Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 49
Văn bản gốc(Tây Tạng)
Trang 21 / 23 (50.000 ký tự/trang)
ི་ལྷ་གཤེགས་སུ་གསོལ་ཏེ། བདག་ཉིད་དཔལ་ཕྱག་ན་རྡོ་རྗེའི་ང་རྒྱལ་དང་ལྡན་པས་སྤྱོད་ལམ་བྱའོ། །དེ་ལ་རྣམ་པ་ལྔས་མངོན་པར་བྱང་ཆུབ་པ་བསྐྱེད་པ་ནི་ཆོས་ཐམས་ཅད་གདོད་མ་ནས་མ་སྐྱེས་པར་བསམས་ཤིང་ བརྗོད་པས། སེམས་ཙམ་གྱི་རྣམ་པར་དམིགས་ཏེ། སེམས་ཀྱི་བདག་ཉིད་ཟླ་བའི་དཀྱིལ་འཁོར་ཨ་ཡིག་གི་རྣམ་པ་ཅན་བསྒོམས་ལ། ཨོཾ་པྲ་ཏི་བེ་དྷཾ་ཀ་རོ་མི་ཞེས་བརྗོད་པ་ནས། ཡང་ཟླ་བའི་དཀྱིལ་འཁོར་བསྒོམས་ནས། ཨོཾ་བོ་དྷི་ཙིཏྟ་ཨུཏྤཱ་དཱ་ཡཱ་མི་ཞེས་ བརྗོད་པས། ཀ་ཡིག་གི་རྣམ་པ་ཅན་གྱི་ཟླ་བ་བསྒོམ་མོ། །དེའི་སྟེང་དུ་ཡི་གེ་ཧཱུཾ་ལས་བྱུང་བའི་རྡོ་རྗེ་འབར་བ་བུམ་པ་ཧཱུཾ་གིས་མཚན་པ་བསྒོམས་ཏེ། ཨོཾ་ཏིཥྛ་བཛྲ་ཞེས་བརྗོད་པར་བྱའོ། །གསང་སྔགས་ཀྱི་བྱིན་གྱི་རླབས་ཀྱིས་བདག་ཉིད་རྡོ་རྗེར་གྱུར་ནས། ཨོཾ་བཛྲ་ཨཱཏྨ་ཀོ྅ཧཾ། ཞེས་བརྗོད་པར་བྱའོ། །སངས་རྒྱས་ཐམས་ཅད་ཀྱི་རྣམ་པའི་འོད་ཟེར་བསྡུས་པའི་སྦྱོར་བ་བྱས་པས། ཇི་སྐད་དུ་བརྗོད་པའི་དཔལ་ཕྱག་ན་རྡོ་རྗེར་གྱུར་པར་བྱས་ལ། ཡ་ཐཱ་བཛྲ་དྷ་ར་ཤཱ་ཨ་ཧཾ་ཞེས་བརྗོད་པར་བྱའོ། །སྔོན་དུ་གནས་བསྐྱེད་པར་འདོད་པ་རྣམས་ཀྱིས་སྟོང་པ་ཉིད་ ལས་བཀའི་འཁོར་ལོ་རྩིབས་བཅུ་པ་རབ་ཏུ་འབར་བ་བསམས་ཏེ། དབུས་སུ་ཁྲོ་བོ་གནོད་མཛེས་རྒྱལ་པོ། རྩིབས་རྣམས་ལ་ཁྲོ་བོ་བཅུ་རིམ་བཞིན་བསམས་ཏེ། ཧཱུཾ་བཞིའི་སྔགས་བརྗོད་པས་ཁྲོ་བོ་བཅུའི་འོད་ཟེར་གྱིས་གདུག་པ་ཅན་ཐམས་ཅད་བཀུག་སྟེ་སྐུ་གསུང་ ཐུགས་ཀྱི་ཕུར་པ་བཏབ་པས་ཁྲོ་བོ་བཅུའི་འོད་ཟེར་གྱིས་ཐམས་ཅད་བཏུལ་ཞིང་སྦྱངས་ཏེ་ནམ་མཁའི་ངོ་བོ་ཉིད་དུ་གྱུར་པར་བྱའོ། །དེ་ནས་ཡང་ནམ་མཁའ་ལ་རཾ་ཉི་མ་ལ་གནས་པའི་ཧཱུཾ་ལས་བྱུང་བའི་རྡོ་རྗེའི་འོད་ཟེར་གྱིས་རྡོ་རྗེ་ར་བ་དང་ས་གཞི་དང་དྲ་བས་བསྐོར་བའི་དཀྱིལ་དུ་ཁང་ པ་བརྩེགས་པ་བསྒོམ་པར་བྱའོ། །དེ་ཡང་ཁ་ཅིག་ནི་རླུང་གི་དཀྱིལ་འཁོར་ནི་རི་རབ་ལ་ཐུག་གི་བར་དུ་རིམ་པ་བཞིན་བསྐྱེད་ནས་དེ་ཡོངས་སུ་གྱུར་པ་ལས་ཁང་པ་བརྩེགས་པ་བྱ་ཞེས་འདོད་དོ། །ཁ་ཅིག་ནི་རི་རབ་ཀྱི་སྟེང་ན་ཁང་པ་བརྩེགས་པ་ཞེས་འདོད་དོ། །ཁ་ཅིག་ནི་ཆོས་ཀྱི་འབྱུང་ གནས་ཀྱི་དཀྱིལ་དུ་བསྐྱེད་པར་འདོད་དོ། །འདིར་ཇི་ལྟར་འདོད་པ་བཞིན་བསྐྱེད་པར་བྱའོ། །དེ་ཡང་། གྲུ་བཞི་པ་ལ་སྒོ་བཞི་པ། །ཏྭ་ར་ན་བཞིས་མཛེས་པར་བྱས། །དྲ་བ་དང་དྲ་བ་ཕྱེད་པ་ལ་སོགས་པས་བརྒྱན་པའི་དབུས་སུ་སྣ་ཚོགས་པདྨ་ལ་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་རྣམ་ པ་ལྔས་མངོན་པར་བྱང་ཆུབ་པའི་རིམ་པས་སྐུ་བསྐྱེད་པར་བྱའོ། །ཡེ་ཤེས་སེམས་དཔའ་སྤྱན་དྲང་བའི་སྔགས་ནི་ཛཿཧཱུཾ་བཾ་ཧོཿཞེས་བྱ་བས་དགུག་པ་ལ་སོགས་པ་མཉེས་པ་ལ་ཐུག་པར་བྱའོ། །དེ་ལ་བྱིན་གྱིས་བརླབ་པ་ཁམས་དང་སྐྱེ་མཆེད་དག་པར་བྱ་བ་ནི་རིགས་གསུམ་ དང་རིགས་ལྔའི་རང་བཞིན་དུའོ། །དབང་བསྐུར་བ་ནི་མི་བསྐྱོད་པས་དབུ་བརྒྱན་པའོ། །མཆོད་པ་རྣམས་ནི་ཕྱི་རོལ་དག་གིས་ཏེ་ཕྱི་རོལ་གྱི་མཆོད་པ་རྣམས་ནི་ཨརྒྷ་དང་མེ་ཏོག་ལ་སོགས་རང་གི་མིང་གི་དང་པོ་དང་། ཐ་མའི་ཕྱག་དང་བཅས་པས་དབུལ་བར་བྱའོ། །བསྟོད་པ་ནི་མིང་ ལྔའི་ཤློ་ཀ་གཅིག་གམ། མིང་བཅུ་པའམ་མིང་བརྒྱ་རྩ་བརྒྱད་པ་ལ་སོགས་པས་བསྟོད་པ་བྱའོ། །བཟླས་པའི་དུས་སྐུ་གསུང་ཐུགས་ཀྱི་ལྷ་དང་ཡེ་ཤེས་སེམས་དཔའི་ཐུགས་ཀར་གདན་དང་མཚན་མ་ཇི་ལྟ་བ་བཞིན་བསམས་ཏེ། རང་གི་ས་བོན་གྱིས་མཚན་པར་བྱས་ལ། བརྟེན་ ནས་གསང་སྔགས་ཀྱི་ཕྲེང་བ་རབ་ཏུ་འོད་འབར་བ་དང་བཅས་པ་སྤྲོ་བ་དང་བསྡུ་བར་བྱའོ། །ཡེ་ཤེས་སེམས་དཔའི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་ཧཱུཾ་གིས་མཚན་པ་སྔགས་ཀྱི་ཕྲེང་བ་ཅན་ནོ། །སླར་གཤེགས་སུ་གསོལ་བ་ནི་ས་བོན་སྙིང་པོའམ་དེ་ཉིད་གསུམ་གྱི་སྔགས་མུཿཞེས་བྱ་བ་ དང་ལྡན་པའོ། །ལག་ན་རྡོ་རྗེ་གོས་སྔོན་པོ་ཅན་གྱི་སྒྲུབ་ཐབས་སློབ་དཔོན་བྷ་བས་མཛད་པའི་མན་ངག་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། མ་ཧཱ་ཡཀྵ་སེ་ནཱ་པ་ཏི་ནཱི་ལཱཾ་བ་ར་དྷ་ར་བཛྲ་པཱ་ཎི་སཱ་དྷ་ནཾ། བོད་སྐད་དུ། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ལག་ན་རྡོ་རྗེ་ གོས་སྔོན་པོ་ཅན་གྱི་སྒྲུབ་ཐབས། བཅོམ་ལྡན་འདས་མཐུ་སྟོབས་ཀྱི་བདག་པོ་དཔལ་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ། །ཉོན་མོངས་གདུང་བ་སེལ་མཛད་པའི། །ཟླ་བ་ལྟ་བུའི་མཐུ་མངའ་བའི། །ཐམས་ཅད་སེལ་ཞིང་སྣང་བར་བྱེད། །མཐུ་སྟོབས་ཅན་ལ་ཕྱག་འཚལ་ལོ། །ལས་ མཐའི་རྩོད་པའི་དུས་སུ་ནི། །ལས་ངན་རྩོད་པ་ཞེས་བྱེད་པ། །ཉི་མ་ལྟ་བུའི་འོད་ཟེར་ནི། །བདག་གིས་ཕན་ཕྱིར་བཤད་པར་བྱ། །ལས་ཀྱི་དབང་གིས་མི་མཐུན་པའི། །ནད་ལ་སོགས་པ་སྣ་ཚོགས་འབྱུང་། །དེ་ཉིད་འཇོམས་བྱེད་མཐུ་ཡི་མཆོག །གསང་སྔགས་འཁོར་ལོ་ བཤད་པར་བྱ། །དང་པོར་སྣོད་རྣམས་བསྟན་པའི་ཕྱིར། །སློབ་དཔོན་སྒྲུབ་པོ་གཉིས་སུ་དབྱེ། །ཤེས་རབ་སྙིང་རྗེ་ལྡན་པ་དང་། །དམ་ཚིག་སྡོམ་པ་གནས་པ་དང་། །སྣོད་རྣམས་དབྱེ་བའི་རིམ་ཤེས་དང་། །འགྲོ་དོན་ཕན་སེམས་བརྩོན་པ་དང་། །དབང་རྣམས་ རྫོགས་ཤིང་མན་ངག་ཐོབ། །རྒྱུད་དོན་གཞན་རྣམས་ཤེས་པ་དང་། །ཕ་རོལ་ཕྱིན་པའི་དོན་ལ་མཁས། །བདེན་པ་རྣམ་གཉིས་གཏན་ལ་འབེབས། །ཉོན་མོངས་ཆུང་ཞིང་སེམས་རྣམས་ཐུལ། །ལུས་ངག་ཡིད་གསུམ་སྤྱོད་ལམ་མཁས། །དུས་དང་གནས་སྐབས་དབྱེ་བ་ཤེས། །བྱ་ དང་མི་བྱའི་རིམ་པ་དང་། །གནང་དང་དགག་པའི་རིམ་བརྩོན་རྣམས། །ཤེས་པ་དེ་ནི་སློབ་དཔོན་ཉིད། །དད་ལྡན་བླ་མ་ལ་ནི་གུས། །གཡོ་སྒྱུ་མེད་པའི་བསམ་པ་ཡིས། །རྫས་དང་ལུས་སྲོག་འབུལ་བྱེད་དང་། །ཡང་ནས་ཡང་དུ་གསོལ་འདེབས་པ། །སྤྱོད་ལམ་ལ་སོགས་མཛེས་ པ་ཡིས། །དུས་རིམ་དུ་ནི་འཁོར་བྱེད་པ། །མཎྜལ་མེ་ཏོག་བཅས་པ་ཡིན། །གུས་པས་ཞབས་ལ་ཕྱག་བྱེད་པ། །སློབ་མར་ཞུགས་ཀྱི་ཤེས་པར་བྱ། །ཕྱག་རྒྱ་མཆོག་ནི་དོན་དུ་གཉེར། །མི་རྣམས་ཀུན་གྱིས་དབེན་པ་ཡི། །ཡིད་དུ་འོང་བའི་གནས་དག་ཏུ། །ཡོ་བྱད་རྫས་རྣམས་ འཚོགས་པ་ཡིས། །དག་པ་ལ་སོགས་སྔོན་འགྲོ་བས། །ཡིད་གཉིས་མེད་པའི་བརྩོན་འགྲུས་ལྡན། །གུས་པས་མན་ངག་བདུད་རྩི་འདི། །གླེགས་བམ་ལ་ནི་བརྟེན་པ་བརྩམས། །ངེས་པའི་མན་ངག་བདུད་རྩི་འདི། །རྣ་བརྒྱུད་འོངས་ཏེ་ཐུགས་ལ་གནས། །ཞལ་གྱི་སྒོ་རུ་བཏོན་ནས་ ཀྱང་། །དེ་བཞིན་སྒྲུབ་པོས་བླང་བར་བྱ། །ཐབས་ཀྱི་སྦྱོར་བ་མཁས་པ་ཡིས། །དང་པོ་དུས་སུ་རྫོགས་པ་དང་། །རིམ་བཞིན་ལྔ་ཡི་བར་དུ་བླང་། །དེ་ལྟར་བླངས་པའི་དོན་ཤེས་ན། །གང་འདོད་པ་ཡི་དོན་རྣམས་འགྲུབ། །རྒྱུད་སོགས་གཞན་ནས་འབྱུང་བ་ཡི། །དེ་ལྟ་བུ་ཡི་དོན་ ཤེས་པས། །སྒྲུབ་པོ་ཞེས་ནི་བཏགས་པ་ཡིན། །སྒྲུབ་པ་པོ་ནི་དེ་དག་ཀྱང་། །ཤེས་རབ་སྙིང་རྗེ་ཆེ་བརྩོན་ནི། །དང་པོ་བླ་མ་བསྟེན་གྱུར་ནས། །དེ་ནས་རང་ཉིད་འཇུག་པར་འགྱུར། །ཡང་ན་དེ་ཙམ་མི་ལྡན་ཡང་། །ཡུལ་དང་དུས་ཀྱིས་བསྐལ་གྱུར་ན། །ཆ་རྐྱེན་རྫོགས་པར་ཚང་ དགོས་པས། །བླ་མ་ལ་ནི་གུས་པ་ཡིས། །སྐྱོབ་བྱེད་མཐུ་རྣམས་མི་འདྲ་བས། །བསམ་གྱིས་མི་ཁྱབ་མཐུ་ལྡན་པ། །ངེས་པར་ཤིན་ཏུ་རྫོགས་པར་བྱ། །དེ་རྣམས་དགོས་པའི་བསྟན་པ་ནི། །དཔེར་ན་དཔའ་བོ་གཡུལ་ཞུགས་ན། །གོ་རྣམས་རྫོགས་པར་མ་གྱུར་པས། །མཚོན་ གྱིས་ཕོག་སྟེ་སླར་ལོག་ལྟར། །དེ་བཞིན་བསྒྲུབ་པའི་ཆ་རྐྱེན་ཡང་། །མ་ཚང་སླར་ལ་ལྡོག་ཉན་ཡོད། །ཡང་ན་མཐུ་རྣམས་བསམ་མི་ཁྱབ། །སྨན་གྱི་མཐུ་རྣམས་ཇི་བཞིན་ཏེ། །གང་ལ་གང་འཕྲོད་ལས་དང་རྐྱེན། །མཁས་པ་ཡིས་ནི་ཤེས་པར་བྱ། །དེ་ཡི་དོན་རྣམས་ཤེས་བྱ་བ། ། བདེ་གཤེགས་སྲས་པོ་མཁས་པས་སུ། །རྒྱུད་དུ་བྱ་བ་བརྒྱད་ཅེས་བྱ། །དངོས་གྲུབ་རྣམ་གཉིས་ཐོབ་བྱེད་པའི། །བསྐྱེད་རྫོགས་ཤེས་པའི་གཙོ་བོ་ཡིས། །དེ་ཡི་ཡན་ལག་འཁོར་བཤད་པ། །ཚོགས་འཁོར་སྦྱིན་སྲེག་གཏོར་ཆེན་པོ། །འཁྲུལ་འཁོར་ལས་རྣམས་ཕྲན་ཚེགས་ སོགས། །དེ་རྣམས་ལས་རྣམས་ཐམས་ཅད་རྫོགས། །དམ་ཚིག་ཉམས་པ་ཆེར་བྱུང་ན། །གཟུགས་བརྙན་དཀྱིལ་འཁོར་བཞེངས་གསོལ་ཕྱིར། །དཀྱིལ་འཁོར་ཆོ་ག་ཤེས་པར་བྱ། །དེ་མ་ནུས་པའི་རྣལ་འབྱོར་པས། །མཎྜལ་མེ་ཏོག་བཅས་པ་ལ། །བརྟེན་ནས་སྡིག་བཤགས་ཆོ་ ག་བྱའོ། །དམ་ཚིག་ཉམས་པ་ཆེན་པོ་དང་། །དང་པོ་དབང་ཡང་ཐོབ་པའི་ཕྱིར། །དབང་མཆོག་ཆོ་ག་ཤེས་པར་བྱ། །བར་ཆོད་མྱུར་དུ་བྱུང་བ་ན། །སྟང་སྟབས་བགེགས་བསྐྲད་ཤེས་པར་བྱ། །རྣལ་འབྱོར་འཆི་བའི་རྟགས་བྱུང་ན། །འཆི་བསླུའི་ཆོ་ག་ཤེས་པར་བྱ། །ཡིད་ཆེས་བྲོད་པ་ བསྐྱེད་པའི་ཕྱིར། །མཁའ་འགྲོའི་ལུང་བསྟན་ཤེས་པར་བྱ། །དེ་ཀུན་རྩ་བའི་དམ་ཚིག་ཡིན། །བཟླས་བརྗོད་བྱས་པས་དོན་རྣམས་འགྲུབ། །བདུད་རྩི་ལ་སོགས་རྫས་རྣམས་ནི། །སྒྲུབ་ཐབས་སྦྱོར་ཐབས་མཁས་པས་སུ། །ལུས་སོགས་ལས་སུ་རུང་བར་བྱ། །དེ་ལྟར་ཆ་རྐྱེན་ཚང་བ་ ཡིས། །ཕྱག་རྒྱའི་མཆོག་ནི་དོན་དུ་གཉེར། །དངོས་གྲུབ་ཕྲན་ཚེགས་ཞར་ལས་འབྱུང་། །དེ་ལྟར་གདེང་ལྡན་རྣལ་འབྱོར་གྱིས། །ཡིད་དུ་འོང་བའི་གནས་དག་ཏུ། །ཚེས་གྲངས་བཟང་པོ་ཤིས་པ་ལ། །ཆོས་སྐྱོང་སྲུང་མ་ལ་སོགས་ལ། །བསྒོ་ཞིང་བགེགས་རྣམས་ཞི་བར་བྱེད། །ཡི་དམ་ལྷ་ དང་སློབ་དཔོན་དང་། །མཁའ་འགྲོ་རྣམས་ཀྱི་སྤྱན་སྔ་རུ། །དམ་བཅའ་བྱས་ཏེ་བསྒྲུབ་པར་བྱའོ། །ཡི་གེ་བརྒྱ་སོགས་ཆོ་ག་ཡིས། །ཉེས་པ་ཀུན་ནི་སྦྱངས་ནས་ཀྱང་། །ས་གཞི་ལེགས་པའི་གནས་དག་ཏུ། །མཎྜལ་མེ་ཏོག་ལེགས་པར་བཀྲམ། །ཕྱི་ནང་མཆོད་པའི་རྫས་ རྣམས་ཀུན། །བསགས་ཏེ་མ་ལུས་རྒྱན་རྣམས་དགྲམ། །རང་ཉིད་ལྷག་པའི་ལྷར་གྱུར་པའི། །བདེ་བར་གཤེགས་པའི་གླེགས་བམ་དེ། །རིན་ཆེན་ན་བཟའ་མཛེས་བྱས་ལ། །སྟོན་པ་མྱ་ངན་འདས་འོག་ཏུ། །གསུང་གི་རྟགས་སུ་གཞག་པར་བྱ། །འབུར་རམ་ལུགས་སམ་རིས་སུ་བྲིས། ། ཤིན་ཏུ་མཛེས་པའི་སྐུ་མཆོག་དེ། །སྐུ་ཡི་རྟགས་སུ་གཞག་པར་བྱ། །རྡོ་རྗེ་དྲིལ་སོགས་ཕྱག་མཚན་རྣམས། །ལུགས་དང་མཐུན་པའི་མཛེས་པ་དེ། །ཐུགས་ཀྱི་རྟགས་སུ་གཞག་པར་བྱ། །དེ་དག་ཀུན་ལ་དོན་དམ་དུ། །རབ་ཏུ་གནས་པ་མེད་མོད་ཀྱང་། །ཡང་དག་ཀུན་རྫོབ་ཉིད་དུ་ནི། །རྒྱལ་ བ་ལྷུམས་ཞུགས་ཇི་བཞིན་ནོ། །དེ་ལྟར་བྱིན་རླབས་མཐུ་ཆེན་པ། །ཅི་བྱས་ཐམས་ཅད་རྫོགས་ཆེན་འགྱུར། །དེ་བས་བརྩོན་འགྲུས་བསྐྱེད་དེ་བྱ། །གལ་ཏེ་རྣལ་འབྱོར་དབུལ་གྱུར་ན། །ཐམས་ཅད་མོས་པའི་སྤྱོད་ཡུལ་ན། །དབུལ་བར་མ་གྱུར་སེར་སྣ་ཡིས། །སོགས་པར་དེ་ནི་མི་བྱེད་པར། །ཆོས་ དང་མི་མཐུན་སྤྱོད་པ་ཡིན། །དེ་བས་གུས་པས་བརྩོན་འགྲུས་བྱ། །རྣལ་འབྱོར་དབང་ཕྱུག་རྣམས་ཀྱིས་ནི། །བསྐྱེད་དང་རྫོགས་ལ་བརྟེན་བྱ་སྟེ། དང་པོ་བསྐྱེད་པའི་ཚུལ་རྣམས་ནི། །སྐད་ཅིག་སྤྲུལ་དང་ཆོ་ག་ལྔ། །གསུམ་གྱི་ཚུལ་དུ་བསྟན་པ་དང་། །གཉིས་ལས་འབྱུང་བྱེད་ཚུལ་དང་ནི། ། གཅིག་ལ་འཇུག་པའི་ཚུལ་གྱིས་སུ། །ཆོ་གའི་རིམ་པར་ཤེས་པར་བྱ། །རྫོགས་པའི་གཉིས་སུ་བསྟན་པ་ལ། །ཐབས་ཀྱི་ཚུལ་གྱིས་འཇུག་པ་དང་། །ཤེས་རབ་ཚུལ་གྱིས་འཇུག་པ་པོ། །ཐབས་ཀྱིས་འཇུག་པའི་ཚུལ་རྣམས་ནི། །བརྒྱད་དཀྱིལ་དགུ་ཡི་བདག་པོ་ལ། །མན་ངག་སྟོབས་ ཀྱིས་འཇུག་པ་དང་། །བཅུ་དྲུག་བཞི་ཡི་བདག་དཀྱིལ་ལ། །སྦྱོར་བའི་ཐབས་ཀྱིས་འཇུག་པ་དང་། །དེ་དང་དེ་ལས་ཁྱད་པར་འཕགས། །ཤིན་ཏུ་བསྐོར་བའི་གནས་དག་ཏུ། །རིམ་པ་བཞིན་དུ་འཇུག་པ་དང་། །དང་པོ་འབྱུང་བྱེད་གནས་དག་ཏུ། །ཐ་མ་ཅིག་ཤོས་འབྱུང་བ་ལ། ། མགལ་མེའི་འཁོར་ལོ་བསྐོར་བ་ཡིས། །རིམ་སོགས་མན་ངག་ཤེས་པར་བྱ། །ཤིན་ཏུ་འཇམ་པའི་སྟན་དག་ལ། །རྣལ་འབྱོར་ཅི་བདེར་གནས་ནས་ནི། །སྙིང་གར་ཟླ་བའི་དཀྱིལ་འཁོར་ལ། །ས་བོན་སྤྲོས་པས་ལྷ་རྣམས་གསལ། །བླ་མ་མི་བསྐྱོད་གཟུགས་འཛིན་པ། །མཁའ་འགྲོའི་ ཚོགས་ཀྱིས་བསྐོར་བ་ལ། །དང་པོ་ལུས་ངག་གུས་པ་ཡིས། །ཕྱག་འཚལ་ཞབས་ལ་རེག་པར་བྱ། །ཕྱི་མཆོད་ནང་མཆོད་གསང་མཆོད་རྣམས། །རིམ་པས་ཕུལ་ནས་སྡིག་པ་བཤགས། །སྒྱུ་མའི་མཚན་ཉིད་ཤེས་པར་བྱ། །སངས་རྒྱས་ལ་སོགས་བདེ་བ་ལ། །དགའ་བ་བསྐྱེད་དེ་རྗེས་ཡི་ རང་། །ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ། །འགྲོ་བའི་དོན་དུ་གསོལ་བ་གདབ། །དཀྱིལ་འཁོར་ལྷ་ལ་སྐྱབས་སུ་མཆི། །ལུས་ཀྱང་གུས་པར་དབུལ་བར་བྱ། །སེམས་བསྐྱེད་ལམ་ལ་གནས་པར་བྱ། །ཕྱག་རྒྱ་མཆོག་ཏུ་གཟུང་བར་བྱ། །སླར་ཡང་སྡོམ་པ་བརྟན་པར་གཟུང་། ། ཚད་མེད་བཞི་ཡང་བསྒོམ་པར་བྱ། །དག་པར་བྱེད་པའི་སྔགས་བརྗོད་པས། །མཐའ་དག་སྟོང་པ་ཉིད་དུ་བསྒོམ། །ཡོད་པ་མ་ཡིན་མེད་པ་མིན། །སྣང་བ་མ་ཡིན་འགག་མེད་མིན། །སྐྱེ་བ་མ་ཡིན་འགག་པ་མིན། །དེ་ལ་སོགས་པའི་ཚིག་རྣམས་ཀྱིས། །མཚོན་ཏེ་སྟོང་ཉིད་གཏན་ ལ་དབབ། །སྟོང་ཉིད་དངོས་པོའི་གནས་ཚུལ་ནི། །གང་དུའང་བསམ་དུ་མེད་མོད་ཀྱང་། །མ་རྟོགས་ལོག་རྟོགས་ཐེ་ཚོམ་ཅན། །དེ་རྣམས་བསལ་བའི་དོན་ཆེད་དུ། །སྐྱེ་མེད་འགག་མེད་ལ་སོགས་བརྗོད། །དེ་ལས་སྟོང་པའི་ངང་ལས་ནི། །འབྱུང་བའི་དཀྱིལ་འཁོར་རིམ་བརྩེགས་ འཕྲོས། །དེ་སྟེང་སུཾ་ལས་བྱུང་བ་ལས། །རི་རབ་ཆེན་པོ་བསྐྱེད་པར་བྱ། །དེ་སྟེང་ཧཱུཾ་ལས་རྡོ་རྗེ་ནི། །རྒྱ་གྲམ་ལྗང་གུའི་དཀྱིལ་དུ་ནི། །ས་བོན་འོད་ཟེར་ལས་འཕྲོས་པས། །གསེར་གྱི་འཁོར་ལོ་རྩིབས་བཅུ་བསྐྱེད། །སྐད་ཅིག་རྫུས་སྐྱེས་ཚུལ་དུ་ནི། །དབུས་ཀྱི་གཙོ་བོས་ཁྲོ་བཅུ་ བསྐྱེད། །ཧཱུཾ་བཞི་གསང་སྔགས་བརྗོད་པ་ཡིས། །བཀའ་བསྒོ་བས་ནི་སྤྲུལ་པ་འཕྲོས། །གདུག་པ་ཅན་ནི་མ་ལུས་བཀུག །རྡོ་རྗེ་ཕུར་བུའི་སྔགས་བརྗོད་པས། །ཤིན་ཏུ་ཁྲོས་པས་སྤྲུལ་ནས་ནི། །བརྡེག་པའི་སྔགས་ཀྱིས་བཏབ་ནས་ནི། །བརྡུང་བའི་སྔགས་ཀྱིས་བརྡུང་བར་བྱའོ། ། མེ་དཔུང་ཚོགས་ཀྱིས་ཐལ་བར་བསྲེག །ནམ་མཁའི་མཐས་ཀླས་ཚུན་ཆད་དུ། །ཁྲོ་བོ་རྣམས་ཀྱི་ནང་ལོགས་སུ། །རྡོ་རྗེ་གུར་དང་ར་བ་གཏམས། །རྡོ་རྗེ་གུར་གྱི་ནང་ལོགས་སུ། །གཞལ་ཡས་ཁང་ནི་མཛེས་པར་བསྐྱེད། །དེ་སྟེང་པདྨ་འདབ་བརྒྱད་གདན། ། ལྟེ་བར་ཉི་ཟླའི་གདན་ནི་བརྩེགས། །གདན་དང་རྒྱན་རྣམས་ཀུན་ནི་རྫོགས། །མངོན་པར་བྱང་ཆུབ་ཆོ་ག་ཡིས། །གཙོ་བོའི་སྐུ་ནི་བསྐྱེད་པར་བྱ། །དང་པོ་སྟོང་དང་ཟླ་བ་ལ། །ཡིག་འབྲུ་ལ་སོགས་ཆོ་ག་རྫོགས། །རྡོ་རྗེ་ལ་ནི་བྱིན་རླབས་བསྡུ། །སྔགས་བརྗོད་པས་ནི་སྐུ་བསྐྱེད་དོ། །གཙོ་བོ་སྐུ་ མདོག་མཐིང་ནག་ནི། །ཞལ་གཅིག་པ་ལ་ཕྱག་གཉིས་པ། །མཆེ་བ་གཙིགས་པ་འདོད་དགུར་བསྒྱུར། །སྐུ་ལ་སྦྲུལ་གྱི་རྒྱན་གྱིས་བརྒྱན། །གཡོན་བརྐྱང་གཡས་བསྐུམ་འབྱུང་པོ་འདུལ། །ཕྱག་གཡས་རྡོ་རྗེ་ཁྲོ་བོ་བསྡམས། །གཡོན་ནས་མཁའ་ལྡིང་རྒྱལ་པོ་སྤྲོ། །གཙོ་བོ་དེ་ལྟར་བསྐྱེད་ ནས་ནི། །ཤར་གྱི་པདྨའི་འདབ་མ་ལ། །རྣམ་རྒྱལ་སྐུ་མདོག་དམར་པོ་སྟེ། །ཕྱག་གཡས་དང་པོ་རྡོ་རྗེ་འཛིན། །གཡོན་པས་དགྲ་སྟ་འཛིན་པ་སྟེ། །བར་མ་ཕྱག་གཉིས་གུང་མོ་དང་། །མཐེ་བོང་ངོས་མདུང་གཞན་རྣམས་བརྐྱང་། །དེ་ཉིད་སྙིང་གར་བཟུང་ནས་ནི། །དེ་འོག་ཞགས་པ་ རལ་གྲི་བསྣམས། །ལྷོ་ཡི་པདྨར་མགོན་པོ་ནི། །སྐུ་མདོག་ནག་པོ་ཞལ་གཅིག་པ། །ཕྱག་ཀྱང་དེ་བཞིན་གཉིས་པ་སྟེ། །གཡས་གཡོན་ཙནྡན་བིང་ཆེན་བསྣམས། །ནུབ་ཀྱི་པདྨར་ལུས་ངན་པོ། །སྐུ་མདོག་ལྗང་གུ་ཞལ་གཅིག་པ། །ཕྱག་གཉིས་མཆོད་རྟེན་ནེའུ་ལེ་བསྣམས། །བྱང་གི་ པདྨར་བདུད་རྩི་འཁྱིལ། །སྐུ་མདོག་སྔོན་པོ་ཞལ་གཅིག་པ། །ཕྱག་གཉིས་བྲང་བསྣོལ་སྡིགས་མཛུབ་འཕྱར། །ཤར་ལྷོའི་འདབ་མར་གནོད་སྦྱིན་བསྐྱེད། །སྐུ་མདོག་དམར་ནག་ཞལ་གཅིག་པ། །ཕྱག་གཉིས་གྲི་གུག་ཅང་ཏེའུ་བསྣམས། །ལྷོ་ནུབ་འདབ་མར་རོ་ལངས་མ། །སྐུ་མདོག་སྔོ་ སྐྱ་ཞལ་གཅིག་པ། །ཕྱག་ན་རྡོ་རྗེ་ལྕགས་སྒྲོག་བཟུང་། །གུང་མོ་སྲིན་ལག་ལ་སོགས་རྣམས། །དམ་པོར་བཀུག་ནས་ཡོངས་སུ་བསྡམས། །མཐེབ་མཛུབ་བཞི་རྣམས་རབ་བརྐྱང་ནས། །སྤྱི་བོར་ངེས་པར་བསྣོལ་བ་རྣམས། །ནུབ་བྱང་རྡོ་རྗེ་མཁའ་འགྲོ་མ། །སྐུ་མདོག་དམར་སྐྱ་ཞལ་གཅིག་པ། ། ཕྱག་གཉིས་སྤྱི་བོར་སྦྱར་ནས་སུ། །མེ་ལྕེ་ཕྲེང་བ་ཡོངས་སུ་འཛིན། །བྱང་ཤར་མཚམས་ཀྱི་འདབ་མ་ལ། །འཇིགས་བྱེད་ཁ་དོག་སྔོ་ནག་མ། །ཞལ་གསུམ་ཕྱག་དྲུག་ཞབས་གཉིས་པ། །གཡས་ཀྱི་དང་པོས་གླང་པོ་བསྣམས། །གཡོན་གྱིས་གླང་ཆེན་པགས་པ་བསྣམས། །དེ་འོག་ དགྲ་སྟ་རྡོ་རྗེ་བསྣམས། །ཐ་མ་མི་མགོ་ལྕགས་ཀྱུ་བསྣམས། །གྲུ་ཆད་བཞི་ལ་ལྷ་མོ་བཞི། །འོད་སྐྱེད་མ་ནི་སྐུ་མདོག་དཀར། །ཞལ་གཅིག་ཕྱག་གཉིས་རྡོ་རྗེ་བསྣམས། །ཡིད་འཕྲོག་མ་ནི་སྐུ་མདོག་སེར། །ཞལ་གཅིག་ཕྱག་གཉིས་སྤོས་ཕོར་བསྣམས། །ཀུན་བཟང་མ་སྐུ་མདོག་དམར་མོ། ། ཞལ་གཅིག་ཕྱག་གཉིས་རོ་མཆོག་བསྣམས། །གླུ་སྒྲ་ཅན་སྐུ་མདོག་སྔོན་པོ། །ཞལ་གཅིག་ཕྱག་གཉིས་སྒྲ་སྙན་གར། །ཤར་སྒོར་ཁྲོ་མོ་སྲོག་གཅོད་མ། །ཞལ་གཅིག་ཕྱག་གཉིས་སྐུ་མདོག་མཐིང་། །ཕྱག་གཉིས་ཐོད་པ་ཞགས་པ་བསྣམས། །ལྷོ་སྒོར་དབུགས་རྔུབ་སྐུ་མདོག་སེར། ། ཞལ་གཅིག་ཕྱག་གཉིས་ཧོམ་གཟར་ཞགས། །ནུབ་སྒོར་ཁྲག་འཐུང་སྐུ་མདོག་དམར། །ཞལ་གཅིག་ཕྱག་གཉིས་གྲི་གུག་ཞགས། །བྱང་སྒོར་ཤ་ཟ་སྐུ་མདོག་སྔོ། །ཞལ་གཅིག་ཕྱག་གཉིས་རྣོན་པོ་ཞགས། །དེ་རྣམས་བསྐྱེད་པའི་ཚུལ་རྣམས་ཀྱང་། །རྣལ་འབྱོར་སྤྲོས་དགའི་སེམས་ བྱང་ཕྱིར། །ས་བོན་དག་ལས་འོད་འཕྲོས་པས། །སོ་སོའི་ཐུགས་ཀྱི་མཚན་མའི་རྟགས། །དང་པོ་གསུངས་ཏེ་གསུམ་པ་དགུ། །ལས་ཀྱི་འཁོར་ལོ་མྱུར་བརྩོན་པ། བསྐྱེད་པའམ་སྐད་ཅིག་གློག་འགྱུའི་ཚུལ། །ཅུང་ཞིག་གསལ་བར་བལྟས་ནས་ནི། །སྔགས་ཀྱི་ཆོ་ག་ཤེས་པས་སུ། ། ཡེ་ཤེས་དཀྱིལ་འཁོར་བཅས་པ་རྣམས། །སྲི་ཞུ་གུས་པའི་ཚུལ་གྱིས་སུ། །ཡེ་ཤེས་དཀྱིལ་འཁོར་སྤྱན་དྲངས་ནས། །མདུན་གྱི་མཁའ་ལ་བཞུགས་སུ་གསོལ། །མཆོད་ཡོན་ལ་སོགས་དབུལ་བར་བྱ། །གནོད་སྦྱིན་དྲག་པོའི་སྔགས་ཀྱིས་ནི། །བགེགས་རྣམས་མ་ལུས་བཟློག་ པར་བྱ། །རྣམ་པར་རྟོག་པ་སྤང་བ་དང་། །ལུས་ངག་ནུས་པ་མཐུ་བསྐྱེད་ཕྱིར། །ལྷ་རྣམས་སོ་སོར་བསྟིམ་པར་བྱ། །ཡི་གེ་རྣམ་པ་གསུམ་དག་ནི། །དག་བྱེད་སྐུ་གསུང་ཆོ་གར་ལྡན། །དང་པོར་གསོལ་འདེབས་ཆོ་ག་ཡིས། །མཆོག་རྣམས་ཀུན་དུ་བསྐུལ་བས་སུ། །བདེ་ གཤེགས་ཐམས་ཅད་མཉེས་ནས་ཀྱང་། །ལྷ་མོ་གླུ་ལེན་གར་བྱེད་མས། །བདུད་རྩིའི་བུམ་པ་ཐོགས་ནས་ཀྱང་། །རིམ་བཞིན་དབང་ནི་བསྐུར་བར་བྱས། །སོ་སོའི་རིགས་ཀྱི་ལྷ་འཛིན་འགྱུར། །མཆོག་རྣམས་ཀུན་དུ་བསྐུལ་བས་སུ། །བདེ་གཤེགས་ཐམས་ཅད་ མཉེས་ནས་ཀྱང་། །སློབ་དཔོན་མི་བསྐྱོད་ཡབ་ཡུམ་ལ། །གཉིས་དང་གསུམ་གྱི་མན་ངག་བླང་། །དེ་ནས་ལྷ་ལ་མཆོད་པ་དབུལ། །ཕྱི་མཆོད་ནང་མཆོད་གསང་བའི་མཆོད། །མཆོད་པ་ཚུལ་བཞིན་དབུལ་བར་བྱ། །ཕྱི་ནི་ཇི་བཞིན་གཞན་དང་མཐུན། །ནང་གི་ལྷ་ཡི་བདེ་བསྐྱེད་ པ། །ཅིག་ཤོས་ལྔ་རུ་བྱས་པ་ཡིན། །རྟག་པ་ལྡན་པ་དེ་དག་ནི། །གཙོ་བོ་ལྔ་ཡང་བྱས་པ་ཡིན། །ཐབས་དང་ཤེས་རབ་ལྡན་པ་ཡིས། །གཉིས་པ་ལ་སོགས་སྦྱར་བ་དང་། །དེས་ནི་དང་པོའི་དོན་ཀྱང་བྱ། །རིགས་དང་རྟགས་ནི་ལྡན་གྱུར་པའི། །དེ་ཉིད་སྙིང་པོ་དེ་ལས་བྱུང་། །དེ་དང་ དུར་ཁྲོད་བྱུང་བ་ཡིན། །སྣང་བ་མེད་པ་མཆོག་ཡིན་ནོ། །ལྔ་དང་བཅུ་རུ་སྦྱར་བ་ཡི། །ཡིད་དུ་འོང་བ་དཔག་མེད་མཆོག །དེ་ནི་ནང་གི་དོན་བསྟན་ཏོ། །གུ་ཧྱ་དོན་ནི་བསྟན་བྱ་བ། །གྲོལ་དང་ཕྱག་རྒྱ་གཉིས་སུ་བསྟན། །གྲོལ་གྱིས་ཡིད་ཀྱི་གཟུགས་སྤྲུལ་ཏོ། །ཕྱག་རྒྱ་རྟགས་ལྡན་དངོས་སུ་ འཇུག །མི་ལྡན་བྱིན་གྱིས་བརླབ་པར་བྱ། །དེ་རྣམས་ཆོ་གའི་ཡན་ལག་ནི། །རྟེན་དང་བརྟེན་པའི་ཚུལ་ཉིད་ཀྱིས། །དང་པོར་བྱིན་གྱིས་བརླབ་པར་བྱའོ། །རྟེན་ནི་ཨས་སུ་བྱིན་གྱིས་བརླབ། །བརྟེན་པ་ཧཱུཾ་གིས་བྱིན་གྱིས་བརླབ། །རྟེན་དང་བརྟེན་པའི་གཙོ་བོ་དང་། །ཡན་ལག་རྣམས་ལ་ལྷ་རྣམས་ ཀྱིས། །བྱིན་གྱིས་བརླབ་པ་བསྟིམ་པར་བྱ། །དྷརྨ་ཨེ་ཡི་ནང་ཤེད་དུ། །གསུམ་རྩ་མ་ཡི་དཀྱིལ་འཁོར་བསམ། །རིན་ཆེན་ཕོ་བྲང་ནང་ཤེད་དུ། །རྟག་པ་ཉིད་ཀྱང་བསམ་པར་བྱ། །གཡས་དང་གཡོན་གྱི་ཐབས་ཤེས་རབ། །ལྔ་ལྔ་ཡིས་ནི་གནས་སུ་བསྟན། །བསྐྱེད་ཅིང་དགྱེད་པར་ བྱེད་པ་ཉིད། །དེ་ཡི་གྲོགས་འགྱུར་གཉིས་དང་བཞི། །འབྱེད་པར་བྱེད་དང་སྐྲོད་པར་བྱེད། །སྤྲོ་བར་བྱེད་དང་སྡུད་པར་བྱེད། །དེ་ཉིད་སྤྲོ་བར་བྱེད་པ་ཡི། །བདེ་དང་ཤིན་ཏུ་བདེ་བ་ནི། །ཁྱད་པར་མཆོག་ཏུ་གྱུར་པ་ནི། །གསང་དོན་མཆོག་ཏུ་སྤྲོ་བའོ། །གཉིས་མེད་སྤྲོ་བའི་འོད་ཟེར་སོགས། ། དེ་སོགས་ཆོ་ག་རྒྱས་པར་བྱའོ། །རྡོ་རྗེ་དྲིལ་བུ་ལྡན་པ་ཡིས། །རྡོ་རྗེ་གླུ་དང་ལྡན་པས་བསྟོད། །ཧཱུཾ་གསང་བའི་དཀྱིལ་འཁོར་ཕོ་བྲང་མཆོག །སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་མཆོག །མཐུན་པའི་དོན་རྣམས་སྟོན་མཛད་པ། །རྡོ་རྗེ་འཁོར་བཅས་ཕྱག་འཚལ་བསྟོད། །རྡོ་རྗེ་མི་འགྱུར་འཇིགས་བྱེད་ པ། །ཁམས་གསུམ་རྒྱལ་བར་བྱེད་པའི་མཆོག །དཔལ་ལྡན་ནག་པོ་ཡོན་ཏན་མཆོག །གསུང་གི་སྒྲ་སྒྲོགས་རྒྱལ་པོ་མཆོག །ཕྲིན་ལས་རང་བཞིན་བདུད་རྩི་འཁྱིལ། །འབྱུང་པོ་འཇིགས་བྱེད་གནོད་སྦྱིན་མཆོག །དགྲ་ལ་རྔམས་པའི་ཟ་བྱེད་མ། །རྡོ་རྗེ་ནམ་མཁར་འགྲོ་བའི་མཆོག །འཇིགས་ པར་བྱེད་པའི་སྐུ་འཆང་མ། །འོད་ཀྱིས་གསལ་བྱེད་མཛེས་པའི་མཆོག །ཡིད་དུ་འོང་བའི་ཡོན་ཏན་མ། །ལྟ་སྤྱོད་བཟང་བར་བྱེད་པའི་མཆོག །སྒྲ་དང་གར་གྱིས་མཉེས་མཛད་མ། །རྣམ་པར་རྟོག་པ་གཅོད་པའི་མཆོག །འབྱུང་པོ་ཞལ་དུ་རྔུབ་བྱེད་མ། །ཆགས་པའི་མདོག་ཅན་ཁྲག་འཐུང་ མ། །ས་བདག་དང་ནི་དྲི་ཟའི་མཆོག །ལྷ་ཡི་འཁོར་ལོ་ཚོགས་རྣམས་ལ། །བསྟོད་ཅིང་གུས་པས་ཕྱག་ཀྱང་འཚལ། །དྲག་པོ་འཇིགས་པའི་དཀྱིལ་འཁོར་ལ། །བསྟོད་ཅིང་གུས་པས་ཕྱག་འཚལ་ལོ། །བསྟོད་ཅིང་མཆོད་པའི་མན་ངག་ནི། །ཉིད་ཀྱི་ཐུགས་ཀྱི་དཀྱིལ་འཁོར་ལས། །སྤྲུལ་ནས་ཉིད་ལ་མཆོད་པར་བྱ། ། འཁོར་ལོ་གཞན་རྣམས་ཀྱང་ནི་མཆོད། །བསྐྱེད་པའི་རིམ་པ་བསྒོམ་པ་ནི། །དང་པོ་གཙོ་བོ་བསྟན་བྱས་ལ། །དེ་ནས་འཁོར་ལོ་རིམ་གྱིས་བསྟན། །གཙོ་བོ་རིམ་གྱིས་བསྟན་པ་དང་། །འཁོར་ལོ་རིམ་གྱིས་བསྟན་པ་དང་། །རྫོགས་པར་ལྟ་བ་གཉིས་སུ་བྱ། །དང་པོར་དབྱུག་ཚོད་ཕྱེད་ཙམ་ལ། །དེ་འོག་ དབྱུག་ཚོད་གཅིག་ཙམ་ལ། །དེ་འོག་འཕོ་བ་གཅིག་ཏུ་བྱ། །ཐུན་ཚོད་རྣམས་ཀྱང་རིམ་གྱིས་སོ། །དེ་ལྟར་བརྟན་པར་གྱུར་ནས་ནི། །ཆེ་བར་འདོད་ན་ཆེ་བར་རོ། །ཆུང་བར་འདོད་ན་ཆུང་བ་ཉིད། །མང་པོར་སྤྲོས་ནས་ཉུང་བར་བསྡུ། །ཉུང་བར་སྡུད་ནས་མང་པོར་སྤྲོ། །ཁ་དོག་ཇི་ལྟར་འདོད་པ་ བཞིན། །ལྡང་བ་ཡང་ཞིང་གཟི་བརྗིད་ལྡན། །ཡུན་རིང་བཏང་ཡང་མི་འཆོར་ལ། །རླང་ཡང་ཇི་ལྟར་འདོད་པར་ཐུབ། །བདུད་རྩི་ཟས་ཀྱིས་འཚོ་བར་བྱེད། །དེས་སུ་བསྐྱེད་པ་མཐར་ཕྱིན་ཏེ། །བསྐྱེད་པ་མཐར་ཕྱིན་དུས་སུ་མི། །མཁའ་འགྲོ་མ་ཡི་མཛད་སྤྱོད་སྟོན། །མཛད་སྤྱོད་བསྟན་པའི་ དུས་དག་ཏུ། །མཛད་སྤྱོད་བསྟན་པའི་ལས་རྣམས་བསྟན། །དེ་དུས་གསལ་ཞིང་གསལ་གྱུར་ནས། །ཡང་ནས་ཡང་དུ་བརྟག་པར་བྱའོ། །མན་ངག་ཟབ་མོ་དོན་སྟོན་པ། །གུས་པས་གསོལ་བ་གདབ་པར་བྱ། །དེ་རུ་བཟློག་པའི་དོན་སྟོན་ཡང་། །མི་ འཇིགས་ཐེ་ཚོམ་མེད་པས་སུ། །མན་ངག་བདུད་རྩི་བླང་བར་བྱའོ། །གལ་ཏེ་བསྐྱེད་པས་སྐྱོ་གྱུར་ན། །བསྒོམ་པ་མ་ནུས་ལས་གཞན་ཕྱིར། །བཟླས་བརྗོད་མན་ངག་རྒྱས་པ་རྣམས། །གཞན་དུ་བསྟན་པ་མང་མོད་ཀྱང་། །བཟླས་བརྗོད་མན་ངག་བདུད་རྩི་འདི། །རིན་ཆེན་ལྟ་ བུའི་གང་ཟག་ལ། །རྣ་བ་བརྒྱུད་དེ་འོང་བ་འདི། །བསྟན་པར་བྱ་ཡིས་གུས་པར་ཉོན། །སྙིང་གའི་འཁོར་ལོའི་མན་ངག་ལ། །སེམས་དཔའ་གསུམ་གྱི་མན་ངག་རྫོགས། །འོད་ཟེར་དཀར་པོ་འཇའ་ཚོན་ཚུལ། །ཡི་གེ་འཕྲོ་བའི་མན་ངག་དགོད། །འཁོར་ཞིང་སྤྲོས་པས་གྱེན་དུ་ སྤྲོས། །ལྕེ་ཡི་རྡོ་རྗེ་རྩེ་མོ་ལས། །ལྷ་ཡི་ཞལ་དུ་སྤྲོ་བར་བྱ། །མཆོད་དེ་གནས་ནི་གང་འདོད་ནས། །སླར་ལ་འཁོད་པས་སྒྲིབ་པ་སྦྱང་། །སྒྲ་ཆེར་མ་ཡིན་སྒྲ་ཆུང་མིན། །ཡན་ལག་མ་ཉམས་བཟླས་བརྗོད་བྱ། །དེ་ནི་ཕྱི་ཡི་ཚུལ་དུ་བསྟན། །ནང་གི་བཟླས་བརྗོད་བསྟན་པ་ནི། །ཨ་ཝ་ དྷཱུ་ཏཱིའི་ནང་ཤེད་ནས། །ཁ་དོག་ལྔ་ལྡན་རླུང་བྱུང་སྟེ། །དེ་ཉིད་རྟ་ཡི་ཚུལ་དུ་བསྟན། །ཕྱིར་འབྱུང་རྟ་ལ་ཨོཾ་ནི་ཞོན། །ནང་དུ་ཞོན་པ་ཧཱུཾ་ཡིན་ནོ། །གནས་པར་བྱེད་པ་ཨཱཿཉིད་ཡིན། །དེ་ལྟར་སྤྲོ་ཞིང་བསྡུ་བ་ལ། །དང་པོར་བཅུ་ལ་བསྟན་པར་བྱ། །དེ་ནས་ཉི་ཤུ་ལ་བསྟན་ནོ། །དེ་ ལྟར་གྱུར་བའི་རིམ་པའི་མཐར། །ནང་གི་རིམ་གྱིས་བསྡུ་བར་བྱའོ། །སྙིང་གའི་ཐིག་ལེའི་གནས་དག་ལ། །འཛིན་པར་ནུས་སོ་མཆོག་ཡིན་ནོ། །དེ་ཉིད་གཏན་ལ་དབབ་ན་ནི། །ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་ནི། །ཉིན་མཚན་གཅིག་ལ་རྒྱུ་བ་ཡིན། །དེ་ཡང་གནས་ཀྱི་སྡེ་ཚན་བསྡུ་བ་ནི། །དང་ པོར་བཅུ་དྲུག་གཉིས་པར་ནི། །སུམ་ཅུ་རུ་ནི་ཤེས་པར་བྱ། །བཅུ་དྲུག་བཅུ་གཉིས་བརྒྱད་དུ་བསྡུ། །བཞི་དང་གཉིས་སུ་བསྡུ་བའོ། །ཕྱིར་ཕྱུང་སྒོ་ཡིས་འབྱེད་ཚུལ་ནི། །གཡས་དང་གཡོན་དང་གཉིས་ཀ་ཡང་། །ཤིན་ཏུ་ཕྲ་བའི་ཚུལ་དུ་བྱེད། །མེ་དང་རླུང་དང་ས་དང་ནི། །ཆུ་ཡི་ རང་བཞིན་དམར་དང་སྔོ། །སེར་དང་དཀར་བ་ཉིད་དུ་འདོད། །པདྨ་ལས་དང་རིན་ཆེན་དང་། །རྡོ་རྗེ་ཐབས་དང་ཤེས་རབ་ནི། །དེ་ཡི་ནུས་པ་དེ་ལྟར་སྣང་། །དང་པོ་འབྱུང་བྱེད་གནས་དང་ནི། །ལོངས་སྤྱོད་ཆོས་དང་སྤྲུལ་པ་དང་། །རྡོ་རྗེ་འཛིན་པ་ཉིད་དུ་འདོད། །དེ་ཡང་བསྡུ་ན་གཉིས་སུ་སྣང་། ། གསོ་བར་བྱེད་པ་སྲོག་འཛིན་ཡིན། །ཕྱི་དང་ནང་གིས་ཞེས་ཀྱང་བྱ། །འཆི་བྱེད་ཆ་རྣམས་མ་ཉམས་པར། །རྣམ་པ་གཉིས་སུ་བསྟན་པ་ཡིན། །དེ་ལྟར་སྤྱོད་པ་ལ་སོགས་རྣམས། །དངོས་པོའི་གནས་ལུགས་ཡིན་པས་ན། །སྔོན་དུ་འགྲོ་བ་ཤིན་ཏུ་གཅེས། །བཟླས་པའི་དོན་ལ་མི་འཇུག་གི། ། ཡང་ན་སྔོན་དུ་སོང་བ་ཡིས། །རྫོགས་པའི་དོན་ལ་འཇུག་པར་བྱ། །དངོས་པོའི་གནས་ལུགས་བསྟན་པ་ནི། །རྩ་དང་རླུང་དང་བྱང་ཆུབ་སེམས། །དེ་ཡི་སྤྲོས་པས་མ་བསྟན་ཡང་། །བསྡུས་པའི་དོན་ནི་གསུང་དུ་འདུས། །ཐུགས་ཀྱི་འཁོར་ལོ་གནས་དག་ཏུ། །རྩ་ཡི་འདབ་མ་བརྒྱད་ ཡིན་ཏེ། །དེ་ཡི་དབུས་སུ་དྷཱུ་ཏཱི་གནས། །དེ་ཡི་དཀྱིལ་ན་འོད་ཀྱི་ནི། །ཁ་དོག་ལྔ་ལྡན་དཀྱིལ་ཤེས་ནས། །ཐིག་ལེའི་རང་བཞིན་བྱང་ཆུབ་སེམས། །བཞུགས་པ་དེ་ལ་ཕྱག་འཚལ་ལོ། །དེ་ཉིད་ལ་ནི་མུ་སྟེགས་ཀྱིས། །ལོག་པར་རྟོགས་པས་བདུད་དུ་འགྱུར། །རྣལ་འབྱོར་དབང་ཕྱུག་མཆོག་གིས་ ནི། །དེ་ཉིད་ངེས་པར་རྟོགས་པས་སུ། །དངོས་གྲུབ་རྣམ་ཉིད་དེ་ལས་འབྱུང་། །དེ་བས་རྣལ་འབྱོར་ནན་ཏན་གྱིས། །བླ་མ་མཉེས་པར་བྱས་ནས་ཀྱང་། །བླ་མའི་ཞལ་གྱི་སྒོ་ནས་ནི། །དེ་ཉིད་མན་ངག་ཤེས་པར་བྱ། །ཁ་དོག་ལྔ་ལྡན་དེ་ཉིད་ལ། །དང་པོ་བརྟན་པར་བལྟས་ནས་ནི། །དེ་ནས་ རྟགས་རྣམས་བྱུང་བ་དང་། །ཐིག་ལེ་ཉིད་ལ་བརྟན་པར་བྱ། །དེ་ལ་བརྟན་ནས་སྤྲོ་བ་དང་། །བསྡུ་བའི་སྦྱོར་བ་ཤེས་པར་བྱ། །དེ་ཉིད་བརྟན་པར་གྱུར་པ་ན། །བདེ་དང་ཤིན་ཏུ་བདེ་བ་དང་། །བདེ་བ་ཆེན་པོ་ཐོབ་པར་འགྱུར། །དེ་འོག་ནམ་མཁའི་དཀྱིལ་འཁོར་ལ། །ཞག་བདུན་བར་དུ་གནས་པ་ འབྱུང་། །བདུད་རྩི་འདོམ་གང་ལུས་ཁྱབ་པས། །བདུད་རྩི་ཟས་ཀྱིས་གསོ་བར་བྱེད། །དེ་འོག་སྒྱུ་མ་ལྟ་བུ་ཡིས། །དཔེ་བརྒྱད་དག་ལ་བལྟས་པས་སུ། །དེ་ཉིད་ངེས་པར་ཐུགས་སུ་ཆུད། །དེ་འོག་སྟོང་པའི་མན་ངག་ལ། །མན་ངག་སྟོབས་ཀྱིས་ཞུགས་པས་སུ། །དེ་ཉིད་ཁོ་ནར་ ངེས་པར་མཐོང་། །དེ་ནས་འགྲོ་བ་གཞན་དོན་ལ། །མོས་པ་མ་ཡིན་དངོས་སུ་ནི། །འཇུག་པའི་སྟོབས་དང་ལྡན་པར་གྱུར། །ཉིན་མཚན་ཕྲུགས་རེ་དག་ལ་ཡང་། །བདེ་གཤེགས་མང་པོས་དཀྱིལ་འཁོར་སྟོན། །དེ་ཡི་མན་ངག་དོན་རྣམས་ནི། །མ་ལུས་ཤེས་པར་འགྱུར་ བ་ཡིན། །དེ་ལྟར་གཞན་དོན་མཐར་ཕྱིན་པས། །རང་དོན་ལྷུན་གྲུབ་ཕྱག་རྒྱའི་མཆོག །སྐད་ཅིག་གཅིག་ལ་ཤེས་པར་བྱ། །ཕྱག་རྒྱ་དང་ནི་ཕྱག་རྒྱའི་མཆོག །ཁྱད་པར་ཕྱག་རྒྱ་མཆོག་རྣམས་ནི། །རིམ་པ་བཞིན་དུ་འགྲུབ་པ་སྟེ། །སྲས་པོའི་ཚུལ་ནི་རྫོགས་ནས་ཀྱང་། །ཡབ་ཀྱི་དོན་ནི་ རྫོགས་པ་ཡིན། །དེ་ལྟར་རྫོགས་པའི་མན་ངག་ནི། །རྣལ་འབྱོར་གྲོལ་ལམ་པ་ལ་བསྟན། །ཕྱག་རྒྱའི་ལམ་ལ་འཇུག་ཚུལ་ནི། །རྟགས་དང་ལྡན་པའི་ཕྱག་རྒྱ་མ། རྟགས་དང་ལྡན་པར་བཙལ་བར་བྱ། །དེ་ལ་བརྟེན་ནས་ཡེ་ཤེས་ནི། །སྐྱེ་བ་ཐབས་ཀྱི་མན་ངག་ཀྱང་། །དང་པོར་བྱིན་ རླབས་ལ་སོགས་བྱ། །དེ་ནས་མན་ངག་ཐུན་ཚོད་དང་། །གཟུང་བའི་ཐབས་ནི་ཤེས་པར་བྱ། །དེ་ལ་བརྟེན་པར་གྱུར་ནས་ནི། །དངོས་གྲུབ་ཀྱང་ནི་ཐོབ་པར་འགྱུར། །དེ་ལ་མངོན་པར་ཞེན་ཆགས་ན། །མཆོག་ནི་འབྱུང་བར་མི་འགྱུར་རོ། །དེ་ཡི་ཞེན་པ་བཟློག་པའི་ཕྱིར། །ནང་གི་ཕྱག་རྒྱ་ཉིད་ ལ་བསླབ། །དེ་ལ་བརྟན་པར་གྱུར་ནས་ནི། །དེ་ཡི་ཞེན་པ་བཟློག་པའི་ཕྱིར། །གསང་བའི་ཕྱག་རྒྱ་གཏུམ་མོའི་མཆོག །དེ་ཉིད་ལ་ནི་བསླབ་པའི་ཕྱིར། །འཁོར་ལོ་ལ་སོགས་རྫོགས་བྱས་ལ། །དང་པོ་འབྱེད་འཛུམས་འབྱོར་པ་ཡིས། །ཐབས་ཀྱི་རིམ་པ་བསླབ་པར་བྱ། །དམར་པོ་ཆེན་ པོ་སྤྲོས་ཤེས་ལ། །རྟགས་རྣམས་རིམ་པ་ལྔ་པོ་འབྱུང་། །དེ་འོག་སྤྲོ་བསྡུའི་སྦྱོར་བ་ཡིས། །དགུག་དང་མནན་པའི་རིམ་པ་ཡང་། །དང་པོ་བསླབས་ནས་འདི་ལ་བསྟན། །དེ་ལ་ལྡོག་པར་མ་གྱུར་ན། །འདི་རུ་བཟློག་པའི་མན་ངག་བསྟན། །དེ་འོག་ལྷན་ཅིག་སྐྱེས་མ་ཡི། །མན་ངག་ སྟོབས་ལ་ཞུགས་པ་ཡིས། །ནམ་མཁའི་བདུད་རྩི་འཁོར་ལོ་ནི། །རིམ་པ་བཞིན་དུ་འབྱུང་བར་འགྱུར། །དེ་ནས་རྟེན་མེད་རྣལ་འབྱོར་མ། །དེ་ཉིད་ལ་ནི་འཇུག་པར་བྱ། །ཡོད་དང་མེད་པའི་མཐའ་སོགས་ཀྱི། །རྟོག་པ་ཐམས་ཅད་འཇིག་པའི་མཆོག །ཀུན་དུ་བཟང་པོའི་དོན་རྟོགས་ འགྱུར། །དེ་ལྟར་རྟོག་པའི་མན་ངག་ནི། །ཤེས་རབ་སྙིང་རྗེ་ལྡན་པ་དང་། །བླ་མ་ལ་གུས་བརྩོན་འགྲུས་ལྡན། །གཡོ་སྒྱུ་མེད་པའི་བསམ་པ་ཡིས། །ཡིད་དུ་འོང་བའི་རྫས་ཀྱི་མཆོག །འབུལ་བར་བྱེད་པ་བསྟན་པར་བྱ། །འདི་ནི་རིན་ཆེན་གང་ཟག་ཡིན། །དང་པོ་མན་ངག་ཐོབ་བྱའི་ ཕྱིར། །གཡོ་སྒྱུའི་བསམ་པ་ལྡན་པས་སུ། །ཤིན་ཏུ་གུས་པས་ཚུལ་དུ་བྱེད། །མན་ངག་ཐོབ་པར་གྱུར་ནས་ནི། །བླ་མ་ལ་ནི་རྒྱབ་ཀྱིས་ཕྱོགས། །དམྱལ་བ་ཡི་ནི་རྒྱུ་སོགས་པ། །དེ་ནི་རྒྱུན་དུ་སྤོང་བ་ཡིན། །རྫོགས་པའི་རིམ་པ་བསྟན་ནས་ནི། །སྐབས་འདིར་སྲུང་བའི་འཁོར་ ལོ་ནི། །སྲུང་བའི་འཁོར་ལོར་བསྟན་པ་ཡིན། །དུར་ཁྲོད་ཀྱི་ནི་རས་དག་ལ། །འཁོར་ལོའི་རིམ་པ་བརྩམ་པ་ཡིན། །དེ་མེད་གྱུར་ན་གྲོ་གའམ། །ཤིང་ཤུན་དག་ལས་བྱ་བ་ཡིན། །འཁོར་ལོ་རྩིབས་བརྒྱད་བྲིས་ནས་ནི། །དབུས་སུ་སྙིང་པོའི་དོན་བསྟན་ལ། །ཕྱོགས་སུ་ བཞི་པོ་དོན་ནི་བསྟན། །མཚམས་ནི་འགྲུབ་པར་བྱེད་པ་ཡིན། །འཁོར་ལོ་རྩིབས་ཀྱི་མཚམས་སུ་ནི། །གང་ཡིན་པ་ཡི་མིང་རྣམས་ནི། །ཕྱི་རོལ་མུ་ཁྱུད་བཟང་པོ་ལ། །ཐབས་དང་ཤེས་རབ་ཡི་གེ་དགོད། །དེ་ལྟར་འཁོར་ལོ་བརྩམས་ནས་ནི། །མཎྜལ་མཆོད་པ་ལ་སོགས་ བཤམས། །བདག་ཉིད་རྣལ་འབྱོར་རྫོགས་བྱས་ལ། །དེ་ཡང་ལྷ་ཡིས་འཁོར་ལོ་བསྐྱེད། །ཡེ་ཤེས་ལྷ་ལ་མཆོད་བྱས་ལ། །གསོལ་བ་བཏབ་སྟེ་གཉིས་སུ་བསྲེ། །དེ་ནས་བསྲུང་བའི་སྔགས་བཟླས་བྱ། །སོ་སོའི་རྩ་བའི་སྔགས་འདི་ལ། །བར་དུ་མིང་རྣམས་བཅུག་ནས་ནི། ། དེ་ནས་བསྲུང་བའི་སྔགས་གདགས་བྱ། །སྔགས་རྣམས་ཀྱང་ནི་བསྟན་བྱ་སྟེ། །ཨོཾ་ན་མོ་ནཱི་ལཱཾ་བ་ར་དྷ་ར་བཛྲ་པཱ་ཎི་མ་ཧཱ་ཡཀྵ་སེ་ནཱ་པ་ཏ་ཡེ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཏྲཻ་ལོཀྱ་བི་ཛ་ཡ་ཧཱུཾ་ཕཊ། ཨོཾ་མ་ཧཱ་ཀཱ་ལ་རོ་ཥ་ཎ་ཧཱུཾ་ཕཊ། ཨོཾ་བཻ་ཤྲ་བ་ཎ་ཡེ་ཧཱུཾ་ཕཊ། ཨོཾ་ཨ་མྲྀ་ཏ་ཀུཎྜ་ལི་ཧ་ན་ཧ་ན་ཧཱུཾ་ཕཊ། ཨོཾ་བཛྲ་ ཡཀྵ་ཧཱུཾ་ཕཊ། ཨོཾ་བཛྲ་བཻ་ཏ་ལི་ཧཱུཾ་ཕཊ། ཨོཾ་བཛྲ་ཌཱ་ཀཱི་ཡ་ཧཱུཾ་ཕཊ། ཨོཾ་བཛྲ་བྷཻ་ར་ཡ་ཧཱུཾ་ཕཊ། ཨོཾ་བིད་ཏ་ཡ་ཧཱུཾ་ཕཊ། ཨོཾ་མ་མོ་ཧ་ར་ཡ་ཧཱུཾ་ཕཊ། ཨོཾ་ས་མནྟ་བྷ་དྲི་ཡ་ཧཱུཾ་ཕཊ། ཨོཾ་ཤཔྟ་གཱི་ཏི་ཡ་ཧཱུཾ་ཕཊ། ཨོཾ་པྲ་ཏི་ས་ཏ་མི་ཡ་ཧཱུཾ་ཕཊ། ཨོཾ་ཤོ་ས་ག་པ་ཡེ་ཧཱུཾ་ཕཊ། ཨོཾ་རག་ཏ་པྲི་ཏ་ ཡ་ཧཱུཾ་ཕཊ། ཨོཾ་མ་ས་བྷཀྵི་ནི་ཧཱུཾ་ཕཊ། ཨོཾ་ནཱི་ལཱཾ་བར་དྷ་ར་བཛྲ་པཱ་ཎི་ཧཱུཾ་ཕཊ། ཅེས་པ་ནི་དྲག་པོའི་སྔགས་བསྡུས་པའོ། །སྭཱ་ཧཱ་ཞེས་པ་ནི་ཞི་བའི་འོ། །ཨོཾ་ཞེས་པ་ནི་རྒྱས་པའི་འོ། །ཧོ་ཞེས་པ་ནི་དབང་གིའོ། །རཀྵ་རཀྵ་ཞེས་པ་ནི་བསྲུང་བའི་འོ། །བསྲུང་བའི་སྔགས་ ནི་འདི་དག་ལ། །བར་དུ་མིང་ནི་གཞུག་པར་བྱ། །སྲུང་བའི་འཁོར་ལོ་དེ་དག་ཀྱང་། །བཞི་ཚན་བཞི་ཡིས་བསྲུང་བ་དང་། །གཙོ་བོ་ཉིད་དང་བཅས་ཏེ་བསྲུང་། །ཡང་ན་སྡེ་ཚན་སོ་སོར་བསྲུང་། །གཙོ་བོ་གཅིག་པུས་བསྲུང་བ་ཡིན། །ཡང་ན་སོ་སོར་རེ་རེས་ཀྱང་། །བསྲུང་བའི་ཆོ་ག་ ཤེས་པར་བྱ། །ཐམས་ཅད་ཀུན་གྱིས་བསྲུང་བ་ཡི། །འཁོར་ལོ་བཅའ་བའི་ཐབས་བསྟན་པ། །དང་པོ་འཁོར་ལོ་བརྒྱད་པ་ལ། །རིམ་པ་གཉིས་པ་བཅུ་གཉིས་དང་། །དེ་འོག་རིམ་པ་བཅུ་དྲུག་པའོ། །མཐའ་མ་མུ་ཁྱུད་གཉིས་དང་ལྡན། །དང་པོ་གཙོ་བོའི་རིམ་པས་དགོད། །དེ་འོག་སྡེ་ཚན་ གཉིས་པ་དགོད། །ཐ་མ་སྡེ་ཚན་གཉིས་སུ་བསྟན། །མུ་ཁྱུད་ཟླུམ་པོ་གཉིས་ལ་ནི། །ཤེས་རབ་ཐབས་ཀྱི་ཡི་གེ་འགོད། །འཁོར་ལོ་རིམ་པ་མི་འདྲའི་གཞུང་། །རྣམ་པ་གསུམ་དུ་ཤེས་པར་བྱ། །ཞི་བར་བྱ་དང་དབང་དུ་བསྡུ། །རྒྱས་དང་དྲག་སོགས་གཞན་དག་ཀྱང་། །མན་ངག་གིས་ ནི་སྦྱོར་ཞེས་བྱའོ། །ལས་བཞི་ཡི་ནི་འཁོར་ལོ་ལ། །བཟླས་པ་ཁྲི་ཚོ་གཅིག་གིས་འགྲུབ། །དེ་ཡང་བསྙེན་པ་རྫོགས་པ་ཡིས། །བསྲུང་བ་ལ་སོགས་གཞན་དག་ལ། །དེ་ལྟར་བཟླས་ན་མཆོག་ཏུ་བསྟན། །ཉི་ཤུ་རྩ་གཅིག་ཙམ་བཟླས་ཀྱང་། །སྔགས་ཀྱི་ནུས་པ་མཐུ་རྣམས་ཀྱིས། །བསྲུང་ དང་བསྐྱབ་པ་འགྲུབ་པར་གསུངས། །ལྷ་ཡི་འཁོར་ལོ་འདི་ཉིད་ལ། །བརྟེན་ན་ཆོ་ག་གཞན་དག་ནི། །ཐམས་ཅད་ཀུན་ལ་འགྲུབ་པར་གསུངས། །དེ་ལྟར་འཁོར་ལོའི་མན་ངག་སོགས། །གབ་པའི་དོན་དང་སྦས་པའི་དོན། །དགོངས་པའི་དོན་དང་དགྲ་བཟློག་དོན། །རྣམ་བརྒྱུད་འོངས་པ་ལ་ བརྟེན་ནས། །མན་ངག་ཅན་གྱིས་ཤེས་པར་བྱའོ། །རྣལ་འབྱོར་བསྡུས་པའི་དོན་ཆེད་དུ། །རང་གི་ལྷག་པའི་ལྷར་གྱུར་རམ། །ལས་རྣམས་གཞན་ལ་འཇུག་འདོད་པས། །བཅུ་བདུན་ལྷ་ཡི་དཀྱིལ་འཁོར་ལས། །བཅུ་གསུམ་དག་ཏུ་བསྡུ་བ་དང་། །དེ་ལ་དགུ་རུ་བསྡུ་བ་དང་། །ལྔ་རུ་ཡང་ནི་ བསྡུ་བར་བྱ། །གཉིས་སུ་བསྡུ་བ་བཅུ་དྲུག་ཚོགས། །ཡང་ན་རྒྱན་ཅིག་རྣལ་འབྱོར་གྱིས། །བཅུ་བདུན་དུ་ཡང་ཤེས་པར་བྱ། །དེ་ལྟར་བསྙེན་པ་སྔོན་སོང་བས། །ཕན་གདགས་པ་དང་ཚར་བཅད་པའོ། །ལས་དང་སྒྲུབ་པ་ཐམས་ཅད་ལ། །ངེས་པར་འཇུག་པར་ཤེས་པར་བྱའོ། །སྦྱོར་ བའི་ཆ་རྐྱེན་གཞན་དག་ཀྱང་། །དུས་སྐབས་སྦྱར་ཏེ་ཤེས་པར་བྱ། །དེ་ལྟར་ཐེ་ཚོམ་མེད་གྱུར་ན། །མཁའ་འགྲོ་མ་ཡི་རྟགས་སྟོན་པས། །དེ་ལ་སོགས་པའི་ལས་རྣམས་ནི། །བསྒྲིམས་ཏེ་ཤེས་པར་མ་བྱས་ན། །རྣལ་འབྱོར་པ་ནི་བརླག་པར་འགྱུར། །དེ་བས་མཁས་པས་ནན་ཏན་དུ། ། སྔགས་ཀྱི་ལྟ་བ་སྤྱོད་པ་ནི། །བླ་མ་མཁས་ལ་མཉན་པར་གྱིས། །མི་མཁས་ཚུལ་འཆོས་གཡོན་ཅན་གྱིས། །གཉི་ག་བརླག་སྟེ་དམྱལ་བར་ལྷུང་། །མཁས་པ་རྣ་བརྒྱུད་ཐོས་པ་ནི། །འདི་དང་ཕ་རོལ་གཉིས་སུ་ཡང་། །བདག་དང་གཞན་ནི་གཉི་ག་ཡང་། །འབྲས་བུ་བཟང་པོ་ངེས་པར་ འབྱིན། །དེ་བས་བླ་མ་མཁས་པ་ནི། །དང་པོ་ཉིད་དུ་བཙལ་བར་བྱ། །མན་ངག་ཅན་ནི་རྙེད་ནས་ཀྱང་། །ཚུལ་འཆོས་གཡོན་ཅན་ཕྱིར་འབྲེང་ན། །ངལ་བ་དོན་མེད་འབྲས་བུ་མེད། །ལས་ངན་དུས་ཀྱི་ཐ་མ་ལ། །གང་ཟག་འདོད་པའི་དབང་གིས་ནི། །ལྟ་སྤྱོད་སྣ་ཚོགས་སྟོན་པ་ འབྱུང་། །གསང་སྔགས་དངོས་གྲུབ་མ་ཐོབ་པར། །སྒྲ་དང་མཚན་མ་ལ་བརྟེན་ནས། །ང་རྒྱལ་འདོད་པའི་དབང་གྱུར་ནས། །གསང་སྔགས་འཁོར་ལོ་རྩོམ་པ་འབྱུང་། །དེ་ནས་ཡང་དག་དོན་མི་རྙེད། །ལ་ལ་མུ་སྟེགས་དག་དང་བསྲེ། །དེས་ནི་དམྱལ་བའི་གནས་སུ་ཁྲིད། །གསང་ སྔགས་འཁོར་ལོ་འདི་དག་ལ། །དེ་ལྟའི་སྤྱོད་པ་མ་བྱུང་ཡང་། །མཐུ་རྣམས་ཇེ་ཆུང་ཇེ་ཆུང་འབྱུང་། །ནད་དང་མུ་གེ་ལ་སོགས་པ། །སྣ་ཚོགས་དག་ནི་འབྱུང་བར་འགྱུར། །ལས་ངན་དུས་ཀྱི་ཐ་མ་ལ། །སློབ་དཔོན་སྐུ་ལ་བདོ་བ་དང་། །བསྟན་པ་འཇིག་སོགས་འབྱུང་འགྱུར་ བས། །དེ་ལ་བཟོད་པ་མི་བསྒོམ་སྟེ། །གསང་སྔགས་འཁྲུལ་འཁོར་བསྐོར་བར་བྱ། །དེ་ལས་གཞན་དུ་བྱས་གྱུར་ན། །དམ་ཚིག་ཉམས་ཏེ་དམྱལ་བར་འགྲོ། །དཔལ་ལྡན་རྡོ་རྗེ་མཐུ་སྟོབས་ཅན། །དུས་གསུམ་བདེ་གཤེགས་ཐམས་ཅད་ཀྱིས། །རིག་སྔགས་གསང་ སྔགས་བདག་པོ་རུ། །དབང་བསྐུར་མངའ་གསོལ་མཛད་ནས་ནི། །གསང་སྔགས་འཁོར་ལོ་མཐའ་དག་ནི། །ཁྱོད་ཀྱིས་བསྡུས་ལ་ཁྱོད་ཀྱིས་བསྐོར། །བདེ་གཤེགས་རྣམས་ཀྱི་བཀའ་ཡང་བསྒོ། །འཁོར་ལོ་རྒྱས་པར་བསྐོར་ནས་ཀྱང་། །དེ་འོག་རང་གི་འཁོར་ ལོ་ནི། །རྩོད་པ་རྒྱས་པའི་དུས་དག་ཏུ། །བསྐོར་ན་ལས་རྣམས་འགྲུབ་པ་དང་། །དེ་ལས་གུས་པ་མང་འགྱུར་བས། །དེ་ཡི་དུས་སུ་བསྟན་པར་བྱ། །རྒྱལ་བ་ཉིད་ཀྱིས་དེ་སྐད་གསུང་། །དེ་བཞིན་བདག་ནི་རྗེས་མཐུན་པས། །འདི་ལ་མོས་པའི་རྣལ་འབྱོར་ནི། །ཕྱོགས་རྣམས་ཀུན་གྱིས་ གསོལ་གདབ་དང་། །བདག་རང་བསོད་ནམས་བསགས་པའི་ཕྱིར། །འདི་བསྟན་པ་ཡི་སེམས་པ་སྐྱེས། །བརྩོན་འགྲུས་དག་པའི་སྒོ་ནས་ནི། །ལྷ་རྣམས་སྒྲུབ་ཅིང་གསོལ་གདབ་པས། །གསང་སྔགས་དོན་དང་མཐུན་པ་ཡིས། །སེམས་པ་སྐྱེ་བ་དེ་ཉིད་སྲུང་། །དཔེར་ན་ཉི་མའི་ འོད་ཟེར་ནི། །བྱེ་བ་བརྒྱ་ཕྲག་མང་པོ་ལས། །གཟི་བརྗིད་ཁང་པའི་ནང་དུ་ཤར། །དེ་བཞིན་འོད་ཟེར་ཕྲ་མོ་གཅིག །བདག་བློ་ཡི་ནི་མུན་པར་སྣང་། །སྣང་བ་དེ་ཡང་བདག་གིས་ནི། །གཞན་རྣམས་ཀུན་ལ་བསྟན་པར་བྱ། །མན་ངག་འདི་བཀོད་ཆོ་ག་ཡིས། །བདག་དང་ སེམས་ཅན་ཐམས་ཅད་ཀུན། །བསོད་ནམས་འདི་ལ་བརྟེན་ནས་ནི། །ཐམས་ཅད་བྱང་ཆུབ་ཐོབ་པར་ཤོག །སློབ་དཔོན་བྷ་བས་མཛད་པའི་སྒྲུབ་ཐབས་ཆེན་པོ་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། མ་ཧཱ་ཡཀྵ་སེ་ན་པ་ཏི་ནཱི་ལཱཾ་བ་ར་དྷ་ར་བཛྲ་པཱ་ཎི་སཱ་ དྷ་ནཾ། །བོད་སྐད་དུ། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ལག་ན་རྡོ་རྗེ་གོས་སྔོན་པོ་ཅན་གྱི་སྒྲུབ་ཐབས། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །རྡོ་རྗེ་མཁའ་འགྲོའི་རྒྱུད་དག་ལ། །བརྟེན་ནས་ནང་གི་སྒྲུབ་ཐབས་འདི། །བདག་གིས་དྲན་ཕྱིར་བཤད་པར་བྱ། །ལྷ་ཡི་རྣལ་འབྱོར་ཡུད་ཙམ་ བསམ། །རང་གི་སྙིང་གར་ཟླ་དཀྱིལ་བསམ། །དེ་ཡི་སྟེང་དུ་ཧཱུཾ་ཡིག་བསམ། །ཧཱུཾ་ལས་འོད་ཟེར་འཕྲོས་པ་ལས། །ཕྱི་ནང་གསལ་ནས་འོད་ཟེར་འཕྲོས། །བླ་མ་དང་ནི་གོས་སྔོན་ཅན། །དཀོན་མཆོག་ལ་སོགས་སྤྱན་དྲངས་ནས། །ཕྱག་འཚལ་མཆོད་ཅིང་བཤགས་པ་དང་། །རྗེས་སུ་ ཡི་རང་བསྐུལ་ཞིང་གསོལ་བ་གདབ། །སྐྱབས་གསོལ་ལུས་དབུལ་དགེ་རྩ་བསྔོ། །ཚད་མེད་བཞི་ཡང་བསྒོམ་པར་བྱ། །དེ་ནས་སྟོང་པའི་ཏིང་འཛིན་བསྒོམས། །དེ་ལ་འོད་ཕུང་ཚུལ་དུ་བདག་རང་ཉིད། །དེ་ཡི་ནང་ན་ཧཱུཾ་གནས་ལ། །དེ་ལས་ཙཾ་འཕྲོས་འཁོར་ལོར་གྱུར། །ལྟེ་བར་ཉིད་ བསམས་ཧཱུཾ་དེ་ཉིད། །དེ་ལས་གནོད་མཛེས་རྒྱལ་པོར་གྱུར། །དེ་ཡི་ཧཱུཾ་གི་འཕྲོ་འདུ་ཡིས། །ཁྲོ་བོ་ཆེན་པོ་བཅུ་རུ་གྱུར། །ཧཱུཾ་བཞིའི་གསང་སྔགས་བརྗོད་པ་ཡིས། །ཁྲོ་བཅུའི་སྤྲུལ་པས་གདུག་པ་བཀུག །སྐུ་གསུང་ཐུགས་ཀྱི་ཕུར་བུས་གདབ། །བཏུལ་ཞིང་སྦྱངས་ནས་ནམ་མཁར་གྱུར། །དེ་ནས་ ཧཱུཾ་གི་འཕྲོ་འདུ་ཡིས། །རྡོ་རྗེ་གུར་དང་ར་བ་དང་། །དྲ་བ་ཉིད་དུ་གྱུར་པའོ། །ཧཱུཾ་གི་འཕྲོ་འདུས་སླར་ལ་ཞུ། །སྟོང་པ་ཉིད་ལས་འོད་སྤུང་བྱུང་། །དེ་ལས་ཉི་ཟླ་ཁ་སྦྱར་གྱུར། །ཨཱ་ལི་ཀཱ་ལིས་ཉི་ཟླ་བརྒྱན། །དབུས་སུ་ཨ་དང་ཧཱུཾ་སྦྱར་ཏེ། །ཁ་དོག་དཀར་དམར་ཉིད་དུ་བལྟ། །འོད་ཟེར་དཀར་དམར་འཕྲོ་འདུ་ ལས། །ཞུ་བས་རྡོ་རྗེ་པདྨར་གྱུར། །པད་སྟེང་རྡོ་རྗེ་རྐང་ནུབ་ཙམ། །ལྟེ་བ་གཉིས་ལ་སྙིང་པོས་བསྐོར། །དེ་གཉིས་ལས་ནི་ཐུགས་དང་གསུང་། །གཉི་གས་སྐུ་བསྡུས་བྱིན་གྱིས་བརླབ། །དེ་ཉིད་འོད་དུ་ཞུ་བ་ལས། །རྡོ་རྗེ་ལས་ནི་ཁྲོ་བོར་གྱུར། །པདྨ་ལས་ནི་ཁྲོ་མོར་གྱུར། །ཁྲོ་བོ་རྡོ་རྗེ་གོས་སྔོན་ཅན། ། སྐུ་མདོག་མཐིང་ནག་ཞལ་གཅིག་པ། །ཕྱག་གཉིས་རྡོ་རྗེ་དྲིལ་བུ་བསྣམས། །མཆེ་བ་གཙིགས་པས་འདོད་དགུར་གྱུར། །ཞབས་གཉིས་བརྐྱང་བསྐུམ་འཁྲིལ་བའི་ཚུལ། །གཡོན་དུ་རྡོ་རྗེ་ཁྲོ་མོ་ནི། །སྐུ་མདོག་ལྗང་དམར་ཞལ་གཅིག་མ། །ཕྱག་གཡས་རྡོ་རྗེ་གྲི་གུག་གཙོ་ལ་འཁྱུད། །གཡོན་པ་ བྷན་དམར་གཙོ་ལ་སྟོབ། །གཉིས་མེད་འཁྲིལ་པའི་ཚུལ་བསྒོམས་ནས། །ཡེ་ཤེས་སེམས་དཔའ་སྤྱན་དྲངས་ཏེ། །ཕྱི་ནང་བདུད་རྩི་མཆོད་ནས་བསྟིམ། །འོད་ཟེར་འཕྲོ་འདུ་བྱིན་གྱིས་བརླབ། །དེ་བཞིན་ཁྲོ་ཆུང་ལུས་བྱིན་བརླབ། །དབང་བསྐུར་བས་ནི་མི་བསྐྱོད་འགྱུར། །དེ་ལྟར་བསྒོམས་ནས་ བཟླས་པ་བྱ། །དེ་སྟེང་ཡེ་ཤེས་སེམས་དཔའ་ཡི། །མཚན་མ་ལ་སོགས་བསྒོམས་ནས་སུ། །ཐུགས་ཀར་འཁོར་རམ་ཡུལ་འཁོར་བ། །འོད་ཟེར་ལ་ནི་ཡིག་འབྲུ་བསྐྱོན། །མ་གསལ་བར་དུ་བསྒོམ་པར་བྱ། །དེ་ལྟར་རབ་འབྲིང་ཐ་མ་ཡིས། །འབུམ་མམ་ཉིས་འབུམ་སུམ་འབུམ་ འགྲུབ། །ཐེ་ཚོམ་མེད་ན་དངོས་གྲུབ་འགྲུབ། །དམ་ཚིག་ཉམས་སམ་སྡིག་ཆེ་བས། །སྦྱིན་སྲེག་ལ་སོགས་མང་དུ་བྱ། །མཚན་མ་གསུམ་མམ་ནུས་པ་བརྟག །དེ་ལྟར་བྱུང་ན་སྒྲུབ་པ་བརྩམ། །སྟོན་དུ་བསྙེན་པའི་ཆོ་གའོ། །སྒྲུབ་པའི་རིམ་པ་བསྟན་པ་ནི། །མཁའ་ འགྲོ་འདུ་བའི་གནས་ཕྱིན་ལ། །དཀྱིལ་འཁོར་གྲུ་གསུམ་ནག་པོར་བྱ། །རྡོ་རྗེ་གྲི་གུག་ནང་དུ་སྟེ། །བར་དུ་མེ་རི་གཏང་བར་བྱ། །གཞུ་དང་དགྲ་སྟ་མདུང་དང་གསུམ། །མེ་རིའི་ཟུར་ནས་གཏང་བར་བྱ། །ཚུབ་མ་དུར་ཁྲོད་སོལ་བ་དང་། །བདུད་རྩི་བག་ཟན་གཟུགས་བརྙན་བྱ། །སྙིང་གར་ གྲུ་གསུམ་གཟུགས་བརྙན་གཞུག །ཁ་བཅད་སེང་ལྡེང་ཕུར་ལ་བཏོད། །མཚན་ལྡན་ཀ་པཱ་ལ་རུ་ནི། །བདུད་རྩི་ལྔ་དང་ཤ་ལྔས་དགང་། །དེ་ནི་གོས་སྔོན་ཉིད་ལ་མཆོད། །ལྕགས་ཀྱི་གྲུ་གསུམ་ནང་དུ་ནི། །བདུད་རྩི་ཤ་ལྔ་ཁྲག་གསུམ་དགང་། །དེ་ནི་ནག་པོའི་གཏོར་གཏའོ། ། རྣེལ་གྲེའི་སྣོད་དུ་དུག་གཏོར་བསགས། །ཕྱེ་མ་གསུམ་དང་ཡུངས་ཀར་གདབ། །སློབ་དཔོན་སློབ་མ་གཉིས་ཀ་ཡང་། །གོས་སྔོན་གོས་ནག་རྒྱན་ཆ་བགོ། །རཀྵ་རུས་པའི་ཕྲེང་བ་བགྲང་། །ནུབ་དང་ལྷོ་རུ་ཁ་བལྟས་ཏེ། །བསྐྱེད་པའི་རིམ་པ་ཚུལ་བཞིན་བསྒོམ། །ཐུན་མོང་སྔགས་དང་ཁྱད་ པར་སྔགས། །དགྲའམ་འབྱུང་པོ་ཀླུ་རྣམས་ལ། །བཟླས་པས་གསང་བའི་རིམ་པ་བརྩམ། །སྙིང་གའི་མཚན་མ་ལ་སོགས་གསལ། །ལྕེ་ནི་ཧཱུཾ་གི་རྡོ་རྗེར་བསྒྱུར། །འོད་ཟེར་དཀར་དམར་འཕྲོས་པ་ལས། །དེ་ལ་ཁྲོ་ཚོགས་བྱུང་བས་དགུག །ཡང་ན་མགོན་པོ་བསྐུལ་བས་བསམ། །ཁྲི་ཡི་ བར་དུ་བཟླས་ནས་ནི། །ཐུན་བར་དུ་ནི་ཕྱེ་མ་གསུམ། །མགོན་པོས་ལས་ཀྱི་གཏོར་མར་གདབ། །ཡུངས་ཀར་གོས་སྔོན་ཅན་གྱིས་སོ། །ཕྱེ་མ་དུག་ནག་འོད་ཟེར་དགང་། །ཡུངས་ཀར་ཁྲོ་ཆུང་ཉིད་དུ་སྤྲོ། །རྟགས་བྱུང་ནས་ནི་གཟུགས་བརྙན་གཞུག །དེ་ནས་སྒྲུབ་ཁང་ཐེམ་རྩ་རུ། ། གྲུ་གསུམ་ནག་པོའི་བྲུབ་ཁུང་དུ། །དེ་ཉིད་བཅུག་ལ་ཁ་བཅད་རི་རབ་བྲི། །དེ་སྟེང་མནན་ཞིང་སྟང་སྟབས་བྱ། །དེ་ནི་མནན་པའི་སྦྱོར་བའོ། །ཕུར་བུས་གདབ་ཅིང་གྲི་གུག་གཏུབ། །དེ་ནས་གྲུ་གསུམ་གཏོར་མར་དབུལ། །ནག་པོ་ཆེན་པོ་ཉིད་ལ་བསྟབས། །དྲག་སྔགས་བཟླས་པའི་གཏོར་ མ་ཡི། །གསང་བའི་མན་ངག་ཤེས་པར་བྱའོ། །ཡང་ན་སྦྱིན་སྲེག་ཉིད་ཀྱིས་བྱ། །དེ་རྣམས་གསད་པའི་སྦྱོར་བའོ། །པདྨ་འདབ་བརྒྱད་བསྐྱེད་པ་ཡི། །ལྟེ་བར་གཙོ་བོ་བསྐྱེད་ནས་ནི། །ཀླུ་ཆེན་བརྒྱད་པོ་འདབ་མར་བསྐྱེད། །རིན་ཆེན་སྣོད་དུ་གཏོར་མ་བཤམ། །ཆུ་གཙང་སྨན་ལ་སོགས་ པ་དང་། །ཁྱད་པར་ཀླུ་སྨན་སྣ་ཚོགས་དང་། །དཀར་གསུམ་མངར་གསུམ་རྣམས་ཀྱིས་བྱ། །སྦྱང་ཞིང་བྱིན་གྱིས་བརླབ་སོགས་བྱ། །ཀླུ་ལ་བྱིན་པས་ཞེ་སྡང་ཞི། །ལྷག་མ་འཁོར་ལ་བྱིན་པ་ཡིས། །གནོད་པ་རྣམས་ནི་ཞི་བར་འགྱུར། །སྔགས་བཟླས་འོད་ཟེར་ཕོག་པ་ཡིས། །གཙོ་ བོའི་དམ་ཚིག་རྗེས་དྲན་པས། །འཁོར་རྣམས་ཞེ་སྡང་ཞི་བར་འགྱུར། །ཡང་ན་ཞི་བའི་སྦྱིན་སྲེག་བྱ། །བསྐྲད་དང་བཅིང་དང་དགུག་པ་ཡིས། །དེ་ལ་སོགས་པའི་སྦྱོར་བ་ནི། །སྦྱོར་ཀ་ཆེན་པོར་ཤེས་པར་བྱ། །འཁོར་ལོ་སེར་པོའི་ལྟེ་བར་གཙོ། །མདུན་དུ་རྒྱལ་པོ་བསྐྱེད་པར་བྱ། ། དེ་ཡི་གཡས་སུ་ནོར་ལྷ་ནི། །སྐུ་མདོག་དཀར་པོ་འཛུམ་བག་ཅན། །ནོར་བུའི་སྒྲོམ་ནི་གཡས་གཡོན་བསྣམས། །མཆོད་ཅིང་བསྟོད་པ་གསང་སྔགས་བཟླས། །གཟུགས་བརྙན་འདི་ལ་རིན་ཆེན་བརྟེན། །ཁ་དོག་ལྔ་དང་གསེར་གྱིས་མཚོན། །ཁ་དོག་སེར་པོའི་བཟླས་ཐེམས་ ནས། །ཅི་འདོད་པ་ཡི་ནོར་རྣམས་སྟེར། །དེ་ནི་ཐུན་མོང་དངོས་གྲུབ་བོ། །བདུད་རྩི་རྩ་བ་ལྔ་བཙལ་ལ། །བདག་ཉིད་ལྷ་ཡི་རྣལ་འབྱོར་བྱ། །དཀར་གསུམ་མངར་གསུམ་ཉིད་ལ་ནི། །སྔགས་བཟླས་རི་ལུ་བྱས་ཏེ་བཟའ། །ཟས་དང་སྨན་ནི་སྲང་ལ་བརྗེ། །བརྗེས་ཟིན་ཞིག་ གསུམ་འབྲས་བུ་འབྱུང་། །དེ་གསུམ་སྐྱེ་བ་བདུན་པ་དང་། །ཡུལ་གྱི་ཆ་བསྲེས་སྨན་རྣམས་སྦྱར། །དེ་སྒྲུབ་འོད་ཟེར་བཏུལ་ཞིང་སྦྱང་། །རྟགས་བྱུང་ནས་ནི་བཟའ་ཞིང་བྱུག །དེ་ཡིས་ཐུན་མོང་དངོས་གྲུབ་འགྲུབ། །མཆོག་གི་ཡང་ནི་གྲོགས་སུ་འགྱུར། །མཆོག་གི་དངོས་གྲུབ་ བསྒྲུབ་པ་ཡང་། །ཐུགས་ཀ་ཡི་ནི་དཀྱིལ་འཁོར་དུ། །རྩ་རྒྱུད་འདབ་མ་བརྒྱད་དུ་བསམ། །དེ་དཀྱིལ་རྩ་ནི་རྟ་རྔའི་ཚད། །དེ་ཡི་ནང་དུ་དབུགས་ཀྱི་ལྷ། །ཁ་དོག་ལྔ་དང་ལྡན་པའོ། །དེ་དཀྱིལ་ཐིག་ལེ་བྱང་ཆུབ་སེམས། །དེ་ལ་ལྟ་ཞིང་བསྒོམ་པ་ནི། །རྟགས་ལྔའི་མཐར་ནི་སྟོང་ཉིད་ འགྱུར། །དེ་ཉིད་སྤྲོ་ཞིང་བསྡུ་བ་དང་། །དགུག་ཅིང་བསྐྱིལ་བའི་རིམ་པའམ། །མནན་ཅིང་བཟློག་པའི་མན་ངག་གིས། །རིམ་གྱིས་ཡེ་ཤེས་སྐྱེ་བར་འགྱུར། །དེ་ནས་ཕྱག་རྒྱའི་དངོས་གྲུབ་འཐོབ། །ནང་སྒྲུབ་རིམ་པ་འདི་ཡིས་ནི། །བདག་དང་མཐའ་ཡས་སེམས་ ཅན་དང་། །འདི་ལ་བརྟེན་པའི་རྣལ་འབྱོར་པ། །བླ་མེད་བྱང་ཆུབ་ཐོབ་པར་ཤོག །གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ཕྱག་ན་རྡོ་རྗེ་གོས་སྔོན་པོ་ཅན་གྱི་སྒྲུབ་ཐབས། སློབ་དཔོན་བྷ་བས་མཛད་པ་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། མ་ཧཱ་ཡཀྵ་སེ་ནཱ་པ་ཏ་ཡེ་ ནཱི་ལཱཾ་བ་ར་དྷ་ར་བཛྲ་པཱ་ཎི་མཎྜལ་བི་དྷི་ནཱ་མ། བོད་སྐད་དུ། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ལག་ན་རྡོ་རྗེ་གོས་སྔོན་པོ་ཅན་གྱི་དཀྱིལ་འཁོར་གྱི་ཆོ་ག་ཞེས་བྱ་བ། བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་ལ་ཕྱག་འཚལ་ལོ། །བདུད་རྣམས་ཐམས་ཅད་ཚར་གཅོད་པའི། །མཐུ་སྟོབས་ཅན་ལ་ཕྱག་འཚལ་ ནས། །ཆགས་ལ་མོས་པར་གྱུར་པ་ཡི། །རྣལ་འབྱོར་ལམ་པའི་དོན་ཆེད་དུ། །རྒྱུད་རྣམས་ཀུན་དང་མི་འགལ་བའི། །དཀྱིལ་འཁོར་ཆོ་ག་བཤད་པར་བྱ། །སློབ་དཔོན་མཚན་ཉིད་ལྡན་པ་ཡིས། །སྔོན་དུ་བསྙེན་པ་རྫོགས་བྱས་ཏེ། །དེ་ནས་དཀྱིལ་འཁོར་བྲི་བར་བྱ། །ཡིད་དུ་འོང་བའི་ གནས་དག་ཏུ། །དྲི་བཟང་ཙནྡན་སྤོས་ཀྱིས་བྱུགས། །དྲི་ཞིམ་མེ་ཏོག་མཆོད་བཀྲམ་ནས། །ལྷོ་རུ་ཁ་བལྟས་རོལ་པའི་འདུག་སྟངས་བྱ། །ཡང་ན་བསྙེན་པ་ཞི་བའི་ཚུལ་ཡིན་པས། །ཤར་དུ་ཁ་བལྟས་སེམས་དཔའི་སྐྱིལ་ཀྲུང་བཅའ། །འཁོར་བའི་འདམ་དུ་བྱིང་བ་ཡི། །འགྲོ་ལ་ ཕན་དང་སྐྱོབ་པའི་ཕྱིར། །སྙིང་རྗེ་ཆེན་པོས་དམིགས་པར་བྱ། །བསྐྱེད་པའི་རིམ་པའི་ཚུལ་བསྒོམ་བྱ། །དེ་ནས་བཟླས་བརྗོད་ཚུལ་བཞིན་བྱ། །དཀྱིལ་འཁོར་གཙོ་བོའི་འབུམ་དུ་བཟླས། །དེ་ལས་གཞན་པ་ཁྲི་རུ་བཟླས། །མཚན་མ་རྣམ་གསུམ་ཐོབ་པ་ཡིས། །ཡང་ན་བསྙེན་སྦྱོར་ གོམས་པས་ནི། །རྡུལ་ཚོན་དཀྱིལ་འཁོར་བརྩམ་པར་བྱའོ། །སློབ་མ་སྣོད་དང་ལྡན་པ་ཡིས། །དང་པོར་གསོལ་གསུམ་བཏབ་ནས་ནི། །བསྙེན་རྫོགས་གཏིང་ལ་གདབ་པར་བྱ། །དང་པོར་ས་ནི་བརྟག་པར་བྱ། །ཕྱོགས་གཅད་དབྱིབས་ལྡན་སྐྱོན་བྲལ་བའི། །མཁས་པས་ཅི་ ནུས་བརྟག་པར་བྱ། །མཎྜལ་ལགས་བྱས་མེ་ཏོག་དགྲམ། །ལྷ་ཡི་གནས་དང་གདན་དུ་བསམ། །ལྷ་བསྐྱེད་ལ་སོགས་བྱས་ནས་ནི། །མཆོད་དང་བསྟོད་པ་ཚུལ་བཞིན་བྱ། །དགོངས་ཤིག་དུས་གསུམ་མགོན་པོ་རྣམས། །སངས་རྒྱས་ཐམས་ཅད་མཆོད་པ་དང་། །སློབ་མ་རྣམས་ ལ་སྨན་སླད་དུ། །བདག་མིང་འདི་ཞེས་བགྱི་བ་ཡིས། །དཔལ་ལྡན་རྡོ་རྗེ་འཛིན་པ་ཡི། །དཀྱིལ་འཁོར་དམ་པ་འདྲི་བར་འཚལ། །རྒྱལ་བ་སྲས་དང་བཅས་རྣམས་ཀྱིས། །བདག་ལ་བྱིན་གྱིས་བརླབ་ཏུ་གསོལ། །ཞེས་ལན་གསུམ་དུ་བརྗོད་དེ་གསོལ་བ་གདབ་པར་བྱའོ། །དེ་ནས་ཆོས་ སྐྱོང་བའི་སྲུང་མ་རྣམས་ལ། མཆོད་དང་གཏོར་མ་བྱིན་ནས་ནི། །བསྟོད་ཅིང་གསོལ་བ་གདབ་པར་བྱ། །དེ་ནས་ལས་ཐམས་ཅད་པའི་ཐབ་ཁུང་དུ་སྦྱིན་སྲེག་གིས་སྦྱར་བར་བྱའོ། །སྦྱིན་སྲེག་གྲུབ་པར་མ་གྱུར་ན། །ལས་ཐམས་ཅད་པའི་གསང་སྔགས་ཆུས། །བགེགས་ནི་ཉེ་བར་ཞི་ བར་བྱའོ། །དེ་ནས་ཇི་ལྟར་བརྟགས་པའི་དབུས་སུ། བྱིན་རླབས་རྡོ་རྗེས་ཁྲུ་གང་བརྐོ། །སྐྱོན་རྣམས་སྤངས་ནས་ས་རིམ་བཅལ། །འཐས་པར་བཅགས་ལ་བྱུག་པར་བྱ། །སྔགས་དང་ཕྱག་རྒྱས་བྱིན་རླབས་པའི། །རི་རབ་གཞལ་ཡས་བསྐྱེད་ནས་ནི། །ལྷ་བསྐྱེད་ལ་སོགས་ རྫོགས་བྱས་ལ། །དེ་ནས་སྐད་ཅིག་མྱུར་དུ་ཁྲོས། །འཁོར་རྣམས་ཀྱིས་ནི་གསོལ་བ་གདབ། །ཁྲོ་བོའི་མིག་དང་རྐང་སོགས་བྱིན་གྱིས་བརླབ། །རྡོ་རྗེ་དྲིལ་བུ་གཉིས་བཟུང་ནས། །སྟང་སྟབས་སྦྱོར་བ་ལ་སོགས་ཀྱིས། །བགེགས་རྣམས་མ་ལུས་ཚར་གཅད་དོ། །དེ་ནས་ས་ཡི་ལྷ་མོ་ལ། ། མཆོད་བསྟོད་གསོལ་བ་བཏབ་པ་ཡིས། །དབང་པོ་ཕྱིར་ནི་སྟ་གོན་གནས། །བདུད་རྩི་ཐིག་ལེ་ལ་སོགས་བྱ། །ལྷ་རྣམས་ཆོ་ག་ལ་སོགས་རྫོགས། །དེ་ནས་གསོལ་བ་གདབ་པར་བྱ། །བདུག་སྤོས་ལག་ཐོགས་པུས་བཙུགས་ལ། །བཅོམ་ལྡན་རྡོ་རྗེ་འཛིན་པ་མཆོག །རིག་སྔགས་ རྒྱལ་ལ་ཕྱག་འཚལ་ལོ། །ཐུགས་རྗེའི་བདག་ཉིད་ཅན་རྣམས་ཀྱིས། །དཀྱིལ་འཁོར་དག་ནི་བྲི་བར་བྱ། །སློབ་མ་རྣམས་ལ་བརྩེ་བ་དང་། །ཁྱེད་རྣམས་ལ་ཡང་མཆོད་པའི་ཕྱིར། །བཅོམ་ལྡན་བདག་ནི་གུས་པ་ལ། །དེ་ནི་གནང་བ་མཛད་པར་རིགས། །སངས་རྒྱས་འགྲོ་དོན་བྱ་དོན་ གསོལ། །བྱང་ཆུབ་སེམས་དཔའ་གསང་སྔགས་ལྷ། །འཇིག་རྟེན་སྐྱོང་དང་མཐུ་ཆེན་དང་། །གང་ཡང་རྡོ་རྗེའི་སྤྱན་མངའ་བའི། །སེམས་ཅན་བསྟན་ལ་དགའ་བ་རྣམས། །བདག་མིང་འདི་ཞེས་བགྱི་བ་ཡིས། །རྡོ་རྗེ་འཛིན་གྱི་དཀྱིལ་འཁོར་དུ། །ཡོ་བྱད་ཅི་ ཡོད་པས་འདྲི་ན། །དེང་བདག་སློབ་མར་བཅས་པ་ལ། །ཐུགས་བརྩེ་བར་ནི་དགོངས་སུ་གསོལ། །ཚོགས་པ་ཐམས་ཅད་དཀྱིལ་འཁོར་དུ། །བྱིན་གྱིས་བརླབ་པར་མཛད་དུ་གསོལ། །དེ་ལྟར་ལན་གསུམ་གསོལ་བཏབ་ནས། །ར་བ་དྲ་བས་མཚམས་བྱའོ། །གསེར་ལ་སོགས་ པའི་བུམ་པ་ཡི། །ལྟོ་བ་ཆེ་བ་མགྲིན་རིང་བ། །སྐྱོན་སྤངས་ཉེས་པ་བྲལ་བ་དང་། །ཡོན་ཏན་ལ་སོགས་ལྷ་གྲངས་བསྟུན། །རྫས་དང་ཁ་རྒྱན་མགུལ་ཆིངས་ལྡན། །མཚན་མ་རྫོགས་ནས་བྱིན་གྱིས་བརླབ། །རྣམ་རྒྱལ་ལས་ཀྱི་བུམ་པ་ལ། །ཁྱད་པར་ཆོ་ག་ལ་སོགས་བྱ། ། དེ་ནས་སློབ་མ་བློ་ལྡན་ལ། །སློབ་དཔོན་གྱིས་ནི་ཆོ་ག་བྱ། །སློབ་མ་སྒོ་ཡི་དྲུང་གནས་ཏེ། །དགའ་ཆེན་ཁྱོད་བདག་སྟོན་པ་བས། །སློབ་དཔོན་ཁྱོད་ནི་དགོངས་སུ་གསོལ། །བྱང་ཆུབ་ཆེན་པོའི་ཚུལ་བསྟན་པ། །མགོན་པོ་ཆེན་པོ་བདག་འཚལ་ལོ། །དམ་ཚིག་དེ་ནི་སྩལ་དུ་ གསོལ། །བྱང་ཆུབ་སེམས་ནི་བདག་ལ་སྩོལ། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །དཀོན་མཆོག་གསུམ་ནི་བདག་ལ་སྩོལ། །ཐར་པ་ཆེན་པོའི་གྲོང་མཆོག་ཏུ། །མགོན་པོ་བདག་ཉིད་འཇུག་པར་འཚལ། །དེ་ལྟར་ལན་གསུམ་གསོལ་བཏབ་ནས། །སློབ་དཔོན་གཙོ་བོའི་ ཏིང་འཛིན་ཞུགས། །ཚིགས་བཅད་འདི་ནི་གསང་སྔགས་སྦྱིན། །བུ་ཚུར་ཐེག་པ་ཆེན་པོ་ཡིས། །གསང་སྔགས་ཚུལ་སྤྱོད་ཆོ་ག་འདི། །ཁྱོད་ལ་ཡང་དག་བསྟན་པར་བྱ། །ཁྱོད་ནི་ཚུལ་ཆེན་སྣོད་ཡིན་ཏེ། །དུས་གསུམ་འབྱུང་བའི་སངས་རྒྱས་རྣམས། །སྐུ་གསུང་ ཐུགས་ཀྱི་རྡོ་རྗེ་དང་། །རྡོ་རྗེ་གསང་སྔགས་རབ་བསྒོམ་པའི། །དཔའ་བོ་བྱང་ཆུབ་ཤིང་དྲུང་དུ། །ཐམས་ཅད་མཁྱེན་པ་མཚན་མེད་བརྙེས། །གསང་སྔགས་སྦྱོར་བ་མཉམ་མེད་དེ། །ཤཱཀྱ་སེང་གེ་སྐྱོབ་པ་ཡིས། །བདུད་སྡེ་ཤིན་ཏུ་མི་བཟད་པའི། །དཔུང་ཆེན་དག་ཀྱང་དེ་ཡིས་ བཅོམ། །འཇིག་རྟེན་རྗེས་འཇུག་པར་རྟོགས་ནས། །འཁོར་ལོ་བསྐོར་ནས་མྱ་ངན་འདས། །དེ་བས་ཀུན་མཁྱེན་ཐོབ་བྱའི་ཕྱིར། །བུ་ཡིས་བློ་གྲོས་འདི་གྱིས་ཤིག །ཅེས་སྨྲས་སོ། །དེ་ནས། སྐྱབས་འགྲོ་སྡིག་བཤགས་ལ་སོགས་ཀུན། །ཕྱག་རྒྱའི་དཀྱིལ་འཁོར་ཉིད་དུ་ཤེས་པར་བྱ། ། སྲོག་ཆགས་རྣམས་ནི་གསད་མི་བྱ། །མ་བྱིན་པར་ཡང་མི་བླང་ངོ་། །འདོད་པ་དག་ཀྱང་སྤྱད་མི་བྱ། །བརྫུན་དུ་སྨྲ་བར་མི་བྱའོ། །ཉེས་པ་ཀུན་གྱི་རྩ་བ་ཡི། །ཆང་ནི་མྱོས་པར་བཏུང་མ་ཡིན། །སེམས་ཅན་གདུལ་བྱ་མ་གཏོགས་པ། །བྱ་བ་མ་ཡིན་ཐམས་ཅད་སྤང་། །དམ་པ་ཉེ་བར་བསྙེན་ བྱ་ཞིང་། །རྣལ་འབྱོར་ཅན་དུ་བསྙེན་བཀུར་བྱ། །ལུས་ཀྱི་ལས་ནི་རྣམ་གསུམ་དང་། །ངག་གི་ལས་ནི་རྣམ་པ་བཞི། །ཡིད་ཀྱི་ལས་ནི་རྣམ་གསུམ་དང་། །ཅི་ནུས་པ་རུ་རྗེས་སུ་བསྲུང་། །སེམས་ཅན་དོན་ལ་རྒྱབ་མི་ཕྱོགས། །ཐེག་པ་དམན་ལ་འདོད་མི་བྱ། །འཁོར་བ་དག་ཀྱང་སྤང་མི་ བྱ། །རྟག་ཏུ་མྱ་ངན་འདའ་མི་བྱ། །ལྷ་དང་ལྷ་མིན་གསང་བ་པ། །དེ་ལ་བརྙས་པར་མི་བྱ་ཞིང་། །ཕྱག་རྒྱ་བཞོན་པ་མཚོན་ཆ་དང་། །མཚན་མ་འགོམ་པར་མི་བྱའོ། །དེ་ལྟར་དམ་ཚིག་ཕོག་པ་དག །བློ་ལྡན་ཁྱོད་ཀྱིས་རྟག་ཏུ་བསྲུང་། །མདོར་ན་རྩ་བ་ཡན་ལག་གི། །དམ་ཚིག་ཉིན་ མཚན་བགྲང་ཞིང་བསྲུང་། །དེ་ནས་བླ་མས་གསུངས་པ་ཡི། །སྡོམ་པ་ལེགས་པར་གཟུང་བར་བྱ། །ཚུལ་ཁྲིམས་ཞེས་བྱ་སོགས་པ་ནི། །དུས་འདི་ནས་ནི་བཟུང་ནས་ནི། །ཇི་སྲིད་བྱང་ཆུབ་སྙིང་པོའི་བར། །བདག་ནི་རབ་ཏུ་ལྡོག་པར་བགྱི། །དེ་ལྟར་སྡོམ་པ་དང་ལྡན་པའི་སློབ་མ་ལ། སྙིང་ ག་དང་མགྲིན་པ་དང་དཔྲལ་བ་གསུམ་དུ་རྡོ་རྗེ་ཁུ་ཚུར་གྱིས་དྲིའི་ཐིག་ལེ་གསུམ་དུ་བྱ་སྟེ། ཉི་མ་དང་ཟླ་བ་དང་པདྨ་གསུམ་ལ་ཡི་གེ་གསུམ་སོ་སོར་བཀོད་ལ། སྐུ་གསུང་ཐུགས་སུ་བྱིན་གྱིས་བརླབ་ཅིང་ལས་ཐམས་ཅད་པའི་སྔགས་ཀྱིས་བསྲུང་བར་བྱའོ། །དེ་ནས་མཆོད་པ་བྱ་སྟེ། སྤྱི་བོར་མེ་ཏོག་དང་སྤོས་སོ། །མར་མེ་དང་དྲི་ནི་སྙིང་གར་རོ། །ལྷ་བཤོས་མདུན་དུའོ། །དེ་ནས་ཚིག་ནི་འདིས་སུ་སྦྱིན། །དུས་འདི་ནས་ནི་བཟུང་ནས་སུ། །འཁོར་བའི་ཉེས་པས་མ་གོས་པར། །མཆོད་པ་དག་དང་ལྡན་པར་ནི། །དུས་ཀུན་དུ་ནི་བདེ་བར་མནོས། །དེ་ནས་ཚེམས་ཤིང་ལ་ སོགས་སྦྱིན་པར་བྱ། །འཇིག་རྟེན་དུ་ནི་ཀུན་མཁྱེན་རྣམས། །ཨུ་དུམྺཱ་རའི་མེ་ཏོག་བཞིན། །བརྒྱ་ལམ་ཞེས་བྱ་བ་ལ་སོགས་པའི་ཆོས་བཤད་པར་བྱའོ། །དེ་ནས་ཐིག་བྱིན་གྱིས་བརླབ་པ་ལ་སོགས་པ་ཤེས་པར་བྱའོ། །དེ་ནས་ཐིག་སྐུད་གདབ་པ་ནི། །དཀྱིལ་ འཁོར་སྤྱི་དང་མཐུན་པས་ན། །ཚོན་རྣམས་བྱིན་གྱིས་བརླབས་ནས་ནི། །ཚོན་རྣམས་བཀྱེ་བའི་ལས་བྱའོ། །པདྨ་འདབ་མ་བརྒྱད་དཀྱིལ་དུ། །ཟླ་བ་ཉི་མའི་གདན་སྟེངས་སུ། །གཙོ་བོ་བྲི་བར་བྱ་བ་ཡིན། །འདབ་མ་བརྒྱད་ལ་ལྷ་བརྒྱད་བྲི། །གྲུ་ཆད་བཞི་ལ་ལྷ་མོ་བཞི། །སྒོ་བཞིར་སྒོ་ བ་བཞི་བྲིའོ། །དེ་ནས་རྒྱན་སོགས་བྲི་བར་བྱ། །དེ་འོག་ལྷག་ཆད་བསྐང་བྱའོ། །ནམ་མཁའ་འདེགས་པར་འདོད་པ་དང་། །ཡང་བསྐྱེད་ཡང་སྡུད་བྱེད་པ་གཉིས། །གོང་ལྟར་མོས་པ་འཇུག་པ་ཡིས། །གཙོ་བོ་སྔོན་དུ་འགྲོ་བ་རྫོགས་པ་ཡིན། །འཁོར་རྣམས་སྤྲུལ་པའམ་ཆོ་གས་བསྐྱེད། ། དབུས་སུ་གཙོ་བོ་སྐུ་མདོག་སྔོན་པོ་སྟེ། །ཞལ་གཅིག་ཕྱག་གཡས་རྡོ་རྗེ་བསྣམས། །གཡོན་ནི་གདུལ་བྱའི་སྐབས་དང་སྦྱར། །ཤར་གྱི་པདྨར་རྣམ་པར་རྒྱལ། །སྐུ་མདོག་དམར་པོ་དབུ་གསུམ་པ། །ཕྱག་གཡས་རྡོ་རྗེ་རྩེ་ལྔ་འཛིན། །གཡོན་པས་དགྲ་སྟ་བར་མ་གཉིས། །གུང་ མོ་མཐེ་བོ་ངོས་མདུད་ནས། །གཞན་རྣམས་ཡོངས་སུ་དཔྱང་བ་ཡིན། །དེ་ཉིད་སྙིང་གར་བཟུང་ནས་ནི། །དེ་འོག་ཞགས་པ་རལ་གྲི་བསྣམས། །ལྷོ་ཡི་པདྨར་མགོན་པོ་ནི། །སྐུ་མདོག་ནག་པོ་ཞལ་གཅིག་ཕྱག་གཉིས་པ། །གཡས་གཡོན་ཙནྡན་བིང་ཆེན་ཞགས་པ་བསྣམས། ། ནུབ་ཀྱི་འདབ་མར་ལུས་ངན་པོ། །སྐུ་མདོག་ལྗང་གུ་ཞལ་གཅིག་པ། །ཕྱག་གཉིས་མཆོད་རྟེན་ནེ་ལེ་བསྣམས། །བྱང་གི་འདབ་མར་བདུད་རྩི་འཁྱིལ། །སྐུ་མདོག་སྔོན་པོ་ཞལ་གཅིག་པ། །ཕྱག་གཉིས་བྲང་བསྣོལ་སྡིགས་མཛུབ་འཕྱར། །ཤར་ལྷོའི་འདབ་མར་གནོད་སྦྱིན་ བསྐྱེད། །སྐུ་མདོག་དམར་ནག་ཞལ་གཅིག་པ། །ཕྱག་གཉིས་གྲི་གུག་ཅང་ཏེའུ་བསྣམས། །ལྷོ་ནུབ་པདྨར་རོ་ལངས་མ། །སྐུ་མདོག་སྔོ་སྐྱ་ཞལ་གཅིག་མ། །ཕྱག་གཉིས་རྡོ་རྗེ་ལྕགས་སྒྲོག་བཟུང་ནས་སུ། །གུང་མོ་སྲིན་ལག་ལ་སོགས་གསུམ་པོ་རྣམས། །དམ་པོར་བཀུག་ ནས་ཡོངས་སུ་བསྡམ། །མཐེབ་མཛུབ་བཞི་རྣམས་རབ་བརྐྱང་སྟེ། །སྤྱི་བོར་ངེས་པར་བསྣོལ་བ་བསྣམས། །ནུབ་བྱང་འདབ་མར་རྡོ་རྗེ་མཁའ་འགྲོ་མ། །སྐུ་མདོག་དམར་སྐྱ་ཞལ་གཅིག་མ། །ཕྱག་གཉིས་སྤྱི་བོར་སྦྱར་ནས་སུ། །མེ་ལྕེ་ཕྲེང་བ་ཡོངས་སུ་འཛིན། །བྱང་ཤར་ མཚམས་ཀྱི་འདབ་མ་ལ། །འཇིགས་བྱེད་ཁ་དོག་སྔོ་ནག་ལ། །ཞལ་གསུམ་ཕྱག་དྲུག་ཞབས་གཉིས་པ། །གཡས་ཀྱི་དང་པོས་གླང་པོ་བསྣམས། །གཡོན་པས་གླང་ཆེན་པགས་པ་བསྣམས། །དེ་འོག་དགྲ་སྟ་རྡོ་རྗེ་བསྣམས། །ཐ་མས་མི་མགོ་ལྕགས་ཀྱུ་བསྣམས། །གྲུ་ ཆད་བཞི་ལ་ལྷ་མོ་བཞི། །འོད་བསྐྱེད་སྐུ་མདོག་དཀར་མོ་ལ། །ཞལ་གཅིག་ཕྱག་གཉིས་མེ་ཏོག་བསྣམས། །ཡིད་འཕྲོག་མ་སྐུ་མདོག་སེར་མོ། །ཞལ་གཅིག་ཕྱག་གཉིས་དྲིའི་སྤོས་ཕོར་བསྣམས། །ཀུན་བཟང་མ་སྐུ་མདོག་དཀར་མོ། །ཞལ་གཅིག་ཕྱག་གཉིས་རོ་མཆོག་ བསྣམས། །གླུ་སྒྲ་མ་སྐུ་མདོག་སྔོན་མོ། །ཞལ་གཅིག་ཕྱག་གཉིས་སྒྲ་སྙན་གར། །ཤར་གྱི་སྒོ་རུ་སྲོག་གཅོད་མ། །ཞལ་གཅིག་ཕྱག་གཉིས་སྐུ་མདོག་མཐིང་། །ཕྱག་གཉིས་ཐོ་བ་ཞགས་པ་བསྣམས། །ལྷོ་སྒོར་དབུགས་རྔུབ་མ་སེར་མོ། །ཞལ་གཅིག་ཕྱག་གཉིས་ཧོམ་ གཟར་ཞགས། །ནུབ་སྒོར་ཁྲག་འཐུང་མ་སྐུ་མདོག་དམར་མོ། །ཞལ་གཅིག་ཕྱག་གཉིས་གྲི་གུག་ཞགས། །བྱང་སྒོར་ཤ་ཟ་མ་སྐུ་མདོག་སྔོན་མོ། །ཞལ་གཅིག་ཕྱག་གཉིས་རྣོན་པོ་ཞགས། །དེ་ལྟར་གསལ་བར་བསྐྱེད་ནས་སུ། །ཡེ་ཤེས་དཀྱིལ་འཁོར་སྤྱན་དྲངས་ ནས། །ནམ་མཁར་བཞུགས་པ་དེ་ཉིད་ལ། །མཆོད་བསྟོད་བྱས་ནས་དམ་ཚིག་གི། །དཀྱིལ་འཁོར་དག་ལ་བསྟིམ་པར་བྱ། །དེ་ནས་བདག་ཉིད་ཤར་སྒོ་རུ། །དང་པོ་ཉིད་ནས་མེས་པོའི་ཚུལ། །ཤར་སྒོ་རུ་ནི་གནས་པ་འམ། །ཡང་ན་ཕྱི་ནས་སྲས་ཀྱི་ཚུལ། །དེ་ནས་བྱིན་རླབས་དབང་ བསྐུར་བྱ། །མཆོད་དང་བསྟོད་པ་རྫོགས་བྱས་ལ། །སྒྲུབ་པའི་བཟླས་བརྗོད་ཐིམ་པ་དང་། །སློབ་མ་དཀྱིལ་འཁོར་གཞུག་པར་བྱ། །དེ་ནས་ཡོལ་བས་བཅད་བར་དུ། །ལས་ཀྱི་ཆུ་བོ་གཏོར་བ་དང་། །གདོང་གཡོགས་བཅིང་བ་དང་། ཡོན་ཕུལ་ནས་ནི་མཐོང་བ་དྲི། །ཆུ་བླུད་ བཀའ་བསྒོ་བྱས་ནས་མེ་ཏོག་དོར། །མིག་དབྱེ་ལྷ་ངོ་དེ་ནི་རིམ་བཞིན་བསྟན། །དེ་ནས་དབང་བསྐུར་རིམ་བཞིན་བྱ། །ཡབ་ཡུམ་སྙོམས་ཞུགས་འོད་ཟེར་ལས། །བདེ་གཤེགས་འོད་བསྐུལ་བུམ་པར་ཐིམ། །མ་འདྲེས་པས་ནི་འོད་ཞུ་ནས། །སྤྱི་བོར་ཆུ་ཡི་དབང་ བསྐུར་རོ། །ཚིགས་བཅད་འདིས་ནི་སྦྱིན་པར་བྱ། །སྐུ་གསུང་དམ་ཚིག་ལས་བྱུང་བའི། །ཡེ་ཤེས་བདུད་རྩི་དྲི་མ་མེད། །ལྷ་ཡི་ཆུ་ནི་དག་པ་ཡིས། །མི་བསྐྱོད་པ་ཡི་དབང་བསྐུར་རོ། །ཨོཾ་བཛྲ་ཨཱ་དཪྴ་ཛྙཱ་ན་ཨ་བྷི་ཥིཉྩ་ཞེས་པས་སོ། །དབུ་རྒྱན་མན་ངག་ཤེས་བྱས་ལ། །འདི་སྐད་ དོ། །སངས་རྒྱས་ཀུན་གྱི་རྒྱལ་སྲིད་དེ། །དབུ་རྒྱན་རིན་ཆེན་དམ་པ་སྟེ། །དབུ་རྒྱན་རིན་ཆེན་མཆོག་འགྲོ་བས། །རྫོགས་སངས་རྒྱས་ལ་ཕྱག་འཚལ་ལོ། །ཨོཾ་ས་མནྟ་ཛྙཱ་ན་རཏྣ་ནཱ་མ་ཧཱུཾ་ཏིཥྛ་ཨ་བྷི་ཥིཉྩ་ཞེས་པས་སོ། །རྡོ་རྗེའི་མན་ངག་ཤེས་བྱས་ལ། །སངས་རྒྱས་ ཀུན་གྱི་རྡོ་རྗེའི་དབང་། །མི་ཕྱེད་རྡོ་རྗེ་འོད་གསལ་བ། །དམ་ཆོས་འབྱུང་བའི་སྒོར་གྱུར་པ། །རྡོ་རྗེ་ཆོས་ཀྱི་དབང་བསྐུར་རོ། །ཨོཾ་པྲ་ཏ་ཨ་བྷི་ཥེ་ཀ་ཛྙཱ་ན་བཛྲ་ཨ་བྷི་ཥིཉྩ། དྲིལ་བུའི་མན་ངག་ཤེས་བྱས་ལ། །ཐབས་དང་ཤེས་རབ་ལྡན་པ་ཡིས། །འགྲོ་དོན་མཉམ་མེད་བྱེད་པ་དང་། ། མཆོད་པའི་ལས་རྣམས་རྫོགས་བྱེད་པས། །རྡོ་རྗེ་ལས་ཀྱི་དབང་བསྐུར་རོ། །ཨོཾ་ཀྲི་ཏ་ཨ་ནུཏྟ་ཛྙཱ་ན་བཛྲ་ཨ་བྷི་ཥིཉྩ། མིང་གི་མན་ངག་ཤེས་བྱས་ལ། །རྡོ་རྗེ་མིང་གི་དབང་བསྐུར་བས། །བྱང་ཆུབ་སྙིང་པོའི་བར་དུ་ནི། །ཅིས་ཀྱང་མི་ཤིགས་མི་གཡོ་བས། །རྡོ་རྗེའི་མིང་དུ་རབ་ཏུ་གྲགས། ། ཨོཾ་པྲ་ཏི་ཤོ་དྷ་དྷརྨ་དྷཱ་ཏུ་ཛྙཱ་ན་ནཱ་མ་ཨ་བྷི་ཥིཉྩ་མི། དེ་ནས་དམ་ཚིག་གསུམ་གྱི་དབང་བསྐུར་བྱ་སྟེ། །དཀྱིལ་འཁོར་ཕྱི་རྒྱུད་ཆོ་ག་བཞིན། །ཚིགས་བཅད་རྣམས་ཀྱང་བསྒྲག་པར་བྱ། །ཨོཾ་ཨཱཿཧཱུཾ། དེ་གསུམ་མན་ངག་འོད་ཟེར་ནི། །བླ་མ་ལས་ནི་ཤེས་པར་བྱ། །དེ་ནས་མེ་ལོང་ དབང་བསྐུར་བྱ། །གོང་མ་བཞིན་དུ་མན་ངག་གཙོ། །དེ་ནས་ཁྱད་པར་དབང་བསྐུར་ནི། །ཕྱག་རྒྱའི་དཀྱིལ་འཁོར་ཇི་བཞིན་ནོ། །གོས་སྔོན་སྒྲུབ་པའི་དབང་བསྐུར་བ་རྫོགས་སོ།། །།རྡོ་རྗེ་སློབ་དཔོན་འདོད་པ་ཡིས། །ཡོན་གྱིས་བླ་མ་མཉེས་བྱས་ལ། །ཕྱག་འཚལ་ནས་ནི་ གསོལ་བ་གདབ། །བྱང་ཆུབ་རྡོ་རྗེ་སངས་རྒྱས་ལ། །ཇི་ལྟར་མཆོད་ཅིང་སྩོལ་མཛད་པ། །བདག་ལ་སྲུང་བའི་དོན་གྱི་ཕྱིར། །ནམ་མཁའི་རྡོ་རྗེ་བདག་ལ་སྩོལ། །ཞེས་གསོལ་བ་གདབ་པོ། །དེ་ནས་ཤར་ཕྱོགས་སུ་དཀྱིལ་འཁོར་ཆེན་པོ་དང་། བར་དུ་འདོམ་གྱིས་ཆོད་པར་ནི་ དབང་གི་དཀྱིལ་འཁོར་ཚུལ་བཞིན་བྲིས་ལ་དེའི་སྟེང་དུ་དབང་སྟེགས་ཀྱི་ཁྲི་བྱས་ལ་རས་ལ་གདན་པདྨ་འདབ་མ་བརྒྱད་པ་སེང་གེས་མཚན་པ་བཞག་སྟེ། དེ་ལ་གདུགས་ལ་སོགས་པ་ཐམས་ཅད་ཀྱིས་བཀླུབས་ལ། རྣམ་པར་རྒྱལ་བ་དང་། ལྷ་ཐམས་ཅད་ཀྱི་བུམ་པ་དང་ལས་ཐམས་ཅད་ ཀྱི་བུམ་པས་མན་ངག་ཇི་ལྟ་བ་བཞིན་དབང་བསྐུར་རོ། །དེ་ནས་རྡོ་རྗེ་བརྟུལ་ཞུགས་དང་། ལུང་བསྟན་པ་དང་། རྡོ་རྗེ་འཛིན་པ་དབུགས་དབྱུང་བ་དང་། དུང་དང་འཁོར་ལོ་ལ་སོགས་པའི་དབང་བྱིན་ལ། དེ་ནས་དཀྱིལ་འཁོར་དེ་ཉིད་བསྟན། །དེ་ནས་ཡོན་ཕུལ་ལ། དེ་ནས་གསང་བའི་དབང་ བསྐུར་བར་གསོལ་བ་གདབ་པོ། །གསང་བའི་དབང་བསྐུར་བ་ཡང་འོད་དང་གྲིབ་མའི་ཚུལ་དུ་གཡོན་དུ་བསམས་ལ། མན་ངག་བཞིན་དུ་བྱང་སེམས་དབབ། །ཕབ་པས་སྦྱིན་པར་བྱ་བ་དང་། །ཡང་ན་བདུད་རྩི་རྣམ་ལྔ་ནི། །མཚན་དང་ལྡན་པའི་སྣོད་བཞག་ནས། །ས་བོན་ལྔ་ལ་ རིགས་ལྔ་ནི། །སྙོམས་ཞུགས་བདུད་རྩིར་ཞུ་བར་བསམ། །ཡང་ན་དབབ་པའི་ཚུལ་དུ་བྱ། །ཡང་ན་དངོས་སུ་དབབ་པ་དང་། །ཡང་ན་གཉིས་ཀས་བྱ་བ་ཡིན། །ཅུ་གང་གིས་ནི་འདེ་གུ་སྦྱར། །ཆ་གཉིས་བསྲེས་པས་གོང་བཞིན་ནོ། །ཚིགས་བཅད་འདིས་ནི་གསོལ་བ་གདབ། ། རྡོ་རྗེ་སེམས་དཔའ་ཁྱོད་ཀྱི་མཐུས། །སངས་རྒྱས་ཀྱི་ནི་བདེ་བ་འགྲུབ། །རྣམ་དག་བྱང་ཆུབ་སེམས་དཔའ་ནི། །རྒྱ་ཆེར་སྲས་སུ་བཅས་པ་རྣམས། །ཡུན་རིང་སྟོང་ཉིད་སྒོམ་གདུང་ལ། །དགའ་བས་ཡིད་འོང་བདེ་ཆེན་གྱིས་ནི་དགྱེས་པར་མཛོད། །ཀྱེ་འདོད་ཆགས་དྲི་མེད་ཀུན་ དུ་བཟང་པོའི་སྤྱོད་པ་སྟེ། །དགའ་བའི་འདོད་ཆགས་རྡོ་རྗེའི་དམ་ཚིག་ལ་ནི་ཕྱེ་མཛད་ནས། །དགའ་བ་རྣམ་པ་དྲུག་པོ་སྤྱོད་པས་ཤིན་ཏུ་གདུང་བ་ནི། །རབ་ཏུ་དགྱེས་དབང་འདོད་པའི་བདེ་བ་ཉིད་ཀྱིས་འཇུག་པར་འཚལ། །བྱང་ཆུབ་སེམས་ནི་རིན་ཆེན་འབར་འབྱུང་བའི། །མ་ལུས་རྒྱལ་ བ་རྣམས་ནི་ལུས་སྐམས་ལ། །རྣམ་དག་རྡོ་རྗེ་ལས་བྱུང་ཡེ་ཤེས་ཆུ། །དྲི་མེད་རིན་ཆེན་སྦྱིན་དབབ་དབང་བསྐུར་རོ། །མཉམ་དང་མི་མཉམ་འདོད་ཆགས་ཚུལ་དག་པས། །པདྨའི་གནས་སུ་རྡོ་རྗེ་གཏོང་མཛད་པ། །སྣ་ཚོགས་སེམས་དཔའ་སེམས་ཅན་བརླག་གྱུར་པ། ། སྦྱོར་བ་གཞན་པ་ཡིན་པ་མ་ཐོགས་བཤད་པར་གསོལ། །རྡོ་རྗེ་སེམས་ཁྱོད་དབང་མཆོག་བདེ་བར་བྱེད་པ་ཡི། །རྡོ་རྗེ་པདྨ་དབྱེ་བའི་ཚུལ་གྱིས་སྦྱོར་མཛད་དེ། །རྒྱལ་བ་ཀུན་གྱི་གཟུགས་སྐུ་རབ་སྟོན་ནས། །ཐམས་ཅད་བདེ་གྲུབ་ཉིད་ཀྱིས་བདག་ལ་དགྱེས་པར་མཛོད། །དེ་ནས་ཚོགས་ཀྱིས་ མཆོད་བྱས་ལ། །མཚན་ལྡན་སྣོད་ནས་བླངས་ནས་ནི། །རྡོ་རྗེ་སྲིན་མཐེབ་བྱིན་རླབས་ལ། །ཨོཾ་ཨ་མྲྀ་ཏ་གུ་ཧྱ་ཨ་བྷི་ཥིཉྩ་ཞེས་པས་མགྲིན་པར་གསུང་ལ་དབུལ་བར་བྱའོ། །སློབ་མས་ཀྱང་བདུད་རྩི་ཆེན་པོར་བསམས་ལ་ཨ་ཧོ་སུ་ཁ་ཞེས་པས་བཏུང་བར་བྱའོ། །དེ་ནས་གསང་ བའི་དབང་བསྐུར་བའི་བསྟོད་པ་ཡང་བྱའོ། །ད་ནི་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བར་བྱ་སྟེ། ཕྱག་རྒྱ་ལ་བརྟེན་མི་འཇུག་ལ། །མན་ངག་འདི་ནི་བསྟན་པ་ཡིན། །ཡིད་ཀྱི་ལྷ་མོ་གཟུགས་མཛེས་ལ། །བདུད་རྩི་ཆེན་པོ་མན་ངག་སྦྱར་བར་བྱ། །ཡང་ན་རྡོ་རྗེ་ལྕེ་ཐུང་གི། །སྦྱོར་ བའི་མན་ངག་བསྟེན་པ་དང་། །ཡང་ན་རྩ་ནི་གཉིས་པོ་ལ། །ཕྱག་རྒྱའི་སྦྱོར་བ་བསྟན་པ་དང་། །ཡང་ན་རྫས་རྣམས་མཐུ་ཆེན་གྱིས། །བྱུགས་པས་དགའ་བ་སྐྱེ་འགྱུར་རོ། །སློབ་མས་ཡོན་དབུལ་གསོལ་བ་གདབ། །མཆོད་ཅིང་བསྟོད་པས་མཉེས་བྱས་ལ། །འདི་སྐད་ཚིག་ཀྱང་ བརྗོད་པར་བྱ། །ཁམས་གསུམ་ལས་ནི་རྣམ་གྲོལ་ཞིང་། །ནམ་མཁའ་དང་ནི་མཉམ་གྱུར་པ། །འདོད་པ་རྣམས་ཀྱིས་མ་གོས་པ། །དམིགས་མེད་ཁྱོད་ལ་ཕྱག་འཚལ་ལོ། །ཕུང་པོ་རྣམས་དང་ཁམས་རྣམས་དང་། །སྐྱེ་མཆེད་རྣམས་ལ་མི་བརྟེན་ཅིང་། །ཕྱིན་ཅི་ལོག་པས་རྣམ་ གྲོལ་ཞིང་། །ནམ་མཁའ་དང་ནི་མཉམ་འགྱུར་ཞིང་། །འདོད་པ་དག་གིས་མ་གོས་པ། །དམིགས་མེད་ཁྱོད་ལ་ཕྱག་འཚལ་ལོ། །རྣམ་རྟོག་མེད་ཅིང་ཀུན་རྟོག་མེད། །ཐུགས་ནི་རབ་ཏུ་མི་གནས་པ། །བསམ་གྱིས་མི་ཁྱབ་པ་ཡི་ཐུགས། །དམིགས་མེད་ཁྱོད་ལ་ཕྱག་འཚལ་ལོ། ། ཇི་ལྟར་ནམ་མཁའ་གནས་མེད་ཅིང་། །སྤྲོས་མེད་གོས་པ་མེད་པ་ལྟར། །མཁའ་དང་མཉམ་པའི་ཐུགས་མངའ་བའི། །དམིགས་མེད་ཁྱོད་ལ་ཕྱག་འཚལ་ལོ། །ཐམས་ཅད་སྟོང་པའི་རང་བཞིན་ཅན། །མངོན་པར་བྱང་ཆུབ་བལྟ་བར་འཚལ། །དགའ་མཆོག་སྒོ་ནས་བསྟོད་མཛད་ པ། །ལྷན་ཅིག་ཡེ་ཤེས་ཁྱོད་ཕྱག་འཚལ། །དེ་ནས་སྔགས་འདི་བརྗོད་པར་བྱའོ། །ཨོཾ་པྲཛྙཱ་ཛྙཱ་ན་ཨ་བྷི་ཥིཉྩ་མི། ཞེས་པ་ལན་བདུན་ནམ་ཉི་ཤུ་རྩ་གཅིག་བཟླས་སོ། །དེ་ནས་དབང་བཞི་བསྟན་པ་ནི། །གཞུང་ལུགས་མི་འདྲ་མང་མོད་ཀྱང་། །དང་པོའི་ཚིག་རྟེན་མན་ངག་ནི། ། རྣ་བ་དག་ཏུ་བརྒྱུད་པ་ཡིན། །ཐ་མ་ལྷན་ཅིག་དགའ་བ་ཡིན། །དང་པོ་བུམ་པའི་དབང་གིས་ནི། །མན་ངག་རྣམས་ནི་བསྟན་པ་ཡིན། །དེ་ནས་གསང་བ་ཡི་བསྟན་ལ། །ཁྱད་པར་སྔགས་ཀྱི་དོན་རྣམས་བསྟན། །སྔགས་རྣམས་དོན་དང་བཅས་རྣམས་ནི། །རྣ་བ་བརྒྱུད་པར་བྱ་བ་ནི། ། ཨོཾ་ནཱི་ལཱཾ་བ་ར་དྷ་ར་བཛྲ་པཱ་ཎི་ཧཱུཾ་ཧཱུཾ་ཕཊ། ཨོཾ་པྲཛྙཱ་ཏི་ས་ཏ་ནི་ཡ་ཧཱུྃ་ཕཊ། ཨོཾ་ཤ་སྭ་གཱ་པ་ཡ་ཧཱུཾ་ཕཊ། ཨོཾ་ག་ཏི་པྲྀ་ཡ་ནི་ཧཱུཾ་ཕཊ། ཨོཾ་མཾ་ས་བྷཀྵ་ནི་ཧཱུཾ་ཕཊ། ཨོཾ་ཏྲཻ་ལོཀྱ་བི་ཛ་ཡ་ཧཱུཾ་ཕཊ། ཨོཾ་བཛྲ་ཡཀྵ་ཧཱུཾ་ཕཊ། ཨོཾ་མ་ཧཱ་ཀཱ་ལ་རོ་ཥ་ཎ་ཧཱུཾ་ཕཊ། ཨོཾ་བཛྲ་བེ་ཏཱ་ལཱི་ཧཱུཾ་ཕཊ། ཨོཾ་བཻ་ཤྲ་བ་ཎ་ཡེ་ཧཱུཾ་ ཕཊ། ཨོཾ་བཛྲ་ཌཱ་ཀི་ཡེ་ཧཱུཾ་ཕཊ། ཨོཾ་ཨ་མྲི་ཏ་ཀུཎྜ་ལི་ཧ་ན་ཧ་ན་ཧཱུཾ་ཕཊ། ཨོཾ་བཛྲ་བྷ་ར་ཡ་ཧཱུཾ་ཕཊ། ཨོཾ་པྲ་བིད་པ་ན་ཡ་ཧཱུཾ་ཕཊ། ཨོཾ་མ་ན་མ་ཧ་ར་ནཱ་ཡ་ཧཱུཾ་ཕཊ། ཨོཾ་ས་མནྟ་བྷ་དྲ་ཡ་ཧཱུཾ་ཕཊ། ཨོཾ་ཤཔྟ་གཱི་ཏི་ཡ་ཧཱུཾ་ཕཊ། ཨོཾ་ནཱི་ལཱཾ་བ་ར་དྷ་ར་བཛྲ་པཱ་ཎི་མ་ཧཱ་ཡཀྵ་སེ་ན་པ་ཏ་ཡེ་ཧཱུཾ་ཧཱུཾ་ཕཊ། སྔགས་ཀྱི་དོན་རྣམས་མ་ཤེས་ན། །ངག་གི་སྒྲིབ་པ་མི་འདག་ཕྱིར། །དེས་ན་སློབ་དཔོན་རྣ་བརྒྱུད་ཀྱི། །མན་ངག་དེ་ལ་ནན་ཏན་བྱ། །དེ་ནས་ཤེས་རབ་ཡེ་ཤེས་ཀྱི། །མན་ངག་དེ་ནི་བསྟན་པར་བྱ། །དགའ་བ་བུམ་པའི་དོན་བསྟན་ལ། །མཆོག་དགའ་གསང་བའི་དོན་བསྟན་ནོ། །ཁྱད་ པར་ཤེས་རབ་ཡེ་ཤེས་བསྟན། །ལྷན་ཅིག་སྐྱེས་པའི་དགའ་བ་ནི། །བཞི་པ་ཁོ་ན་བསྟན་པ་ཡིན། །ཡང་ན་བུམ་པའི་དབང་བསྐུར་ནས། །བསྐྱེད་པའི་རིམ་པ་བསྟན་པ་ཡིན། །དེ་ནས་གསང་བའི་དབང་བསྐུར་ན། །རྡོ་རྗེ་བཟླས་པ་བསྟན་པར་བྱ། །ཤེས་རབ་ཡེ་ཤེས་དབང་བསྐུར་ ནས། །སེམས་དབེན་པར་ནི་བསྟན་པར་བྱ། །དེ་ནས་སྒྱུ་མ་ལ་གནས་པས། །བཞི་པའི་མན་ངག་བསྟན་པར་བྱ། །དེ་ནས་འོད་གསལ་ལ་བརྟེན་ནས། །ཟུང་འཇུག་ཏིང་འཛིན་བསྒོམ་པར་བྱ། །ཟུང་འཇུག་ཏིང་འཛིན་མཐར་ཕྱིན་པ། །ཆོས་ཀྱི་སྐུ་ཞེས་དེ་ལ་བྱ། ། དེ་ལྟར་བཞི་པའི་རྣ་བརྒྱུད་བསྟན། །དབང་བསྐུར་རྫོགས་ནས་ཚོགས་འཁོར་བྱ། །གཏོར་མ་བཏང་ནས་མཁའ་འགྲོ་བསྐང་། །སྦྱིན་སྲེག་གིས་ནི་ལྷག་ཆད་བསྐང་། །ཡི་གེ་བརྒྱ་པ་ཟློས་བྱེད་ཅིང་། །དཀྱིལ་འཁོར་བསྐོར་ཞིང་སྒྲ་རྣམས་བརྡུང་། །ཡེ་ཤེས་གཤེགས་ནས་ཏིང་འཛིན་བསྡུ། ། རྡུལ་ཚོན་ཕྱགས་ལ་ཆུ་ལ་དོར། །མཎྜལ་ཞལ་བསིལ་དགའ་སྟོན་བྱ། །རྣལ་འབྱོར་ལམ་པའི་དོན་ཆེད་དུ། །རྒྱུད་རྣམས་ཀུན་དང་མི་འགལ་བའི། །དཀྱིལ་འཁོར་ཆོ་ག་འདི་བྱས་པས། །འདི་བྱས་དགེ་བའི་རྩ་བ་ཡིས། །བདག་དང་མཐའ་ཡས་སེམས་ཅན་རྣམས། །ཐམས་ཅད་ བྱང་ཆུབ་ཐོབ་པར་ཤོག །དཀྱིལ་འཁོར་གྱི་ཆོ་ག་སློབ་དཔོན་བྷ་བས་མཛད་པ་རྫོགས་སོ།། །།ལོ་ཙཱ་བ་དགེ་སློང་གཞོན་ནུ་ཚུལ་ཁྲིམས་ཀྱིས་བསྒྱུར་ཅིང་གཏན་ལ་ཕབ་པ།། ༄། །ལུང་བསྟན་སྦྱོར་བའི་མན་ངག་བཞུགས། ༄༅༅། །བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་ལ་ ཕྱག་འཚལ་ལོ། །ལུང་བསྟན་སྦྱོར་བའི་མན་ངག་འདི། །རྒྱུད་རྣམས་ཀུན་ལས་མི་གསལ་བའི། །མཁའ་འགྲོ་མ་ཡིས་རྒྱས་བཏབ་ལ། །རྣལ་འབྱོར་བློ་དམན་དོན་དུ་ནི། །ཡང་ནས་ཡང་དུ་གསོལ་བཏབ་ནས། །ཡིད་ཆེས་བྲོད་པ་བསྐྱེད་པའི་ཕྱིར། །མན་ངག་རིམ་པ་བསྟན་པ་ ལ། །བླ་མ་ལས་ནི་མཉན་པར་གྱིས། །གསང་སྔགས་སྒོ་ནི་དཔག་མེད་ནས། །ཐབས་ཀྱི་རིམ་པ་མང་གསུངས་པ། །སེམས་ཅན་ལས་ནི་སྣ་ཚོགས་པས། །སོ་སོ་མོས་པ་མི་མཐུན་ཕྱིར། །དཔེར་ན་སྨན་རྣམས་ནུས་པ་ཡིས། །ནད་རྣམས་སོ་སོར་སེལ་བ་བཞིན། །མན་ངག་ཐབས་ རྣམས་སོ་སོས་ཀྱང་། །དུག་གི་ནད་རྣམས་འཇོམས་པར་བྱེད། །དཔེར་ན་སྨན་ནུས་གཅིག་གིས་ཀྱང་། །ཕྲད་པ་ཙམ་གྱིས་ནད་འཇོམས་པའོ། །ཡང་ན་གཉིས་འཇོམས་གསུམ་འཇོམས་དང་། །བཞི་འཇོམས་ལྔ་འཇོམས་ལ་སོགས་དང་། །མང་པོ་འདུས་ནས་འཇོམས་པ་དང་། །དེ་དག་ ཀུན་གྱིས་མ་ཆོམས་པ། །སྦྱོར་བ་གཞན་ལོག་འཇོམས་པ་དང་། །གཉན་པ་ཁོ་ནས་འཇོམས་པ་དང་། །སྨན་དང་སྦྱོར་བ་དེ་དག་ཀྱང་། །མཁས་པ་ཡིས་ནི་འཇོམས་པར་འགྱུར། །མི་མཁས་པས་ནི་གནོད་པར་འགྱུར། །སྨན་པ་མཁས་པར་གྱུར་ཀྱང་ནི། །བརྩོན་འགྲུས་ནན་ཏན་མ་ བྱས་ན། །ནད་རྣམས་འཇོམས་པར་མི་འགྱུར་རོ། །དེ་བཞིན་མཐུན་པའི་དཔེ་རྣམས་ཀྱང་། །མཁའ་འགྲོ་མ་ཡིས་ལུང་བསྟན་ན། །ཞིབ་པས་འདི་རུ་མ་ཕྱེའོ། །བསྒོམས་པའི་སྟོབས་ཀྱིས་ཉོན་མོངས་འཇོམས། །བསྒོམས་པ་ལས་བྱུང་དངོས་གྲུབ་ཀྱིས། །མཆོག་གི་དངོས་གྲུབ་ཐོབ་ པར་འགྱུར། །ཏིང་འཛིན་ཐོབ་པར་མ་གྱུར་པས། །ཚོགས་འཁོར་ཚོགས་མཆོད་དངོས་གྲུབ་པོ། །དེ་མ་བྱུང་ན་སྦྱིན་སྲེག་གིས། །དངོས་གྲུབ་སྒྲུབ་པར་གསུངས་པ་ཡིན། །དེ་མ་བྱུང་བ་བཟླས་བརྗོད་དོ། །དེ་ནི་མ་བྱུང་གཏོར་མ་བྱ། །དེ་རྣམས་ཀུན་ལས་མ་བྱུང་ན། །ལས་ནི་ཕྲན་ཚེགས་ གཞན་ཡང་བསྟན། །ཡང་ན་དེ་དག་ཐམས་ཅད་ཀྱང་། །གཅིག་འདུས་གཉིས་འདུས་གསུམ་འདུས་དང་། །བཞི་འདུས་ལྔ་འདུས་ལ་སོགས་པས། །འབྱུང་བར་འགྱུར་བ་གསུངས་པ་ཡིན། །ཡང་ན་མཆོག་འདོད་པ་ལ་ནི། །ཐམས་ཅད་རྫོགས་པར་དགོས་པར་གསུངས། །ཐུན་མོང་ དངོས་གྲུབ་སྒྲུབ་པ་ལ། །ཆེ་ཆུང་གིས་ན་རིམ་པས་གསུངས། །སྦྱོར་བ་རེ་རེས་ཀྱང་ནི་འགྲུབ། །གསང་སྔགས་ལ་ལའི་བཞེད་ཀྱིས་ནི། །དཔེར་ན་སྦྲུལ་ནི་གཤུ་བུར་ཞུགས། །རྩ་བར་འགྲོ་དང་ཅོ་ཏོར་འགྲོ། །དེ་བཞིན་རྣལ་འབྱོར་སྔགས་པ་ཡང་། །རིག་འཛིན་ས་དང་རྡོ་རྗེ་དམྱལ། །ལ་ལ་དག་ གི་གཞུང་གིས་ནི། །བར་མ་དོ་ནས་འགྲོ་བའོ། །ལ་ལ་སྐྱེ་བ་ཕྱི་མ་ལ། །ལ་ལ་དག་གིས་བཞེད་ཀྱིས་ནི། །གཉིས་དང་གསུམ་པ་དག་ལའོ། །བཞི་པའམ་ལྔ་པར་འདོད་པའང་ཡོད། །ལ་ལ་སྐྱེ་བ་བདུན་པ་ལ། །ཕྱག་རྒྱའི་དངོས་གྲུབ་ཐོབ་པར་འདོད། །དེ་ལྟར་གཞུང་ལུགས་མི་ འདྲ་བ། །མང་དུ་གསུངས་པ་དེ་དག་ཀྱང་། །འགལ་བ་མེད་དེ་ཀུན་ཀྱང་བདེན། །གསང་སྔགས་ཀྱི་ནི་གཞུང་གིས་ཀྱང་། །ས