ཀྱི་དབང་ཙམ་གྱིས་རང་རང་གི་ཆོས་ཀྱི་དབྱིངས་ཀྱི་གནས་སུ་ཞུགས་པར་བསྟན་ཏོ། །ཐུགས་ཀྱི་དབང་ཙམ་གྱིས་ཞེས་པ་ནི་བཅོམ་ལྡན་འདས་རྣམ་པར་ སྣང་མཛད་ནི་སྒྲུབ་པ་པོ་ལྟ་བུར་བལྟ་ལ། སྤྲུལ་པའི་སྐུ་རྣམས་འབྱུང་བ་ནི་བསྒྲུབ་པའི་ལྷ་རྣམས་ལྟ་བུར་བལྟའོ། །ཆོས་ཀྱི་དབྱིངས་ཀྱི་བསྐྱེད་པའི་དེ་བཞིན་གཤེགས་པའི་སྐུ་ནི་ཆོས་ཀྱི་དབྱིངས་ཀྱི་བྱིན་གྱི་རླབས་ཀྱིས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་སྤྲུལ་པའི་སྐུ་རྣམས་འབྱུང་ ངོ་ཞེས་པ་སྟེ། དེས་ཀྱང་ཆོས་ཀྱི་དབྱིངས་ཀྱི་བྱིན་རླབས་དང་སྒྲུབ་པ་པོ་སེམས་ཀྱི་དབང་ཙམ་གྱིས་རང་གི་ལྷའི་སྐུའི་གཟུགས་སུ་སྣང་བར་འགྱུར་རོ་ཞེས་མ་འོངས་པའི་གདུལ་བའི་འགྲོ་བ་རྣམས་ལ་བསྟན་པ་ཡིན་ནོ། །རང་རང་གི་ཆོས་ཀྱི་དབྱིངས་ཀྱི་གནས་སུ་ཞུགས་པར་གྱུར་ཏོ་ཞེས་པ་ནི་སླར་བ་ སྤུའི་བུ་ག་དེ་རྣམས་སུ་ཞུགས་པ་ལ་མི་བྱའི། གང་དུ་བྱུང་བའི་གནས་དེ་དག་ཉིད་དུ་ཆོས་ཀྱི་དབྱིངས་སྟོང་པ་ཉིད་ཀྱི་རང་བཞིན་དུ་མི་སྣང་བར་གྱུར་པ་ལ་བྱའོ། །དེ་ལྟར་བཅོམ་ལྡན་འདས་ཀྱི་རང་གི་སྐུ་ལས་བྱུང་བའི་དེ་བཞིན་གཤེགས་པའི་སྐུ་རྣམས་ཀྱིས་སེམས་ཅན་གྱི་ཁམས་ཐམས་ཅད་དུ་ ཁྱབ་པར་བྱས་ཏེ། སླར་མི་སྣང་བར་གྱུར་པ་བསྟན་ནས། དེ་ཡང་བཅོམ་ལྡན་འདས་ཀྱི་བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེ་ལ་བཀའ་སྩལ་པ་ཞེས་བྱ་བ་ལ་སོགས་པས་ཐུགས་མི་ཟད་པའི་རྡོ་རྗེའི་བྱིན་གྱི་རླབས་གསང་བའི་དཀྱིལ་འཁོར་དང་། དཀྱིལ་འཁོར་གསུམ་གྱི་ཆོ་གའི་ལྷག་མ་རྣམས་ བཤད་པར་གསུངས་པ་ཡིན། གསང་བ་ཞེས་པ་ནི་དཀྱིལ་འཁོར་འདིས་ཡིད་ཀྱི་རང་བཞིན་ཆོས་ཀྱི་སྐུ་བྱིན་གྱིས་བརླབས་པ་ཡིན་པའི་ཕྱིར། ཡིད་ཀྱི་རང་བཞིན་ཆོས་ཀྱི་སྐུ་དེ་དངོས་སུ་བསྟན་པའི་རང་བཞིན་ཡིན་ཏེ་ཕྲ་བས་ན་གསང་བ་ཞེས་བྱའོ། །གཉིས་སུ་ན་སྐུ་དང་གསུང་གི་རང་བཞིན་ ལང་ཕྱག་རྒྱའི་རང་བཞིན་དུ་བསྒྱུར་བས་སྐུ་དང་གསུང་དུ་མི་མངོན་པ་ལའང་བྱའོ། །ལྷ་རྣམས་ཀྱི་གནས་པ་ཞེས་པ་ནི་དབང་ཆེན་ལ་སོགས་པའི་དཀྱིལ་འཁོར་དེ་དག་ལྷ་རྣམས་བྱིན་གྱིས་རློབ་པའི་གནས་ཡིན་པའི་ཕྱིར་རོ། །ས་བོན་དང་བཅས་པ