Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 52

Văn bản gốc(Tây Tạng)

Trang 19 / 19 (50.000 ký tự/trang)
མེད་པར་སྣང་ཞིང་བདེ་བའི་རང་བཞིན་དུ་རྟོགས་པ་སྟེ། གཉིས་པོ་དེ་
དག་སྦྱོར་བ་ནི་ཡང་དག་པར་ཀུན་ནས་དབྱེར་མེད་ཅིང་ཐ་སྙད་དུ་འབྲེལ་པར་བྱས་པའོ། །རྫོགས་པའི་བྱང་ཆུབ་ནི་ཕུན་སུམ་ཚོགས་པའི་ཡོན་ཏན་མཐའ་དག་ཡང་དག་པར་རྟོགས་པ་སྟེ། དེ་སྒྲུབ་པར་བྱེད་པ་ནི་དེ་དང་དེ་ལྟ་བུའི་ཏིང་ངེ་འཛིན་ཕུན་སུམ་ཚོགས་པ་འདི་མཐའ་དག་ལས་ཐ་སྙད་
དུ་རྫོགས་པའི་བྱང་ཆུབ་སྒྲུབ་པར་བྱེད་པའོ། །ད་ནི་རབ་ཏུ་གནས་པའི་དེ་ཁོ་ན་ཉིད་གསུངས་པ། ཕྱི་རོལ་གྱི་རྣམ་པར་ཡོངས་སུ་གཟུང་ཞིང་ཡིད་ལ་བྱས་པའི་ཡུལ་དང་ཡིད་ལ་བྱེད་པ་ཐམས་ཅད་ནུབ་པ་ནི་ཉེ་བར་ཞི་བའི་དམ་ཚིག་པ་དང་ཡེ་ཤེས་ཀྱི་འཁོར་ལོ་སྤྲོ་ཞིང་བསྡུ་བ་དང་གཞུག་
པ་ལ་སོགས་པ་སྟེ། དེའི་ཚེ་སྣང་བ་མཐའ་དག་སྒྱུ་མ་དང་རྨི་ལམ་དང་མཚུངས་པར་སྣང་བཞིན་པ་དྲི་མ་མེད་ཅིང་གསལ་བ་ཙམ་འབའ་ཞིག་པ་ཡང་དག་པར་རིག་པ་ལའོ། །རྡོ་རྗེ་སེམས་དཔའ་ནི་སྟོང་པ་ཉིད་དང་སྙིང་རྗེའི་རང་བཞིན་ཡང་སྟེ། གང་གནས་པ་ཞེས་པ་ནི་གང་དབྱེར་མེད་
པར་གནས་པའོ། །དེ་ཉིད་ནི་མཐའ་དག་སངས་རྒྱས་རྣམས་ཀྱི་འང་རབ་ཏུ་གནས་པ་སྟེ། བླ་ན་མེད་པ་ནི་ཇི་ལྟར་ཡོད་པ་རྟོགས་པ་ཉིད་ཀྱིས་སོ། །འདི་དག་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་མཆོག་ཏུ་གསང་བ་ཆེན་པོ་ལས་གཞན་མ་ཡིན་ལ། དེ་ཡང་དེ་བཞིན་གཤེགས་པ་
ཡང་དག་པར་མཆོད་པའི་ཆེད་དུ་འདི་ལྟར་ཆོ་ག་ཇི་ལྟ་བས་ཁྲུས་ལ་སོགས་པ་དེ་རྣམས་བྱ་བ་དེ་ལ་ནི་རྣམ་པར་དག་པའི་དད་པའི་སྟོབས་དང་ལྡན་པ་ལས་འདི་རྣམས་སུ་དེ་བཞིན་གཤེགས་པ་ཉིད་རབ་ཏུ་གནས་པ་དང་བྱིན་གྱིས་བརླབས་པ་ཡང་དེ་དང་མཚུངས་པར་འགྱུར་བ་ཡིན་ནོ། །དེ་

ཉིད་ཀྱི་ཕྱིར་འདི་ལྟར་དེ་བཞིན་གཤེགས་པའི་སྐུའི་རྣམ་པར་རོལ་པ་ནི་ལུས་པ་མེད་པའི་རོལ་པ་སྣ་ཚོགས་པས་རྣམ་པར་རྩེན་པ་འདི་ཉིད་ཡང་དག་པར་རིག་པ་ལས་ཚོགས་མ་ལུས་པ་སྒྲུབ་པར་བྱེད་པའོ་ཞེས་སྟོན་པ་ནི། གཉིས་སུ་མེད་པའི་དག་པ་ཡང་དག་པར་རིག་པས་ཆོས་མཐའ་
དག་ལྷའི་བདག་ཉིད་དུ་རབ་ཏུ་སད་པ་རྟོགས་པའི་རྣམ་པར་རོལ་པའི་ཚོགས་ཀྱི་རྒྱུར་གྱུར་པའི་རོལ་པ་ལ། བཅོས་མ་མ་ཡིན་པའི་ང་རྒྱལ་རབ་ཏུ་བྱེད་པས་མཆོག་གི་བདེ་བའི་ཚོགས་ཉམས་སུ་མྱོང་བ་ལས་རྣལ་འབྱོར་པས་ཚོགས་གཉིས་པོ་རྫོགས་པར་བྱེད་པའོ། །དེ་བཞིན་དུ་མཆོད་
པའི་དེ་ཁོ་ན་ཉིད་ནི་དགའ་བ་སྟེ། དེ་ཡང་འདི་ལྟར་ལྷའི་རང་བཞིན་གྱིས་རོལ་པས་ན། འདི་ཉིད་སྐྱོ་བ་མེད་པར་རྣམ་པ་ཐམས་ཅད་པའི་ཏིང་ངེ་འཛིན་གྱི་བློས་རང་གི་འདོད་པའི་རོ་རབ་འབྱམ་དུ་གྱུར་པ་ལས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཉིད་དེ། བསམ་གྱིས་མི་ཁྱབ་སྦྱོར་བའི་བདག་
ཉིད་ཀྱིས། །ཞེས་བྱ་བ་ནི་ཀུན་དུ་རྟོག་པ་མ་ལུས་པས་སྟོང་པའི་རང་བཞིན་གྱི་ཏིང་ངེ་འཛིན་ཏེ། གཉིས་ཀྱི་དངོས་པོར་ཡོངས་སུ་དམིགས་པའི་དམིགས་པ་བཅོམ་ནས་སྒྱུ་མ་དང་རྨི་ལམ་དང་མཚུངས་པའི་སྦྱོར་བ་རྩོམ་པའི་རིམ་པ་མངོན་པར་འཕེལ་བ་ལ་བདེ་བའི་རོལ་པ་ཡང་དེ་
དང་མཚུངས་པར་རབ་ཏུ་གསལ་བའོ། །རྡོ་རྗེའི་དབང་ཕྱུག་ཅེས་བྱ་བ་ནི་བཅད་ཅིང་གཞིག་ཏུ་མེད་པ་ལ་སོགས་པའི་མཚན་ཉིད་ཀྱིས་རྡོ་རྗེ་དང་རང་གཞན་ཕུན་སུམ་ཚོགས་པའི་བདག་པོ་ཉིད་ཀྱིས་དབང་ཕྱུག་སྟེ། སྐུ་གཉིས་སུ་ནུས་པ་འདི་ཉིད་ལས་ཀྱེའི་རྡོ་རྗེ་ཉིད་དོ། །མཆོད་པར་བྱ་
ཞེས་བྱ་བ་ནི་རྟོགས་པར་བྱ་བ་སྟེ། རྟོགས་པར་བྱས་པ་ལས་རང་ཉིད་མངོན་པར་འཕེལ་བར་འགྱུར་བ་ཉིད་ཀྱིས་སོ། །གཟུགས་ལ་སོགས་པ་ལྔ་ནི་གཟུགས་དང་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་རྣམ་པར་ཤེས་པ་ལྔ་ཞེས་པའོ། །བཏགས་པ་ནི་དེ་ལ་གཉིས་ཀྱི་རྣམ་པས་མངོན་
པར་ཞེན་པའོ། །ཟ་བ་ནི་དེ་འཇོམས་པའོ། །དམ་ཚིག་ནི་ཀུན་དུ་བའི་ཡེ་ཤེས་ཏེ། དེ་ལྟར་ན་གཉིས་སྤངས་ནས་རང་བཞིན་གྱིས་ཡོངས་སུ་དག་པ་ཉིད་གོམས་པ་ལས་ཀྱང་ཀུན་ནས་མཐའ་དག་གསལ་ཞིང་གཏུགས་པ་མེད་པར་མ་ལུས་པའི་ཆོས་ཀྱི་རྣམ་པ་ཐམས་ཅད་མཁྱེན་པ་

ཉིད་ཀྱི་གནས་སྐབས་ཐོབ་པར་འགྱུར་བ་འདི་ཉིད་ནི་འདིར་དམ་ཚིག་ཆེན་པོ་ཡིན་ནོ། །གང་གི་ཕྱིར་དམ་ཚིག་དེ་ནི་རྣམ་པར་དག་པ་སྟེ། རྣམ་པར་དག་པས་ནི་ཐམས་ཅད་དུ་ཇི་ལྟར་འདོད་པའི་ཀུན་དུ་སྤྱོད་པས་གནས་པར་བྱ་བའོ། །དེའི་ཕྱིར་རྣམ་པར་དག་པ་ནི་རྫོགས་
པའི་བྱང་ཆུབ་སྒྲུབ་པར་བྱེད་པ་ཡིན་ཏེ། དེ་བས་ན་ཇི་ལྟར་འདོད་པའི་ཀུན་དུ་སྤྱོད་པས་གནས་པ་ཙམ་ཉིད་ཀྱིས་རྣམ་པར་དག་པར་འགྱུར་བ་ནི་མ་ཡིན་པས། འདི་ལྟར་རྣམ་པར་དག་པའི་ཡེ་ཤེས་ལ་བརྩོན་པར་བྱ་བའོ། །ད་ནི་འདིའི་ཕན་ཡོན་གསུངས་པ། རྣམ་པར་རྟོག་པ་དེངས་པ་
ཡིས། །ལྷག་པར་མོས་པ་མི་འབྱུང་བ། །གསལ་བར་སྣང་བ་འདི་དེ་ནི། །རང་རིག་བདེ་བ་ཆེན་པོའོ། །འགའ་ཞིག་བདུད་རྩི་ཞེས་བྱ་བའི། །གཏམ་ཉིད་ཀྱིས་ནི་ཚིམ་མོད་ཀྱང་། །མངོན་སུམ་ཉམས་མྱོང་བདག་ཉིད་ནི། །རོ་ལ་བརྩོན་པའི་རྣམ་སྨིན་ནོ། །སུ་ཞིག་གཟུགས་
ཀྱི་ཚོགས་བསྡུ་བ། །དམིགས་དང་བཅས་ལ་ཆགས་མེད་དང་། །དམིགས་པ་མེད་པར་རྩེ་གཅིག་པའི། །མཆོག་དེ་རྣམས་ནི་དཀོན་པ་ཉིད། །འགའ་ཞིག་སྟོང་པ་ཉིད་ལ་དང་། །ལ་ལ་སྦྱོར་བའི་རིམ་པར་རྨོངས། །སུ་ཞིག་བདེ་བ་ཆེ་སྤྲོ་བའི། །རང་བཞིན་ཅན་འདིར་རྣལ་འབྱོར་
པ། །ཞེས་སོ། །གོ་བར་བྱེད་པའི་སྙིང་པོ་རབ་ཏུ་དད་པས་གསལ་བྱས་ལས། །བསོད་ནམས་ཕུང་པོ་དྲི་མ་མེད་པ་བདག་གིས་གང་ཐོབ་པ། །དེས་ནི་འཇིག་རྟེན་རྣམ་པར་རྟོག་པའི་དྲ་བ་ཡོངས་བསལ་ནས། །རྫོགས་པའི་བྱང་ཆུབ་ཚོགས་མཆོག་སྙིང་པོ་གོ་བར་བྱེད་གྱུར་ཅིག །དཔེ་ལ་ཤིན་
ཏུ་རྨོངས་པ་རོ་གཅིག་གྱུར་པའི་ཡིད་ཅན་རྣམས་ཀྱི་དཔེར་བྱ་རབ་གསལ་པ། །གསལ་བར་རིག་པ་བླ་མའི་བླ་མར་གྱུར་ལ་གལ་ཏེ་ཤེས་རབ་རང་བཞིན་ཅན་ཡིན་ཀྱང་། །གཞན་ལས་རྟོགས་པའི་འབྲས་མིན་རྡོ་རྗེ་ཅན་གྱི་བཀའ་ལུང་ཐོབ་པ་རྒྱུད་དང་རྗེས་མཐུན་པ། །དེ་རིག་པ་ལ་གོ་
བྱེད་སྙིང་པོ་བརྒྱ་པར་དཔལ་ལྡན་ཧེ་རུ་ཀ་ཡིས་བརྗོད་པ་ཡིན། །དངོས་པོའི་ཡིད་ཀྱི་རོལ་པ་མང་པོའི་ཚོགས་ཀྱིས་ཕལ་ཆེར་བརྩེ་བའི་རོ་ཡིས་ནི། །བསྙེམས་པའི་བརྩམས་པས་རྣམ་པར་བསྒྱིངས་པའི་གུས་པས་འཇུག་པ་ཅི་ཡང་རུང་བ་སྨྲོས། །རྣམ་པ་ཐམས་ཅད་དོན་ནི་ཇི་ལྟའི་

ཉམས་ཀྱིས་ཀུན་དུ་རྟོག་པས་གཟུང་བ་ལས། །བདག་ལ་ཆེས་སྔར་དད་ཅེས་སྨྲ་བར་བྱ་བའམ་ཇི་ལྟར་བྱ་བ་དེ་བཞིན་གྱིས། །གང་ཞིག་ནད་པ་ཤིན་ཏུ་སྐོམ་པའི་གདུང་བ་ཡིས་ཀྱང་ཆུ། །མཐོང་ནས་དང་བས་དེར་ནི་བསྙེན་ཀྱང་རྣམ་པར་དཔྱོད་པ་ཡིས། །རྨོངས་པས་འདིར་ནི་འཐུང་དང་
བསྟེན་པར་ཡང་ནི་མི་བྱེད་པ། །དེ་ལ་བདེ་བ་གཅིག་ཀྱང་ག་ལ་སྐོམ་པ་ཉིད་ཅེས་བྱ། །གོ་བར་བྱེད་པའི་སྙིང་པོ་བརྒྱ་པ་རྣམ་པར་བཤད་པ་ཞེས་བྱ་བ་དཔལ་ཧེ་རུ་ཀ་དེ་བའི་ཞལ་སྔ་ནས་མཛད་པ་རྫོགས་སོ།། །།རྒྱ་གར་ཤར་ཕྱོགས་སངྣ་ག་རའི་པཎྜི་ཏ་ཆེན་པོ་ཤྲཱི་བ་ན་རཏྣའི་ཞལ་སྔར། དགེ་
སློང་ཆོས་སྨྲ་བ་བསོད་ནམས་རྒྱ་མཚོའི་སྡེ་ཞེས་བྱ་བས་དཔལ་ངམ་རིང་གི་ཡང་རྩེར་མཉན་ཞིང་བསྒྱུར་བ་ལས། ཕྱིས་ལེགས་པར་བརྟགས་ཤིང་ཞུས་ཏེ་གཏན་ལ་ཕབ་པའོ།། ༄༅༅། །རྒྱ་གར་སྐད་དུ། ཨཱ་ཡུཿསཱདྷ་ནཾ། བོད་སྐད་དུ། ཚེ་སྒྲུབ་པའི་ཐབས། དཔལ་
ལྡན་བླ་མ་ལ་ཕྱག་འཚལ་ལོ། །གང་ཞིག་སྐྱིལ་ཀྲུང་གདན་ལྡན་ལུས་ཀྱི་རྒལ་ཚིགས་དབྱུག་པ་རེངས་པར་ནི། །བྱས་ནས་འབྱུང་འཇུག་རླུང་དག་ཡང་དང་ཡང་དུ་ཟུང་གི་ལས་བྱ་སྟེ། །བཤང་བའི་གནས་ཡོངས་བཙུམ་ལས་གྱེན་དུ་གྲངས་ཞིང་ཨོ་ཊི་ཡཱ་གནས་བསྡམ། །སྲོག་རྣམས་
སྟེང་དུ་བཀུག་ནས་མགྲིན་པའི་དྲིལ་ཆུང་བུ་གར་རྣལ་འབྱོར་བྱ། །འདི་ལྟར་རླུང་ནི་སྦྱངས་པའི་ཆོ་གས་བཀུག་པ་ན་ནི་རང་དབང་ཉིད། །ཐོབ་པ་རབ་ཏུ་བྱུང་བ་གང་ཚེ་རླུང་ནི་གློག་དང་འདྲ་བར་འགྱུར། །དེ་ལས་དེ་ལྟར་དྲི་མེད་བདེ་སྟེར་ཟླ་བ་ལྕེའུ་ཆུང་ལས་འབབ་པས། །སྐམས་པའི་རྩ་
ཚོགས་ཉིན་དང་མཚན་དུ་ཚིམ་བྱ་དེ་བཞིན་བཟའ་བས་སོ། །ཡོ་གཱི་བི་བུདྡྷ་ཀ་རའི་མན་ངག་སྟེ། རྒྱ་གར་ཤར་ཕྱོགས་སངྣ་ག་རའི་པཎྜི་ཏ་ཆེན་པོ་དཔལ་ནགས་ཀྱི་རིན་པོ་ཆེའི་སྤྱན་སྔར་དགེ་སློང་ཆོས་སྨྲ་བ་བསོད་ནམས་རྒྱ་མཚོའི་སྡེས་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། །
ཤྲཱི་ཙཀྲ་སམྦ་རོ་པ་དེ་ཤ་མུ་ཁ་ཀརྞ་པ་རམྤ་ར་ཙིནྟཱ་མ་ཎི་ནཱ་མ། བོད་སྐད་དུ། དཔལ་འཁོར་ལོ་སྡོམ་པའི་མན་ངག་ཞལ་ནས་སྙན་དུ་བརྒྱུད་པ་ཡིད་བཞིན་ནོར་བུ་ཞེས་བྱ་བ། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །སྐུ་གསུམ་བདག་ཉིད་དགོས་འབྱུང་བླ་མ་དམ་པའི་ཞབས་

པད་ཟེ་འབྲུ་དྲི་མེད་འོད་ཟེར་ལ་ཕྱག་འཚལ། །གསང་སྔགས་མཐར་ཐུག་སྙིང་པོའི་བཅུད་ཕྱུང་ཡིད་བཞིན་ནོར་བུ་མཁའ་འགྲོའི་གསུང་བཞིན་རྟོགས་པས་འདིར་གསལ་བཀོད། །བདེ་གཤེགས་ཐུགས་ལ་སྣང་བ་དྲི་མེད་པཉྩ་པ་ནས་རྟོགས་པས་ཀེ་རི་ལི་རུ་གསང་བདག་
མཉེས། །སྤྱོད་པས་ཟིལ་མནན་ལུས་ཀྱི་བཀོད་པས་རྣལ་འབྱོར་རྗེས་བཟུང་མཛད་པ་ཐ་མས་འགྲོ་རྣམས་སྟོང་པར་བྱས། །བསླབ་པ་གསུམ་དང་བརྒྱུད་པར་ལྡན་པ་ཉམས་སུ་མྱོང་བས་འཇུག་ཚུལ་ཤེས་པས་བླ་མ་དམ་པར་ཤེས། །སེན་དྷ་བ་དང་རིགས་ཆད་བྲན་ལྟར་རུས་སྦལ་སྤུ་སྟེ་མོ་
གཤམ་བུ་ལྟར་སློབ་མ་སྐྱོན་ལྔ་བྲལ། །མཆོག་གི་དོན་འདོད་གང་གི་དེ་བརྟེན་ཐོག་མར་དབང་བཞིས་རྒྱུད་སྨིན་ཐབས་དང་ཤེས་རབ་འབྲེལ་པ་ཉིད། །འདི་དོན་རིམ་པར་བརྒྱུད་པ་རྣ་བར་འཕོ་བྱེད་དེ་ཚེ་སངས་རྒྱས་བསྟན་གནས་གུས་པས་མཉན་པར་གྱིས། །ས་ཡི་ཆོ་ག་ལྷག་པར་
གནས་པ་རིག་བྱེད་སློབ་དཔོན་རིག་སྦྱོར་སོགས་ཀྱིས་བུམ་པའི་དབང་བསྐུར་བྱ། །བསླབ་པས་རྒྱུད་མཛེས་ཐོས་བསམ་ནོར་ལྡན་བླ་མར་འོས་པ་ཕུལ་བ་བླ་མས་གསལ་སྟོང་ལ་སོགས་བསྐུར། །ཉེར་ལྔ་ལྷག་སྤངས་རིགས་ལྡན་རྒྱན་སྤྲས་ཟག་བཅས་བསྐུལ་སོགས་གསུམ་པ་བྱིན་
ནས་བརྟུལ་ཞུགས་བརྟན་པར་བྱ། །དགའ་བ་གསུམ་སོན་ལྷན་ཅིག་སྐྱེས་པ་རྙོག་པ་དང་བྲལ་ཡུལ་དུ་བྱ་སོགས་འབྲས་བུར་ཤེས་པར་གྱིས། །དབང་བཞི་དང་འབྲེལ་བརྡ་ཡིས་མཚོན་པ་ཤེས་རབ་བདག་ཉིད་སིནྡྷུ་ར་ལ་མཉེས་སོགས་སྟོན་མོས་བརྒྱན། །སློབ་དཔོན་བཞི་ལ་
དབང་བཞི་དུས་བཞི་བྱེད་པ་བཅུ་གཉིས་ཆོས་ཉིད་དབང་ལ་མཚོན་དུ་མེད་པར་བྱོས། །དབང་གིས་སྨིན་ནས་རིམ་པ་གཉིས་ཤེས་རྣལ་འབྱོར་དབང་ཕྱུག་ཟུང་དུ་འཇུག་པ་རྒྱལ་བའི་སྐུ་སྒྲུབ་ཕྱིར། །དབང་པོའི་རིམ་པས་དབྱེ་དང་བསྡུ་བའི་རིམ་པ་ཤེས་ནས་འདུ་འཛི་མེད་པར་རྒྱུན་དུ་འབད་
པས་སྤྱད། །ཚངས་པའི་གནས་བཞི་གསོལ་དང་ཁམས་སོགས་བསླབ་པ་འཁོར་ལོ་ཚོགས་བརྟེན་རྒྱུ་འབྲས་ཉིད་དང་ཕྲ་མོར་བརྗོད། །གོ་ཆ་ཡེ་ཤེས་རྒྱས་བཏབ་སྐུ་གསུང་མཆོད་དང་བཟླས་པ་རྫོགས་རིམ་ཕྲིན་ལས་ཕྱོགས་དང་ཐུབ་པ་ཉིད། །བསྡུས་པའི་སྦྱོར་བ་ཚད་མེད་

བཞི་ལྡན་རྫུས་ཏེ་སྐྱེས་པ་སྐད་ཅིག་རྣལ་འབྱོར་བཟླས་པར་བཅས་པ་ཉིད། །བརྟན་གཡོའི་དངོས་པོ་ལྷན་ཅིག་སྐྱེས་པ་སྣང་སེམས་དབྱེར་མེད་རྣོན་པོའི་སྤྱོད་ཡུལ་ཟུང་འཇུག་རྡོ་རྗེའི་སྐུ། །ཀུན་ལ་ཁྱབ་པའི་ངོ་བོ་ཉིད་སྟོན་གསལ་རིག་མཚན་ཉིད་ཐུབ་པའི་དབང་པོ་བདེ་གཤེགས་ཀུན་གྱི་གཙོ། །
གསུམ་གསལ་བདག་གིས་མངོན་སུམ་ཉིད་དུ་ལེགས་པར་རྟོགས་ནས་བསྒོམ་དང་བཟླས་པ་གསལ་པོར་རབ་ཏུ་ཕྱེ། །ཆོས་དབྱིངས་སྐྱེ་མེད་རྒྱལ་བ་ཡུམ་གཅིག་རྒྱལ་དང་རྒྱལ་བ་ཉིད་དེ་ནམ་མཁའི་རི་མོ་ལྟ། །བརྟན་དང་གཡོ་བ་རྟེན་དང་བརྟེན་པ་ལྷ་ཡི་རང་བཞིན་རང་ལ་བཅུག་ནས་སྣ་ཡི་
རྩེ་མོར་རྡོ་རྗེ་བཟླས། །གཏོར་མ་བྱིན་ནས་དབང་པོ་འབྲིང་པོས་འོད་གསལ་བསྒོམས་ཏེ་དབང་སོགས་ལམ་དང་དམ་ཚིག་འབྲས་བུར་བསྲེ། །བདག་འཇུག་དབང་དང་བླ་མ་མཆོད་བྱེད་ཉམས་ཆགས་བསྐང་ཕྱིར་རྡོ་རྗེ་སེམས་དཔའ་བརྟན་པའི་ཆོ་ག་བཟླས། །རྒྱལ་པོ་བློན་པོ་དམངས་ཀྱི་བྱེད་པས་
མཚམས་ཀྱི་ཀུན་སྤྱོད་ཟ་ཉལ་འགྲོ་དང་ཁྲུས་སོགས་རྣལ་འབྱོར་བྱ། །རྣམ་རྟོག་དང་བྲལ་ཟླ་བ་དྲུག་ཏུ་ངེས་པར་བསམས་ནས་གྲུབ་པའི་མཚན་མ་མཐོང་ནས་རོལ་པར་གནས། །ཐུབ་པའི་བསྟན་པ་རྒྱས་མཛད་དངོས་གྲུབ་མཐར་ཕྱིན་ཟབ་དང་རྒྱ་ཆེ་བ་དང་གཉིས་མེད་དམ་ཚིག་ཀུན་གྱི་གཞི། །
བག་ཡོད་བསྒོམ་ཞིང་རྟེན་དང་གསང་བ་མི་བསག་མི་འབྲལ་བཟའ་བསྲུང་མཆོག་གྱུར་ཐུབ་པས་རབ་ཏུ་གསུངས། །བསླབ་པ་གསུམ་དང་རྒྱུ་འབྲས་ཞེན་མེད་དབང་སོགས་འབྲས་བུ་རྒྱུད་གཞན་ལས་གསུངས་རང་སེམས་བརྟན་པས་བསྲུངས། །སྐུ་གསུམ་ལ་བརྟེན་ཏིང་འཛིན་གསུམ་
གྱིས་རྒྱ་ཆེར་རབ་གསལ་གཞི་ལམ་འབྲས་བུས་ལྟ་བ་མཚོན་པར་གྱིས། །རྣལ་འབྱོར་སྲོག་རྩོལ་སངས་རྒྱས་མངའ་བདག་གཡོན་དང་གཡས་སུ་རིམ་པ་ཇི་བཞིན་རྒྱུ་བ་ངེས་པ་སྟེ། །མཉམ་པར་བཞག་པས་འཇུག་པའི་རླུང་ཉིད་བུམ་པ་ཅན་དུ་བྱས་ནས་བསྟན་པའི་གོ་འཕང་སོ་སོར་
ཐོབ། །རླུང་གི་སྦྱོར་བ་འདི་ཉིད་མི་ཤེས་ལས་དང་ལས་མིན་མི་གྲུབ་རླུང་རིག་པས་ནི་འབྲས་བུ་སྟེར། །གདམས་པས་ཚེ་དང་བཟླས་པའི་རིམ་པ་གོམས་པས་དགེ་དང་མི་དགེ་འཆི་བཟློག་རླུང་རིག་པས་ནི་ཤེས། །བྱ་དང་བྱེད་ལས་ཆོས་མཚུངས་རྒྱུ་མཚན་གདམས་པའི་སྦྱོར་བ་བསྐྱེད་

རིམ་གོམས་པས་མཐུན་པའི་རྐྱེན་དང་ལྡན། །གསང་སྤྱོད་ལ་གནས་སྡུག་བསྔལ་བཟོད་པས་ལུས་གནད་གསུམ་ལྡན་དམིགས་པ་བཞི་ལས་སྦྱོར་བའི་སྐྱོན་བསལ་ཏེ། །སྟེང་འོག་བར་དུ་འབུགས་པའི་སྦྱོར་བ་ལི་རིའི་ཚུལ་དུ་སྒོ་གསུམ་སྦྱང་བར་བྱ་ཕྱིར་ངེས་
པར་རོལ། །རྡོ་རྗེ་བཟླས་པ་ཡིག་འབྲུ་གསུམ་ལ་གོམས་ཤིང་སངས་རྒྱས་ལྔ་ལ་ཁ་དོག་སོ་སོར་བསླབ་པར་བྱ། །འབྱུང་བ་ལྔ་ཡི་རླུང་ཟིན་པས་ནི་དུ་བ་སྨིག་རྒྱུ་མེ་ཁྱེར་མར་མེ་སྤྲིན་མེད་ནམ་མཁའ་འབྱུང་། །བརྟན་པའི་རྟགས་སུ་ཟླ་ཟེར་ཉི་ཟེར་གློག་གི་ཟེར་དང་འཇའ་ཚོན་ཉི་ཟླར་བསྲེས་
པ་དངོས་སུ་མཐོང་། །སྤྱོད་ལམ་དང་ནི་སྦྱོར་བ་མཁས་པས་དུག་སོགས་གཞོམ་དང་འཆི་བ་རྟག་པ་ལ་སོགས་སྣ་ཚོགས་རྒྱུར། །རྩ་དང་རླུང་དང་ཐིག་ལེ་འདྲེས་པས་བདེ་གསལ་མི་རྟོག་རྒྱུན་མི་འཆད་པར་རྒྱལ་པོར་འགྱུར་རོ་ཀྱེ། །རིམ་པ་འདི་ཉིད་འཕེལ་བར་བྱ་ཕྱིར་སྣང་དམིགས་དངོས་
པོ་སྒྱུ་མར་བསམས་ལ་དབེན་པའི་གནས་སུ་ནི། །རྡོ་རྗེ་སེམས་དཔའ་མཚན་དཔེས་སྤྲས་པའི་གཟུགས་བརྙན་ལ་ནི་རབ་ཏུ་དམིགས་ལ་དངོས་པོ་ཆུ་ཟླ་ལྟར། །བཅུ་གཉིས་སྒྱུ་མའི་དཔེ་ཡིས་མཚོན་ཏེ་མཉམ་རྗེས་ལ་ནི་ཆོས་བརྒྱད་ལས་འདས་མཁའ་བཞིན་སྙོམས་པར་འཇུག །
དེ་ལྟར་ཤེས་པས་མི་བྱ་བ་མེད་སྔགས་ཟློས་བསྲུང་སོགས་མི་དགོས་དགེ་སློང་སོགས་ལ་ཕྱག་མི་བྱ། །འདི་དང་མཚན་དུས་བསྲེ་ཞིང་སྦྱང་དང་གོམས་པས་གྱེན་དུ་འཕངས་ཏེ་བདེ་གཤེགས་བལྟས་ལ་ཆོས་སོགས་མཉན། །རྨི་ལམ་མེད་དུས་གནད་དང་ལྡན་པས་འདོད་ཆགས་
ལ་སོགས་བརྒྱད་ཅུ་འགགས་ནས་སྣང་བ་གསུམ་འདས་ཏེ། །རྒྱུན་མི་འཆད་པའི་འོད་གསལ་ཆེན་པོས་ས་བཅུར་གྱུར་པ་ལམ་མ་བགྲོད་ན་རྣམ་ཤེས་གོང་དུ་འཕོ། །སྣ་ཚོགས་དོན་ཆེན་མཐོང་ནས་ཤེས་པ་སྤོང་སྟེ་རིམ་པ་གཉིས་ལྡན་འཇུག་ཕྱིར་གཞན་གྱི་མི་འགྱུར་རོ། །ཆགས་
དང་ཆགས་བྲལ་འདི་མ་ཤེས་པར་གཞན་ནི་དོན་མེད་དུས་གསུམ་སངས་རྒྱས་བགྲོད་པ་གཅིག་པའི་ལམ། །རི་བོང་རྒྱུག་དང་ཟླ་བ་ཆུ་འཛིན་དུས་དང་འབྲེལ་པ་བསླབ་བཅས་སངས་རྒྱས་དགོངས་པ་མི་ཤེས་ཕྱིར། །སྒོ་གསུམ་གནད་ཀྱིས་སྦྱང་བར་བྱ་ཞིང་ངལ་ན་སྣ་རྩེར་བལྟས་ལ་

ངེས་ཤེས་སྐྱེས་ནས་ཆེན་པོར་བལྟ། །དང་པོའི་ལས་ཀྱི་ཡིད་འོང་ལ་བརྟེན་གོམས་པས་སྔགས་ལས་ཞིང་དང་ལྷན་ཅིག་སྐྱེས་སོགས་རྩ་བསྙེན་བྱ། །ཅིག་ཅར་མགོན་པོ་བསྒོམས་ནས་མཐར་གནས་རྡོ་རྗེའི་བཟླས་པ་རྩ་ལ་མཁས་པས་པདྨའི་སྐྱོན་བཞི་བསལ། །བདེ་བའི་ལམ་དྲངས་ཡེ་
ཤེས་མཚོན་པ་མར་ལ་འདུ་བར་རྒྱུ་འབྲས་ཤེས་ནས་ཞེས་བྱའི་དཀྱིལ་འཁོར་བལྟ། །ཐུར་སེལ་གཅུད་ནས་གླང་ཆེན་སེང་གེ་རྨ་བྱའི་འདྲེན་དང་བྱ་རྒོད་སྟག་མོས་སྣང་དམིགས་བདེ་བར་འཆར། །སྦྱོར་བར་དངས་མ་རླུང་དང་མཉམ་ཞིང་རིག་མས་བདེ་བ་ལུས་ལ་སྤྲོས་ནས་རྩ་མདུད་དགྲོལ་བར་
བྱ། །བདེ་བའི་ཉམས་སྐྱེས་ཚོགས་དྲུག་ཀུན་ལ་རོ་མཉམ་ལུགས་ལས་འབྱུང་དང་བཟློག་པས་དགའ་བཞི་མཚོན་པར་བྱ། །དགའ་བ་གསུམ་དང་དཔེ་དོན་བསྲེས་ནས་རྒྱུ་ཚོགས་གཟུང་འཛིན་ཆོས་ཉིད་གོམས་ནས་རྩོལ་མེད་འབྲས་བུ་འཆར། །ཡེ་ཤེས་གསལ་བྱེད་དབང་གི་འབྲས་བུར་
རྡོ་རྗེའི་ལུས་ལ་འཁོར་ལོར་མདུད་པ་སྤྱི་བོར་གྲོལ་བའི་གནས། །སྒོ་དགུ་འགགས་ནས་སྒོ་བཞི་ཐིམ་པ་གཉིས་ཀྱི་རྣམ་གྲོལ་ཡེ་ཤེས་ལུས་ཅན་སྒྲ་བརྙན་ལྟ་བུར་འབྲལ། །མིག་སོགས་སྟོང་དང་བདུད་བཞི་གྲོལ་བ་ཆོས་ཉིད་ལ་མཁས་གསུམ་པོ་གཅིག་གྱུར་ཡེ་ཤེས་རྒྱུན་ཆད་མེད། །
གཞི་ལམ་འབྲས་བུ་གཅིག་གྱུར་བདེ་ཆེན་དངོས་པོ་རོ་མཉམ་ཡི་གེ་བཞི་དོན་འབྲས་བུ་མངོན་དུ་འགྱུར། །མཐར་མ་སྐྱོལ་ན་ཉེ་བར་སྤྱོད་པ་ལུས་ལྡན་བཞི་དང་ངེས་ཤེས་བརྟགས་ཏེ་ངོ་སྤྲོད་ཤེས་པར་བྱ། །སྐྱེ་ཤི་བར་དོ་ཤེས་པ་སྔ་ཕྱི་གཉིད་དུ་དྲན་མཚམས་འཆི་བའི་དུས་སུ་ཕྲ་རགས་ཐིམ་
ནས་ནི། །འོད་གསལ་ཆེན་པོ་དེ་མ་རྟོགས་ན་བླ་མ་སོགས་ཀྱི་སྐྱེལ་བསུ་ཉིང་མཚམས་རླུང་གསུམ་བཅིང་བའི་ཕྱིར། །ཡོན་ཏན་རྫོགས་པ་བར་དོར་ལོངས་སྐུ་ཡོན་ཏན་བདུན་ལྡན་དེ་མ་བརྟན་ན་དུག་གསུམ་ལས་གྱུར་པའི། །རྟོགས་པར་བཅས་ལ་དབང་དུས་ཉམས་དང་ལྷ་སོགས་
སྒྱུ་མ་ཟུང་དུ་འཇུག་པ་སློབ་དང་མི་སློབ་པ། །བདུན་ཕྲག་རེ་ལ་བརྒྱལ་བར་གྱུར་པ་དེ་མ་ཁེགས་ན་སྐྱེ་བ་སྣ་ཚོགས་སྤྲུལ་སྐུ་ཉིང་མཚམས་སྦྱོར། །བར་དོ་གསུམ་ལ་འདོད་ཆགས་ལ་སོགས་དུག་གསུམ་ཤེས་པ་ཟག་མེད་འོད་གསལ་སྒྱུ་མར་བསྲེས་ལ་སྒོམ། །འདི་དོན་རིམ་པ་

འཁོར་བ་དང་ནི་མྱ་ངན་འདས་ལས་རྒྱལ་བ་གཉིས་མེད་ཟུང་འཇུག་ཕྱག་རྒྱ་ཆེན་པོར་འགྱུར། །དབང་དང་དམ་ཚིག་འབྲེལ་པར་ཤེས་པ་གདོད་ནས་དག་པ་རྐྱེན་གྱིས་བསྐུར་ཚུལ་ཉམས་སུ་བླང་དང་རྟོགས། །བུམ་སོགས་དམ་ཚིག་མཉམ་གཞག་རྗེས་སྤྱོད་མི་འབྲལ་
བཟའ་བསྲུངས་སྤྲོས་བཅས་སྤྲོས་མེད་ཡན་ལག་བཤགས་བྱ་ཉིད། །དབང་དུས་ལྟ་སོགས་མཚོན་པར་བྱས་ལ་བདུད་རིགས་ངོས་བཟུང་ཟིལ་གྱིས་མནན་ནས་སྒོམ་དང་རྟགས་སུ་འབྲེལ། །ཐ་མ་འབྲིང་དང་རབ་དང་མཆོག་གྱུར་འཇུག་སྒོ་ཤེས་པས་བསྒོམས་ལ་སྦྱར་ཏེ་གང་དང་
གང་ལ་སོགས། །མཆོག་གི་དངོས་གྲུབ་ཚེ་འདིར་འདོད་པ་དུས་དང་འབྲེལ་པར་སྤྱོད་པ་བྱས་ནས་གོལ་ས་བཅད་པར་བྱ། །བྱ་དང་སྤྱོད་སོགས་ཚོགས་སུ་བསྒྱུར་ལ་ཕྲིན་ལས་བྱེད་པར་རབ་གནས་སྦྱིན་སྲེག་རྣམ་བཞིས་འདོད་དགུར་བསྒྱུར། །འཁོར་ལོ་བཞི་ལ་སྐུ་བཞིར་ཡན་ལག་
བདུན་ལྡན་རྡོ་རྗེ་སེམས་དཔའ་སྒོ་གསུམ་ངོ་སྤྲོད་མཚན་དཔེས་སྤྲས། །རྒྱུད་རྣམས་སྙིང་ཕྱུང་མན་ངག་བཅུད་བསྡུས་ལམ་གྱི་རིམ་པ་བདེ་གཤེགས་ཀུན་ཐུགས་ཡིད་བཞིན་ནོར་བུ་ཉིད། །མི་མཐུན་ཕྱོགས་ལས་རྒྱལ་བར་བྱ་ཕྱིར་འཇུག་པའི་ཚུལ་དང་ཞུགས་པའི་འབྲས་བུ་
གསལ་བའི་ཐབས་ཉིད་དོ། །ལུས་ལ་གོ་གྱོན་ངག་གིས་གཡུལ་སྤྲད་སེམས་ཀྱིས་མཚོན་བསྣུན་སྐུ་གསུང་ཁྲུས་བཅུད་རླུང་དང་འཁོར་ལོ་བསྐོར། །རྩ་བ་དྲུག་ལ་ཡན་ལག་སོ་དགུས་ནད་ལ་སྨན་དཔྱད་བར་ཆད་སྲུང་འཁོར་གནད་བྲལ་གེགས་བསལ་ཏེ། །ས་ལ་སོགས་པའི་རོ་
བཞི་ངོས་བཟུང་འཁོར་ལོ་བཞི་ཡིས་རོ་བཞི་མཉམ་ལ་ཞི་གནས་ཕྱོགས་ལ་ནི། །ཐབས་དང་ལྡན་པ་པི་ཝང་སྒྲ་སོགས་རྩ་རླུང་ལ་ནི་ཤེས་རབ་སྐུ་གསུམ་མཐུན་སྦྱོར་རྫས་སོགས་ལྔ། །ཟིན་དང་མ་ཟིན་ལེགས་པར་ཤེས་ནས་ལུས་ཀྱི་གནད་ལ་ཉི་མ་ཟླ་སོགས་བརྫིས་ནས་རྡུལ་སྤྲུགས་
བྱེད། །འབྱུང་བཞི་རླུང་ལ་ལྟེ་བ་ལ་སོགས་སྟོང་ར་བཅས་ནས་ན་ཚ་བོགས་འདོན་འགགས་འཁྱིལ་ལ་སོགས་བསལ། །བཅུ་པའི་རླུང་ཤེས་ཏིང་འཛིན་རང་གྲོལ་སྨན་པ་ལྟ་བུས་བརྒྱད་པོ་བསལ་ནས་དངུལ་ཆུ་ལྟར་སྤྲད་བྱ། །དངས་མ་བསྲུབས་ནས་སྐྱོན་རྣམས་སེལ་ཕྱིར་བདག་ཏུ་ལྟ་བའི་

བུད་ཤིང་བསྲེགས་ནས་འོད་གསལ་ཆོས་སྐུར་བསྒྲལ། །འདི་དོན་རིམ་བརྒྱུད་བླ་མ་ལ་བསྟེན་གུས་པས་བླང་ཕྱིར་བྱིན་རླབས་ལམ་ཁྱེར་སྙན་ནས་སྙན་དུ་བརྒྱུད། །མཆོག་གི་བློ་ཅན་བརྩེ་བ་ཆེན་པོས་ཐེག་གཞན་སྤངས་པ་སྨིན་དང་གྲོལ་བ་རིམ་པ་གཉིས་ལ་འབད། །སྣོད་བཅུད་ལ་སོགས་
གཞལ་ཡས་ཁང་དང་ཕུང་པོ་ཁམས་སོགས་ལྷ་རུ་དག་པས་རྒྱལ་བ་ཐམས་ཅད་བསྡུའོ། །རྡོ་རྗེའི་ལུས་ལ་བདེ་ཆེན་གནས་པས་ཕོ་ཉ་ལ་སོགས་སྤྲོས་དང་སྤྲོས་མེད་འཁོར་ལོ་ཟུང་དུ་འཇུག །རིམ་པ་འདི་ལ་མོས་པ་བརྟན་པས་སྤྲུལ་པ་མཐོང་ཞིང་སྐྱོན་ཡོན་དང་བཅས་ཆུང་ངུ་ཡིན་ཕྱིར་
ཚོགས། །སྐད་ཅིག་བཞི་ཡིས་དགའ་བ་གསུམ་སོན་འབྲིང་པོའི་དྲོད་དེ་ལྷན་ཅིག་སྐྱེས་པ་དྷཱུ་ཏཱིའི་ལམ་ཞུགས་ནས། །འཇིག་རྟེན་ལས་འདས་བརྒྱ་ཕྲག་བདུན་པོ་ཡོན་ཏན་གྱིས་སྤྲས་གནས་དང་ཉེ་གནས་ཉི་ཤུ་བཞི་ལ་སོགས། །དངས་མ་ཡས་བྱོན་པཱུལླི་སོགས་ཁྱབ་རྒྱུ་བ་མས་བརྟན་བདེ་ཆེན་
བརྟོལ་ནས་མ་ཆགས་པདྨའི་ས། །རབ་བཀྲམ་ཆེན་པོ་ཕྲག་བདུན་ཡོན་ཏན་ཡེ་ཤེས་གསལ་བྱེད་ཆོས་སྐུ་བདག་ཉིད་རྡོ་རྗེ་འཛིན་པར་འགྱུར། །འཁོར་ལོ་སྡོམ་པའི་བསྐྱེད་རྫོགས་ལ་སོགས་གཏིང་དཔག་དཀའ་བ་གསལ་པོར་རབ་ཕྱེ་སྙན་བརྒྱུད་མཁའ་འགྲོའི་གསང་། །དྲི་མེད་བསགས་
པའི་དགེ་བ་དེས་ནི་ས་གསུམ་གནས་པ་རྡོ་རྗེ་འཛིན་པའི་གོ་འཕང་ཐོབ་པར་ཤོག །ཡིད་བཞིན་ནོར་བུ་ཞེས་བྱ་བ་མཁའ་འགྲོ་མའི་གསང་ཚིག་ཏིལླི་པས་བཀོད་པ་རྫོགས་སོ།། །།རྩིགས་ཀྱི་རྒྱ་མདུད་དང་བཅས་པ་ནཱ་རོ་པཎྜི་ཏའི་ཞལ་སྔ་ནས་དང་། ལོ་ཙཱ་བ་མར་པ་ཆོས་
ཀྱི་བློ་གྲོས་ཀྱིས་པུཥྤ་ཧ་རིའི་གནས་སུ་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། ཀཪྞ་ཏནྟྲ་བཛྲ་པ་ད་ནཱ་མ། བོད་སྐད་དུ། སྙན་བརྒྱུད་རྡོ་རྗེའི་ཚིག་རྐང་ཞེས་བྱ་བ། བཅོམ་ལྡན་འདས་དཔལ་རྡོ་རྗེ་འཆང་ལ་ཕྱག་འཚལ་ལོ། །ཨེ་མ་ཧོ། སངས་རྒྱས་
ཀུན་གྱི་ཡང་དག་གསང་བའི་མཆོག །ཡེ་ཤེས་རྒྱལ་པོ་ཐིག་ལེ་མཆོག་གི་ལམ། །ཚིག་ཏུ་བརྗོད་པ་ཀུན་དང་བྲལ་བའི་དོན། །ཐེག་ཆེན་སྐྱེ་མེད་རང་སྒྲ་འདི་སྐད་ཐོས། །རྡོ་རྗེ་འཆང་ངས་སྐལ་ལྡན་དོན་དུ་བཤད། །གུས་བཏུད་ནས་ནི་ཡེ་ཤེས་མཁའ་འགྲོ་ཉོན། །བསླབ་

གསུམ་རྒྱན་ལྡན་ཉམས་མྱོང་བླ་མའི་མཆོག །དད་བརྩོན་ཤེས་རབ་སྙིང་རྗེ་སློབ་མའོ། །ཉེས་དམིགས་དྲན་པས་ཚེ་འདིའི་བྱ་བ་བཏང་། །ཐོག་མར་འཁོར་ལོ་སྡོམ་པ་ལ་བརྟེན་ནས། །དྲུག་ཅུ་རྩ་གཉིས་དཀྱིལ་འཁོར་དབང་བཞི་བསྐུར། །ལྷ་མོ་
བཅོ་ལྔ་དབང་བཞི་བརྡ་ཡིས་མཚོན། །སྨིན་པར་བྱས་ནས་ཐབས་ཤེས་ཟུང་དུ་སྦྲེལ། །རྒྱལ་པོ་བློན་སོགས་རྣལ་འབྱོར་བདུན་ལ་འབད། །བསྲེ་བ་རོ་སྙོམས་དམ་ཚིག་གསུམ་ལ་སྦྱར། །གཏུམ་མོ་བདེ་དྲོད་རང་འབར་ལམ་གྱི་གཞུང་། །ལུས་གནད་བདུན་ལྡན་ལྷ་སྐུའི་
སྟོང་ར་གནད། །དྷཱུ་ཏཱི་ལ་ལ་ར་ས་འཁོར་ལོ་བཞི། །ཨ་ཧཾ་འབར་འཛག་སྲོག་རྩོལ་ཐུར་སེལ་གཅུད། །རྡོ་རྗེ་བཟླས་པ་རྩ་བའི་རླུང་ལྔ་བསྒོམ། །ཟིན་དང་བརྟན་པ་ཤེས་རབ་སྙོམས་པར་འཇུག །དགའ་བཞི་གོམས་པས་རྩ་རླུང་ཐིག་ལེ་འདྲེས། །དྷཱུ་ཏཱིར་རླུང་སེམས་ཚུད་པས་
མི་རྟོག་པ། །ཉོན་མོངས་རང་ཞི་བདེ་གསལ་རྒྱུན་མི་འཆད། །ངོ་བོ་མཐོང་ནས་ཆོས་སྐུའི་ངང་དུ་གནས། །བོགས་འདོན་སྒྱུ་ལུས་ཆོས་བརྒྱད་རང་གྲོལ་ལ། །འཁོར་འདས་ཐམས་ཅད་སྒྱུ་མར་ཤེས་བྱས་ཏེ། །སྒྱུ་མའང་འཇའ་ཚོན་ཆུ་ཟླ་ལྟ་བུའོ། །ད་ལྟར་སྣང་བ་དངོས་པོའི་ཆོས་རྣམས་
ནི། །བདེན་ཅིང་རྟག་ན་འགྱུར་བར་ག་ལ་རིགས། །འཁྲུལ་གཟུགས་ཡིན་ཕྱིར་དོན་ལ་གྲུབ་པ་མེད། །གཟུགས་རྣམས་སྣང་སྟོང་སྒྲ་རྣམས་བྲག་ཅར་ལྟོས། །གཉིས་འཛིན་ཞིག་པས་ཆགས་སྡང་ཀུན་དང་བྲལ། །དེ་ལྟར་ཤེས་པས་སྣ་ཚོགས་ཞེན་མེད་སྤྱོད། །འཇའ་ལུས་ཆོས་
སྐུ་ཐོབ་པར་འགྱུར་རོ་ཀྱེ། །མཚན་དུས་རྨི་ལམ་འཁྲུལ་པ་རང་སངས་ལ། །སྒོ་གསུམ་འབད་པ་དྲན་པའི་ལྕགས་ཀྱུས་གཟུང་། །འཛིན་སྦྱངས་སྤེལ་བསྒྱུར་སྤྲུལ་ཅིང་གེགས་རྣམས་སེལ། །ཉི་ཟླ་ཞོན་དང་ཞིང་ཁམས་མཐའ་དག་བགྲོད། །བཟང་ངན་སྒྱུ་མ་ཅིར་སྣང་རང་གྲོལ་ལྟོས། །
མཐར་ཕྱིན་ས་བཅུ་ནོན་ནས་དོན་ཆེན་ཐོབ། །ཁྱད་པར་འོད་གསལ་མ་རིག་མུན་བྲལ་ལ། །ལུས་གནད་ཐབས་ལྡན་ཏིང་འཛིན་བཞི་ལ་སྦྱོར། །ཐིག་ལེ་གུས་ལྡན་དུག་གསུམ་འཛིན་མེད་ལྟོས། །གཉིད་དང་རྨི་ལམ་རྣམ་རྟོག་བར་ནས་བཟུང་། །རིམ་པ་བཞི་དང་ཉིན་མཚན་

བསྲེ་ཞིང་གོམས། །གསལ་སྟོང་འཛིན་བྲལ་ལྷན་སྐྱེས་ཡེ་ཤེས་དེ། །བརྗོད་དུ་མེད་པ་འོད་གསལ་རྒྱུན་མི་འཆད། །མ་རྟོགས་སྦྱང་ཞིང་ཕྱག་རྒྱ་ཆེན་པོར་བལྟ། །འཕོ་བ་གསེར་འགྱུར་མ་བསྒོམས་སངས་རྒྱས་ནི། །འཆི་ལྟས་ཤར་ཚེ་དགའ་ཞིང་ཞེན་པ་བཏང་། །སྒོ་དགུ་བཀག་
ལ་རྫས་དང་སྨོན་ལམ་རྒྱན། །ཧཱུཾ་དང་རླུང་སེམས་དབྱེར་མེད་དྷཱུ་ཏཱིར་དྲང་། །ཀྵ་ཡིག་གསལ་ལ་ཚངས་པའི་ལམ་ནས་འཕང་། །ཆོས་སྐུ་བླ་མ་རྒྱལ་བའི་ཞིང་དུ་འཕོ། །ལྷག་པར་གྲོང་འཇུག་སྦྲུལ་ལྤགས་འདོར་ལེན་ནི། །རླུང་སེམས་དབང་ཐོབ་བསྐྱེད་རྫོགས་བརྟན་པ་ཡིས། །སྐྱོན་
མེད་རོ་ལ་རྣམ་ཤེས་ཡིག་འབྲུ་འཕང་། །དུས་ཡུལ་རྫས་དང་གནད་ཤེས་མངོན་དུ་གྱུར། །ཐེ་ཚོམ་བྲལ་བའི་སྐྱེས་བུ་གཞན་དོན་སྤྱོད། །མཁའ་འགྲོའི་གསང་བ་བདེ་བ་ཆེན་པོ་ནི། །བཅུ་དྲུག་ཉེར་ལྔའི་བར་གྱི་རིག་མ་ནི། །པདྨ་རི་དགས་དུང་ཅན་ལ་སོགས་པ། །ཕྱག་རྒྱ་མཚན་
ལྡན་རྡོ་རྗེ་རྣལ་འབྱོར་མ། །སྐལ་ལྡན་སྐྱེས་བུ་ཧེ་རུ་ཀ་ལྟ་བུ། །གཉིས་མེད་འཁྲིལ་སྦྱོར་ཟག་བཅས་ཟག་མེད་རོལ། །ཐིག་ལེ་དབབ་བཟུང་བཟློག་དགྲམ་གནས་སུ་སྤེལ། །བྱ་རྒོད་གཅུད་ལ་སེང་གེ་གླང་ཆེན་དང་། །རྨ་བྱ་སྟག་མོ་རུས་སྦལ་ལ་སོགས་བྱ། །དགའ་བ་བཞི་
གསུམ་བཅུ་གཉིས་དོན་ལ་བལྟ། །ལྷན་སྐྱེས་ཡེ་ཤེས་རང་བཞིན་དབྱེར་མེད་སྟོན། །སྣང་སྲིད་ཐམས་ཅད་ཟག་མེད་བདེ་བར་འཆར། །གསང་དབང་ཕྱག་རྒྱ་བདུད་རྩི་རིལ་བུའི་ཕྱིར། །ཐིག་ལེ་བཅུ་དྲུག་ཕྱེད་ཕྱེད་བཞི་ཆ་སྦྱིན། །བཞི་གསུམ་འཁོར་ལོ་དག་ལ་དགྲམ་པར་བྱ། །བག་
མེད་འདོད་སྲེད་གཞན་དབང་ཆང་གིས་མྱོས། །དོན་ལ་ཉམས་ཤིང་སླར་ཡང་ངན་སོང་ལྟུང་། །དེས་ན་རྡོ་རྗེའི་ལུས་ལ་གནད་དུ་བསྣུན། །ཚེ་འདིར་སངས་རྒྱས་སྟེར་བར་ཐེ་ཚོམ་མེད། །ཕྱག་རྒྱ་ཆེན་པོ་ཡེ་ཤེས་གསལ་བྱེད་ནི། །སྒོ་གསུམ་གཡོ་མེད་སྒོ་ལྔ་ཧ་དངས་གཞག །བལྟས་
པས་མཐོང་མེད་སེམས་ཀྱི་མཚན་ཉིད་ལྟོས། །དམིགས་སུ་མེད་པས་མ་བཅོས་རང་སོར་གཞག །གཞན་དུ་མ་ཚོལ་ངོ་བོ་རྟོགས་པར་གྱིས། །གཞི་ནས་མ་བཅོས་ཡེ་ནས་ལྷུན་གྲུབ་ལ། །ཐ་མལ་རང་ལུགས་ཆེན་པོར་བཞག་པ་ན། །འཕོ་འགྱུར་མེད་པ་ནམ་མཁའི་ཀློང་ཡངས་སུ། །

སྐྱེ་ཤི་མེད་པ་ཆོས་སྐུའི་ལུས་མཐོང་འགྱུར། །ཕྱི་རོལ་ཡུལ་སེམས་ཆོས་རྣམས་ཇི་སྙེད་པ། །རང་སེམས་ཡིན་ཕྱིར་གཞན་ན་གྲུབ་པ་མེད། །འཁྲུལ་རྟོག་གཉིས་འཛིན་སྣ་ཚོགས་གང་ཤར་རྣམས། །ཅིར་སྣང་གཞི་མེད་རང་བྱུང་རང་བརླག་ལྟས། །སེམས་
ཉིད་སྐྱེ་མེད་སྟོང་པ་ཆོས་ཀྱི་སྐུ། །འགག་མེད་གསལ་དངས་གང་ཤར་སྤྲུལ་པའི་སྐུ། །གནས་མེད་བདེ་ཆེན་ཟུང་འཇུག་ལོངས་སྤྱོད་རྫོགས། །ཕྱག་ནི་གཉིས་མེད་ཡེ་ཤེས་ངོ་ཡིས་ཟིན། །རྒྱ་ནི་འཁོར་བའི་མདུད་པ་དྲལ་བས་བདེ། །ཆེན་པོ་ཟུང་འཇུག་སྒྲོན་མེ་བལྟམས་པ་ལས། །
གཞན་གྱིས་མ་ཡིན་རང་གྲོལ་ཆོས་སྐུའོ། །སྒྲིབ་གཉིས་རང་དག་གཟུང་འཛིན་མཐའ་དང་བྲལ། །འདུ་ཤེས་བློ་དང་འཁོར་འདས་ཆོས་རྣམས་ཟད། །མཁྱེན་ཚད་ཡོན་ཏན་ཇི་སྙེད་རང་ལ་རྫོགས། །བསམ་བརྗོད་བློ་འདས་སངས་རྒྱས་རང་འཁྲུངས་ཡིན། །བར་དོ་ངོ་སྤྲོད་ཡང་དག་ཟབ་དོན་
བསྟན། །སྐྱེ་ཤི་རྨི་ལམ་སྲིད་པའི་བར་དོ་གཅོད། །བལྟར་མེད་བལྟས་པས་མཐོང་མེད་མཐོང་བའི་མཆོག །རང་རིག་གསལ་སྟོང་མི་རྟོག་སྒྲིབ་གཡོགས་བྲལ། །བདེ་ཆེན་ཆོས་དབྱིངས་ཡེ་ཤེས་རྣམ་པར་དག །རང་བཞིན་དབྱེར་མེད་སྐུ་གསུམ་རང་ཤར་ལྟོས། །མ་རྟོགས་ལུས་
ལྡན་བར་དོ་རྣམ་གསུམ་ལ། །བསྐྱེད་རིམ་སྒྱུ་ལུས་འོད་གསལ་ཆོས་སྐུ་འདྲེ། །ས་ཆུ་མེ་རླུང་འབྱུང་བ་རིམ་གྱིས་ཐིམ། །བརྒྱད་ཅུ་འགགས་ནས་སྣང་བ་གསུམ་འདས་ཏེ། །དཀར་དམར་སེམས་གསུམ་ཆུ་སྐྱེས་ནང་དུ་འཛོམ། །འོད་གསལ་ངོས་འཛིན་མ་བུ་དབྱེར་མེད་འདྲེ། །ཆོས་
སྐུ་སངས་རྒྱས་དབང་པོ་ཡང་རབ་བོ། །དེ་མ་ཟིན་ན་རླུང་གསུམ་རྐྱེན་གྱིས་འཆིང་། །འབྲིང་པོ་ཆུ་ལ་ཉ་ལྟར་ལོངས་སྐུར་འགྱུར། །རྩལ་ལྔ་ཟེར་ལྔ་དུག་གསུམ་ལས་ཀྱི་དབང་། །ཆགས་སྡང་གཉིས་ཀྱིས་མངལ་དུ་འཇུག་འགྱུར་བས། །བསྲེ་བ་ལྔ་ལྡན་ལམ་ཁྱེར་ཕྱག་རྒྱ་བཞི། །
སྔར་སྦྱངས་ལྡན་པས་བར་དོ་རང་གྲོལ་འགྱུར། །ཐ་མས་ཆགས་སྡང་གྲོལ་ནས་སྤྲུལ་སྐུ་ཐོབ། །གདམས་པ་སྤྱི་ལ་གེགས་བསལ་བདུད་དངོས་བཟུང་། །རྩ་བ་དྲུག་ལ་ཡན་ལག་སོ་དགུ་ཡི། །རྡོ་རྗེ་ལུས་ཀྱི་འཁྲུལ་འཁོར་གནད་དུ་བསྣུན། །བྱ་སྤྱོད་ཐམས་ཅད་ཚོགས་སུ་

བསྒྱུར་བར་བྱ། །གོ་རིམས་མ་ནོར་ཉམས་སུ་བླངས་གྱུར་ན། །སྐད་ཅིག་བཞི་ལ་དགའ་བ་གསུམ་སྟོན་ཏེ། །དངས་མ་ཡས་བྱོན་འགྱུ་བ་མས་བརྟེན་པ། །རྩ་མདུད་རིམ་པས་གྲོལ་ནས་དྷཱུ་ཏཱིར་འགྱུར། །ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་རྩ་བ་ལྔ། །རླུང་དང་ཉོན་མོངས་
འགགས་ནས་ཡེ་ཤེས་འགྱུར། །གནས་དང་ཉེ་གནས་ཉི་ཤུ་བཞི་ལ་སོགས། །པཱུལླི་མ་རུ་ཡར་ཆད་གང་བར་འགྱུར། །སྤྲུལ་སྐུ་ལོངས་སྤྱོད་རྫོགས་པའི་ཞལ་སྟོན་ཅིང་། །མངོན་ཤེས་ཡོན་ཏན་བརྒྱ་དང་ཐེར་འབུམ་ཐོབ། །དུས་འདིར་ས་ལམ་རིམ་པ་སྒྲོད་བྱེད་
དེ། །རྡོ་རྗེ་འཛིན་པའི་གོ་འཕང་ཐོབ་པར་འགྱུར། །བཅུ་གསུམ་བར་དུ་ཚིག་རྒྱུད་རྒྱ་ཡིས་གདབ། །མདོ་རྒྱུད་ཀུན་གྱི་སྙིང་པོ་འདི་ཡིན་པས། །སྐལ་ལྡན་གྲོལ་ཕྱིར་གསང་བའི་ངེས་དོན་མཛོད། །ཅེས་ཡེ་ཤེས་མཁའ་འགྲོ་མ་ལ་གདམས་པ། སྙན་བརྒྱུད་
རྡོ་རྗེའི་ཚིག་རྐང་རྫོགས་སོ།། །།མཁས་པ་ནཱ་རོ་པཎ་ཆེན་གྱི་ཞལ་སྔ་དང་། ལོ་ཙཱ་བ་མར་པ་ཆོས་ཀྱི་བློ་གྲོས་ཀྱིས་པུཥྤ་ཧ་རིའི་གནས་ཆེན་དུ་བསྒྱུར་ཅིང་གཏན་ལ་ཕབ་པའོ།། ༄༅༅། །རྒྱ་གར་སྐད་དུ། ཨཱཏྨ་ཡོ་ག་ནཱ་མ།
བོད་སྐད་དུ། བདག་གི་རྣལ་འབྱོར་ཞེས་བྱ་བ། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །རྣལ་འབྱོར་སྤྱོད་ལ་མཁས་པ་ཡིས། །སེམས་ཅན་རྣམས་ལ་རྗེས་བརྩེ་བས། །དངོས་གྲུབ་ཆེད་དུ་ལས་སྒྲུབ་ཐབས། །དེ་ནས་དེ་ལ་ཡང་དག་བཤད། །འཇིག་རྟེན་
ཐར་ལ་བརྟེན་ཕྱིར་ཡང་། །འཁོར་ལོ་དྲུག་གི་ཆོ་ག་དང་། །དེ་བཞིན་ལས་སྦྱོར་ཆོ་ག་ཡིས། །ལས་ཀྱི་སྒྲུབ་ཐབས་མཆོག་བྱའོ། །གང་ཞིག་རྣམ་པར་ཤེས་ཙམ་གྱིས། །སངས་རྒྱས་ཉིད་ནི་ངེས་འཐོབ་པ། །བདག་ཉིད་ཀྱི་ནི་སྒྲུབ་ཐབས་མཆོག །དེ་ཕྱིར་དེ་ལས་
བཤད་པར་བྱ། །དང་པོར་རེ་ཞིག་བཤང་ལམ་ནས། །སུམ་མདོ་རུ་ནི་དགུག་བྱ་སྟེ། །སྒོ་བཞི་འདབ་མ་བཞི་པ་ལ། །གེ་སར་རྒྱན་གྱིས་དགེ་བྱས་པ། །དེ་ཡི་དབུས་ན་ངེས་ཕྱུང་བའི། །བནྡྷུ་ཀ་མཚུངས་ས་བོན་དམར། །དེ་ནས་འཁོར་ལོ་ལ་གནས་ལྔ། །

ནག་པོ་འཇིགས་སུ་རུང་བའི་གཟུགས། །འཇིགས་བྱེད་ཅེས་བྱར་བསྒྲགས་པ་ནི། །འཇིགས་པ་འཇོམས་པས་འཇིགས་བྱེད་དོ། །གཉིས་པ་ལྟེ་བའི་དབུས་གནས་ཤིང་། །ལག་འགྲོའི་རྣམ་པར་རབ་ཉལ་བ། །དེ་ལ་འཁྱིལ་
པར་བསྒྲགས་པ་སྟེ། །འཆར་དང་ནུབ་པའི་རྒྱུ་ཡིན་ནོ། །མེ་ཡི་ས་བོན་རེ་ཕས་ཀྱང་། །གྲུ་གསུམ་པ་ཅན་མེ་ཡི་ལྷ། །ཁ་དོག་དམར་ཞིང་ལུས་ཆེ་བ། །འབར་བའི་ཕྲེང་བའི་འོད་འཁྲིགས་པའོ། །གསུམ་པ་སྙིང་གའི་འཁོར་ལོ་ནི། །སུམ་ཅུ་རྩ་དྲུག་
འདབ་མར་ཁྱབ། །པདྨའི་སྣལ་མ་དང་འདྲ་ཞིང་། །ཉི་མ་དང་མཉམ་གཟི་བརྗིད་ཅན། །སྣ་ཚོགས་པདྨ་འདབ་བརྒྱད་ཀྱི། །ལྟེ་བའི་ཟེའུ་འབྲུ་ལ་གནས་པ། །ནཱ་ད་ཐིག་ལེར་ཡང་དག་ལྡན། །སེམས་ཀྱི་རྡོ་རྗེ་དེ་བཞིན་གཤེགས། །བཞི་པ་མགྲིན་
པ་ལ་གནས་པའི། །རྩ་ཡི་ཚོགས་ཀྱི་སྤྱོད་ཡུལ་ནི། །རྩ་རྣམས་ཐམས་ཅད་ཚོགས་པ་སྟེ། །རྫུ་འཕྲུལ་ལ་སོགས་སྤྱོད་ཡུལ་ལོ། །བཅུ་དྲུག་འདབ་མའི་ཟེའུ་འབྲུ་ལ། །གསུང་གི་རྡོ་རྗེ་དེ་བཞིན་གཤེགས། །རྐན་དང་མགྲིན་པ་རྣམ་དག་ཆེ། །
ཁ་དོག་དམར་པོ་དཔལ་ལྡན་ཆེ། །ལྔ་པ་ཚངས་པའི་བུག་པར་ནི། །དུས་གསུམ་ནམ་མཁའི་སྤྱོད་ཡུལ་ཏེ། །ནམ་མཁའ་ལས་འདས་མཆོག་ཏུ་ཕྲ། །ཐིག་ལེའི་གཟུགས་ཅན་དབྱངས་དབང་ཕྱུག །འཁོར་ལོའི་ངེས་པ་དྲུག་པ་རྐན། །ལྷ་རྣམས་
ཀྱིས་ཀྱང་རྙེད་དཀའ་བ། །ཟླ་བ་ཆུ་ཤེལ་དང་མཚུངས་པ། །འཛག་པ་ཞེས་བྱ་བསམ་པར་བྱ། །སོ་གཉིས་བདུད་རྩིའི་ཆ་ཤས་རིགས་ཀྱི་ནི། །འཁོར་ལོར་གནས་པ་སྐུ་ཡི་རྡོ་རྗེ་སྟེ། །དེ་བཞིན་གཤེགས་པ་ཁ་དོག་དཀར་པོ་ཆེ། །རལ་
པའི་ཅོད་པན་ལ་བརྒྱན་དཔལ་ལྡན་ནོ། །དེ་བཞིན་སྤྱི་བོའི་རྩ་བར་ནི། །འཁོར་ལོ་ཟླ་བ་ཟླུམ་པོས་བརྒྱན། །ཆོས་ཀྱི་དབྱིངས་དང་དེ་བཞིན་ལྷ། །ཐིག་ལེ་ཡི་ནི་གཟུགས་རང་བཞིན། །ཡེ་ཤེས་རྣམ་ཤེས་སྦྱོར་བ་དང་། །སུམ་ཅུའི་དབང་ཕྱུག་

ཁྱབ་བྱད་དེ། །རྫུ་འཕྲུལ་དངོས་གྲུབ་སྦྱིན་པ་དང་། །ཐར་པའི་ལམ་སྦྱིན་དེ་ཞེས་བྱའོ། །བདག་གི་རྣལ་འབྱོར་ཞེས་བྱ་བ། །ཏོག་རྩེ་པའི་ཞབས་ཀྱིས་མཛད་པ་རྫོགས་སོ།། །།རྒྱ་གར་ཤར་ཕྱོགས་སངྣ་ག་རའི་མཁས་པ་ཆེན་པོ་ནགས་ཀྱི་རིན་ཆེན་གྱི་
སྤྱན་སྔར། དགེ་སློང་ཆོས་སྨྲ་བ་བསོད་ནམས་རྒྱ་མཚོའི་སྡེས་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། སརྦ་སིདྡྷི་ཀ་རོ་ནཱ་མ། བོད་སྐད་དུ། ཐམས་ཅད་གྲུབ་པར་བྱེད་པ་ཞེས་བྱ་བ། གྲུབ་པ་མཆོག་ལ་ཕྱག་འཚལ་ལོ། །བཀྲ་ཤིས་ལ་
སོགས་རིམ་པས་ཀྱང་། །རྣལ་འབྱོར་ལྟད་མོ་རབ་བརྗོད་བྱ། །དང་པོ་གཟའ་བཀྲ་ཤིས་ཤར་བའི་དུས་སུ། རླུང་ཆུ་ཚོད་གཉིས། མེ་ཐུན་ཚོད་གཅིག །ས་ཆུ་ཚོད་གཅིག་དང་ཆུ་ཚོད་གཉིས། ཆུ་ཆུ་ཚོད་གཉིས་སོ། །མཚན་མོའི་དང་པོ་མེ་ཐུན་ཚོད་གཅིག །
ས་ཐུན་ཚོད་གཅིག་དང་ཆུ་ཚོད་གཉིས། ཆུ་ཆུ་ཚོད་གཉིས། རླུང་ཆུ་ཚོད་གཉིས། མེ་ཆུ་ཚོད་གཉིས་སོ། །གཟའ་ལྷག་པ་ཤར་བའི་དུས་སུ། ས་ཐུན་ཚོད་གཅིག །རླུང་ཆུ་ཚོད་གཉིས། མེ་ཐུན་ཚོད་གཅིག་དང་ཆུ་ཚོད་གཉིས། ས་ཐུན་ཚོད་གཅིག་གོ། །
མཚན་མོ་ཆུ་ཆུ་ཚོད་གཉིས། ས་ཐུན་ཚོད་གཅིག་དང་ཆུ་ཚོད་གཉིས། རླུང་ཆུ་ཚོད་གཉིས། མེ་ཆུ་ཚོད་གཉིས་སོ། །ལྷའི་བླ་མ་ལ། རླུང་ཆུ་ཚོད་གཉིས། མེ་ཐུན་ཚོད་གཅིག་དང་ཆུ་ཚོད་གཉིས། ས་ཐུན་ཚོད་གཅིག །ཆུ་ཆུ་ཚོད་གཉིས། རླུང་ཆུ་
ཚོད་གཉིས་སོ། །མཚན་མོ་མེ་ཐུན་ཚོད་གཅིག་དང་ཆུ་ཚོད་གཉིས། ས་ཐུན་ཚོད་གཅིག་དང་ཆུ་ཚོད་གཉིས། ཆུ་ཆུ་ཚོད་གཉིས། རླུང་ཆུ་ཚོད་གཉིས་སོ། །གཟའ་པ་སངས་ལ། མེ་ཐུན་ཚོད་གཅིག །ས་ཐུན་ཚོད་གཅིག་དང་ཆུ་ཚོད་གཉིས། ཆུ་ཆུ་
ཚོད་གཉིས། རླུང་ཆུ་ཚོད་གཉིས། ས་ཆུ་ཚོད་གཉིས་སོ། །མཚན་མོ་ས་ཐུན་ཚོད་གཅིག་དང་། ཆུ་ཆུ་ཚོད་གཉིས། རླུང་ཆུ་ཚོད་གཉིས། མེ་ཐུན་ཚོད་གཅིག་དང་ཆུ་ཚོད་གཉིས། ས་ཆུ་ཚོད་གཉིས་སོ། །གཟའ་སྤེན་པ་ཤར་བ་ན། ཆུ་ཆུ་

ཚོད་གཉིས། རླུང་ཆུ་ཚོད་གཉིས། མེ་ཐུན་ཚོད་གཅིག །ས་ཐུན་ཚོད་གཅིག་དང་ཆུ་ཚོད་གཉིས། ཆུ་ཆུ་ཚོད་གཉིས་སོ། །མཚན་མོ་རླུང་ཆུ་ཚོད་གཉིས། མེ་ཐུན་ཚོད་གཅིག །ས་ཐུན་ཚོད་གཅིག །ཆུ་ཆུ་ཚོད་གཉིས་སོ། །གཟའ་
ཉི་མ་ཤར་བ་ན། ཆུ་ཆུ་ཚོད་གཉིས། རླུང་ཆུ་ཚོད་གཉིས། མེ་ཐུན་ཚོད་གཅིག་དང་ཆུ་ཚོད་གཉིས། ས་ཐུན་ཚོད་གཅིག །ཆུ་ཆུ་ཚོད་གཉིས་སོ། །མཚན་མོ་རླུང་ཆུ་ཚོད་གཉིས། མེ་ཐུན་ཚོད་གཅིག་དང་ཆུ་ཚོད་གཉིས། ས་ཐུན་ཚོད་གཅིག །ཆུ་
ཆུ་ཚོད་གཉིས། རླུང་ཆུ་ཚོད་གཉིས་སོ། །གཟའ་ཟླ་བ་ཤར་བ་ན། མེ་ཐུན་ཚོད་གཅིག །ས་ཐུན་ཚོད་གཅིག་དང་ཆུ་ཚོད་གཉིས། ཆུ་ཆུ་ཚོད་གཉིས། རླུང་ཆུ་ཚོད་གཉིས། །མེ་ཆུ་ཚོད་གཉིས་སོ། །མཚན་མོ་ས་ཐུན་ཚོད་གཅིག །ཆུ་ཆུ་ཚོད་གཉིས།
རླུང་ཆུ་ཚོད་གཉིས། མེ་ཐུན་ཚོད་གཅིག །ས་ཐུན་ཚོད་གཅིག་གོ། །རྣལ་འབྱོར་པས་འདི་ལྟར་བྱ་སྟེ། རླུང་དང་མེ་གཉིས་སྤང་བར་བྱའོ། །མེ་འཕེལ་བའི་བདག་ཉིད་དང་། རླུང་གི་བྱ་བ་ཐམས་ཅད་རྨོངས་པར་འགྱུར་ཞིང་། ཆུ་དང་སའི་ལས་བརྒྱད་པོ་
མཐའ་དག་ཤེས་བྱ་སྟེ། དེ་ལྟར་ཤེས་ནས་མེ་དང་རླུང་སྤང་བར་བྱའོ། །རྒྱལ་པོ་དབང་བསྐུར་བ་དང་། ཁྲོན་པ་བྲུ་བ་དང་། བག་མ་བྱ་བ་དང་རབ་ཏུ་གནས་པའི་ལས་རྣམས་ལས་གཙོ་བོའོ། །མིག་སྨན་དང་རིལ་བུ་དང་མཆིལ་ལྷམ་གཉིས་དང་། རལ་གྲི་དང་མཆོད་
ཡོན་དང་ཞབས་བསིལ་དང་གཙུག་ཕུད་དང་གཡུལ་དང་གསད་པ་དང་ཟས་དང་མཛོད་དང་དགོན་པ་བྱ་བ་རྣམས་ལ་ས་གཙོ་བོའོ། །དཀའ་ཐུབ་ཀྱི་ལས་དང་། སློང་བ་ལ་མེ་གཙོ་བོའོ། །བསྐྲད་པ་ལ་རླུང་གཙོ་བོའོ། །རེངས་པ་དང་དགུག་པ་ལ་ཆུ་གཙོ་བོ་སྟེ། ཞི་བའི་
ལས་དང་རྒྱས་པ་ལས་གཙོ་བོའོ། །ལྟད་མོ་དང་བསྟན་བཅོས་རྩོམ་པ་དང་གཙང་བར་བྱེད་པ་ཡང་ངོ་། །ལས་ཐམས་ཅད་གྲུབ་པར་བྱེད་པ་རྫོགས་སོ།། །།ཙརྦ་ཊིའི་ཞབས་ཀྱིས་མཛད་པའོ། །དགེ་སློང་རྒྱ་མཚོས་བསྒྱུར་བའོ།། །།