Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 44
Văn bản gốc(Tây Tạng)
Trang 17 / 19 (50.000 ký tự/trang)
ེ་ངེས་པར་ཤེས་པ་ཡིས། །རབ་གནས་བྱ་བར་རིགས་པ་ཡིན། །བསོད་ནམས་སྤེལ་བར་བྱ་བའི་ ཕྱིར། །དད་པས་ཇི་ལྟར་ཆོ་ག་བཞིན། །ཆོ་ག་དམན་པས་མི་བྱ་སྟེ། །རབ་གནས་རྟག་ཏུ་སྨད་པས་ན། །ཚེ་འདིར་སྡུག་བསྔལ་ཆེན་པོ་དང་། །ཕ་རོལ་དུ་ཡང་འཇིགས་པ་ཆེ། །དེ་ལྟར་ཀུན་དུ་འབད་པ་ཡིས། །གྲུབ་པར་འདོད་པས་བྱ་བ་ཡིན། །བྱ་བ་རང་གིས་ནུས་པ་ཡིས། །ཆོ་ག་བཞིན་དུ་ཀུན་ རྫོགས་བྱ། །དེ་ལྟར་བྱས་ནས་བསོད་ནམས་ཆེ། །མཐོང་དང་མ་མཐོང་ཀུན་དུ་སྐྱེ། །ལྷ་ཡི་བདག་ཉིད་ཆེན་པོ་ཡང་། །བྱིན་གྱིས་རློབ་ཅིང་ཉེ་བར་འགྱུར། །དེ་ལ་དད་པ་དང་བས་གསོལ། །སློབ་མས་ལན་གྲངས་ཁྱད་པར་དུ། །ཉི་མ་སྐར་མ་བཟང་པོ་དང་། །གཟའ་དང་འབྱོར་པ་ལྡན་པ་ལ། ཤིན་ཏུ་སར་པའི་གོས་གྱོན་ཅིང་། །དྲི་དང་བདུག་པས་རབ་བསྒོས་ཏེ། །ཐམས་ཅད་རྒྱན་གྱིས་ཡན་ལག་མཛེས། །དྲི་ཞིམ་མེ་ཏོག་གིས་མཆོད་ནས། །ལག་ན་རྡོ་རྗེ་དྲིལ་ཐོགས་ནས། །སློབ་མ་དང་བཅས་མཆོད་པར་བྱ། །གདུགས་དང་རྒྱལ་མཚན་བ་དན་སོགས། །བླ་རེ་རྒྱ་ཆེར་བྲི་བར་བྱ། །བུམ་ པ་གང་སོགས་དེ་བཞིན་གཞག །བཀྲ་ཤིས་རྫས་ཀྱིས་བརྒྱན་པ་དང་། །པི་ཝང་གླིང་བུ་རྫ་རྔ་སོགས། །གླུ་དང་གར་དང་དགའ་སྟོན་ཆེ། །སྣ་ཚོགས་མེ་ཏོག་རྒྱ་ཆེར་བཀྲམ། །ཙནྡན་ཨ་ཀ་རུ་ཡིས་བདུག །དྲི་ཞིམ་ཙནྡན་བཟང་པོས་བྱུག །བདུད་རྩི་འཁྱིལ་པས་བསྲུང་བར་བྱ། །ཁྲུ་བཞི་ པ་ལ་གྲུ་བཞི་པ། །དཔངས་སུ་དེ་ཡི་ཕྱེད་དུ་བྱ། །རབ་ཏུ་དབེན་ཞིང་ཡིད་དགའ་བ། །མཛེས་པའི་ཀ་བས་བརྒྱན་པ་ཡི། །གནས་སུ་འབད་པས་རབ་ཞུགས་ནས། །རབ་གནས་ཆོ་གའི་གནས་སུ་ནི། །འཇམ་ལ་རབ་གཙང་མཐོ་བ་ཡི། །བདེ་བའི་སྟན་ལ་འདུག་ནས་ནི། །རབ་གནས་ དཔལ་ལྡན་བདག་ཉིད་ཀྱིས། །ཏིང་འཛིན་གསུམ་ལྡན་སློབ་དཔོན་གྱིས། །ས་ནི་ཡོངས་སུ་གཟུང་བར་བྱ། །བགེགས་མེད་ཕྱིར་ནི་ཕུར་བུས་གདབ། །ཕྱོགས་མཚམས་བཅིང་བར་བྱ་བ་དང་། །དྲ་བ་ར་བ་མཁས་པས་བྱ། །བསྙེན་པ་བུམ་པའི་ཆོ་ག་བཞིན། །དཀྱིལ་འཁོར་ཆོ་ག་ཇི་ ལྟ་བར། །གོས་བཟངས་ཀྱིས་ནི་མགུལ་པ་བཅིང་། །ཨ་མྲའི་ལོ་མས་ཁ་དགབ་སྟེ། །བུམ་པ་དཀྱིལ་འཁོར་སྔགས་ཀྱིས་བསྙེན། །འབྲུ་ལྔ་སྨན་དང་རིན་ཆེན་དང་། །ཙནྡན་ཆུ་ཡིས་དགང་བྱས་ཏེ། །མེ་ཏོག་ཕྲེང་བཅིངས་རྡོ་རྗེ་གཞག །འཁོར་ལོའི་གཙོ་བོས་རྣམ་རྒྱལ་བཟླས། ། མཆོད་ཡོན་ཕུལ་ནས་ཡང་དག་མཆོད། །མེ་ཏོག་དཀར་པོ་བཀྲམ་པ་དང་། །ལྷ་ཡི་མདུན་དུ་གནས་བྱས་ཏེ། །དེ་ཡི་འོག་ཏུ་རྫོགས་བྱས་ནས། །ཐམས་ཅད་ལས་ཀྱི་མཆོག་ལྡན་པ། །མཉམ་པའི་སེམས་ཀྱིས་དཀྱིལ་འཁོར་ལ། །དབུ་གསུམ་ཕྱག་དྲུག་རང་གི་ནི། །མཛེས་པའི་ ཤེས་རབ་དགའ་བ་ཡིས། །སྒྲུབ་པ་ཆེན་པོའི་མཐར་ཐུག་པར། །ཆོ་ག་ཇི་བཞིན་རྫོགས་པར་བྱ། །ནམ་མཁའི་མཐར་ཐུག་སྤྲོ་བྱས་ཏེ། །སངས་རྒྱས་ཚོགས་ནི་མདུན་དུ་བལྟ། །མཆོད་ཡོན་ཞལ་བསིལ་རང་སྔགས་ཀྱིས། །འཐོར་འཐུང་ཡང་ནི་དེ་བཞིན་བྱ། །བགེགས་ མཐར་སྔགས་ཀྱིས་བཏབ་པའི་ཆུས། །མཆོད་པ་ཀུན་ལ་བསང་གཏོར་བྱ། །མེ་ཏོག་ལ་སོགས་ཅི་འབྱོར་དང་། །དེ་བཞིན་རྡོ་རྗེ་གཟུགས་སོགས་ཀྱིས། །ཀུན་དུ་ཡང་དག་མཆོད་པར་བྱ། །བདུད་རྩི་མྱང་སོགས་མཁས་པས་བྱ། །ཐལ་མོ་སྦྱར་ནས་ཕྱག་འཚལ་ཏེ། །མེ་ཏོག་གཏོར་ནས་འདི་ སྐད་བརྗོད། །ཨོཾ་སརྦ་ཏ་ཐཱ་ག་ཏ་སུ་ལ་ལི་ཏ་བི་ལཱ་སྱ། ན་མི་ཏ་ན་མིཿཏྭཱཏ། བྷ་ག་ཝཱན་ཏཾ་ཛཿཧཱུྃ་བཾ་ཧོཿ། པྲ་ཏཱིཙྪ་ཀུ་སུ་མཱཉྫ་ལི་ནཱ་ཐཱ་ཧོ་ས་མ་ཡ་སྟཱཾ་མ་ཧཱ་མི་ཏི། དེ་ནས་སྤོས་ཀྱིས་མཆོད་བྱ་སྟེ། །ས་ལ་པུས་མོ་བཙུགས་ནས་ནི། །མགོན་པོ་འདིར་གཤེགས་སྤྱན་འདྲེན་ཞེས། །དེ་ལྟར་ཚིག་ནི་ བརྗོད་པར་བྱ། །འདི་ཞེས་བྱ་བ་བཅོམ་ལྡན་འདས། །རིག་སྔགས་རྒྱལ་ལ་ཕྱག་འཚལ་ལོ། །ཐུགས་རྗེ་ཆེན་པོ་སྤྱན་དབྱེ་བར། །མགོན་པོ་བདག་ནི་བགྱིད་པར་འཚལ། །སློབ་མ་ལ་ཡང་ཕན་པ་དང་། །ཁྱེད་རྣམས་ལ་ཡང་མཆོད་པའི་ཕྱིར། །བཅོམ་ལྡན་བགྱིད་པར་འཚལ་ལགས་ན། །དེ་ བས་མགོན་པོ་གནང་བའི་རིགས། །ཇི་ལྟར་སངས་རྒྱས་ཐམས་ཅད་དག །དགའ་ལྡན་གནས་ན་བཞུགས་པ་ལས། །ལྷ་མོ་སྒྱུ་འཕྲུལ་ལྷུམ་གཤེགས་ལྟར། །དེ་བཞིན་གནས་འདིར་གཤེགས་སུ་གསོལ། །མགོན་པོ་གནས་འདིར་རྟག་ཏུ་ཡང་། །བཞུགས་ནས་མེ་ཏོག་སྤོས་འདི་དག །བྱང་ ཆུབ་སེམས་ནི་རབ་འཕེལ་ཕྱིར། །འདི་ཡི་དོན་དུ་བཞེས་སུ་གསོལ། །སངས་རྒྱས་བདག་ལ་དགོངས་སུ་གསོལ། །འགྲོ་བའི་འཁོར་བའི་དོན་དུ་ནི། །འབྲས་གནས་བྱང་ཆུབ་སེམས་དཔའ་དང་། །གང་ཡང་གསང་སྔགས་ལྷ་རྣམས་དང་། །འཇིག་རྟེན་སྐྱོང་བའི་ལྷ་རྣམས་དང་། །འབྱུང་པོ་ཡང་ དག་རྫོགས་པ་ཡི། །སངས་རྒྱས་བདག་ལ་དགའ་ཀུན་དང་། །གཞན་ཡང་ལྷ་ཡི་སྤྱན་མངའ་བ། །འདི་ཞེས་བྱ་བ་རྡོ་རྗེ་བདག །རིག་པའི་རྒྱལ་པོ་འདི་ཡི་ནི། །ཅི་ནས་རབ་གནས་བགྱིད་ལགས་ན། །བྱིན་གྱིས་བརླབས་པར་མཛད་དུ་གསོལ། །དུས་གསུམ་དུ་ནི་སྤྱན་དྲངས་ཏེ། །སྔ་མ་བཞིན་དུ་ རབ་མཆོད་ནས། །རོལ་མོ་དྲིལ་བུས་ཡང་དག་བསྟོད། །དེ་ནས་བདུད་རྩི་མྱང་བར་བྱ། །དེ་བཞིན་དུ་ནི་སྤྱན་དྲངས་ནས། །བདག་ཉིད་སྤྲོ་བ་བསྐྱེད་པར་བྱ། །དེང་བདག་སྐྱེ་བ་འབྲས་བུ་ཡོད། །དེང་བདག་འཚོ་བ་འབྲས་བུར་བཅས། །དམ་ཚིག་ལྷ་དང་མཉམ་པར་ནི། །བདག་ཉིད་གྱུར་ པར་ཐེ་ཚོམ་མེད། །བྱང་ཆུབ་སེམས་དཔའི་སེམས་ཀྱིས་ནི། །བདག་ནི་ཕྱིར་མི་ལྡོག་པར་གྱུར། །དེ་བཞིན་གཤེགས་པའི་རིགས་སྐྱེས་པར། །དེང་བདག་གྱུར་པར་ཐེ་ཚོམ་མེད། །བདག་གི་ཉི་མ་དེང་མཆོག་ཡིན། །དེང་གི་མཆོད་པ་བླ་ན་མེད། །སངས་རྒྱས་ཐམས་ཅད་སྤྱན་ དྲངས་པས། །དེང་གི་འདུས་པ་མཆོག་ཡིན་ནོ། །དེ་ནས་ཕྱོགས་སྐྱོང་གཏོར་མ་སྦྱིན། །འབད་པས་སློབ་མ་བསྲུང་བར་བྱ། །ཁྲོ་བོ་བདུད་རྩི་འཁྱིལ་བཟླས་པའི། །སྐུད་པས་དཔུང་པ་བཅིང་བར་བྱ། །དེ་ནས་བསང་བྱས་དྲི་ཡིས་བྱུག །སྙིང་གར་ཞི་བའི་རིགས་པས་བསྲུང་། །ལྷ་ རྣམས་རབ་གནས་བྱ་བའི་ཕྱིར། །བདུད་རྩི་འཁྱིལ་བས་བསྲུངས་ཏེ་ཉལ། །སློབ་མ་ཡི་ནི་བསྙུང་བར་བྱ། །ཆོ་ག་ལྷན་ཅིག་བྱས་ནས་ནི། །ཇི་སྐད་བསྒོམ་པ་བཞིན་བྱས་ཏེ། །བླ་མའི་ཚིག་བཞིན་མཆོད་ལ་སོགས། །གཡོ་མེད་པས་ནི་རབ་བྱས་ན། །མཆོད་སྦྱིན་འབྲས་བུ་ཐོབ་ པར་འགྱུར། །འདི་ནི་བསྙེན་པའི་ཆོ་གའོ། །དེ་ནས་ཕྱེད་ཉིན་ནང་པར་ནི། །ཡོ་བྱད་ཐམས་ཅད་ལྡན་པར་བསག །མ་ལ་ཏིལ་དང་མ་ལི་ཀ །ནཱ་ག་གེ་སར་ཕྲེང་བས་བརྒྱན། །སྔ་མ་བཞིན་དུ་གོས་གཙང་བགོ། །རྒྱན་རྣམས་ཀྱིས་ནི་མཛེས་པར་བྱ། །ཨ་ཀ་རུ་ལ་སོགས་ པས་བདུག །སློབ་དཔོན་བདག་ཉིད་ལྷར་བསྐྱེད་ནས། །གསང་སྔགས་ཀྱིས་ནི་བུམ་པ་བཟླས། །ཆོ་ག་བཞིན་དུ་གཏོར་མ་སྦྱིན། །སྐུ་གཟུགས་མདུན་དུ་འདུག་བྱས་ཏེ། །ཏིང་འཛིན་གསུམ་པོ་བསྐྱེད་པར་བྱ། །བཀྲ་ཤིས་ཚིགས་བཅད་དོན་བྱ་ཞིང་། །ཡང་དང་ཡང་དུ་བསྟོད་པར་བྱ། ། སྣ་ཚོགས་རོལ་མོའི་སྒྲ་ཡང་དཀྲོལ། །རྒྱལ་པོའི་དབང་བསྐུར་ཚུལ་དུ་ནི། །གདུགས་དཀར་ལ་སོགས་གཟུང་བར་བྱ། །སྐུ་གཟུགས་ཤར་དུ་བསྟན་བྱས་ཏེ། །རས་ཡུག་སེར་པོ་ཟུང་གིས་དགབ། །ཡན་ལག་བཞི་པ་ལས་བྱུང་ཞིང་། །བསྙེན་པ་ལ་སོགས་བསྒྲུབ་པར་བྱ། ། ཐམས་ཅད་བྱ་བ་དང་ལྡན་པས། །ཡི་གེ་གསུམ་པོས་བྱིན་གྱིས་བརླབ། །སྔ་མ་བཞིན་དུ་ལེགས་བཞག་ནས། །རིག་པས་ལེགས་པར་སྦྱང་བར་བྱ། །གཡས་དང་གཡོན་གྱི་ལག་པ་ཡིས། །ཡུངས་ཀར་དག་ཀྱང་གཟུང་བྱ་སྟེ། །ཕྱོགས་དང་ཕྱོགས་མིན་བཟློག་ ནས་ནི། །བསྐོར་བའི་ཚུལ་གྱིས་མེ་ལ་གཏོར། །ལན་གསུམ་བྱས་ནས་ཆུ་ལ་གཏོར། །གྲོ་གའམ་ལོ་མའི་སྣོད་དུ་ནི། །འབྲས་ཆན་ཆུ་ཡིས་སྦྱང་བར་བྱ། །ཡུངས་ཀར་གྱི་སྔགས་ནི། ཨོཾ་སརྦ་པཱ་པཾ་ད་ཧ་ན་བཛྲཱ་ཡ་སྭཱ་ཧཱ། དེ་ནས་དེ་ཡི་གསང་སྔགས་དང་། །རབ་གཙང་དཱུར་ཝའི་ པིར་གྱིས་ནི། །འབྲུ་མར་དྲི་ནི་ཞིམ་པོས་བསྐུ། །སྔགས་ལ་ཨོཾ་སརྦ་ཏ་ཐཱ་ག་ཏཱ་ཡ་བི་ཤོ་དྷ་ནི་སྭཱ་ཧཱ། འཁར་བའི་སྣོད་དུ་འདག་ཆལ་དང་། །དེ་བཞིན་བུམ་པས་ཁྲུས་བྱའོ། །ལག་ན་སྤྱན་སོགས་བུམ་པ་ཡིས། །ཆོ་ག་བཞིན་དུ་དབང་བསྐུར་ཞིང་། །སྟོན་པའི་བདག་ཉིད་བརྗོད་བྱ་སྟེ། །ཇི་ལྟར་ བལྟམས་པ་ཙམ་གྱིས་ནི། །དེ་བཞིན་གཤེགས་པ་ཁྲུས་གསོལ་བ། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་ཁྲུས་གསོལ་ལོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲི་ཡེ་ཧཱུྃ། རི་མོར་བྲིས་པ་མེ་ལོང་ལ། །སྐུ་གཟུགས་རྣམས་ནི་ཉིད་ལའོ། །དང་པོར་རྣམ་པར་རྒྱལ་བ་ དང་། །དེ་ནས་རྣམ་སྣང་ལ་སོགས་དང་། །སྤྱན་ལ་སོགས་པ་བུམ་པ་དང་། །དེའི་འོག་གཟུགས་ལ་སོགས་པ་དང་། །ཐ་མར་གཤིན་རྗེ་གཤེད་སོགས་ཀྱིས། །མཁས་པ་རིམ་བཞིན་ཁྲུས་གསོལ་ལོ། །གཙང་མའི་གོས་ཀྱིས་སྐུ་ཕྱིའོ། །ཡང་ན་ལག་པས་ཕྱི་ཡང་རུང་། །གུར་ཀུམ་ གྱིས་ནི་བྲིས་པ་ཡི། །རས་ཡུག་དཀར་པོ་ཟུང་ཡང་དབུལ། །ཨོཾ་དི་བྱ་བཱ་ས་སྱེ་སྭཱ་ཧཱ། ཤིན་ཏུ་དྲི་ཞིམ་གླ་རྩིའམ། །དེ་བཞིན་གཞན་ཡང་གུར་གུམ་སོགས། །སྔགས་དང་བཅས་པས་བྱུག་པ་དབུལ། །ཨོཾ་ཨཱཿབཛྲ་གནྡྷེ་ཧཱུྃ། རྒྱན་རྣམས་ཀྱང་ནི་དབུལ་བྱ་ཞིང་། །དེ་བཞིན་ཅོད་པན་ དབུལ་བར་བྱ། །ཨོཾ་བཛྲ་རཏྣ་ཏྲཾ། །དེ་བཞིན་མེ་ལོང་བསྟན་པར་བྱ། །ཨོཾ་བཛྲ་ས་ཏྭ་ཨ། གསེར་ལས་བྱས་པའི་ཐུར་མ་ཡིས། །དེ་ནས་སྤྱན་ཡང་དབྱེ་བར་བྱ། །ཨོཾ་ཙཀྵུ་ཙཀྵུ་ས་མནྟ་ཙཀྵུ་བི་ཤོ་དྟ་ནི་སྭཱ་ཧཱ། སོ་རྩི་གི་ཝང་མེ་ཏོག་རྣམས། །ཐ་མར་ཕུལ་ནས་གཞུག་པར་བྱ། །བྲིས་པ་དང་ ནི་བསམས་པའམ། །བདུད་རྩི་འཁྱིལ་པས་འཁོར་ལོ་བསང་། །གཤིན་རྗེ་གཤེད་སོགས་རང་སྔགས་སམ། །ཡང་ན་ཡི་གེ་ལྔ་པོ་བཟླས། །ཨ་ཁཾ་བཱི་ར་ཧཱུྃ། དེ་ནས་ཤེས་རབ་ཡན་ལག་འདུས། །རྣལ་འབྱོར་ལྡན་པ་རང་གིས་བྱ། །བླ་མའི་མན་ངག་གིས་བསྐྱེད་པའི། །དཀྱིལ་ འཁོར་བདེ་བའི་བདག་ཉིད་ནི། །སྐུ་གཟུགས་དེ་ཡི་ནང་དུ་གཞུག །དེ་ནས་ཡེ་ཤེས་དཀྱིལ་འཁོར་དེ། །མདུན་གྱི་ནམ་མཁའ་ལ་གནས་དགུག །ཐུགས་ཀྱི་ས་བོན་འོད་ཟེར་ལྡན། །བགེགས་མཐར་བྱེད་ཀྱིས་བགེགས་རྣམས་གཞོམ། །ཀུན་དུ་བསྐྲད་ནས་བསྲུང་བྱ་སྟེ། །ཙནྡན་ལ་ སོགས་མེ་ཏོག་བཅས། །གསང་སྔགས་བཟླས་པའི་མཆོད་ཡོན་དབུལ། །གཤིན་རྗེ་གཤེད་སོགས་ཀྱིས་དགུག་གནས། །གཞུག་དང་བཅིང་དང་མཉེས་པར་བྱ། །མིག་སོགས་ལུས་ནི་བྱིན་གྱིས་བརླབ། །དེ་ནས་ཆུ་ལ་སོགས་པ་ཡིས། །དེ་བཞིན་དུ་ནི་དབང་བསྐུར་ཏེ། །མཆོད་ ཡོན་སོགས་པས་མཆོད་པར་བྱ། །ཇི་ལྟར་རང་སྔགས་དང་ལྡན་པའི། །མཆོད་པ་རྣམས་ནི་དབུལ་བར་བྱ། །མེ་ཏོག་ལ་སོགས་དབུལ་བའི་སྔགས། །མེ་ཏོག་འདི་ནི་མཆོག་གྱུར་པ། །དེ་བཞིན་ཆུ་སྐྱེས་ཐང་སྐྱེས་དག །དད་པ་མཆོག་གིས་དབུལ་ལགས་ན། །ཅི་བདེ་བར་ ནི་བཞེས་སུ་གསོལ། །ཨོཾ་བཛྲ་པུཥྤེ་ཧཱུྃ། ལྷན་ཅིག་སྐྱེས་དང་སྦྱར་བ་ཡི། །བདུག་སྤོས་དམ་པ་འདི་དག་ནི། །དད་པ་མཆོག་གིས་དབུལ་ལགས་ན། །ཅི་བདེ་བར་ནི་བཞེས་སུ་གསོལ། །ཨོཾ་ཨཱཿབཛྲ་དྷཱུ་པེ་ཧཱུྃ། ལྷན་ཅིག་སྐྱེས་དང་སྦྱར་བ་ཡི། །དྲི་མཆོག་དམ་པ་འདི་ དག་ནི། །དད་པ་ལ་སོགས་ཀུན་ལ་སྦྱར། །ཨོཾ་ཨཱཿབཛྲ་གནྡྷེ་ཧཱུྃ། མུན་པའི་ཚོགས་ནི་འཇོམས་བྱེད་ཅིང་། །ཕྱོགས་ཀུན་གསལ་བའི་མར་མེ་འདི། །ཀུན་མཁྱེན་ཡེ་ཤེས་གསལ་བའི་ཕྱིར། །དང་བའི་སེམས་ཀྱིས་དབུལ་བར་བགྱི། །ཨོཾ་ཨཱཿབཛྲ་ཨཱ་ལོ་ཀེ་ཧཱུྃ། ཁ་ དོག་དྲི་དང་རོ་ལྡན་པའི། །བཟའ་དང་བཅའ་བ་ཡང་དག་ལྡན། །ཐམས་ཅད་སྦྱར་བའི་བཤོས་འདི་དག །དང་བའི་སེམས་ཀྱིས་དབུལ་བར་བགྱི། །ཨོཾ་ཨཱཿབཛྲ་ནི་ཝི་ཏྱེ་ཧཱུྃ། དེ་ནས་འཐོར་འཐུང་འབུལ་བར་བྱ། །སྤོས་ཆུ་ཡིས་ནི་བསང་བར་བྱ། །གཟུགས་ལ་སོགས་ པས་ཡང་དག་མཆོད། །བསྟོད་དང་དེ་བཞིན་བདུད་རྩི་མྱང་། །ཆགས་པ་ཆེན་པོ་བསྐྱེད་དེ་ཉིད། །དེ་ཉིད་རིག་དད་བདེན་པ་བརྗོད། །ཡི་གེ་བརྒྱ་པ་བཟླས་པ་ཡིས། །བརྟན་པར་བྱས་ནས་གསོལ་བ་གདབ། །ཁྱོད་ཀྱིས་སེམས་ཅན་ཀུན་གྱི་དོན། ། མཛད་ནས་ཐམས་ཅད་སྒྲུབ་པར་མཛོད། །དེ་ནས་ཐ་མ་ཕྱོགས་སྐྱོང་སྦྱིན། །ཇི་སྐད་གསུངས་བཞིན་མཆོད་བྱ་ཞིང་། །དེ་ཉིད་ཤེས་པས་མཉེས་པའི་ཕྱིར། །ཆོ་ག་བཞིན་དུ་སྦྱིན་སྲེག་བྱ། །ཁ་ཁྱེར་སོར་བཞི་བོར་བ་ཡི། །ཕྱི་རོལ་དུ་ནི་པདྨ་བྱ། །ཁུང་བུ་རྒྱར་ནི་ཁྲུ་གང་ལ། །དེ་ ཡི་ཟབས་སུ་ཁྲུ་ཕྱེད་བྱ། །ལས་ཀུན་བྱེད་པའམ་འཁོར་ལོ་བཞིན། །མཚན་མ་དཀྱུས་དང་དཔངས་སུ་ནི། །སོར་ནི་བརྒྱད་དང་གཅིག་བྱས་པའི། །འཁོར་ལོ་ཁུང་བུའི་དབུས་སུ་བྲི། །རྡོ་རྗེ་རིན་ཆེན་ཆུ་སྐྱེས་དང་། །རལ་གྲི་དབུས་སུ་བྲི་བར་བྱ། །ཕྱི་རོལ་རྡོ་རྗེ་ར་བས་བསྐོར། །སློབ་ དཔོན་ཤར་དུ་ཁ་བལྟས་ནས། །ལས་ཀུན་བྱེད་པས་བསྲུང་བར་བྱ། །གཡོན་དུ་མཆོད་ཡོན་ལ་སོགས་གཞག །ཡོ་བྱད་བཀོད་པ་བསང་བར་བྱ། །རྣལ་འབྱོར་ཅན་གྱིས་རབ་གནས་བྱ། །རང་སྔགས་ལས་ནི་ཁུང་བུ་བསྐྱེད། །གཙང་མའི་རྩྭ་སྐམ་དང་བཅས་ལས། །ཞི་རྒྱས་ཆོ་ ག་ལས་གསུངས་བཞིན། །ཆོ་ག་ཤེས་པས་མེ་བཅུག་སྟེ། །ལས་ཀུན་བྱེད་པའི་སྤོས་ཆུ་དང་། །ཀུ་ཤའི་རྩེ་མོས་བསང་བ་བྱས། །ཁྲོ་བོ་བདུད་རྩི་འཁྱིལ་སྔགས་སམ། །ཡི་གེ་གསུམ་གྱིས་ལན་གསུམ་གདབ། །འོ་མ་ཅན་གྱི་ཤིང་ལས་སྦར། །རླུང་ཡབ་ཀྱིས་ནི་སྦར་བར་བྱ། ། ཨོཾ་ཛྲ་ལ་ཛྲ་ལ་ཧཱུཾ། རང་སྔགས་ལན་བདུན་བཟླས་པ་ཡི། །བླུགས་གཟར་གང་བའི་མར་གྱིས་ནི། །དེ་ཡི་གཟི་བྱིན་བསྐྱེད་པར་བྱ། །སྔོ་ལ་ཤིན་ཏུ་མི་རིང་བ། །གཙང་མའི་ཀུ་ཤ་དགྲམ་པར་བྱ། །དང་པོར་རྩེ་མོ་ཤར་དུ་བསྟན། །གཡས་ནས་བསྐོར་ཞིང་དགྲམ་པར་བྱ། །དེ་ཉིད་ཀྱིས་ནི་ སྟེང་དུ་དགབ། །གསང་སྔགས་སྔོན་དུ་འགྲོ་བས་བྱ། །ཨོཾ་ཨཱཿཨི་མེ་ཀུ་ཤཱ་ཤུབྷ་དི་བྱཱཿབི་ཏྲ་བྲ་ཧྨ་བི་ཏྲེ་ནེ། བུདྡྷ་དྷརྨྨཱ་སངྒྷ་ར་ཀ་པྲྀ་ཐི་བཱི་སཉྫ་ཏ་གརྦྷ། ཨ་བི་གྷྣཾ་མཱཾ་ཤཱནྟིཾ་ཀུརྦནྟུ་ཧཱུཾ། ཨོཾ་བཛྲ་ས་ཏྭ་ཨ་ཞེས་བྱ་བའམ། ཡི་གེ་འབྲུ་གསུམ་གྱིས་བྱའོ། །དེ་འོག་ཁུང་བུའི་དབུས་ གནས་པ། །པདྨ་ལ་གནས་གྲུ་གསུམ་རཾ། །རྡོ་རྗེ་སེམས་དཔའ་ཡོངས་གྱུར་པ། །རཾ་ལས་བྱུང་བའི་མེ་བསམ་མོ། །སྐུ་མདོག་སེར་པོ་དབུ་གསུམ་པ། །ཤ་རྒྱས་ཤེས་རབ་མ་ལ་འཁྱུད། །གུནྡྷེ་མི་འཇིགས་དབྱུག་པ་དང་། །ཕྲེང་བ་འཛིན་པ་འབར་བའི་ལུས། ། ལས་དང་རྗེས་མཐུན་གོས་རྒྱན་བཅས། །མཁའ་ནས་ཡེ་ཤེས་མེ་བསམས་ཏེ། །དེ་འདྲ་འདོད་པའི་རྒྱལ་པོས་བཀུག །ཡི་གེ་གསུམ་དགོད་བྱིན་གྱིས་བརླབ། །བགེགས་རྣམས་བསྐྲད་ནས་བསྲུང་བར་བྱ། །དེ་ནས་གདན་ལ་བཞུགས་སུ་གསོལ། །དེའི་སྔགས། ཨེ་ཧྱེ་ཧི་མ་ཧཱ་ བྷཱུ་ཏ་དེ་བ་རྀ་ཥི་དྭི་ཛ་ས་ཏ་མ། གྲྀ་ཧི་ཏྭཱ་ཨ་ཧུ་ཏི་མ་ཧཱ་རཾ་ཨསྨིནྶནྣི་ཧི་ཏོ་བྷ་བཱ། ཞེས་བྱ་བས་ཁུང་བུར་བཞུགས་སུ་གསོལ་ནས་ནི། །ཀུ་ཤ་ལ་སོགས་དགྲམ་པར་བྱ། །གཤིན་རྗེ་གཤེད་ཀྱིས་དགུག་པ་དང་། །གཞུག་སོགས་སྔོན་དུ་འགྲོ་བ་ཡིས། །མཉེས་པ་དང་ནི་བལྟ་ བར་བྱ། །ཨོཾ་ཨགྣ་ཡེ་ཨཱ་དི་བྱཱ་བི་ཥ་མ་ཧཱ་ཤྲི་ཡེ་ཧ་བྱ་ཀ་བྱ་བཱ་ཧཱ་ཎ་ཡ་དྲྀ་ཤྱ་ཛཿཧཱུྃ་བཾ་ཧོཿས་མ་ཡ་སྟྭཾ་མ་ཧཱ་ཨི་ཏི། དེར་ནི་བལྟ་བར་བྱས་ན་ནི། །མཆོད་ཡོན་ཞལ་བསིལ་འཐོར་འཐུང་དང་། །མེ་ཏོག་ལ་སོགས་མཆོད་པ་རྣམས། །འབུལ་གྱིས་སྭཱ་ཧཱ་ཞེས་བྱ་བས། ། ཡོ་བྱད་དག་ནི་ཉེ་བར་དགོད། །དགང་བླུགས་འབྲུ་ཡི་བྱེ་བྲག་སྔགས། །ཤུབ་བུས་ཡམ་ཤིང་ལ་སོགས་པ། །ཇི་ལྟར་འདོད་པས་དབུལ་བར་བྱ། །དེ་ནི་མིག་སོགས་བྱིན་གྱིས་བརླབ། །དེ་བཞིན་དུ་ཡང་དབང་བསྐུར་ནས། །མཆོད་ཡོན་ཞབས་བསིལ་འཐོར་འཐུང་ དབུལ། །བསང་ནས་རིམ་བཞིན་མཆོད་པ་འབུལ། །ཕྱི་ཡི་མཆོད་པ་མེ་ཏོག་སོགས། །རྡོ་རྗེ་གཟུགས་སོགས་དེ་བཞིན་ཏེ། །བསྟོད་དང་བདུད་རྩི་མྱང་བ་དང་། །ལག་པ་བཀྲུས་ནས་འཐོར་འཐུང་བྱ། །ལན་གསུམ་བདུད་རྩི་འཁྱིལ་པ་ཡིས། །བཟླས་པའི་ཆུ་ ཡིས་དེ་བཞིན་བྱ། །དེ་ཡི་ཞལ་ལས་འབར་བའི་རཾ། །ཆོ་ག་ཤེས་པས་དགོད་པར་བྱ། །བླུགས་གཟར་གྲུ་བཞི་སོར་བཞི་པ། །སོར་གཉིས་ཟབ་བརྐོས་རྡོ་རྗེས་མཚན། །མདུན་དུ་པདྨའི་འདབ་འདྲ་བའོ། །དགང་གཟར་ཆུ་སྐྱེས་འདབ་འདྲ་བའི། །སོར་གཉིས་ ཕྱེད་བརྐོས་རྡོ་རྗེས་མཚན། །ལྷ་ཡི་ས་བོན་ལས་བསྐྱེད་ནས། །དགང་གཟར་བླུགས་གཟར་གྱི་དབུས་སུ། །རབ་ཏུ་འབར་བའི་ཧཱུྃ་བསྒོམས་ནས། །དེ་ལ་དགང་བླུགས་དབུལ་བར་བྱ། །འབར་བར་ཤེས་ནས་མཚན་མ་བརྟག །དགང་བླུགས་དབུལ་བའི་ སྔགས། ཨོཾ་ན་མཿས་མནྟ་བྷུདྡྷཱ་ནཱཾ། ཨགྣ་ཡེ་སྭཱ་ཧཱ། མི་ཤིས་བདུད་རྩི་འཁྱིལ་བཟླ་ཞིང་། །དེ་ཡིས་བགེགས་ཀྱང་བསྐྲད་པར་བྱ། །དེ་ནས་བསང་གཏོར་བྱས་ནས་ཀྱང་། །འོད་གསལ་དེ་ཉིད་བསྒོམ་བྱ་སྟེ། །རབ་འབར་མེ་ལ་ཡམ་ཤིང་འབྲས། །མར་དང་ཏིལ་དང་དཱུར་ཝ་དང་། ། ཟས་མཆོག་ཀུ་ཤ་ཆོ་ག་བཞིན། །ཨོཾ་ཨགྣ་ཡེ་སྭཱ་ཧཱ། མར་གྱི་སྔགས་སོ། །ཨོཾ་སརྦ་པཱ་པཾ་ད་ཧ་ན་བཛྲཱ་ཡ་སྭཱ་ཧཱ། ཏིལ་གྱི་སྔགས་སོ། །ཨོཾ་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ། དཱུར་ཝའིའོ། །ཨོཾ་བཛྲ་པུཥྚ་ཡ་སྭཱ་ཧཱ། འབྲས་མ་གྲུགས་པའོ། །ཨོཾ་སརྦ་སཾ་པ་དེ་སྭཱ་ཧཱ། །ཟས་མཆོག་གིའོ། ། ཨོཾ་ཨ་པྲ་ཏི་ཧ་ཏ་བཛྲ་ལ་ཏཱ་ཡ་སྭཱ་ཧཱ། ཀུ་ཤའིའོ། །ཨོཾ་བཛྲ་བི་ཛཱ་ཡ་སྭཱ་ཧཱ། འབྲས་སོ་བའིའོ། །ཨོཾ་མ་ཧཱ་བེ་གཱ་ཡ་སྭཱ་ཧཱ། ནས་ཀྱིའོ། །ཨོཾ་མ་ཧཱ་བ་ལཱ་ཡ་སྭཱ་ཧཱ། མ་ཤའིའོ། །ཨོཾ་བཛྲ་གྷསྨ་ར་ཡེ་སྭཱ་ཧཱ། གྲོ་དབུལ་བའོ། །ཨོཾ་བཛྲ་བི་ཛཱ་ཡ་སྭཱ་ཧཱ། ཨུ་དུམྺཱ་རའིའོ། །ཨོཾ་བོ་དྷི་བྲྀཀྵཱ་ ཡ་སྭཱ་ཧཱ། ཨ་ཤྭདྠའིའོ། །ཨོཾ་བཛྲཱ་ཡ་སྭཱ་ཧཱ། པླཀྵའིའོ། །ཨོཾ་བཛྲ་ཀུ་བེ་རཱ་ཡ་སྭཱ་ཧཱ། ནྱ་གྲོ་དྷའིའོ། །ཨོཾ་ཧ་ས་ཀ་ར་སྭཱ་ཧཱ། ཨ་མྲའིའོ། །རྒྱས་དང་ཞི་དང་དབང་དང་དགུག །གསད་དང་བསྐྲད་དང་མངོན་སྤྱོད་རྣམས། །ཨོཾ་སྭཱ་ཧཱ་ཧོ་ཛྫཿཧཱུྃ་ཧཱུྃ་ཕཊ། སྔགས་ཀྱི་མཐའ་ཡང་བརྗོད་པར་བྱ། །ཞུ་ བའི་རྫས་ཐམས་ཅད་ནི་ཞལ་དུའོ། །ཡམ་ཤིང་དང་རུས་ཕྱེ་ལ་སོགས་པ་ནི་འོད་ཀྱི་དཀྱིལ་འཁོར་ལའོ། །ཟས་མཆོག་དང་ཏིལ་དང་འབྲས་ཡོས་ལ་སོགས་པ་ནི་ཕྱག་ཏུའོ། །དཱུར་ཝའི་མྱུ་གུ་དང་། འབྲས་མ་གྲུགས་པ་དང་། མེ་ཏོག་ནི་དབུ་ལའོ། །དྲི་ནི་ཐུགས་ཀར་རོ། །བདུག་སྤོས་དང་ མར་མེ་དང་། མཆོད་ཡོན་ནི་མདུན་ནའོ། །ཞབས་བསིལ་ནི་ཞབས་ལ་དབུལ་བར་བསམ་མོ། །དེ་འོག་དགང་བླུགས་སྦྱིན་བྱ་སྟེ། །མཆོད་ཡོན་འཐོར་འཐུང་སྔ་མ་བཞིན། །མཆོད་དང་བསྟོད་དང་བདུད་རྩི་མྱང་། བྱས་ནས་དེ་ཡི་ཐུགས་ཀར་ནི། །རང་གི་ས་བོན་ལས་བྱུང་བའི། ། རབ་གནས་རང་གི་དཀྱིལ་འཁོར་བསྒོམ། །ལྕེ་ལ་མཛེས་ཤིང་ཕྲ་བ་ཡི། །ཧཱུྃ་ལས་བྱུང་བའི་རྡོ་རྗེ་བསམ། །ཕྱི་ཡི་མཆོད་པ་སྔ་མ་བཞིན། །རྡོ་རྗེ་གཟུགས་སོགས་ཀྱིས་དེ་བཞིན། །བསྟོད་དང་བདུད་རྩི་ཡང་དག་མྱང་། །དེ་བཞིན་དུ་ཡང་འཐོར་འཐུང་བྱ། །སྔ་མ་བཞིན་དུ་ དགང་བླུགས་དབུལ། །སྲེག་རྫས་ཡམ་ཤིང་རིམ་བཞིན་དབུལ། །སློབ་མའི་ལག་གཡས་མཐེ་བོང་ནི། །ལག་པ་གཡོན་པས་གཟུང་བྱ་སྟེ། །མར་གྱིས་གང་བའི་སྦྱིན་བླུགས་ཏེ། །སློབ་མ་གཞུག་པའི་དོན་དུ་ནི། །མགོ་ལ་གཡས་ནས་བསྐོར་བྱས་ཏེ། །ཞི་བའི་ཕྱིར་ ནི་སྦྱིན་སྲེག་བྱ། །གསུམ་མམ་བདུན་ནམ་ཡང་ན་གཅིག །རྒྱལ་པོའམ་ནི་ས་བདག་དང་། །ཕྱོགས་སྐྱོང་བདག་ཉིད་ཞི་བའི་ཕྱིར། །སྦྱིན་སྲེག་བྱས་ནས་གསོལ་བ་གདབ། །སློབ་མ་ཤིན་ཏུ་འབད་པ་ཡིས། །སློབ་དཔོན་རབ་ཏུ་མཉེས་པར་བྱ། །བུ་མོ་རིན་ཆེན་ནོར་བུས་བརྒྱན། ། གླང་ཆེན་རྟ་ནི་མྱུར་འགྲོ་དང་། །བ་ཞོན་བཟང་དང་ས་གཞི་རྣམས། །དད་པས་ཡོན་ནི་དབུལ་བར་བྱ། །སློབ་དཔོན་ཡོངས་སུ་མཉེས་བྱས་ནས། །དེས་ན་ལས་ཀུན་འགྲུབ་འགྱུར་ཞིང་། །རང་སྔགས་ལྷ་ཡང་མཉེས་པར་འགྱུར། །གཞན་ཡང་ཟླ་བ་ལྷག་བསྒོམས་ནས། །དགང་ བླུགས་དག་ཀྱང་དབུལ་བར་བྱ། །ཐུགས་ཀའི་ཟླ་བ་འཁོར་ལོ་ལྕེ། །དེ་བཞིན་མཐར་ནི་དགང་བླུགས་བྱ། །དེ་ཡི་ལག་པར་དྲི་དང་ནི། །སོ་རྩི་དེ་བཞིན་ན་བཟའ་ཡིས། །རབ་མཆོད་ནས་ནི་བསྟོད་པར་བྱ། །ཡི་གེ་བརྒྱ་པ་ཡང་དག་བཟླ། །ཆོ་ག་ཉམས་པ་གང་བགྱིས་པ། ། མགོན་པོ་བདག་ལ་བཟོད་པར་མཛོད། །མི་ཤེས་པ་དང་མ་འབྱོར་པ། །གང་ཕྱིར་ལུས་ཅན་སྐྱབས་གྱུར་པས། །ཆོ་ག་དམན་ལ་བཟོད་པར་གསོལ། །དེ་སྐད་བརྗོད་ནས་གཤེགས་སུ་གསོལ། །ཁྱོད་ཀྱིས་འགྲོ་བའི་དོན་ཀུན་མཛད། །དངོས་གྲུབ་སྩལ་ནས་གཤེགས་ སུ་གསོལ། །སངས་རྒྱས་ཡུལ་དུ་གཤེགས་ནས་ནི། །སླར་ཡང་གཤེགས་པར་མཛད་དུ་གསོལ། །རང་གི་ལུས་སུ་རབ་བཅུག་ནས། །ཆོ་ག་ལས་ནི་བཤད་པ་བཞིན། །རྣལ་འབྱོར་ཅན་གྱིས་སྲེག་རྫས་ཀྱི། །དེ་བཞིན་ལྷག་མ་མེ་ལ་དབུལ། །ཆོ་ག་སྔོན་བཞིན་གཤེགས་ གསོལ་ནས། །ཆོ་ག་བཞིན་དུ་གཏོར་མ་དབུལ། །ཨོཾ་ཨཱཿཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨྨ་ཎཱཾ་ཨཱདྱ་ནུ་ཏྤནྣཏྭཱཏ་མུཿཨི། ཞེས་བྱ་བ་ནི་གཤེགས་སུ་གསོལ་བའི་སྔགས་སོ། །སྲེག་རྫས་ལྷག་མ་འོ་མ་མར། །སྦྲང་རྩི་ཀ་ར་ལྡན་པ་རྣམས། །དེ་ཉིད་དུ་ནི་ཆ་རུ་བསྐོལ། ། རང་གི་བདག་པོའི་སྔགས་འདི་བཟླས། །ཨོཾ་དེ་བ་ཨནྣེ་ས་མཱ་དྷི་དྷྱཱ་ན་པཱི་ན་ནི་སྭཱ་ཧཱ། གསེར་ལ་སོགས་པའི་སྣོད་དུ་ནི། །ལྷ་རྣམས་ལ་ནི་དབུལ་བར་བྱ། །གན་རྐྱལ་ཁ་སྦུབ་ཡོན་པོར་མིན། །བརྟན་ཅིང་དྲང་པོར་སྐུ་བཞག་ནས། །སྐུ་ཡི་སུམ་ཆའི་ཚད་ཙམ་གྱི། །གདན་ལ་ བཟོ་བོ་མཁས་པས་གཞག །དྲི་གཙང་ཁང་དུ་མ་བཅུག་ན། །ཉེས་པ་དག་ནི་འཕེལ་བར་འགྱུར། །བཞུགས་སུ་གསོལ་བའི་སྔགས། ཨོཾ་སུ་པྲ་ཏིཥྛ་བཛྲེ་སྭཱ་ཧཱ། སྔ་མ་བཞིན་དུ་མཆོད་བྱས་ཏེ། །བདུད་རྩི་ཡང་ནི་མྱང་བར་བྱ། །ཡི་གེ་བརྒྱ་པ་བཟླས་པ་ཡིས། །བརྟན་ པར་བྱ་ཞིང་བཟོད་པར་གསོལ། །འགྲོ་བའི་འཁོར་ལོའི་དོན་གྱི་ཕྱིར། །རྫོགས་སངས་རྒྱས་ལ་བཟོད་པར་གསོལ། །འབྲས་བུ་གནས་དང་སེམས་དཔའ་དང་། །གཞན་ཡང་གསང་སྔགས་ལྷ་རྣམས་དང་། །འཇིག་རྟེན་སྐྱོང་བའི་ལྷ་རྣམས་དང་། །འབྱུང་པོ་རྫོགས་ པའི་སངས་རྒྱས་ཀྱི། །བསྟན་པ་ཀུན་ལ་དགའ་བ་དང་། །གང་དག་ལྷ་ཡི་སྤྱན་མངའ་བ། །ཆོ་ག་བཞིན་དུ་མ་འབྱོར་པ། །གང་ཞིག་ལུས་ཅན་སྐྱབས་གྱུར་པས། །མཆོག་ཏུ་ཡོན་བདག་གཞན་ལ་ཡང་། །ཀུན་དུ་བདེ་ལེགས་ཞི་མཛད་ནས། །སངས་རྒྱས་ཡུལ་དུ་གཤེགས་ ནས་ཀྱང་། །སླར་ཡང་གཤེགས་པར་མཛད་དུ་གསོལ། །བསྐལ་པའམ་ནི་བསྐལ་པ་བརྒྱར། །སྐུ་འདི་ལྷག་པར་གནས་གྱུར་ཅིག །ལྷ་རྣམས་ཀྱིས་ཀྱང་བསྲུང་བར་ཤོག །ས་དང་ཆུ་དང་མེ་རླུང་གི །འཇིགས་པ་ལས་ཀྱང་སྐྱོབ་པ་དང་། །ཐམས་ཅད་དགའ་ཞིང་ཚིམ་གྱུར་ནས། ། རང་གི་གནས་སུ་ལེགས་པར་གཤེགས། །སློབ་དཔོན་སློབ་མར་བཅས་པ་དག །བུ་དང་ཚ་བོ་བསྲུང་གྱུར་ཅིག །དེ་ནས་སློབ་མ་བོས་བྱས་ཏེ། །བླ་མ་སྙིང་རྗེས་འདི་སྐད་བརྗོད། །གང་ཞིག་ཁྱོད་ཀྱིས་གསོལ་བ་བཏབ། །རབ་གནས་སྡིག་པ་དང་བྲལ་བ། །ད་ལྟ་ང་ཡིས་ལེགས་ པ་བྱས། །ཅི་བདེ་བར་ནི་མཆོད་པར་གྱིས། །སྔགས་ཀྱིས་གཙང་བྱས་ཞལ་ཟས་འདི། །སློབ་མ་ལ་ཡང་སྦྱིན་པར་བྱ། །དེ་བཞིན་གཤེགས་པའི་ལྷག་མ་འདི། །ཟོ་ཤིག་སྡིག་པ་བྱང་བར་འགྱུར། །ལྷག་མ་གཞན་ལ་སྦྱིན་བྱ་ཞིང་། །བྱིན་ནས་དེ་བཞིན་རང་གིས་བཟའ། །སློབ་མ་ གུས་པར་ཤེས་ནས་ནི། །སླར་ཡང་ཡོན་ནི་བསླང་བར་བྱ། །དེ་ཡིས་ཡོན་ཡང་ཕུལ་ནས་ནི། །གུས་པས་སློབ་དཔོན་མཉེས་པར་བྱ། །མཆོད་ནས་དེ་འོག་བསྐོར་བར་བྱ། །ལེགས་པར་ལྷ་ལ་ཕྱག་བཙལ་ནས། །སློབ་མ་རང་གི་གནས་འགྲོ་ནས། །དགེ་འདུན་ལ་ ཡང་ཆོས་སྟོན་བྱ། །ཇི་ལྟར་རང་ནི་ནུས་པ་བཞིན། །ཉིན་མཚན་དུ་ནི་དགའ་སྟོན་བྱ། །གླུ་དང་གར་དང་རོལ་མོ་དང་། །རྩེ་དང་དགོད་དང་དགའ་བས་གནས། །འབད་པས་བཟོ་བོ་དགའ་བར་བྱ། །དེ་བཞིན་དུ་ནི་འཁོར་གཞན་དང་། །མགོན་མེད་རྣམས་ལ་ཆོས་སྟོན་ དང་། །ཡོན་ཡང་རབ་ཏུ་སྦྱིན་པར་བྱ། །དཀྱིལ་འཁོར་དང་ནི་སྦྱིན་སྲེག་དང་། །རབ་ཏུ་གནས་པས་ཡོ་བྱད་ཀུན། །དེ་དག་ཐམས་ཅད་སློབ་དཔོན་དབང་། །དེ་ཉིད་རྡོ་རྗེ་འཛིན་ཡིན་པར། །བྱ་བ་སྤྱོད་པའི་རྒྱུད་ལས་གསུངས། །གལ་ཏེ་རབ་གནས་བྱེད་པ་ཡིས། ། ཐབས་དང་ཤེས་རབ་བདག་ཉིད་གཟུགས། །ཁྱད་པར་འབྲས་བུ་ཐོབ་པར་གསུངས། །འདུས་པའི་རྒྱུད་ལས་གཞན་དུ་མིན། །གང་ཞིག་རྣལ་འབྱོར་རྒྱུད་གཞན་གྱིས། །མངོན་སུམ་རང་དགའ་བདེ་ཆེན་མིན། །སྦྱིན་སྲེག་ཆོ་ག་དང་བཅས་པའི། །རབ་གནས་ཆོ་ག་གསལ་ཕྱེ་ བས། །བྱས་པའི་བསོད་ནམས་གང་ཡོད་དེས། །འགྲོ་བ་འདི་ཀུན་བདེར་གནས་ཤོག །རབ་ཏུ་གནས་པའི་ཆོ་ག་སློབ་དཔོན་ཟླ་བའི་འོད་ཀྱིས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་པུཎྱ་ཀཱིརྟི་དང་། བོད་ཀྱི་ལོ་ཙཱ་བ་དགེ་སློང་བསོད་ནམས་རྒྱལ་བས་བསྒྱུར་ བའོ།། ༄༅༅།།རྒྱ་གར་སྐད་དུ། སཱ་ས་ན་སརྦ་ཀ་སཱ་དྷ་ན་ནཱ་མ། བོད་སྐད་དུ། བསྟན་པའི་ནོར་ཐམས་ཅད་པ་ཞེས་བྱ་བའི་སྒྲུབ་པའི་ཐབས། དཔལ་འཇམ་པའི་རྡོ་རྗེ་ལ་ཕྱག་འཚལ་ལོ། །སངས་རྒྱས་བསྟན་པ་བདུད་རྩི་ཡི། །རྒྱ་མཚོ་གཏིང་མཐའ་ མེད་པ་ལ། །ནོར་ལྡན་རྣམས་ནི་གཞུག་པའི་ཕྱིར། །གོ་རིམས་བཞིན་དུ་བརྗོད་པར་བྱ། །གཽ་ཏ་མའི་བསྟན་ལ་དད། །གལ་ཏེ་རིགས་ཀྱི་བུ་འོངས་ན། །དང་པོར་གསུམ་ལ་སྐྱབས་འགྲོ་སྦྱིན། །དེ་ཡི་རྗེས་ལ་བྱང་ཆུབ་སེམས། དེ་ལ་འདི་ནི་སྐྱབས་སུ་ འགྲོ་བ་སྔོན་དུ་སོང་བའི་བྱང་ཆུབ་ཏུ་སེམས་བསྐྱེད་པའི་ཆོ་གའོ། །དུས་བཟང་པོ་ལ་དད་པ་དང་ལྡན་པའི་རིགས་ཀྱི་བུས་གཙང་བ་དང་གཙང་བའི་གོས་ཀྱིས་ཡིད་དུ་འོང་བའི་ས་ཕྱོགས་སུ་དེ་བཞིན་གཤེགས་པའི་སྐུ་གཟུགས་རབ་ཏུ་མཆོད་ནས་དེའི་མདུན་དུ་དཀོན་མཆོག་གསུམ་ དང་བླ་མ་ལ་དཀྱིལ་འཁོར་རྣམས་བྱས་ཏེ། ཇི་ལྟར་སྲིད་པའི་མེ་ཏོག་ལ་སོགས་པའི་རབ་ཏུ་སྦྱིན་པ་སྔོན་དུ་སོང་བས་དཀོན་མཆོག་གསུམ་རྣམས་ལ་ཕྱག་བྱས་ཏེ། ཇི་ལྟར་དེ་ལྟར་ནུས་པས་རབ་ཏུ་མཆོད་ནས་བླ་མ་མཁས་པ་སྙིང་རྗེ་ཅན་ལ་ཡོན་ཕུལ་ནས་མེ་ཏོག་སྙིམ་པ་སྔོན་དུ་ འགྲོ་བས་ཞབས་གཉིས་ལ་གཏུགས་ཏེ། པུས་མོ་ལྷ་ང་ས་ལ་བཙུགས་པའམ་ཙོག་ཙོག་པོས་ཐལ་མོ་སྦྱར་ནས་གནས་ཏེ་ལན་གསུམ་དུ་གསོལ་བ་གདབ་པར་བྱའོ། །དགེ་བའི་བཤེས་གཉེན་གྱིས་གསུམ་ལ་སྐྱབས་སུ་འགྲོ་བ་དང་། བྱང་ཆུབ་ཀྱི་སེམས་ཀྱང་བདག་ལ་ གསོལ་ཞེས་སོ། །དེ་ནས་བླ་མས་ལྷག་པའི་བསམ་པས་རབ་ཏུ་ཞུགས་པའི་སློབ་མ་ལ་བལྟས་ཏེ་ཅི་ནུས་པས་སྦྱིན་པར་བྱའོ་ཞེས་སོ། །ཁས་བླངས་པ་སྔོན་དུ་སོང་བས་འདི་ལྟར་སྦྱིན་པར་བྱའོ། །ཚེ་དང་ལྡན་པ་ཁྱོད་ཀྱིས་འདི་སྐད་སྨྲོས་ཤིག །ཕྱོགས་བཅུའི་འཇིག་རྟེན་གྱི་ ཁམས་ན་བཞུགས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་དང་། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་དང་། སློབ་དཔོན་བདག་ལ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བས་གང་ཅུང་ཟད་ལུས་དང་ངག་དང་ཡིད་རྣམས་ཀྱིས་སངས་རྒྱས་དང་བྱང་ཆུབ་ སེམས་དཔའ་ཕ་མ་གཉིས་དང་། དེ་ལས་གཞན་པའི་སེམས་ཅན་གཞན་དག་ལ་ཡང་བརྟེན་ནས་སྐྱེ་བ་འདི་དང་སྐྱེ་བ་གཞན་དག་གམ་སྲིད་པ་བར་མ་རྣམས་སུ་བདག་གིས་སྡིག་པའི་ལས་བགྱིས་པ་དང་། བགྱིད་དུ་སྩལ་བ་དང་། རྗེས་སུ་ཡི་རང་བ་ཡང་རུང་། དེ་དག་ཐམས་ཅད་གཅིག་ཏུ་ བསྡུས་ཤིང་མཉམ་པར་བཟླུམས་ཏེ་སྡོམ་ནས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་སློབ་དཔོན་གྱི་མདུན་དུ་མཆོག་ཏུ་རབ་ཏུ་བཤགས་པར་བགྱིའོ། །ཤེས་བཞིན་དྲན་པ་ན་རབ་ཏུ་མི་འཆབ་པོ། །འདི་ལྟར་ལན་གསུམ་དུའོ། །བདག་མིང་འདི་ཞེས་བགྱི་བས་འདི་ལྟར་སྡིག་ པ་བཤགས་ནས་ཉི་མ་འདི་ནས་བཟུང་སྟེ་སྙིང་པོ་བྱང་ཆུབ་ལ་མཆིས་ཀྱི་བར་དུ་སངས་རྒྱས་བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོ་ཅན་ཐམས་ཅད་མཁྱེན་པ་ཐམས་ཅད་གཟིགས་པ་འཇིགས་པ་མི་བཟད་པ་ཐམས་ཅད་ལས་འདས་པ། སྐྱེས་བུ་ཆེན་པོ་མི་ཕྱེད་པའི་སྐུ། བླ་ན་མེད་པའི་སྐུ་ ཆོས་ཀྱི་སྐུ་རྐང་གཉིས་རྣམས་ཀྱི་མཆོག་སངས་རྒྱས་ལ་སྐྱབས་སུ་མཆིའོ། །བདག་མིང་འདི་ཞེས་བགྱི་བས་འདི་ལྟར་སྡིག་པ་བཤགས་ནས་ཉི་མ་འདི་ནས་བཟུང་སྟེ། བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ་ཞི་བ་འདོད་ཆགས་དང་བྲལ་བའི་མཆོག་ཆོས་ལ་སྐྱབས་སུ་མཆིའོ། །བདག་ མིང་འདི་ཞེས་བགྱི་བས་འདི་ལྟར་སྡིག་པ་བཤགས་ནས་ཉི་མ་འདི་ནས་བཟུང་སྟེ་སྙིང་པོ་བྱང་ཆུབ་ལ་མཆིས་ཀྱི་བར་དུ་ཚོགས་རྣམས་ཀྱི་མཆོག་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའི་དགེ་འདུན་ལ་སྐྱབས་སུ་མཆིའོ། །བདག་མིང་འདི་ཞེས་བགྱི་བ་འདི་ལྟར་སྡིག་པ་ བཤགས་པ་དང་གསུམ་ལ་སྐྱབས་སུ་མཆིས་ནས་སེམས་ཅན་གྱི་ཁམས་མཐའ་མེད་པ་རྣམས་བསྒྲལ་པའི་ཆེད་དང་། དབྱུང་བའི་ཕྱིར་དང་འཁོར་བའི་སྡུག་བསྔལ་ལས་ཡོངས་སུ་བསྐྱབ་པའི་དོན་དང་། ཐམས་ཅད་མཁྱེན་པའི་ཡེ་ཤེས་བླ་ན་མེད་པ་ལ་རབ་ཏུ་གཞག་པའི་ཕྱིར། ཇི་ལྟར་འདས་པ་དང་། མ་བྱོན་པ་དང་། ད་ལྟར་བྱུང་བའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བྱང་ཆུབ་ཏུ་སེམས་བསྐྱེད་ནས་སངས་རྒྱས་ཉིད་རྟོགས་པར་གྱུར་པ་དང་། རྟོགས་པར་འགྱུར་བ་དང་། ཇི་ལྟར་སངས་རྒྱས་ཐམས་ཅད་སྒྲིབ་པ་དང་བྲལ་བའི་སངས་རྒྱས་ཀྱི་ཡེ་ཤེས་དང་ སངས་རྒྱས་ཀྱི་སྤྱན་གྱིས་གཟིགས་ཤིང་མཁྱེན་པ་དང་། ཇི་ལྟར་ཆོས་རྣམས་ཀྱི་ཆོས་ཉིད་མཁྱེན་པའི་ཆོ་ག་དེས་བདག་མིང་འདི་ཞེས་བགྱི་བ། སློབ་དཔོན་མཚན་འདི་ཞེས་བྱ་བའི་མདུན་དང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་མདུན་དུ་བླ་ན་མེད་པ་ཡང་ དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་བགྱིའོ། །འདི་ལྟར་ལན་གསུམ་དུའོ། །དེ་ནས་གལ་ཏེ་འདོད་ན་དགེ་བསྙེན་གྱི་སྡོམ་པ་སྦྱིན་ནོ། །གསུམ་ལ་སྐྱབས་སུ་འགྲོ་བ་སྔོན་དུ་སོང་བའི་བསླབ་པ་ལྔ་འཛིན་པ་ནི་དགེ་བསྙེན་གྱི་སྡོམ་པའོ། ། དེ་ཡང་སྔར་གསོལ་བ་བཏབ་པ་དང་ལྡན་པ་སྐྱབས་སུ་སོང་བ་ལ་འདི་ལྟར་སྦྱིན་པར་བྱའོ། །ཚེ་དང་ལྡན་པ་ཁྱོད་འདི་སྐད་སྨྲོས་ཤིག །སློབ་དཔོན་དགོངས་སུ་གསོལ། ཇི་ལྟར་འཕགས་པ་དགྲ་བཅོམ་པ་དེ་རྣམས་ཀྱིས་ཇི་སྲིད་འཚོའི་བར་དུ་ཐ་ན་སྲིན་བུ་གྲོག་མ་ཡང་ཉེ་བར་ བཟུང་སྟེ། སེམས་ཅན་ཐམས་ཅད་ལ་ངོ་ཚ་དང་སྙིང་རྗེ་དང་ལྡན་པས་སྲོག་གཅོད་པ་སྤངས་པ་དང་། སྲོག་གཅོད་པ་ལས་སླར་ལོག་པ་དང་། དབྱུག་པ་སྤངས་པ་དང་། མཚོན་ཆ་སྤངས་པ་དེ་བཞིན་དུ་བདག་མིང་འདི་ཞེས་བགྱི་བས་ཀྱང་ཐ་མ་སྲིན་བུ་གྲོག་མ་ཡང་ཉེ་བར་བཟུང་སྟེ་ སེམས་ཅན་ངོ་ཚ་དང་སྙིང་རྗེ་དང་ལྡན་པས་སྲོག་གཅོད་པ་སྤངས་ཏེ་སྲོག་གཅོད་པ་ལས་སླར་ལོག་པ་དང་དབྱུག་པ་སྤང་བ་དང་། མཚོན་ཆ་སྤང་བར་བགྱིའོ། །ཡན་ལག་དང་པོ་འདིས་འཕགས་པ་དགྲ་བཅོམ་པ་དེ་རྣམས་ཀྱི་བསླབ་པ་ལ་རྗེས་སུ་སྒྲུབ་པོ་རྗེས་སུ་བགྱིད་དོ། །གཞན་ ཡང་སླར་ཇི་ལྟར་འཕགས་པ་དགྲ་བཅོམ་པ་དེ་རྣམས་ཀྱིས་ཇི་སྲིད་འཚོའི་བར་དུ་མ་བྱིན་པར་ལེན་པ་དང་། འདོད་པས་ལོག་པར་གཡེམ་པ་དང་། བརྫུན་དུ་སྨྲ་བ་དང་། འབྲུའི་ཆང་མྱོས་པར་འགྱུར་བའི་གནས་སྤངས་ཤིང་མྱོས་པར་འགྱུར་བའི་གནས་ལས་སླར་ལོག་པ་དེ་བཞིན་ དུ་མིང་འདི་ཞེས་བགྱི་བ་ཉི་མ་འདི་ནས་བཟུང་སྟེ། ཇི་སྲིད་འཚོའི་བར་དུ་མ་བྱིན་པར་ལེན་པ་དང་འདོད་པས་ལོག་པར་གཡེམ་པ་དང་བརྫུན་དུ་སྨྲ་བ་དང་། འབྲུའི་ཆང་མྱོས་པར་འགྱུར་བ་བག་མེད་པའི་གནས་སྤངས་ཤིང་། འབྲུའི་གནས་ལས་སླར་ལོག་པར་བགྱིའོ། །ཡན་ ལག་ལྔ་པ་འདིས་འཕགས་པ་དགྲ་བཅོམ་པ་དེ་དག་གི་བསླབ་པ་ལ་རྗེས་སུ་སློབ་པོ། །རྗེས་སུ་སྒྲུབ་པོ། །རྗེས་སུ་བགྱིད་དོ། །བདག་སློབ་དཔོན་གྱིས་དགེ་བསྙེན་དུ་བཟུང་དུ་གསོལ། །དེ་བཞིན་དུ་ལན་གཉིས་ལན་གསུམ་མོ། །དེ་བཞིན་དུ་གལ་ཏེ་གསོ་སྦྱོང་ལེན་ པར་འདོད་ན་དེའི་ཚེ་གོ་མའི་སྡོམ་པ་སྦྱིན་པར་བྱའོ། །སྐྱབས་སུ་འགྲོ་བ་སྔོན་དུ་སོང་བའི་བསླབ་པ་བརྒྱད་འཛིན་པ་ནི་གོ་མའི་སྡོམ་པའོ། །དེ་ཡང་གསོལ་བ་བཏབ་པ་དང་ལྡན་པ་གསུམ་ལ་སྐྱབས་སུ་འགྲོ་བ་སྔོན་དུ་སོང་བ་ལ་འདི་ལྟར་སྦྱིན་པར་བྱའོ། །ཚེ་དང་ལྡན་ པ་ཁྱོད་ཀྱིས་འདི་སྐད་སྨྲོས་ཤིག་བདག་མིང་འདི་ཞེས་བགྱི་བ་དུས་འདི་ནས་བཟུང་སྟེ། ཇི་སྲིད་ཕྱིས་ཀྱི་མཚན་མོའི་ཉི་མ་ཤར་བ་ལ་ཐུག་པ་དེ་སྲིད་དུ། སྲོག་གཅོད་ཀུན་དང་གཞན་གྱི་ནོར་འཕྲོག་དེ་བཞིན་མི་ཚངས་སྤྱོད། །ཕྲ་བརྫུན་དགའ་བ་སྐྱེད་བྱེད་ཆང་དང་དུས་མ་ ཡིན་པའི་ཟས། །ཕྲེང་བ་ཚོན་རྩི་གླུ་གར་རོལ་པ་ཁྲི་སྟན་ཆེན་པོ་དག །བདག་ནི་དེ་རིང་སྤོང་བྱེད་དགྲ་བཅོམ་ཞུགས་པའི་ཡོན་ཏན་བརྒྱད། །དེ་བཞིན་དུ་ལན་གསུམ་མོ། །དེ་ནས་གཞན་ཡང་དགེ་ཚུལ་གྱི་སྡོམ་པ་དང་། དགེ་སློང་གི་སྡོམ་པ་དང་། བྱང་ཆུབ་ སེམས་དཔའི་སྡོམ་པ་དང་། སྔགས་ཀྱི་ཚུལ་རྡོ་རྗེ་སེམས་དཔའི་སྡོམ་པ་ཡང་ཡོད་དེ། དེ་ཡང་སྦྱོར་བ་ཇི་ལྟ་བ་བཞིན་དང་། མོས་པ་ཇི་ལྟ་བ་བཞིན་དང་། སྐབས་ཇི་ལྟ་བ་བཞིན་དང་། ཆོ་ག་ཇི་ལྟ་བ་བཞིན་དུ་བླང་བར་བྱ་སྟེ། དེ་འདིར་མ་བསྟན་ཏེ་ཐུན་མོང་མ་ ཡིན་པ་ཉིད་ཀྱི་ཕྱིར་རོ། །དེ་ལ་སྲོག་གཅོད་པ་དང་། མ་བྱིན་པ་ལེན་པ་དང་། འདོད་པ་ལོག་པར་གཡེམ་པ་དང་། བརྫུན་དུ་སྨྲ་བ་དང་། འབྲུའི་ཆང་དང་། བཅོས་པའི་ཆང་དང་། བག་མེད་པའི་གནས་ཏེ། འདི་ལས་ལྡོག་པ་ནི་དགེ་བསྙེན་གྱི་བསླབ་པའི་གནས་ ལྔའོ། །དེ་བཞིན་དུ་སྲོག་གཅོད་པ་དང་། མ་བྱིན་པར་ལེན་པ་དང་། མི་ཚངས་པར་སྤྱོད་པ་དང་། བརྫུན་དུ་སྨྲ་བ་དང་། འབྲུའི་ཆང་བག་མེད་པའི་གནས་དང་། དུས་མ་ཡིན་པའི་ཟས་དང་། གར་ལ་སོགས་པ་དང་། ཕྲེང་བ་ལ་སོགས་པ་དང་། ཁྲི་སྟན་ཆེན་པོ་དང་། ཁྲི་སྟན་མཐོན་པོ་དང་། གསེར་ལ་སོགས་པ་སྟེ་འདི་དག་སྤོང་བ་ནི་དགེ་ཚུལ་གྱི་བསླབ་པའི་གནས་བཅུའོ། །དེ་བཞིན་ཕམ་པ་རྣམས་དང་། དགེ་འདུན་གྱི་ལྷག་མ་རྣམས་དང་། སོ་སོར་བཤགས་པར་བྱ་བ་དང་། ཉེས་བྱས་རྣམས་དེ་ལྟུང་བ་སྡེ་ལྔ་ནི་དགེ་སློང་རྣམས་ཀྱིའོ། ། ཕམ་པ་དང་། ཉེས་བྱས་ཏེ་ལྟུང་བ་དེ་གཉིས་ནི་བྱང་ཆུབ་སེམས་དཔའི་སྡོམ་ཅན་གྱིའོ། །ཕམ་པ་རྣམས་དང་དགེ་འདུན་གྱི་ལྷག་མ་རྣམས་ཞེས་པ་ནི་རྩ་བའི་ལྟུང་བ་དང་། ལྟུང་བ་སྦོམ་པོའི་སྒྲས་བརྗོད་དེ། ལྟུང་བ་དེ་གཉིས་ནི་རྡོ་རྗེ་སེམས་དཔའི་ སྡོམ་པ་ཅན་གྱིའོ། །དེ་ལ་བླ་མ་ལ་བརྙས་པ་དང་། དེ་བཞིན་གཤེགས་པའི་བཀའ་ལས་འདས་པ་དང་། ཞེ་སྡང་གིས་རྡོ་རྗེ་སྤུན་གྱི་ཉེས་པ་བརྗོད་པ་དང་། བྱམས་པ་སྤོང་བ་དང་། བྱང་ཆུབ་ཀྱི་སེམས་སྤོང་བ་དང་། ཐེག་པ་གསུམ་ལ་སྨོད་པ་དང་། ཡོངས་སུ་མ་སྨིན་ པ་ལ་གསང་བ་སྒྲོགས་པ་དང་། དེ་བཞིན་གཤེགས་པའི་བདག་ཉིད་ཕུང་པོ་ལྔ་ལ་སྨོད་པ་དང་། ཆོས་ཐམས་ཅད་རང་བཞིན་གྱིས་ཡོངས་སུ་དག་པ་ལ་ཐེ་ཚོམ་ཟ་བ་དང་། སྡང་བ་ལ་བྱམས་པ་དང་། ཆོས་ཐམས་ཅད་ཐོག་མ་དང་ཐ་མས་སྟོང་པ་ལ་ཐོག་མ་དང་ཐ་མར་རྟོག་པ་དང་། དད་ པ་དང་ལྡན་པའི་སེམས་རབ་ཏུ་སུན་འབྱིན་པ་དང་། ཇི་ལྟར་རྙེད་པའི་དམ་ཚིག་མི་བསྟེན་པ་དང་། བུད་མེད་ལ་སྨོད་པ་ཞེས་བྱ་སྟེ་རྩ་བའི་ལྟུང་བ་བཅུ་བཞིའོ། །དེ་བཞིན་དུ་སྟོབས་ཀྱིས་རྣལ་འབྱོར་མ་ལེན་པ་དང་། སྟོབས་ཀྱིས་དེའི་བྱང་ཆུབ་ཀྱི་སེམས་ལེན་པ་དང་། གསང་བ་མི་ སྦེད་པ་དང་། དམ་ཚིག་ལ་རྩོད་པ་དང་། དད་པ་དང་ལྡན་པ་ལ་ཆོས་ལོག་པར་སྟོན་པ་དང་། ཉན་ཐོས་ཀྱི་ཐེག་པ་ལ་ཞུགས་པ་དང་ཞག་བདུན་དུ་ལྷན་ཅིག་གནས་པ་དང་རྣལ་འབྱོར་མི་ཤེས་པར་རྣལ་འབྱོར་པ་དེ་ཉིད་དུ་ང་རྒྱལ་བ་དང་། དད་པ་དང་མི་ལྡན་པ་ལ་ཆོས་སྟོན་པ་ཞེས་པ་ སྟེ། ལྟུང་བ་སྦོམ་པོ་བརྒྱད་དོ། །རྡོ་རྗེ་སེམས་དཔའི་སྡོམ་པ་ལ་མོས་ནས་གནས་པ་དེས་ཡོངས་སུ་ཀུན་དུ་སྤང་བར་བྱའོ། །སླར་ཡང་གཉིས་སུ་མེད་པའི་གནས་སྐབས་མངོན་སུམ་དུ་མ་བྱས་པའི་གནས་སྐབས་སུ་ལྷན་ཅིག་སྐྱེས་པ་བསམ་གྱིས་མི་ཁྱབ་པའི་རྣལ་ འབྱོར་ལ་རེ་ནས་སྤྱོད་པ་ཅི་ཡང་རུང་ནང་རུལ་བའི་རྨ་ལྡན་བཞིན་དུ་ཕྱི་རོལ་གྱི་འགྱིང་གིས་གནས་པར་མི་བྱའོ། །གང་ཞིག་རིགས་མི་ལྡན་པ་ལ་སོགས་པས་སྡོམ་པ་གཅིག་ཀྱང་ཉེ་བར་ལེན་པར་མི་ནུས་པ་དེས་ཀྱང་གཞི་རྣམས་ལས་གཉིས་སམ་གཅིག་ཀྱང་རུང་བའི་བསླབ་པའི་གནས་ ལ་བསླབ་པར་བྱའོ། །དེ་ཡང་མི་ནུས་ན་སྐྱབས་སུ་འགྲོ་བ་སྔོན་དུ་སོང་བའི་བྱང་ཆུབ་ཀྱི་སེམས་ཙམ་འདི་ལ་སྦྱིན་པར་བྱའོ། །དེ་ཡང་དགེ་བསྙེན་དང་བྱང་ཆུབ་སེམས་དཔའ་ཡང་མཆོག་ཏུ་སྐྱབས་སུ་འགྲོ་བ་འདི་ཙམ་གྱི་ཕྱིར་རོ། །སྨོན་པ་བྱང་ཆུབ་ཀྱི་སེམས་ཙམ་གྱི་ཕྱིར་འགྲོ་ བ་ལས་རྒྱལ་བ་ལ་མི་དམན་པ་ཉིད་ཀྱི་ཕྱིར་རོ། །སྐྱབས་སུ་འགྲོ་བ་དང་བྱང་ཆུབ་ཀྱི་སེམས་བསྐྱེད་པ་དང་། སྡོམ་པའི་ཆོ་གའི་རབ་ཏུ་དབྱེ་བ་སྟེ་དང་པོའོ།། །།ལྷག་པའི་བསམ་པ་ལ་རབ་ཏུ་ཡང་དག་པར་ཞུགས་པའི་བྱང་ཆུབ་སེམས་དཔའ་རྟག་ཏུ་བཅོམ་ལྡན་འདས་ ཀྱི་མཆོད་པ་བྱ་བར་འོས་པས་མཆོད་པའི་ཆོ་ག་བཤད་པར་བྱའོ། །ནང་པར་སྔར་ལངས་ནས་སམ། ཇི་ལྟར་སྐབས་ཡོད་པ་ཡང་རུང་། ཡིད་དུ་འོང་བའི་ས་ཕྱོགས་གཙང་སྦྲ་བྱས་ཏེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའི་སྐུ་དང་ཐང་ཀ་དང་། པུ་སྟི་རྣམས་དང་ གཞན་ཡང་གང་རུང་ཁྲུས་བྱ་བར་འོས་པ་འཆད་པར་འགྱུར་བའི་སྔགས་ཀྱིས་ཁྲུས་བྱས་ལ་རྨ་བྱའི་རླུང་ཡབ་ལ་སོགས་པས་རྡུལ་བྱབས་ཏེ། ཇི་ལྟར་རྙེད་པའི་ན་བཟའ་དང་དྲི་དང་རྒྱན་དང་མེ་ཏོག་ལ་སོགས་པས་རྩའི་རྩེ་མོའི་ཆུའི་ཚད་ཙམ་གྱིས་ཀྱང་འཆད་པར་འགྱུར་བའི་ སྔགས་ཀྱིས་བྱིན་གྱིས་བརླབས་ལ་རབ་ཏུ་མཆོད་པར་བྱའོ། །དེ་ལ་འདི་ནི་ཁྲུས་ཀྱི་སྔགས་ཏེ། ཨོཾ་ཨཱཿཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ས་མ་ཡ་ཤྲི་ཡེ་ཧཱུྃ་ཧཱུྃ། དེ་བཞིན་དུ་ན་བཟའ་ལ་སོགས་པའི་སྔགས་ནི། ཨོཾ་ཨཱཿཨོཾ་བཛྲ་ཝསྟྲ་ཡེ་སྭཱ་ཧཱ་ཧཱུྃ། ཨོཾ་ཨཱཿཨོཾ་ བཛྲ་ས་མ་ལཾ་བྷ་ནེ་སྭཱ་ཧཱ་ཧཱུྃ། ཨོཾ་ཨཱཿཨོཾ་བཛྲ་ཨ་ལཾ་ཀ་རེ་སྭཱ་ཧཱ་ཧཱུྃ། ཨོཾ་ཨཱཿཨོཾ་བཛྲ་པུཥྤེ་སྭཱ་ཧཱ་ཧཱུྃ། དེ་བཞིན་དུ་གཞན་ཡང་སྤོས་ལ་སོགས་པ་དག་དེ་ཁོ་ན་ཉིད་གསུམ་པོ་འདི་ཉིད་ཀྱིས་རིམ་པས་ནང་དུ་བཅུག་ལ་རོལ་བར་བྱའོ། །དེ་བས་ན་སྐུ་ལ་སོགས་པ་དེ་རྣམས་ཀྱི་ མདུན་དུའོ། །སྐུ་ལ་སོགས་པ་མེད་ན་ཕྱོགས་བཅུ་དུས་གསུམ་དུ་བྱུང་བའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་དམིགས་ལ་གང་ཅུང་ཟད་འཆད་པར་འགྱུར་བའི་སྔགས་ཀྱིས་བྱིན་གྱིས་བརླབས་པ་ལ་ལྕི་བ་ལ་སོགས་པའི་དཀྱིལ་འཁོར་བྱ་སྟེ། འཆད་པར་ འགྱུར་བའི་སྔགས་ཀྱིས་དཀྱིལ་འཁོར་བྱིན་གྱིས་བརླབས་སོ། །དེ་ལ་འདི་ནི་ས་གཞི་བྱིན་གྱིས་བརླབ་པའི་སྔགས་ཏེ། ཨོཾ་ཨཱཿཨོཾ་བཛྲ་བྷཱུ་མི་སྭཱ་ཧཱ་ཧཱུྃ། དེ་བཞིན་དུ་དཀྱིལ་འཁོར་བྱིན་གྱིས་བརླབ་པའི་སྔགས་ནི། ཨོཾ་ཨཱཿཨོཾ་བཛྲ་རེ་ཁེ་སྭཱ་ཧཱ་ཧཱུྃ། དེ་བཞིན་དུ་ཨརྒྷའི་སྔགས་ནི། ཨོཾ་ཨཱཿམཾ་པྲ་བ་ར་སཏྐ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ་ཧཱུྃ། དེ་ལ་ཡང་དཀྱིལ་འཁོར་བའི་རང་གི་སྙིང་ག་ན་གནས་པའི་དབྱངས་ཡིག་དང་པོ་དཀར་པོ་ཡོངས་སུ་གྱུར་པའི་ནང་ཟླ་བའི་དཀྱིལ་འཁོར་གྱི་དབུས་སུ་གནས་པ་གུར་གུམ་ལྟར་དམར་བའི་ མཾ་ཡིག་གི་ས་བོན་ལས་འོད་ཟེར་འཕྲོས་པས་ཐོག་མ་མེད་པ་ནས་གྲུབ་པའི་ཡེ་ཤེས་ཀྱི་དཀྱིལ་འཁོར་གྱི་བདག་ཉིད་འཇམ་དཔལ་རྡོ་རྗེ་གཙོ་བོར་གྱུར་པའི་དཔལ་གསང་བ་འདུས་པའི་དཀྱིལ་འཁོར་གྱི་འཁོར་ལོ་བཀུག་སྟེ།དེར་གནས་པ་དེ་རྣམས་ཀྱི་གནས་དང་མཚན་ དང་ཁ་དོག་དང་ཕྱག་མཚན་དང་། ས་བོན་རྣམས་མངོན་དུ་བྱའོ། །དེ་ལ་རྩ་བ་གཅིག་ལ་ཡལ་ག་བཅུ་དགུ་པའི་སྣ་ཚོགས་པདྨ་ལ་མགོན་པོ་དང་བཅས་པའི་ལྷ་རྣམས་ཀྱི་གནས་རིན་པོ་ཆེ་སྣ་བདུན་གྱི་རང་བཞིན་རྣམ་པར་བཀྲ་བའི་གཞལ་ཡས་ཁང་གི་དབུས་སུ་པདྨ་དང་ཟླ་བའི་ དཀྱིལ་འཁོར་ལ་འཇམ་དཔལ་རྡོ་རྗེ་གུར་གུམ་ལྟར་དམར་བ་རལ་གྲི་ནག་པོ་དང་མདའ་དམར་པོ་དང་ཨུཏྤལ་སྔོན་པོ་དང་གཞུ་དམར་པོ་འཛིན་པ་གུར་གུམ་དམར་པོ་ལྟ་བུའི་མཾ་ཡིག་ནི་ས་བོན་ནོ། །དེའི་དབུ་ལ་མི་བསྐྱོད་པ་ནག་པོ་རྡོ་རྗེ་རྩེ་ལྔ་པ་ནག་པོ་འཛིན་པ་ཧཱུྃ་ཡིག་ ནག་པོ་ནི་ས་བོན་ནོ། །མདུན་དུ་རྣམ་པར་སྣང་མཛད་དཀར་པོ་འཁོར་ལོ་དཀར་པོ་རྩིབས་བརྒྱད་པ་འཛིན་པ་བྷྲཱུཾ་ཡིག་དཀར་པོ་ནི་ས་བོན་ནོ། །གཡས་སུ་རིན་ཆེན་འབྱུང་ལྡན་སེར་པོ་པདྨ་རཱ་ག་ལྟར་རིན་པོ་ཆེ་ཟུར་དགུ་པ་ལྗང་གུ་འཛིན་པ་ཨཱཾ་ཡིག་སེར་པོ་ནི་ས་བོན་ནོ། །ནུབ་ ཕྱོགས་སྣང་བ་མཐའ་ཡས་དམར་པོ་པདྨ་འཛིན་པ་ཛྲཱིཾ་ཡིག་དམར་པོ་ནི་ས་བོན་ནོ། །བྱང་ཕྱོགས་སུ་དོན་ཡོད་གྲུབ་པ་ལྗང་གུ་རལ་གྲི་ནག་པོ་འཛིན་པ་ཁཾ་ཡིག་ལྗང་གུ་ནི་ས་བོན་ནོ། །མེའི་མཚམས་སུ་ནི་སྤྱན་མ་དཀར་མོ་འཁོར་ལོ་དཀར་པོ་འཛིན་པ་ལཾ་ཡིག་དཀར་པོའི་ ས་བོན་ནོ། །སྲིན་པོའི་མཚམས་སུ་མཱ་མ་ཀཱི་ནག་མོ་ཨུཏྤལ་དམར་པོ་འཛིན་པ་མཾ་ཡིག་ནག་པོ་ནི་ས་བོན་ནོ། །རླུང་གི་མཚམས་སུ་གོས་དཀར་མོ་དམར་མོ་པདྨ་དམར་པོ་འཛིན་པ་པཾ་ཡིག་དམར་པོ་ནི་ས་བོན་ནོ། །དབང་ལྡན་གྱི་མཚམས་སུ་སྒྲོལ་མ་སེར་མོ་ཨུཏྤལ་ འཛིན་པ་ཏཱཾ་ཡིག་སེར་པོ་ནི་ས་བོན་ནོ། །ཕྱིའི་མེའི་མཚམས་སུ་གཟུགས་རྡོ་རྗེ་མ་དཀར་མོ་མེ་ལོང་དཀར་པོ་འཛིན་པ་ཛཿདཀར་པོ་ནི་ས་བོན་ནོ། །སྲིན་པོའི་མཚམས་སུ་སྒྲ་རྡོ་རྗེ་མ་ནག་མོ་པི་ཝང་ནག་པོ་འཛིན་པ་ཧཱུྃ་ཡིག་ནག་པོ་ནི་ས་བོན་ནོ། །རླུང་གི་མཚམས་སུ་དྲི་རྡོ་རྗེ་ མ་སེར་མོ་དྲི་ཆུ་སེར་མོས་བཀང་བའི་དུང་ཕོར་འཛིན་པ་བཾ་ཡིག་སེར་པོ་ནི་ས་བོན་ནོ། །དབང་ལྡན་གྱི་མཚམས་སུ་རོ་རྡོ་རྗེ་མ་དམར་མོ་རོ་དམར་པོས་བཀང་བའི་སྣོད་དཀར་པོ་འཛིན་པ་ཧོཿཡིག་དམར་པོ་ནི་ས་བོན་ནོ། །ཤར་ཕྱོགས་ཀྱི་སྒོའི་བྱང་གི་རྩ་རུ་ཆོས་ཀྱི་དབྱིངས་རེག་རྡོ་རྗེ་མ་ལྗང་ གུ་གོས་སྣ་ཚོགས་འཛིན་པ་ཁཾ་ཡིག་ལྗང་གུ་ནི་ས་བོན་ནོ། །ལྷོའི་སྒོའི་རྩ་རུ་ཆོས་ཀྱི་དབྱིངས་ཀྱི་རྡོ་རྗེ་མ་ཆོས་འབྱུང་དཀར་པོ་འཛིན་པ་རཾ་ཡིག་དཀར་པོ་ནི་ས་བོན་ནོ། །ཤར་སྒོ་རུ་གཤིན་རྗེ་མཐར་བྱེད་ནག་པོ་འཇིགས་པ་རྡོ་རྗེ་ཐོ་བ་ནག་པོ་འཛིན་པ་ཧཱུྃ་ཡིག་ནག་པོ་ནི་ས་བོན་ནོ། ། ལྷོ་སྒོ་རུ་ཤེས་རབ་མཐར་བྱེད་དཀར་པོ་རྡོ་རྗེ་རྩེ་ལྔ་པ་ནག་པོས་མཚན་པའི་དབྱིག་པ་དཀར་པོ་ནི་ས་བོན་ནོ། །ནུབ་སྒོ་རུ་པདྨ་མཐར་བྱེད་དམར་མོ་འཇིགས་པ་པདྨ་དམར་པོ་འཛིན་པ་ཧཱུྃ་ཡིག་དམར་པོ་ནི་ས་བོན་ནོ། །བྱང་སྒོ་རུ་བགེགས་མཐར་བྱེད་ནག་པོ་འཇིགས་པ་རྡོ་རྗེ་ནག་ པོ་རྩེ་ལྔ་པ་འཛིན་པ་ཧཱུྃ་ཡིག་ནག་པོ་ནི་ས་བོན་ནོ། །བསྲུང་བའི་འཁོར་ལོ་རྩིབས་བཅུ་པ་འཁོར་ལོ་ཁ་དོག་སེར་པོའི་ཤར་དང་ལྷོ་དང་ནུབ་དང་བྱང་གི་རྩིབས་ཀྱི་དབུས་རྣམས་སུ་གཤིན་རྗེ་མཐར་བྱེད་ལ་སོགས་པ་འདི་དག་ཉིད་དོ། །མེའི་མཚམས་ཀྱི་རྩིབས་ཀྱི་མཚམས་ན་ འདོད་པའི་རྒྱལ་པོ་མཛེས་པ་ནག་པོ་ལྕགས་ཀྱུ་ནག་པོ་འཛིན་པ་ཧཱུྃ་ཡིག་ནག་པོ་ནི་ས་བོན་ནོ། །སྲིན་པོའི་མཚམས་ཀྱི་རྩིབས་ཀྱི་དབུས་སུ་དབྱུག་པ་སྔོན་པོ་འཇིགས་པ་ནག་པོ་དབྱུག་པ་ནག་པོ་འཛིན་པ། ཧཱུྃ་ཡིག་ནག་པོ་ནི་ས་བོན་ནོ། །རླུང་གི་མཚམས་ཀྱི་རྩིབས་ ཀྱི་དབུས་སུ་སྟོབས་པོ་ཆེ་འཇིགས་པ་ནག་པོ་རྩེ་གསུམ་ནག་པོ་འཛིན་པ་ཧཱུྃ་ཡིག་ནག་པོ་ནི་ས་བོན་ནོ། །དབང་ལྡན་གྱི་མཚམས་ཀྱི་རྩིབས་ཀྱི་དབུས་སུ་མི་གཡོ་བ་ནག་པོ་མཛེས་པ་བྱིས་པའི་ཆ་བྱད་ཅན་སྤྱན་ཡོ་བ་ནག་པོ་རལ་གྲི་ནག་པོ་འཛིན་པ་ཧཱུྃ་ཡིག་ནག་པོ་ནི་ས་བོན་ནོ། ། སྟེང་གི་རྩིབས་ཀྱི་དབུས་སུ་གཙུག་ཏོར་འཁོར་ལོས་སྒྱུར་བ་མཛེས་པ་སེར་པོ་འཁོར་ལོ་རྩིབས་བརྒྱད་པ་སེར་པོ་འཛིན་པ་འཁོར་ལོ་སེར་པོ་འབར་བས་ཡོངས་སུ་བསྐོར་བ་བྲུཾ་ཡིག་སེར་པོ་ནི་ས་བོན་ནོ། །འོག་གི་རྩིབས་ཀྱི་དབུས་སུ་གནོད་མཛེས་རྒྱལ་པོ་མཛེས་པ་སྐུ་མདོག་ནག་ པོ་རྡོ་རྗེ་རྩེ་ལྔ་པ་ནག་པོ་འཛིན་པ་ཧཱུྃ་ཡིག་ནག་པོ་ནི་ས་བོན་ནོ། །འཁོར་ལོའི་ལྟེ་བའི་དབུས་སུ་རྡོ་རྗེ་ཧཱུྃ་མཛད་མཛེས་པ་ནག་པོ་ཆོས་འབྱུང་བ་དཀར་པོ་བསྐྱེད་པ་སྟེ་ས་བོན་ནོ། །རྡོ་རྗེ་ནག་པོ་རྩེ་ལྔ་པ་དང་། རལ་གྲི་ནག་པོ་དང་། ལྕགས་ཀྱུ་ནག་པོ་དང་། ཞགས་པ་ ནག་པོ་འཛིན་པ་ཞབས་གཡོན་པ་དང་གཡས་པ་གཉིས་ཀྱིས་ཨུ་མའི་ནུ་མའི་བུམ་པ་དང་། བདེ་བྱེད་ཀྱི་རྣ་བ་གཡོན་པ་མནན་པ་སྟེ། ཧཱུྃ་ཡིག་ནག་པོ་ནི་ས་བོན་ནོ། །མདོར་བསྡུས་པ་འདི་དྲན་པར་བྱས་ལ་མཆོད་པར་བྱའོ། །གལ་ཏེ་མངོན་པར་བརྩོན་པ་ཡོད་ན་གཞན་ འདི་ཡང་དྲན་པར་བྱའོ། །འཇམ་པའི་རྡོ་རྗེ་ལ་སོགས་པ་ཐམས་ཅད་འདི་ལྟར་ཤེས་པར་བྱ་སྟེ། ཞལ་གསུམ་ཕྱག་དྲུག་པ་རང་རང་གི་གཟུགས་ཀྱི་རྡུལ་ཕྲ་རབ་ལས་ཡོངས་སུ་བསྒྲུབ་པའི་གཟུགས་ཅན་རྣམས་ཡེ་ཤེས་སེམས་དཔའི་སྙིང་གི་ས་བོན་ལས་བྱུང་བ་རང་རང་གི་ དཀྱིལ་འཁོར་གྱི་འཁོར་ལོ་སྤྲོས་པས་སེམས་ཅན་གྱི་དོན་བྱེད་པ་དང་། རྒྱན་ཐམས་ཅད་འཛིན་པ་དང་། རིན་པོ་ཆེའི་དབུ་རྒྱན་དང་། རྡོ་རྗེའི་སྐྱིལ་མོ་ཀྲུང་དང་། ཕྱག་གཉིས་གཙོ་བོ་གཉིས་ཀྱིས་རང་འོད་ཀྱི་རིག་མ་ལ་འཁྱུད་པ། མཛེས་པའི་མ་མཆུ་འཛིན་པ། ལྷག་མའི་ཕྱག་ གཙོ་བོ་རྣམས་ཀྱི་ཕྱག་མཚན་རལ་གྲི་ནག་པོ་དང་། རིན་པོ་ཆེ་མར་གད་ལྗང་གུ་ཟུར་དགུ་པ་དང་། པདྨ་དམར་པོ་འདབ་མ་བརྒྱད་པ་འཛིན་པའོ། །རལ་གྲི་དང་རིན་པོ་ཆེ་དང་པདྨ་རྣམས་དང་། གཞན་གྱི་ཡང་ཕྱག་མཚན་གཙོ་བོའི་གནས་སུ་འཁོར་ལོ་རྩིབས་བརྒྱད་པའོ། །མི་ གཡོ་བ་ནི་དེའི་གནས་སུ་རྡོ་རྗེ་ནག་པོ་རྩེ་ལྔ་པའོ། །ཐམས་ཅད་ཀྱི་ཡང་གཡས་དང་གཡོན་གྱི་ཞལ་ནི་སྔོན་པོ་དང་དཀར་པོ་སྟེ། དཀར་པོ་རྣམས་ཀྱི་ནི་སྔོན་པོ་དང་དམར་པོའོ། །སྔོན་པོ་རྣམས་ཀྱི་ནི་དཀར་པོ་དང་དམར་པོའོ། །ཁྲོ་བོ་མ་གཏོགས་པ་ཐམས་ཅད་ཤིན་ཏུ་སྒེག་པ་ འབར་བ་ཡིད་དུ་འོང་བའི་གཟུགས་ཅན་ནོ། །དེ་བཞིན་གཤེགས་པ་རྣམས་རྡོ་རྗེ་སེམས་དཔའ་དང་། རང་འོད་མཛེས་མ་མ་གཏོགས་ནི་རལ་པའི་ཐོར་ཚུགས་ཅན་ནོ། །རྣམ་པར་སྣང་མཛད་དང་། རྡོ་རྗེ་སེམས་དཔའ་མ་གཏོགས་པའི་དེ་བཞིན་གཤེགས་པ་ཐམས་ཅད་དང་། ཁྲོ་བོ་རྣམས་ཀྱི་ནི་ཉི་མའི་འོད་དང་ཉི་མའི་གདན་རྣམས་སོ། །ཁྲོ་བོ་ཐམས་ཅད་གཡོན་བརྐྱང་ངོ་། །ཁྲོ་བོ་འཇིགས་པ་རྣམས་ནི་ཐུང་བ་གསུས་པ་འཕྱང་བ་སྨིན་མ་དང་སྨ་ར་དང་སྐྲ་གྱེན་དུ་འགྲེང་བ་རྣམས་སོ། །ཀླུ་མཐའ་ཡས་ཤིན་ཏུ་སྔོ་བས་མགོ་ལ་བཅིང་བ་དང་འཇོག་པོ་དམར་པོས་ རྣ་བའི་འདབ་མ་བརྒྱན་པ་དང་། དཀར་པོ་པདྨ་ཆེན་པོས་རྒྱན་དོ་ཤལ་བྱས་པ་དང་། ལྗང་གུ་ཀརྐོ་ཊས་ཚངས་པའི་སྐུད་པ་དང་། སེར་པོ་དུང་སྐྱོང་གིས་གདུ་བུ་བྱས་པ་དང་། ཁ་དོག་སྣ་ཚོགས་རིགས་ལྡན་གྱིས་ལེགས་པར་མཛེས་པའི་དཔུང་རྒྱན་དང་། པདྨ་སྐྱ་བོ་ལྟ་བུ་ནོར་ ལྡན་གྱིས་སྐ་རགས་སྤྲས་པ་དང་། པདྨའི་ཡུ་བ་སྐྱ་བོ་ལྟ་བུའི་པདྨ་རྐང་རྒྱན་བྱས་པ་དང་། སྟག་གི་པགས་པའི་གོས་འཛིན་པ་དང་། ལྕེ་འདྲིལ་བ་དང་། གདོང་འཇིགས་པ་དང་། བཞད་པའི་གད་རྒྱངས་དང་། དཔྲལ་བའི་དབྱེས་ལ་ཁྲོ་གཉེར་དང་། སྤྱན་ཟླུམ་པོ་ཅུང་ཟད་ དམར་བ་རྣམས་སོ། །ཁྲོ་བོ་མཛེས་པ་རྣམས་ནི་ཁྲོ་བའི་གཟུགས་དང་། ཁྲོ་གཉེར་ཅུང་ཟད་དང་རྒྱན་ཐམས་ཅད་འཛིན་པ་དང་རིན་པོ་ཆེའི་དབུ་རྒྱན་ཅན་ཏེ་སྨ་ར་མེད་པའོ། །དཔལ་འཇམ་པའི་རྡོ་རྗེ་དང་། རྣམ་པར་སྣང་མཛད་དང་། རིན་ཆེན་འབྱུང་ལྡན་དང་། སྣང་བ་མཐའ་ཡས་ དང་།དོན་ཡོད་གྲུབ་པ་དང་། མཱ་མ་ཀཱི་དང་། སྒྲ་རྡོ་རྗེ་དང་། ཤེས་རབ་མཐར་བྱེད་དང་། བགེགས་མཐར་བྱེད་དང་། སྲུང་བའི་འཁོར་ལོ་ལ་གནས་པའི་བགེགས་མཐར་བྱེད་དང་། ཤེས་རབ་མཐར་བྱེད་དང་། འདོད་པའི་རྒྱལ་པོ་དང་། དབྱུག་པ་སྔོན་པོ་དང་། སྟོབས་ པོ་ཆེ་དང་། མི་གཡོ་བ་དང་། གཙུག་ཏོར་འཁོར་ལོས་སྒྱུར་བ་དང་། གནོད་མཛེས་རྒྱལ་པོ་དང་། རྡོ་རྗེ་ཧཱུྃ་མཛད་རྣམས་ཀྱི་རིགས་ཀྱི་བདག་པོ་ནི་མི་བསྐྱོད་པའོ། །མི་བསྐྱོད་པ་དང་ཆོས་ཀྱི་དབྱིངས་ཀྱི་རྡོ་རྗེ་མ་གཉིས་ཀྱི་རིགས་ཀྱི་བདག་པོ་རྡོ་རྗེ་སེམས་དཔའོ། ། སྤྱན་མ་དང་གཟུགས་རྡོ་རྗེ་མ་དང་། གཤིན་རྗེ་མཐར་བྱེད་དང་། སྲུང་བའི་འཁོར་ལོ་ལ་གནས་པའི་གཤིན་རྗེ་མཐར་བྱེད་རྣམས་ཀྱི་བདག་པོ་ནི་རྣམ་པར་སྣང་མཛད་དོ། །གོས་དཀར་མོ་དང་། རོ་རྡོ་རྗེ་མ་དང་། པདྨ་མཐར་བྱེད་དང་། སྲུང་བའི་འཁོར་ལོ་ལ་གནས་པའི་པདྨ་མཐར་ བྱེད་རྣམས་ཀྱི་བདག་པོ་ནི་སྣང་བ་མཐའ་ཡས་སོ། །སྒྲོལ་མ་དང་རེག་རྡོ་རྗེ་མ་གཉིས་ཀྱི་བདག་པོ་ནི་དོན་ཡོད་གྲུབ་པའོ། །དྲི་རྡོ་རྗེ་མའི་བདག་པོ་ནི་རིན་ཆེན་འབྱུང་ལྡན་ནོ། །དཀྱིལ་འཁོར་ཐམས་ཅད་ཀྱི་བདག་པོ་ལ་ཞལ་བལྟས་པའོ། །རྣམ་པར་སྤྲོས་པ་འདི་དྲན་པར་བྱས་ལ་མན་ངག་ཇི་ལྟ་བ་ བཞིན་དུ་ཞབས་བསིལ་དང་ཞལ་བསིལ་བ་དང་། ཨརྒྷཾ་ཕུལ་ལ་དྲིལ་བུ་དཀྲོལ་ཏེ། རང་རང་གི་ས་བོན་དེ་ཁོ་ན་ཉིད་གསུམ་གྱི་ནང་དུ་བཅུག་ལ་མངོན་པར་བསྔགས་ཏེ། གནས་ཇི་ལྟ་བ་བཞིན་དུ་མེ་ཏོག་ལ་སོགས་པ་དབུལ་བར་བྱའོ། །དེ་ནས་ཕྱིའི་སྐུ་ལ་སོགས་པ་དང་། གསང་བའི་ མཆོད་པ་ཡེ་ཤེས་ཀྱི་དཀྱིལ་འཁོར་ལ་ཡང་དྲིལ་བུ་དཀྲོལ་བ་དང་བཅས་པས། ཨོཾ་ཨཱཿཨོཾ་བཛྲ་དྷཱུ་པེ་སྭཱ་ཧཱ་ཧཱུྃ། འདི་ལ་སོགས་པ་སྔར་བསྟན་པའི་སྔགས་ཀྱིས་ཇི་ལྟར་རྙེད་པའི་སྤོས་དང་། མར་མེ་དང་དྲི་དང་ལྷ་བཤོས་ལ་སོགས་པ་ཉེ་བར་བསྟབས་ལ་རང་གི་སྙིང་ག་ནས་ བྱུང་བའི་བླ་ན་མེད་པའི་མཐར་ཐུག་པ་ཟག་པ་དང་བྲལ་བའི་གཟུགས་དང་སྒྲ་དང་དྲི་དང་རོ་དང་རེག་བྱ་ལ་ཐུག་པའི་རབ་ཏུ་དབྱེ་བས་འདོད་པའི་ཡོན་ཏན་ལྔས་མཆོད་པར་བྱ་སྟེ། འདི་ནི་ཕྱིའི་མཆོད་པའོ། །གསང་བའི་མཆོད་པ་ནི་མན་ངག་ཇི་ལྟ་བ་བཞིན་དུ་ཁོང་དུ་ཆུད་པར་བྱའོ། ། དེ་ནས་མཆོད་པར་བྱ་བ་དང་མཆོད་པར་བྱེད་པ་དང་། མཆོད་པ་དང་། ཕྱག་བྱ་བ་དང་། ཕྱག་བྱེད་པ་དང་། ཕྱག་དང་། བཤགས་པར་བྱ་བ་དང་། བཤགས་པར་བྱེད་པ་དང་། བཤགས་པ་ལ་སོགས་པ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། རང་བཞིན་གྱིས་འོད་གསལ་བར་བསྒོམ་པར་ བྱའོ། །བླ་ན་མེད་པའི་མཆོད་པ་བདུན་པོ་གསལ་བར་བྱེད་པའི་ཚིགས་སུ་བཅད་པ་གཅིག་པུ་འདི་ནི་སྔོན་དུ་བྱས་ལ་ལྷག་པའི་བསམ་པས་གདོན་པར་བྱའོ། །སྡིག་པ་ཐམས་ཅད་བདག་གིས་བཤགས་བགྱི་མཆོག་ཏུ་དགའ་བས་དགེ་བ་རྣམས་ལ་རྗེས་ཡི་རང་། །བཅོམ་ ལྡན་འདས་ཀྱིས་དམ་པའི་ཆོས་ལ་ཡང་ནི་སྐྱེ་བ་ཇི་སྲིད་གནས་པར་གསོལ་བ་འདེབས། །དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི་བར་ཁས་འཆེས་ཡིད་ནི་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་བགྱི། །དེ་ཡི་ལམ་ལ་ཡང་དག་གནས་བགྱི་དགེ་བའི་ཆོ་ག་བྱང་ཆུབ་མཆོག་ཏུ་བསྔོ་ བར་བགྱི། །འདི་ནི་རབ་ཏུ་རྟོགས་པའི་མཆོད་པའོ། །དེ་ནས་མི་བསྐྱོད་རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་ལྔ་དང་མངོན་པར་འདོད་པའི་བསྟོད་པ་གཞན་ཡང་རུང་བས་བསྟོད་ལ་ཕྱག་བྱས་ཏེ། བསྐོར་བ་བྱས་ལ་སླར་ཡང་ཕྱག་བྱས་ཏེ། ཉེ་བར་འདུག་ནས་ཇི་ ལྟ་བ་བཞིན་དུ་གསང་བ་འདུས་པའི་སྔགས་སམ། གཞན་གང་ཡང་རུང་བས་བཅོམ་ལྡན་འདས་ཛཾ་བྷ་ལ་ལ་ཆུ་དང་། འབྱུང་པོ་ཐམས་ཅད་ལ་གཏོར་མ་དང་། ཡི་དྭགས་རྣམས་ལ་ཡང་ཆུ་སྦྱིན་པར་བྱའོ། །དེ་ལ་ཨོཾ་ཨཱཿཛཾ་དྷ་ནཾ་མེ་དེ་ཧི་ཧཱུྃ་ཛཾ་བྷ་ལ་ལ་ཆུ་སྦྱིན་པའི་སྔགས་སོ། ། ཨོཾ་ཨཱཿཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨྨ་ཎཱཾ་ཨཱདྱ་ནུཏྤནྣ་ཏྭཱཏ་ཨོཾ་ཨཱཿཧཱུྃ་ཕཊ་སྭཱ་ཧཱ་ཧཱུྃ། མདོར་བསྡུས་པའི་གཏོར་མའི་སྔགས་སོ། །ཨོཾ་ཨཱཿཨོཾ་ཛ་ལ་མི་ཏཾ་སརྦ་པྲེ་ཏེ་བྷྱ་སྭཱ་ཧཱ་ཧཱུྃ། ཡི་དགས་རྣམས་ལ་ཆུ་སྦྱིན་པའི་སྔགས་སོ། །དེ་ནས་སྟན་བདེ་བ་ལ་འདུག་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ ཕྱིན་པ་ལ་སོགས་པ་མངོན་པར་འདོད་པའི་དམ་པའི་ཆོས་བཀླག་པར་བྱའོ། །ཡང་ན་འཁོར་ལོའི་བཟླས་པ་བྱའོ། །མཐའ་རུ་མངོན་པར་འདོད་པའི་སྨོན་ལམ་བཏབ་ནས། །ཨོཾ་ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །ཇི་ལྟར་འདོད་པའི་དངོས་གྲུབ་སྩོལ། །སངས་རྒྱས་ཡུལ་དུ་ གཤེགས་མཛོད་ལ། །སླར་ཡང་འདི་རུ་གཤེགས་སུ་གསོལ། །མུཿསྔགས་འདིས་དྲིལ་བུའི་སྒྲ་སྔོན་དུ་སོང་བས་ཡེ་ཤེས་ཀྱི་དཀྱིལ་འཁོར་གཤེགས་སུ་གསོལ་ནས་བདེ་བར་གནས་པར་བྱའོ། །དེ་བཞིན་དུ་རྡོ་རྗེ་འཇིགས་བྱེད་དང་། གཤིན་རྗེ་གཤེད་ནག་པོ་ལ་སོགས་པ་དང་། དེ་ བཞིན་དུ་དགྱེས་པའི་རྡོ་རྗེ་དང་། འཁོར་ལོ་སྡོམ་པ་དང་། སྒྱུ་འཕྲུལ་ཆེན་མོ་ལ་སོགས་པ་དང་། དེ་བཞིན་དུ་དཔའ་བོ་གཅིག་སྒྲུབ་པ་དང་། བརྟན་པའི་འཁོར་ལོ་དང་། ཨ་ར་པ་ཙ་ན་དང་། ཀུ་རུ་ཀུལླེ་ལ་སོགས་པ་དང་། དེ་བཞིན་དུ་ཁཪྶ་པཱ་ཎི་དང་། སེང་ལྡེང་ནགས་ ཚལ་ལ་སོགས་པ་ཡང་ཇི་ལྟར་མོས་པ་ཇི་ལྟར་ཐོབ་པ་སྤྱན་དྲངས་ལ་རབ་ཏུ་མཆོད་དེ་གཤེགས་སུ་གསོལ་ལོ། །དྲོའི་གནས་སུ་གཏོར་མ་དང་བཤོས་གཙང་དང་། སྡོམ་ཆང་གསུམ་དང་། ཕུད་དང་ལྷག་མའི་ཁམས་རྣམས་ཏེ་རབ་ཏུ་སྦྱིན་པ་ལྔ་ཅིས་ཀྱང་སྦྱིན་པར་བྱའོ། །དེ་ལ་སྔར་ བསྟན་པའི་སྔགས་ཀྱིས་འབྱུང་པོ་ཐམས་ཅད་ལ་གཏོར་མ་སྦྱིན་ནོ། །ཨོཾ་ཨཱཿཨོཾ་བཛྲ་ནཻ་བི་དྱ་བུདྡྷ་དྷརྨྨཱ་སཾ་གྷེ་བྷྱཿསྭཱ་ཧཱ་ཧཱུྃ། སྔགས་འདིས། སངས་རྒྱས་དང་ཆོས་དང་དགེ་འདུན་ལ་བཤོས་གཙང་དབུལ་ལོ། །ཨོཾ་ཨཱཿཨོཾ་ཧ་རཱི་ཏྱེ་སྭཱ་ཧཱ་ཧཱུྃ། འདིས་འཕྲོག་མ་ལ་སྡོམ་ཆང་གསུམ་སྦྱིན་པར་ བྱའོ། །དེ་ཁོ་ན་ཉིད་གསུམ་གྱི་ནང་དུ་བཅུག་པའི་རང་གི་ས་བོན་གྱི་རང་བདག་པོའི་ལྷ་ལ་ཟས་ཕུད་དབུལ་བར་བྱའོ། །ཨོཾ་ཨཱཿཨོཾ་ཨུ་ཙྪིཥྛ་པཎྜི་ཨ་ས་ནེ་བྷྱཿསྭཱ་ཧཱ་ཧཱུྃ། འདིས་ལྷག་མའི་ཁཾ་སྦྱིན་པར་བྱའོ། །འདི་ནི་མཆོད་པའི་ཆོ་ག་སྟེ་གཉིས་པའོ།། །།དེ་ནས་བླ་མ་བསྟེན་པ་དང་། སེམས་ཅན་བསྟེན་པ་དང་། འགྲོ་བ་དྲུག་གི་ཚིག་ལེའུར་བྱས་པ་དང་། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་ལ་སོགས་པ་དང་། དེ་བཞིན་དུ་བྱང་ཆུབ་སེམས་དཔའ་རྣམ་པ་ལྔ་དང་། སྒྲུབ་ཐབས་ཀུན་ལས་བཏུས་པ་དང་། དཔའ་བོ་གཅིག་སྒྲུབ་པ་དང་། དབང་སྔོན་དུ་འགྲོ་ བའི་དབང་གི་རབ་ཏུ་བྱེད་པ་དང་དཀྱིལ་འཁོར་གྱི་ཆོ་ག་དང་། དཔལ་གསང་བ་འདུས་པ་ལ་སོགས་པ་རྒྱུད་ཀྱི་རྒྱལ་པོ་རྣམས་མཉན་ལ་ཤེས་རབ་དང་སྙིང་རྗེ་དང་ཤིན་ཏུ་ཡང་དག་པར་ལྡན་པས་རང་བཞིན་གྱི་དོན་ཕུན་སུམ་ཚོགས་པའི་དཔལ་ལྡན་དཀྱིལ་འཁོར་གྱི་འཁོར་ལོ་བསྒོམ་པར་ བྱའོ། །ཡོན་ཏན་གང་དང་ལྡན་པས་བྱང་ཆུབ་སེམས་དཔའ་བསྒོམ་པ་ལ་དབང་བར་འགྱུར་བའི་ཡོན་ཏན་དེ་རྣམས་བཤད་པར་བྱ་སྟེ། དེ་ལ་ལྕགས་ཀྱི་ཁང་པ་འབར་བར་རབ་ཏུ་ཞུགས་པ་དང་འདྲ་བར་ཁམས་གསུམ་པ་སྡུག་བསྔལ་གསུམ་གྱིས་གདུངས་པར་ངེས་པ་དང་། སྙིང་རྗེ་དང་ བྱམས་པ་དང་དགའ་བ་དང་། བཏང་སྙོམས་དང་། དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་དང་། བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་། མི་དགེ་བ་བཅུ་ལས་ལྡོག་པ་དང་། བསླབ་པའི་གནས་ལྔ་ལ་སོགས་པ་ལ་ཞུགས་པ་དང་། ཆོས་ཐམས་ཅད་ལ་རྨི་ལམ་ལ་སོགས་ པ་ལྟ་བུར་མོས་པ་དང་། བདེན་པ་དང་དཀོན་མཆོག་དང་ལས་ཀྱི་འབྲས་བུ་ལ་མངོན་པར་ཡིད་ཆེས་པའི་མཚན་ཉིད་ཀྱི་དད་པ་དང་གསོན་པོའི་དེ་ཉིད་སེམས་ཅན་གྱི་དོན་བྱེད་པ་གཅིག་པུ་དང་། གཅིག་ཏུ་དཀོན་མཆོག་གསུམ་ལ་དགའ་བ་དང་། བྱང་ཆུབ་པར་རིངས་པ་དང་། ཐེ་ཚོམ་མེད་པ་དང་། ཞེན་པ་མེད་པ་དང་། འཆད་པར་འགྱུར་བའི་གནས་རྣམ་པ་ལྔ་ཡོངས་སུ་ཤེས་པ་དང་། ཕ་རོལ་ཏུ་ཕྱིན་པ་བཅུ་སྦྱང་བ་ལ་གཅིག་ཏུ་དགའ་བ་རྣམས་ནི་ཡོན་ཏན་ནོ། །ཐ་ན་ཡོན་ཏན་གྱི་བྱེ་བྲག་ཁྱད་པར་ཅན་བཅོ་བརྒྱད་དང་ལྡན་པའི་བྱང་ཆུབ་སེམས་ དཔའ་ཕ་རོལ་ཏུ་ཕྱིན་པའི་ཚུལ་གྱིས་མངོན་པར་བྱང་ཆུབ་པ་ལ་དབང་ཡོད་པ་དེ་བཞིན་དུ་ཐབས་དང་ཤེས་རབ་གཉིས་སུ་མེད་པ་ཟབ་མོའི་ཚུལ་ལ་ལྷག་པར་མོས་པ་དང་། གསང་བ་འདུས་པའི་ཆོ་གས་ཆུའི་དབང་དང་། དབུ་རྒྱན་དང་། རྡོ་རྗེ་དང་། དྲིལ་བུ་དང་། མིང་དང་། བུམ་པ་དང་། གསང་བ་དང་། ཤེས་རབ་ཡེ་ཤེས་དང་། དབང་བཞི་པ་དང་། བརྟུལ་ཞུགས་དང་། ལུང་བསྟན་དང་། དབུགས་དབྱུང་བ་དང་། རྗེས་སུ་སྣང་བ་དང་། བླ་མ་བསྟེན་པ་དང་། སེམས་ཅན་བསྟེན་པ་དང་། ལྟུང་བ་སྦོམ་པོ་དང་། རྩ་བའི་ལྟུང་བ་ཡོངས་སུ་སྤོང་བ་ རྣམས་སོ། །ཐ་ན་ཡོན་ཏན་བྱེ་བྲག་ཅན་སུམ་ཅུ་དྲུག་དང་ལྡན་པ་མཆོག་ཏུ་ཟབ་ཅིང་རྒྱ་ཆེ་བའི་ཆོས་ལ་རབ་ཏུ་ཞུགས་པ་རྡོ་རྗེ་སེམས་དཔའི་སྡོམ་པ་འཛིན་པའི་བྱང་ཆུབ་སེམས་དཔའ་ཆེན་པོ་དཔལ་གསང་བ་འདུས་པ་ལ་སོགས་པའི་བཅོམ་ལྡན་འདས་ཀྱི་བསྒོམ་པའི་སྣོད་ཡིན་ ནོ་ཞེས་པའོ། །སྣོད་ཀྱི་ཆོ་ག་སྟེ་གསུམ་པའོ།། །།ད་ནི་བསྒོམ་པའི་ཆོ་ག་བརྗོད་དེ་སྔོན་དུ་བསྟན་པའི་ཆོ་གས་བསྒོམ་པའི་བདག་པོར་གྱུར་པའི་རྣལ་འབྱོར་པ་ཐོ་རངས་ཀྱི་ཐུན་མཚམས་སུ་གཉིད་རབ་ཏུ་སད་པ་ནི་ལྷ་མོའི་གླུའི་སྒྲས་རབ་ཏུ་སངས་པར་ལྷག་པར་མོས་པར་བྱ་སྟེ། རང་གི་སྙིང་གར་དབྱངས་ཡིག་དང་པོ་དཀར་པོ་ཡོངས་སུ་གྱུར་པའི་ཟླ་བའི་དཀྱིལ་འཁོར་གྱི་དབུས་སུ་ཇི་སྲིད་དུ་ནམ་མཁའ་ཁྱབ་པའི་འོད་དང་ལྡན་པའི་མཾ་ཡིག་གུར་གུམ་ལྟ་བུའི་མདོག་གྱེན་དུ་འགྲེང་བ་འོད་ཟེར་འཕྲོ་བ་བསྒོམས་ནས་ངོ་ལ་སོགས་པ་བཀྲུ་བར་བྱའོ། །དེ་ ནས་ཟླ་བ་དང་ཉི་མ་དང་ཆུ་དང་སྨན་དང་དྲི་རྣམས་ཀྱིས་ཉེ་བར་བྱུགས་ལ་མེ་ཏོག་གིས་རྣམ་པར་ཉེ་བར་བརྒྱན་ཏེ། ཡིད་དུ་འོང་བའི་ས་ཕྱོགས་སུ་སྟན་བདེ་བ་ལ་རྡོ་རྗེ་སྐྱིལ་ཀྲུང་གིས་འདུག་པའོ། །དེ་མི་ནུས་ན་ཡིད་ཀྱིས་དེ་ལྟར་ཐམས་ཅད་བསམ་པའམ། གང་དང་གང་དུ་དེ་དང་དེར་ ཇི་ལྟར་བདེ་བར་འདུག་ནས་སྡུག་བསྔལ་གསུམ་གྱིས་སྡུག་བསྔལ་བའི་འགྲོ་བ་རྣམས་ལ་ཚངས་པའི་གནས་བཞི་བསྒོམ་པར་བྱའོ། །དེ་ལ་ལན་དུ་ཕན་འདོགས་པ་ལ་སོགས་པ་ལ་མི་ལྟོས་པར་འཁོར་བ་དང་དེའི་རྒྱུ་ལས་འགྲོ་བ་རྣམས་ཉེ་བར་གདོན་པའི་བསམ་པ་ནི་སྙིང་རྗེའོ། ། སེམས་ཅན་རྣམས་སངས་རྒྱས་ཉིད་དང་དེའི་རྒྱུ་མཐུན་པ་ཉེ་བར་སྦྱོར་བར་བྱེད་པའི་བསམ་པ་ནི་བྱམས་པའོ། །ཇི་ལྟར་བསྟན་པའི་འགྲོ་བའི་དོན་བྱ་བ་ལ་སངས་རྒྱས་ཉིད་མཉམ་པ་མེད་པའི་ཐབས་ལ་ངེས་པར་འཛིན་པའི་བར་དུ་དགའ་བ་ནི་དགའ་བའོ། །སངས་རྒྱས་ཉིད་བསྒྲུབ་པ་ལ་ བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཀྱི་བདག་ཉིད་ལ་འཇུག་པ་དང་། དེའི་འཇིག་རྟེན་གྱི་བྱ་བའི་ཆོས་བརྒྱད་ལ་སོགས་པ་མཐའ་དག་སྐབས་མ་ཡིན་པའི་བྱ་བ་ལ་མི་ལྟོས་པ་ནི་བཏང་སྙོམས་སོ། །དེ་ནས་སྙིང་གའི་ཟླ་བའི་ས་བོན་གྱི་འོད་ཟེར་གྱིས་བསྐུལ་ནས་སྙིང་རྗེ་ཆེན་ པོས་ཕྱོགས་བཅུ་དུས་གསུམ་ན་བཞུགས་པའི་བླ་མ་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཏིལ་གྱི་གང་བུ་བཞིན་དུ་ཀུན་དུ་བར་མཚམས་མེད་པར་ནམ་མཁའི་དབྱིངས་ཐམས་ཅད་དུ་མངོན་པར་ཁྱབ་པའི་འཇམ་དཔལ་རྡོ་རྗེའི་སྐུ་རྣལ་འབྱོར་པ་ལ་ཕན་པའི་ཆེད་དུ་ཉེ་ བར་གནས་པར་དམིགས་ལ་ཞབས་བསིལ་དང་ཞལ་བསིལ་དང་མཆོད་ཡོན་རྣམས་ཕུལ་ལ་ཕྱི་དང་ནང་དང་སྒྲུབ་པའི་མཆོད་པ་རྣམས་ཀྱིས་མཆོད་པར་བྱའོ། །ཨོཾ་ཡིག་ཡོངས་སུ་གྱུར་པའི་པདྨའི་སྣོད་རིན་པོ་ཆེ་སྣ་བདུན་གྱི་རང་བཞིན་གྱི་མན་འཇིའི་སྟེང་དུ་བཞག་ལ་བདུད་རྩི་རྣམ་པ་ལྔ་ དང་བརྩོན་འགྲུས་ལྔ་རྣམས་བྲུཾ་ལ་སོགས་པའི་ས་བོན་གྱིས་བྱིན་གྱིས་བརླབས་པར་བལྟས་ན་དེ་ཁོ་ན་ཉིད་གསུམ་གྱིས་བྱིན་གྱིས་བརླབ་པའི་བླ་ན་མེད་པའི་ཆུ་དང་མེ་ཏོག་རྣམས་རབ་ཏུ་བསང་བ་དང་། རང་གི་ས་བོན་དེ་ཁོ་ན་ཉིད་གསུམ་གྱི་ནང་དུ་སྨོས་པས་ཞབས་བསིལ་དང་ཞལ་བསིལ་ དང་མཆོད་ཡོན་རྣམས་ཕུལ་ནས་ཐུགས་ཀའི་ས་བོན་ལས་སྤྲོས་པའི་རིན་པོ་ཆེ་སྣ་བདུན་ལ་སོགས་པས་ཇི་སྲིད་དུ་རབ་ཏུ་ཕྱེ་བས་བླ་ན་མེད་པའི་འདོད་པའི་ཡོན་ཏན་ལྔ་རྣམས་ཀྱིས་སོ་སོར་མཆོད་པ་བྱེད་པ་ཞེས་བྱ་བ་ནི་ཕྱིའི་མཆོད་པའོ། །དེ་ནས་སྤྱན་མ་ལ་སོགས་པ་དཔག་ཏུ་མེད་པ་ རྣམས་ཀྱིས་སོ་སོར་དཀྱིལ་འཁོར་གྱི་བདག་པོ་དང་། དཀྱིལ་འཁོར་པ་རྣམས་ལ་ཇི་སྲིད་དུ་ཐིམ་སྟེ། དེ་རྣམས་ལ་མཆོད་པ་བྱེད་པ་ཞེས་བྱ་བ་ནི་གསང་བའི་མཆོད་པའོ། །དེ་ནས་བཅོམ་ལྡན་འདས་ཀྱི་གྲངས་ཀྱི་བདག་ཉིད་ཀྱི་དངོས་པོ་རྣམས་མངོན་པར་སྤྲུལ་པ་ཡིད་ཀྱིས་བསྟོད་ལ་ སྙིམ་པ་མེ་ཏོག་གིས་བཀང་བ་སྔོན་དུ་འགྲོ་བས་ཕྱག་འཚལ་ཏེ་བླ་ན་མེད་པའི་མཆོད་པའི་ཆོ་ག་བདུན་པོ་བརྗོད་ལ་ཚིགས་སུ་བཅད་པའི་དོན་མངོན་སུམ་དུ་ལྷག་པའི་བསམ་པས་བརྗོད་དེ། སྡིག་པ་ཐམས་ཅད་བདག་གིས་བཤགས་པར་བགྱིའོ། །མཆོག་ཏུ་དགའ་བས་དགེ་བ་རྣམས་ལ་ རྗེས་ཡི་རང་། །བཅོམ་ལྡན་འདས་ཀྱིས་དམ་པའི་ཆོས་ལ་ཡང་ནི་སྐྱེ་བ་ཇི་སྲིད་གནས་པར་གསོལ་བ་འདེབས། །དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི་བར་ཁས་འཆེ་ཡིད་ནི་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་བགྱི། །དེ་ཡི་ལམ་ལ་ཡང་དག་གནས་བགྱི་དགེ་བའི་ཆོ་ག་བྱང་ ཆུབ་མཆོག་ཏུ་བསྔོ་བར་བགྱི། །ཞེས་བྱ་བ་ནི་སྒྲུབ་པའི་མཆོད་པའོ། །དེ་ནས་རབ་ཏུ་དགྱེས་པར་སྤྱན་གཟིགས་ཏེ་གང་དང་གང་དུ་གཤེགས་པའི་དེ་བཞིན་གཤེགས་པ་རྣམས་ལ་དེ་བཞིན་དུ་ཡང་ཇི་སྲིད་ནམ་མཁའི་ཁམས་སུ་རྒྱུན་མི་ཆད་པར་འདི་རྣམས་ལ་བདག་གིས་མཆོད་པ་ རྣམ་པ་གསུམ་གྱིས་ལྷག་པར་མོས་པར་བྱས་ནས་མཐར་གཤེགས་སུ་གསོལ་བར་བྱའོ། །དེ་ནས་བདག་དཔལ་འཇམ་པའི་རྡོ་རྗེར་གྱུར་ནས་འཁོར་བའི་རྒྱ་མཚོར་གནས་པའི་སེམས་ཅན་འདི་རྣམས་བླ་ན་མེད་པའི་ཆོས་བསྟན་པའི་གཟིངས་ཀྱིས་དཔལ་གསང་བ་འདུས་པ་ རིན་པོ་ཆེའི་གླིང་ལ་ཉེ་བར་གཞག་པར་བྱའོ་ཞེས་སྨོན་པ་བྱང་ཆུབ་ཀྱི་སེམས་རྣམ་པར་བསྒོམ་ཞིང་། འཇུག་པ་བྱང་ཆུབ་ཀྱི་སེམས་ཀྱི་རང་བཞིན་རྣམ་པར་ཐར་པའི་སྒོ་གསུམ་བསྒོམ་པར་བྱའོ། །སྟོང་པ་ནི་ལུས་དང་ལོངས་སྤྱོད་དང་གནས་ལ་སོགས་པའི་རྣམ་ པ་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་། རང་སངས་རྒྱས་དང་། ཉན་ཐོས་དང་སློབ་པ་དང་མི་སློབ་པ་དང་། སོ་སོའི་སྐྱེ་བོའི་ཚོགས་ཀྱིས་བདག་ཉིད་རྒྱུ་བ་དང་མི་རྒྱུ་བ་སྣ་ཚོགས་པ་འདི་རྣམས་དོན་དམ་པར་གཟུང་བ་དང་འཛིན་པའི་རང་བཞིན་བདག་མེད་པའི་ ཕྱིར་རོ། །མཚན་མ་མེད་པ་ནི་དོན་དམ་པར་རྒྱུ་མེད་པའི་ཕྱིར་རོ། །སྨོན་པ་མེད་པ་ནི་དོན་དམ་པའི་རང་བཞིན་ཤིན་ཏུ་ལྷག་པའི་འབྲས་བུ་མེད་པའི་ཕྱིར་རོ། །སེམས་ཅན་སོ་སོ་དོན་དམ་པར་རང་བཞིན་གྱིས་འོད་གསལ་བ་གཟུང་བ་དང་འཛིན་པ་མེད་པ་རྒྱུ་དང་འབྲས་བུ་མེད་པ་ཇི་ སྲིད་སྣང་བའི་མཐར་ཐུག་པའི་རྣམ་པ་སྣ་ཚོགས་པ་རྣམས་གཉིས་སུ་མེད་པ་ཙམ་དུ་འདོད་པའི་ཕྱིར་རོ། །དེ་བས་ན་སོ་སོའི་རྣམ་པ་གཉིས་སུ་མེད་པ་ཙམ་གྱི་བདག་ཉིད་སྣ་ཚོགས་པའི་ཆོས་ཅན་རྣམས་གཟུང་བ་དང་འཛིན་པ་དང་རྒྱུ་དང་འབྲས་བུ་ལ་སོགས་པ་མཐའ་དག་ཏུ་རྟོག་པས་ སྟོང་པ་ཉིད་ཀྱི་དེ་ཁོ་ན་ཉིད་དོ། །འདིར་ཡང་དེ་ལྟར་འདོད་པའི་རྟོག་པ་རྣམས་སྟོང་པ་ཉིད་དེ་ཇི་ལྟར་ལྷག་པའི་བསམ་པ་དངོས་པོ་མེད་པས་ཕུང་པོའི་ཚོགས་རྣམས་རྟག་པ་དང་རྒྱུན་མི་འཆད་པ་དང་། མི་ཕྱེད་པ་ནི་ཆོས་ཀྱི་སྐུར་བརྗོད་དོ། །འདི་ཉིད་སྟོང་པ་ཉིད་ཀྱི་སྔགས་འདིས་བརྟན་པར་ བྱ་སྟེ། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། ཞེས་བྱའོ། །དེ་ནས་ཀུན་རྫོབ་ཏུ་རྒྱུ་དང་འབྲས་བུའི་དངོས་པོ་ལ་བརྟེན་ནས་ལུས་དང་ལོངས་སྤྱོད་དང་གནས་ལ་སོགས་པའི་རྣམ་པའི་རང་གི་སེམས་ཀྱི་རྒྱུད་ཡོངས་སུ་གྱུར་པ་ལས་ནམ་མཁའ་ལ་ཨོཾ་ཡིག་དམར་པོའོ། །དེ་ཡོངས་སུ་གྱུར་པ་ ལས་ཉི་མའི་དཀྱིལ་འཁོར་དམར་པོའོ། །དེའི་སྟེང་དུ་ཧཱུྃ་ཡིག་ནག་པོ་མགོ་གྱེན་དུ་བལྟས་པ་དེ་ཡོངས་སུ་གྱུར་པ་ལས་རྡོ་རྗེ་ནག་པོ་རྩེ་ལྔ་པ་གྱེན་དུ་བསྒྲེང་བར་གནས་པའོ། །དེའི་ལྟེ་བ་ལ་ཉི་མའི་དཀྱིལ་འཁོར་གྱི་གནས་སུ་ཧཱུྃ་ཡིག་དེ་ཉིད་རྣམ་པར་བསྒོམ་པར་བྱའོ། །དེ་ནས་ཧཱུྃ་ཡིག་ ལས་ཐམས་ཅད་སྤྲོས་པའི་རྡོ་རྗེ་རྩེ་ལྔ་པ་ནག་པོ་ནས་ཀྱི་འབྲུ་ཙམ་གྱི་རང་བཞིན་གྱི་འོད་ཟེར་རྣམས་ཡོངས་སུ་གྱུར་པ་ལས་ཇི་ལྟར་འདོད་པའི་རྡོ་རྗེའི་རང་བཞིན་གྱི་ས་གཞི་དང་། ལོགས་སུ་གྱུར་པས་རྡོ་རྗེའི་ར་བ་དང་སྟེང་དུ་གྱུར་པས་རྡོ་རྗེའི་གུར་རྣམ་པར་བསྒོམ་ཞིང་ཧཱུྃ་ཡིག་ཟད་པ་ལས་ རྡོ་རྗེ་ལ་སོགས་པ་མེད་པར་རྣམ་པར་བསམ་པ་དང་། རྡོ་རྗེའི་རང་བཞིན་གྱི་ས་གཞིའི་འོག་ཏུ་དེ་ལས་ལྷག་པར་ལཾ་ཡིག་སེར་པོ་ཡོངས་སུ་གྱུར་པ་ལས་སའི་དཀྱིལ་འཁོར་རྡོ་རྗེ་རྩེ་གསུམ་པས་མཚན་པ་དང་། དེའི་འོག་ཏུ་ཡང་དུ་བ་ལྟ་བུ་ཡཾ་ཡིག་ཡོངས་སུ་གྱུར་པ་ལས་ཆུ་དང་ཞེང་དུ་ གྲངས་མེད་པའི་རླུང་གི་དཀྱིལ་འཁོར་གཞུ་བདུངས་པ་ལྟ་བུ་མཐའ་གཉིས་རླུང་གིས་བསྐྱོད་པ་དང་ལྡན་པའི་རྒྱལ་མཚན་སྔོན་པོ་གཉིས་ཀྱིས་མཚན་པ་དང་།དེའི་ཡང་སྟེང་དུ་རྡོ་རྗེ་ར་བས་བསྐོར་བའི་ཤིན་ཏུ་རིང་བར་རཾ་ཡིག་དམར་པོ་ཡོངས་སུ་གྱུར་པ་ལས་མེའི་དཀྱིལ་འཁོར་གྲུ་གསུམ་ པ་དཔངས་སུ་རྡོ་རྗེ་ར་བའི་མཐར་ཐུག་པར་འབར་བ་དང་། རྡོ་རྗེ་གུར་གྱི་སྟེང་དུ་བཾ་ཡིག་དཀར་པོ་ཡོངས་སུ་གྱུར་པ་ལས་ཆུའི་དཀྱིལ་འཁོར་བུམ་པས་མཚན་པ་དབའ་རླབས་ཀྱིས་བསྐྱོད་པ་མེའི་དཀྱིལ་འཁོར་འབར་བའི་མཐར་ཐུག་པར་གནས་པར་བསྒོམ་པར་བྱའོ། །རྡོ་རྗེའི་རང་བཞིན་གྱི་ ས་གཞི་ལ་སོགས་པའི་དབུས་སུ་ལོགས་ལ་མ་རེག་པར་ནམ་མཁའ་བར་སྣང་ལ་གཤིན་རྗེ་གཤེད་ལ་སོགས་པ་ཁྲོ་བོ་བཅུ་གཅིག་ལྷག་པར་གནས་པ་འཁོར་ལོ་སེར་པོ་རྩིབས་བཅུ་པ་མྱུར་དུ་འཁོར་བའི་སྲུང་བའི་འཁོར་ལོ་མན་ངག་ཇི་ལྟ་བ་བཞིན་དུ་རྣམ་པར་བསྒོམ་པར་བྱའོ། །དེ་ཡང་ གཤིན་རྗེ་གཤེད་ལ་སོགས་པ་དང་། འཇམ་པའི་རྡོ་རྗེ་ལ་སོགས་པ་འཆད་པར་འགྱུར་བའི་བཅོམ་ལྡན་འདས་ཐམས་ཅད་ཉིད་མཆོད་པའི་ཆོ་གར་བཀོད་པ་བཞིན་དུ་ཕྱག་དང་ཞལ་དང་ཁ་དོག་དང་དབྱིབས་ལ་སོགས་པ་རྣལ་འབྱོར་པས་བལྟ་བར་བྱའོ། །བསྒོམ་པའི་ཆོ་གར་ཡང་གནས་ དེ་དང་དེར་འདི་རྣམས་མཆོག་ཏུ་གཟུང་བར་བྱའོ། །ང་རྒྱལ་དང་བཅས་པའི་སྔོན་དུ་བསྟན་པའི་སྲུང་བའི་འཁོར་ལོ་སྐད་ཅིག་ཙམ་གྱིས་རྣམ་པར་བསྒོམས་ནས་སྣ་ཚོགས་པའི་བདག་ཉིད་རྣམས་བགེགས་མེད་པར་མྱུར་བར་ལྷག་པར་མོས་པར་བྱའོ། །དཔལ་ལྡན་རྡོ་རྗེ་ཧཱུྃ་མཛད་ ཡོངས་སུ་གྱུར་པ་ལས་ཆོས་ཀྱི་འབྱུང་གནས་ཀྱི་ཕྱག་རྒྱ་ནམ་མཁའ་གྲུ་གསུམ་པ་ཁ་དོག་དཀར་པོ་གྲྭ་གཉིས་སྟེང་དུ་བལྟས་པ་ནང་ཡངས་པ་རྣམ་པ་སྣ་ཚོགས་པའི་འོད་ཟེར་གྱི་ཚོགས་ཀྱི་ས་ཕྱོགས་མཐའ་དག་གསལ་བར་བྱེད་པའི་འཁོར་ལོ་བསྒོམ་པར་བྱའོ། ། དེའི་དབུས་སུ་ནམ་མཁའ་ལ་སྣ་ཚོགས་པདྨ་དེའི་སྟེང་དུ་སྣ་ཚོགས་རྡོ་རྗེ་རྣམ་པར་བསྒོམ་པར་བྱའོ། །དེའི་ལྟེ་བ་ཇི་སྲིད་དུ་འདོད་པར་རབ་ཏུ་ཡངས་པར་ཟླ་བའི་དཀྱིལ་འཁོར་གྱི་དབུས་སུ་བྲུཾ་ཡིག་དཀར་པོ་རྣམ་པར་བསྒོམས་ལ་དེ་ཡོངས་སུ་གྱུར་པ་ལས་འཁོར་ལོ་དཀར་པོ་རྩིབས་བཅུ་ གཉིས་པའོ། །དེའི་ལྟེ་བ་ལ་ཟླ་བ་ལ་གནས་པའི་བྲུཾ་ཡིག་གོ །དེ་ལས་སྤྲུལ་པས་འགྲོ་བ་ཐམས་ཅད་རྣམ་པར་སྣང་མཛད་དུ་བྱས་ཏེ། དེ་རྣམས་སླར་དེ་ཉིད་དུ་ཐིམ་པར་བསྒོམས་ལ། བྲུཾ་ཡིག་དང་འཁོར་ལོ་ཡོངས་སུ་གྱུར་པ་ལས་འཆད་པར་འགྱུར་བའི་མཚན་ཉིད་དང་ལྡན་པ་ འཁོར་ལོ་དཀར་པོ་རྩིབས་བཅུ་གཉིས་པ་འཛིན་པ་རིག་མ་དང་ལྡན་པའི་བཅོམ་ལྡན་འདས་རྣམ་པར་སྣང་མཛད་བསྒོམ་པར་བྱའོ། །དེ་ཡོངས་སུ་གྱུར་པ་ལས་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་གྱི་ཡོན་ཏན་ཡང་དག་པར་རྩོམ་པ་སྟེ། གྲུ་བཞི་དང་སྒོ་བཞི་དང་རྟ་བབས་བཞི་དང་ ཡང་དག་པར་ལྡན་པ་དང་། ཁྱམས་བཞིས་ཡོངས་སུ་བསྐོར་བ། ཁྱམས་བཞི་ལ་གནས་པའི་མཆོད་པ་རྣམ་པ་སྣ་ཚོགས་པས་ཕྱག་འབྲེལ་བའི་ལྷ་མོའི་ཚོགས་དཔག་ཏུ་མེད་པ་རྣམས་དང་། རིན་པོ་ཆེ་ཁྱད་པར་མེད་པའི་རྒྱན་རྣམ་པ་སྣ་ཚོགས་པས་བརྒྱན་པ། ཇི་ལྟར་ལེགས་ པར་གནས་པའི་རླུང་གིས་བསྐྱོད་པའི་རྒྱལ་མཚན་གྱི་དར་དཔྱངས་ཀྱི་མཐར་གནས་པའི་དྲིལ་བུའི་སྒྲས་ཕྱོགས་ཐམས་ཅད་དུ་འཁོར་བར་འཁྲོལ་བ། ཤིན་ཏུ་དྲི་མ་མེད་པས་མེ་ལོང་བཞིན་དུ་སྣ་ཚོགས་པས་འཕེལ་བའི་མཐར་ཐུག་པའི་གཟུགས་བརྙན་དང་། དྲ་བ་དང་དྲ་བ་ཕྱེད་པ་དང་། ཟླ་བ་དང་ཉི་མ་དང་མེ་ལོང་དང་། མེ་ཏོག་ཕྲེང་བ་དང་། རྔ་ཡབ་མེ་ཏོག་གི་རྣམ་པ་ལ་སོགས་པས་ཉེ་བར་བརྒྱན་པ་དང་། འཁོར་ལོ་ལ་སོགས་པས་བརྒྱན་པའི་ཀ་བ་བརྒྱད་ཀྱིས་ཉེ་བར་བརྒྱན་པའི་སྟེང་དུ་རྡོ་རྗེ་ཕྲེང་བ་ཟླུམ་པོས་ཡོངས་སུ་བསྐོར་བ་དང་། བླ་ན་མེད་པ་དང་ཟག་པ་མེད་པ་དང་ གཞལ་དུ་མེད་པའི་འདོད་པའི་ཡོན་ཏན་ལྔས་ཡོངས་སུ་གང་བ་དང་། མཆོད་པ་ལྔས་བརྒྱན་པ་དང་། བུམ་པ་བརྒྱད་ཀྱིས་ཉེ་བར་བརྒྱན་པ་དང་། རིན་པོ་ཆེ་ཁ་དོག་ལྔའི་རྩིག་པས་ཡོངས་སུ་བསྐོར་བ་དང་། སྟེང་དུ་རིན་པོ་ཆེ་ཡིས་ཕུབ་པ་དང་། རིན་པོ་ཆེ་སྣ་བདུན་གྱི་རང་ བཞིན་གྱི་གཙང་ཁང་བྱུར་བུས་བརྒྱན་པར་བྱས་པ། རྩ་བ་གཅིག་ལ་འདབ་མ་བཅུ་དགུ་པ་ཟླ་བ་དང་ཉི་མ་དང་སྣ་ཚོགས་པདྨ་དང་བཅས་པས་བརྒྱན་པའི་ལྷའི་གནས་དང་། རིན་པོ་ཆེ་ཁ་དོག་ལྔས་ཡོངས་སུ་རྫོགས་པ་དང་། ཡན་ལག་སོ་སོ་ལས་འཕྲོ་ཞིང་འཇུག་པའི་དེ་ བཞིན་གཤེགས་པ་རྣམས་སྤྲོས་པས་འགྲོ་བའི་དོན་བྱེད་པ་དང་། རྣམ་པ་སྣ་ཚོགས་པ་གཉིས་སུ་མེད་པའི་ཡིད་ཀྱི་རོལ་པའི་རང་བཞིན་མཉམ་པ་མེད་པ་དཔལ་ལྡན་གཞལ་ཡས་ཁང་པར་རྣམ་པར་བསྒོམ་པར་བྱའོ། །དེ་ལ་དེའི་དབུས་སུ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཨ་ཡིག་ ལ་སོགས་པ་དཀར་པོ་མགོ་གྱེན་དུ་འགྲེང་བའི་དབྱངས་ཡིག་བཅུ་དྲུག་ལུགས་དང་མཐུན་པ་དང་། ལུགས་དང་མི་མཐུན་པ་དག་གི་འོད་ཟེར་གྱིས་ཐོག་མ་མེད་པ་ནས་གྲུབ་པའི་དེ་བཞིན་གཤེགས་པའི་ཡན་ལག་ལས་མར་མེ་ལྟ་བུར་བཀུག་ལ་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་ རྩ་གཉིས་རྣམ་པར་བསྒོམས་ལ་དེ་ཡོངས་སུ་གྱུར་པ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ནམ་མཁའ་ལ་སོར་གཅིག་གིས་འཕགས་པ་ཟླ་བའི་དཀྱིལ་འཁོར་རྣམ་པར་བསྒོམས་ལ། ཨོཾ་ཙིཏྟ་པྲ་ཏི་བེ་དྷ་ནཾ་ཀ་རོ་མི་ཞེས་བྱ་བའི་སྔགས་ཀྱིས་མངོན་པར་བསྔགས་ཏེ། ཤེས་རབ་ཆེན་པོའི་ རང་བཞིན་དུ་ལྷག་པར་མོས་པར་བྱའོ། །དེ་ནས་དེའི་སྟེང་དུ་མཐར་གནས་པའི་ཝ་ཡིག་དང་ཀྵ་ཡིག་སྤངས་པའི་ཀ་ལ་སོགས་པ་གསལ་བྱེད་སུམ་ཅུ་རྩ་གཉིས་རྣམས་ལུགས་དང་མཐུན་པ་དང་། ཡང་དེ་ཉིད་ལུགས་དང་མི་མཐུན་པ་དག་གིས་ཕྲེང་བའི་དབུས་སུ་ཡང་ཨ་ཡིག་ལ་སོགས་ པའི་དབྱངས་ཡིག་བཅུ་དྲུག་ལུགས་དང་མཐུན་པའོ། །གསལ་བྱེད་དེ་རྣམས་དང་དབྱངས་ཡིག་རྣམས་དཀར་པོ་མགོ་གྱེན་དུ་འགྲེང་བ་རྣམས་ཀྱིས་སྔོན་བཞིན་དུ་བཀུག་ལ་དཔེ་བྱད་བཟང་པོ་བརྒྱད་ཅུ་རྣམས་རྣམ་པར་བསྒོམས་ཏེ། དེ་ཡོངས་སུ་གྱུར་པ་ལས་དེའི་སྟེང་དུ་ནམ་མཁའ་ལ་སོར་དྲུག་ གཅིག་གིས་འཕགས་པར་ནི་ཟླ་བའི་དཀྱིལ་འཁོར་གཉིས་པ་རྣམ་པར་བསྒོམས་ལ། ཨོཾ་བོ་དྷི་ཙིཏྟ་ཨུཏྤཱ་ད་ཡཱ་མི་ཞེས་བྱ་བའི་སྔགས་ཏེ། སྙིང་རྗེ་ཆེན་པོའི་རང་བཞིན་དུ་ལྷག་པར་མོས་པར་བྱའོ། །དེ་ནས་ཟླ་བ་གཉིས་ཕན་ཚུན་གཟུགས་བརྙན་གསལ་བར་སྣང་ བ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་སོ། །དེ་གཉིས་གཅིག་ཏུ་གྱུར་པ་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་སོ། །དེའི་སྟེང་དུ་ཧཱུྃ་ཡིག་རྣམས་དཀར་པོ་ཡོངས་སུ་གྱུར་པ་ལས་རྡོ་རྗེ་དམར་པོ་རྩེ་ལྔ་པའི་ལྟེ་བའི་དབུས་སུ་ཟླ་བའི་དཀྱིལ་འཁོར་ལ་ཧཱུྃ་ཡིག་རྣམ་པར་བསྒོམས་ལ། དེའི་ བརྗོད་པར་བྱ་བ་དང་། རྗོད་པར་བྱེད་པ་སྟོང་པ་ཉིད་དུ་སོ་སོར་རྟོག་པ་ནི་སོ་སོར་རྟོག་པའི་ཡེ་ཤེས་སོ། །དེ་ལས་སྤྲོས་པའི་རྡོ་རྗེ་སེམས་དཔའི་ཚོགས་རྣམས་ཀྱིས་འགྲོ་བ་ཐམས་ཅད་རྡོ་རྗེ་འཛིན་པར་བྱས་ནས་སླར་དེ་ཉིད་དུ་རབ་ཏུ་ཞུགས་ལ། ཨོཾ་བཛྲ་ཨཱཏྨ་ཀོ྅ཧཾ་ཞེས་བྱ་བར་ ང་རྒྱལ་བྱེད་པ་ནི་བྱ་བ་ནན་ཏན་གྱི་ཡེ་ཤེས་སོ། །དེ་ནས་ཟླ་བ་དང་རྡོ་རྗེ་དང་ཧཱུྃ་ཡིག་རྣམས་ཡོངས་སུ་གྱུར་པ་ལས་རྡོ་རྗེ་སེམས་དཔའ་ཡོངས་སུ་རྫོགས་པ་ནི་ཤིན་ཏུ་རྣམ་པར་དག་པའི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སོ། །དེ་ལྟར་མེ་ལོང་ལྟ་བུའི་ཡེ་ཤེས་ལ་སོགས་པ་ཡེ་ཤེས་ལྔའི་ བདག་ཉིད་སྐུ་མདོག་དཀར་པོ་རྡོ་རྗེ་རྩེ་ལྔ་པ་དམར་པོ་འཛིན་པ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའི་བདག་ཉིད་བསྒོམ་པར་བྱའོ། །དེ་ནས་འདོད་ཆགས་ཆེན་པོའི་གདུལ་བྱར་ཁམས་གསུམ་པ་ལྷག་པར་མོས་པར་བྱས་ལ་རང་གི་རིག་མ་དང་ལྷན་ཅིག་ཏུ་ཤིན་ཏུ་དགའ་བ་རྩོམ་པ་ དགའ་བའི་སྒྱུ་མའི་སྒྲས་དེ་བཞིན་གཤེགས་པ་རྣམས་བཀུག་ལ་རང་གི་ལུས་ཀྱི་བ་སྤུའི་བུ་གའི་ནང་དུ་ཞུགས་ཏེ། དེ་བཞིན་གཤེགས་པ་རྣམས་དང་སྐུ་གཅིག་ཏུ་གྱུར་པས་བཅོམ་ལྡན་འདས་འདོད་པ་དང་ལྡན་པ་རང་གི་རིག་མ་ལེགས་པ་དང་བླ་ན་མེད་པའི་བདེ་བའི་མཆོག་རྣམ་པར་བསྒོམ་ པར་བྱའོ། །དེ་བཞིན་དུ་རང་གི་ལུས་ལས་རྣམ་པར་སྤྲོས་པ་རྣམས་སྤྱན་མ་ལ་སོགས་པའི་ལྷ་མོ་དགུའི་རིགས་སུ་གྱུར་པ་དཔག་ཏུ་མེད་པ་རྣམས་བཅོམ་ལྡན་འདས་མ་ལ་ཇི་སྲིད་ཐིམ་པར་བསྒོམས་ལ་མཐའ་དག་ལྷ་མོའི་འཁོར་ལོའི་རང་བཞིན་དུ་གྱུར་པས་བཅོམ་ལྡན་འདས་མ་འདོད་ པ་དང་ལྡན་པའི་བདག་ཉིད་ཀྱང་བདེ་བ་ཤིན་ཏུ་གསལ་བར་མཐོང་བའོ།། །།དེ་ནས་ཡེ་ཤེས་སེམས་དཔའི་ཐུགས་ཀའི་ཕྱག་མཚན་གྱི་ས་བོན་གྱི་འོད་ཟེར་རྣམས་ཀྱིས་ཕྱོགས་བཅུར་ཁྱབ་པའི་དེ་བཞིན་གཤེགས་པ་ཐམས་ཅད་བཀུག་ནས་ཞལ་དུ་ཞུགས་ཏེ། ཐུགས་ཀའི་ཕྱག་མཚན་ གྱི་ས་བོན་གྱི་འོད་ཟེར་གྱིས་རེག་པ