Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 49
Văn bản gốc(Tây Tạng)
Trang 20 / 23 (50.000 ký tự/trang)
་བསྐྱེད་པ་དང་། །གསུམ་ལ་སྐྱབས་སུ་འགྲོ་བ་དང་། སྡོམ་པ་ནོད་པ་ལ་སོགས་པ་བྱས་ལ་གསོ་བར་བྱ་བར་འབྲེལ་ཏོ། །རྡོ་རྗེ་འབར་བའི་ལྕགས་ཀྱུ་ཡིས། །དེ་ཡི་སྙིང་ལས་དྲངས་བྱས་ལ། །ཧཱུཾ་ཛ་ཕཊ་ཀྱི་སྒྲ་ཡང་བསྒྲགས། །ཞེ་སྡང་ རྡོ་རྗེའི་ཏིང་འཛིན་དང་། །ཁྲོ་བོའི་གཟུགས་དང་དྲག་པོའི་སྒྲས། །གཡས་པར་ཕྲེང་བ་ཐོགས་བྱས་ལ། །གཡོན་པས་རལ་གྲི་འབར་བ་གཟུང་། །ནག་པོ་ཆེན་པོ་རབ་རྦད་ལ། །དེ་ཡི་ཕུང་པོ་འཇོམས་པར་བསམ། །ཞེས་བྱ་བ་ལ། ལག་པ་གཡོན་པས་ལྕགས་ཀྱུ་དང་། ། རལ་གྲི་བཟུང་ནས་གཡས་པ་ཕྲེང་བ་བཟུང་སྟེ། ཞེ་སྡང་ཆེན་པོར་བསྐྱེད་ལ་བཞིན་བཟློག་ནས། དང་པོར་ཛ་ཞེས་པའི་ངག་དྲག་པོར་བཏོན་ཏེ། ནག་པོ་ཆེན་པོ་རྦད་ལ་གཤིན་རྗེ་འཇོམས་པར་བསམ་པའོ། །དེ་ནས་སྔགས་པ་བློ་ལྡན་པས། །ཞེས་པ་ནས། ཕྱི་ནས་བགེགས་ མི་འཇུག་པ་ཡིན། །ཞེས་པའི་བར་ནི་གོ་སླའོ། །དེ་ལ་གོང་དུ་སྔགས་སྨོས་པ་ཐམས་ཅད་ནི་རིམ་པ་ཇི་ལྟ་བས་འདི་ལས་ཤེས་པར་བྱའོ། །ཨོཾ་ཕཊ་ཕཊ་ཅེས་པ་ནས། རཀྵ་རཀྵ་སྭཱ་ཧཱ་ཞེས་པའི་བར་ལ་སྔགས་རྣམས་རིག་པར་བྱའོ། །དེ་ལྟར་གནོད་པ་ངེས་བསལ་ནས། ། རྣལ་འབྱོར་པ་ལ་གནོད་བྱེད་པའི། །དངོས་པོ་གང་དག་གསད་བྱའི་ཕྱིར། །ནག་པོ་ཆེན་པོ་དེ་བསྒྲུབ་བྱ། །ཞེས་བྱ་བ་ལ། ཕན་པ་དང་གནོད་པ་རྣམ་པ་གཉིས་ཀྱིས་གནོད་པར་བྱེད་པ་རྣམ་པ་གཉིས་བསལ་ཏེ། གོང་དུ་བསྟན་པ་དེ་ལྟར་བྱས་པས་སེམས་ཅན་ནད་པ་ལ་གནོད་པའི་ བགེགས་བསལ་བར་སྦྱར་རོ། །འདི་ནས་མར་ལ་རྣལ་འབྱོར་པ་ལ་གནོད་པར་བྱེད་པའི་གང་ཟག་བསྟན་ཏེ། འདི་ལྟར་གོ་བར་བྱའོ། །རྣལ་འབྱོར་པ་ལ་གནོད་པར་བྱེད་པའི་དགྲ་གསད་པར་བྱ་བའི་ཕྱིར་ནག་པོ་ཆེན་པོ་བསྒྲུབ་པར་བྱ་བར་འབྲེལ་ཏོ། །སྙིང་རྗེ་ཆེན་པོས་སྦྱོར་བ་ བརྩམ། །ཤིན་ཏུ་བརྟགས་ལ་མངོན་པར་བསྒྲུབ། །ཕྲ་མོ་ཙམ་ལ་བྱ་བ་མིན། །བསྟན་པ་ཡོངས་སུ་འཇིག་ལ་སོགས། །ཞེས་བྱ་བ་ལ། སྙིང་རྗེ་ཆེན་པོ་ནི་མི་དེས་གཞན་བསྟེན་ནས་སྡིག་པའི་ལས་མང་པོར་བསགས་པས་དེ་ཡུན་རིང་དུ་གནས་ན་དེ་ཉིད་ལ་གནོད་པས། བདག་ གིས་སྙིང་རྗེ་རབ་བལྟས་པས། །དེ་གསད་པའི་སྦྱོར་བ་བརྩམ་པར་བྱའོ། །ཤིན་ཏུ་བརྟགས་པ་ནི་དེ་ལྟ་བུའི་མི་བརྟག་པར་བྱའོ། །ཕྲ་མོ་ཙམ་ལ་བྱ་བ་མིན་པ་ནི་རང་གི་ཆེད་དམ་རྫས་ཕྲ་མོ་ཙམ་ལ་བྱ་བ་མིན་པའོ། །ཇི་ལྟ་བུ་ལ་བྱ་ཞེ་ན། བསྟན་པ་དངོས་སུ་ འཇིག་པ་ལ་བྱ་བར་གསུངས་སོ། །དེ་ཡང་གནས་ཇི་ལྟ་ཇི་ལྟ་བུར་བྱ་སྙམ་པ་ལས། དངོས་པོར་གཙུག་ལག་ཁང་ཆེན་ནམ། །མཆོད་རྟེན་ཁང་སྟོང་ཆེན་པོའམ། །རབ་ཏུ་སྔགས་པས་དུར་ཁྲོད་མཆོག །བདག་གིས་ནག་པོ་ཆེན་པོ་ཡི། །གཟུགས་བརྙན་ལེགས་པར་བྲིས་པ་ ལས། །ཞེས་བྱ་བ་ལ། གཙུག་ལག་ཁང་ཆེན་པོ་དང་། མཆོད་རྟེན་དང་། ཁང་པ་སྟོང་པ་དང་། དུར་ཁྲོད་རྣམས་སུ་མཆོག་ཡིན་པར་གསུངས་པས་དེ་རུ་བདག་གིས་ནག་པོ་ཆེན་པོའི་གཟུགས་བརྙན་གོང་ནས་འབྱུང་བ་བཞིན་དུ་བྲིས་ལ་བྱ་བར་འབྲེལ་ཏོ། །མཆོད་ པ་སྣ་ཚོགས་འབྱོར་པ་དང་། །རབ་གསལ་ལྔ་ཡི་དུད་པ་དང་། །མི་འཆི་ལྔ་ཡི་དུད་པ་ཡིས། །ཞག་བདུན་བར་དུ་བདུག་པར་བྱ། །ཞེས་བྱ་བ་ལ། མཆོད་པ་སྣ་ཚོགས་པ་ནི་ཅི་འབྱོར་པའི་མེ་ཏོག་ལ་སོགས་པ་སྟེ། དེས་མཆོད་པར་གསུངས་སོ། །རབ་གསལ་ལྔ་ནི་མི་ལ་ སོགས་པའི་ཤ་ལྔའོ། །མི་འཆི་ལྔ་ནི་སྟོབས་མཆོག་ལ་སོགས་པ་སྟེ། དེ་རྣམས་ཀྱི་དུད་པས་ཞག་བདུན་གྱི་བར་དུ་དེའི་གཟུགས་བརྙན་བདུག་པར་བྱའོ། །དང་པོར་གཞི་མའི་དངོས་པོ་གང་། །ཡིད་ཆེན་པགས་པ་ངེས་པ་ལས། །དེ་ལས་བྱུང་བ་གང་ཡིན་པ། ། ཡང་དག་པར་ནི་བྲི་བར་བྱ། །ཞེས་བྱ་བ་ལ། གཟུགས་བརྙན་བྲི་བའི་གཞི་ནི་ཡིད་ཤས་ཆེ་བའི་པགས་པ་ལ་བྱ་བ་དང་། དེ་བྲི་བའི་ཚོན་རྩི་ནི། དེ་རང་ལས་བྱུང་བའི་ཁུ་བ་དང་སྣག་ཚ་བསྲེས་ལ་བྲི་བར་བྱའོ། །དེ་ནས་གནས་གང་ཡིན་པ་རུ། །སྐར་མ་དག་ ལ་ཡོངས་མཆོད་པ། །རབ་གསལ་ལྔ་དང་མི་འཆི་ལྔ། །གཞན་ཡང་རབ་གསལ་སྣ་ཚོགས་པ། །ཡང་དག་པ་རུ་མཆོད་པར་བྱ། །ཞེས་པ་ནི། གནས་གཙུག་ལག་ཁང་ལ་སོགས་པ་རུ་མི་ལ་སོགས་པའི་རབ་གསལ་ལྔ་དང་། སྟོབས་མཆོག་ལྔ་ལ་སོགས་པའི་མི་ འཆི་ལྔ་དང་། གཞན་ཡང་རབ་གསལ་སྣ་ཚོགས་པས་སྐར་མ་ལ་མཆོད་པར་འབྲེལ་ཏོ། །དཔའ་བོ་སྣ་ཚོགས་འབྱོར་པ་དང་། །མཆོད་པ་སྣ་ཚོགས་ཅི་འབྱོར་པས། །ཟླ་གསུམ་བར་དུ་མཆོད་བྱ་ཞིང་། །རང་ཉིད་ཆ་ལུགས་བསྒྱུར་བ་ཡི། །ལུས་ལ་ཁྲག་གིས་རྣམ་ པར་བསྐུ། །ཞེས་བྱ་བ་ལ། དཔའ་བོ་ནི་དཔའ་བར་བྱེད་པའི་རྒྱུ་ལ་དཔའ་བོ་ཞེས་ཟེར་ཏེ། དེ་བས་ན་སྣ་ཚོགས་པས་མཆོད་པ་དང་། གཞན་ཡང་མཆོད་པ་སྣ་ཚོགས་པས་ཟླ་བ་གསུམ་གྱི་བར་དུ་བདག་ཆ་ལུགས་ནག་པོར་བསྒྱུར་ལ། ལུས་ལ་ཁྲག་གིས་བསྐུས་ནས་མཆོད་ པར་སྦྱར་རོ། །རླག་བྱེད་དངོས་པོ་གང་ཡིན་པ། །འབར་བའི་དཀྱིལ་འཁོར་ཕྱོགས་ཀུན་དུ། །སྟོད་ཀྱི་ཚིགས་གཉིས་བཀུག་པ་ཡིན། །ཡོངས་སུ་བྲི་བར་བྱ་བ་ཡིན། །དེ་ཡི་ནང་དུ་དངོས་པོ་གང་། །ཡང་དག་པར་ནི་བླུགས་བྱས་ལ། །ཞེས་བྱ་བ་ལ། སྟོད་ཀྱི་ཚིགས་ གཉིས་ནི་གྲུ་མོ་གཉིས་བཀུག་པར་འབར་བའི་དཀྱིལ་འཁོར་ཟུར་གསུམ་པ་བྲི་བར་བྱས་ལ། དེའི་ནང་དུ་ཕྱོགས་ཀུན་ཁྱབ་པར་རླག་པར་བྱེད་པ་དང་། འདར་ཤ་དང་། མགོ་ཚོ་བ་དང་གསུམ་བསྲེས་པས་བླུགས་པར་བྱ་བར་འབྲེལ་ཏོ། །གང་ལ་དམིགས་པར་བྱ་བ་ཡིས། ། དངོས་པོ་ཡང་དག་དེར་བསམ་བྱ། །སྔགས་དང་ཕྱག་རྒྱ་སྦྱོར་ཤེས་པས། །གསལ་བར་དམིགས་ཏེ་དབུལ་བར་བྱ། །ཞེས་བྱ་བ་ལ། གང་ལ་དམིགས་པར་བྱ་བ་ནི་གནོད་པར་བྱེད་པ་སྟེ། དེའི་དངོས་པོ་དེ་རུ་བསམས་ལ། སྔགས་འོག་མ་དང་ཕྱག་རྒྱ་བཅས་ལ་ནག་པོ་ཆེན་ པོ་ལ་དབུལ་བར་བྱ་བར་འབྲེལ་ཏོ། །གཏོར་མ་ཉིད་ལ་སྣ་ཚོགས་པའོ། །དངོས་པོ་ཡོངས་སུ་བླུགས་བྱས་ལ། །མཚན་མོ་ཕྱེད་པས་ཡོངས་སུ་གཏང་། །ཞེས་བྱ་བ་ནི་གོ་སླའོ། །དེ་ཡི་ཐུགས་ཀ་ཉིད་ནས་ནི། །ཐུགས་ཡིག་བསྡུ་བ་ཡོངས་སུ་བསམ། །འདི་ཡི་སྟོད་ཀྱི་ཆ་གང་ ལ། །མི་འགྱུར་གནས་པ་རབ་ཏུ་བསྒོམ། །ཞེས་བྱ་བ་ལ། དེ་ཞེས་པ་ནི་ནག་པོ་ཆེན་པོ་སྟེ། དེའི་ཐུགས་ཀ་ནས་ཐུགས་ཀྱི་ཡི་གེ་སྡུད་པའི་དངོས་པོ་བསམ་པ་དང་། འདི་ཞེས་བྱ་བའི་རྣལ་འབྱོར་པའི་རོ་སྟོད་སྙིང་ག་ལ་མི་འགྱུར་བ་གནས་པའི་ཡི་གེ་བསྒོམ་པར་བྱའོ། །འདི་ གཉིས་ཀྱི་དགོས་པ་ནི་ཁ་དོག་ཇི་ལྟ་བུ་སྙམ་པ་ལ། དེ་གཉིས་དཀར་དང་ནག་པ་སྟེ། །འདི་ལས་འབྲེལ་པར་གྱུར་པ་ཡིས། །དང་པོ་ནག་པོ་དེ་ཉིད་ལས། །དངོས་པོ་དཀར་པོ་གང་ཡིན་པ། །སྟོབས་སྐྱེད་གསལ་བར་གནས་པར་བྱ། །ཞེས་གསུངས་ ཏེ། དེ་ཡང་ཇི་ལྟ་བུ་སྙམ་པ་ལ་འདི་ལྟར་ཤེས་པར་བྱའོ། །སྡུད་པ་དང་གནས་པའི་ཡི་གེ་གཉིས། །སྡུད་པ་ནི་གནག་ལ་གནས་པ་ནི་དཀར་པོའོ། །འདི་ལས་ཞེས་པ་ནི་རྣལ་འབྱོར་པས་འདི་ལ་འགྲེལ་པར་གྱུར་པས། སྡུད་པ་པོ་ཡི་དངོས་པོ་ནས། །གནས་པའི་དངོས་ པོ་ལ་སྟོབས་སྐྱེད་པར་བྱེད་པའི་དངོས་པོ་ནི་ནག་པོས་གནས་པར་བྱ་བར་འབྲེལ་ཏོ། །དེ་ལྟར་སྐད་ཅིག་དུ་མ་ཡིས། །ཞེས་པ་ནས། ངེས་པ་ཉིད་དུ་འགྲུབ་པ་ཉིད། །ཅེས་པའི་བར་དུ་ནི་གོ་སླ་བས་འདིར་མ་བཤད་དོ། །དེ་འགྲུབ་བསྒྲུབ་བྱ་གང་ཡིན་པ། །དེ་ཉིད་རྣམ་ གསུམ་བསྲེས་པ་ཡིས། །ཆག་གང་བ་ཡི་དབྱིབས་བྱས་ལ། །ཞེས་བྱ་བ་ལ། དེ་འགྲུབ་ཅེས་པ་ནི་ནག་པོ་ཆེན་པོ་དེའོ། །དེ་བསྒྲུབ་པ་དང་། དེ་ཉིད་རྣམ་གསུམ་བསྲེས་པ་ལ་བྱའོ། །དེ་ཉིད་རྣམ་གསུམ་ནི་རང་བྱུང་རྣམ་པ་གསུམ་ལ། ཆག་གང་བའི་གཟུགས་བྱ་ བར་འབྲེལ་ཏོ། །དེ་ཡི་དཀྱིལ་དུ་སྲོག་སྙིང་གཞུག །དེ་ནས་ནག་པོ་ཆེན་པོ་ལ། །མ་ཉེས་པ་ཡི་ཚིག་འདི་བརྗོད། །ནག་པོ་ཆེན་པོ་ཉིད་ལ་བསྟབས། །ཞེས་བྱ་བ་ལ། དེ་ནི་ཆག་གང་བའི་གཟུགས་བྱས་ལ། དེའི་དཀྱིལ་དུ་དེའི་སྲོག་སྙིང་བཅུག་ལ། རང་གིས་མ་ ཉེས་པའི་ཚིག་སྐད་དྲག་པོ་བཏོན་ཏེ། ནག་པོ་ཆེན་པོ་ལ་བསྟབས་པར་འབྲེལ་ཏོ། །ཇི་ལྟར་བསྟབས་ཤེ་ན། འདི་ལྟར་བསྟབས་པར་གསུངས་སོ། །དེ་ཡི་སྔགས་དག་བཟླས་པ་ཡིས། །རབ་གསལ་ལྔ་དང་མི་འཆི་ལྔ། །དཔའ་བོ་ལ་སོགས་ཐམས་ཅད་ཀྱིས། ། ཡོངས་སུ་སྦྱར་བ་དེ་ཉིད་གསུམ། །དངོས་པོ་གང་ཉིད་ལ་སོགས་པ། །མཚོན་གྱིས་ཡོངས་སུ་གཏུབ་པར་བྱ། །ཞེས་བྱ་བ་ལ། དེའི་སྔགས་ནི་དྲག་པོ་ཆེན་པོའི་སྔགས་བཟླས་པས། རབ་གསལ་ལྔ་དང་། དཔའ་བོ་ལ་སོགས་པ་ཐམས་ཅད་དད་། དེ་ཉིད་གསུམ་ནི་དུག་ལ་ སོགས་པ་གསུམ་དུ་སྦྱར་ལ། དངོས་པོ་གང་ནི་དགྲ་བོའི་གཟུགས་རལ་གྲིས་ཡོངས་སུ་གཏུབས་ལ་བསྲེག་པར་བྱའོ། །དེ་ནས་མེ་ནི་རབ་སྦར་བས། །སྔགས་དང་ཕྱག་རྒྱ་རབ་ལྡན་པས། །ལུས་ངག་ཡིད་གསུམ་དྲག་པོ་ཡིས། །ལས་ཀྱི་སྦྱོར་བ་ངེས་པར་སྤྱད། །ཅེས་བྱ་ བ་ལ། དྲག་པོའི་ཤིང་ལ་མེ་ལེགས་པར་སྦར་ལ། སྔགས་འོག་མ་དང་ཕྱག་རྒྱ་བཅས་པས། ལུས་ཁྲོ་བོའི་ཆ་ལུགས་སུ་བསྒྱུར་ལ། ངག་སྔགས་དྲག་པོ་ལྡན་པས་སེམས་ཞེ་སྡང་ཆེན་པོར་བསྐྱེད་ལ། དེ་རྣམས་སྲེག་བླུགས་སྟོང་དུ་ཚང་བར་བྱའོ། །སྔགས་ རྣམས་ནི་འོག་མ་འདི་ལས་རིག་པར་བྱའོ། །ཨོཾ་མ་ཧཱ་ཀཱ་ལ་ཡཱ་ཞེས་པ་ནས་སྭཱ་ཧཱ་ཞེས་པའི་བར་དུ་གོ་བར་བྱའོ། །དེ་ནས་སྔགས་པ་ཡོངས་རྟོགས་པས། །ཞེས་པ་ནས། གོང་མའི་སེམས་ཀྱིས་ཡང་དག་སྦྱར། །ཞེས་པའི་བར་དུ་གོ་སླ་བས་མ་བཤད་དོ། །དེ་ལ་བླ་མའི་ མན་ངག་གིས། །ཡང་དག་པར་ནི་དབྱེ་བར་བྱ། །བླ་མ་ཉིད་ལ་ཅི་ནུས་པས། །ཡོངས་སུ་མཆོད་པས་མན་ངག་བྲལ། །ཞེས་བྱ་བ་ལ། དེ་ལ་ཞེས་པ་ནི་གོང་དུ་སྨོས་པའི་སྦྱོར་བ་རྣམས་ལ་སྟེ། སྦྱོར་བ་དེ་རྣམས་ལ་བླ་མའི་མན་ངག་གིས་རིམ་པ་ཇི་ལྟ་བ་བཞིན་དུ་ཐབས་ དང་མན་ངག་རྣམས་ཀྱིས་ཡང་དག་པར་དབྱེ་བའོ། །བླ་མ་ལ་ཇི་ལྟར་བྱས་པས་དབྲལ་སྙམ་པ་ལ་ཅི་ནུས་པས་ཡོངས་སུ་མཆོད་པས་དབྲལ་བར་སྦྱར་རོ། །འདིས་ནི་ངེས་པར་འགྲུབ་པས་ན། །ཡིད་ཆེས་པ་ཡིས་ཡོངས་སུ་འགྲུབ། །ཅེས་པ་ནི། སྦྱོར་བ་གོང་མ་ དེས་ངེས་པར་འགྲུབ་པས་ན་བདག་གིས་ཡིད་ཆེས་པས་ཡོངས་སུ་འགྲུབ་པར་འབྲེལ་ཏོ། །ཡིད་ཆེས་པ་ཞེས་བྱ་བ་ཅིའི་ཕྱིར་སྨོས་ཤེ་ན། ཡིད་མ་ཆེས་པར་སོམ་ཉི་ཟ་བས་མི་འགྲུབ་པར་གསུངས་སོ། །རྡོ་རྗེ་མེ་ལྕེའི་རྒྱུད་ཀྱི་འགྲེལ་པ་དེ་ཁོ་ན་ཉིད་སྣང་བ་ཞེས་བྱ་བ་ལས་ལེའུ་ དགུ་བའི་བཤད་པའོ།། །།ལག་ན་རྡོ་རྗེ་ཞེས་པ་ནས། །ཐབས་འདི་ཡང་དག་བརྩམ་པར་བྱ། །ཞེས་པའི་བར་ནི་གོ་སླ་བས་མ་བཤད་དོ། །དྲག་པོའི་སྒྲ་དང་རབ་ལྡན་པའི། །ཁ་དོག་སེར་བ་སུམ་ཅུའི་གཟུགས། །སྟོབས་དང་ལྡན་ཞིང་རབ་ཏུ་གུས། ། ཟས་སུ་སྦྲང་རྩི་ཟར་བཅུག་ལ། །ཞག་བདུན་བར་དུ་ངེས་པར་བསྙེན། །ཞེས་བྱ་བ་ལ། དྲག་པོའི་སྒྲ་དང་ལྡན་པ་ནི་སྐྱེས་པའོ། །ཅིའི་ཕྱིར་དྲག་པོའི་སྒྲ་དང་ལྡན་ཞེ་ན། །ཡི་གེ་ངེས་པར་སྦྱོར་བ་ཡི། །ཕོ་ཡི་རྟགས་ནི་འཛིན་པས་ན། །དྲག་པོའི་སྒྲ་དང་ལྡན་པའོ། ། སྐྱེས་པ་ལོ་སུམ་ཅུ་ལོན་པ་ལ་ཁ་དོག་སེར་པོ་སྟོབས་དང་ཉམས་རྩལ་ཆེ་བ། རབ་ཏུ་གུས་པར་ལྡན་པ་ལས། །ཟས་རྣམས་ལ་སྦྲང་རྩི་བསྲེས་ཏེ། ཟས་བྱིན་ཞིང་ཞག་བདུན་གྱི་བར་དུ་རྣམ་ཐོས་སྲས་ཀྱི་སྔགས་ཀྱིས་བསྔགས་ལ། སྤྱི་བོར་མེ་ཏོག་བོར་བར་བྱས་ལ་བསྙེན་པར་ བྱའོ། །གོས་དག་ལྗང་གུ་བསྐོན་བྱས་ལ། །ཞེས་པ་ནས། སྙིང་པོ་ཉིད་ཀྱང་གདོན་བྱ་ཞིང་། །ཞེས་པའི་བར་དུ་ནི་གོ་སླའོ། །དེ་ཐོབ་བྱང་ཕྱོགས་ཁྲོ་བོ་ཡི། །སྔགས་བཟླས་པ་ཡིས་ཕྱིར་མི་བལྟ། །ཞེས་བྱ་བ་ནི། དེ་ཞེས་པ་ནི་ས་ལ་བྱ་སྟེ། ས་དེ་ཐོབ་པ་ དང་། བྱང་ཕྱོགས་ན་གནས་པའི་ཁྲོ་བོ་བདུད་རྩི་ཐབ་སྦྱོར་གྱི་སྔགས་བཟླས་ཤིང་ཕྱི་མིག་མི་ལྟར་འོང་བའོ། །སྔགས་མ་བཟླས་ན་སྐྱོན་ཅི་ཡོད་ཅེ་ན། གནོད་སྦྱིན་གྱིས་གནོད་པར་བྱེད་པའི་ཕྱིར་རོ། །དེ་ནས་སྔགས་པ་བློ་ལྡན་པས། །ཞེས་པ་ནས། ཡོངས་སུ་གཏང་བར་ བྱ་བ་ཡིན། །ཞེས་པའི་བར་དུ་ནི་གོ་སླ་བའོ། །སྒྲ་སྐད་ཆེན་པོའི་རུས་པ་ལས། །ཕྲེང་བ་བྱས་པས་དྲག་པོའི་རིགས། །དེ་ཉིད་ལ་ནི་བཟུང་བ་ཡིས། །རྩ་བའི་སྔགས་སོགས་འབར་བ་བཟླ། །ཞེས་བྱ་བ་ལ། སྒྲ་སྐད་ཆེན་པོ་ནི་བོང་བུ་སྟེ། དེའི་རུས་པ་ལས་ཕྲེང་བ་བྱས་ལ། སོར་མོ་དྲག་པོའི་རིགས་ལ་བཟུང་བས་ལག་ན་རྡོ་རྗེའི་རྩ་བའི་སྔགས་དང་། རྣམ་པར་རྒྱལ་བ་ལ་སོགས་པའི་སྔགས་རྣམས་ཚད་དུ་ཕྱིན་པར་བཟླས་པར་འབྲེལ་ཏོ། །དེ་དག་གོང་དུ་ཐིམ་འགྱུར་བས། །ལུས་ངན་སྲས་པོའི་སྔགས་བཟླས་པས། །དེ་ཡང་གོང་མའི་ ཚད་ཉིད་དུ། །ཕྱིན་པས་ཡོངས་སུ་བཟླས་པར་བྱ། །ཞེས་བྱ་བ་ལ། དེ་དག་ཅེས་པ་ནི་རྩ་བའི་སྔགས་ལ་སོགས་པ་ལ་བྱ་སྟེ། དེ་དག་གོང་དུ་ཐིམ་པ་ལས། །ཕྱི་ནས་རྣམ་ཐོས་སྲས་ཀྱི་སྔགས་གོང་མའི་ཚད་དུ་ཕྱིན་པར་བཟླས་པར་སྦྱར་རོ། །ཡིད་ཆེན་ཕུར་བུ་སོར་ བཅུ་པ། །ཞེས་པ་ནས། སྔགས་ཆུ་ཡིས་ནི་ཁྲུས་བྱས་ཏེ། ཞེས་བྱ་བའི་བར་དུ་ནི་བཤད་དུ་མེད་པའི་ཕྱིར་མ་བཤད་དོ། །ལུས་ངག་ཡིད་གསུམ་དྲག་པོ་ཡིས། །དངོས་པོ་ཡོངས་སུ་བཅིང་བྱས་ལ། །ཁྲུ་གང་བརྐོས་པའི་ནང་དུ་གཞུག། །ཕུར་བུས་སྟེང་དུ་གཟིར་ བྱས་ལ། །ཕཊ་ཀྱི་སྔགས་ཀྱིས་ཡང་དག་མནན། །ཞེས་བྱ་བ་ལ། ལུས་ཁྲོ་བོའི་གཟུགས་སུ་བསྒྱུར་ལ། ངག་དྲག་ཅིང་གཏུམ་པ་དང་། ཡིད་ཞེ་སྡང་ཆེན་པོར་ཡང་དག་པར་བསྐྱེད་ལ། དངོས་པོ་ནི་བྲིས་སྐུ་དེའི་གཟུགས་བྱས་ཏེ། དེ་ཡང་དག་པར་སྐུད་པས་ བཅིངས་ལ། དང་པོའི་ཁུང་བུ་ཁྲུ་གང་བ་རུ་བཅུག་ལ། མི་རུས་ཀྱི་ཕུར་བུས་སྟེང་དུ་བཙུགས་ལ། ཕཊ་ཉི་ཤུ་རྩ་བཞི་བཟླས་པས་མནན་པར་འབྲེལ་ཏོ། །དེས་ནི་ཞེས་པ་ནས། ཕྱི་ནས་མི་འཇུག་པ་ཡང་ཡིན། །ཞེས་པའི་བར་དུ་ནི་གོ་སླའོ། །གོང་དུ་སྨོས་པའི་ སྔགས་རྣམས་ནི་རིམ་པ་ཇི་ལྟ་བུ་བཞིན་དུ། ཨོཾ་བཻ་ཤྲ་བ་ཎ་ཡེ་ཞེས་པ་ནས་ཧཱུཾ་ཞེས་པའི་བར་གྱིས་ཤེས་པར་བྱའོ། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང་། །བདག་ལ་སོགས་པ་ཕན་གནོད་གཉིས། །ཡོངས་སུ་སྦྱར་བ་ཡང་དག་བཤད། །དེ་གཉིས་ལུས་ངན་སྲས་ པོ་ལས། །གང་བསྟབས་ངེས་པར་དེ་ཉིད་འཇིག །ཅེས་བྱ་བ་ལ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་བདག་ལ་སོགས་པ་རྣམས་ལ་གནོད་པ་དང་། ཕན་པར་གྱུར་པའི་སྒྲུབ་པ་ཡང་དག་པར་བཤད་པར་བྱ་བར་གསུངས་ཏེ། དེ་ཡང་ལུས་ངན་སྲས་པོ་ལ་ ཡོངས་སུ་བསྟབས་པས་ངེས་པར་འཇིག་སྟེ། སྒྲའི་སྦྱོར་བས་བསྟབས་པ་དང་། །འཇིག་པ་དང་ནི་དོན་གཉིས་ལ་འཇུག་གོ། །དེ་ཡང་ཇི་ལྟ་བུ་ཞེ་ན། ལུས་ངན་སྲས་པོ་ལ་གནོད་པར་བྱེད་པ་བསྟབས་པས་དེའི་ལུས་འཇིག་པར་འགྱུར་བའོ། །ལུས་ངན་སྲས་པོ་ལ་བདག་གིས་ བསྟབས་པས་འཇིག་པར་སྦྱར་རོ། །དེ་ཡི་སྦྱོར་བ་བྱ་བའི་ཕྱིར། །ལུས་ངན་སྲས་པོའི་སྒྲུབ་པ་བཤད། །དང་པོ་དེ་ཡི་གཟུགས་བྱ་བ། །རམས་དང་ཡུང་བ་རབ་སྦྱར་བས། །བ་དན་ནེའུ་ལེའི་རྐྱལ་པ་དང་། །སྐུ་གདུང་གཡས་ཕྱོགས་གཞག་བྱས་ལ། །གོང་མ་ལྟ་བུའི་གཟུགས་ སུ་བྲི། །ཞེས་པ་ནི་གོ་སླའོ། །གཡས་གཡོན་གཉིས་སུ་དེ་ཉིད་ཀྱི། །ཡི་གེ་གཉིས་པོ་བྲིས་བྱས་ལ། དེ་མཐར་དྲག་པོའི་སྙིང་པོ་བྲི། །ཞེས་བྱ་བ་ནི། གཟུགས་ཀྱི་གཡས་གཡོན་དུའོ། །དང་པོར་འབྱུང་བ་དང་བསྡུས་པའི་གཙོ་བོས་བྱས་ནས་དེའི་མཐར་ དྲག་པོའི་སྙིང་པོ་བྲི་བར་བྱའོ། །གསུམ་སྦྱར་དངོས་པོ་འགུགས་བྱེད་པ། །ཚིག་གིས་གསུམ་དུ་ངེས་པ་ལས། །དར་དག་དམར་པོ་ཁ་ཚོན་གང་། །མེ་ཏོག་ཕྲེང་བས་ཡོངས་སུ་བརྒྱན། །ཞེས་བྱ་བ་ལ། གསུམ་སྦྱར་བ་ལས་དངོས་པོ་མི་ལ་སོགས་པ་འགུགས་པར་བྱེད་ པའི་ཚིག་གསུམ་པ་ལ་དར་དམར་པོ་ཁ་ཚོན་གང་བཏགས་ལ། མེ་ཏོག་གི་ཕྲེང་བས་བརྒྱན་པར་བྱས་ལ་ཕྱི་ནས་འདི་སྐད་ཡོངས་སུ་གསུངས་པའོ། །དྲི་ཡི་ཕྱེ་མ་སྣ་ཚོགས་དང་། །རིན་ཆེན་སྣ་ལྔའི་ཕྱེ་མ་ཡིས། །ཕུར་མ་བྱས་པ་གདགས་པར་བྱ། །ཞེས་པ་ནི་གོ་སླའོ། །སྲོག་གི་སྙིང་པོ་ བྲིས་བྱས་ལ། །དེ་ཡི་མིང་རུས་ཁྲག་གིས་བྲི། །འབྲུ་དག་དཀར་པོའི་སྟེང་བཙུགས་ལ། །དེ་ཉིད་ལ་ནི་ཆགས་པར་འགྱུར། །ཞེས་བྱ་བ་ལ། ལུས་ངན་སྲས་པོའི་སྲོག་སྙིང་བླ་མའི་མན་ངག་གིས་འོ་མས་བྲིས་ལ། དེའི་འོག་ཏུ་དགྲ་བོའི་མིང་རུས་རའི་ཁྲག་གིས་བྲིས་ལ། འབྲས་དཀར་ པོའི་སྟེང་དུ་བཙུགས་པས་དེ་ལ་ལུས་ངན་སྲས་པོ་འཆགས་པར་འགྱུར་རོ། །དཀྱིལ་འཁོར་ཁྲུ་གང་ཞེས་པ་ནས། །ཡོངས་སུ་ཤེས་པར་བྱ་བ་ཡིན། །ཞེས་པའི་བར་དུ་ནི་གོ་སླ་བས་འདིར་མ་བཤད་དོ། །སྔགས་ནི་བླ་མའི་ངག་ལས་ཤེས་པར་བྱའོ། །ལྷག་མ་ནི་གོ་སླའོ། །རྡོ་རྗེ་མེ་ལྕེའི་རྒྱུད་ཀྱི་ འགྲེལ་པ་དེ་ཁོ་ན་ཉིད་སྣང་བ་ཞེས་བྱ་བ་ལས་ལེའུ་བཅུ་པའི་བཤད་པའོ།། །།ལག་ན་རྡོ་རྗེ་གོས་སྔོན་གྱིས། །ཞེས་པ་ནས། ཡང་དག་པར་ནི་བསྒྲུབ་པར་བྱ། །ཞེས་པའི་བར་དུ་གོ་སླའོ། །དུར་ཁྲོད་ལ་སོགས་གང་ཡིན་པར། །རི་མོ་མཁན་ནི་རིམ་པ་བཞིན། །ཡང་དག་པར་ནི་དབང་བསྐུར་ བྱ། །ཐ་ག་མ་ཡང་བསྙེན་བྱས་ལ། །དྲི་ཞིམ་པ་ཡིས་ཡོངས་སུ་བྱུག །ཅེས་བྱ་བ་ལ། དུར་ཁྲོད་དང་ཤིང་གཅིག་ལ་སོགས་པའི་གནས་སུ། རི་མོ་མཁན་དང་ཐ་ག་མ་གཉིས་ཀ་དབང་བསྐུར་ལ། །ཐ་ག་མའི་སྣལ་མ་ལ་དྲི་ཞིམ་པོ་གུར་གུམ་ལ་སོགས་པས་ཡོངས་སུ་བྱུག་པར་བྱའོ། །སྟེང་འོག་གཉིས་ དང་མཐའ་གཉིས་གསུམ། །མཉམ་པར་བཞག་པས་ཡང་དག་བརྟག །ཅེས་པ་ནི་གོ་སླ་སྟེ། ཐ་ག་པས་ཡང་དག་པར་བྱ་བའི་ལས་སོ། །དམར་པོ་ལྔ་ཡིས་རབ་བྱུགས་ལ། །ས་བོན་ཡང་དག་ལྡན་པ་དང་། །དྲི་ཞིམ་པ་ནི་སྣ་ཚོགས་པས། །ཡང་དག་པར་ནི་བྱུག་བར་བྱ། །ཞེས་བྱ་བ་ལ། དམར་པོ་ལྔ་ནི་རབ་གསལ་ལྔའི་ཁུ་བ་ལ་བྱ་སྟེ། དེ་དང་ས་བོན་ནི་ཡིད་ཆེས་སྐྱེད་པའི་ས་བོན་ལ་བྱ་སྟེ། ས་བོན་དང་ག་བུར་ལ་སོགས་པའི་དྲི་ཞིམ་པ་སྣ་ཚོགས་པས་རས་ལ་བྱུག་པར་སྦྱར་རོ། །ཚོན་རྩི་རྣམ་པ་སྣ་ཚོགས་ལ། །ཡིད་ཆེན་རྣམས་ཀྱི་ཚོན་རྩི་རྣམས། །མཉམ་པར་སྦྱར་བས་བྲི་བར་བྱ། །ཞེས་པ་ ནི། རམས་ལ་སོགས་པའི་ཚོན་ཐམས་ཅད་ལ་མི་འཆི་བ་རྣམ་པ་ལྔ་ཡིས་སྦྱར་ལ་བྲི་བར་བྱའོ། །སྣོད་དག་ཐོད་པ་ཉིད་ལ་ནི། །པིར་ནི་ཞིང་གི་སྐྲ་ཡིས་བྱ། །དུར་ཁྲོད་ལ་སོགས་ཁང་སྟོང་ངམ། །གནས་དབེན་པར་ནི་ཡོངས་སུ་བྲི། །ཞེས་པ་ནི། ཚོན་རྣམས་ཀྱི་སྣོད་ནི་ཐོད་པའི་དུམ་བུ་ལས་ བྱས་ལ། པིར་ནི་ཞིང་ཆེན་གྱི་སྐྲ་ལས་བྱ་སྟེ། ཁང་སྟོང་ལ་སོགས་པ་གནས་དབེན་པར་བྱའོ། །ལས་མཁན་སྔོན་པོའི་གོས་བགོས་ཏེ། །ཁྲག་གིས་གདོང་ཡང་བྱུགས་བྱས་ལ། །སྔགས་འདི་དག་ནི་རྟག་ཏུ་བཟླས། །ཞེས་བྱ་བ་ལ། ལས་མཁན་ནི་རི་མོ་མཁན་ཏེ། དེའི་གོས་སྔོན་པོ་བགོས་ཏེ། མི་ཁྲག་གིས་གདོང་བྱུགས་ཏེ། སྔགས་འོག་མ་བཟླ་ཞིང་བྲི་བར་གསུངས་སོ། །སྔགས་ནི་ཨོཾ་ཙཎྜ་ཞེས་པ་ལ་སོགས་པའོ། །གཏོར་མ་དྲག་པོ་གང་ཡིན་པ། །བྲི་བའི་དུས་སུ་གཞག་བྱས་ལ། །ཟིན་ནས་གཏོར་མ་གཏང་བར་བྱ། །ཞེས་བྱ་བ་ལ། དྲག་པོའི་གཏོར་མ་ནི་རམས་དང་ཤ་སྣ་ཚོགས་པ་དང་། ཁྲག་སྣ་ཚོགས་ལ་སོགས་པའི་གཏོར་མ་དང་པོ་བྲི་དུས་སུ་བཞག་ལ་བྲིས་པའི་འཕྲོ་བཅད་པ་དང་དེ་གཏང་བར་འབྲེལ་ཏོ། །དང་པོར་ཚོན་རྩི་ཐམས་ཅད་ལ། །རིན་ཆེན་སྣ་ལྔར་བྱིན་གྱིས་བརླབས། །རྡོ་རྗེ་རྩེ་གཅིག་ཕྱག་རྒྱ་ཡིས། །ཡང་དག་པ་རུ་བྲི་བྱ་སྟེ། །སྐྱེད་བྱེད་དང་ནི་ཡོན་བདག་གིས། ། བསམས་ལ་ཡོངས་སུ་བྲི་བར་བྱ། །དང་པོ་ཚོན་རྩི་དཀར་པོ་ལ་སོགས་པ་ཐམས་ཅད་ལ་མུ་ཏིག་ལ་སོགས་པ་ལྔར་སྔགས་དང་ཕྱག་རྒྱས་བྱིན་གྱིས་བརླབ་པ་དང་། རྡོ་རྗེ་རྩེ་གཅིག་པ་ནི་མཐེ་བོང་དང་གུང་མོའི་བར་དུ་བཅུག་ལ་མཛུབ་མོ་ངེས་པར་བརྐྱང་བས་བྲི་བར་བྱའོ། །སྐྱེད་བྱེད་ཅེས་པ་ནི་ མེ་ལ་བྱ་སྟེ། དེ་ཡང་སྐུ་ཉིད་འདྲི་ཙམ་ན། །ཕྱག་རྒྱ་ཆེན་མོའི་ཡུམ་དུ་བྱིན་གྱིས་བརླབས་ལ་དེ་ལས་སྐྱེད་པར་བསམ་སྟེ་བྲིའོ། །དེ་ནས་རྒྱན་འདོགས་པའི་དུས་སུ་ནི་བདག་ཡོན་གྱི་བདག་པོས་རྒྱན་འབུལ་བར་བསམས་ལ་བྲི་བ་ཉིད་དོ། །དཀྱིལ་དུ་པདྨ་བཅུ་ དྲུག་པ། །ཞེས་པ་ནས། སྦྱོར་བ་ལེགས་པར་བརྩམ་པར་བྱའོ། །ཞེས་བྱ་བའི་བར་དུ་གོ་སླ་བས་འདིར་མ་བཤད་དོ། །གླེགས་བམ་ངེས་པར་བྲི་བར་བྱ། །ཞེས་པ་ནས། མཉེན་པར་བྱས་པ་ཡོངས་སུ་བསྡམས། །ཞེས་པའི་བར་ནི་གོ་སླའོ། །དེ་ནས་ལག་གཡོན་སྟོད་ཀྱི་བར། །དེ་ཉིད་ དག་ཏུ་ཡོངས་སུ་སྦ། །ཞེས་བྱ་བ་ནི། ལག་པ་གཡོན་པའི་སྟོད་ཀྱི་བར་གང་ཡིན་པར་གླེགས་བམ་སྦ་བར་གསུངས་སོ། །སངས་རྒྱས་ལྔ་ཡི་བདག་པོ་མཆོད། །ངེས་པར་རྡོ་རྗེ་རྣོན་པོ་ཉིད། །སྡང་བ་ཐམས་ཅད་འདུལ་བྱེད་ཅིང་། །དངོས་སུ་དཔའ་བོ་རབ་འབར་བ། །ཞེས་པ་ནི། དཔལ་རྡོ་རྗེ་ འཛིན་པ་ཉིད་ཡིན་པའི་ཕྱིར། །སངས་རྒྱས་ལྔ་ཡང་དེའི་ངོ་བོ་ལས་མི་འདའོ། །གསུང་གིས་འདུལ་བའི་བར་དུ་ངེས་པར་བརླག་ཅིང་འཆད་པས་ན་རྡོ་རྗེ་རྣོན་པོ་ཉིད་དོ། །དེ་སྐུ་གསུང་ཐུགས་ཀྱི་བྱིན་གྱི་རླབས་ཀྱིས་གདུག་པ་ཐམས་ཅད་འདུལ་བར་བྱེད་པའོ། །དངོས་སུ་ན་མིག་གི་སྣང་བར་མེའི་ཕུང་པོར་ མཐོང་བའི་ཕྱིར་རབ་ཏུ་འབར་བའོ། །ཆེན་པོ་ཡི་ནི་ཆེན་པོ་ཉིད། །ཀུན་ལ་མཁའ་འགྲོ་ཆེན་པོ་སྟེ། །སྐུ་ཆེན་རབ་དྲག་འཇིགས་གཟུགས་ཅན། །མཁའ་ལྟར་མཉམ་ལ་ཕྱག་འཚལ་བསྟོད། །ཅེས་བྱ་བ་ལ། འཇིག་རྟེན་པ་རྣམས་ཀྱི་ཆེན་པོ་ནི་དབང་ཕྱུག་ཆེན་པོ་ལ་སོགས་པ་སྟེ། དེའི་ཡང་ ཆེན་པོ་ཡིན་པའི་ཕྱིར་ཆེན་པོའི་ཆེན་པོའོ། །ཀུན་ནི་སེམས་ཅན་ཐམས་ཅད་ལ་ཐུགས་ཀྱིས་ནམ་མཁའ་ལས་འགྲོ་བའི་དོན་མཛད་ཅིང་གཤེགས་པས་ན་ཀུན་ལ་མཁའ་འགྲོའོ། །སྐུ་ཆེན་རབ་དྲག་ནི་སྐུ་ཤིན་ཏུ་ཆེ་བ་ལ་རབ་ཏུ་དྲག་པའི་གཟུགས་འཇིགས་པ་དང་བཅས་པས་ན། རབ་དྲག་འཇིགས་གཟུགས་ཅན་ནོ། །མཁའ་ལྟར་མཉམ་པ་ནི་ཐུགས་ཀྱི་ཡེ་ཤེས་ལ་བྱ་སྟེ། སྐུའི་སྤྲུལ་པ་ནི་སྣ་ཚོགས་པར་འགྱེད། གསུང་གི་སྒྲ་ནི་སྣ་ཚོགས་པར་སྒྲོགས་ཀྱང་ཐུགས་ཀྱི་ཡེ་ཤེས་མཁའ་དང་འདྲ་བ་ཀུན་ལ་མཉམ་པར་བཞུགས་པའོ། །དེ་ལ་བདག་རི་མོ་མཁན་ ལ་སོགས་པས་ཕྱག་འཚལ་ཞིང་བསྟོད་པར་བྱའོ། །ལས་ལ་འཇུག་པ་སྣང་བ་ཉིད། །ཀུན་བཏུད་པས་ནི་དེ་བརྗོད་བྱ། །ཞེས་པས་ནི། རི་མོ་མཁན་དང་འདྲི་མཁན་གྱིས་ལས་ལ་འཇུག་པས་ན། སྐུ་གཟུགས་སམ་པུ་སྟི་སྣང་བ་མཐོང་བ་ནི། ཀུན་ནི་ཡང་དག་ ཀུན་བཏུས་པས། །གོང་མའི་བསྟོད་པ་བརྗོད་པར་བྱ་ཞིང་ཕྱག་འཚལ་བར་འབྲེལ་ཏོ། །རྡོ་རྗེ་མེ་ལྕེའི་རྒྱུད་ཀྱི་འགྲེལ་པ་དེ་ཁོ་ན་ཉིད་སྣང་བ་ཞེས་བྱ་བ་ལས་ལེའུ་བཅུ་གཅིག་པའི་བཤད་པའོ།། །།ལག་ན་རྡོ་རྗེ་གོས་སྔོན་གྱིས། །བཅོམ་ལྡན་མགོན་ ལ་འདི་སྐད་གསོལ། །གང་ཞིག་རྒྱུད་འདི་ལ་སྦྱོར་བས། །ཐབས་ཀྱི་ཡན་ལག་སྣ་ཚོགས་པ། །ཡང་དག་རྒྱས་པར་བཤད་དུ་གསོལ། །ཞེས་བྱ་བ་ལ། ལག་ན་རྡོ་རྗེ་གོས་སྔོན་པོ་དང་ལྡན་པ་དེས་བདག་དང་སེམས་ཅན་ཐམས་ཅད་ཀྱི་མགོན་པོ་བཅོམ་ལྡན་ འདས་ལ་གང་ཞིག་རྒྱུད་འདི་ལ་སྦྱོར་བ་ན། ཀུན་རྫོབ་ཏུ་འཇུག་པའི་ཐབས་སྣ་ཚོགས་པ་རྣམས་ཡང་དག་པར་མ་ནོར་བ་བདེན་པ་ཉིད་རྒྱས་པའམ་གསལ་བར་བཤད་དུ་གསོལ་ཞེས་ཞུས་པར་སྦྱར་རོ། །བདེ་གཤེགས་མཆོག་གིས་བཀའ་སྩལ་པ། །དད་པའི་རང་ བཞིན་ཅན་གྱི་མིས། །འདི་ཉིད་ལ་ནི་མངོན་པར་བསྒྲུབ། །ཅེས་བྱ་བ་ལ། བདེ་བར་གཤེགས་པ་ཐམས་ཅད་ཀྱི་མཆོག་གིས་རྒྱས་པར་བཤད་པར་གནང་བ་བྱིན་པ་དང་དད་པ་དང་ལྡན་པའི་རང་བཞིན་ཅན་ངེས་པར་ཡིད་ཆེས་པས་འོག་ནས་གསུངས་པའི་ཐབས་འདི་ལ་མངོན་ པར་བསྒྲུབ་པར་གསུངས་སོ། །ཀླུ་གདུག་འབར་བས་ཟིན་པས་ནི། །ཞེས་བྱ་བ་ནས། གནོད་སྦྱིན་གདོན་དུ་ཡིན་པར་བཤད། །ཅེས་པའི་ཚིག་ཐ་མའི་བར་དུ་ནི་ན་བའི་རྟགས་བསྟན་པ་དང་། མཚན་མོའི་རྨི་ལམ་བསྟན་པ་དང་། སྔགས་ཀྱི་སྦྱོར་བས་གནོད་པའི་ རྟགས་བསྟན་པར་ཤེས་པར་བྱའོ། །དེ་ཡང་གོ་སླ་བའི་ཕྱིར་མ་བཤད་དོ། །ཆོམ་པོ་དང་ནི་ཕྲད་པ་དང་། །སྦྱོར་བ་འདི་ཡིས་ཡང་དག་སྦྱར། །དུར་ཁྲོད་མི་མང་བསྲེགས་པ་ཡི། །སྣ་ཚོགས་ཐལ་བ་བླང་བྱས་ལ། །ཞེས་བྱ་བ་ལ། དུར་ཁྲོད་ཀྱིས་གང་དུ་མི་མང་པོ་ བསྲེགས་པའི་ཐལ་བ་ནི་སྣ་ཚོགས་པའི་ཐལ་བའོ། །ཅིའི་ཕྱིར་སྣ་ཚོགས་པ་ཞེ་ན། སྣ་ཚོགས་པ་ནི་དུ་མ་ལ་བྱ་སྟེ། རིགས་རྣམ་པ་བཞི་དང་། གླང་པོ་ཆེན་པོ་ལ་སོགས་པའི་ཐལ་བ་ཡིན་པའི་ཕྱིར་སྣ་ཚོགས་ཐལ་བའོ། །དེ་བདག་གིས་ལག་ན་རྡོ་རྗེའི་ སྔགས་བཟླས་ཤིང་གཟའ་ཕུར་བུའི་ཉི་མ་ལ་བླངས་ལ་སྦྱོར་བར་འབྲེལ་ཏོ། །ཆང་དང་ངེས་པར་སྦྲུས་བྱས་ཏེ། །སྦྲུལ་གྱི་པགས་པར་གཏུམས་བྱས་ནས། །ཏིལ་གྱི་གང་བུའི་འབྲས་བུ་ལ། །འབུམ་དུ་ཡང་དག་བཟླས་བྱས་ཏེ། བདག་ཉིད་གོས་ལ་ཡོངས་སུ་གཏུམས། །ཞེས་ པ་ལ། ས་དེ་དང་ཆང་གཉིས་སྦྲུས་ལ། སྦྲུལ་གྱི་པགས་པར་གཏུམས་ཏེ། ལག་ན་རྡོ་རྗེ་རྩ་བའི་སྔགས་འབུམ་དུ་ཐེམ་པར་བྱ་སྟེ། དེ་ཡང་ཏིལ་གྱི་འབྲས་བུ་བརྒྱ་ལ་སྔགས་རེ་རེ་དང་སྦྱར་ལ། དེའི་མཐར་སྦྱོར་བའི་ལས་ཀྱི་སྔགས་བཏགས་ཏེ། ལུས་ངག་ཡིད་གསུམ་དྲག་ པོ་དང་། རྨུགས་པ་དངས་པར་བསམས་པས་བསྣུན་པར་འབྲེལ་ཏོ། །དེ་ནས་ཐེམ་པ་དང་། བདག་ཉིད་ཀྱི་གོས་འོག་མ་ལ་ཡང་དག་པར་གཏུམས་ལ་གར་འགྲོ་བའི་ཕྱོགས་སུ་བཀྱེར་བར་འབྲེལ་ཏོ། །དེ་ནས་དེ་དང་ཕྲད་པ་ན། །དྲག་པོའི་ལས་ནི་སྦྱོར་བ་ཡིས། །དེ་ཉིད་ལ་ ནི་ཕོག་པར་གཏོར། །དེ་ཡིས་དེ་ལ་གཏོར་བ་ཡིས། །དེ་ནི་རེངས་དང་རྨོངས་པར་འགྱུར། །ཞེས་བྱ་བ་ལ། དེ་ནས་དེ་དང་ནི་ཆོམ་པོ་ལ་བྱ་སྟེ། དེ་དང་ཆོམ་པོ་དང་ཕྲད་པ་ན། བདག་གིས་ཞེ་སྡང་དྲག་པོ་བསྐྱེད་ལ། ལུས་རྩ་རྒྱུས་བསྒྲིམས་པས་མིག་བཟློག་སྟེ། སྔགས་ དྲག་པོ་བཟླས་པས་ལན་བདུན་གྱི་བར་དུ་ལུས་ལ་ཕོག་པར་གཏོར་བར་འབྲེལ་ཏོ། །དེ་གཏོར་བས་ཆོམ་པོ་དེ་རེངས་པར་འགྱུར་བ་དང་། རྨོངས་པར་འགྱུར་བ་ནི་ངེས་པའོ། །སྦྱོར་བ་ལས་ཀྱི་སྔགས་ཀྱིས་ནི། །ཨོཾ་མ་ནུ་ཞེས་བྱ་བ་ལ་སོགས་པས་དྲག་པོ་ལ་སྐད་ཆེན་གྱི་ཕྲེང་ བས་སོ། །སྒྱུ་མ་དབང་དུ་བསྡུ་བྱས་ནས། །སྦྱོར་བ་འདི་ནི་བརྩམ་པར་བྱ། །ཞེས་པ་ནི། བྲམ་ཟེ་མོ་ལ་སོགས་པ་ཆོ་གའི་ཕྱིར་འགུགས་པར་བྱེད་ན་འོག་ནས་འབྱུང་བའི་སྦྱོར་བ་རྣམས་སྤྱད་པར་བྱའོ། །ངོ་འཇམ་རྡུལ་དང་ཟླ་བ་དང་། །བགེགས་ཀྱི་གཉེན་པོའི་ཁུ་བ་དང་། ། སྒོ་ཆེན་ལས་ཀྱི་ཁུ་བས་སུ། །བྱེད་པ་གཉིས་ཀའི་བར་སྦྲུས་ལ། །དེ་དང་མཐུན་པ་ཉིད་ལ་ནི། །ཡོངས་སུ་བསྐུས་ནས་སྦྱིན་པར་བྱ། །ཞེས་བྱ་བ་ལ། ངོ་འཇམ་ནི་ཤའི་མེ་ལོང་ལ་བྱ་སྟེ། ཤའི་མེ་ལོང་ནི་རྔུལ་དྲིའི་བཞུན་པ་དང་། ཟླ་བ་ནི་བདག་གི་ཟླ་བ་དང་། བགེགས་ ཀྱི་གཉེན་པོ་ནི་ཉུངས་ཀར་ལ་བྱ་སྟེ། དེ་དང་སྒོ་ཆེན་ལས་ཀྱི་ཁུ་བ་ནི་གང་དུ་རྒྱུན་ལུགས་ཀྱི་སྦྱོར་བ་མང་པོ་ལ་སྒོ་ཆེན་ཞེས་ཟེར་ཏེ། དབྱིབས་ཆེ་བ་ནི་མི་ཡིན་ཏེ། དཔེར་ན་ཡོན་ཏན་དུ་མ་དང་ལྡན་པའི་མི་ལ་མི་ཆེན་པོ་ཞེས་ཟེར་བ་དང་འདྲ་བ་སྟེ། དེ་བས་ན་དེའི་ཁུ་བ་དང་ངོ་། ། བྱེད་པ་གཉིས་ཀ་ནི་ལག་པ་གཉིས་ལ་བྱ་སྟེ། ལག་པ་གཉིས་ཀྱི་བར་དུ་སྦྲུས་ལ། དེ་ལ་མཐུན་པའི་དངོས་པོ་གང་ལ་བསྐུས་པས་བུ་མོ་ལ་སྦྱིན་པར་བྱའོ། །དེ་ཡང་དང་པོར་རང་གི་རྟགས་ལ་ཞག་གསུམ་བར་དུ་བཅིངས་པས་སོ། །དེ་ནས་ངེས་པའི་དུས་བཏབ་ལ། ། ཁ་སྦྱོར་བ་ནི་ཡང་དག་བསྔགས། །ཞེས་པ་ནི། བདག་གིས་ཡིད་ལ་བྱའོ། །ངེས་པའི་དུས་ས་ཕྱོགས་དབེན་པར་བཏབ་ལ། དེར་བྱུང་བ་ན་བདག་གིས་ཆོ་གའི་མཆོག་ཁ་སྦྱར་བས་སྔགས་པའོ། །སྔགས་ནི་ཨོཾ་ན་མོ་ཀ་ཞེས་པ་ནས་སྭཱ་ཧཱ། ཞེས་པའི་བར་དུ་གོ་བར་ བྱའོ། །ལྷག་མ་ནི་གོ་སླའོ། །ནོར་དག་སྒྲུབ་པར་འདོད་པ་ན། །ནོར་འཛིན་ལྷ་མོ་ཡོངས་སུ་བྲི། །ཞེས་པ་ནི། རྣལ་འབྱོར་པས་སྦྱིན་པ་ལ་སོགས་པ་གཏང་བའི་ཕྱིར། ནོར་སྒྲུབ་པར་འདོད་ན། ནོར་འཛིན་གྱི་ལྷ་མོའི་གཟུགས་བྲི་བར་བྱའོ། །དེ་ཡང་ཇི་ལྟ་བུར་བྲི་ བར་བྱ་ཞེ་ན། འདི་སྐད་གསུངས་ཏེ། ཁ་དོག་སེར་བ་ཉིད་ལ་ནི། །ཕྱག་བཞི་པར་ནི་ཡང་དག་བྲི། །ཞལ་གཅིག་ནུ་མ་འབུར་བ་ལ། །གཡས་ཀྱི་དང་པོས་པུ་སྟི་འཛིན། །གཉིས་པས་འབྲས་ཀྱི་སྙེ་མ་འཛིན། །གཡོན་གྱི་དང་པོ་ཉིད་ན་ནི། །རིན་ཆེན་འབར་བ་ཡང་དག་བསྣམས། ། གཉིས་པས་ནེའུ་ལེའི་རྐྱལ་པ་བསྣམས། །ཞེས་བྱ་བ་ལ། དེ་ཇི་ལྟ་བ་བཞིན་དུའོ། །དེ་ལ་རྒྱན་ཆ་ལྔ་དང་སྨད་གཡོགས་ལ་སོགས་པས་ཡང་དག་པར་བརྒྱན་ཏེ། པདྨ་དམར་པོའི་སྟེང་ན་བཞུགས་པ་བྲི་བར་བྱའོ། །དེ་ལྟ་བུ་ཡི་གཟུགས་བྱས་ལ། །སྣ་ཚོགས་དྲི་ཡིས་ཡང་དག་མཆོད། ། མཆོད་པ་རྣམ་པ་ལྔ་དག་དང་། །ན་བཟའ་དང་ལ་སོགས་པ་ནི། །ཡང་དག་པ་རུ་མཆོད་པར་བྱ། །ཞེས་པ་ནི། གོང་མ་ལྟ་བུའི་གཟུགས་བྱས་ལ་དྲི་སྣ་ཚོགས་པའི་ཐིག་ལེ་བསྐུ་བ་དང་། མཆོད་པ་རྣམ་པ་ལྔ་ཉིན་མཚན་དུས་དྲུག་ཏུ་དབུལ་བ་དང་། དཀྱིལ་འཁོར་ ཡང་ལེགས་པར་ཕུབ་པས་བསྒྲུབ་པའོ། །ཞག་གྲངས་བརྒྱ་རྩ་བརྒྱད་བར་དུ། །ཡོངས་སུ་བསྙེན་པས་སྔགས་བཟླས་བྱ། །ཞེས་པ་ནི། ཆོ་ག་དེ་ལྟ་བུས་ཞག་བརྒྱ་རྩ་བརྒྱད་དུ་སྔགས་འདི་བཟླས་པར་གསུངས་སོ། །ཨོཾ་བ་སུ་དྷ་ར་ཡེ་ཧཱུཾ། དེ་ནས་འགྲུབ་པར་འགྱུར་བའི་རྟགས། ། དེ་ཉིད་གཡོ་བར་འགྱུར་བ་ཡིན། །དེ་འགྲུབ་གཏེར་ནི་རྙེད་པ་རུ། །དེ་ཡིས་ལུང་ནི་སྟོན་པར་བྱེད། །དེ་ནས་དབྱིག་ནི་མི་ཟད་པའི། །བདག་པོར་མི་དེ་ངེས་པར་འགྱུར། །ཞེས་བྱ་བ་ལ། དེ་གྲུབ་པའི་རྟགས་ནི་སྐུ་གཡོ་བའོ། །ལྷ་མོ་གྲུབ་པ་ནི་བདག་ལ་ས་ཕྱོགས་ཆེ་གེ་མོ་འདི་ ན་གཏེར་འདི་ལྟ་བུ་ཡོད་པས་ལོང་ཤིག་ཅེས་པའི་ལུང་སྟོན་པར་བྱེད་པ་ནི། མཚན་མོའི་རྨི་ལམ་ནའོ། །དེ་ནས་བླངས་པ་ལས་དབྱིག་མི་ཟད་པའི་བདག་པོར་སྒྲུབ་པ་པོ་དེ་འགྱུར་བར་ངེས་པར་སྦྱར་རོ། །དེ་ཡང་བླ་མའི་མན་ངག་ལས་ཡིད་ཆེས་པས་སྤྱད་པར་བྱའོ། །མ་རུངས་པ་ དག་སྦྱོར་གཞུག་ན། །སྦྱོར་བ་འདི་དག་ངེས་པར་བརྩམ། །ཞེས་བྱ་བ་ནི། མི་གང་དག་རྣལ་འབྱོར་བ་རྣམས་ལ་གནོད་པ་དང་། འཚེ་བར་བྱེད་པའི་མ་རུངས་པ་རྣམས་བཟོད་པ་ལ་ཉེ་བར་སྦྱོར་བའི་ཕྱིར་འོག་ནས་འབྱུང་བའི་སྦྱོར་བ་རྣམས་བརྩམ་པར་གསུངས་སོ། །དེ་ཡི་ཀུན་ གྲགས་ཉིད་དང་ནི། །ཁུ་ཆེན་པ་ལ་སོགས་པ་ལ། །སྔགས་འདི་ཡིས་ནི་འབུམ་དུ་བཟླས། །དེ་ནས་བསྙེན་པ་རྫོགས་པ་ལ། །ཡིད་ཆེན་དུང་ལ་སྦུ་གུ་ཅན། །སོར་བདུན་ཉིད་ལ་དུག་བླུགས་ཏེ། །ཞེས་པ་ལ། དེའི་ཞེས་པ་ནི་མ་རུངས་པའི་དེའི་འོ། །དེའི་ཀུན་གྲགས་ནི་ འཇིག་རྟེན་པ་ཀུན་ལ་གྲགས་པ་ཆེན་པོ་ཐོབ་པ་དེ་ལ་བྱ་སྟེ། དེ་དང་ཁུ་ཆེན་འཛག་པ་དང་དེའི་རྗེས་ཀྱི་ས་བླངས་ལ་དེ་གསུམ་དང་དུག་བསྲེས་ནས་ཡིད་ཆེན་གྱི་དུང་སྦུ་གུ་ཅན་སོར་བདུན་བཅང་ལ། དེའི་ནང་དུ་དངོས་པོ་རྣམས་བླུགས་ཏེ། འོག་ནས་འབྱུང་བའི་སྔགས་ འབུམ་བཟླས་པར་འབྲེལ་ཏོ། །སྐུད་པ་སྔོན་པོས་རབ་བཅིངས་ལ། །ནུབ་ཕྱོགས་དག་ཏུ་ངེས་པར་གདགས། །དེ་ཡིས་འབྱུང་བས་བསྐྱོད་པས་ན། །མི་དེ་ངེས་པར་སྨྱོ་བར་འགྱུར། །ཞེས་བྱ་བ་ལ། སྐུད་པ་སྔོན་པོ་མེ་ཏོག་བ་ལི་ཀའི་ནང་དུ་བཙོས་པས་ཡོངས་སུ་བཅིངས་ལ། ནུབ་ཕྱོགས་ངོས་སུ་ཀ་ར་བཱི་རའི་ལྕུག་མ་ལ་བཏགས་ཏེ་བཞག་པས། དངོས་པོ་དེ་འབྱུང་བ་རླུང་གིས་བསྐྱོད་པས་མི་དེ་ངེས་པར་སྨྱོ་བར་གསུངས་སོ། །སྔགས་ནི་ཨོཾ་མོ་ཧ་ཡ་ཞེས་པ་ལ་སོགས་པའོ། །མིང་རྣམས་ངེས་པར་མི་གསལ་བས། །རྡོ་རྗེ་མོ་ནི་ཡོངས་ སུ་བསྒྲུབ། །ཅེས་བྱ་བ་ལ། མངོན་པར་ཤེས་པ་དང་མི་ལྡན་པས་བསྒྲུབ་པར་བྱ་བ་གཞན་ལ་མིང་མི་གསལ་བའི་ཕྱིར་རྡོ་རྗེ་མོ་སྒྲུབ་པར་འབྲེལ་ཏོ། །དེ་ཡང་ཇི་ལྟ་བུར་བསྒྲུབ་སྙམ་པ་ལ་འདི་སྐད་གསུངས་སོ། །ས་ལ་ཕྱོགས་བཞི་མཚམས་བརྒྱད་དུ། །རེའུ་མིག་ བཅུ་གཉིས་བྲི་བྱས་ལ། །མ་རིག་ལ་སོགས་རྟགས་ཀྱིས་ནི། །དངོས་པོ་ཡང་དག་བྲི་བར་བྱ། །ཞེས་བྱ་བ་ལ། ས་ལ་རི་མོ་བཞི་བསྣོལ་ཏེ། ཟུར་བཞི་རུ་ཡང་རི་མོ་བཞི་བྲིས་པས་ལེའུ་ཚེ་བཅུ་གཉིས་སུ་འགྱུར་རོ། །དེ་ནས་ལེའུ་ཚེ་བཅུ་གཉིས་ལ་མ་རིག་པ་ལ་སོགས་ པའི་རྟགས་རིམ་པ་ཇི་ལྟ་བ་བཞིན་དུ་ཨ་ལ་སོགས་པ་བྲིས་ལ་བརྟག་པར་གསུངས་སོ། །དེ་ནས་སྔགས་པས་རབ་བསྔགས་ལ། །བསམ་པ་རབ་ཏུ་རྫོགས་བྱས་ཏེ། །དེ་ཉིད་དངོས་པོ་གང་ཡིན་པས། །བསམ་པ་སྦྱོར་བས་མེ་ཏོག་བོར། །ཞེས་པ་ལ། བདག་ སྔགས་པས་རྣམ་པར་རྒྱལ་བའི་སྔགས་ཀྱིས་མེ་ཏོག་ལ་བསྔགས་ཏེ། བཟང་ངན་གང་ཡིན་པ་སྟོན་ཅིག་པའི་བསམ་པས་རང་གི་མེ་ཏོག་བོར་བར་འབྲེལ་ཏོ། །གང་དུ་བབ་པ་དེར་གནས་ལ། །ཤེས་རབ་ཅན་གྱིས་རྣམ་དཔྱད་ནས། །བཟང་ངན་ལྟས་ རྣམས་ཡོངས་སུ་བཤད། །ཅེས་བྱ་བ་ལ། རྟེན་འབྲེལ་བཅུ་གཉིས་པོ་གང་ལ་བབ་པ་དེ་ལ་བཟང་བ་དང་ངན་པའི་ལྟས་རྣམས་ཤེས་རབ་དང་ལྡན་པས་དཔྱད་ལ་བཤད་པར་བྱའོ། །རིག་པ་ལེགས་པར་སྦས་པ་ཡིས། །བ་ཡི་ལྕི་བར་རབ་གཏུམས་ ལ། །དང་པོ་གཉིས་སུ་ཤེས་པར་བྱ། །རི་ལུ་བྱེ་བྲག་མེད་པ་ཡིས། །བཅོམ་ལྡན་སྔོན་དུ་གཞག་བྱས་ལ། །ཞེས་བྱ་བ་ལ། རིག་པ་ཞེས་བྱ་བ་ནི་བཟང་བ་དང་ངན་པའི་རིམ་པ་ལ་བྱ་སྟེ། དེའི་མིང་སུ་དང་ཧ་གཉིས་བྲིས་ལ་རམས་ཀྱིས་ བཙོས་ལ་བའི་ལྕི་བའི་ནང་དུ་གཏུམས་ཏེ། གཉིས་སུ་བྱས་ནས་རི་ལུ་འདྲ་བ་མཉམ་པར་བྱས་ལ། བདེ་བར་གཤེགས་པའི་མདུན་དུ་གཞག་པར་བྱའོ། །དང་པོར་མཆོད་པ་ཡང་དག་སྦྱོར། །དམོད་དག་ཡོངས་སུ་བཙུགས་པ་ཡིས། །ཞེས་པ་ནི། དང་ པོར་བདེ་བར་གཤེགས་པ་མཆོད་པ་རྣམ་པ་ལྔས་ཡང་དག་པར་མཆོད་ནས་ཕྱག་འཚལ་ཏེ། ལྟས་འདི་ངེས་པར་བསྟན་དུ་གསོལ། །ཞེས་པའི་དམོད་གཟུགས་པར་འབྲེལ་ཏོ། །ཤེས་རབ་བཅུ་གསུམ་བདག་ཉིད་ཅན། །དམར་པོ་གོས་ཀྱིས་རབ་བརྒྱན་ཏེ། ། ཁྲུས་དག་བེས་པར་བྱས་པ་དང་། །དྲི་ཡིས་ལུས་ལ་བྱུགས་བྱས་ལ། །ཞེས་པ་ནི། བུད་མེད་ཤེས་རབ་ཀྱི་བདག་ཉིད་ཡིན་པས། བུ་མོ་ལོ་བཅུ་གསུམ་ལོན་པ་ལ་གོས་དམར་པོས་ཡང་དག་པར་བསྐོན་པ་དང་། དང་པོར་ཁྲུས་ལེགས་པར་བྱས་ཏེ་ཙནྡན་ གྱིས་ལུས་ལ་བསྐུས་ལ་སྦྱོར་བ་བརྩམ་པར་འབྲེལ་ཏོ། །དཔྲལ་བར་ཐིག་ལེ་དམར་པོ་བསྐུ། །མེ་ཏོག་དྲི་ཞིམ་ཕྲེང་བ་ཉིད། །དེ་ཡི་ལག་ཏུ་སྦྱིན་པར་བྱ། །དེ་ཡིས་དེ་ལས་བླངས་པ་ལས། །དེ་ཉིད་དངོས་པོ་བསམ་བྱ་སྟེ། །བཟང་ངན་ལྟས་སུ་ངེས་པར་སྟོན། ། ཞེས་བྱ་བ་ལ། བུ་མོའི་དཔྲལ་བ་ལ་ཐིག་ལེ་དམར་པོ་ལི་ཁྲིས་བསྐུས་ལ། མེ་ཏོག་དྲི་ཞིམ་པོ་བུ་མོའི་ལག་པར་སྦྱིན་ཏེ། བུ་མོས་ཀྱང་དེ་བདེ་བར་གཤེགས་པ་ལ་དབུལ་བར་བྱའོ། །དེ་ནས་བུ་མོ་ལ་བདག་རྣལ་འབྱོར་པས་ཚིག་ཁྱོད་ཀྱིས་གང་ཡང་རུང་བ་ཅིག་ ལོང་ཤིག་པར་བརྗོད་པར་བྱའོ། །དེ་ནས་གཅིག་ཕྱེ་བས་ལས་བཟང་ངན་གང་ཡང་རུང་བ་སྟོན་པར་འགྱུར་རོ། །གཞན་ཡང་སྣ་ཚོགས་པའི་ལས་རྣམས་ཡང་དག་པར་སྤྱད་པར་གསུངས་སོ། །དེ་ཡང་ཇི་ལྟ་བུ་ཞེ་ན། ལག་ན་རྡོ་རྗེ་བཀོད་པའི་རྒྱུད་ ལས་ཤེས་པར་བྱའོ། །འདི་ནས་མར་ནི་སྤྱིའི་བགེགས་འདུལ་བའི་ཐབས་སྟོན་པར་ཤེས་པར་བྱའོ། །སྤྱིར་ན་སྣ་ཚོགས་གདོན་ལ་ནི། །འབར་བ་ཆེན་པོའི་སྔགས་བཟླས་ལ། །གུ་གུལ་ནག་པོའི་དུད་པ་དག །དེ་ཡི་སྣ་རུ་གཏུལ་བྱས་ལ། །ཞེས་བྱ་བ་ནི། གདོན་ཆེན་པོ་བཞི་ལས་མ་གཏོགས་པ་གདོན་བྱིན་པོ་ཐམས་ཅད་ལ་སྦྱོར་བ་འདི་ཡང་དག་པར་སྦྱར་བར་བྱའོ། །འབར་བ་ཆེན་པོ་ནི་ལག་ན་རྡོ་རྗེ་དངོས་ལ་བྱ་སྟེ། དེའི་རྩ་བའི་སྔགས་སྟོང་དུ་ཐེམ་པར་བཟླས་ལ་གུ་གུལ་ནག་པོའི་དུད་པས་ནད་པའི་སྣ་རུ་གཏུལ་བར་བྱའོ། ། ཡུངས་ཀར་གུ་གུལ་མེ་ཏོག་དང་། དེ་ཡི་སྙིང་པོ་བསྲེག་པར་བྱའོ། །དེ་ཡིས་ནད་པ་གང་ཡིན་པ། །བགེགས་དང་ངེས་པར་དབྲལ་བར་བྱ། །ཞེས་བྱ་བ་ལ། གུ་གུལ་དང་མེ་ཏོག་དང་། ཡུངས་ཀར་གསུམ་ལ། དེ་རེ་རེ་བཞིན་དུ་བགེགས་ཐམས་ཅད་ཀྱི་སྙིང་ པོ། སརྦ་བིགྷྣཱཾ་ཧ་ན་ཧ་ན་ཧཱུཾ་ཀཿཞེས་པས་སྲེག་བླུགས་སྟོང་དུ་ཚང་བར་བྱའོ། །དེས་ནད་པ་དེ་བགེགས་དང་བྲལ་བར་འགྱུར་རོ། །སྲིན་ལག་གཉིས་ལ་སྐུད་པ་ནི། །སྔོན་པོས་ཡང་དག་བསྡམས་བྱས་ལ། །སྤྱི་བོའི་སྐྲ་ལ་སྲད་བུ་གང་། །བཅིངས་པས་ སྔགས་ནི་ངེས་པར་བཟླས། །ཞེས་བྱ་བ་ལ། ནད་པའི་སྲིན་ལག་ལ་སྐུད་པ་སྔོན་པོས་ཡང་དག་པར་བཅིངས་ལ། སྲུང་བའི་འཁོར་ལོ་ཡང་གདགས་པར་བྱའོ། །དེ་ཡང་སྔགས་གོང་མས་ཡང་དག་པར་བྱ་བར་འབྱུང་ངོ་། །ཅིའི་ཕྱིར་བྱ་ཞེས་པ་ ལ་སོགས་པ་ནི་རྒྱུད་གཞན་ལས་གོ་བར་བྱའོ། །འཁྲུག་པའི་སྡེ་དག་རྒྱལ་འདོད་ན། །ཁམས་གསུམ་རྣམ་རྒྱལ་སྙིང་པོ་ཡིས། །འབུམ་དུ་བཟླས་པས་བསྙེན་པ་བྱ། །ཞེས་པ་ནི་གཡུལ་ངོ་བཟློག་པའི་ཕྱིར། ཁམས་གསུམ་རྣམ་པར་རྒྱལ་བའི་སྙིང་ པོས། གི་ཝང་ལ་ཡང་དག་པར་འབུམ་དུ་བཟླས་པར་འབྲེལ་ཏོ། །དེ་ནས་ཨ་མྲ་ཏ་ཡི་ལོ་མ་ལ། །ཡུང་བས་ཡོངས་སུ་བྲི་བྱས་ལ། །གི་ཝང་གིས་ནི་རབ་ཏུ་བསྐུ། །ཞེས་པ་ནི། ཨ་མྲའི་ལོ་མ་ལ་གི་ཝང་གིས་ཡང་དག་པར་བསྐུས་ལ། ཡུང་བས་ཁམས་གསུམ་རྣམ་པར་རྒྱལ་བའི་སྙིང་པོ་སྟེང་དུ་བྲི་ལ། སྦྱོར་བ་བརྩམ་པར་གསུངས་སོ། །ཅོད་པན་སྤྱི་བོར་གཏུམས་བྱས་ལ། །རང་ཉིད་སྐུ་རུ་བསྒོམ་བྱས་ལ། །ལག་པ་གཡས་པ་ཡུངས་ཀར་དང་། །སྐེ་ ཚེ་ཉིད་དུ་སྦྱོར་བ་ཡིས། །སྔགས་བཟླས་སྡིགས་མཛུབ་ཕྱག་རྒྱ་ཡིས། །ཡོངས་སུ་བྲིས་པས་སྡེ་རྒྱལ་འགྱུར། །ཞེས་བྱ་བ་ལ། རྣམ་པར་རྒྱལ་བའི་སྙིང་པོ་ཉིད་དམིགས་ཀྱི་སྤྱི་བོར་གཏུམས་ཏེ། རང་ཉིད་རྣམ་པར་རྒྱལ་བའི་སྐུ་རུ་བསམས་ནས་སྐེ་ཚེ་ དང་། ཡུངས་ཀར་གཉིས་བསྲེས་ཏེ། སྔགས་བཟླས་ཞིང་སྡིགས་མཛུབ་ཀྱི་ཕྱག་རྒྱ་བཅས་པས་གཡུལ་གྱི་ཕྱོགས་སུ་རྒྱ་གྲམ་བྲི་བར་བྱ་བར་གསུངས་སོ། །དེ་ཡང་སྐེ་ཚེ་དང་ཡུངས་ཀར་གཉིས་ལ་ཡང་གང་དུ་སྔགས་བཟླས་པར་ཤེས་པར་བྱའོ། རྣལ་འབྱོར་པ་ཡི་བདག་ཉིད་ལ། །འཆི་བ་བསླུ་བར་ཡང་དག་བྱ། །ཞེས་བྱ་བ་ལ། བདག་རྣལ་འབྱོར་ལ་ཡུན་རིང་དུ་རྣལ་འབྱོར་བསྒྲུབ་པའི་ཕྱིར། དུས་མ་ཡིན་པར་འཆི་བ་བདག་གིས་བསླུ་བར་བྱའོ། །དེ་ལ་ཇི་ལྟ་བུས་འཆི་བར་འགྱུར་ཞེ་ན། བདག་གི་རྒྱུད་ལ་འཆི་ལྟས་ནི། །ཕྱི་ནང་བཅུ་གཉིས་ཡང་དག་ལྡན། །བདག་གི་བྲང་ལ་ཤ་མཚན་དག །དམར་པོ་བྱུང་བར་གྱུར་པ་ནི། །ཟླ་བ་གསུམ་ན་འཆི་བར་འགྱུར། །རིག་པའི་རྒྱལ་མོའི་སྔགས་ཀྱིས་སུ། །ཏིལ་ལ་སྲེག་བླུགས་ སྟོང་དུ་ནི། །ཚང་བར་བྱས་པས་དེ་བཟློག་འགྱུར། །ཞེས་བྱ་བ་ལ། བདག་རྣལ་འབྱོར་པའི་རྒྱུད་ལ་ཕྱིའི་འཆི་ལྟས་དྲུག་དང་། ནང་གི་འཆི་ལྟས་དྲུག་སྟེ་བཅུ་གཉིས་དང་ཡང་དག་པར་ལྡན་པར་འགྱུར་རོ། །དེ་དག་གང་ཞེ་ན་སྙམ་པ་ལ། བདག་གི་བྲང་ལ་ཤ་མཚན་དག །ཅེས་གསུངས་ཏེ། བདག་ལ་ཤ་མཚན་དམར་པོ་བྲང་གི་གཡོན་ཕྱོགས་སུ་བྱུང་བ་ན། བདག་ཟླ་བ་གསུམ་ན་འཆི་བའི་ལྟས་ཡིན་པས། དེ་ལ་བདག་གིས་རིག་པའི་རྒྱལ་པོ་ཁྲོ་བོ་རྣམ་པར་རྒྱལ་བའི་སྔགས་ དང་སྦྱར་བས། དཀྱིལ་འཁོར་ལྷ་དང་བཅས་པ་བྲིས་ལ། མེ་ཏོག་དང་ཏིལ་བསྲེགས་པའི་སྲེག་བླུགས་ལན་གྲངས་སྟོང་དུ་ཚང་བར་བྱ་བར་འབྲེལ་ཏོ། །དེ་ལ་ཡང་བདག་ཉིད་འཆི་བ་སླུ་བའི་སྔགས་མཐར་གདགས་ཏེ་བསམ་པ་དང་ལྡན་པས་བྱས་ལ་དེ་ ངེས་པར་བཟློག་པར་འགྱུར་རོ། །དེ་དང་ཆ་མཐུན་གང་ཡིན་པས། །རྐན་ལ་འབྲུམ་བུ་གསུམ་པ་དང་། །ལྕེ་ཡི་རྩེ་མོར་སྨེ་བ་དང་། །རྡོ་རྗེའི་ལམ་ནས་ཁྲག་འཛག་དང་། །འཛག་གཉིས་དབུགས་དག་གསུམ་པ་དང་། །རི་ཡི་རྩེ་མོར་ཤུ་བ་ བྱུང་། །ནང་གི་འཆི་ལྟས་ངེས་པ་སྟེ། །ཞེས་བྱ་བ་ལ། དེ་དང་ཞེས་པ་ནི་གོང་མ་དང་གཉིས་ཆ་མཐུན་པའི་འཆི་ལྟས་གསུངས་སོ། །དེ་ཡང་ཇི་ལྟ་བུ་སྙམ་པ་ལ། རྐན་ལ་འབྲུམ་བུ་གསུམ་པ་ཞེས་གསུངས་ཏེ། རྐན་གྱི་དཀྱིལ་དུ་འབྲུམ་བུ་ཡུངས་ ཀར་གྱི་ཁོ་བུ་ཙམ་པ་གསུམ་ཚུལ་དུ་གནས་པའམ། ཡང་ན་གསུམ་ཚོམས་སུ་བྱུང་ན་དེ་ཡང་ནང་གི་འཆི་ལྟས་ཡིན་པ་སྟེ། འཆི་བའི་དུས་འོག་ནས་རིག་པར་བྱའོ། །དེ་བཞིན་དུ་འཆི་བ་བཟློག་པའི་ཐབས་ཀྱང་འོག་ནས་འབྱུང་བས་རིག་པར་བྱའོ། ། གཞན་ཡང་ལྕེའི་རྩེ་མོ་ལ་སྨེ་བ་ནག་པོ་མེ་ཏོག་དུ་རུ་ཀའི་སྙིང་པོ་ཙམ་བྱུང་ན། དེ་ཡང་ནང་གི་འཆི་ལྟས་སུ་རིག་པར་བྱ་སྟེ། དུས་དང་བཟློག་པ་ནི་གོང་མ་བཞིན་ནོ། །ཡང་བདག་གི་གསང་བའི་རྡོ་རྗེའི་ལམ་ནས་མར་ཁྲག་འཛག་པའམ། ཆུ་ སེར་པོ་གུར་གུམ་གྱི་ཁུ་བ་ལྟ་བུ་བྱུང་ན། དེ་ཡང་ནང་གི་འཆི་ལྟས་སུ་རིག་པར་བྱའོ། །དུས་དང་བཟློག་པ་ནི་གོང་མ་བཞིན་ནོ། །ཡང་བདག་གི་ལུས་ལ་དུས་མཉམ་པར་འཛག་པ་གཉིས་དང་དབུགས་གཅིག་སྟེ། གསུམ་དུ་བྱུང་བ་དེ་ཡང་ ནང་གི་འཆི་ལྟས་སུ་རིག་པར་བྱའོ། །ཡང་བདག་གི་རིའི་རྩེ་མོ་རུ་ཤུ་བ་མདོག་སྔོ་བ་ཟར་མའི་མེ་ཏོག་ལྟ་བུ་བྱུང་བ་ནི། དེ་ཡང་ནང་གི་འཆི་ལྟས་སུ་རིག་པར་བྱའོ། །དེ་ཡོད་པ་དང་བསྒྲུབ་ཅེས་པ་གསུངས་ཏེ། དེ་ཡང་བཟློག་པའི་ཐབས་སུ་གསུངས་སོ། ། སྟག་དང་འབྲུག་དང་བྱི་ལ་དང་། །རྩངས་པ་བྱ་གག་ནག་པོ་རུ། །ཡོངས་སུ་སྦྱོར་བས་རིག་པ་བཟླས། །གི་ཝང་འུག་པ་རུས་སྦལ་དང་། ཙམ་པ་ག་དང་ཨུཏྤལ་དང་། །སེང་ལྡེང་འབྲས་བུ་གང་ཡིན་པ། །འུག་པའི་སྒྲོ་ལ་སྦྱོར་བར་བྱ། །ཞེས་བྱ་བ་ནི། སྨན་དང་སྔགས་ཀྱི་སྦྱོར་བས་འཆི་བའི་ལྟས་བཟློག་པར་ གསུངས་སོ། །ད་ནི་ཕྱིའི་འཆི་ལྟས་ཡང་དག་པར་སྟོན་ཏེ། བྱ་རོག་མཁའ་ལ་འཕུར་བ་ཡི། །དཀར་པོས་བདག་ལ་ཕོག་པ་ན། །ཕྱི་ཡི་འཆི་ལྟས་ཡིན་པ་སྟེ། །གང་དུ་གྲགས་པའི་སར་སོང་སྟེ། །རིག་པ་ལ་སོགས་སྦྱོར་བ་ཡི། །ཡོངས་སུ་བཟློག་པར་བྱ་བ་ཡིན། །ཞེས་བྱ་བ་ལ། བྱ་རོག་ནམ་མཁའ་ལ་འཕུར་བའི་བྱ་ཐལ་ དཀར་པོས་བདག་གི་ལུས་གང་ཡང་རུང་བ་ལ་ཕོག་པར་གྱུར་ན་ཕྱིའི་འཆི་བའི་རྟགས་ཡིན་པས། གོང་དུ་ཕོག་པའི་མི་ལ་གྲགས་པའི་སར་སོང་ལ་སྔགས་དང་སྨན་དང་དགེ་བ་ལ་སྦྱོར་བས་ཡོངས་སུ་བཟློག་པར་བྱའོ། །དེའི་འཆི་ལྟས་སུ་བབས་ནས་དུས་ངེས་པ་ནི་འོག་ནས་རིག་པར་བྱའོ། །གཞན་ཡང་ཕྱིའི་འཆི་ ལྟས་རྣམས་འདི་ལྟར་གོ་བར་བྱའོ། །ནམ་མཁའ་ལ་སྣ་ལྔ་མཐོང་བ་དང་། ཆུ་ལ་མི་གཟུགས་མཐོང་གྱུར་པ། །ཤིན་ཏུ་སྡིག་པའི་ལྟས་སུ་བསྟན། །རྨི་ལམ་ན་ནི་སྟག་ལ་ཞོན། །མཆོད་སྡོང་ཉིད་ལ་འཛེག་པ་དང་། །སེང་གེའི་ཁར་ནི་ཞུགས་རྨི་དང་། །ཡོངས་སུ་སྡིག་པའི་ལྟས་ཡིན་པས། །ཞེས་བྱ་བ་ལ། མཁའ་ལ་སྣ་ལྔ་ ནི། ནམ་མཁའ་ལ་འཇའ་ཚོན་ཁ་དོག་སྣ་ལྔའི་ཉི་མ་ཕྱེད་ན་མཐོང་བ་དང་། ཆུའི་ནང་ན་མིའི་གཟུགས་མཐོང་བ་དང་། རྨི་ལམ་དུ་རང་སྟག་ལ་ཞོན་པ་རྨི་བ་དང་། པདྨ་ལ་སོགས་པའི་མཆོད་སྡོང་ལ་འཛེག་པ་རྨི་བ་དང་། རང་གི་ལུས་པོ་སེང་གེའི་ཁར་ཞུགས་པར་རྨི་བ་རྣམས་ཡོངས་སུ་སྡིག་པའི་འཆི་ལྟས་སུ་ངེས་པར་ ཡིན་པར་རིག་པར་བྱའོ། །དེ་ལ་འཆི་བའི་དུས་ངེས་པ་ནི་རིམ་པ་ཇི་ལྟ་བ་བཞིན་དུ་འདི་ལྟར་ཤེས་པར་བྱའོ། །ལོགས་ཤིང་སོར་མོ་རྩེ་གསུམ་དང་། །བསེ་རུ་ཕྱོགས་དང་ཀུནྡའི་འདབ། །ཡོན་ཏན་རྒྱ་མཚོ་མཚན་བཟངས་དང་། །སྐྱེ་མཆེད་འཕགས་ལམ་ཆུ་སྲིན་སོ། །ལོ་གསུམ་ཞག་བཞི་ཟླ་བ་ལྔ། །མི་དེ་ངེས་པར་འཆི་ བ་ཡིན། །ཞེས་བྱ་བ་ལ། ལོགས་ཤིང་དང་། བསེ་རུ་དང་། ཆུ་སྲིན་གྱི་སོ་རྣམ་པ་གསུམ་ནི་ལོ་རུ་ཤེས་པར་བྱའོ། །མཚན་བཟངས་དང་། སྐྱེ་མཆེད་དང་། སོར་མོ་དང་། ཕྱོགས་རྣམ་པ་བཞི་ནི་ཞག་ཏུ་རིག་པར་བྱའོ། །རྩེ་གསུམ་དང་ཀུནྡའི་འདབ་མ་དང་། འཕགས་པའི་ལམ་དང་། ཡོན་ཏན་དང་། རྒྱ་མཚོ་རྣམ་པ་ལྔ་ནི་ཟླ་ བར་ཤེས་པར་བྱའོ། །དེ་ལྟར་སྔགས་པ་བློ་དང་ལྡན་པས། བླ་མའི་ངག་ལས་ཡང་དག་པར་ཤེས་པར་བྱས་ལ། མཉམ་པར་གཞག་པས་དུས་ཐམས་ཅད་དུ་བརྟག་པར་བྱའོ། །དེ་ནས་རྟོག་པ་དང་། བདག་གིས་སྲུང་བའི་འཁོར་ལོ་བསམ་པ་དང་། འཆི་བ་བཟློག་པའི་ཐབས་གང་ལ་གང་གིས་བཟློག་པ་ནི་འདི་ལས་ ཤེས་པར་བྱའོ། །རིག་པའི་རྒྱལ་པོ་བདུད་རྩི་འཁྱིལ། །རྟེན་འབྲེལ་ཡི་གེ་བརྒྱ་པ་ཡི། །སྔགས་ཀྱིས་སྨན་ལ་བསྲུང་བར་བྱ། །ཁམས་གསུམ་རྣམ་རྒྱལ་འཇིག་རྟེན་མགོན། །དེ་དག་གི་ནི་སྙིང་པོ་ཡིས། །སྟག་སོགས་གསོབ་ལ་ངེས་པར་བཟླས། །རྨ་བྱ་ཆེན་མོའི་སྔགས་དག་གིས། །འུག་པའི་སྒྲོ་སྩོགས་ངེས་པར་ བསྔགས། །ཕྱག་ན་རྡོ་རྗེ་འཇམ་དབྱངས་དང་། །སྟོབས་ཆེན་ཁྲོ་བོ་གང་དག་གི། །སྔགས་ཆེན་སེང་ལྡེང་འུག་སྒྲོ་དང་། །ཀུ་ཤ་བྱི་ལ་ལ་སོགས་པའི། །གསོབ་ལ་སོགས་པས་ཡོངས་སུ་བཟློག །གཏོར་མ་སྦྱིན་སྲེག་ལས་ཀྱིས་ནི། །ཡོངས་སུ་བཟློག་པར་བྱ་བ་ཡིན། །ཞེས་བྱ་བ་ལ། རིག་པའི་རྒྱལ་མོ་སོ་སོར་ འབྲང་མའི་སྔགས་ནི། །ཨོཾ་མུ་ནི་མུ་ནི། བི་མུ་ནི་བི་མུ་ནི། དྷ་རི་ཙ་ལ་ཙ་ལ་ནི་བྷ་ག་བ་ཏི་བྷ་ཡ་བི་ག་ཏེ། བྷ་ཡ་ཧ་རི་ཎི། བོ་དྷི་བོ་དྷི། བོ་དྷ་ཡ་བོ་དྷ་ཡ། བུདྡྷི་ལི་བུདྡྷི་ལི། ཙུཾ་བུ་ལི་ཙུཾ་བུ་ལི་སྭཱ་ཧཱ། སརྦ་ཏ་ཐཱ་ག་ཏ་ཧྲྀ་ད་ཡ་དུཥྚེ་ཤེ་སྭཱ་ཧཱ། ཨོཾ་མུ་ནི་མུ་ནི་མུ་ནི། བ་རེ་སརྦ་ཏ་ཐཱ་ག་ཏ་ཧྲྀ་ད་ཡ་ཨ་དྷིཥྛཱ་ན་ཨ་དྷིཥྛི་ཏེ་བཛྲ་སྭཱ་ཧཱ། ཞེས་བྱ་ བའི་སྔགས་ཀྱིས་སྨན་ག་པུར་དང་། ཛཱ་ཏི་ཕ་ལ་དང་། གུར་ཀུམ་གསུམ་སྲང་ལྔ་ལྔ་ཆ་བསྙམས་ལ། ཞག་གི་དང་པོ་ལ་སྔགས་འབུམ་དུའམ། ཡང་ན་སྟོང་ངམ། ཡང་ན་ཁྲི་བཟླས་པས་བདག་ཉིད་བཏུང་བར་བྱས་པས་ལོ་དང་པོའི་འཆི་བ་བཟློག་པར་གསུངས་སོ། །དེ་ནས་བདུད་རྩི་འཁྱིལ་པའི་སྔགས་ གོང་མས་ཙམ་པ་ཀ་དང་ཨུཏྤལ་ལ་ལན་གྲངས་སྟོང་དུ་བཟླས་ནས་ས་གཙང་སར་བོར་ན། ཟླ་བ་དང་པོའི་འཆི་བ་བཟློག་པར་འགྱུར་རོ། །རྟེན་འབྲེལ་གྱི་སྙིང་པོ་ཡེ་དྷརྨཱ་ཞེས་བྱ་བས། གི་ཝང་ལ་ལན་སྟོང་དུ་བསྔགས་ནས་དཔྲལ་བར་ཐིག་ལེ་བྱས་ན། ལོ་བར་མའི་འཆི་བ་བཟློག་པར་བྱའོ། །ཡི་གེ་ བརྒྱ་པའི་སྔགས་ཀྱིས་སེང་ལྡེང་གི་ལྕུག་མ་ལ་ལན་སྟོང་དུ་བཟླས་པས། ས་ལ་ལན་གསུམ་དུ་བརྡབས་པས་ལོ་ཐ་མའི་འཆི་བ་བཟློག་པར་འགྱུར་རོ། །འཇིག་རྟེན་མགོན་གྱི་སྙིང་པོ་ནི། །ན་མོ་རཏྣ་ཏྲ་ཡཱ་ཡ་ཞེས་བྱ་བ་ལ་སོགས་པས། སྟག་གི་གསོབ་ལ་ལན་སྟོང་དུ་བཟླས་པས། ཆུའི་ནང་ དུ་བསྐྱུར་བས་ཟླ་བ་གཉིས་པའི་འཆི་བ་བཟློག་པར་འགྱུར་རོ། །ཕྱག་ན་རྡོ་རྗེའི་སྙིང་པོ་གོང་ནས་འབྱུང་བའི་ཨོཾ་ཙཎྜ་མ་ཧཱ་ཞེས་པའི་སྔགས་ཀྱིས་འབྲུག་གི་གསོབ་ལ་ལན་སྟོང་དུ་བཟླས་ཏེ། མེའི་ནང་དུ་བསྲེགས་པས་ཟླ་བ་གསུམ་པའི་འཆི་བ་བཟློག་པར་འགྱུར་རོ། །འཇམ་དབྱངས་ ཀྱི་སྔགས་ཡི་གེ་འབྲུ་གཅིག་པས་བྱི་ལའི་གསོབ་ལ་ལན་སྟོང་དུ་བཟླས་ནས་སའི་འོག་ཏུ་བཅུག་པས་ཟླ་བ་བཞི་པའི་འཆི་བ་བཟློག་པར་འགྱུར་རོ། །ཁྲོ་བོ་སྟོབས་པོ་ཆེའི་སྙིང་པོ་ཨོཾ་མ་ཧཱ་བ་ལ་རུ་རུ་པ་ར་ཧ་ར་ཡ་བ་ཏི་ཕཊ་ཅེས་བྱ་བའི་སྔགས་སྟོང་དུ་བཟླས་ལ་བྱ་གག་ནག་པོའི་གསོ་བ་ལ་སྔགས་བཏབ་སྟེ་མེའི་ ནང་དུ་བོར་བས་ཟླ་བ་ལྔ་པའི་འཆི་བ་བཟློག་པར་འགྱུར་རོ། །ཞག་དང་པོ་ནི་ཁམས་གསུམ་རྣམ་པར་རྒྱལ་བའི་སྦྱོར་བས་འཆི་བ་བཟློག་པར་བྱའོ། །ཞག་གཉིས་པའི་འཆི་བ་བཟློག་པ་ནི་རུས་སྦལ་དང་འུག་པའི་སྒྲོ་ལ་རྨ་བྱ་ཆེན་མོའི་སྔགས། ཨོཾ་མ་ཧཱ་མ་ཡཱུ་རི་རཀྵ་པ་ཡ་ནི་མེ་གྷུ་པུ་ཏི་བ་བི་ཤཱནྟི་ཡ་ཧཱུཾ། ཞེས་པས་བསྔགས་ལ་ལུས་ལ་བྱབས་ཏེ། ཆུ་མིག་ཏུ་བོར་བས་བཟློག་པར་འགྱུར་རོ། །ཞག་གསུམ་པའི་འཆི་བ་ནི་གཏོར་མ་འབྱུང་པོ་ཐམས་ཅད་ལ་ལན་བརྒྱ་རྩ་བརྒྱད་བཏང་བས་བཟློག་པར་བྱའོ། །ཞག་བཞི་པའི་འཆི་བ་ནི་ཞི་བའི་སྦྱིན་སྲེག་ཉི་ཤུ་རྩ་གཅིག་བྱས་པས་འཆི་བ་བཟློག་པར་བྱའོ། །དེ་ཡང་རྣལ་ འབྱོར་པས་ལུས་ངག་ཡིད་གསུམ་རང་གི་རྒྱུད་ལ་ནད་དང་སྡུག་བསྔལ་ལ་སོགས་པ་མི་འོང་བ་དང་། དུས་མ་ཡིན་པར་འཆི་བ་རྣམས་བཟློག་པའི་ཕྱིར་གོང་མའི་སྦྱོར་བ་རྣམས་ཡང་དག་པར་བསྙེན་པ་དང་། ལས་སྣ་ཚོགས་སུ་གང་གིས་གང་ལ་བསྲུང་བ་དང་། སྦྱོར་བ་ཐམས་ཅད་ལ་མཆོད་པ་རྣམ་པ་ ལྔའི་དངོས་པོས་མཆོད་པར་བྱའོ། །སྐྱབས་སུ་གསོལ་བ་ལ་སོགས་པ་ནི་རིམ་པ་ཇི་ལྟ་བ་བཞིན་དུ་ངེས་པར་སྤྱད་པར་བྱའོ། །ཤིན་ཏུ་དཔའ་དང་དད་པར་ལྡན། །ཤེས་རབ་ཆེ་དང་ཐོས་པ་བསགས། །བླ་མ་ལ་གུས་གཏོང་བ་ཕོད། །ལྟུང་བས་མ་གོས་གཙང་མ་ལ། །ཞེས་བྱ་བ་ལ། འདི་ནས་མར་ ལ་སློབ་མའི་རྒྱུད་བརྟག་པར་གསུངས་ཏེ། དེ་ཡང་འདིས་ཡང་དག་པར་ཤེས་པར་བྱའོ། །ཤིན་ཏུ་སྤྱོད་པ་ལ་སོགས་པ་ཐམས་ཅད་ལ་ཞུམ་པ་མེད་པར་དཔའ་བ་དང་། ཆོས་ལ་དད་པ་དྲག་པོ་ཡུན་རིང་བར་གནས་པ་དང་། ཤེས་རབ་ཆེ་བ་ལ་བསྟན་བཅོས་ལ་སོགས་པ་ཐོས་པ་སྣ་ཚོགས་པ་ བསགས་པ་དང་། བླ་མ་ལ་ལྷག་པར་གུས་པ་ལ་སྦྱིན་པ་གཏོང་ཕོད་པ་དང་། གསང་སྔགས་ཀྱིའམ། བྱང་ཆུབ་སེམས་དཔའ་འམ། ཉན་ཐོས་ཀྱི་ལྟུང་བ་རྣམ་པ་གསུམ་གྱིས་མ་གོས་པ་ནི་སློབ་མ་སྣོད་དང་ལྡན་པ་ཡིན་པས་ན་དེ་ལ་བདག་གིས་སྦྱོར་བ་འདི་ལྟ་བུས་ཡོངས་སུ་སྦྱང་བར་བྱའོ། །དེ་ ཡང་གང་ཞེ་ན་སྙམ་པ་ལ་འདི་སྐད་གསུངས་ཏེ། རིམ་པ་བཞིན་དུ་དབང་བསྐུར་ནས། །ཚོགས་ཀྱི་འཁོར་ལོ་ལྔ་བསྐོར་ནས། །ཤེས་རབ་ལྡན་ལ་བསྟན་བྱ་ཡི། །གསང་བ་དྲག་པོའི་རྒྱུད་རྒྱལ་འདི། །གཞན་ལ་བཤད་པར་བྱ་བ་མིན། །ཞེས་བྱ་བ་ལ། བུམ་པ་ལ་སོགས་པའི་དབང་རིམ་པ་བཞིན་དུ་བསྐུར་ ནས་བསོད་ནམས་ཀྱི་ཚོགས་བསག་པ་དང་། སྡིག་པ་སྦྱང་བའི་ཕྱིར་ཚོགས་ཀྱི་འཁོར་ལོ་རིམ་པ་ལྔ་རུ་ཡང་དག་པར་བྱས་ལ། ཤེས་རབ་དང་ལྡན་པ་ལ་གསང་བ་དྲག་པོའི་རྒྱུད་ཀྱི་རྒྱལ་པོ་འདི་བསྟན་པར་བྱའི་དེ་རྣམས་དང་མི་ལྡན་པ་ལ་ནི་བཤད་པར་མི་བྱའོ། །གསང་བའི་བདག་པོ་ཁྱོད་ཀྱིས་ནི། ། ཕན་དང་གནོད་བྱ་གང་ཡིན་ལ། །རིམ་པ་བཞིན་དུ་ཤེས་པ་ཡིས། །ལེགས་པར་སྦ་དང་བཤད་པ་ཡིན། །ཞེས་བྱ་བ་ལ། བཅོམ་ལྡན་འདས་ཀྱིས་ལག་ན་རྡོ་རྗེ་གསང་བ་རྣམ་པ་གསུམ་གྱི་བདག་པོ་ནན་ཏན་དུ་ཡང་དག་པར་གསུངས་ཏེ་གཏད་པའོ། །དེ་ལ་ཁྱོད་ཀྱིས་ཕན་པ་སེམས་ཅན་ཐམས་ ཅད་ལ་རྒྱུད་སྦྱང་བའི་ཕྱིར་ལེགས་པར་བཤད་པར་སྦྱར་རོ། །གང་ཟག་སྣོད་དང་མི་ལྡན་པ་ལ་ནི་སྦ་བར་བྱའོ། །དེ་ཡང་རིམ་པར་བརྟག་པར་བྱ་བར་འབྲེལ་ཏོ། །གནས་སྐབས་དུ་མར་རབ་ལྡན་ཞིང་། །ཀུན་ལ་ངེས་པར་ཞུགས་པ་ཡིས། །རྒྱུད་འདི་ལ་ནི་ངེས་པར་བརྟག །ཅེས་པ་ནི་གནས་ སྐབས་དུ་མར་ནི་ཕན་པར་བྱ་བ་དང་། གནོད་པར་བྱ་བའི་ལས་ལ་སོགས་པ་ལ་དབང་བསྐུར་བ་ལ། ངེས་པར་ཞུགས་པས་རྒྱུད་འདི་ལ་གཞུག་པར་གསུངས་སོ། །རྒྱུད་འདི་གང་ན་གནས་པ་ན། །ཕྱོགས་དེ་ན་ནི་གདུག་པ་རྣམས། །རིང་དུ་བསྲིངས་པས་གནས་མི་བྱེད། །གལ་ཏེ་གནས་པར་བྱེད་པ་ ན། །དེ་རྣམས་ཀུན་གྱི་རྒྱུད་ཚིག་འགྱུར། །ཞེས་པ་ལ། རྒྱུད་འདི་གང་ན་གནས་པ་ན་གདུག་པ་ཐམས་ཅད་གནས་པར་མི་བྱེད་པའོ། །དེ་ཅིའི་ཕྱིར་ཞེ་ན། དྲག་པོའི་སྦྱོར་བ་གསུངས་པས་གདུག་པ་རྣམས་གལ་ཏེ་གནས་ན་གདུག་པ་རྣམས་ཀྱི་རྒྱུད་ཚིག་པར་འགྱུར་བའོ། །དྲག་པོའི་རྒྱུད་ཀྱི་རྒྱལ་པོ་ ལ། །གང་ཞིག་གུས་པར་གྱུར་པ་དེས། །དུག་གསུམ་སྐུ་ལ་རབ་རྒྱས་ཏེ། །བཙུན་མོའི་བྷ་ག་ལ་གནས་ནས། །ཉོན་མོངས་འཁོར་གྱིས་རབ་བསྐོར་ཏེ། །བདེ་བ་ཆེན་པོའི་རོལ་པས་གནས། །ཞེས་བྱ་བ་དང་། དྲག་པོའི་ཆོས་སྟོན་པས་དྲག་པོའོ། ། དེ་རྒྱུད་རྣམས་ཀྱི་རྒྱལ་པོ་ཡིན་པས་ན་རྒྱུད་ཀྱི་རྒྱལ་པོ་སྟེ། དེ་ལ་གང་ཞིག་གུས་པའམ་སྒྲུབ་པ་དེས་འདོད་ཆགས་ལ་སོགས་པ་དུག་གསུམ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་ལ་སོགས་པ་གསུམ་དུ་རྒྱས་ནས་བཙུན་མོའི་བྷ་ག་ནི་སྟོང་པ་ཉིད་དེ། དེ་ལ་གནས་ཏེ་ཉོན་མོངས་པ་གཞན་ རྣམས་རང་གི་རྒྱུད་ལ་ཡེ་ཤེས་ཕྲ་མོ་རུ་གྱུར་ནས་གནས་པ་ནི་བསྐོར་བར་འབྲེལ་ཏོ། །དེ་བས་ན་བདེ་བ་ཆེན་པོའི་རོལ་པས་སྟོང་པ་ཉིད་ལ་གནས་པའོ། །ལག་ན་རྡོ་རྗེ་དེ་ཉིད་དུ། །སྐད་ཅིག་ཙམ་གྱིས་བསྐོར་བ་ནི། །འབུམ་ཕྲག་དུ་མས་རབ་བསྐོར་ནས། །བདེ་བར་གཤེགས་ ལ་འདི་སྐད་གསོལ། །བདག་གིས་རྒྱུད་ཀྱི་རྒྱལ་པོ་འདི། །ངེས་པའི་དོན་དང་རབ་སྦྱོར་ནས། །གསང་བ་ཉིད་དུ་སྦ་བར་བགྱི། །ཞེས་བྱ་བ་ལ། ལག་ན་རྡོ་རྗེས་ཞབས་གཅིག་པའི་གོམ་པས་སྐད་ཅིག་ཙམ་གྱིས་བདེ་བར་གཤེགས་པ་ལ་བསྐོར་བ་ལན་འབུམ་བྱས་ནས་བདེ་བར་གཤེགས་ པས་བཀའ་སྩལ་པ་བཞིན་དུ་རྒྱུད་ཀྱི་རྒྱལ་པོ་འདི་ངེས་པའི་དོན་བཀའ་སྩལ་པ་བཞིན་དུ་གསང་བར་སྦ་བར་བགྱི་ཞེས་གནང་བ་བླངས་པར་སྦྱར་རོ། །བདག་གི་རྒྱུད་ཀྱི་རྒྱལ་པོ་གང་། །དྲག་པོའི་འགྲེལ་པ་འདི་བྱས་པའི། །བསོད་ནམས་རྒྱ་ཆེན་གང་ཐོབ་དེས། ། སྐྱེ་བ་བཞིས་བསྡུས་སེམས་ཅན་རྣམས། །ཀུན་རྫོབ་དོན་དམ་རིམ་ཞུགས་ལ། །ཐབས་དང་ཤེས་རབ་མཉམ་སྦྱར་བས། །ཕྱི་ནང་བགེགས་གཉིས་རྣམ་བསལ་ཏེ། །མྱུར་དུ་རྡོ་རྗེ་འཛིན་པར་ཤོག །སློབ་དཔོན་ཆེན་པོ་འཕགས་པ་ཕྱག་ན་རྡོ་རྗེའི་དངོས་གྲུབ་བརྙེས་པ་ དེའི་སྐུར་སྤྲུལ་ནུས་པ་ཕྱག་ན་རྡོ་རྗེས་མཛད་པ་རྡོ་རྗེ་མེ་ལྕེའི་རྒྱུད་ཀྱི་འགྲེལ་པ་དེ་ཁོ་ན་ཉིད་སྣང་བ་ཞེས་བྱ་བ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་མཉྫུ་ཤྲཱི་དང་། བོད་ཀྱི་ལོ་ཙཱ་བ་དགེ་སློང་གཞོན་ནུ་ཚུལ་ཁྲིམས་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། ། ༄༅༅། །རྒྱ་གར་སྐད་དུ། ནཱི་ལཱཾ་བ་ར་དྷ་ར་བཛྲ་པཱ་ཎི་སཱ་དྷ་ནཾ་ནཱ་མ་ཨཱརྱ། བོད་སྐད་དུ། འཕགས་པ་ཕྱག་ན་རྡོ་རྗེ་གོས་སྔོན་ཅན་གྱི་སྒྲུབ་ཐབས་ཞེས་བྱ་བ། འཕགས་པ་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ། །ཨོཾ་གཏུམ་ཞིང་རབ་དྲག་འཇིགས་པའི་སྐུ། །ཨཱཿགད་རྒྱངས་ ཆེན་པོས་སྐྲག་མཛད་གསུང་། །ཧཱུཾ་རྔམ་ཞིང་མི་བཟད་རྟོག་བྲལ་ཐུགས། །དེ་ཉིད་གསུམ་ལ་ཕྱག་འཚལ་ལོ། །ཕྱག་ན་རྡོ་རྗེ་གོས་སྔོན་གྱི། །སྒྲུབ་ཐབས་རྡོ་རྗེ་མེ་ལྕེ་འདི། །ཕྱག་ན་རྡོ་རྗེས་འགྲོ་བ་ལ། །ཕན་ཕྱིར་རྒྱས་པར་བཤད་པར་བྱ། །ནགས་ཚལ་ཁང་སྟོང་དུར་ཁྲོད་དང་། ། མཆོད་རྟེན་ལ་སོགས་གནས་རྣམས་སུ། །དྲི་ཞིམ་ཆུ་ཡིས་ལེགས་བཏབ་སྟེ། །མེ་ཏོག་སྔོན་པོ་དགྲམ་བྱས་ལ། །སྟན་བདེ་བ་ལ་འདུག་ནས་ནི། །དང་པོར་བྱང་ཆུབ་སེམས་བསྐྱེད་ལ། །སྙིང་གར་ཨ་ལས་གྱུར་པ་ཡི། །ཟླ་བའི་དཀྱིལ་འཁོར་དཀར་པོ་བསམ། །དེ་སྟེང་ཧཱུཾ་ལས་འོད་ འཕྲོས་པས། །ཐོག་མ་ཉིད་ནས་གྲུབ་པ་ཡི། །ཕྱག་ན་རྡོ་རྗེ་ཉིད་དང་ཡང་། །སངས་རྒྱས་བླ་མ་ལ་སོགས་པ། །མདུན་དུ་ཉེ་བར་མངོན་བལྟས་ནས། །ཞལ་བསིལ་ཉེ་རེག་ལ་སོགས་པ། །ཡང་དག་པ་རུ་མཆོད་བྱས་ལ། །སྡིག་པ་བཤགས་དང་ཡི་རང་བ། །བསོད་ནམས་བསྔོ་དང་ སྐྱབས་འགྲོ་དང་། །རྡོ་རྗེ་ལ་སོགས་བཞི་པོ་དང་། །དེ་ནས་སྟོང་པ་ཉིད་བསྒོམ་བྱ། །སྟོང་པའི་སྔགས་ནི་ཉིད་བརྗོད་བྱ། །ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་བི་ཤུདྡྷོ྅ཧཾ། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། མདུན་དུ་རཾ་ལས་ཉི་མ་བསྒོམ། །དེ་སྟེང་ཧཱུཾ་མཆོག་རབ་བསམས་ ལ། །དེ་གྱུར་སྣ་ཚོགས་རྡོ་རྗེར་བསམ། །དེ་ལས་འཕྲོས་པའི་ས་གཞི་དང་། །ར་བ་གུར་དང་བླ་རེ་དང་། །དྲ་བ་ལ་སོགས་ངེས་པ་ལ། །བདག་ཀྱང་དེར་ནི་ཁྱབ་པ་སྟེ། །མཚན་མར་བསམ་པར་མི་བྱ་སྟེ། །དེ་ཡི་ནང་དུ་བསམ་བྱ་བ། །ནམ་མཁའ་ཁྱབ་པར་ཆོས་འབྱུང་བསྒོམ། ། ཨེ་ཡཾ་རཾ་བཾ་ལཾ་སུཾ་བྷྲཱུཾ་ལ་སོགས་པས། །རིམ་པ་བཞིན་དུ་ཆོས་འབྱུང་ནང་། །རླུང་དང་མེ་དང་ཆུ་དང་ས། །གཞུ་དབྱིབས་གྲུ་གསུམ་ཟླུམ་པོ་དང་། །གྲུ་བཞི་པ་ལ་སྔོ་དང་དམར། །དཀར་སེར་ལྗང་གུར་རབ་ཏུ་གྲགས། །གྲྭར་ནི་བ་དན་བུམ་པ་དང་། །མེ་རི་རྡོ་རྗེས་རྣམ་པར་ བརྒྱན། །དེ་སྟེང་རི་རབ་ཀེང་རུས་གཟུགས། །དེ་དག་རླུང་གིས་རབ་སྦར་ནས། །ཡོངས་སུ་ཞུ་བར་གྱུར་པ་ལས། །གྲུ་བཞི་པ་ལ་སྒོ་བཞི་པ། །ཀ་བ་བརྒྱད་ཀྱིས་ཉེ་བར་བརྒྱན། །རིན་ཆེན་ཕ་གུ་འདོད་ཡོན་ས། །དྲ་བ་དྲ་ཕྱེད་ཡང་དག་ལྡན། །གདུགས་ དང་རི་དགས་ངེས་པར་གནས། །ཏྭ་ར་ན་ནི་བཞིས་བརྒྱན་ཅིང་། །ཀེང་རུས་རྡོ་རྗེ་སྦྲུལ་མགོ་དང་། །འབར་བའི་ཕྲེང་བས་ཡང་དག་བརྒྱན། །རྡོ་རྗེ་ར་བའི་ནང་ལོགས་སུ། །དུར་ཁྲོད་བརྒྱད་དང་ཅེ་སྤྱང་སོགས། །འཇིགས་པར་རོལ་པས་གནས་པའོ། །དྲག་པོ་ཆེན་པོའི་དཀྱིལ་འཁོར་ ལ། །གདན་ནི་ཉི་ཤུ་གཉིས་ཀྱིས་ངེས། །དཀྱིལ་དུ་ཚངས་པ་བརྒྱ་བྱིན་གཉིས། །ཕན་ཚུན་ཁ་བལྟས་ཡོངས་སུ་དགོད། །དེ་ཡི་མཐའ་ལོགས་མཚམས་རྣམས་སུ། །འཇིགས་པའི་ཀེང་རུས་ཉི་ཤུར་གནས། །དེ་སྟེང་ས་བོན་རྣམས་བསམས་ཏེ། །འདི་དག་རིམ་པས་ཤེས་པར་བྱ། ། ཧཱུཾ་ཧཱུཾ། མཾ་བཾ་ཨཾ། ཡཾ་བཾ་ཙཾ་ཏཾ། པཾ་མཾ་རཾ་གཾ །ཚཾ་ལཾ་པཾ་བཾ། དེ་དག་ཡོངས་སུ་གྱུར་པ་ལས། །མཚན་མ་ངེས་པར་བསམ་པར་བྱ། །ཧཱུཾ་གཉིས་པཾ་ལས་རཾ་བྱུང་བས། །རྡོ་རྗེ་གཉིས་དང་ཡང་དག་ལྡན། །རྩང་དང་དབྱུག་པ་མཆོད་རྟེན་དང་། །སྡིགས་མཛུབ་གྲི་གུག་རྣོན་པོ་དང་། ། ལྕགས་སྒྲོག་མེ་ལྕེ་གླང་ཆེན་ལྤགས། །མེ་ཏོག་དུང་ཕོར་རོ་མཆོག་དང་། །དྲིལ་བུ་ཐོ་བ་རྐྱལ་པ་དང་། །ཧོམ་གཟར་གྲི་གུག་རྣོན་པོ་ངེས། །དེ་དག་ཡོངས་ལས་ས་བོན་ཏེ། །དེ་གཉིས་ཡོངས་སུ་གྱུར་པ་ལས། །སྐུ་རྣམས་རིམ་པ་བཞིན་བསྒོམ་བྱ། །དབུས་ཀྱི་ཁྱབ་བདག་ཆེན་པོ་ནི། ། སྐུ་མདོག་སྔོན་པོ་གཏུམ་བག་ཅན། །དབུ་སྐྲ་ཁམ་པ་གྱེན་དུ་འཕགས། །སྤྱན་ནི་བསྐལ་པའི་མེ་ལྟར་འབར། །མཆེ་བ་གཙིགས་ཤིང་གསུས་པ་འཁྱིལ། །ཕྲག་པ་གཡས་ན་ཉི་མ་ལ། །གཡོན་ན་ཟླ་བ་ངེས་པར་རྒྱུ། །ཕྱག་གཡས་རྡོ་རྗེ་རྩེ་དགུ་པ། །གཡོན་པས་མཁའ་ལྡིང་ དྲག་པོ་འཛིན། །ཐོད་པ་ལྔ་ཡིས་རྣམ་པར་བརྒྱན། །སྦྲུལ་གྱི་རྒྱན་ཆ་བདུན་དང་ལྡན། །ཅུང་ཟད་གཡོན་དུ་གཟིགས་པར་བསམ། །ཤར་དུ་ཁམས་གསུམ་རྣམ་རྒྱལ་ཏེ། །དབུ་གསུམ་ཕྱག་ནི་དྲུག་པའི་དབྱིབས། །ཁ་དོག་དམར་པོ་དེ་ཉིད་ལ། །ཞབས་བཞི་བརྐྱང་བསྐུམ་ ཚུལ་དུ་བཞུགས། །དང་པོ་གཡས་ན་རྡོ་རྗེ་ལ། །གཡོན་ན་དགྲ་སྟ་ཡང་དག་ལྡན། །བར་མ་གཉིས་ཀྱིས་འཛིན་བྱེད་པ། །གུང་མོ་སྲིན་མཐེབ་གཉིས་མདུད་ནས། །གཞན་རྣམས་ཡོངས་སུ་བརྐྱང་བ་ཡིན། །དེ་ཉིད་ཐུགས་ཀར་གཟུང་བྱས་ལ། །དེ་འོག་གཡས་ན་ཞགས་པ་ འཛིན། །གཡོན་ན་རལ་གྲི་ཡང་དག་ལྡན། །ལྷོར་ནི་ནག་པོ་ཆེན་པོ་སྟེ། །ཁ་དོག་དུད་སྤྲིན་ལྟ་བུ་ལ། །ཞལ་གཅིག་ཕྱག་ནི་གཉིས་པའི་དབྱིབས། །གཡས་ན་ཙནྡན་བིང་ཆེན་བསྣམས། །གཡོན་ན་ཞགས་པ་འཛིན་པ་ཉིད། །ནུབ་ཏུ་ལུས་ངན་རྒྱལ་པོ་ནི། །ཁ་དོག་ལྗང་གུ་ཉིད་ལ་ ཡང་། །སྤྱི་བོར་རྡོ་རྗེ་མིག་གིས་བརྒྱན། །ཞལ་གཅིག་ཕྱག་ནི་གཉིས་པ་ལ། །གཡས་པ་ཉིད་ན་མཆོད་རྟེན་ལ། །གཡོན་ན་ནེའུ་ལེའི་རྐྱལ་པ་འཛིན། །བྱང་ཕྱོགས་སུ་ནི་དགོད་བྱ་བ། །བདུད་རྩི་འཁྱིལ་པ་ཡོངས་སུ་གནས། །ཁ་དོག་སྔོན་པོ་ཁྲོ་གཉེར་ཞལ། །གཡས་བསྐུམ་ གཡོན་བརྐྱང་སྟང་སྟབས་ཚུལ། །ཕྱག་གཉིས་བྲང་དུ་བསྣོལ་མཛད་དེ། །གཡོན་དུ་ཅུང་ཟད་གཟིགས་པ་ཡིན། །བྱང་ཤར་རྡོ་རྗེ་གནོད་སྦྱིན་ཏེ། །ཁ་དོག་དམར་ནག་འཇིགས་པ་སྟེ། །ཞལ་གཅིག་ཕྱག་ནི་གཉིས་པ་ལ། །གཡས་པས་གྲི་གུག་རྣོན་པོ་འཕྱར། །གཡོན་ན་ཅང་ཏེའུ་ དྲག་པོ་བརྡུང་། །གཡས་བརྐྱང་གཡོན་བསྐུམ་གར་ཐབས་ཚུལ། །ཤར་ལྷོར་རྡོ་རྗེ་རོ་ལངས་ཉིད། །ཁ་དོག་སྔོ་སྐྱ་འཇིགས་པའི་གཟུགས། །ཞལ་གཅིག་ཕྱག་ནི་གཉིས་པ་དང་། །རྡོ་རྗེ་ལྕགས་སྒྲོག་རབ་བཟུང་ནས། །གུང་སྲིན་ལ་སོགས་གསུམ་པོ་རྣམས། །དམ་པོར་བཟུང་ནས་ ཡོངས་སུ་བསྡམས། །མཐེབ་མཛུབ་བཞི་རྣམས་རབ་བརྐྱང་སྟེ། །སྤྱི་བོར་བསྣོལ་བ་རེངས་པར་གནས། །ལྷོ་ནུབ་རྡོ་རྗེ་མཁའ་འགྲོ་སྟེ། །ཁ་དོག་དམར་སྐྱ་དེ་ཉིད་ལ། །ཞལ་གཅིག་ཕྱག་ནི་གཉིས་པའི་གཟུགས། །ཤིན་ཏུ་མི་བཟད་དྲག་པོ་ལ། །ཞབས་གཉིས་མཐིལ་སྦྱར་བཙུགས་ པ་སྟེ། །ནམ་མཁའ་གྲུ་བཞི་པ་རུ་འདོད། །ཕྱག་གཉིས་སྤྱི་བོར་ཐལ་སྦྱར་ནས། །མེ་ལྕེ་འབར་བ་ཡོངས་སུ་འཛིན། །ནུབ་བྱང་རྡོ་རྗེ་འཇིགས་བྱེད་དེ། །ཁ་དོག་སྔོ་ནག་འཇིགས་པའི་གཟུགས། །ཞལ་གསུམ་ཕྱག་ནི་དྲུག་པ་ལ། །ཞབས་གཉིས་དག་ནི་རབ་ཏུ་བཤད། །གཡས་ གཡོན་དང་པོ་གླང་ཆེན་གྱི། །པགས་པས་ཡོངས་སུ་བརྒྱན་པ་ཡིན། །དེ་འོག་གཡོན་ན་དགྲ་སྟ་དང་། །རྡོ་རྗེས་ཡང་དག་བརྒྱན་པ་སྟེ། །གསུམ་པའི་གཡས་ན་ལྕགས་ཀྱུ་དང་། །གཡོན་པས་མི་མགོ་རློན་པ་འཛིན། །མཚམས་ཀྱི་གྲུ་ཆད་གང་ཡིན་པར། ། འོད་སྐྱེད་མ་དང་ཡིད་འཕྲོག་མ། །ཀུན་བཟང་མ་དང་གླུ་སྒྲ་ཅན། །ཞལ་གཅིག་ཕྱག་ནི་གཉིས་པ་ལ། །དཀར་སེར་དམར་དང་སྔོན་པོ་ཡི། །ཁ་དོག་ཅན་ལ་ལྡེམ་བག་ཅན། །ཤིན་ཏུ་མཛེས་པའི་ཕྱག་གཉིས་ཀྱིས། །སྤྱི་བོར་རབ་ཏུ་བཟུང་བ་ནི། །མེ་ཏོག་དྲི་དང་ཞལ་ཟས་དང་། ། སྒྲ་སྙན་གར་གྱི་རོལ་པས་གནས། །སྒོ་རྣམས་སུ་ནི་སྒོ་སྲུང་བ། །སྲོག་གཅོད་མ་དང་དབུགས་རྔུབ་མ། །ཁྲག་འཐུང་མ་དང་ཤ་ཟ་མ། །ཞལ་གཅིག་ཕྱག་ནི་གཉིས་པ་ལ། །སྟག་དང་སེང་གེ་སྦྲུལ་དང་ནི། །བྱི་ལའི་གདོང་དུ་གནས་པ་སྟེ། །རང་རང་རིགས་ཀྱི་ཁ་དོག་དང་། ། གཡས་པ་རྣམས་སུ་ཐོགས་པ་ནི། །ཐོ་བ་རྐྱལ་པ་ཧོམ་གཟར་དང་། །གྲི་གུག་རྣོན་པོ་ཡོངས་སུ་འཛིན། །གཡོན་པ་རྣམས་ན་ཐོགས་པ་ནི། །ཞགས་པ་ཐོགས་པར་གཅིག་པ་སྟེ། །མཆེ་བ་གཙིགས་ཤིང་རྔམས་པའི་སྐུ། །ཤིན་ཏུ་ཁྲོ་གཉེར་བརྗིད་པའི་ཞལ། །གཡས་བསྐུམ་ གཡོན་དུ་ཅུང་ཟད་གཟིགས། །ཧ་ལ་ཧ་ལ་སྒྲ་ཡང་སྒྲོགས། །གཞན་ཡང་ལྷ་རྣམས་དེ་དག་ཀུན། །ཐོད་པ་ལྔ་ཡིས་དབུ་ལ་བརྒྱན། །རྒྱན་ཆ་དང་ཡང་ཡང་དག་ལྡན། །སྟག་གི་པགས་པས་སྨད་དཀྲིས་པའོ། །པདྨ་འདབ་མ་བརྒྱད་པ་ཡི། །སྙིང་པོ་ལ་ནི་གཙོ་བོ་བཞུགས། ། འདབ་མ་ལ་ནི་ལྷ་རྣམས་དང་། །ཕྱི་རོལ་ཀེང་རུས་ཕྲེང་བས་བརྒྱན། །གྲུ་ཆད་ལ་ནི་ལྷ་མོ་བཞི། །སྒོ་རྣམས་ལ་ནི་སྒོ་སྲུང་དང་། །དཀྱིལ་འཁོར་རྫོགས་པར་བསམ་བྱས་ནས། །སྙིང་གར་རང་གི་ས་བོན་བསམ། །འོད་ཟེར་ཕྱུང་སྟེ་དེ་ནས་ནི། །ཡེ་ཤེས་འཁོར་ལོ་དགུག་བྱས་ལ། ། མདུན་དུ་གནས་པ་ཉིད་ལ་ཡང་། །ཞལ་བསིལ་ཉེ་རེག་འཐོར་འཐུང་སོགས། །ཡང་དང་ཡང་དུ་མཆོད་བྱས་ལ། །ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དང་། །དྲིལ་བུའི་ཕྱག་རྒྱ་བཞི་པོ་ཡིས། །ཛཿཧཱུཾ་བཾ་ཧོཿངེས་བརྗོད་ལ། །སྔགས་དང་ཕྱག་རྒྱ་སྦྱོར་ཤེས་པས། །དམ་ཚིག་འཁོར་ ལོ་མྱུར་དུ་གཞུག །དེ་ནས་ཡེ་ཤེས་སེམས་དཔའ་ཡི། །ཐུགས་ནས་འོད་ཟེར་འཕྲོས་བྱས་ནས། །ཀུན་བཟང་མ་སོགས་ལྷ་མོ་བཞི། །རྡོ་རྗེ་བུམ་པ་བཟུང་ནས་ནི། །མི་འཆི་ལྔ་ཡི་སྦྱོར་བ་ཡིས། །བདག་ལ་དབང་བསྐུར་ངེས་པར་བསྒོམ། །དེ་བསྐུར་དེ་ཡིས་སྐད་ཅིག་ལ། །སྔགས་ འདི་དག་ནི་རབ་ཏུ་བརྗོད། །ཨོཾ་ཨ་བྷི་ཥིཉྩ་ཏུ་མཱཾ་བཛྲ་པཱ་ཎི་ཡེ་ཧཱུཾ། དེ་ནས་ཁྱབ་པའི་བདག་པོ་ཡིས། །ཀུན་གྱི་སྤྱི་བོར་མཚན་མར་བྱ། །དེ་ནས་གོ་ཆ་བགོ་བ་སྟེ། །ཆུ་ཤིང་སྟེང་དུ་ཧཱུཾ་བསམས་ལ། །དེ་གྱུར་རྡོ་རྗེ་གོ་ཆར་བསྒོམས། །སྔགས་འདི་ཡིས་ནི་སྤྱི་བོར་གཟུགས། །དེ་ཡིས་ཀུན་ལ་ ཁྱབ་པར་བསམ། །བཛྲ་ཀ་བ་ཧཱུཾ། བདག་ཉིད་གོང་གི་གཟུགས་གནས་ལ། །སྟེང་དུ་མིག་འདྲའི་དངོས་པོ་བསྒོམ། །དེ་ལས་གོང་དུ་གྱུར་པ་ལས། །འཇིགས་བྱེད་རིགས་དགུ་རྣམ་པར་བསམ། །མི་འདྲ་སྦུ་གུ་རབ་སྦྱར་བས། །སྙིང་པོའི་སྟེང་དུ་གསལ་བར་སྣང་། །སྙིང་པོའི་སྟེང་དུ་ཆུ་ བསྒྲུབས་པས། །ཡན་ལག་སྟོང་དང་ལྡན་པ་ཉིད། །སྤུན་ལ་ཕྱོགས་པར་ཁ་བལྟས་ལ། །བདག་ལས་གོང་དུ་གྱུར་པ་ཡིས། །ཧཱུཾ་གཉིས་ལ་ནི་སྟེང་མ་ཡི། །ངེས་པར་གསལ་བར་རབ་བྱས་ལ། །དང་པོའི་སྙིང་པོར་རབ་སོང་སྟེ། །དེ་ལས་མི་འཆི་རབ་ལྡན་པས། །འཇིགས་བྱེད་སྟེང་ན་ རབ་གནས་པའི། །མིག་འདྲའི་ཡན་ལག་བརྒྱད་དང་ལྡན། །འཇོམས་བྱེད་མིག་འདྲའི་གར་མར་སྦྱོར། །ཐབས་དང་ཤེས་རབ་གསུམ་དུ་ངེས། །དངོས་པོ་གསུམ་དུ་རབ་བརྒྱུད་དེ། །སྙིང་པོའི་སྟེང་ན་གནས་པ་ཡི། །མི་འདྲའི་སྟེང་དུ་ངེས་པར་སོང་། །རང་གི་གར་མའི་ཁྱོན་ཙམ་ལ། ། སྐད་ཅིག་བྱེ་བྲག་བཅུ་དྲུག་པའི། །ཐབས་སུ་ཡོངས་སུ་རྫོགས་པ་སྟེ། །དང་པོ་དངོས་པོ་བརྟག་མི་བྱ། །རྫོགས་པ་ཉིད་ལས་མེ་འབར་བས། །རིམ་པ་དེ་ཉིད་མི་གནས་ཤིང་། །དང་པོའི་སྣང་བ་གང་ཡིན་པ། །མར་མེའི་རྩེ་མོ་ལྟ་བུ་ཡི། །ཕྱི་ནང་རང་བཞིན་འོད་གསལ་བའི། །དང་པོ་ རབ་ཏུ་བརྟག་བྱ་ཡི། །རིམ་པ་གསུམ་པར་རབ་རྫོགས་ཡིན། །སྐད་ཅིག་བྱེ་བྲག་བཅུ་པ་ཡི། །སྟེང་དུ་པད་གཉིས་རབ་འབར་དང་། །ཧཱུཾ་ལས་སྐྱེས་པ་ཐུབ་པའི་སྐུ། །ཡང་དག་པར་ནི་བརྟག་པ་ཡིན། །འོན་ཀྱང་གོང་མའི་ས་བོན་ལས། །བསྐྱེད་པར་བྱ་བ་ཁོ་ན་ཡིན། །སེམས་ དཔའ་གཉིས་སུ་ངེས་པ་དང་། །འཁོར་ལོ་སྤྲོས་པས་ཆར་ལྟ་བུ། །ལོག་རྟོག་ཤིན་ཏུ་སྨིན་བྱེད་པ། །སྐྱོན་བསལ་ནས་ནི་དེ་ཉིད་དུ། །སླར་ཡང་ངོ་བོས་ཡང་དག་གནས། །དེ་ལྟར་གསལ་བར་མ་འཁྲུག་པར། །སྐྱོན་གྱིས་མ་གོས་དྲི་མེད་དོ། །སྔགས་ཀྱི་ ཆོ་ག་གསུམ་ལས་ནི། །ཁྱབ་པར་ངེས་པར་དམིགས་བྱས་ལ། །བདག་ཉིད་ཐ་མལ་གཟུགས་ཀྱིས་གནས། །དེ་དག་ཕན་ཚུན་བརྒྱུད་པ་ཡིན། །ཟོ་ཆུའི་ཁྱུད་མོ་བཞིན་དུ་བསམ། །དྲག་པོའི་བཟླས་པ་དེ་ཉིད་དང་། །རང་བཞིན་རྡོ་རྗེ་བཟླས་པའོ། །རིགས་གསུམ་ཡང་དག་བསྡུས་ པ་ཡིན། །ཨོཾ་བྷོ་བྷོ་བཱན་ནཱ་ག་ཨ་དྷི་པ་ཏ་ཡེ། ཨི་དཾ་ནཱི་ལཱཾ་བ་ར་དྷ་ར་ཤ་རཱི་རཾ། བཛྲ་པཱ་ཎི་ཧྲྀ་ད་ཡཾ། ཡཿས་མཱ་ཏི་ཀྲ་མཱ་ཏ། ཨུཏྶཱ་ད་ནཱཾ་བྷ་བིཥྱནྟི། ཏདྱ་ཐཱ། བུདྡྷ་བུདྡྷ། བི་བུདྡྷ་བི་བུདྡྷ། མ་ཏི་ཀྲ་མཱ་ཐ། ཧ་ར་ཧ་ར་ནཱ་གཱ་ནཱཾ། པྲ་ཧ་ར་པྲ་ཧ་ར་ནཱ་གཱ་ནཱཾ། ཚིནྡ་ཚིནྡ་ནཱ་ག་ཧྲྀ་ད་ཡ་ནི། བྷིནྡ་ བྷིནྡ། ནཱ་ག་མརྨ་ཎི། བི་སི་མ་ད་ན་ག་ཤ་རཱི་རཾ། བི་སྥོ་ཊ་ཡ་ནཱ་ག་ན་ཡ་ན་ནི། ཏདྱ་ཐཱ་ཧཱུཾ་ཕཊ། ནཱ་ག་བི་དཱ་ར་ཎཱ་ཡ་ཧཱུཾ་ཕཊ། ནཱ་གོཏྶཱ་ད་ནཱ་ཡ་ཧཱུཾ་ཕཊ། ནཱི་ལཱཾ་བ་ས་ནཱ་ཡ་ཧཱུཾ་ཕཊ། ཨ་པྲ་ཏི་ཧ་ཏ་བ་ལ་ཡ་ཧཱུཾ་ཕཊ། པ་ར་པྲ་མ་ཡ་ཧཱུཾ་ཕཊ། ཀྲྀ་ཏཱནྟཱ་ཡ་ཧཱུཾ་ཕཊ། ཀྲྀ་ཏཱནྟ་རཱུ་པ་ཡ་ཧཱུཾ་ཕཊ། རོ་ ཥ་ཎཱ་ཡ་ཧཱུཾ་ཕཊ། ཏྲཱ་ས་ནཱ་ཡ་ཧཱུཾ་ཕཊ། ཀུསྨ་ཎྜོཏྶཱད་ནཱ་ཡ་ཧཱུཾ་ཕཊ། པྲེ་ཏ་པི་ཤཱ་ཙ་བི་ནཱ་ཤ་ཀ་རཱ་ཡ་ཧཱུཾ་ཕཊ། ཡཀྵ་ཨ་པསྨཱ་ར་བི་ནཱ་ཤ་ཀ་རཱ་ཡ་ཧཱུཾ་ཕཊ། ཧ་ས་ཧ་ས། དཱ་ར་དཱ་ར། མཱ་ར་ཡ་མཱ་ར་ཡ། ནཱ་ཤ་ཡ་ནཱ་ཤ་ཡ། སརྦ་བིགྷྣཱཾ་བི་ནཱ་ཤ་ཀ་རཱ་ཡ་ཧཱུཾ་ཕཊ། སརྦ་ཤ་ཧྲཱུཾ་སཾ་གྷ་བི་ནཱ་ཤ་ཀ་རཱ་ཡ་ ཧཱུཾ་ཕཊ། ནཱི་ལཱཾ་བ་ར་དྷ་ར་བཛྲ་པཱ་ཎི་རཱ་ཛྙཱ་པ་ཡ་ཏི་སྭཱ་ཧཱ། ཨོཾ་ཏྲ་ཏ་ཀ་རཱ་ལ་ཀྲ་བི་ཤ་ན་ནཱི་ལཱཾ་བ་ར་དྷ་ར་བཛྲ་པཱ་ཎ་ཡེ། ནཱ་གཱ་ལཾ་ཀ་ར་ས་ས་ཀོ་ཏ། བྱ་ཙ་ར་ཎི་བ་ས་ནཱ་ཡ་བྷ་མ་ཀ་རི་གྷ་ར་ཧ་ས་ཧ་ཡེ། ཏོད་ཏ་མུ་ཏེ་ན་ཏྲཻ་ལོཀྱ་དྷ་ཧ་པ་བྷྲ་མནྡྲ་མ་ས་ར་ན་རུ་ཏ་ཡ། ནཱ་ག་ཅ་ཏུ་རཾ་བྷཀྵ་ཧཱུཾ་ཕཊ། ཨོཾ་ཏྲཻ་ལོཀྱ་ བི་ཛ་ཡ་ཧཱུཾ་ཕཊ། ཨོཾ་མ་ཧཱ་ཀཱ་ལ་རོ་ཥ་ན་ཧཱུཾ་ཕཊ། ཨོཾ་བཻ་ཤྲ་མ་ཎ་ཡེ་ཧཱུཾ་ཕཊ། ཨོཾ་ཨ་མྲྀ་ཏ་ཀུཎྜ་ལི་ཧ་ན་ཧ་ན་ཧཱུཾ་ཕཊ། ཨོཾ་བཛྲ་ཡཀྵ་ཧཱུཾ་ཕཊ། ཨོཾ་བཛྲ་བེ་ཏཱ་ལི་ཧཱུཾ་ཕཊ། ཨོཾ་བཛྲ་བྷཻ་ར་བཱ་ཡ་ཧཱུཾ་ཕཊ། ཨོཾ་བཛྲ་པྲ་བིཏ་པ་ཏ་ཡེ་ཧཱུཾ་ཕཊ། ཨོཾ་མ་ནོ་ཧ་ར་ནཱ་ཡ་ཧཱུཾ་ཕཊ། ཨོཾ་ས་མནྟ་བྷ་དྲ་ཡེ་ཧཱུཾ་ ཕཊ། ཨོཾ་ཤཔྟ་གཱི་ཏི་ཡ་ཧཱུཾ་ཕཊ། ཨོཾ་པྲཔྟི་ཏ་ནཱ་ཡ་ཧཱུཾ་ཕཊ། ཨོཾ་སོ་ཤོ་སོ་ག་པ་ཡ་ཧཱུཾ་ཕཊ། ཨོཾ་ར་ཀ་ཏི་པྲ་ཡ་ནི་ཧཱུཾ་ཕཊ། ཨོཾ་མ་ས་བྷཀྵི་ཧཱུཾ་ཕཊ། དེ་ནས་ཕྱོགས་བཅུ་འཁྲུགས་པ་ལས། །ཡི་གེ་ངེས་པ་གང་ཡིན་པ། །བླ་མའི་མན་ངག་རབ་གསལ་བས། །གཅིག་ཏུ་བསྡུས་ཏེ་བཟླས་པར་ བྱ། །རང་བྱུང་སྔགས་པ་བདག་ཉིད་ལ། །གྲངས་ཚད་བཟུང་བ་གང་ཡིན་པ། །རིགས་ཀྱི་དབང་གིས་བཤད་པར་བྱ། །ཐ་མལ་པ་ཡི་གཟུགས་སུ་གནས། །གཙོ་བོ་ཉིད་ལ་འདི་བསྟོད་བྱ། །ཧཱུཾ་གནོད་སྦྱིན་སྡེ་དཔོན་ཆེན་པོ་ནི། །གདུག་པ་རྣམས་ལ་མེ་ལྟར་འབར། །སྟོང་ གསུམ་མ་ལུས་སྐྲག་མཛད་པའི། །འབར་བ་ཆེ་ལ་ཕྱག་འཚལ་ལོ། །ཧ་ཧ་ངེས་པར་སྒྲོགས་པ་ཡིས། །སྲིད་གསུམ་མ་ལུས་གཡོ་མཛད་པའི། །རྔམ་ཞིང་གློག་ལྟར་འགྱུར་བའི་སྒྲ། །གསུས་པོ་ཆེ་ལ་ཕྱག་འཚལ་ལོ། །ཤིན་ཏུ་མི་བཟད་གདུག་པའི་ཐུགས། །གཤེ་དང་ རྔམས་པ་གདུག་པའི་བདག །ཆོས་ཉིད་དང་ལས་རྟོག་བྲལ་བ། །རྡོ་རྗེའི་ཐུགས་ལ་ཕྱག་འཚལ་ལོ། །རྡོ་རྗེའི་དཀྱིལ་འཁོར་མེ་ལྕེ་ཡིས། །སྤྲིན་དམར་རབ་ཏུ་འཕྲོ་མཛད་པ། །ཁྲོ་བོ་ཁྲོ་མོ་འོད་ཟེར་ཆེ། །གཙོ་འཁོར་ལྡན་ལ་ཕྱག་འཚལ་འདུད། དེ་ནས་སྲུང་བའི་འཁོར་ལོ་ ནི། །བྱས་པས་བགེགས་ནི་མི་འཇུག་ཡིན། །དེས་ན་སྲུང་བའི་འཁོར་ལོས་བསྲུང་། །འོག་ཏུ་ཧཱུཾ་ལས་སྐྱེས་པ་ཡི། །རྡོ་རྗེ་ཀུན་འབྱུང་ཡང་དག་བསམ། །དེ་སྟེང་ཧཱུཾ་ལས་སྐྱེས་པ་ཡི། །རྡོ་རྗེ་རྩེ་ལྔར་བདག་སེམས་ཏེ། །འགྲོ་དང་འཆག་དང་འདུག་ཀྱང་རུང་། །ཉལ་ལ་སོགས་ པའི་སྤྱོད་ལམ་ལ། །དེ་གྱུར་ལག་ན་རྡོ་རྗེར་བསམ། །ཀུན་ལ་དེ་ཡི་འོད་འཕྲོས་པས། །མེ་ལྕེའི་ཕུང་པོ་འབར་བར་བསྒོམ། །དེ་ཡིས་ཐམས་ཅད་བསྲུང་བར་འགྱུར། །ཟས་ཀྱི་རྣལ་འབྱོར་སྤྱད་པར་བྱ། །ཨ་ལས་དགེ་སྦྱོང་རབ་བསམས་ལ། །དེ་འོག་འབྱུང་བའི་ས་བོན་ ཉིད། །བསམས་ལ་དེ་རྒྱུད་དངོས་པོ་ལ། །ཤར་ལ་སོགས་པའི་ཕྱོགས་རྣམས་སུ། །མི་འཆི་ལྔ་ནི་ཡང་དག་བསྒོམ། །དེ་ཡི་ནང་དུ་ཧཱུཾ་འབར་བས། །དངོས་པོ་ཐམས་ཅད་ཞུ་བར་བསམ། །དེ་བསམས་དེ་ཡི་ཚེ་ན་ནི། །སྔགས་ནི་བཛྲ་ཨ་མྲྀ་ཏ་ཧ། །དེ་སྟེང་ཨོཾ་གྱིས་རབ་ མཚན་ལ། །མཐའ་མར་ཧཱུཾ་གིས་རབ་ཏུ་བརྒྱན། །དེ་ནས་སྙིང་གའི་ས་བོན་ལས། །འོད་ཟེར་ནམ་མཁའ་ཕྱོགས་སྤྲོས་པས། །བདེ་བར་གཤེགས་པའི་བདུད་རྩིས་གང་། །དེ་ནི་ཡོངས་སུ་འདྲེས་པར་བསམ། །རང་གི་གནས་ན་གནས་པ་ལས། །རེ་ཕ་ལ་ནི་ ཤིང་རྟ་བཅུ། །དེ་ལས་དེ་ཡི་སྟེང་དུ་ནི། །པཾ་ལས་པདྨ་འདབ་བཅུ་དྲུག །ངེས་པར་ཡང་དག་ལྡན་པར་བྱ། །དེ་ཡང་གེ་སར་སྙིང་པོར་ལྡན། །སྙིང་པོ་ལ་ནི་གཙོ་བོ་སྟེ། །འདབ་མ་དག་ལ་ལྷ་རྣམས་ཉིད། །རང་བཞིན་གསལ་བར་ཡོངས་སུ་བརྟག །འོག་ཏུ་རཾ་ལས་མེ་ཡི་ནི། ། དཀྱིལ་དུ་འབར་བར་ངེས་པར་བསམ། །དེ་ནས་ལག་པ་གཡས་པ་ལ། །བཞི་པོ་དགང་གཟར་ངོ་བོ་ཉིད། །དང་པོར་བླུགས་གཟར་བསམས་བྱས་ལ། །སྔགས་འདི་བརྗོད་ལ་བཟའ་བར་བྱ། །དེས་ཟོས་ཚོགས་ཀྱི་འཁོར་ལོ་ལ། །མཆོད་པ་རྒྱ་ཆེན་བྱས་པར་འགྱུར། །ཨོཾ་བཛྲ་ པཱ་ཎི་ག་ཎཱ་ཡ་སྭཱ་ཧཱ། སྐྱེས་བུ་ཁྲུས་ལ་རབ་བརྩོན་ན། །ཆུ་བོའི་འགྲམ་དུ་སོང་བ་ལས། །དང་པོར་གཙོ་ལ་ཕྱག་འཚལ་ནས། །ཆུ་ལ་སྔགས་ཀྱིས་གདབ་པར་བྱ། །དེ་ནས་ཁྲུས་དག་བྱས་པ་ཡིས། །ཕྱི་ནས་ལྔ་ཡི་དང་པོ་ལ། །ཧཱུཾ་ལས་རྡོ་རྗེ་རྩེ་ལྔ་བསྒོམ། །བཞི་པོ་འདི་བསྐྱེད་ ས་ལ་སོགས། །ལྷ་མོ་རྣམས་ཀྱི་བུམ་པ་ལས། །བདུད་རྩིའི་དབང་བསྐུར་ཁྲུས་བྱེད་ཡིན། །དེ་ནས་ཁུ་ཚུར་བཅངས་པ་ལས། །མཐེ་བོང་བསྒྲེང་སྟེ་སྤྱི་བོར་ནི། །སྔགས་འདི་ཡིས་ནི་ཆུས་མནན་བྱ། །དེ་བྱས་དབུ་ལ་ཁྲུས་བྱེད་དེ། །འགྲོ་བ་མ་ལུས་དག་པར་བཤད། །ཨོཾ་བཛྲ་ སྣ་ན་ཧཱུཾ། བཟླས་པ་བྱེད་ཅིང་ཁྲུས་བྱས་ན། །ཡོན་ཏན་བརྗོད་ཀྱིས་མི་ལང་བས། །ཕྱི་ཡི་ཁྲུས་ནི་དེ་དག་ལ། །ནང་གི་ཁྲུས་ནི་མི་རྟོག་པས། །ཐམས་ཅད་དག་པར་འགྱུར་བ་ཡིན། །བདག་གིས་འཇིག་རྟེན་དོན་དུ་ནི། །སྒྲུབ་པའི་ཐབས་འདི་བྱས་པ་ལ། །དགེ་བ་དྲི་མེད་གང་ ཐོབ་དེས། །འགྲོ་བ་མཐའ་དག་མ་ལུས་པར། །ལམ་འདི་ལ་ནི་བརྟེན་བྱས་ནས། །སངས་རྒྱས་ཀུན་གྱི་ངོ་བོ་ཉིད། །ཕྱག་ན་རྡོ་རྗེ་ཐོབ་པར་ཤོག །སློབ་དཔོན་ཆེན་པོ་ཕྱག་རྒྱའི་དངོས་གྲུབ་བརྙེས་པ་ཕྱག་ན་རྡོ་རྗེས་མཛད་པ་མེ་ལྕེ་ཕྲེང་བའི་སྒྲུབ་ཐབས་རྫོགས་སོ།། །། ༄༅༅། །རྒྱ་གར་སྐད་དུ། མ་ཧཱ་ཡཀྵ་སེ་ནཱ་པ་ཏི་ནཱི་ལཱམྦ་ར་དྷ་ར་བཛྲ་པཱ་ཎི་སཱ་དྷ་ནཾ། བོད་སྐད་དུ། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ལག་ན་རྡོ་རྗེ་གོས་སྔོན་པོ་ཅན་གྱི་སྒྲུབ་ཐབས། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །དང་པོར་རེ་ཞིག་རང་གི་སྙིང་གར་ཟླ་བའི་དབུས་སུ་ཡི་ གེ་ཧཱུཾ་བསམས་ཏེ། དེའི་འོད་ཟེར་གྱིས་བླ་མ་དང་སངས་རྒྱས་ལ་སོགས་སྣང་བྱ་སྟེ། མཆོད་པ་བྱ་བ་ནི་དཀོན་མཆོག་གསུམ་ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་བརྗོད་ནས། བྱམས་པ་དང་སྙིང་རྗེ་དང་དགའ་བ་དང་བཏང་སྙོམས་བསྒོམ་མོ། །དེ་ནས་རང་གི་སེམས་རིག་ པར་བྱ་སྟེ། ཆོས་ཐམས་ཅད་གདོད་མ་ནས་མ་སྐྱེས་པ་སྟེ། རང་བཞིན་གྱིས་འོད་གསལ་བས་བདག་མེད་པ་སེམས་ཀྱི་སྤྲུལ་པ་ཙམ་སྟེ། འདི་ལྟར་བསམས་ནས་དེ་ཉིད་ཀྱི་སྔགས་བརྗོད་པར་བྱའོ། །དེ་ནས་རྣམ་པ་ལྔ་མངོན་པར་བྱང་ཆུབ་པའི་རིམ་པས། བཅོམ་ལྡན་ འདས་དཔལ་ཕྱག་ན་རྡོ་རྗེ་བསྒོམ་པར་བྱ་སྟེ། སྐུ་མདོག་ནག་པོ་ཡི་གེ་ཧཱུཾ་ལས་བྱུང་བ། ཞལ་གཅིག་ཕྱག་གཉིས་རྡོ་རྗེ་དྲིལ་བུ་བསྣམས་པ། སྤྱན་གསུམ་པ་སྦྲུལ་གྱིས་བརྒྱན་པ། གོས་སྔོན་བསྣམས་པ་མཆེ་བ་གཙིགས་པ། འདོད་དགུར་བསྒྱུར་བའི་གཟུགས་ཅན། གསང་ སྔགས་ལས་ཇི་སྐད་བརྗོད་པའི་ཚུལ་འཛིན་པར་བསྒོམས་ནས། ཡེ་ཤེས་སེམས་དཔའ་སྤྱན་དྲངས་ཏེ་ཡང་དག་པར་མཆོད་ནས། དགུག་པ་དང་། གཞུག་པ་དང་། བཅིང་བ་དང་། རྗེས་སུ་མཉེས་པར་བྱས་ལ། ལུས་ངག་ཡིད་གསུམ་བྱིན་གྱིས་བརླབ་པ་དང་། ཕུང་པོ་དང་སྐྱེ་ མཆེད་ལྷའི་ང་རྒྱལ་བྱས་ཏེ་དབང་བསྐུར་ནས། ཡང་མཆོད་པ་དང་བསྟོད་པ་དང་། བདུད་རྩི་མྱང་བ་ལ་ཐུག་པ་བྱས་ནས། ཨོཾ་ནཱི་ལཱཾ་བ་ར་དྷ་ར་ཡ། ཞེས་བྱ་བ་ལ་སོགས་པའི་སྔགས་བཟླས་པར་བྱའོ། །བཟླས་པས་སྐྱོ་ན་ཅུང་ཟད་བསྒོམ་པར་བྱའོ། །དེ་ནས་ལྡང་བར་འདོད་ ན་གཏོར་མ་བྱིན་གྱིས་བརླབས་ཏེ་བསྔོས་ལ། དེ་ནས་ཡེ་ཤེས་ཀྱ