Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 70

Văn bản gốc(Tây Tạng)

Trang 18 / 18 (50.000 ký tự/trang)
། །རྒྱ་གར་གྱི་ཡི་གེ་ལས་ཁ་ཅིག་གིས་བཤད་པ་ལས་གསལ་བར་འདི་སྐད་དུ་འབྱུང་སྟེ། ས་བོན་ཞེས་བྱ་དཀྱིལ་འཁོར་དུ་གཞག །ཁྲོ་བོ་དག་ནི་སོ་སོ་རུ། །ཞེས་འབྱུང་བས་ཞེས་པའི་དོན་ཏོ། །དཀྱིལ་དུ་བཞག་སྟེ་སོ་སོ་
རུ། །ཞེས་པ་ཨོཾ་ནི་འཁོར་ལོའི་དཀྱིལ་ལྟེ་བ་ལ་བཞག་གོ། །ཨཱཿནི་རྩིབས་ཀྱི་དང་པོའི་གནས་ལ་བཞག་གོ། །ཧཱུྃ་དང་ལ་དྲུག་ནི་རྩིབས་གཉིས་དང་གནས་ལ་བཞག་གོ། །མ་མ་དག་ནི་རྩིབས་གསུམ་པའི་གནས་ལ་བཞག་གོ། །དབང་དང་ཞེས་པ་ཡི་གེ་ཁ་དོག་དམར་པོར་བསམ་
མོ། །འཁོན་པ་དང་བསད་པ་ཞེས་པ་ལས་འདི་དག་བྱེད་པའི་ཚེ་ཡི་གེ་ཁ་དོག་སྔོན་པོར་བསམ་མོ། །དེ་བཞིན་བསྐྲད་དང་ཞི་བ་དང་། །ཞེས་པ་མིང་གིས་སྨོས་པའི་ལས་འདི་དྲུག་སྔགས་པ་ཐ་མལ་པ་ཟུང་དུ་སྤེལ་བས་སྒྲུབ་པ་དང་། དེས་མ་གྲུབ་ན་སྔགས་བཟློག་པའམ་བསྣོལ་བའི་ཚུལ་
གྱིས་ལས་དེ་དག་བྱས་ན་མྱུར་དུ་འགྲུབ་པར་འགྱུར་བ་ནི། ཟུང་དང་བསྣོལ་བས་མྱུར་དུ་འགྲུབ། །ཅེས་པའོ། །ཡི་གེ་ཁ་དོག་སེར་པོར་བསམ་པ་ཡང་། ཡང་ན་རྒྱས་པར་བྱ་བའི་ཕྱིར། །ཞེས་པ་ཡི་གེ་ཁ་དོག་སེར་པོར་བསམ་མོ། །ད་ནི་དང་པོར་ཐ་མལ་པའི་ཚུལ་གྱིས་དབང་ལ་སོགས་པའི་
ལས་དྲུག་བྱ་བ་བཤད་པའི་ཕྱིར། ཟུང་ཤིག་ཚིག་གཉིས་ཐ་མར་བཞག །ཅེས་པ་ལ་སོགས་པ་སྨོས་སོ། །ཟུང་དང་བུལ་བས་མྱུར་དུ་འགྲུབ། །ཅེས་པ་ནི་ཡི་གེ་ཟུང་གིས་ལས་ཐ་མལ་པར་བྱ་བ་དང་། ཡི་གེ་ཟུང་བསྣོལ་བས་ལས་དྲུག་པོ་དེ་དག་མྱུར་དུ་འགྲུབ་པར་འགྱུར་བ་ལ་བྱའོ། །ཟུང་ཤིག་ཚིག་
ཆ་གཉིས་ཞེས་པ་གྲ་ས་གྲ་ས་བྱ་བ་གཉིས་གཞག་གོ། །ཆེ་གེ་མོ་ཞེས་པ་དབང་དུ་བྱའོ་ཞེས་པ་འདི་ནི་དབང་དུ་བྱ་བའི་ལས་སོ། །ཧཱུྃ་གཞག་ཅེས་པ་ནི་པིནྡརྠའི་ནང་ནས་སློབ་དཔོན་གྱི་ལུང་ལས་འབྱུང་སྟེ་དེ་བས་ན་མཚོན་ཆ་དང་བཅས་པའི་ས་བོན་གཞག་པའི་རིགས་སོ། །བསྒྲུབ་པར་བྱ་བའི་
གཟུགས་བྱས་ནས། །ཞེས་པ་གྲོག་མཁར་ལས་བྱས་པས་གཟུགས་ཞེས་བྱའོ། །དེ་ལ་རྐང་པས་བརྫི་བ་ནི། །ཞེས་པ་བརྐྱང་བསྐུམ་གྱིས་གནས་པའི་ཚུལ་གྱིས་བརྫི་བར་བྱ་ཞེས་པའོ། །རྐང་པ་སྐྱོ་བའི་བར་དུ་ཚད་ཀྱིས་བཟླས་སོ། །དེ་ཡི་དབང་དུ་མྱུར་དུ་འགྱུར། །ཞེས་པ་

དེ་ལྟར་སྒྲུབ་པ་པོ་དེའི་དབང་དུ་མྱུར་དུ་འགྲུབ་ཅེས་པའི་དོན་ཏོ། །ད་ནི་འཁོན་པར་བྱ་བ་བཤད་དེ། །གཅིག་པུ་དེ་ལ་སྤོས་ནས་སུ། །ཞེས་པ་ལ་སོགས་པ་སྨོས་སོ། །གཅིག་པུ་དེ་ལ་སྤོས་ནས་སུ། །ཞེས་པ་ལ་སྔར་ལས་བཤད་པའི་གོ་རིམས་ལ་བྱ་སྟེ། ལས་དྲུག་པོ་དེ་
དག་ནི་གོ་རིམས་བཞིན་དུ་མི་སྒྲུབ་ཏུ་མི་རུང་བ་མེད་དོ། །དེ་ལས་གང་འདོད་པ་བྱའོ། །ས་བོན་གཉིས་པའི་གནས་ལ་ནི། །ཞེས་པ་ཙཀྲའི་མིག་ལྔ་མ་གཏོགས་པ་དང་། གཉིས་པ་དམིགས་ལས་བྱས་པའི་གནས་ལ་ནི་ཞེས་པའོ། །གནས་ནས་གདོང་ཡང་བསྒྱུར་ནས་སུ། །
ཞེས་པ་དེའི་སྔགས་བཟླས་ཏེ་ཞེས་པའི་དོན་ཏོ། །ལྷའི་ཞལ་ཡང་སྔ་མའི་ཚུལ་ལས་ཁྲོ་བོའི་སྐུར་བསྒྱུར་རོ་ཞེས་པའི་དོན་ཏོ། །བསྒྲག་པར་བྱ་བ་ཅུང་ཟད་མེད། །ཅེས་པ་སྔ་མའི་སྭཱ་ཧཱ་མི་གཞུག་པའི་དོན་ལ་བྱ་སྟེ། དེ་ལྟར་སྭཱ་ཧཱ་མི་གཞུག་ན། ཧཱུྃ་གཞུག་པར་རིགས་ན་སློབ་དཔོན་གྱིས་
པིར་དར་ཏའི་ལུང་ལས་སྭཱ་ཧཱ་གཞུག་པར་འབྱུང་ངོ་། །བསྒྲུབ་པར་བྱ་བ་གཉིས་ཀ་ཡི། །ཞེས་པ་མཛའ་བོ་གཉིས་ཀྱང་གཟུགས་བྱའོ་ཞེས་པའོ། །གཟུགས་ནི་འཇིམ་པ་ལས་བྱས་ཏེ། །ཞེས་པ་གྲོག་མཁར་གྱིས་ལས་བྱ་ཞེས་པའོ། །གཅིག་ཏུ་དཔའ་བའི་ཉམས་ལྡན་པར། །
ཞེས་པ་ཁྲོ་བོའི་ཏིང་ངེ་འཛིན་གྱི་ཉམས་དང་ལྡན་པར་བྱའོ། །གཉིས་ཀ་ལ་ཡང་རྐང་པས་མནན། །ཞེས་པ་གཟུགས་བྱས་པ་གཉིས་ཀའི་སྟེང་དུ་བརྐྱང་བསྐུམ་གྱི་ཚུལ་དུ་རྐང་པས་མནན་ཞེས་པའོ། །སྔགས་མཁན་དེ་ལ་གནས་པ་ཡིས། །ཞེས་པ་སྔགས་ཉིད་ཁྲོ་བོའི་ཏིང་
ངེ་འཛིན་དང་། སྔགས་ལ་ཡང་གནས་ཤིང་འཇིམ་པའི་གཟུགས་ཀྱི་སྟེང་དུ་ཡང་གནས་པ་ཡིས་ཞེས་པའོ། །མེལ་ཚེ་ཐུན་དེ་ཕྱེད་ཙམ་གྱི། །ཞེས་པ་བཞི་ཐུན་གྱི་ཐུན་ཕྱེད་ལ་བྱའོ། །དེ་ནས་སྒྲུབ་པར་འདོད་པ་བཞིན། །ཞེས་པ་མཛའ་བོ་གཉིས་དབྱེ་བར་བྱ་བ་དེ་གཉིས་ཕན་ཚུན་
དགར་གྱུར་པ་ཞེས་པའོ། །ཁྲོ་བོ་རིམ་བཞི་བསྒོམས་པས་ནི། །ཞེས་པ་ཁྲོ་བོ་ཉིད་ཚུལ་བཞིན་དུ་བསྒོམ་པར་བྱས་པའོ། །ལན་ཅིག་བྱས་པ་ཙམ་གྱིས་འགྱུར། །ཞེས་དེ་ལྟ་བུའི་ཚུལ་དུ་ལན་ཅིག་མེལ་ཚེ་ཐུན་ཕྱེད་ཙམ་གྱིས་འགྲུབ་པར་འགྱུར་ཞེས་པའི་དོན་ཏོ། །ད་ནི་བསད་

པའི་ལས་བཤད་པའི་ཕྱིར། །ས་བོན་གཉིས་པ་དེ་ལས་ཀྱང་། །ཞེས་པ་ལ་སོགས་པ་སྨོས་སོ། །ས་བོན་གཉིས་པ་དེ་ལས་ཀྱང་། །ཞེས་པ་དབང་དང་འཁོན་པར་བྱ་བའི་ས་བོན་གཉིས་པའི་གནས་དེ་ལས་ལྡང་བའོ། །དྲག་པོའི་རྩལ་གྱིས་སྤོས་ནས་སུ། །ཞེས་པ་སྔགས་པ་དེ་
ཁྱད་པར་དུ་འདི་ལྟ་བུའི་ཚུལ་དུ་བསྒོམ་མོ། །གནས་ཏེ་གསུམ་པ་ལ་གནས་ཏེ། །ཞེས་པ་འཁོར་ལོའི་མིག་གསུམ་པ་ལ་བྱའོ། །གཡོ་བའི་གནོན་པས་མནན་པ་ནི། །ཞེས་པ་ཚམ་ངམ་གྱི་ཚུལ་དུ་བསྒྱུར་བར་བྱ་སྟེ་འོག་མ་གཉིས་ཀྱིས་བཤད་དོ། །ཁ་དང་བརླ་དང་རྒྱབ་དང་བསྒྱུར། །
ཞེས་པ་ཁ་གཅུས་ཏེ་རྐང་པ་བརྐྱང་བསྐུམ་བྱས་ཀྱང་རྒྱབ་ཀྱིས་བསྒྱུར་བར་བྱའོ། །དྲིལ་བུ་དཀྲོལ་བའི་སྒྲ་སྒྲོགས་ཤིང་། །ཞེས་པ་ལ་ལ་དྲུག་གིས་ལྗགས་འདྲིལ་བའི་ཚུལ་དུ་སྒྲ་འབྱིན་པའོ། །ཟུང་ཞིག་ཚིག་གཉིས་ཐ་མར་གཞག །ཅེས་པ་གྲ་ས་གྲ་ས་ཞེས་བྱ་བའི་ཚིག་
གཉིས་གཞག་ཅེས་པའོ། །ཆེ་གེ་མོ་ཞེས་བྱ་བའི་སྒྲ། །ཞེས་པ། ཨ་མུ་ཀ་སྟེ་གང་ལ་བྱ་བའི་མི་དེའི་མིང་གཞུག་གོ། །སོད་ཅེས་བྱ་བའི་སྒྲ་ཡང་བརྗོད། །ཅེས་པས་མཱ་ར་ཡ་བྱའོ། །ས་བོན་མཚོན་ཆ་འདིར་གཞག་པ། །ཞེས་པ་ཧཱུྃ་གཞག་པར་བྱ་བ་སྟེ། དེའི་རྗེས་ཐོགས་སུ་ཕཊ་
གཞག་པར་རིགས་ཞེས་བཤད་དེ། །ཁྲོ་བོའི་ལྕགས་ཀྱི་ཤཱུ་ལས་གཅོད། །ཅེས་པ་ཕན་ཆད་ན་མི་གསོད་པའི་གསལ་ཤིང་རྩེ་གཅིག་པ་བྱེད་པ་དེ་འདིར་ལྕགས་ལས་གསལ་ཤིང་བྱས་པ་ནི་ཁྲོ་བོ་ཡིན་ཏེ་དེ་དག་དགྲ་བོའི་གཟུགས་སོལ་བ་ལས་བྱས་པ་དེའི་རྐུབ་ནས་གྱེན་དུ་བཙུགས་
ཏེ་ཁར་ཕྱུང་ལ་གཟུགས་ཏེ། དེ་ལྟ་བུའི་ཚུལ་གྱིས་གཞིག་པར་བྱ་བ་ནི་གཅོད་པའོ་ཞེས་བྱའོ། །དུར་ཁྲོད་སོལ་བས་དགྲ་བོ་ཡི། །ཞེས་པ་དེ་ཡང་དུར་ཁྲོད་སོལ་བ་ཞིབ་ཏུ་བཏགས་པ་ལས་གཟུགས་བྱའོ། །ཕན་ཚུན་མངོན་དུ་ཕྱོགས་བྱས་ནས། །ཞེས་པ་ལག་པ་གཉིས་ཀྱི་ཐལ་མོ་
གཉིས་ཞེས་པའོ། །ལག་པ་གཉིས་ཕན་ཚུན་དྲུད་པར་བྱ་ཞེས་པ་ལག་པའི་ཐལ་མོ་གཉིས་སྟོང་པར་བྱས་ཏེ། དྲུད་ཅེས་པ་སྟེ་དགྲའི་གཟུགས་གསལ་ཤིང་དང་འདྲ་བར་ལྕགས་ལས་བྱས་པས་གཟུགས་བཤིག་པ་དེ་ལག་པ་གཉིས་ཀྱིས་དྲུད་པར་བྱའོ། །དེ་ལྟར་བྱས་ན་མྱུར་

བ་རུ། །ཚེ་རིང་བ་དང་ལྡན་པ་ཡང་། །དགྲ་དེ་རིང་པོར་མི་ཐོགས་པར། །ཞེས་པར་ཚུལ་དེ་ལྟར་བྱས་ན་རིང་པོ་མི་ཐོགས་པར་དབང་དང་འཁོན་པ་དང་། བསད་པ་དག་ལ་གཟུགས་བརྙན་བྱས་པ་གང་ལ་བྱ་བ་དེ་ཉིད་བཀུག་ལ་དེར་བསམས་ཏེ་དེ་ལས་བྱའོ་ཞེས་པའི་
དོན་ཏོ། །ཤིང་ནི་བཅད་པ་བཞིན་དུ་འགྱེལ། །ཞེས་པ་འདི་དང་འདྲ་སྟེ། འཆི་བའི་ལས་འདི་ཡང་མེལ་ཚེ་ཕྱེད་ཙམ་གྱིས་འགྲུབ་བོ། །གསུམ་པ་ལས་ནི་འཕོས་ནས་སུ། །ཞེས་པ་སྔ་མའི་གནས་བོར་ཏེ་ཞེས་པའི་དོན་ཏོ། །ད་ནི་བསྐྲད་པར་བྱ་བའི་ལས་བཤད་པའི་ཕྱིར་ཁྲོ་བོའི་
རྒྱལ་པོའི་གནས་ཞེས་པ་ལ་སོགས་པ་སྨོས་ཏེ། བཞི་པ་དེ་ལ་སྒྲུབ་པ་འདུག །ཅེས་པ་འཁོར་ལོའི་མིག་བཞི་པ་ལ་སྔགས་པ་འདུག་པར་བྱའོ། །དྲག་ཤུལ་ཅན་གྱི་ལུས་སུ་གནས། །ཞེས་པ་རྩལ་ཆེ་བ་དང་ལྡན་པའི་སྐུར་བསྒྱུར་བའོ། །ཟུང་ཤིག་ཚིག་གཉིས་ཐ་མར་གཞག །
ཅེས་པ་སྔགས་རྣམས་ཀྱི་ཐ་མར་གྲ་ས་གྲ་ས་ཞེས་བྱ་བའི་ཚིག་གཉིས་གཞག་པར་བྱའོ། །སྐྲོད་ཅིག་ཅེས་པའི་ཚིག་གི་མཐར། །ཞེས་པ་ཨུ་ཙ་ཏ་ཡ་མཐར་ཞེས་སོ། །ཡི་གེ་ཧ་ནི་ཕུལ་བ་བཞག །ཅེས་པ་དེའི་འོག་ཏུ་ཡི་གེ་ཧ་ཚེག་དྲག་པོ་གཉིས་ཀྱིས་ཕུལ་བ་གཞག་གོ། །ས་བོན་བསྟན་
པ་བཀོད་པ་ལས། །བསྐྲད་པར་བྱ་བ་ཐ་དད་པའོ། །ཞེས་གྲ་ས་གྲ་ས་ཨ་མུ་ཀ་ཨུ་ཙ་ཏ་ཡ་ཧ་ཞེས་བྱ་བ་བསྐྲད་པའི་ས་བོན་བཀོད་པ་འདི་ནི་གོང་དུ་བསད་པའི་ལས་བཤད་པ་ལས་ཐ་དད་པ་སྟེ་འདི་ནི་བསྐྲད་པའི་ལས་སོ། །དགྲ་ཡི་ཕྱིར་ནི་རིངས་པ་རུ། །མེལ་ཙེ་ཐུན་གཅིག་ཙམ་དུ་བསྒོམ། །ཞེས་པ་
དགྲ་བསྐྲད་པའི་ཕྱིར་མྱུར་དུ་བཞི་ཐུན་གྱི་ཐུན་གཅིག་ཙམ་དུ་བསྒོམ་ཞེས་པའོ། །དགྲ་དེའི་གཟུགས་བརྙན་བྱས་ནས་སུ། །ཞེས་པའོ། །སྦྱོར་བ་ཤེས་པས་མ་ཡེངས་པར། །ཞེས་པ་སྔགས་པ་སེམས་རྩེ་གཅིག་ཏུ་བྱས་པ་ལ་བཟླས་བརྗོད་བྱའོ། །ཟློས་པ་བདག་ཉིད་དེ་སྟེང་འདུག །
ཅེས་པ་སྔགས་བཟླས་བརྗོད་བྱེད་པ་དང་། གཟུགས་བརྙན་བྱེད་པ་དེའི་སྟེང་དུ། །གཡོན་བརྐྱང་བའི་ཚུལ་དུ་འདུག་གོ། །འཁོར་གྱི་སྐྱེ་བོ་མྱུར་སྤངས་ནས། །ཞེས་པ་བསྐྲད་པར་བྱ་བའི་དགྲ་བོ་དེ། དེ་ལས་གཞན་པའི་གནས་སུ་འགྲོ། །ཞེས་པ་དགྲ་བོ་དེ་གནས་དེ་

ལས་གཞན་དུ་འགྲོ་ཞེས་པའོ། །དེ་དག་ཞི་བར་བྱ་འདོད་ན། །ཞེས་པ་འཁོན་པ་དང་བསྐྲད་པ་དང་གསད་པར་བྱ་བའི་ལས་དེ་དག་སླར་ཞི་བར་བྱ་འདོད་དམ། ཡང་ན་ཐ་མལ་པར་ཞི་བར་འདོད་ན་སྔགས་པ། སྒྲུབ་པ་པོ་ནི་མཆོག་གིས་སུ། །སྙིང་རྗེ་ཞི་བར་བྱ་བ་ཡི། །ཞེས་པ་དེ་ལྟར་ཞི་
བར་བྱེད་པའི་ཚེ་ལྷག་པར་སྙིང་རྗེ་བསྐྱེད་པར་བྱའོ། །ཆོ་ག་ཚུལ་བཞིན་འདིར་བཤད་དོ། །ཞེས་ཞི་བ་དང་རྒྱས་པར་བྱེད་པའི་ཚེ་སྐྱིལ་མོ་ཀྲུང་དུ་འདུག་པར་བཤད་དོ། །ཁ་ཅིག་ན་རེ། འགྲེང་སྟེ་ཞི་རྒྱས་བྱ་བར་རིགས། །ཞེས་བཤད་དོ། །ཁྲོ་བོའི་འཁོར་ལོའི་གནས་ལྔ་ལ། །ཞེས་པ་
ཙཀྲའི་མིག་ལྔ་པ་ལ་སྔགས་པ་འདུག་པར་བྱའོ། །སྒྲུབ་པ་པོ་རིམ་བཞིན་འདུག་ཅེས་པ་བཤད་པའི་ཚུལ་དུ་བྱ་ཞེས་པའོ། །དེ་ནས་ཡིད་ནི་བདེར་གྱུར་ནས། །རྐང་པ་མཉམ་ཞིང་གདོང་ཡང་མཉམ། །ཞེས་པ་སེམས་བདེ་བར་གནས་ནས་སྔ་མའི་བརྐྱང་བསྐུམ་ཡང་བཏང་ནས་
རྐང་པ་ཐ་མལ་པར་མཉམ་པར་གཞག་པ་དང་ཞལ་ཁྲོས་པ་ཡང་མི་ཁྲོ་བར་ཞི་བའི་མཉམ་པར་བསྒོམ་པ་ནི་ཚུལ་ཐ་མལ་པར་འདུག་ཅེས་པའོ། །ཟུང་ཤིག་ཚིག་གཉིས་ཐ་མར་གཞག །ཅེས་པ་གྲ་ས་གྲ་ས་གཉིས་ལ་བྱའོ། །སྔོན་བཞིན་ཆེ་གེ་མོ་ཞེས་བྱ། །ཞེས་པ་སྔ་མ་བཞིན་
དུ་གང་ཞི་བར་བྱ་བའི་མིང་གཞུག་གོ། །རབ་ཏུ་ཞི་བར་གྱུར་ཅེས་བརྗོད། །ཅེས་པ་ཤཱནྟིཾ་ཀུ་རུ་ཞེས་སྦྱར་རོ། །དེ་ཡི་མཇུག་ཏུ་ཞི་བར་འགྱུར། །རིང་པོར་མི་ཐོགས་གདོན་མི་ཟ། །ཞེས་པ་འཁོན་པ་དང་། བསྐྲད་པ་དང་། བསད་པ་དང་གསུམ་ལས་ཞི་བར་བྱ་དགོས་ཏེ། དེ་དག་གི་
ཕྱིར་ཞི་བར་བྱེད་ན་སྔ་མའི་གཟུགས་དེའི་སྔར་འོ་མས་བཀྲུ་བ་ལ་གདོད་ཞི་བར་བྱའོ། །སྔོན་བཞིན་ཁྲོ་བོའི་འཁོར་ལོ་ཡི། །དྲུག་པའི་གནས་ལ་སོང་ནས་སུ། །ཞེས་པ་སྔ་མ་བཞིན་དུ་ཙཀྲའི་མིག་དྲུག་པ་ལ་སྔགས་པ་བདག་འདུག་ལ་སྔ་མ་དེ་དག་གི་ཕྱིར་ཡང་རྒྱས་པར་བྱེད་ན།
རྐང་པ་དལ་བུས་གནོན་པ་ཡིས། །ཞེས་པ་ཞི་བའི་ཚུལ་དང་འདྲའོ། །གཅིག་པུ་དཔའ་བོའི་ཚུལ་འདུག་ནས། །ཞེས་པ་མཐུ་སྟོབས་དང་། གཟི་བྱིན་ཅན་གྱི་ཚུལ་དུ་སྐུར་བསྒྱུར་བ་ལ་བྱའོ། །ཟུང་ཤིག་ཅེས་པ་ཚིག་གཉིས་གཞག །ཅེས་གྲ་ས་གྲ་ས་ལ་བྱའོ། །རྒྱས་

པར་འདོད་པས་དགའ་བཞིན་དུ། །ཞེས་པ་རྒྱས་པར་བྱེད་འདོད་པས་སེམས་དགའ་ཞིང་མོས་པ་དང་ལྡན་པས་བསྒྲུབ་ཅེས་པའོ། །མེལ་ཚེ་ཐུན་གཅིག་རྟག་ཏུ་བཟླས། །ཞེས་པ་མེལ་ཚེ་ཐུན་གཅིག་གིས་རྒྱས་པ་འགྲུབ་བོ། །ཁྲོ་བོའི་འཁོར་ལོ་ལ་ནི་
གནས། །ཞེས་པ་ཁྲོ་བོའི་ཙཀྲའི་མིག་དྲུག་པ་ལ་སྔགས་པ་འདུག་པ་ལ་བྱ། སྐུ་ཡི་ཚུལ་དུ་བསྒྱུར་བྱས་པས། །ལྷའི་སྐུར་བསྒྱུར་རོ་ཞེས་པའོ། །མེལ་ཚེ་ཐུན་གཅིག་བྱས་པས་ནི། །ཞེས་པ་ལ་དེ་ལྟར་མེལ་ཚེ་ཐུན་གཅིག་ཏུ་བཟླས་ན། འཁོར་ལོའི་ནང་ན་ཁྲོ་བོའི་
སྔགས་བཀོད་པ་དེའི་མཐུ་འགྲུབ་ཅེས་པའོ། །གང་གསུངས་པ་ནི་མྱུར་དུ་འགྱུར། །ཞེས་པ་སྐབས་འདིར་རྒྱས་པ་གསུངས་པས་ན་རྒྱས་པ་འགྲུབ་བོ། །ཕྱིས་ཀྱང་རིམ་གྱིས་འདི་ལ་གནས། །ཞེས་པ་གོང་མ་བཞིན་དུ་རིམ་གྱིས་བསྒྲུབས་ཏེ་ལས་རྣམས་གྲུབ་པར་མ་གྱུར་
ན། ཕྱིས་ཀྱང་སྔགས་བཟློག་པའམ་བསྣོལ་བའི་ཚུལ་དུ་འདི་ལ་གནས་ཏེ་ལས་རྣམས་བསྒྲུབ་བོ། །ལོགས་ཤིག་ཁྲོ་བོའི་འཁོར་ལོའི་བཀས། །ཞེས་པ་གོང་མ་བཞིན་དུ་རིམ་གྱིས་སྒྲུབ་པ་ལས་འདི་བཞིན་ནོ། །སྔགས་བཟློག་པ་འཁོར་ལོའི་རྩིབས་ལ་བཀོད་པའི་ཚིག་བཀོད་
པ་འདི་ཁྲོ་བོའི་བཀའོ། །རྐང་པའི་ཚམ་ངམ་དེ་བཞིན་བྱས། །ཞེས་པ་གང་ལ་བྱ་བའི་དངོས་པོ་དེ་ལག་པའམ། དེར་ཞེན་པའི་ལས་དང་སེམས་ཀྱིས་གཏད་པའི་ཚུལ་དུ་བྱེད་པ་ཡང་ཨ་ག་ཤེ་ཞེས་བྱ་སྟེ། འོག་ནས་བཤད་པ་དང་སྦྱར་ན་རྐང་པ་གཉིས་ཀྱི་བར་གུང་མོའི་མཐོ་
གང་ཡོད་པར་བྱའོ། །གདོང་ཡང་དལ་བས་བསྒྱུར་ནས་སུ། །ཞེས་པ་རིམ་གྱིས་དལ་བུས་ཐ་མལ་པའི་སྐུའི་ཚུལ་དུ་བསྒྱུར་བའོ། །དང་པོ་ས་བོན་གང་ཡིན་པ། །ཞེས་པ་དང་པོའི་ཡི་གེ་འབྲུ་དྲུག་ལས་མ་མ་ཟུང་དུ་བྱས་པའི་ས་བོན་གང་ཡིན་པ་དང་། གོང་
མའི་ཡི་གེ་དྲུག་ཟུང་དུ་སྦྱར་བ་མུ་མཱུ་རྒྱས་པ་ལ་སྦྱར་བའི་ས་བོན་གང་ཡིན་པ་དེ་འདིར་ཟུང་ལྟག་འོག་བསྣོལ་ནས་དབང་གི་ལས་ལ་སྦྱར་རོ། །ཟུང་ལྟག་འོག་བསྣོལ་བ་ནི་འདི་ལྟར་བྱའོ། །མུ་མཱུ། མ་མ་ཞེས་བྱའོ། །དེ་ཡི་མཐའ་དང་ལྷན་ཅིག་ཏུ། །ཞེས་པ་གོང་མའི་ཡི་གེ་

འབྲུ་དྲུག་པོའི་མཐའ་ལ་རྒྱས་པར་བྱ་བའི་སྔགས་འབྱུང་བ་དེ་དབང་ལ་ཡང་སྦྱར་བར་བྱ་བ་སྔར་བཤད་པ་དང་འདྲའོ། །ཁ་ཅིག་གིས་བཤད་པ་འོག་མའི་ཡི་གེ་འབྲུ་དྲུག་པོའི་དབང་པོ་ལ་མཱུ་མཱུ་འབྱུང་བ་དེ་སྦྱར་བ་ཡང་རྒྱས་པ་ལ་ཡང་སྦྱར་བར་རིག་པར་བྱ་ཞེས་བཤད་དེ། ལྟག་འོག་
གཉིས་ཀྱི་མཐར་ཡི་གེ་མུ་མུ་འབྱུང་བ་གང་སྦྱར་བ་ཡང་དོན་དུ་གཅིག་པར་ཟད་དེ་འདྲའོ་ཞེས་པའི་དོན་ཏོ། །མེ་དང་འདྲ་བར་འབར་བ་དེ། །ཞེས་པ་ཟུང་ལྟག་འོག་བསྣོལ་བའི་ཟུང་གོང་མ་དེ་འབྲུ་གཉིས་པོ་ལ་ཚེག་དྲག་པོས་ཕུལ་བས་འོག་མའི་ཟུང་ཐ་མལ་པ་ལ་བསྐུལ་བས་གཟི་
བྱིན་ཅན་དུ་བྱས་པ་ཞེས་པའི་དོན་ཏོ། །སྔོན་གྱི་ལས་ནི་གྲུབ་འདོད་ན། །ཞེས་པ་སྔར་བཤད་པ་བཞིན་དུ་རིམ་གྱིས་བསྒྲུབས་པ་ལས་མ་གྲུབ་པར་གྱུར་ཏེ། ལས་དེ་དག་འགྲུབ་པར་འདོད་ན་ཤིན་ཏུ་ལེགས་པར་སྦྱར་བར་བྱའོ་ཞེས་པ་ཚུལ་དེ་ལྟར་ལེགས་པར་སྦྱར་ཏེ་འདིས་ནི་དབང་གི་
ལས་བཤད་དེ། །དེ་ཡན་ཆད་དབང་གི་ལས་བཤད་ཟིན་ཏོ། །དེ་ནས་ཟུང་མས་བསྐུལ་བ་ལའང་། །ཞེས་པ་དེ་ཡང་ཟུང་མས་བསྐུལ་བ་ཞེས་བྱ་སྟེ། ཡི་གེ་འོག་མ་དྲུག་པོ་དྲག་པོར་ཕུལ་བའི་ཟུང་མས་གོང་མའི་ཡི་གེ་འབྲུ་དྲུག་པོའི་ཟུང་མ་ཐ་མལ་པ་ལ་བསྐུལ་བར་བྱ་སྟེ་མུ་མུ་
མ་མ་ཞེས་ཀྱང་བྱར་རུང་ངོ་། །གཅིག་ཏུའང་རུང་བར་བཤད་ཅེས་པ་གོང་དུ་བཤད་པ་ཟུང་མས་བསྒྲུབ་པ་ལ་བྱ་བར་ཟད་དོ། །སོ་སོའམ་ཡང་ན་ཕྲལ་ཏེ་འོག་མའི་ཡི་གེ་འབྲུ་དྲུག་པའི་དང་པོ་ལ་མུ་དང་། དང་པོའི་ཡི་གེའི་འབྲུ་དྲུག་པོའི། ཐོག་མ་ལས་མ་བྱུང་བ་དང་སྦྱར་བའི་
ཚུལ་འདྲ་བར་ས་ཐམས་ཅད་སྦྱར་ཏེ་ལས་ལ་སྦྱར་དུ་ཡང་རུང་ངོ་། །འདི་འདྲ་བའི་ལས་ལ་སྦྱར་རོ་ཞེས་པའི་དོན་ཏོ། །ད་ནི་འཁོན་པའི་ལས་བཤད་པའི་ཕྱིར། ཁྲོ་བོ་ཡི་ནི་འཁོར་ལོའི་མཐུ། །ཞེས་པ་ལ་སོགས་པ་སྨོས་སོ། །ཁྲོ་བོ་ཡི་ནི་འཁོར་ལོའི་མཐུ། །ཞེས་པ་
འཁོར་ལོའི་རྩིབས་བརྒྱད་ཀྱི་སྔགས་ལ་བྱའོ། །བརྒྱད་པ་དག་ལ་མྱུར་བར་གནས། །ཞེས་པ་རྩིབས་བརྒྱད་པའི་སྔགས་ལ་གནས་པ་སྟེ། ལེ་ལོ་དང་སྙོམ་ལས་མེད་པར་ཞེས་པའོ། །རིམ་པ་སྔ་མའི་ཚུལ་གྱིས་ནི། །ཞེས་པ་གོང་མའི་ཡི་གེ་འབྲུ་དྲུག་པོ་ཐ་མལ་པའི་

ཟུང་མ་ལ་འོག་མའི་ཡི་གེ་འབྲུ་དྲུག་པོ་དྲག་པོས་ཕུལ་བའི་ཟུང་མས་བྱེ་བྲག་ཕྱེ་སྟེ་བསྐུལ་བ་ལ་བྱའོ་ཞེས་པའོ། །ས་བོན་ཟུང་མས་ཕྱེ་བ་དང་། །བརྒྱད་པོ་འབྱེད་པས་བསྒྲུབས་པ་ལ། །ཞེས་པ་གོང་མ་ཡི་གེ་འབྲུ་དྲུག་པོ་ཐ་མལ་ཟུང་མ་ལ་འོག་མའི་ཡི་གེ་འབྲུ་
དྲུག་པོ་དྲག་པོས་ཕུལ་བའི་ཚུལ་དུ་ཟུང་མས་བསྐུལ་བའི་ཚུལ་དུ་ལྟག་འོག་ཏུ་བསྣུར་ཏེ་ཕྱེ་བ་དེ་རྩིབས་བརྒྱད་པ་དབྱེ་བར་བྱ་བ་བསྒྲུབ་པ་ལ་སྦྱར་བར་བྱའོ། །མཛའ་བ་མྱུར་དུ་བཟློག་པའི་ཕྱིར། །ཞེས་པ་མཛའ་བོ་གཉིས་མྱུར་དུ་དབྱེ་བའི་ཕྱིར། ཆོ་ག་བཞིན་དུ་རིམ་པར་སྦྱར། །ཞེས་
པ་གོང་དུ་བཤད་པའི་ཚུལ་བཞིན་དུ་སྦྱར་བར་བྱའོ། །རིམ་པ་སྔ་མའི་ཚུལ་བཞིན་དུ། །ཞེས་པ་ཡི་གེ་དགོད་པའི་རིམ་པ་ཚུལ་བཞིན་བྱའོ། །ཁྲོ་བོའི་འཁོར་ལོར་གནས་ཞེས་པ་འཁོར་ལོའི་རྩིབས་དགུ་པའི་སྔགས་ལ་གནས་པར་བྱའོ། །འཇིག་པར་འགྱུར་ཏེ། འཆི་བར་
ཞེས་བྱའོ། །ལྷ་རྣམས་ཀྱིས་ནི་སྦས་པ་ཡང་། །ཞེས་པ་བསད་པར་བྱ་བ་དེ་ལྷས་བསྲུངས་པ་ཞིག་ཡིན་ན་ཡང་ངོ་། །གཤེད་པོའི་དྲུང་དུ་ཁྲིད་པར་འགྱུར། །ཞེས་པ་གཤིན་རྗེའི་དྲུང་དུ་ཁྲིད་པར་འགྱུར་ཞེས་གཤིན་རྗེའི་དྲུང་དུ་འགྲོ་བར་བྱེད་དེ་འཆི་བར་འགྱུར་ཞེས་བྱ་བའི་དོན་
ཏོ། །ཁྲོ་བོ་ཡི་ནི་འཁོར་ལོའི་གནས། །ཞེས་པ་རྩིབས་བཅུ་པའི་གནས་ལའོ། །དེ་ཡི་ས་བོན་གྱིས་ཀྱང་ཕྱེ། །ཞེས་པ་བསྐྲད་པར་བྱ་བའི་ས་བོན་གྱིས་ཕྱེ་ཞེས་པའོ། །སྔོན་གྱི་ས་བོན་རབ་འབར་བ། །ཞེས་པ་སྔ་མ་བཞིན་དུ་ཟུང་གཉིས་ལྟག་འོག་བསྣོལ་བའི་ཟུང་གོང་མས་
འོག་མ་བསྐུལ་བས་མཐུ་ཅན་དུ་གྱུར་པའི་དོན་ཏོ། །སྔ་མ་བཞིན་དུ་རིམ་གྱིས་བཟླས། །ཞེས་པ་འཁོར་ལོའི་རྩིབས་ཀྱི་སྔགས་རྣམས་རིམ་གྱིས་བཟླས་པའོ། །སྔར་བཤད་པ་ཡི་ལས་བསྒྲུབ་པོ། །ཞེས་པ་བསྐྲད་པའི་ལས་བསྒྲུབ་པའོ། །འཁོར་ལོའི་རིམ་པ་བཅུ་གཅིག་
པོ། །ཞེས་པ་རྩིབས་བཅུ་གཅིག་པའི་སྔགས་ལའོ། །གང་ཡིན་པ་ནི་དེ་བཟུང་ནས། སྔགས་པ་དེས་ཞེས་པའོ། །སྔར་བཤད་པ་བཞིན་དུ་བསྐུལ་བ་དང་ཞེས་པ་ས་བོན་ལྟག་འོག་བསྣོལ་ཞིང་དགོད་པ་དང་། བསྐུལ་བ་དག་ཀྱང་སྔ་མ་དང་འདྲ་བར་བྱའོ། །སྔ་མའི་ལས་ནི་བྱེད་པར་

འགྱུར། །ཞེས་པ་ཞི་བའི་ལས་ཐ་མལ་པར་སྔར་བསྒྲུབས་ཏེ། མ་གྲུབ་པ་དེ་ཞི་བ་དག་ལ་གང་གསུངས་པ་ཞེས་པ་ཞི་བ་དང་རྒྱས་པ་གཉིས་སྤྱིའི་ལས་ཀྱི་མཚན་ཉིད་གཅིག་པར་ཡང་བཤད་དོ། །རྒྱས་པ་དག་ལའང་དེ་བཞིན་བྱ། །ཞེས་པ་ལ་ཞི་བ་དག་གི་ལས་བྱ་བ་བཞིན་དུ་རྒྱས་
པ་དག་གི་ལས་ཀྱང་འོག་ནས་འབྱུང་བ་བཞིན་དུ་བྱའོ། །བཅུ་གཉིས་པ་ལ་གནས་སུ་ཞེས་པ་རྩིབས་བཅུ་གཉིས་པའི་གནས་ལའོ། །དེ་ཡི་ས་བོན་བསྐུལ་བ་བྱས། །ཞེས་པ་རྒྱས་པའི་སྔགས་ཀྱང་སྔ་མ་བཞིན་དུ་བྱ་ཞེས་པའོ། །བདག་གི་མཐུ་རྩལ་གནོན་པ་བརྟག་པ་ལ་ཞེས་
པ་ལྷའི་སྐུ་བསྒོམས་པས་རྒྱས་པའི་ལས་བྱའོ། །ས་བོན་ཟུང་མར་སྦྱར་བ་ཡིས། །ཞེས་པ་ཡི་གེ་གོང་མའི་འབྲུ་དྲུག་པོའི་ཟུང་མ་ཐ་མལ་པ་དང་། འོག་མའི་འབྲུ་དྲུག་པོ་དྲག་པོར་ཕུལ་བ་ཟུང་དུ་བྱས་པ་དེ་ཉིད་ཟུང་ལྟག་འོག་བསྣོལ་ཏེ་སྦྱར་བས་བྱའོ། །ས་བོན་མཐུ་ནི་འབར་
བ་ཅན། །ཞེས་པ་གོང་མའི་ཡི་གེ་དྲུག་པོའི་ཟུང་ཐ་མལ་པའི་གོང་དུ་འོག་མའི་ཡི་གེ་འབྲུ་དྲུག་དྲག་ཏུ་ཕུལ་བའི་ཟུང་མ་གཞག་པས། ཐ་མལ་པའི་ཟུང་མ་བསྐུལ་བས་གཟི་བརྗིད་ཅན་དང་མཐུ་ཅན་དུ་འགྱུར་བའི་དོན་ཏོ། །འཁོར་ལོ་བཀོད་པའི་ལས་རྣམས་ནི། །སྔར་གསུངས་པ་དག་གྲུབ་
ཕྱིར་བྱ། །ཞེས་པ་རྩིབས་བཅུ་གཉིས་པ་ལ་སྔགས་བཀོད་པའི་ལས་རྣམས་ལས་དྲུག་པོ་རྣམས་ཐ་མལ་པར་བསྒྲུབས་ཏེ། མ་གྲུབ་པར་གྱུར་ན་གདོད་ཕྱི་མིའི་བཟློག་པའི་སྔགས་ཀྱི་ཆོ་ག་འདི་ལས་དེ་དག་འགྲུབ་པར་བྱ་བའི་ཕྱིར་སྦྱར་བའི་ཐ་ཚིག་གོ། །དེ་ལྟར་ཁྲོ་བོའི་འཁོར་ལོ་ནི། །
ཞེས་པ་འདི་ནི་ཁྲོ་བོའི་རྒྱལ་པོ་ཉིད་ཀྱི་འཁོར་ལོ་ཡི། ཆོ་གར་བཅས་པ་རྒྱས་པ་དག །ཅེས་པ་འཁོར་ལོའི་རྩིབས་ལ་སྔགས་བྲིས་པ་དང་། ལས་དྲུག་པོ་དེ་དག་བྱེད་པའི་ཚེ་ན་སྟང་སྟབས་དང་། གཟུགས་བརྙན་བྱ་བ་ལ་སོགས་པའོ། །གསང་བ་བསྐུལ་མར་
བཅས་པ་ཡིས། །ཞེས་པ་ཟུང་ལྟག་འོག་བསྣོལ་བ་པ་ལས་བྱ་བ་ཐ་མའི་བསྐུལ་བའི་ཚིག་ལ་ཡང་བྱའོ། །ས་བོན་ཟུང་མ་བསྐུལ་བའི་གང་། །ཞེས་པ་དང་པོའི་ཡི་གེ་འབྲུ་དྲུག་པོའི་ཟུང་མ་ཐ་མའི་སྐུལ་བར་བྱེད་པ་ཉིད་གང་ཡིན་པ་དེ་ནི། །འོག་མའི་ཡི་གེ་འབྲུ་དྲུག་པོ་དྲག་པོར་

བསྐུལ་བས་ཟུང་མས་སྐུལ་བར་བྱེད་པའོ། །གཉིས་པ་རབ་ཏུ་བསྒྲགས་པ་ཡང་། །དེ་འདིར་ས་བོན་གཉིས་པ་ཡིས། །ཞེས་པ་འོག་མའི་ཡི་གེ་འབྲུ་དྲུག་པོ་དྲག་ཏུ་ཕུལ་བའི་ཟུང་གཉིས་གཉིས་སུ་བྱས་ཏེ་སྦྱར་བ་ནི་གཉིས་པའོ། །མྱུར་དུ་འགྲུབ་པར་འགྱུར་བ་
བཤད། །ཅེས་པ་དེ་ལྟར་འདིར་འོག་མའི་ཡི་གེ་འབྲུ་དྲུག་པོ་དྲག་ཏུ་ཕུལ་བའི་ཟུང་མས་གོང་མའི་ཡི་གེ་ཟུང་མ་ལ་བསྐུལ་བས་ལས་རྣམས་སྦྱར་ན་རིང་པོར་མི་ཐོགས་པར་འགྲུབ་པར་བཤད་དོ། །ཐ་མའི་ས་བོན་ཐམས་ཅད་ལ། །ཕུལ་བས་ཚིག་གཉིས་རྟག་ཏུ་སྦྱར། །ཞེས་པ་འོག་
མའི་ཡི་གེ་འབྲུ་དྲུག་པོ་དྲག་ཏུ་ཕུལ་བའི་ཚེ་ཚེག་དྲག་གཉིས་གཉིས་སྦྱར་རོ། །དེ་ལྟར་ཚེག་དྲག་པོ་གཉིས་ཕུལ་བ་ཡང་འོག་ནས་བཤད་དེ། དེ་ལ་གོང་མའི་ཡི་གེ་འབྲུ་དྲུག་པོའི་ཟུང་མ་དང་། འོག་མའི་ཡི་གེ་འབྲུ་དྲུག་པོའི་ཟུང་མ་གཉིས་ལྟག་འོག་བསྣོལ་བའི་ཟུང་མ་གོང་མ་
ཤོས་ཀྱི་ཡི་གེ་འབྲུ་གཉིས་པོ་དེའི་ཟུང་མར་མི་བྱ་བར་ཚེག་དྲག་པོ་གཉིས་གཉིས་ཀྱིས་བཅད་པས་ན་ཡང་ཆེར་འགྱུར་བའི་དོན་ཏོ། །ཟུང་མ་ཟུང་མའི་ཚིག་འདི་ལ། །ཞེས་པ་ཨཱརྱ་ཤཱི་ལེནྡྲའི་རྒྱ་གར་གྱི་ཡི་གེ་ལས་འདི་སྐད་དུ་འབྱུང་བ་སྟེ། བསྒྱུར་བ་འདི་ནི་གོང་མའི་འབྲུ་དྲུག་པོའི་
ཟུང་དང་ཡི་གེ་མའི་ཡི་གེ་འབྲུ་དྲུག་པོའི་ཟུང་དུ་བྱས་པ་དེ་ལྟག་འོག་བསྣོལ་བའི་གོང་ཟུང་དེ། ཟུང་མ་ཡིན་པར་བྱ་བའི་དོན་ཏེ། གོང་མའི་ཟུང་ནི་ཡི་གེ་འབྲུ་གཉིས་ཚེག་དྲག་པོའི་གཉིས་གཉིས་ཀྱིས་དྲག་ཏུ་ཕུལ་བས་ན་གོང་མའི་ཟུང་དེ་ཟུང་མ་ཡིན་པའི་ཚིག་ཏུ་འགྱུར་རོ། །ཐ་མ་དག་
ལ་མ་ཡིན་ནོ། །ཞེས་དེ་ལྟར་ཟུང་གཉིས་པོ་དེ་ལྟར་ལྟག་འོག་བསྣོལ་ཟིན་པའི་འོག་མའི་ཟུང་ཚེག་དྲག་པོ་མི་གཞུག་ཅེས་པའོ། །ཟུང་མ་ཟུང་མའི་ཚིག་འདི་ལ། །ཞེས་པ་ལ་སོགས་པ་འདི་ཡང་དོན་དུ་ན་ཟུང་གཉིས་གཉིས་པོ་དེ་ལྟག་འོག་བསྣོལ་ཟིན་པའི་གོང་མའི་ཟུང་ལ་ཚེག་
དྲག་པོ་གཉིས་གཉིས་ཀྱིས་དྲག་ཏུ་ཕུལ་ཏེ་བསྣོལ་བའི་འོག་མའི་ཟུང་ལ་ཚེག་དྲག་པོས་མི་དབུལ་ཞེས་པའི་དོན་ཏོ། །མཛའ་མའི་རྒྱ་གར་གྱི་ཡི་གེ་ལས་ཚིག་འདི་སྐད་དུ་འབྱུང་སྟེ་བསྒྱུར་བ་ནི་འདིའོ། །དེ་བས་ན་རྒྱ་གར་གྱི་ཡི་གེ་གསུམ་ཆར་གྱིས་མཐུན་པར་འབྱུང་བས་ན། གཅིག་

ཁོ་ན་ལྟར་འཇུག་བགྲང་སྟེ་མ་བཤད་ཀྱི། སྔར་བསྒྱུར་བའི་དཀྱུས་པས་ཀྱང་། མ་བཅོས་པར་སོ་སོ་རུ་བཞག་གོ། །རྒྱ་གར་གྱི་ཡི་གེ་གཉིས་ལས་ཅི་འབྱུང་བ་ཡང་འཕྲལ་དུ་བསྒྱུར་ནས་བཤད་པ་ཡིན་ནོ། །ཁྲོ་བོའི་རྒྱལ་པོའི་དངོས་གྲུབ་ཐོབ། །ཅེས་པ་ལས་དྲུག་པའི་དངོས་གྲུབ་
ཐོབ་པར་འགྱུར་བའི་དོན་ཏོ། །ཞི་བ་དང་རྒྱས་པ་དང་། བྱེད་པའི་ཚེ་བསྐུལ་བའི་ཚིག་ཀ་ར་ལ་བ་ད་ན་ཞེས་བྱ་བ་དག་གཞུག་པར་མི་རིགས་སོ་ཞེ་ན། སློབ་དཔོན་ཆེན་པོ་པྲ་ཏི་ཝརྞ་ཙནྡྲའི་པིནྡརྠའི་ནང་ནས་ཐམས་ཅད་ལ་སྦྱར་བར་བྱ་བ་ལུང་ལས་འབྱུང་ངོ་། །དབང་ལ་ཡི་གེ་ཁ་དོག་
དམར་པོར་བྱ་བར་བཤད་པ་དང་། འཁོན་པ་དང་། བསྐྲད་པ་དང་། བསད་པ་གསུམ་འདྲ་སྟེ། སྔགས་ཀྱི་ཡི་གེ་ཁ་དོག་སྔོན་པོར་བསམ་པ་དང་། ཞི་བ་དང་རྒྱས་པ་ཁ་དོག་སེར་པོ་དང་། དཀར་པོར་བཤད་པའི་ལས་དྲུག་པོ་དེ་དག་སོ་སོར་འབྱེད་པའི་ཚེ། །ཡིད་ལ་སྔགས་ཀྱི་འབྲུ་ཉིད་
མི་བསམ་པར་སྔགས་བརྗོད་པའི་ཚེ། སྔགས་ཀྱི་ཡི་གེའི་ཁ་དོག་དེ་འདྲ་བར་སོ་སོར་བསམས་ཏེ་ལས་བྱའོ། །ཡང་ན་ཉི་མའི་དཀྱིལ་འཁོར་དང་ཟླ་བའི་དཀྱིལ་འཁོར་དག་ལ་སྔགས་དེ་དག་ཕྲེང་བ་སོ་སོའི་ཁ་དོག་བཞིན་དུ་བཀོད་པ་ལས་སོ་སོའི་ལས་ལ་བཟླས་བརྗོད་བྱར་ཡང་རུང་ངོ་། །
ཞི་རྒྱས་དག་ལ་ཆུའི་དཀྱིལ་འཁོར་དང་། དབང་ཆེན་གྱི་དཀྱིལ་འཁོར་ལ་སྦྱར་བར་རིགས་ན། དེའི་སྐབས་སུ་ལས་རྣམ་བཞི་དག་བྱེད་ན་ཉི་མ་དང་ཟླ་བ་ལ་སྤྱིའི་རྒྱུད་དང་མཐུན་པར་སོ་སོའི་ཁ་དོག་ཚང་བར་མ་གསུངས་པས་འདིར་ཇི་སྐད་གསུངས་པ་བཞིན་དུ་ཁྲོ་བོ་སྔོན་པའི་རང་བཞིན་
དུ་གནས་པས་ལས་ཐམས་ཅད་བསྒྲུབ་པོ། །ཡང་ན་སྤྱིའི་རྒྱུད་དང་སྦྱར་ཏེ་ཁ་དོག་སོ་སོར་ཚང་བར་སྦྱར་ཏེ་ལས་བྱར་རུང་ངོ་། །ད་ནི་མི་ཤེས་ན་ཉེས་དམིགས་སུ་འགྱུར་བ་བསྟན་པའི་ཕྱིར། ཁྲོ་བོའི་འཁོར་ལོའི་གསང་བ་འདི། །ཞེས་པ་ལ་སོགས་པ་སྨོས་སོ། །མི་ཤེས་པར་ནི་
གང་སྦྱོར་བ། །ཞེས་པ་འཁོར་ལོའི་མཚན་ཉིད་མི་ཤེས་པ་ཡང་། དེ་འདི་དངོས་གྲུབ་མི་ཐོབ་ཀྱི། །ཞེས་པ། མ་ཤེས་བཞིན་དུ་མུན་སྤྲུལ་དུ་བྱེད་པ་དེ་རྒྱུད་འདི་ལས་མི་འཐོབ་བོ་ཞེས་བཤད་དེ། མྱུར་དུ་སྨྱོ་བ་ཐོབ་པར་འགྱུར། །ཞེས་པ་མི་ཤེས་བཞིན་དུ་སྦྱོར་བ་འདིར་ཞེས་

པའོ། །ད་ནི་སྤྱིའི་ས་བོན་དགོད་པའི་གོ་རིམས་བཤད་དོ། །མ་མཻ། མཱ་མེ། མུ་མཱུ། དྲུག་རྣམས་ཀྱི་ཞེས་པའོ། །གོང་དུ་བཤད་པ་རྣམས་ཀྱི་མཇུག་སྡུད་པའི་ཚིག་སྟེ། དེ་ལ་དང་པོ་ཡི་གེ་དྲུག་པོ་རྣམས་གོ་རིམས་བཞིན་དུ་ཟུང་དུ་བྱས་པ་རྣམས་ཀྱིས་ནི་དབང་ལ་
སོགས་པའི་ལས་དྲུག་པོ་འདི་དག་བསྒྲུབ་པོ། །དེ་ལྟར་ཟུང་མར་བྱ་བ་ནི་གོང་དུ་བཤད་པའི་དོན་ཏོ། །བསྐྲད་དང་ཞི་དང་རྒྱས་པའི་མཐའ། །ཞེས་པ་མཇུག་རྒྱས་པའི་མཐའ་བར་ལ་ཐུག་པའི་ལས་དྲུག་པོ་དེ་དག་སྔགས་པས་དེ་ལྟར་སྤྱད་པ་དང་། འགྲུབ་པར་བྱ་སྟེ། མཁས་
པ་དག་གིས་བསྒྲུབ་པར་བྱ། །ཞེས་པའི་དོན་ཏོ། །དེ་དག་ཉིད་ལས་བཟློག་པ་ཡིས། །ཞེས་པ་གོང་མའི་ཡི་གེ་འབྲུ་དྲུག་པོ་ཟུང་དུ་བྱས་པ་དང་། འོག་མའི་ཡི་གེ་འབྲུ་དྲུག་པོ་ཟུང་དུ་བྱས་ཏེ་དྲག་པོའི་ཚིག་གིས་ཕུལ་ནས་ཟུང་ལྟག་འོག་བསྣོལ་ཏེ་བཀོད་པ་ནི་གོང་མའི་ཡི་གེ་འབྲུ་གཉིས་པོས་
འོག་མའི་ཡི་གེ་ཟུང་བསྐུལ་བས་ལས་རྣམས་མྱུར་དུ་འགྲུབ་པའི་དོན་ཏོ། །དེ་ལྟར་ཡི་གེ་བཟློག་པ་ལས་བྱ་བ་འདི་ཡང་སྔར་རིམ་བཞིན་ཡི་གེ་ཐ་མལ་བའི་ཟུང་གིས་ལས་དྲུག་པོ་དེ་དག་མ་གྲུབ་པར་གྱུར་ན་གདོད་ཡི་གེ་བཟློག་པའི་ཚུལ་འདི་ལས་དྲུག་པོ་སྔར་བསྒྲུབས་ཏེ་མ་གྲུབ་པའི་ལས་
རྣམས་བྱའ། །གྱི་ན་མྱུར་དུ་འགྲུབ་ཅེས་ཏེ། སྔར་དང་པོ་ནི་ཡི་གེ་བཟློག་པས་ལས་དྲུག་པོ་དག་བསྒྲུབ་པར་མི་བྱའོ། །ཟུང་མ་ལས་སྔར་བསྒྲུབས་ཏེ། མ་གྲུབ་ན་གདོད་ཡི་གེ་བཟློག་པ་འདིས་བསྒྲུབ་པར་བྱའི། སྔར་དང་པོར་ཡི་གེ་བཟློག་པ་འདིས་ལས་བསྒྲུབ་པར་མི་བྱ་བ་ནི་མ་
གྲུབ་ན་སྟེ་གཞན་དུ་མིན་ཞེས་པའི་དོན་ཏོ། །དེ་ལ་མུ་མུ་མཱི་མཱི་མཻ་མཱ་ཞེས་འོག་མའི་ཡི་གེ་འབྲུ་དྲུག་པོ་འདི་ཟུང་དུ་བྱས་པ་དང་། གོང་མའི་ཡི་གེ་འབྲུ་དྲུག་ཟུང་དུ་སྦྱར་བ་གཉིས་ཟུང་ལྟག་འོག་བསྣོལ་ཏེ་བཟློག་པའི་ཡི་གེ་འདིས། མཇུག་ཏུ་རྒྱས་པའི་མཐའ་བར་ལ་ཐུག་པའི་ལས་
དྲུག་པོ་དེ་དག་བཟློག་པ་འདིས་བསྒྲུབ་པར་བྱའོ། །འཁོར་ལོ་རྩིབས་ཀྱི་གནས་རྣམས་ནི། །ཞེས་པ་འཁོར་ལོའི་རྩིབས་བཅུ་གཉིས་པའི་གནས་ཀྱི་མིག་མིག་རྣམས་སུ་དམ་ཚིག་དང་སྙིང་པོ་ཨཱཿདང་ཧཱུྃ་དགོད་པ་དང་། ཡི་གེ་ཐ་མལ་ཟུང་དང་ཟུང་ལྟག་འོག་བསྣོལ་བ་རྣམས་

དགོད་པ་དེ་དག་རྩིབས་ཀྱི་གནས་ཀྱི་མིག་མིག་རྣམས་སུ་སྦྱར་ཏེ་དགོད་དོ། །དེ་བཞིན་འཁོར་ལོའི་ནང་དུ་ཡང་། །ཁྲོ་བོའི་སྐུ་མཆོག་ས་བོན་ནི། །ཞེས་པ་འཁོར་ལོའི་རྩིབས་གཉིས་པ་བར་མ། ཁྲོ་བོའི་ས་བོན་ཡི་གེ་ཧཱུྃ་བཞག་ནས་དེའི་མཇུག་ཐོགས་ཉིད་དུ་ཁྲོ་བོའི་སྔགས་ཀྱི་སྙིང་པོ་
ལ་དྲུག་དགོད་པར་བྱའོ། །བཞག་ནས་ཚིག་གི་ཐ་མར་ཡང་། །ཞེས་པ་རྒྱ་གར་གྱི་ཡི་གེ་ཁ་ཅིག་ལས་ཧཱུྃ་གི་དྲུང་དུ་མ་མ་ཞེས་བྱ་བའི་སྔགས་བྲིས་ལ་ལ་དྲུག་མ་མིའི་གནས་སུ་བཞག་ལ་དེ་ནས་བསྐུལ་བའི་ཚིག་གཞུག་པའི་སྐད་དུ་འབྱུང་བ་ཡང་ཡོད་དེ། འདི་མི་རིགས་ཏེ་པྲ་ཏི་
ཝརྞ་ཙནྡྲའི་པིནྡརྠའི་ལུང་ལས་སྔར་བཤད་པ་བཞིན་དུ་འབྱུང་བས་དེ་ལྟར་བྱ་བའི་རིགས་ཞེས་བཤད་དོ། །ཁྲོ་བོའི་དྲིལ་བུ་འཁྲོལ་བ་དགོད། །འཁོར་ལོའི་མུ་རན་བར་དག་ཏུ། །ཞེས་པ་ཕྱིའི་མུ་རན་གྱི་རིམ་གཅིག་བྱ་བ་རིགས་པ་འདྲ་སྟེ་ཁ་གསུམ་དུ་བྱས་པའི་འཁོར་ལོའི་རྩིབས་
བཅུ་གཉིས་པའི་གནས་ཀྱི་མིག་ཏུ་ཐ་མའི་ནང་དུ་སྔགས་མ་མ་འདྲ་བ་ལྟ་བུར་ཟུང་དུ་རེ་རེ་དགོད་པའི་མཇུག་ཐོགས་སུ་བསྐུལ་བའི་གྲ་ས་གྲ་ས་ཀ་ར་ལ་བ་དན་ལ་སོགས་པ་བསྐུལ་བའི་ཚིག་བཅུག་ལ་བྱའོ། །ཟུང་ཤིག་ཅེས་པ་གྲ་ས་གྲ་ས་དགོད་པའོ། །འཁོར་ལོ་རྩིབས་བཅུ་གཉིས་པའི་
གནས་ཀྱི་མིག་མིག་རྣམས་སུ་དང་པོར་ཨཱཿདང་ཧཱུྃ་དང་། མ་མ་ཟུང་དུ་བྱས་པ་དགོད་པའི་སྔགས་རྣམས་ལ་གནས་པར་བྱ་སྟེ། མཁས་པས་འཁོར་ལོའི་མིག་གི་ནང་། །ས་བོན་དགོད་པ་རྣམས་ལ་གནས། །ཞེས་པའི་དོན་ཏོ། །ཁྲོ་བོ་འཁོར་ལོའི་བསྒྲགས་པ་ནི། །ཞེས་པ་
འདི་ནི་ཁྲོ་བོའི་འཁོར་ལོ་བཤད་དོ། །བཤད་པའི་ཚུལ་གྱི་ཚེ་བཞི། །ཤེས་ནས་ཇི་སྐད་བཤད་པ་ཡི། །དངོས་གྲུབ་རྣམས་ནི་ཐོབ་པར་འགྱུར། །ཞེས་པ་འཁོར་ལོའི་སྔགས་བཀོད་པའི་མཚན་ཉིད་གོང་དུ་བཤད་པའི་དོན་ཀུན་ཤེས་ཏེ་བསྒྲུབ་པོ། །ཇི་སྐད་བཤད་པ་བཞིན་
ཤེས་ཏེ་བསྒྲུབས་ན། །ཇི་སྐད་བཤད་པའི་ལས་དྲུག་པོ་དག་གི་དངོས་གྲུབ་རྣམས་ཐོབ་པར་འགྱུར་རོ་ཞེས་པའི་དོན་ཏོ། །ད་ནི་ཚམ་ངམ་བཤད་དེ། །དངོས་གྲུབ་ཚུལ་བཞིན་ཐོབ་འགྱུར་བ། །ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དེའི་སྦྱོར་བའང་བཤད་པར་བྱ། །ཐོག་མར་

ཕྱག་རྒྱ་བཅིངས་ནས་སུ། །ཞེས་པ་སྔགས་རྣམས་བསྣོལ་བའམ། བཟློག་པའི་ལས་དྲུག་པ་ཇི་སྐད་བཤད་པའི་ཚུལ་བཞིན་དུ་བསྒྲུབ་པར་འགྱུར་བའི་ཚམ་ངམ་སྟེ། སྔགས་དེའི་སྦྱོར་བ་ཡང་བཤད་པར་བྱའོ་ཞེས་སོ། །ཚམ་ངམ་འདི་དྲུག་བྱེད་པའི་དང་པོར་བེ་ཅོན་གྱི་
ཕྱག་རྒྱ་བཅིངས་ཏེ། གདོད་དེའི་འོག་ཏུ་ཚམ་ངམ་སྦྱོར་བ་བྱའོ། །ཚམ་ངམ་སྟང་སྟབས་སམ། འཕེན་སྟངས་སམ་ཐབས་སམ་གང་ལ་གཟས་པའི་ཚུལ་ཡང་ཨ་ཤེས་པ་ཞེས་བྱ་བ་འདི་དག་ཀྱང་སྔགས་བསྣོལ་བའམ་བཟློག་པའི་ལས་དྲུག་ལ་ཚམ་ངམ་འདི་དྲུག་ལ་རིམ་བཞིན་
དུ་སྦྱར་ཏེ། ལས་བསྒྲུབས་ན་ཇི་སྐད་བཤད་པའི་ལས་དྲུག་པོ་དེ་དག་འགྲུབ་པར་འགྱུར་རོ། །རིམ་བཞིན་དུ་ཐ་མལ་པར་མ་བསྒྲུབས་པའི་ལས་དྲུག་པོ་ལས་ནི་ཨ་ཤོག་འདི་དག་ཁྲོ་བོའི་ཚུལ་ཡིན་པས་ན་མི་སྦྱོར་རོ། །དེ་བས་ན་བསྣོལ་བའི་ལས་དྲུག་པོ་ལ་སྦྱོར་ཏེ། སྐུ་ལས་སུ་ནི་སྐུ་
བསྒྱུར་ཏེ། །ཞེས་པ་དང་པོར་དེ་བཞིན་གཤེགས་པའི་དམ་ཚིག་གི་ཕྱག་རྒྱ་རྣམས་བཅིངས་ཏེ། དེའི་འོག་ཏུ་དངོས་པོ་སྟོང་པར་བསྒོམ་པ་དང་ཉི་མའི་དཀྱིལ་འཁོར་ལ་སྙིང་པོ་ཧཱུྃ་བསམ་པ་ནི་སྐུའོ། །ཧཱུྃ་དེ་ལས་རིམ་གྱིས་སྐུར་བསྒྱུར་རོ་ཞེས་པའི་དོན་ཏོ། །ལས་རྣམས་ཚུལ་བཞིན་
མཐོང་བ་ཡིས། །ཞེས་པ་སྔགས་བསྣོལ་བའམ་བཟློག་པའི་ལས་དྲུག་ཤེས་པའོ། །སྦྱོར་བ་དག་ནི་ལེགས་པར་བྱས། །ཞེས་པ་ཚམ་ངམ་གྱི་སྦྱོར་བ་དེ་དག་ལེགས་པར་བྱའོ་ཞེས་པའོ། །གདོང་དང་ཁ་མིག་རྐང་པ་མཉམ། །ཞེས་པ་གདོང་དང་ཁ་དང་། མིག་དང་། རྐང་པ་དག་ཐ་
མལ་པའི་ཚུལ་དུ་བསྒྱུར་ཅིང་བསྒོམ་མོ། །རྐང་པ་གཉིས་ཀྱི་བར་དུ་གུང་མོ་མཐོ་གང་བྱའོ། །སྙིང་ཡང་དེ་བཞིན་རབ་ཏུ་དགའ། །ཞེས་བསྒྲུབ་པའི་སེམས་དེར་བྱའོ། །གང་དབང་དུ་བྱ་བ་ལ་བྱའོ། །གང་ལ་བྱ་བའི་དངོས་པོ་དེ་ལ་གཟས་པའམ་ཞེས་པའི་ལུང་དང་མན་ངག་
སེམས་ཀྱིས་གཏད་པ་ལ་ཡ་ཨ་ག་ཤེ་ཞེས་བྱའོ། །ཚུལ་འདི་ལྟར་གནས་ཏེ་ལས་བྱེད་པ་ཡང་ཚམ་ངམ་ཞེས་བྱའོ། །དབང་དུ་བྱ་བའི་སྔགས་གསུང་བ་ཞེས་འཁོར་ལོའི་རྩིབས་ཀྱི་གནས་ལས་དབང་དུ་བྱ་བའི་སྔགས་གསུངས་པ་དེ་སེམས་རྩེ་གཅིག་པས་བསྒྲུབ་པོ། །དབང་དུ་

བྱེད་པའི་ཚེ་ཡང་ལག་པ་གཡས་པ་བེ་ཅོན་གྱི་ཕྱག་རྒྱ་བཅིངས་ཏེ་ཕྱར་ལ། ལག་པ་གཡོན་པས་ཁྲོ་བོའི་མཛུབ་མོ་བྲང་དུ་བསྒྲེང་སྟེ་ལས་བྱའོ། །ལས་ཟིན་པའི་འོག་ཏུ་ལག་པ་གཉིས་གར་ཐབས་སུ་སྦྱར་ཏེ། ལྟེ་བ་ཁུང་གི་ཐད་ཀར་དཀྲོལ་ལོ། །དེ་བཞིན་དུ་འཁོན་པ་དང་། བསད་པ་
གཉི་ག་ཡང་བཏང་སྟེ་ཟིན་པའི་རྗེས་ལ་གར་ཐབས་སུ་ནི་འཁོན་པའི་ནི་གཡོན་པའི་ལྟེ་ཟུར་དུ་དགྲོལ་ལོ། །བསད་པ་ནི་གཡས་པའི་ལྟེ་ཟུར་དུ་དགྲོལ་ལོ། །འདི་དག་ནི་སློབ་དཔོན་གྱི་ལུང་ངོ་། །ཕྱག་རྒྱ་བཅིངས་ཏེ་ལས་བྱ་བ་ནི་སྔ་མ་བཞིན་འབད་པར་བྱའོ། །རྐང་པ་ཡ་གཅིག་ཐུར་དུ་
བཞག །ཅེས་པ་རྐང་པ་གཉིས་སྔ་མ་བཞིན་བཞག་པ་ལས་རྐང་པ་གཡས་པའི་རྩེ་མོ་ས་ལ་བཙུགས་ཏེ་བཏེག་གོ། །གདོང་དང་ནུ་མཇིང་གཅུས་ཏེ་མནན། །ཞེས་པ། གདོང་དང་ནུ་མཇིང་གཡོན་ཕྱོགས་སུ་གཅུས་ཏེ་གནས་པ་ལ་བྱའོ། །ཁ་དང་མིག་ནི་ཡ་གཅིག་བཙུམས། །ཞེས་
གཡོན་ལ་སོགས་པ་ཁ་ཕྱེད་བཙུམས་པའི་ཚུལ་དུ་བྱས་པ་དང་། གཡོན་པའི་མིག་ཀྱང་བཙུམས་པ་ལ་བྱའོ། །ཚམ་ངམ་གནོན་པ་ཆེན་པོས་བྱ། །ཞེས་པ་མཐུ་རྩལ་དང་ལྡན་པ་དཔའ་བོ་ཆེན་པོའི་ཚུལ་དུ་གནས་པར་བྱའོ། །བེ་ཅོན་ལ་ནི་མིག་གཉིས་བལྟ། །ཞེས་པ་འཁོན་པར་
བྱ་བ་འདི་ལ་ཁྲོ་བོའི་མཛུབ་མོ་དང་བེ་ཅོན་གྱི་ཕྱག་རྒྱ་བཅིངས་ཏེ། ལས་བྱ་བ་ནི་སྔ་མ་བཞིན་ནོ། །མིག་གཡས་ཕྱེ་བས་བེ་ཅོན་གྱི་ཕྱག་རྒྱ་བཅིངས་པ་ལ་བལྟ་བར་བྱའོ། །བསྒྲུབ་པར་བྱ་སྒྲུབ་པ་ལ་འབད། །ཅེས་པ་འཁོན་པར་བྱ་བ་ལ་སེམས་རྩེ་གཅིག་ཏུ་གཏད་པས་འབད་ཅེས་
པའོ། །གང་དབྱེ་བར་འདོད་པ་གཉིས་ཞེས་པ་དབྱེ་བར་འདོད་པ་གཉིས་ཕན་ཚུན་དབྱེ་བར་འདོད་པ་ལས་འབད་ཅིང་བརྩོན་པར་བྱ་བ་སྟེ། དེ་དག་དབྱེ་བ་བརྩམ་པར་བྱ། །ཞེས་པའོ། །རྐང་པ་གཉིས་པ་བཏེག་པ་ཡི། །ཞེས་པ་རྐང་པ་གཡས་པ་གྱེན་དུ་བཏེག་ནས་ཚམ་ངམ་བྱས་པ་
སླར་ཡང་བཞག་ཅེས་པ་གདངས་པའི་ཚུལ་དུ་ཚམ་ངམ་བྱས་པ་དེས་སླར་ས་ལ་གཞག་པར་བྱ་བ་ནི་གཡས་བརྐྱང་བའི་ཚུལ་དུ་གནས་པར་བྱའོ། །ཕྱག་རྒྱ་བཅིངས་ནས་སུ། ཁྲོས་པར་ལྟ་ཞིང་ཡིད་ཀྱང་ཁྲོས། །ཞེས་པ་བཞིན་ཡང་ཁྲོ་གཉེར་ཅན་དུ་བྱའོ། །ཁྲོ་བོའི་མཛུབ་མོ་དང་བེ་

ཅོན་གྱི་ཕྱག་རྒྱ་གཉིས་བཅིངས་ཏེ་སྦྱར་ལ་བཟའོ། །ཁྲོ་བོའི་ལྟ་བ་ཡང་བྱ་ཞིང་ཡིད་ཀྱང་ཁྲོ་བོར་བྱའོ། །རབ་ཏུ་དཔའ་བ་སྲེན་དང་བཅས། །རྩལ་གྱིས་གནོན་པར་རབ་ཏུ་འདུལ། །ཞེས་པ་མཐུ་རྩལ་ཆེན་པོ་དང་། དཔའ་བོ་ཅིས་ཀྱང་མི་བཟློག་པའི་སྲེན་དང་བཅས་
པའི་ཚུལ་དུ་གནས་པར་བྱའོ། །སྔགས་སྔོན་བཞིན་དུ་སྔགས་ཚུལ་གནས། །གང་འདོད་པ་ནི་གཞོམ་པར་བྱ། །ཞེས་པ་སྔར་བཤད་པ་བཞིན་དུ་ཁྲོ་བོའི་སྐུ་ཡང་བསྒྱུར་ཞིང་འཁོར་ལོའི་རྩིབས་ཀྱི་གནས་གསུམ་པོའི་སྔགས་པ་ཡང་ཚུལ་བཞིན་དུ་གནས་ཏེ་སྒྲུབ་པ་པོས་གང་འདོད་
པ་དེ་གསད་པར་བྱའོ་ཞེས་པའོ། །དྲག་ཤུལ་ཅན་བརྐྱང་སྟེ་བཞག་ཅེས་པ་གཡོན་བརྐྱང་པའི་ཚུལ་དུ་གནས་པར་བྱའོ། །བཟུར་ཏེ་འདུག་པའི་ཚུལ་དུ་གནས། །ཞེས་པ་གཡས་ལོགས་སུ་བཟུར་བའི་ཚུལ་དུ་གནས་པར་བྱའོ། །གདོང་ཡང་གཡོན་པར་བསྒྱུར་བར་བྱ། །ཞེས་
པ་གཡས་ལོགས་སུ་གདོང་ཡང་གཅུས་ཏེ་གནས་པར་བྱའོ། །མཛུབ་མོ་བསྒྲེངས་ཏེ་གདོངས་པ་དང་། །ཞེས་པ་བྲང་དུ་བསྒྲེང་ཞེས་པའོ། །གཡས་པ་བེ་ཅོན་གྱི་ཕྱག་རྒྱ་དག་གིས་བསྡིགས་ཞེས་པའོ། །དེ་ནས་རྐང་པ་མཉམ་པར་གཞག །ཅེས་པ་རྐང་པ་གཉིས་ཀྱི་བར་དུ་
གུང་མོ་མཐོ་གང་གི་བར་དུ་གཞག་གོ། །ཡན་ལག་གཡས་པ་མཐོ་བར་བྱ། །ཞེས་པ་ལག་པ་གཡས་པ་བེ་ཅོན་གྱི་ཕྱག་རྒྱ་བཅིངས་ཏེ། མཐོ་བར་ཕྱར་ལ་དཔུང་བསྟོད་དོ། །དཔལ་དང་ལྡན་ཞིང་ཞེས་སྔགས་པའི་ཡོན་ཏན་ལ་བྱའོ། །གཡོན་པ་སྨད་ཅེས་པ་གཡོན་ལོགས་ཀྱི་དཔུང་པ་སྨད་དོ། །ཞི་
བར་འདོད་ན་ཞི་བར་འགྱུར། །ཞེས་ཚུལ་དེ་ལྟར་གནས་པས་ཞི་བར་ལས་བསྒྲུབས་པས་ཞི་བར་འགྱུར་རོ། །ཕྱེད་ནི་དམའ་བར་བཀུག་སྟེ་གནས། །ཞེས་པ་རྐང་པ་གཡས་ཚམ་ངམ་བྱེད་པ་ཉིད་ཅུང་ཟད་ཙམ་པ་བཀུག་པའི་ཚུལ་དུ་གནས་པ་ནི་ཕྱེད་དམའ་བར་བཀུག་པ་སྟེ་དེ་ནི་ཚམ་ངམ་མོ། །རྐང་པ་
གཡས་པ་ཚམ་ངམ་བྱེད། །ཅེས་པ་གཡས་ལོགས་དམའ་བར་བྱ་ཞེས་པའོ། །སྔགས་ཚུལ་གནས་པས་བསྒྲུབས་ན་ནི། །ཞེས་པ་སྔགས་བསྣོལ་བའི་འཁོར་ལོ་རྩིབས་དྲུག་པའི་གནས་ལ་སྔགས་བྲིས་པ་ལ་གནས་ཏེ་ཞེས་པའོ། །རྒྱས་པར་འདོད་ན་ཐོབ་པར་འགྱུར། །ཞེས་

པ་ཚུལ་འདི་ལྟར་གནས་པས་རྒྱས་པའི་ལས་བྱ་ན་རྒྱས་པར་འགྱུར་རོ་ཞེས་པའོ། །སླར་ཡང་དེ་བཞིན་ཤེས་བྱ་བ། །བཟློག་སྟེ་བྱ་ཡི་གཞན་དུ་མིན། །ཞེས་པ་འདི་ནི་ཚིག་གི་རྒྱན་ཙམ་དུ་ཟད་དེ་སྔགས་བསྣོལ་བའམ། བཟློག་པའི་ལས་དྲུག་པོ་ལ་ཚམ་ངམ་འདི་དྲུག་རིམ་བཞིན་དུ་སྦྱར་བར་བྱའོ། །
གཞན་ལ་ནི་མི་སྦྱོར་རོ། །ཚིགས་བཅད་གོང་མ་དང་སྦྱར་ན་སྔ་མའི་ལས་ཐ་མལ་པ་དྲུག་པོ་ལ་སྦྱར་བ་སྐད་དུ་བཤད་དོ། །ཚམ་ངམ་འདི་དག་དྲག་པོ་ལ་སྦྱར་བར་རིགས་ཞེས་ཁ་ཅིག་འཆད་དོ། །བསྒྲུབ་པ་བདག་ཉིད་ཆེན་པོ་ཡི། །ཞེས་པ་བསྒྲུབ་པའི་ཡོན་ཏན་དང་ལྡན་པ་དེའི་ཞི་བར་འགྱུར་ཞེས་
པའོ། །ཚམ་ངམ་རིགས་དྲུག་གསུངས་པ་ཞེས་པ་ལས་དྲུག་ལ་གོ་རིམས་བཞིན་དུ་ཚམ་ངམ་དྲུག་གསུངས་པ། དང་པོའི་མིང་ནི་ལེགས་པར་ཕྱོགས། །ཞེས་པ་དབང་གི་ལས་ཀྱི་ཚམ་ངམ་དང་པོར་གསུངས་པ་དེའི་མིང་ནི་ལེགས་པར་ཕྱོགས་ཞེས་བྱ་སྟེ་གང་དབང་དུ་བྱ་བ་དེ་བདག་ལ་ཕྱོགས་
ཤིང་དགའ་བར་བྱ་བ་བསྒྲུབ་པའི་ཕྱིར་ཚམ་ངམ་དེའི་མིང་ཡང་དེ་སྐད་ཅེས་བྱ་སྟེ། ཚམ་ངམ་འདི་དྲུག་ཆར་གྱི་མིང་ལས་ཀྱི་དོན་དང་། རྗེས་སུ་མཐུན་པའི་མཚན་ཉིད་ཅན་ཤ་སྟག་གོ། །དེ་ཡི་འོག་མ་རྒྱབ་ཀྱིས་ཕྱོགས། །ཞེས་པ་འཁོན་པར་བྱ་བའི་ཚམ་ངམ་གྱི་མིང་ཁྲོ་བོ་ཅན་ཞེས་པ་གསད་
པའི་ཚམ་ངམ་གྱི་མིང་ངོ་། །བཞི་པའི་མཛུབ་མོ་བསྒྲེང་བ་ཡིན། །ཞེས་པ་བསྐྲད་པར་བྱ་བའི་ཚམ་ངམ་གྱི་མིང་ངོ་། །ལྔ་པ་ལ་ནི་སྟོབས་ཞེས་བྱ། །ཞེས་པ་ཞི་བར་བྱ་བའི་ཚམ་ངམ་གྱི་མིང་ངོ་། །དྲུག་པ་སྟོབས་པོ་ཆེ་ཞེས་བྱ། །ཞེས་པ་རྒྱས་པར་བྱ་བའི་ཚམ་ངམ་གྱི་མིང་ངོ་། །
འདི་རྣམས་ཚམ་ངམ་དྲུག་ཏུ་བསྒྲགས། །ཞེས་པ་འདི་ནི་ཚམ་ངམ་དྲུག་ཏུ་བསྒྲགས་པ་ཡིན་ནོ། །ད་ནི་འཁོར་ལོའི་ཕན་ཡོན་བསྔགས། །ཞེས་བཤད་པའི་ཕྱིར། །ཚང་ངམ་གདངས་པ་བྱས་པ་ཡིན། །ཞེས་པ་ལ་སོགས་པ་སྨོས་སོ། །ཚམ་ངམ་དགངས་པ་བྱས་པ་ཡིས། །
དགྲ་བོའི་འཁོར་རྣམས་གཡེན་སྤྱོ་བ། །ཞེས་པ་གང་ལ་བྱ་བའི་དོན་དེ་ལ་གཟས་པའམ་ཞེན་པའམ་ལུས་དང་སེམས་ཀྱིས་གཏད་པའི་ཚུལ་ལྟ་བུ་ལ་ཡང་ཨ་གཤེ་ཞེས་བྱ་སྟེ། །དེ་ལྟ་བུའི་ཚུལ་གྱིས་བྱས་པ་ཡིས། །ཞེས་པའོ། །འཁོར་ལོའི་ཆོ་ག་ལ་གོམས་པར་བྱེད་པས་ཞེས་

པ་འཁོར་ལོར་གསུངས་པའི་སྔགས་རྣམས་ལས་ཞེས་པའོ། །རབ་ཏུ་གསང་བའི་རྒྱུད་འདི་དཀོན། །ཞེས་པ་རྒྱུད་འདི་ཉིད་ལ་བྱའོ། །ཁྲོ་བོ་རྣམ་པར་རྒྱལ་བ་འདི། །ཞེས་པ་ཁྲོ་བོ་ཆེན་པོ་ཉིད་བྱའོ། །གསང་བའི་རྟོག་པ་བཟང་པོ་འདི། །ཀུན་དུ་དངོས་གྲུབ་
ཀུན་སྦྱིན་པ། །ཞེས་པ་དཀའ་ཐུབ་དང་བརྟུལ་ཞུགས་དང་། ཁྲུས་དང་བཟླས་བརྗོད་ལ་སོགས་པ་བྱ་མི་དགོས་པར་སེམས་ཀྱི་རྣལ་འབྱོར་བྱས་པ་ཙམ་གྱིས་དངོས་གྲུབ་ཀུན་སྩོལ་བར་མཛད་པའི་གསང་བའི་རྟོག་པ་དེ་བས་སོ། །འཁོར་ལོ་འདི་ནི་ཤིན་ཏུ་དཀོན། །ཞེས་པ་འཁོར་
ལོ་གསུམ་པའི་ལས་འདི་ནི་ཧོམ་དང་བཟླས་པ་ཡོང་མི་དགོས་ཞེས་པའོ། །བསམ་གཏན་པའང་མི་དགོས་ཏེ། །ཞེས་པ་བསམ་གཏན་ལྷུར་བྱས་པས། གང་ལ་འཁོར་ལོ་འབའ་ཞིག་ཡོད། །གང་གསུངས་པ་ཡི་དངོས་ནས་ནི། །ཞེས་པ་འཁོར་ལོར་གསུངས་པའི་ལས་
གང་བསྒྲུབ་པའི་སྔགས་ལ་གནས་ན་རིང་པོར་མི་ཐོགས་པར་དེ་འགྲུབ་པོ་ཞེས་པའི་དོན་ཏོ། །དེ་བས་འདི་ནི་གསང་བྱས་ནས། །ཞེས་པ་འཁོར་ལོ་འདི་ནི་གསང་བྱས་ན། །ཐམས་ཅད་སྒྲུབ་པའི་སྒྲུབ་པ་པོས། །ཞེས་པ་ལས་དྲུག་འགྲུབ་ཅེས་པའོ། །ཁྲོ་བོ་རྣམ་པར་རྒྱལ་བ་འཇམ་
དཔལ་གྱི་རྩ་བའི་རྟོག་པ་ལས། གསང་བའི་རྟོག་པ་གཉིས་པའི་བཤད་པ་རྫོགས་སོ།། །།གོང་དུ་སྔར་ཡི་གེ་བཅུ་བདུན་པ་དང་བཅུ་གསུམ་པ་དང་ཡི་གེ་བཞི་བཅུ་རྩ་གསུམ་པ་དང་བཅུ་གཅིག་པ་དང་འཁོར་ལོར་གསུངས་པའི་སྔགས་ལ་སོགས་པའི་ལས་བཤད་ནས་
གསང་པའི་རྟོག་པར་གཏོགས་པའི་ལེའུ་གསུམ་པ་འདིར་ཡང་གོང་དུ་སྔར་བཤད་པ་རྣམས་ལས་ཐ་དད་དུ་གྱུར་པའི་ཡི་གེ་འབྲུ་གསུམ་ལ་ལས་མང་པོ་སྒྲུབ་པ་དེ་འཆད་དེ། དེ་ཡང་དོན་གྱི་དབྱེ་བ་རྣམ་པ་བཞིས་བསྟན་ཏེ། དེ་ལ་གླེང་བསླང་བའི་ཞེས་བྱ་བ་དང་། གསང་སྔགས་བསྟན་
པའི་མཚན་ཉིད་དང་། སྔོན་དུ་བསྙེན་པ་བྱ་བའི་ཆོ་ག་དང་། སྔོན་དུ་བསྙེན་པ་བྱས་ནས་ཕྱིར་ལས་མང་པོ་བྱ་བ་རྣམས་ཀྱིས་བསྟན་ཏོ། །ད་ནི་གླེང་བསླང་བའི་ཞེས་བྱ་བ་བཤད་པའི་ཕྱིར་ཁྲོ་བོའི་རྒྱལ་པོའི་དངོས་གྲུབ་འདི་གསུངས་སོ། །ཁྲོ་བོའི་རྒྱལ་པོའི་དངོས་གྲུབ་ནི། །ཞེས་པ་ཁྲོ་བོའི་

རྒྱལ་པོ་ཆེན་པོ་ལས་མང་པོ་སྣ་ཚོགས་པ་འོག་ནས་འབྱུང་བ་རྣམས་ཀྱང་ཡི་གེ་འབྲུ་གསུམ་པའི་མཐུས་ཐོགས་པ་མེད་པར་འགྲུབ་པར་འགྱུར་བ་དེ་ཡང་ཡི་གེ་འབྲུ་གསུམ་པས་བསྒྲུབས་ན་སྔར་གོང་དུ་བཤད་པ་རྣམས་ལས་ཐ་དད་པ་ཞེས་བྱ་སྟེ། སྔགས་པ་བསྒྲུབ་པར་འདོད་ན། དང་པོ་
སྔགས་པའི་ཆོ་གའི་མཆོག་དེ་ཚུལ་བཞིན་དུ་སྔར་སྤྱད། དེའི་འོག་ནས་བཤད་པའི་ལས་མང་པོ་དེ་དག་བསྒྲུབས་ན། དེ་བཞིན་དུ་འགྲུབ་པར་འགྱུར་ཞེས་སོ། །རབ་ཏུ་གསང་བའི་སྔགས་འདི་ནི། །བཏུང་བ་གང་རྣམས་སྔར་གསུངས་པ། །རེ་ཞིག་དེ་ཡི་མཚན་ཉིད་འདི། །
གཞན་དག་འདིར་ནི་བཤད་པར་བྱ། །ཞེས་པ་ཡི་གེ་འབྲུ་གསུམ་པོ་དང་འབྲེལ་བར་བྱ་བ་གྲངས་སུ་གཏོགས་པའི་ཡི་གེ་བཅུ་བདུན་པོའི་སྔགས་དང་བཅུ་གསུམ་པོའི་སྔགས་དང་། བཞི་བཅུ་རྩ་གསུམ་པོ་ལ་སོགས་པའི་སྔགས་རྣམས་བཏུས་ཏེ་གང་གསུངས་པ། རྣམས་ཀྱི་དེའི་
མཚན་ཉིད་ཀྱི་གོང་མ་ལས་གཞན་པ་དག་བཤད་པར་བྱའོ་ཞེས་པའི་དོན་ཏོ། །ད་ནི་གསང་སྔགས་བདུན་པ་ཞེས་པ་བཤད་པའི་ཕྱིར། དེ་ཡི་ལས་ནི་གང་གསུངས་པ། །ཞེས་པ་ལ་སོགས་པ་སྨོས་སོ། །དེ་ཡི་ལས་ནི་གང་གསུངས་པ། །གང་དག་ཕྱིས་ཀྱང་བསྒྲག་འགྱུར་བ། །
དཔའ་བོ་གཅིག་པུ་འབའ་ཞིག་གིས། །ཞེས་པ་ཡི་གེ་འབྲུ་གསུམ་པོའི་གྲངས་སུ་གཏོགས་པའི་ཡི་གེ་འབྲུ་གསུམ་པོའི་ལས་སྔར་གོང་དུ་གསུངས་པ་རྣམས་འོག་ནས་ལས་མང་པོ་བཤད་པ་རྣམས་སོ། །དཔའ་བོ་ཞེས་པ་སྔགས་ཀྱི་ཡོན་ཏན་ཏེ། དེ་ཡང་སྔགས་གཞན་དང་མ་འདྲེས་པའི་ཡི་
གེ་འབྲུ་གསུམ་པོའོ། །ཐམས་ཅད་དེ་ཉིད་དེ་གཞན་མིན། །ཞེས་པ་ཡི་གེ་འབྲུ་གསུམ་པོ་དེ་ཡང་སྦྱོར་བའམ་རྫོགས་པ་ཉིད་ཡིན་ཏེ་མ་ཚང་བའམ་ཉམས་པ་ནི་མ་ཡིན་ནོ། །ཐམས་ཅད་དུ་ཡང་བཤད་པ་ཡིན། །ཞེས་པ་ཡི་གེ་འབྲུ་གསུམ་པོ་དེ་ཡང་འབྱོར་པའམ་རྫོགས་པར་བཤད་པར་
བྱའོ་ཞེས་པའི་དོན་ཏོ། །སྔགས་དེ་ལས་རྣམས་ཀུན་བྱེད་པའོ། །ཞེས་པ་ཡི་གེ་འབྲུ་གསུམ་པོའི་སྔགས་དེའི་འོག་ནས་འབྱུང་བའི་ལས་མང་པོ་ཀུན་བྱེད་པའོ། །རྒྱུད་ལས་དངོས་གྲུབ་གང་གསུངས་པ། །ཞེས་པ་རྒྱུད་འདི་ལས་དངོས་གྲུབ་གང་གསུངས་པ་ཞེས་པའོ། །དཔའ་བོ་

གཅིག་པུའི་མཐུས་ཀྱང་འགྲུབ། །ཅེས་པ་ཡི་གེ་གཞན་དུ་མ་འབྲེལ་པའི་ཡི་གེ་འབྲུ་གསུམ་པོ་གཅིག་པུའི་མཐུས་འགྲུབ་པོ། །ད་ནི་གསང་སྔགས་བཏུ་བའི་མཚན་ཉིད་བཤད་དེ། ཨོཾ་ནི་དེ་ཡི་ཐོག་མ་སྟེ། །བདེ་བར་གཤེགས་པའི་དམ་ཚིག་ཡིན། །ཞེས་པ་ཡི་གེ་འབྲུ་
གསུམ་པོ་དེའི་ཐོག་མ་ཞེས་བྱ་བའི་དོན་དེ་འབྲུ་གསུམ་པོ་དེའི་ཐོག་མ་ལ། ཨོཾ་འབྱུང་བ་ནི་དམ་ཚིག་ཡིན་ནོ། །ཐོག་མ་ཡི་ནི་གཉིས་པ་ཡིན། །དྲག་པོའི་ཚིག་གིས་ཕུལ་བའི་ལུས། །ཞེས་པ་དང་པོའི་ཨོཾ་གཏོགས་པར་གཉིས་པ་ཡང་དྲག་པོའི་ཚིག་གཉིས་ཕུལ་བའི་ཨཱཿགཞག་
གོ་ཞེས་པའོ། །སྔགས་ཀྱི་ཡི་གེ་ཕྲེང་བཀོད་ལ། །སྔགས་རྣམས་ཐམས་ཅད་གསལ་བྱེད་པས། །ཞེས་པ་ཨཱཿདེའི་མཐུ་དང་གཟི་བྱིན་ལྟག་འོག་གི་སྔགས་ཕྲེང་བ་བཀོད་པའི་ཚུལ་དུ་གནས་པའི་སྔགས་ཐམས་ཅད་མཐུ་ཅན་དུ་འགྱུར་ཞིང་ཡོངས་སུ་རྫོགས་པ་དང་། གསལ་བར་སྟོན་པ་ཡིན་
ཞེས་པའོ། །ཁྲོ་བོའི་རྒྱལ་པོའི་སྙིང་པོ་ནི། །གསུམ་པོ་དེ་ནས་སྦྱར་བར་བྱ། །ཞེས་པ་གོང་མའི་གཉིས་པོ་གཏོགས་པར་གསུམ་པར་སྦྱར་ཏེ་དེ་ལྟར་ཡི་གེ་འབྲུ་གསུམ་མོ། །དེ་ནས་ཁྲོ་བོའི་རྒྱལ་པོ་ཡི། །སྐུ་ནི་དེ་ཡི་འོག་ཏུ་བརྟག །ཅེས་སྤྱི་བོར་ཡི་གེ་ཨོཾ། །མགྲིན་པར་ཡི་གེ་ཨཱཿ
སྙིང་གར་ཡི་གེ་ཧཱུྃ་བསམ་པ་ལས་ཁྲོ་བོའི་སྐུར་བསྐྱེད་དེ་བསྒོམ་མོ་ཞེས་བཤད་དོ། །སྔགས་པས་སྔགས་རྣམས་ཀུན་གྱི་མཚན། །ཞེས་པ་ཡི་གེ་འབྲུ་གསུམ་པའི་སྔགས་ཀྱི་མཚན་ཉིད་དེ་ལྟར་ཤེས་པར་བྱའོ་ཞེས་པའི་དོན་ཏོ། །ད་ནི་སྔོན་དུ་བསྙེན་པ་བྱ་བའི་ཆོ་ག་བཤད་པའི་ཕྱིར། ཐོགས་པ་
མེད་པའི་སྔགས་རྣམས་ནི། །ཞེས་པ་ལ་སོགས་པ་སྨོས་སོ། །བདག་ཉིད་ཆེན་པོ་ཐམས་ཅད་ཀྱིས། །ཞེས་པ་སྔགས་ཀྱི་ཡོན་ཏན་ཏེ་ཡི་གེ་འབྲུ་གསུམ་པའོ། །བསྲུང་བ་ལ་སོགས་པའི་ལས་རྣམས་ཀུན་ཞེས་པ་བསྐྲད་པ་དང་། མཚམས་བཅད་པ་དག་བྱ་ཞེས་པའོ། །གོ་རིམས་བཤད་པ་བཞིན་དུ་
བྱ། །ཞེས་པ་འོག་ནས་འབྱུང་བའི་གོ་རིམས་བཞིན་དུ་ལས་བྱའོ། །ཐམས་ཅད་བདག་ཉིད་ཆེན་པོ་འདིས། །ཞེས་པ་སྔགས་ཀྱི་ཡོན་ཏན་ལ་བྱ་སྟེ། ཡི་གེ་འབྲུ་གསུམ་པོ་བེ་ཅོན་གྱི་ཕྱག་རྒྱ་དང་ལྡན་པས། བསྲུང་བ་དག་ནི་བྱས་ནས་སུ། །ཞེས་པའོ། །སྔོན་གྱི་ཚུལ་བཞིན་རབ་དབེན་པར། །རི་མོ་ཡི་ནི་མཆོག་

བཞག་ནས། །ཞེས་པ་སྔོན་དུ་བཤད་པའི་ཕྱག་ལྔ་བཅུ་པོའི་རི་མོའི་སྐུ་གཟུགས་ཉིད་དེ། དེ་ཡང་ཆོ་ག་བཞིན་དུ་བྲིས་ནས་རྒྱུན་འགྲུལ་མེད་པའི་གནས་དབེན་པའི་རི་མོ་མཆོག་སྟེ་བཞག་ནས་ཇི་སྐད་དུ་སྔར་གསུངས་པའི་ཆོ་གའི་མཆོད་པས་མཆོད་པར་བྱའོ། །ཉིན་རེ་མེ་ཏོག་ཕྲེང་བ་ལ། །ཞེས་
པ་མ་ལེའི་ཕྲེང་བ་སྐུ་ལ་གསོལ་ཞིང་མཆོད་དོ། །ལན་བདུན་བཟླས་པ་རྣམས་ཀྱིས་མཆོད། །ཅེས་པ་འབྲུ་གསུམ་པོའི་སྔགས་ཀྱིས་མེ་ཏོག་ཕྲེང་བ་ལ་བཟླས་ལ་མཆོད་ཅེས་པའོ། །མེ་ཏོག་དམར་པོ་ཁ་འབུས་པ། །ཞེས་པ་ཁ་འབུས་མ་ཁད་ལ་བྱའོ། །རི་མོ་ལ་ནི་ཕོག་པར་དབུལ། །ཞེས་པ་
ཡི་གེ་འབྲུ་གསུམ་པོ་ཟློས་ཤིང་དབུལ་ཞེས་པའོ། །ཆོ་ག་འདི་ཡིས་དུས་གསུམ་དུ། །ཞེས་པ་ཆོ་ག་དེ་ལྟ་བུས་ཉིན་གཅིག་ཀྱང་དུས་གསུམ་དུ་ཟླ་བ་གཅིག་ཏུ་བྱས་ན་ནི། ཁྲོ་བོ་མངོན་སུམ་མཉེས་གྱུར་ནས། །ཞེས་པ་ཉིད་ཐོར་མ་ཡིན་པར་བདག་གིས་མཉེས་པར་གྱུར་ནས་རྨི་ལམ་དུ་ནི་དངོས་གྲུབ་བདག་
ལ་སྩོལ་ཅིག་བཀའ་སྩལ་ཏོ། །རྨི་ལམ་དུ་ནི་དངོས་གྲུབ་སྟེར། །ཞེས་པའོ། །ཆོ་ག་འདི་ལྟར་སྔར་བྱས་ན། །གང་འདོད་པ་ཡི་དགོས་པ་དག །དེ་ཚེ་གདོན་མི་ཟ་བར་འགྲུབ། །ཅེས་པ་གོང་དུ་སྨོས་པ་ལྟ་བུའི་ཆོ་ག་འདི་སྔར་སྤྱད་ནས། དེའི་འོག་ཏུ་གང་འདོད་པའི་ལས་རྣམས་བསྒྲུབས་ན་ཐེ་ཚོམ་མེད་
པར་འགྲུབ་པར་འགྱུར་རོ། །དེ་དག་ནི་གོང་དུ་བསྙེན་པ་བྱ་བའི་ཆོ་ག་མཆོག་བཤད་པའོ། །ད་ནི་གོང་དུ་བསྙེན་པ་བྱས་ནས་ཕྱིས་ལས་མང་པོ་ཞེས་བྱ་བ་བཤད་དེ། །ད་ནི་ཆོ་ག་མཆོག་བཤད་དོ། །ཞེས་པའོ། །ད་ནི་གོང་དུ་བསྙེན་པར་བྱ་བའི་ཆོ་ག་བཤད་དོ། །དེ་ལྟར་ཟླ་གཅིག་མཉེས་བྱས་
ནས། །ཞེས་པ་སྔར་བཤད་པའི་ཆོ་ག་བཞིན་དུ་བྱས་ནས་ཞེས་པའོ། །སྔགས་པས་ལས་རྣམས་གང་བྱ་བ། །དེ་ཡི་ཆོ་ག་མདོར་བསྡུས་ནས། །ཞེས་པ་རྒྱུད་ཆེན་པོ་ལས་བསྡུས་ནས་དེ་ནི་ལེགས་པར་བཤད་པར་བྱ་ཞེས་པའོ། །གནས་དང་འགྲོ་དང་སྦྱར་བ་ཡིས། །ཞེས་པ་འབྲས་བུའི་རྩ་བ་ལ་
སོགས་པའི་དུག་གོ། །སྦྱར་ཞེས་པ་ནི་ཆེད་དུ་སྦྱར་བའི་དུག་གོ་ཅེས་པའོ། །དུག་ནི་རྣམ་པ་གསུམ་དག་དང་། །ཞེས་འདི་དག་ལས་ཀྱང་སོས་པར་བྱེད་ནུས་སོ། །བདག་གིས་བྱས་པའི་ཕྱག་རྒྱ་སྔགས། །ཞེས་པ་བདག་གིས་ཕྱག་རྒྱ་དང་སྔགས་ལ་སོགས་པའི་སྦྱོར་བ་བྱས་པ་དེ་དག་

གཞན་གྱིས་མི་ཤེས་ཤིང་མི་འགྱུར་བར་བསྟན་པར་བྱ་བའི་ཕྱིར་སྔགས་ལན་ཅིག་བརྗོད་པ་ཙམ་གྱིས་བསྲུང་ངོ་། །ཡིད་ལ་བསམས་པ་ཙམ་གྱིས་ཀྱང་། །ཞེས་པ་ལྟག་འོག་གཉི་གའི་ལས་བྱེད་དོ། །གཞན་དག་གིས་ཀྱང་གཅོད་པར་བྱེད། །ཅེས་པ་ཕ་རོལ་པོའི་རིག་
སྔགས་བདག་ལ་གནོད་པར་བྱེད་པ་ཡང་གཅོད་པར་བྱེད་དོ། །བཞི་པའི་རིམས་ལ་སོགས་པ་ཡང་། །ཞེས་པ་ལྔ་པ་དྲུག་པ་བདུན་པའི་རིམས་ལ་སོགས་པ་དག་ཅེས་པའོ། །མ་དང་བྱིས་པའི་གདོན་རྣམས་དྲག །ཅེས་པ་མ་བདུན་བྱི་ཏོ་ཏ་མ་ལའི་ནང་ནས་བྱིས་པ་ལ་གནོད་པའི་མིང་གིས་སྨོས་
པ་ལྟ་བུ་ཞི་བར་བྱེད་དོ། །བདག་དགར་ཕབ་ནས་དགོས་པའི་དོན། །ཞེས་པ་གདོན་དེ་དག་ཀྱང་གང་ལ་དབབ་པའི་མི་དེའི་སྤྱི་བོར་ཐལ་བའམ། ས་གཏོར་ཞིང་སྔགས་བརྗོད་དེ་ཕབ་དགོས་པའི་དོན་རྣམས་དྲི་བར་བྱ་ཞིང་སྔགས་པ་ཅི་འདོད་པའི་དོན་རྣམས་བསྒོ་བ་དེ་བཞིན་དུ་བྱེད་དོ། །ཡིད་ལ་
བསམས་པ་དེ་ལས་ཐར། །ཞེས་པ་དེ་ལྟར་ཕབ་ནས་སླར་བཏང་བ་ཡང་ཡིད་ལ་བསམས་པ་ཙམ་གྱིས་ཐར་བར་ཡང་འགྱུར་ཞེས་པའོ། །རྡོ་ལ་ལན་གསུམ་བཟླས་པའི་ཚེ། །ཞེས་པ་ཆུ་ལས་རྒལ་བའི་ཚེ། །ཆུའི་ནང་དུ་བོར་ན་ཆུ་སྲིན་ཀུམྦྷི་ལ་སོགས་པ་ཞེས་པ་ཆུའི་ནང་གི་བགེགས་
རྣམས་ཆུ་ལས་བསལ་བ་མཆོག་ཏུ་འགྱུར་ཞེས་པ་ཆུའི་བགེགས་རྣམས་ཞེས་པའོ། །ལམ་ལ་རྐུན་པོ་འཇིགས་པ་མེད། །ཅེས་པ་ལམ་དུ་ཞུགས་ཏེ་འགྲོ་བའི་ཚེ་འཇིགས་པ་མེད་ཅེས་པའོ། །སྔགས་ཀྱིས་སྤྱི་གཙུག་བཅིངས་ནས་ནི། །ཞེས་པ་ལག་པ་གཡས་པས་བདག་གི་སྤྱི་
གཙུག་མདུད་པ་དོར་ཞིང་སྔགས་བརྗོད་དེ། དེ་ལྟར་བྱས་ནས་ཡང་རྒྱལ་པོ་ཁྲོས་པ་ཡང་བདག་གི་དབང་དུ་འགྱུར་ན་མ་ཁྲོས་པ་ལྟ་ཅི་སྨོས་ཏེ། རྒྱལ་པོ་ཁྲོས་པའང་མྱུར་བར་རབ་ཏུ་ཞེས་པའི་དོན་ཏོ། །ཡིད་ལ་དྲན་ཞིང་བཟླས་བྱས་ན། །ཞེས་པ་སྔགས་བཟླས་ཞེས་པའོ། །མི་བདེ་ཉམ་ཐག་
གྱུར་པ་ལ། །སྔགས་ནི་མྱུར་དྲན་བརྗོད་པར་བྱ། །ཞེས་པ་འཕྲལ་དུ་མྱུར་དུ་ཉམ་ཐག་པ་ནི་བསྟུད་པ་བྱུང་བ་ལའོ། །མྱུར་བའི་ཚིག་ནི་གཉི་གར་སྦྱར། །ཞེས་པའོ། །སྤྲིན་དག་མནན་པར་བྱ་བའམ། །ཞེས་པ་སྤྲིན་གྱེས་པ་དགག་པར་བྱ་བ་ལའོ། །འདོད་བཞིན་མྱུར་དུ་སླར་ཡང་བཟློག །ཅེས་པ་ཇི་ལྟར་

འདོད་པ་བཞིན་དུ་མྱུར་དུ་ཆར་ཡང་གཅོད་པར་བྱེད་དོ། །དབྱིག་པའི་ཕྱག་རྒྱ་གྲུབ་པར་བྱེད། །ཅེས་པ་དེ་ཡང་བེ་ཅོན་གྱི་ཕྱག་རྒྱའོ། །ཡིད་ཀྱིས་སྤྲིན་རྣམས་བརྡབ་པར་བྱ། །ཞེས་པ་སྤྲིན་གང་འཁྲུག་ཅིང་འཐབ་པ་ལས་ལྕགས་དང་། སེར་བ་དབབ་པའི་སྤྲིན་དག་ལས་སེམས་ཀྱིས། །བསྡིགས་
པའམ་དྲལ་བར་བྱ་ཞིང་བསམ་ཞིང་ལས་བྱའོ། །མྱུར་དུ་རྣམ་པར་གདགས་པར་བྱ། །ཞེས་པ་གནམ་ལྕགས་དང་སེར་བ་བཅད་ཅིང་མེད་པར་བྱ་བའི་དོན་ཏོ། །རྣམ་པ་དེ་ཉིད་ཅེས་པ་གོང་དུ་བཤད་པ་དེ་དག་གིས་ཞེས་པའོ། །སྦྱོར་བ་མཁས་པས་ཅི་འདོད་པར། །ཞེས་པ་སྦྱོར་བ་མཁས་པའི་སྔགས་
མཁན་དག་གིས་བདག་ཉིད་ཇི་ལྟར་འདོད་པའི་སྦྱོར་བ་དག་གིས་ཆར་པ་དག་གཅད་པར་བྱ་བ་ནི། ཆར་པ་དག་ཀྱང་གཅད་པར་བྱ། །ཞེས་པའོ། །གོས་ནི་སྔོན་པོ་བགོས་ནས་སུ། །ཞེས་པ་ཡོ་བྱད་ཐམས་ཅད་ཆར་སྤྲིན་གྱི་ཁ་དོག་དང་སྦྱར་རོ། །ཁོ་ར་ཁོར་ཡུག་བསྲུང་བྱས་ནས། །ཞེས་པ་སྔགས་
དང་ཕྱག་རྒྱས་མཚམས་བཅད་དེ་ཞེས་པའོ། །མིད་པ་ཙམ་དུ་ཆུར་འདུག་སྟེ། །ཞེས་པ་སྔགས་པ་ཉིད་འདུག་ཅེས་པའོ། །ཉིན་གསུམ་ལེགས་པར་བཟླས་པར་བྱའོ། །ཞེས་པ་ཉི་མ་གསུམ་དུས་གསུམ་དུ་བཟླས་ཞེས་པའོ། །བརྒྱ་བྱིན་གྱིས་ནི་སྤྲིན་བསྡུས་ནས། །ཞེས་པ་བརྒྱ་བྱིན་
གྱིས་ཀླུ་ལ་བཀའ་སྩལ་ནས་སྤྲིན་བསྡུས་ཏེ་ཆར་འབེབས་སོ། །ཉི་མ་ལ་ནི་མངོན་ཕྱོགས་ནས། །ཞེས་པ་སྒྲུབ་པ་པོ་ནི་ཁ་ཉི་མ་ལ་བལྟས་ཏེ་ཉིན་རེ་བཞིན་རྟག་ཏུ་བཟླས་བྱས་ན་ཞེས་པ། ཉིན་གཅིག་ཀྱང་དུས་གསུམ་དུ་བཟླས་ཞེས་པའོ། །ནད་རྙིང་དེ་ནས་མེད་པར་འགྱུར། །ཞེས་པ་ནད་རྙིང་གཅོང་
ཆེན་དག་ཞི་བར་ཞེས་པའོ། །རྒྱལ་པོའམ་དེའི་ཆུང་མའང་རུང་། །ཞེས་པ་རྒྱལ་པོའི་བཙུན་མོ་ཡུངས་ཀར་དཀར་པོ་བཟང་པོ་ལས་ཞེས་པ་ཡུངས་ཀར་བཏགས་པ་ལས་སོ། །གང་གི་མིང་སྨོས་ཉིན་བདུན་དུ། །ཞེས་པ་རྒྱལ་པོའི་བཙུན་མོ་གང་དབང་དུ་བྱ་བ་དེའི་མིང་ངོ་། །དེ་ནི་ཚེ་གང་འདིས་
ཞེས་པ། གང་དབང་དུ་བྱ་བ་དེ་བྲན་བཞིན་དུ་ནི་དབང་དུ་འགྱུར་ཞེས་པའོ། །དམངས་རིགས་དག་ནི་དབང་དུ་འགྱུར། །ཞེས་པ་དབང་དུ་བྱ་བ་ཀུན་འདྲ་སྟེ་སྔ་མ་བཞིན་དུ་གཟུགས་བརྙན་བྱས་པ་གཟུགས་ཀྱི་སྟེང་དུ་འདུག་ནས་སྔགས་བཟླས་སོ། །བཟླས་ན་རྗེའུ་རིགས་འདོད་པ་བཞིན། །

ཞེས་པ་སྔ་མ་བཞིན་དུ་བཟླས་ཞེས་པའོ། །ཞག་གསུམ་ཞེས་པ་སྨྱུང་བར་གནས་པའོ། །བཟླས་པ་ཆོ་ག་བཞིན་བཤད་ན། །ཞེས་པ་རྒྱལ་པོ་དང་བཙུན་མོ་དབང་དུ་བྱ་བའི་ཆོ་ག་བཞིན་དུ་བྱས་ཏེ་ལས་བྱས་ན་སྔགས་པ་འདོད་པ་བཞིན་དུ་གང་དབང་དུ་བྱ་བ་དེ་བདག་གི་དབང་
དུ་འགྱུར་རོ། །འབྲུ་དང་ཕུབ་མ་ཐམས་ཅད་ལས། །ཞེས་པ་འབྲུ་སྣ་ལྔ་ལ་སོགས་པའི་འབྲུ་ཐམས་ཅད་དང་འབྲུ་དེ་དག་གི་ཕུབ་མ་ཐམས་ཅད་དང་བསྲེས་ཏེ་བཏགས་པ་ལས་གཟུགས་བྱའོ། །མཛའ་བོ་གཉིས་འཁོན་པར་རབ་ཏུ་སྡང་བར་བྱས་པར་འགྱུར་ཞེས་པའི་དོན་ཏོ། །རྒྱལ་རིགས་
དང་ཞེས་པ་ཞག་གསུམ་འགྲུབ་ཅེས་པའོ། །བྲམ་ཟེའི་ཞེས་པ་ཞག་བཞི་སྨྱུང་བ་བྱ་ཞེས་པའོ། །དེ་ལྟར་ཇི་སྐད་གསུངས་པ་ཡི། །ལས་ཀྱི་བྱ་ཡིས་གཞན་དུ་མིན། །ཞེས་པ་དེ་ལྟར་ཆོ་ག་ཇི་སྐད་གསུངས་པ་བཞིན་དུ་དབང་གི་ལས་བྱའི་ཆོ་ག་གཞན་གྱིས་མི་བྱའོ། །གང་ཡང་རུང་བའི་
གཟུགས་བརྙན་ནི། །ཞེས་པ། བསད་པ་དག་ནི་གཟུགས་བརྙན་བྱ་ཞེས་པའོ། །སྔ་མ་བཞིན་དུ་དབེན་པར་བྲི། །ཞེས་པས། བསྟར་བའི་སྟེང་དུ་གཟུགས་བརྙན་བྲི། །རྒྱུན་འགྲུལ་མེད་པའི་སར་ཞེས་པའོ། །དེ་ནས་སེང་ལྡེང་ཕུར་བུ་ལ། །ཞེས་པ་ཕུར་བུ་ཟུར་རྡོ་རྗེས་མཚན་པ་སོར་བརྒྱད་
པའོ། །སྔགས་ཀྱིས་སྟོང་དུ་བཟླས་བྱས་ན། །ཞེས་པ་འབྲུ་གསུམ་པའི་སྔགས་ཀྱིས་བཏབ་ཅེས་པའོ། །དེ་ཡི་ལུས་ལ་ཕུར་བུས་གདབ། །ཅེས་པ་བསད་པར་བྱ་བའི་གཟུགས་བརྙན་ལ་གདབ་ཅེས་སོ། །འདི་ལ་ཁྲོས་པར་བྱས་ནས་སུ། །ཞེས་པ་བསད་པར་བྱ་བ་ཡང་ཁྲོས་
ཞེས་སོ། །དེ་ནས་དེ་ཡི་སྙིང་ཁར་འདུག །ཅེས་པ་སྔགས་པས་མཆོག་ཕུར་གཟུགས་བརྙན་དེའི་སྙིང་ཁར་འདུག་པར་བྱའོ། །ཕུར་བུས་བཏབ་སྟེ་བཟླས་པ་བྱ། །ཞེས་པ་གཟུགས་བརྙན་ཕུར་བུས་བཏབ་པ་དེ་ཡང་ཕུར་བུས་གདབ་ཅེས་པའོ། །དེ་ཉིད་ལག་པས་བཟུང་ནས་སུ། །
ཞེས་པ་ཕུར་བུ་ལག་གི་ས་བཟུང་སྟེ། དུས་གསུམ་ཉིན་གསུམ་བཟླས་བྱས་ན། །ཞེས་པ་ཉི་མ་གསུམ་དུས་གསུམ་དུ་བཟླས་ན། དགྲ་ལ་གང་དུ་བཏབ་པ་དེར་ཞེས་པ་དགྲ་བོའི་གཟུགས་བརྙན་ལ་ཕུར་བུས་གང་དུ་བཏབ་པ་དེར། གཟེར་ཐབས་དྲག་པོས་བཏབ་ནས་སུ། །ཞེས་པ་གནས་དེ་ཉིད་དུ་གཟེར་

ཐབས་འགྱུར་ཞེས་པའོ། །འགུལ་མི་ཕོད་པར་ས་ལ་ལྟུང་། །ཞེས་པ་དགྲ་དེ་ཡང་ས་ལ་འགྱེལ་བར་འགྱུར་ཏེ། ཞག་བདུན་ན་གདོན་མི་ཟ་བར་འཆི་བར་འགྱུར་རོ། །མ་མོའི་གནས་སུ་སོང་ནས་ནི། །ཞེས་པ་ཕན་ཆད་ནི་མ་མོ་བདུན་གྱི་མཆོད་པའི་རྟེན་ཡོད་པ་དེར་སོང་ནས། གཡས་པ་བེ་ཅོན་
གྱི་ཕྱག་རྒྱ་བཅིངས་ཞེས་པའོ། །གཡོན་པའི་མཛུམ་མོ་ཡིས་ཞེས་པ་བྲང་དུ་བསྒྲེང་ནས་བཟུང་ཞེས་པའོ། །དགྲ་ལ་བསྡིགས་ཤིང་ཉི་མ་ནུབ་ཀྱི་བར་ཞེས་པའོ། །ཁྲོས་ཤིང་དགྲ་ཡི་མིང་སྨོས་བཟླས། །ཞེས་པ་ནམ་ལངས་ནས་ཉི་མ་ནུབ་ཀྱི་བར་དུ་བཟླས་སོ། །དེ་ནས་དགྲ་བོ་མ་གདོན་
གྱིས། །ཞེས་པ་རྣམས་རྦད་པས་དགྲ་བོ་དེ་མའི་གདོན་གྱིས་ཟིན་ནས། ཟིན་ནས་སྤྱོད་པ་སྣ་ཚོགས་པ། །འཆི་བར་འགྱུར་བ་དག་ནི་བྱེད། །ཅེས་པ་ཆུར་མཆོད་པ་དང་། མེར་མཆོད་པ་ལ་སོགས་པའི་སྨྱོ་བླ་ཅན་ཏེ། བབ་ཅོལ་དུ་གྱུར་ནས། སྲོག་དང་བྲལ་བར་འགྱུར་རོ། །དེ་ནས་
བསྒྲུབ་པ་ཞི་བ་ཡི། །ཆོ་གས་དེ་ལས་ཞི་བར་བྱ། །ཞེས་པ་དེ་ནས་དེ་སླར་ཞི་བའི་ཆོ་ག་བྱ་སྟེ་དེ་ཡང་གཟུགས་བརྙན་སྔ་མ་དེ་ཉིད་སྤྱིའི་གཞུང་ལས་འབྱུང་བ་བཞིན་དུ་འོ་མས་བཀྲུ་བ་ལ་སོགས་པའི་ཞི་བའི་ཆོ་ག་བྱའོ། །མ་མོ་རྣམས་ཀྱི་མདུན་འདུག་ནས། །ཞེས་པ་མ་མོ་བདུན་གྱི་རྟེན་གྱི་
དྲུང་དུ་འདུག་ནས་ཞེས་པའོ། །ཞི་བའི་ཆོ་ག་མཁས་པ་ཡིས། །ཞེས་པ་ཞི་བར་བྱས་ནས་སོ། །ཉིན་གཅིག་ཏུ་ནི་བཟླས་བྱས་ན། །ཞེས་པ་ཉིན་གཅིག་དུས་གསུམ་དུ་བཟླས་ཞེས་སོ། །ཉི་མ་ལ་ནི་མངོན་ཕྱོགས་ནས། །ཞེས་པ་སྒྲུབ་པ་པོ་ཁ་ཉི་མ་ལ་བལྟས་ཏེ། ལག་པ་གཡས་པས་
བདག་གི་མགོ་བྱུག་ཅིང་ཞེས་པའོ། །དགྲ་བོ་མིང་སྨོས་མནན་ནས་སུ། །ཞེས་པ་གོང་དུ་བཤད་པ་བཞིན་དགྲའི་གཟུགས་བརྙན་བྲིས་ཏེ། དེའི་སྟེང་དུ་མནན་པའམ་ཡང་ན་ཁྲོ་བོ་མཐུ་རྩལ་གྱིས་དགྲ་བོ་དེ་མནན་པའི་ཚུལ་དུ་ཡང་བྱའོ། །ཉི་མ་ནུབ་ཏུ་བཟླས་བྱས་ནས། །ཞེས་པ་ནང་པར་ནམ་ལངས་
ནས་ནུབ་ཀྱི་བར་དུ་བཟླས་པས་ཞེས་པའོ། །དེ་ནི་ཀླད་པ་ན་གྱུར་པ། །ཞེས་པ་དགྲ་བོ་དེ། དེ་ནས་ཞི་བར་བྱས་ནས་ནི། །ཉི་མ་ལ་ནི་ཐལ་སྦྱར་བཟླས། དེ་ནས་ཞེས་པ་དེ་ནས་སླར་ཞི་བར་བྱ་ན། །སྒྲུབ་པ་པོ་ཉིད་ཉི་མ་ལ་ཁ་བལྟས་ཤིང་ཐལ་མོ་སྦྱར་ཏེ་བཟླས་པ་བྱས་ན་ཞི་བར་འགྱུར་རོ། །ས་སྟེང་

རྐང་པ་གཅིག་གིས་འདུག །ཅེས་པ་རྐང་པ་གཡོན་པ་འབའ་ཞིག་ས་ལ་བཞག་གཡས་པ་བསྐུམ་མོ། །ལག་པ་གཡས་པས་བེ་ཅོན་གྱི་ཕྱག་རྒྱ་བཅིངས་ཏེ་སྦྱར་བར་བྱའོ། །ཉིན་པར་ལག་པས་གྱེན་དུ་བརྐྱང་། །ཞེས་པ་ཉིན་ཞག་གཅིག་ཏུ་བྱ་སྟེ། །དེ་ཡང་ནང་པར་ནམ་
ལངས་ནས། ཉི་མ་ཤར་གྱི་བར་དུ་བྱའོ། །མི་དགའ་ཁྲོས་ཤིང་བཟླས་བྱ་བ། །ཞེས་སྒྲུབ་པ་པོ་མང་པོ་གནས་གཅིག་ཏུ་འདུག །མི་འདོད་པའི་སེམས་དང་ལྡན་པར་བྱས་ནས་བཟླས་པ་བྱ་ཞེས་པའོ། །ཉི་མ་ནུབ་ཀར་དེ་ནས་དགྲ། །ཞེས་པ་དེ་ལྟར་བཟླས་པ་བྱས་པའི་དགོངས་མོ་མི་དགའ་བ་དང་
མྱོས་པར་འགྱུར་ཏེ་ཞེས་པ་གང་བསྐྲད་པར་བྱ་བའི་དགྲ་དེ། གཉེན་དང་མཛའ་བོ་རྣམས་བོར་ནས། །ཞེས་པའི་དོན་ཏོ། །དེ་ལས་གཞན་པའི་གནས་སུ་འགྲོ། །ཞེས་པ་སྔ་མའི་གནས་དེ་ལས་གཞན་དུ་འགྲོ་བར་བྱེད་པའོ། །དེ་ལ་འདིར་ནི་ཞི་བའམ། །ཞེས་པ་དེ་དག་སླར་ཞི་བའམ། འོན་ཏེ་
རྒྱས་པར་བྱ་འདོད་ན། །ཞེས་པ་རྒྱས་པར་བྱེད་འདོད་ན་སྤྱིའི་ལས་ཀྱི་མཚན་ཉིད་གཅིག་པ་ལས་འདི་ལྟར་བྱའོ། །བདེ་ཞིང་བརྟན་ལ་མ་ཡེངས་པར། །ཞེས་པ། སྒྲུབ་པ་པོའི་ལུས་སེམས་ཀྱི་འགྱུར་བ་མེད་པར་རྩེ་གཅིག་ཏུ་བྱ་ཞེས་པའོ། །འོ་མ་འཐུང་ཞེས་པ་ཟས་སུ་ཞི་བར་འགྱུར་གྱི་བར་ཞེས་པ་ནམ་
ཞི་བའམ་རྒྱས་པར་འགྱུར་གྱི་བར་དུ་བཟླས་སོ། །དེ་ལྟར་འདི་ནི་སྣ་ཚོགས་པའི། །སྦྱོར་བཅས་རྒྱས་པ་བཤད་པ་ཡིན། །ཞེས་པ་དེ་ལྟར་རྟོག་པ་འདིར་སྦྱོར་བ་དང་བཅས་པའི་ལས་རྣམས་སྣ་ཚོགས་མང་པོའི་ཆོ་ག་རྒྱས་པར་བཤད་པ་ཡིན་ནོ། །རྟོག་པའི་ཆོ་ག་བཞིན་དུ་ནི། །ཞེས་པ་ལེའུ་འདིར་ཕྱག་
རྒྱ་དང་། སྔགས་དང་། ལྷའི་སྦྱོར་བས་རྒྱུད་འདི་ཉིད་ལས་གསུངས་པའི་ལས་དང་། རྒྱུད་གཞན་ལས་འབྱུང་བའི་ལས་རྣམས་ཀྱང་རྒྱུད་དེ་དག་གི་ཆོ་ག་བཞིན་བསྒྲུབས་ན་འགྲུབ་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །གསང་བར་གཏོགས་པ་གསུམ་པའི་བཤད་པ་རྫོགས་སོ།། །།གསང་
བར་གཏོགས་པའི་ལེའུ་བཞི་པ་འདི་ལ་དོན་རྣམ་པ་དྲུག་གིས་བསྟན་ཏེ། དེ་ལ་དང་པོར་སྐབས་དབྱེ་བ་ཞེས་བྱ་བའི་དོན་བཤད་དེ། དེ་ནས་གཞན་ཡང་བཟང་པོ་འདི། །ཞེས་པ་གོང་དུ་གསུངས་པ་ལས་གཞན་པ་འོག་ནས་འབྱུང་བ་སྟེ། ཙནྡྲི་ཞེས་བྱ་བ་སྟེ་ཚིག་དང་། དོན་འབྱུང་བ་བཟང་པོ་ལ་

བྱའོ། །འོག་ནས་ལས་སྣ་ཚོགས་པ་འབྱུང་བའོ། །ཧེ་ལེའི་འཁོར་ལོ་རྒྱས་པ་ནི། །ཞེས་པ། ཧེ་ཞེས་བྱ་བ་ནི་གནས་གང་དུ་འགྲོ་བར་ལན་མང་དུ་མི་ཟློས་པར་ལན་གཅིག་གིས་ཕྱིན་ཞེས་ཏེ་མྱུར་བའི་དོན་ཏོ། །དེ་ལས་བཟང་པོའི་གཞན་མེད་པ། །ཞེས་པ་ཧེ་ལེའི་འཁོར་ལོ་དེ་ལས་གཞན་
མེད་པས་བླ་ན་མེད་ཅེས་བྱ་བའི་དོན་ཏོ། །ད་ནི་ས་བོན་སྔར་བྱས་ནས་གསང་བའི་སྔགས་འབྱུང་བ་བསྟན་པ་ཞེས་བཤད་དེ། དང་པོ་ཧེ་ཞེས་གང་གསུངས་པ། །ཞེས་པ་བྱཱ་ཀ་ར་ཎའི་གཞུང་གིས་ཡི་གེ་གུག་སྐྱེད་དང་བཅས་པར་མེད་དེ། །ཡི་གེ་གང་ཡིན་པའི་གཞུང་ཉིད་པས་ཡི་གེ་ཧ་ཞེས་པ་
གང་དུ་གསུངས་པ་སྟེ། འགྲེང་བུ་དང་། གུ་གུ་དག་མ་གཏོགས་སོ། །བསྐུལ་བའི་ས་བོན་ཐམས་ཅད་པའོ། །ཞེས་པ་ཡི་གེ་ཧ་དེ་དག་གིས་བསྐུལ་བའི་ས་བོན་ཐམས་ཅད་པ་ཡིན་པས་ན་དེ་ཡང་ཡི་གེ་ཐམས་ཅད་ཀྱི་ས་བོན་ཡིན་ཏེ། །ཨོཾ་དང་ཨཱཿདང་ཧཱུྃ་ལ་སོགས་པའི་ས་བོན་ཡིན་ཏེ།
དེས་ཐམས་ཅད་བསྐུལ་བས་ལས་ཐམས་ཅད་བྱེད་པས་ན། བསྐུལ་བའི་ས་བོན་ཐམས་ཅད་པའོ། །དེ་ནི་ལེན་དང་འཛིན་པ་སྟེ། དེ་ལྟར་བླངས་ནས་ཀྱང་ལས་སྦྱོར་བའི་ཧེ་དག་ལ་བྱ་སྟེ། དེ་ནི་ལས་བྱེད་པ་ལ་དབང་བསྐུར་བའི་ཕྱིར་བླངས་པའོ། །ལས་ལ་མྱུར་དུ་འགྲུབ་པའོ། །ཞེས་
པ་པྲ་བུད་དེ་ཞེས་བྱ་སྟེ། བསྐུལ་བ་ལ་ཡང་བྱ། མཁས་པ་ལ་ཡང་བྱ་སྟེ། དེས་བསྐུལ་བ་ནི་ལས་རྣམས་མྱུར་དུ་འགྲུབ་པ་དང་། ཧེ་ཧེ་དེ་ནི་མཁས་པས་ལས་ལ་སྦྱར་བར་བྱའོ་ཞེས་བྱ་བར་ཡང་བཤད་དོ། །དེ་བས་ཐོག་མར་བསྐུལ་བ་དང་། །ཞེས་པ། དེ་བས་ན་ཐོག་མའི་ཡི་གེ་ཧེ་ཧེ་
དག་གིས་བསྐུལ་བ་དང་ལྡན་པར་འཁོར་ལོར་སྔགས་བཀོད་པ་དག་གིས་ལས་ལ་སྦྱར་བ་ཞེས་བྱ་བའི་དོན་ཏོ། །ཁྲོ་བོའི་རྒྱལ་པོ་ཡིས་ཞེས་པ་ཁྲོ་བོའི་སྔགས་རྣམས་འབྱུང་བ་ནི་འཇམ་དཔལ་གྱི་སྔགས་ཏེ། དེའི་སྤྲུལ་པ་ཡིན་པའི་ཕྱིར་རོ། །དེའི་སྔགས་ཧ་རྣམས་འབྱུང་བ་ནི་ཐོགས་པ་མེད་
པའི་ཡི་གེ་སྟེ། ལས་རྣམས་མྱུར་དུ་འགྲུབ་པར་བྱེད་པའོ། །ཧེ་ལ་འཁོར་ལོ་རིམ་བཞིན་བསྟན། །ཅེས་པ་གུག་སྐྱེད་མ་གཏོགས་པའི་ཧ་འདི་བཅུ་གཉིས་ཐོགས་པ་མེད་པ་སྟེ། སྔགས་འདིས་ནི་ལས་མྱུར་དུ་འགྲུབ་པར་བྱེད་དོ། །གོ་རིམས་བཞིན་དུ་འབྲུ་བཅུ་གཉིས་ཟུང་དུ་སྦྱར་ན། ཟུང་

དྲུག་ཏུ་གྱུར་པས་འཁོར་ལོའི་རྩིབས་ཀྱི་གནས་ཕྱེད་ལས་མཆེད་པས་ན་དེ་ལྟར་སྦྱར་དུ་མི་རུང་སྟེ། གོ་རིམས་བཞིན་དུ་ཟུང་འདྲ་བ་གཉིས་སུ་སྦྱར་ན། ཟུང་བཅུ་གཉིས་སུ་འགྱུར་བས་དེ་ལྟར་སྦྱར་བར་རིགས་སོ། །འོ་ན་ལས་ཐ་དད་པ་མི་འདྲ་བ་བཅུ་གཉིས་འབྱུང་བ་ལ་སྔགས་འདྲ་བ་
ཟུང་རེ་རེར་སྦྱར་བ་འདི་འགལ་བའི་སྐྱོན་དུ་མི་འགྱུར་རམ་ཞེ་ན་མི་འགྱུར་ཏེ། ཧེ་ཧེ་དག་ཟུང་དུ་སྦྱར་བའི་སྔགས་འདི་ཡིས་ནི། ཁྲོ་བོའི་བསྐུལ་བར་མཛད་པའི་ཡོན་ཏན་ནོ། །ལས་བཅུ་གཉིས་པོ་དེ་དག་དངོས་ཁྲོ་བོ་བཅུ་གཉིས་ཀྱི་སོ་སོར་མཛད་པ་ནི། སྔགས་འདྲ་བར་བཀོད་པའི་སྐྱོན་དུ་མི་འགྱུར་
རོ། །ཧེ་ཧེ། ཧ་ཧ་ཞེས་པ་བཟླ་བ་ནི། ཧི་ཧི་གཉིས་རིང་པོ་འདྲ་བར་འོས་སོ། །ཧི་ཧི་ཞེས་པ་འདི་གཉིས་དང་། དྲུག་པའི་ཟུང་དུ་འོས་སོ། །ཁྲོ་ཆེན་ཚིག་གི་ཐོག་མར་བཅས། །ཞེས་པ་ཧེ་ཧེ་ཟུང་དུ་དྲུག་སྦྱར་བའི་སྔགས་བཅུ་གཉིས་པོ་དེ་དག་ཀྱང་གང་དུ་དགོད་པར་བྱ་ཞེ་ན། མ་ཧཱ་ཀྲོ་དྷ་ཞེས་པ་ཁྲོ་
བོའི་སྔགས་ཟློས་པའི་དང་པོའི་མགོ་ལ་དགོད་པར་བྱའོ་ཞེས་སོ། །ཟུང་གཅིག་ཅེས་པའི་ཚིག་གཉིས་པོ། །ཞེས་པ་ཧེ་ཧེ་དག་ཁྲོ་བོ་ཆེན་པོའི་ཚིག་གི་ཐོག་མར་ཞེས་འབྱུང་བ། ཁྲོ་བོ་ཆེན་པོའི་ཚིག་དེ་དག་འཁོར་ལོའི་རྩིབས་ཀྱི་གནས་ཀྱི་མིག་གང་དུ་བྲི་བ་དེ་བཤད་དོ། །ཟུང་དྲུག་
འཁོར་ལོའི་མཐའ་མར་བཀོད། །ཅེས་པ་འཁོར་ལོ་ཟུང་དྲུག་ཡ་ཕྲལ་ན། རྩིབས་བཅུ་གཉིས་ཏེ། གྲ་ས་གྲ་ས་ཞེས་བྱ་བའི་ཚིག་གཉིས་པོ་འདི་དག་འཁོར་ལོའི། རྩིབས་བཅུ་གཉིས་པའི་མཐར་དགོད་པར་བྱ་བ་ཡང་། གང་དུ་དགོད་པར་བྱ་ཞེ་ན། འཁོར་ལོའི་རྩིབས་བཅུ་གཉིས་པའི་
སོ་སོའི་གནས་གནས་ཀྱི་མཐའ་ལ་མུ་རན་གྱི་ནང་རོལ་མཐའི་མིག་རྣམས་སུ་དགོད་པར་བྱའོ། །མུ་རན་རྩིབས་ཀྱི་མིག་རྣམས་སུ། །སྔགས་ལས་འབྱུང་བ་རེ་རེའོ། །དོན་རྣམས་ཐམས་ཅད་གྲུབ་པར་བྱེད། །ཅེས་པ་ཡི་གེ་ཧེ་ལ་བྱ་སྟེ་དེ་ཡང་སྔགས་ཀྱི་རང་བཞིན་ལས་བྱུང་བའི་ཡི་གེ་འབྲུ་གཉིས་པའི་
ཟུང་རེ་རེའོ། །འཁོར་ལོའི་རྩིབས་བཅུ་གཉིས་པོའི་གནས་ཀྱི་མིག་ཏུ་བྲིས་པ་དེ་ནི། ལས་འདི་དག་ཐམས་ཅད་འགྲུབ་པར་འགྱུར་རོ། །བཅུ་གཉིས་དག་ཏུ་གསུངས་པའི་སྔགས། ཞེས་པ་ཡི་གེ་ཧེ་ཧེ་དྲུག་ལ་བཅུ་གཉིས་ཟུང་།། །།