Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 43
Văn bản gốc(Tây Tạng)
Trang 12 / 15 (50.000 ký tự/trang)
ོ། །དེ་བས་གཞུང་འདིས་ནི་ཕྱི་དང་ནང་དང་བླ་ན་མེད་པའི་སྦྱིན་སྲེག་གསུམ་གསུངས་སོ། །ད་ནི་གོང་ གི་མཇུག་བསྡུ་བའི་ཕྱིར་ཞེས་པ་ལ་སོགས་པའོ། །དེ་ལྟར་བཤད་མ་ཐག་པའི་རིམ་པས་འདོད་པ་སྟེ། གཟུགས་ལ་སོགས་པ་དག་གམ། དེ་ལས་གཞན་པ་དག་ཀྱང་ལྷའི་གཟུགས་ཟབ་མོ་དང་གསལ་བ་དབྱེར་མེད་པར་ཤེས་པར་བྱས་ནས་མཆོད་པར་བྱའོ་ཞེས་ཏེ། མཉན་པར་ བྱ་བའི་ཕྱིར་རོ། །དེ་ལྟ་བུའི་མཆོད་པ་ལས་དངོས་པོ་ཐམས་ཅད་མི་འདའ་བས་ན་དམ་ཚིག་སྟེ། བདེ་བར་གཤེགས་པ་རྣམས་བཞེད་པ་ཡིན་ནོ། །དེ་བས་ན་གསུངས་པ། འདོད་པའི་ལོངས་སྤྱོད་ཐམས་ཅད་ལ། །ཇི་ལྟར་འདོད་པ་བསྟན་ན་ནི། །རང་གི་ལྷ་ཡི་སྦྱོར་བ་ཡིས། །བདག་དང་གཞན་ལ་ མཆོད་པར་བྱ། །དཀའ་ཐུབ་སྡོམ་བཅས་དེ་དག་ནི། །བསྟེན་ཀྱང་འགྲུབ་པར་མི་འགྱུར་རོ་ཞེས་སོ། །དེ་བས་ན་གཟུགས་ལ་སོགས་པའི་མཆོད་པའི་ངོ་བོ་ཕན་པའི་རྒྱུ་དང་། ཉན་ཐོས་ལ་སོགས་པ་གཟུགས་ལ་སོགས་པའི་འདོད་ཆགས་ལ་སོགས་པ་འབྱུང་བའི་དབང་གིས་ལྟུང་བར་འགྱུར་བས་བཀག་པ་ཡིན་ཏེ། དེ་ལྟ་མ་ཡིན་ན་སེམས་ལས་མ་གཏོགས་པའི་ངོ་བོ་མེད་པ་ཡིན་པས་སེམས་ཉིད་དཀྱིལ་འཁོར་འཁོར་ལོ་གོང་ན་གསུངས་པ་ལས་གཞན་པའི་དབང་ཕྱུག་ལ་སོགས་པས་མཆོད་པར་བྱ་བའི་ངོ་བོ་མེད་པས་ཉན་ཐོས་ཕྱིའི་དོན་ལ་མངོན་པར་ཞེན་པ་ཐབས་མི་ཤེས་པ་དངོས་པོ་ཀུན་གྱི་དེ་ཁོ་ན་ཉིད་མ་ཤེས་ པ་ལ། ཀྱེ་དགེ་སློང་མིག་གི་སྡོམ་པ་ལེགས་པ་ཡིན། །ཞེས་པ་ལ་སོགས་པའི་ལུང་གསུངས་སོ། དངོས་པོ་ཀུན་གྱི་དེ་ཉིད་ཤེས་ཤིང་ཤིན་ཏུ་བརྟན་པ་ཐབས་ཤེས་པ་དགེ་བའི་བཤེས་གཉེན་དམ་པས་ཟིན་པ་ལ། གཟུགས་ལ་རྣམས་གསུམ་ཤེས་བྱས་ལ། །ལྷ་རྣམས་ལ་ནི་དབུལ་བར་བྱ། ། འདོད་པ་ཀུན་ལ་ལོངས་སྤྱོད་པས། །བདེ་བར་འགྱུར་ན་བྱང་ཆུབ་ཐོབ། །གཞན་དུ་དུས་མིན་འཆི་བ་དང་། །དམྱལ་བར་ངེས་པར་སྲེག་པར་འགྱུར། །དཀའ་ཐུབ་སྡོམ་པ་མི་བཟད་པས། །ལུས་ཅན་ལུས་ནི་སྐམས་པར་འགྱུར། །སྡུག་བསྔལ་གྱིས་ནི་སེམས་གཡེང་ལ། །གཡེངས་པས་དངོས་ གྲུབ་གཞན་དུ་འགྱུར། །ཐབས་དང་ཤེས་རབ་བདག་ཉིད་ལ། །བྱར་མི་རུང་བ་གང་ཡང་མེད། །དུས་ཀུན་དུ་ནི་དངོས་མེད་པ། །འདོད་པའི་ཡོན་ཏན་ལྔ་རྣམས་སྤྱོད། །ཅེས་བྱ་བས་བདེ་བ་སྤྲོ་བས་ལུས་བྱང་། ལུས་བྱང་བས་ཏིང་ངེ་འཛིན་ལས་སུ་རུང་། དེ་བརྟན་པས་ཇི་ལྟ་བ་བཞིན་དུ་ཤེས་ པས་ལུང་ནས་འདོད་པའི་ཡོན་ཏན་གནང་བ་ཡིན་ནོ། །ད་ནི་ལུས་ངག་གི་ལས་རྣམ་པར་དག་པ་བསྟན་པའི་ཕྱིར་རྗེས་སུ་རིག་པ་ཞེས་པ་ལ་སོགས་པའོ། །རྗེས་སུ་རིག་པ་ཞེས་པ་ནི་བསམ་གཏན་ལས་ལངས་ནས་མཉམ་པར་གཞག་པས་ཆོས་བཤད་པ་ལ་སོགས་པ་འགྲོ་བའི་དོན་ལ་ དམིགས་ཏེ་བྱ་བ་དང་། གཞན་ཡང་རྗེས་སུ་རིགས་པས་མཉམ་པར་གཞག་པས་མེ་ཏོག་ལ་སོགས་པ་ཕྱིའི་མཆོད་པས་བདེ་བར་གཤེགས་པ་རྣམས་མཆོད་པར་བསྒོམ་པར་བྱའོ། །ལུས་ལ་སོགས་པའི་ལས་ཤེས་པ་ནི་ཐ་མལ་པ་དང་ཁྱད་པར་ཅན་ནོ། །དེ་ལ་ཐ་མལ་པའི་འགྲོ་བ་དང་འདུག་པ་ལ་ སོགས་པའོ། །ཁྱད་པར་ཅན་ནི་སྲོག་གཅོད་པ་ལ་སོགས་པའོ། །དེ་གཉིས་ཀ་ཡང་རྟག་པར་ཏེ། རྒྱུན་མི་འཆད་པར་མཉམ་པར་གཞག་པས་བྱ་བ་ཡིན་ཞེས་ཏེ། ལྷའི་ང་རྒྱལ་དང་ལྡན་པ་ཞེས་མཉམ་པར་བཞག་ཅིང་སྤྱད་པར་བྱའོ་ཞེས་སོ། །དེ་ལ་ཐ་མལ་པ་ནི་འཆག་པ་ལ་སོགས་པའི་ དུས་སུ་ཇི་ལྟར་རིགས་པར་སྐུའི་རྡོ་རྗེ་ལ་སོགས་པ་རྣམས་སུ་ཤེས་པར་བྱའོ། །ཁྱད་པར་ཅན་ནི་ལེའུ་དགུ་པ་ལ་སོགས་པའི་རིམ་པས་མཉམ་པར་བཞག་ནས་བྱ་བ་ཡིན་ནོ། །དང་པོ་ནི་སྡོམ་པ་སྟེ། གཉིས་པ་ནི་དམ་ཚིག་ཏུ་ཤེས་པར་བྱའོ། །དེ་འདྲ་ཞེས་པ་ནི་དེ་ལྟ་བུའི་ དཀྱིལ་འཁོར་འཁོར་ལོའི་རྣམ་པའི་སེམས་ལ་ཞེས་པ་ནི། ལྷའི་ང་རྒྱལ་དུ་ལྡན་པའི་སེམས་ལ། ལུས་ངག་ལས་ནི་གང་ཡིན་པ། །ཞེས་པ་ནི་དེས་ལུས་ཀྱི་ལས་ཐ་མལ་པ་དང་ངག་གི་ཐ་མལ་པ་ཀུན་ཡང་སེམས་དེས་ཕྱག་དང་སྔགས་ཀྱི་བདག་ཉིད་དུ་འགྱུར་ན། །ཁྱད་པར་ཅན་ལྟ་སྨོས་ཀྱང་ཅི་དགོས་ཞེས་སོ། ། གང་གི་ཕྱིར་ཐབས་ཐམས་ཅད་མཁྱེན་པའི་བྱང་ཆུབ་སེམས་དཔའ་ལ་སྨད་པར་བྱ་བ་འགའ་ཡང་མེད་དོ། །དེ་བས་ན་ཐབས་མི་ཤེས་པས་མི་འདོད་པའི་འབྲས་བུར་འགྱུར་བའི་ཕྱིར་ཐུན་མོང་དུ་ལུང་གིས་བཀག་པའོ། །ཐབས་ཤེས་པའི་བྱང་ཆུབ་སེམས་དཔའ་ནི་རང་བཞིན་ཤེས་པའི་སེམས་ཀྱིས་རྗེས་ སུ་ལུས་ལ་སོགས་པའི་ལས་ལ་འཇུག་པས་དེ་མི་དགེ་བར་ག་ལ་འགྱུར་ཏེ། ཇི་སྐད་དུ། བྱང་ཆུབ་སེམས་དཔའི་ཀུན་རྟོག་པའོ། །དགེ་བ་འམ་གལ་ཏེ་མི་དགེ་བའི། །གང་ཕྱིར་སེམས་ཀྱི་དབང་འགྱུར་བ། །དེ་ཡི་བཀྲ་ཤིས་དེ་ཀུན་འགྱུར། །ཞེས་སོ། །དེ་བས་ན་རྣམ་པར་སྣང་ མཛད་མངོན་པར་བྱང་ཆུབ་པའི་རྒྱུད་ལས། བྱང་ཆུབ་སེམས་དཔའ་ཐམས་ཅད་ནས་ཐམས་ཅད་དུ་སྲོག་གཅོད་པ་སྤངས་པར་འགྱུར། གཞན་དུ་དཀོན་མཆོག་གསུམ་ལ་གནོད་པར་བྱེད་པ་མ་མཐོང་བ་ཕན་ཆད་དོ་ཞེས་པ་ལ་སོགས་པ་གསུངས་སོ། །དེ་ཇི་ལྟར་སྲོག་གཅོད་པ་ལ་ སོགས་པས་སེམས་དག་པར་འགྱུར་ཞིང་ཕྱག་རྒྱ་དང་སྔགས་ཀྱི་བདག་ཉིད་དུ་འགྱུར་ཞེས་པ་ལ་སོགས་པའོ། །དེ་ལ་དངོས་པོ་གཅིག་ཅེས་པ་ནི་བུད་མེད་ལྟ་བུའོ། །སྣ་ཚོགས་པ་ནི་རོ་དང་འདོད་པ་ཅན་བཟའ་བ་ལ་སོགས་པར་མཐོང་བའོ། །དེ་བཞིན་དུ་བཅོམ་ལྡན་འདས་ཁོ་ན་ཡང་རྟོག་པའི་དབང་ གིས་སོ་སོའི་སྣང་བ་སྟེ། མུ་སྟེགས་པ་སྐུར་བ་བཏབ་པའི་རྟོག་པས་དམྱལ་བར་འགྱུར་ལ་དགེ་བའི་<གཤེས་‚བཤེས་>གཉེན་ལ་བརྟེན་ཏེ་དེས་བསྟན་པའི་དགེ་བ་ལ་གཞོལ་བས་མཐོ་རིས་སུ་འགྲོ་བར་འགྱུར་ལ། །དེས་བརྟན་པའི་ལམ་ཡང་དག་པ་ལ་བརྟེན་ཏེ་སྐལ་བ་ཇི་ལྟ་བ་བཞིན་དུ་བྱང་ཆུབ་ཏུ་འགྱུར་རོ་ཞེས་སོ། ། དེ་བས་ན་དངོས་པོ་གཅིག་པུ་ལ་སྣ་ཚོགས་པའི་རྟོག་པ་སྡུག་བསྔལ་ཏེ་དམྱལ་བ་ལ་སོགས་པ་སྟེ། བདེ་བ་ལ་སོགས་པ་དང་། འགྲོ་བ་སྟེ་བྱང་ཆུབ་གསུམ་འབྱུང་བའི་ལས་ཀྱི་ཁྱད་པར་མང་པོས་སེམས་ཀྱི་ངོ་བོ་གཅིག་ལ་རྟོག་པ་ཐ་དད་པའི་དབྱེ་བས་དེ་ལྟར་འགྱུར་བ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། དགེ་བ་དང་མི་དགེ་བ་རྣམས་ཞེས་པ་ནི་དགེ་བ་བཅུ་ལ་སོགས་པའི་རྣམ་པ་ལུས་ངག་གི་ལས་ཇི་སྙེད་པ་རྣམས་སོ། །སེམས་ཀྱི་དབང་གི་ཕྱིར་ཞེས་པ་ནི་སེམས་ཇི་ལྟ་བ་བཞིན་དུ་མ་ཤེས་པའི་རྟོག་པའི་ཁྱད་པར་ལས་འབྱུང་ཞིང་དེའི་ཕྱིར་དགེ་བ་དང་མི་དགེ་བར་འགྱུར་རོ། །དེ་བས་ཞེས་པ་ནི་རྟོག་པ་ལས་སྣ་ ཚོགས་འབྱུང་བ་དེའི་ཕྱིར་ཞེས་སོ། །ཀུན་དུ་རྟོག་པ་ཐམས་ཅད་སྤངས་པའི་སེམས་ཞེས་པ་ནི་ཐག་པའི་སྦྲུལ་ལྟར་སྣང་ལ་མེད་པའི་ཀུན་དུ་རྟོག་པ་ཐམས་ཅད་མེད་པ་ལས་སྒྱུ་མ་ལྟ་བུའི་སེམས་ཀྱི་སྲོག་གཅོད་པ་ལ་སོགས་པའི་བྱེད་པ་ནི་དེ་རྟོག་པ་ཐམས་ཅད་སྤངས་པའོ། །ནག་པོའི་ལས་སུ་ག་ལ་ འགྱུར། །ཞེས་པ་ནི་ཞེ་སྡང་གི་དབང་གིས་སྲོག་གཅོད་པ་ལྟ་བུ་མ་ཡིན་པའི་ཕྱིར་ནག་པོར་མི་འགྱུར་ཏེ་ངན་སོང་གི་རྒྱུར་མི་འགྱུར་རོ་ཞེས་སོ། །གང་གིས་ཞེ་སྡང་ལ་སོགས་པས་སྲོག་གཅོད་པ་ལ་སོགས་པའི་ལས་ཀྱིས་ནག་པོའི་ལས་སུ་གྱུར་པ་དེའི་ཕྱིར་སྙིང་རྗེ་ཁོ་ནས་དེ་ལྟར་མི་འགྱུར་རོ། །འོ་ན་ངན་ སོང་གི་རྒྱུར་མ་གྱུར་ན་མཐོ་རིས་ཀྱི་རྒྱུར་འགྱུར་རོ་ཞེ་ན། །དེ་ལྟར་ཡང་མི་འགྱུར་ཏེ། ཆགས་པའི་དབང་གིས་ཕྱུགས་གསོད་ཅིང་མེར་འཇུག་པའི་མཆོད་སྦྱིན་ལྟ་བུ་མ་ཡིན་པས་མཐོ་རིས་ཀྱི་རྒྱུར་མི་འགྱུར་རོ། །འོ་ན་ཇི་ལྟར་བུར་འགྱུར་ཞེ་ན། སྙིང་རྗེ་རྗེས་སུ་སྤྱོད་པས་བྱང་ཆུབ་ཁོ་ནའི་རྒྱུར་ཏེ། རང་དང་གཞན་ རྣམ་པར་དག་པའི་ཕྱིར་རོ། །ལེའུ་བཅོ་བརྒྱད་པ་ལས་འདི་སྐད་དུ། གང་ལ་བསོད་ནམས་སྡིག་མེད་ན། །དེ་ལ་བྱང་ཆུབ་རབ་ཏུ་གསུངས། །ཞེས་སོ། །ད་ནི་རྗེད་པ་ལ་སོགས་པས་དམ་ཚིག་ཉམས་པ་བསྐང་བའི་ཆོ་ག་གསུངས་པ། དམ་ཚིག་ཅེས་པ་ལ་སོགས་པའོ། །དམ་ཚིག་ཅེས་པ་ནི་འདའ་ བར་མི་བྱ་བ་སྟེ་རྩ་བ་དང་ཡན་ལག་ལ་སོགས་པ་སྟེ། གང་བླ་མའི་མདུན་དུ་བདག་གི་བྱ་བ་ཁས་བླངས་པའོ། །དེ་ཟད་པ་ནི་འདས་པར་གྱུར་པའོ། །དེ་འདས་མ་ཐག་ཏུ་ཞེས་ཏེ། དཔལ་ལྡན་དམ་ཚིག་རྡོ་རྗེའི་སྦྱོར་བ་ཞེས་ཏེ། དོན་ཡོད་གྲུབ་པའི་རྣལ་འབྱོར་དུ་བྱས་ནས་སོ། །དེའི་སྦྱོར་བ་ནི་ དང་པོའི་སྦྱོར་བ་ལ་སོགས་པ་དང་ལྡན་པ་དེ་ལ་དེ་སྐད་དོ། །རང་བཞིན་རྣམ་པར་དག་པ་འགྲོ་བ་བསམས་ནས་ནི། །ཞེས་པ་ནི་འགྲོ་བ་ཐམས་ཅད་རང་བཞིན་གྱིས་སྐྱོན་ཐམས་ཅད་དག་པར་བྱས་ནས་བདག་ཀྱང་དེའི་ངོ་བོ་ཡིན་པར་ཤེས་པར་བྱས་ནས། སྣ་ཚོགས་པའི་པདྨའི་ དབུས་སུ་ཞེས་པ་ནི་དོན་ཡོད་གྲུབ་པའི་རྣལ་འབྱོར་པས་རང་གི་སྙིང་གར་ཡེ་ཤེས་སེམས་དཔའ། དེའི་སྙིང་གར་སྣ་ཚོགས་པདྨའི་དབུས་སུ་ཟླ་བ་ལ་ཁཾ་ལས་སྣ་ཚོགས་རྡོ་རྗེ་བསམས་ཏེ། དེའི་བུམ་པ་ལ་ཁཾ་བསམ་མོ། །ལྔ་པའི་རིམ་པས་དབང་བསྐུར་བྱ། །ཞེས་པ་ནི་ཐུབ་མཆོག་འོད་ཟེར་ལས་བྱུང་ ཞེས་པ་ལ་སོགས་པའི་རིམ་པས་དབང་སྐུར་ཏེ་རིགས་ཀྱི་བདག་པོ་བཞག་པས་དག་པར་འགྱུར་རོ་ཞེས་སོ། །དེའི་དོན་ནི་ཏིང་ངེ་འཛིན་གསུམ་བསྒོམ་པའི་རྣལ་འབྱོར་པས་དུས་གཞན་དུ་རང་གི་དམ་ཚིག་ལ་སོགས་པ་བགྲང་བར་བྱས་ལ་གང་ལ་ཉམས་པ་ལ་སྦྱོར་བ་དེས་དག་པར་བྱའོ་ཞེས་སྤྱིར་བསྟན་ཏོ། ། ཁྱད་པར་དུ་བླ་མ་བརྙས་པའི་སྐྱོན་བྱུང་ན། ཚོགས་ཀྱི་མཆོད་པ་ཆེན་པོ་ལ་སྤྱན་དྲངས་ནས། ཁ་ཟས་དང་རས་ལ་སོགས་པའི་ཡོན་ཕུལ་ནས་སྔ་མ་བཞིན་དུ་སྡོམ་པ་གཟུང་བར་བྱའོ། །ཡང་ན་མི་ནུས་ན་ཡིད་ཀྱིས་ཀྱང་དེ་བཞིན་དུ་བསམ་པར་བྱའོ། །དབང་བསྐུར་བའི་རིམ་པ་འདི་ཉིད་ཕྱིའི་ཁྲུས་ ཀྱི་རིམ་པ་ལ་ཡང་འགྲོ་བའི་ཕྱིར་ཕྱིའི་ཁྲུས་ཞེས་པ་ལ་སོགས་པའོ། །ཕྱིའི་ཁྲུས་ཞེས་པ་ནི་ཕྱིའི་ཆུས་གདོང་བཀྲུ་བ་ལ་སོགས་པའོ། །དེའི་ཆོ་ག་ལ་ཡང་ཞེས་པ་ནི་དབྱེ་བའི་དུས་སུ་དབང་བསྐུར་བའི་རིམ་པས་ལྷ་མོས་མགོར་བླུགས་པར་བསམ་ཞིང་དབང་རྫོགས་པའི་དུས་སུ་བདག་པོ་བཞག་ བའི་རིམ་པའོ། །ཁྱད་པར་དུ་བསམ་ཞེས་པ་ནི་དམ་ཚིག་ཉམས་པ་ལ་ཁྱད་པར་དུ་སྟེ། རང་གི་ལྷའི་རྣལ་འབྱོར་འདི་ལྟ་བུ་ལ་ཕྱིའི་ཁྲུས་མི་བྱ་བར་མི་རུང་བ་ནི་མ་ཡིན་ཏེ། ཡང་དག་པའི་ཁྲུས་དང་ལྡན་པའི་ཕྱིར་རོ། །གཞན་དུ་ནི་འཇིག་རྟེན་དང་མཐུན་པར་བྱ་བ་དང་། ལུས་ལ་ཕན་ཞིང་བདེ་བའི་ཕྱིར་བྱ་བ་དེ་བཞིན་ དུ་བྱས་ན་ནང་གི་ཁྲུས་སུ་འགྱུར་རོ། །ཇི་སྐད་དུ། །གཙང་སྦྲ་སྡོམ་པ་མི་དགོས་ཏེ། །དཀའ་ཐུབ་དཀའ་སྤྱད་འདིར་མི་དགོས། །སངས་རྒྱས་ཐམས་ཅད་རྫུ་འཕྲུལ་ཆེ། །བདག་ཏུ་སྦྱོར་བ་བསྒྲུབ་པར་འགྱུར། །ཞེས་སོ། །དེ་ལྟར་ཏིང་འཛིན་གསུམ་ཡན་ལག་དང་བཅས་པ་བསྟན་ནས་ད་ནི་དེ་ཉིད་དུ་མཚམས་ གཞན་ལས་བསྒོམ་པ་བསྟན་པའི་ཕྱིར། ཐུན་མཚམས་ཞེས་པ་ལ་སོགས་པའོ། །དེ་ལ་མཐུན་མཚམས་ཞེས་པ་ནི་ཉི་མ་གུང་དང་ཕྱི་དྲོ་དང་ནམ་ཕྱེད་དུའོ། །མཆོད་པ་ལ་སོགས་པ་ཞེས་པ་ནི་རང་གང་གི་སྔགས་བསྒོམ་པ་ནས་བརྩམས་ཏེ། ཐིག་ལེ་དང་ཕྲ་མོའི་སྦྱོར་བ་སྔོན་དུ་བྱས་ནས་ཞེས་སོ། །བཟླས་ བྱས་ཏེ་ཞེས་པ་ནི་རིམ་པ་ཅིག་ཅར་བའི་བཟླས་པ་བྱས་ཏེ་མཆོད་པ་ལ་སོགས་པ་བྱས་ནས་གོང་མ་བཞིན་དུ་བསྡུས་ནས་ཡན་ལག་གཞན་ཡང་ཅི་རིགས་པར་བསྒོམ་པར་བྱའོ་ཞེས་སོ། །ནམ་ཕྱེད་དུས་སུ་ཁྱད་པར་དུ་བྱ་བ་གསུངས་པ། སྙིང་གའི་ནང་དུ་གནས་པའི་འཁོར་ལོ་ཞེས་ཏེ། ཨོཾ་ཨཱཿཧཱུཾ་མུཿ། ཞེས་ པའི་སྔགས་ཀྱིས་ཡེ་ཤེས་ཀྱི་དཀྱིལ་འཁོར་གཤེགས་སུ་གསོལ་བར་བྱས་ནས། ཨོཾ་ཨཱཿཧཱུཾ་ཞེས་པའི་སྔགས་ཀྱིས་དམ་ཚིག་གི་དཀྱིལ་འཁོར་སྙིང་གའི་འཁོར་ལོ་ལ་བསྡུས་ནས། ཤེས་རབ་ཅེས་པ་རང་གི་རིག་མ་དང་སྙིང་རྗེ་ཞེས་པ་ཐབས་དང་ལྡན་པས་ཉལ་ཞིང་གཉིད་ལོག་པར་བྱའོ། ། ལངས་པའི་དུས་སུ་ཞེས་པ་ནི། ཐོ་རངས་མལ་ནས་ལྡང་བའི་དུས་ལྷ་མོ་བཞིས། རྡོ་རྗེ་ཐུགས་ཁྱོད་ཅེས་པ་ལ་སོགས་པའི་དབྱངས་ཀྱིས་བསྐུལ་ནས་ལྡང་བར་བྱའོ་ཞེས་སོ། །ཐུབ་པས་ཞེས་ནི་ཕྱི་རོལ་དུ་གཏམ་ལ་སོགས་པ་མི་དགོས་པར་མི་བྱེད་དོ། །དེ་བཟླས་པ་ལ་སོགས་པ་ཞེས་པ་ནི་ས་ བོན་བསྒོམ་དང་ཚངས་པའི་གནས་བཞི་བསྒོམས་ནས་བཟླས་པ་དང་བསྡུ་བའི་མཐར་ཐུག་པ་བྱེད་པའི་དུས་སུ་ཐུབ་པ་ཞེས་སོ། །དེ་ལྟར་ཏིང་ངེ་འཛིན་གསུམ་ཡན་ལག་དང་བཅས་པ་གོང་མའི་ཆོ་ག་ཉིད་ཀྱིས་བྱ་ཞིང་དུས་མཚམས་གཞན་ལ་ཡང་དེ་བཞིན་དུ་བྱའོ་ཞེས་ཏེ། རྩེ་གཅིག་པའི་ རྣལ་འབྱོར་པས་སོ། །བྱ་བས་བྲེལ་བའི་རྣལ་འབྱོར་པས་ནི་ཐོ་རངས་དུས་སུ་ཏིང་ངེ་འཛིན་གསུམ་མ་ལུས་པ་བསྒོམས་ནས་དུས་གཞན་ལ་རྗེས་སུ་མཐུན་པའི་གདན་ལ་ལྷའི་ང་རྒྱལ་གྱིས་གནས་ཏེ། ཨོཾ་ཨཱཿཧཱུཾ་གིས་དཀྱིལ་འཁོར་གྱི་ལྷ་སྤྲོ་བར་བྱས་ནས་དབང་བསྐུར་བླངས་ཏེ་མཆོད་པ་དང་བསྟོད་ པ་དང་བདུད་རྩི་མྱང་བ་ཡང་བྱ་སྟེ་ཐིག་ལེའམ་ཕྲ་མོ་གང་ཡང་རུང་བ་ཅིག་ལ་གནས་ནས་བཟླས་ཏེ་བསྡུ་བ་བྱས་ནས་སྔ་མ་ལྟར་སྤྱད་པར་བྱའོ་ཞེས་སོ། །དེ་ལྟར་གཉིས་ཀྱི་རང་གི་ལས་ཀྱིས་བསྟན་པའི་མཚན་མ་སྔར་རྙེད་པ་ནི་ལས་དང་པོ་པའི་རྣལ་འབྱོར་པའོ། །དེ་ལས་དེ་མ་ཐག་པའི་རྐྱེན་གྱིས་ བསྒྱུར་བ་ནི་ཅུང་ཟད་ཡེ་ཤེས་དབང་དུ་གྱུར་པ་སྟེ། དེ་ལྟར་ཐུན་བཞིར་རང་གི་ལྷའི་གཟུགས་དམིགས་པའི་ཕྱིར་མིག་ལ་སོགས་པ་བྱིན་གྱིས་བརླབ་པ་ནས་བརྩམས་ཏེ་ཐིག་ལེ་དང་ཕྲ་མོ་ནི་བརྟན་པའི་ང་རྒྱལ་དང་ལྡན་པས་མི་བྱེད་དེ། གྲུབ་པའི་མཚན་མ་མཐོང་བར་བྱས་ པའི་བཟླས་བརྗོད་ཀྱི་ཆོ་ག་བྱས་ནས་བསྡུ་བ་དང་ཡན་ལག་གཞན་བྱའོ། །དེ་ལས་དེ་མ་ཐག་པའི་རྐྱེན་གྱིས་བསྒྱུར་བའི་རྣལ་འབྱོར་པ་སྟེ། དེས་དུས་མཚམས་མེད་པར་རང་གི་སེམས་ལ་ཐམས་ཅད་དབྱེར་མེད་པར་རྟོགས་ནས་རྡོ་རྗེ་བཟླས་པའི་རིམ་པའི་སྤྲོ་བསྡུའི་དཀྱིལ་འཁོར་ལ་སྒྱུ་མ་ལྟ་བུར་གཞན་གྱིས་ མཐོང་བའོ། །དེ་ལས་དེ་མ་ཐག་པའི་རྐྱེན་གྱིས་བསྒྱུར་བ་ནི་ཡང་དག་པའི་ཡེ་ཤེས་དབང་དུ་གྱུར་པ་སྟེ། དེས་སྲིད་པ་ཇི་སྲིད་ཡོད་པ་དེ་སྲིད་ཀྱི་བར་དུ་རོ་མྱོང་བའི་མཚན་ཉིད་བརྒྱད་དང་ལྡན་པ་བཞུགས་ནས་འགྲོ་བའི་དོན་ཆེན་པོ་བྱེད་པའོ་ཞེས་སོ། །དེ་ལྟར་ཏིང་ངེ་འཛིན་གསུམ་ཡན་ལག་དང་པོས་བསྙེན་ པའི་ཆོ་ག་ཅི་རིགས་པར་བསྟན་ནས། ད་ནི་བར་མའི་རིམ་གྱིས་དངོས་གྲུབ་བསྒྲུབ་པའི་ཆོ་ག་གསུངས་པ་གྲུབ་པའི་མཚན་མ་ཞེས་པ་ལ་སོགས་པའོ། །དེ་ལ་གྲུབ་པ་ཞེས་པ་ནི་རིག་འཛིན་ལ་སོགས་པ་ཕྱག་རྒྱ་ཆེན་པོའོ། །དེའི་མཚན་མ་ནི་རྟགས་རྙེད་པ་སྟེ། བཀྲ་ཤིས་པའི་ལྷའི་རྨི་ལམ་དང་ ལྷའི་ལུང་དང་དབབ་པ་དང་ཐ་མལ་པ་ཐམས་ཅད་དོ། །དེ་མཐོང་བ་ནི་གཟུགས་བརྙན་གྱི་མཚན་མའི་བྱ་བ་བྱས་ནས་མཉེས་པས་བཟླས་པ་ལ་གོམས་པས་བར་མའི་དུས་མཐོང་བའོ་ཞེས་སོ། །དེས་དེ་ཉིད་གསུམ་གྱི་མཆོད་པ་ཞེས་པ་ནི་འབུམ་ལ་སོགས་པ་བྱ་བ་བྱས་ནས། གཟུགས་བརྙན་གྱི་ དཀྱིལ་འཁོར་བྲིས་ཏེ་བསྒྲུབ་པར་བྱའོ་ཞེས་སྦྱར་རོ། །ཇི་ལྟ་བུའི་ཞིག་གིས་ཤེ་ན། རང་གི་སེམས་གོང་ནས་གསུངས་པའི་དཀྱིལ་འཁོར་གྱི་འཁོར་ལོ་ལ་གནས་པ་མི་མཐུན་པ་བཅོམ་པ་དེ་ལྟ་བུ་ཞེས་སོ། །འདོད་པའི་དངོས་གྲུབ་ཅེས་པ་ནི་ཕྱག་རྒྱ་ཆེན་པོའི་རིག་འཛིན་ལ་སོགས་པ་རྒྱུད་ལས་ གསུངས་པའི་ལམ་གྱི་རིམ་པ་ལ་གནས་ནས་བསྒྲུབ་པར་བྱའོ་ཞེས་སོ། །དངོས་གྲུབ་བསྒྲུབ་པའི་ཚེ་གལ་ཏེ་བགེགས་བྱུང་ན་བཟློག་པའི་ཐབས་གསུངས་པ། བདུད་རྩི་ཞེས་པ་ནི་བདུད་རྩི་ཐབ་སྦྱོར་གྱི་དཀྱིལ་འཁོར་བསྒྱུར་བའོ། །ནན་ཏན་དབང་བསྐུར་བྱས་ནས་ཞེས་པ་ནི་འོད་ཀྱིས་བསྐུལ་བ་སྔོན་དུ་བྱས་ ནས་དབང་བསྐུར་བ་བླངས་པ་ཙམ་གྱིས་སོ། །ནན་ཏན་མ་བྱས་ཞེས་པ་ནི་བསྒྲིམ་པ་མ་བྱས་ཀྱང་བགེགས་རྣམས་མེད་པར་བྱེད་དོ། །བར་མའི་རིམ་པ་ནི་སྦྱོར་བ་ལ་བརྟེན་པའི་ཕྱིར་རོ། །བདུད་རྩི་འཁྱིལ་པའི་འཁོར་ལོ་དེ་ཅི་ལྟ་བུ་ཞེ་ན། གང་ཞིག་ཅེས་པ་ལ་སོགས་པའོ། །བདུད་རྩི་འཁྱིལ་པ་གང་ ཞིག་འཁོར་ལོ་དེའི་དབུས་སུ་གནས་པར་འགྱུར་བ་དེའི་ཚེ་དཀྱིལ་འཁོར་དེ་བདུད་རྩི་འཁྱིལ་པ་དེ་ཡིན་ནོ། །བླ་མའི་ཞལ་ནས་བསྡུས་པའི་དོན་ལས། དེའི་དབུས་གནས་པ་གང་ཡིན་པ། །དེ་ཡི་འཁོར་ལོ་དེ་ཞེས་བྱ། །དེ་བཞིན་གཤེགས་པ་ཀུན་བདག་པོ། །དེ་ཡི་གནས་སུ་མི་བསྐྱོད་གནས། །གཞན་ ལ་གཙོ་བོ་དེ་གནས་ལ། །རང་བདག་ཁོ་ན་རང་གི་བདག །ཕྱུང་ནས་སྔོན་དུ་བློ་ལྡན་པས། །ཆོ་ག་བཞིན་དུ་ཐིམ་པར་བྱ། །ཞེས་སོ། །དེ་བཞིན་དུ་རྣལ་འབྱོར་པ་གསུམ་ཁྱད་པར་མེད་པར་རྡུལ་ཚོན་ནམ་ཡིད་ཀྱིས་དཀྱིལ་འཁོར་བྱས་ནས་དབང་བསྐུར་བར་བྱའོ་ཞེས་ཤེས་པར་བྱའོ། །དེ་དག་ཀྱང་གཞན་ དུ་རྒྱ་ཆེར་བསྟན་ཏེ་དེར་ཤེས་པར་བྱའོ། །འདི་ནི་བརྡ་སྤྲོད་པའི་ཚིག་ཏུ་ཤེས་པར་བྱའོ། །ད་ནི་རབ་ཏུ་བྱེད་པའི་མདོར་བསྡུས་ནས་བསྟན་པའི་ཕྱིར་གོང་དུ་གསུངས་པའི་དཀྱིལ་འཁོར་གྱི་འཁོར་ལོ་བསམ་གྱིས་མི་ཁྱབ་པའི་རང་བཞིན་དེ་ཉིད་སྲིད་པའི་སྡུག་བསྔལ་གྱི་གཉེན་པོ་ཡིན་པར་གསུངས་པ། སྒྱུ་མ་ལྟར་ཞེས་པ་ལ་སོགས་པའོ། །དེ་ལྟར་སྒྱུ་མ་ལྟར་སྣང་བའི་རྣམ་པར་རྟོག་པ་ཞེས་པ་ནི་བདག་དང་བདག་གིར་རྣམ་པར་རྟོག་པའོ། །དེའི་རྒྱུན་ནི་བར་མ་ཆད་པར་འབྱུང་བའོ། །དེ་ལྟ་བུའི་རྟོག་པ་ལས་གཞན་འགའ་སྲིད་པའི་སྡུག་བསྔལ་ཡོད་པ་མ་ཡིན་ནོ། །དེ་ཉིད་སྲིད་པའི་སྡུག་ བསྔལ་ཡིན་ནོ་ཞེས་པའི་དོན་ཏོ། །དེའི་དོན་ནི་རྟག་པ་ལ་སོགས་པ་རང་རིག་པའི་མཚན་ཉིད་དེ་ལ་གཟུགས་ལ་སོགས་པར་བརྟགས་པ་དེ་ཉིད་སྡུག་བསྔལ་ཡིན་ནོ་ཞེས་སོ། །ཐག་པའི་སྦྲུལ་བཞིན་དུ་སྣང་བ་མེད་པ་ཉིད་དོ། །དེ་དང་མི་མཐུན་པ་ཞེས་པ་ནི་སྲིད་པའི་སྡུག་བསྔལ་དེ་དང་མི་མཐུན་པ་ནི་དེ་ དག་སེམས་པ་ཞེས་ཏེ། གཉེན་པོར་གྱུར་པའི་དཀྱིལ་འཁོར་གྱི་འཁོར་ལོའི་རང་བཞིན་གྱིས་རྣམ་པར་གནས་པ་དེ་མངོན་སུམ་དུ་བྱང་ཆུབ་ཏུ་རྟོགས་པར་བྱའོ། །ལེའུ་བཅོ་བརྒྱད་པ་ལས། སྟོང་ཉིད་སྙིང་རྗེ་ཐ་དད་མིན། །བྱང་ཆུབ་སེམས་སུ་བཤད་པ་ཡིན། །ཞེས་སོ། །དེ་ཇི་ལྟར་ན་སྲིད་པའི་སྡུག་ བསྔལ་དང་མི་མཐུན་པ་ཡིན་ཞེ་ན། ཟབ་མོ་གསལ་བ་དེ་ལ་ཞེས་ཏེ། གོང་དུ་གསུངས་པའི་ཟབ་མོ་དང་གསལ་བའི་དཀྱིལ་འཁོར་གྱི་འཁོར་ལོའི་སེམས་དེ་ལ་ཞེས་སོ། །གང་ཡང་སྣང་བ་མ་ཡིན་ནོ། །ཞེས་པ་ནི་སྲིད་པའི་སྡུག་བསྔལ་གང་ཡང་སྣང་བ་མ་ཡིན་ཞིང་དེའི་རྟོག་ པའང་སོ་སོར་སྣང་བ་མེད་དོ། །འོན་ཀྱང་དེ་ཞེན་པའི་བག་ཆགས་ཀྱི་ཕྱིར་སེམས་དེ་ཉིད་ཀྱང་སྲིད་པའི་སྡུག་བསྔལ་དུའང་སྣང་ངོ་། །དེ་ལ་སྲིད་པའི་སྡུག་བསྔལ་དེ་ནི་ཀུན་རྫོབ་ཏུ་འང་ཡོད་པ་མ་ཡིན་ན་གཞན་ལྟ་སྨོས་ཀྱང་ཅི་དགོས། དེ་བས་ན་རང་རིག་པ་ལས་ཞེས་པ་ནི་ཤེས་པ་ཟབ་མོ་དང་གསལ་བ་དབྱེར་མེད་པའི་ རང་རིག་པའི་དཀྱིལ་འཁོར་གྱི་འཁོར་ལོ་དེ་ལས་སོ། །ལྷག་པ་གཞན་ཞེས་པ་ནི་རྟག་དང་གཅིག་པ་ལ་སོགས་པ་དོན་གཞན་དུ་འགྱུར་བ་མེད་དེ་དེ་ཉིད་འཁྲུལ་པའོ་ཞེས་པའི་བར་རོ། །འཁྲུལ་པ་དེ་ཉིད་མེད་པར་སྒྲུབ་པ་སྔར་བྱས་སོ་ཞེས་པ་ནི་གོང་དུ་གཟུགས་ལ་སོགས་པ་རྣམ་པར་གྲོལ་ཞེས་པའི་ སྐབས་སུ་བསྒྲུབས་སོ་ཞེས་སོ། །འོ་ན་སྲིད་པའི་སྡུག་བསྔལ་གྱིས། གཉེན་པོ་ཟབ་མོ་དང་གསལ་བའི་དཀྱིལ་འཁོར་དེ་མཐོང་བས་ཇི་ལྟར་ལྡོག་པར་འགྱུར་ཏེ། མེའམ་བྱམས་པ་ལ་སོགས་པ་མ་ཡིན་ནམ་ཞེ་ན། གང་དང་ཞེས་པ་ལ་སོགས་པའོ། །གང་དང་ཞེས་པ་ནི་སྲིད་པའི་སྡུག་ བསྔལ་དང་ངོ་། །གང་ཞིག་ཅེས་པ་ནི་ཟབ་མོ་གསལ་བའི་དཀྱིལ་འཁོར་རོ། །དེ་གཉིས་མི་མཐུན་པ་སྟེ། དུས་ལྷན་ཅིག་ཏུ་གྱུར་པ་ཞེས་པ་ནི་དུས་ལྷན་ཅིག་ཏུ་གྱུར་པའང་འདེབས་གསལ་ཞེས་ཏེ། ལམ་རྒྱས་པ་སྲིད་པའི་སྡུག་བསྔལ་དེ་བསལ་མཆོག་ཏུ་འགྱུར་བ་སྟེ་དཀྱིལ་འཁོར་གྱི་ འཁོར་ལོ་ཁོ་ནའོ། །ཅིའི་ཕྱིར་ཞེ་ན། མཐོང་བ་གོམས་པས་འཕེལ་བའི་ཞེས་པ་ནི། སྲིད་པའི་སྡུག་བསྔལ་དང་མི་མཐུན་པར་གྱུར་པ་རྟོགས་ནས་དེའི་གཉེན་པོ་མཐོང་ཞིང་ཉེ་བར་དམིགས་པ་ཡང་ནས་ཡང་དུ་ཡིད་ལ་བྱེད་པས་རྣམ་པར་འཕེལ་བས་རབ་ཀྱི་མཐར་ཐུག་པར་འགྱུར་བས་རང་གི་མི་མཐུན་ པའི་ཕྱོགས་ཏེ། སྲིད་པའི་སྡུག་བསྔལ་གཏན་དུ་འགགས་པ་ཡིན་ཞེས་ཏེ། གཞི་གང་རྣམ་པར་རྟོག་པའི་ཕྱིར་བྱམས་པ་ལ་སོགས་པ་དེ་ལྟ་བུ་མ་ཡིན་ནོ། །མེ་ལ་སོགས་པས་བད་ཀན་ལ་སོགས་ཁོགས་ཀྱང་ཕྱིས་འབྱུང་དུ་རུང་ངོ་། །འདིས་ནི་གཞི་ཡང་དག་པར་རྟོགས་པའི་དཀྱིལ་ འཁོར་གྱི་འཁོར་ལོ་ནི་སྲིད་པའི་སྡུག་བསྔལ་དང་གཏན་ནས་མི་མཐུན་པའི་ཕྱིར་དེ་རྟོགས་པས་གཏན་དུ་བཀག་པ་ཡིན་ནོ། །དཔེར་ན་ཐག་པ་མཐོང་བ་ཙམ་གྱིས་སྦྲུལ་གཏན་ནས་མེད་པར་ཤེས་པ་ཡིན་ནོ། །འོ་ན་སྲིད་པའི་སྡུག་བསྔལ་དང་མི་མཐུན་པའི་ལམ་གཞན་ཡོད་པས་འདིས་ཅི་ཞིག་ བྱ་ཞེ་ན། ལམ་འདི་ཕ་རོལ་ཏུ་ཕྱིན་པའི་ཚུལ་ལས་ཁྱད་པར་དུ་འཕགས་པ་བསྟན་པ། རྒྱུའི་ཞེས་པ་ལ་སོགས་པའོ། །རྒྱུ་གཞིའི་ངོ་བོ་ཞེས་པ་ནི་སྒྱུ་མ་ལྟ་བུར་སྣང་བའི་བདག་དང་བདག་གི་བ་ལ་སོགས་པར་ཀུན་དུ་སྣང་བའི་ངོ་བོ་སྟེ། དེ་ལས་ལོག་པར་མི་བྱེད་དོ། །ཞེས་པ་ནི་སླར་མི་ལྡོག་པའོ། ། གང་གི་ཞེ་ན་བདག་མེད་དང་ལྡན་དུ་ཟིན་ཡང་སྦྱིན་པ་ལ་སོགས་པ་གསལ་བ་མ་ཡིན་པས་རྒྱུའི་གཞིའི་ངོ་བོ་ལས་ལྡོག་པར་མི་འགྱུར་ཏེ། ཅིའི་ཕྱིར་ཞེ་ན། གང་ཕྱིར་བདེན་པ་འང་ཞེས་ཏེ། སྦྱིན་པ་ལ་སོགས་པ་མི་དམིགས་པས་བདག་མེད་པ་དང་ལྡན་པ་ཟབ་མོ་སྟེ། དེར་ཤེས་ཀྱང་ཐ་མལ་པ་ཉིད་གཞི་མི་ འགྱུར་བས་ལྡོག་པར་མི་འགྱུར་རོ་ཞེས་སྦྱིན་པ་ལ་སོགས་པ་མི་འགྱུར་ཏེ། ཐ་མལ་པ་ལྟར་སྣང་བ་ནི་བསལ་བ་མ་ཡིན་པའི་ཕྱིར་དེར་ཤེས་པ་ཙམ་གྱིས་ལྡོག་གོ། །གལ་ཏེ་སྨོན་ལམ་གྱི་དབང་གིས་ཤེ་ན། དེ་ཉིད་ཀྱང་མངོན་སུམ་དུ་གྱུར་པ་མ་ཡིན་པའི་ཕྱིར་རོ། །འདི་སྐད་སྟོན་པ་ཡིན་ཏེ། གལ་ཏེ་ སྦྱིན་པ་ལ་སོགས་པ་ཐ་མལ་པའི་ངོ་བོ་མི་མཐུན་པ་མཐོང་བར་གྱུར་པ་ཞིག་ན། དེའི་ཚེ་མཐོང་ན་ཇི་ལྟར་ལྡོག་པར་འགྱུར། དེའི་མཐོང་བ་དེ་ཁོ་ན་ལྟར་མཐོང་བལྟར་རོ། །དཀྱིལ་འཁོར་གྱི་འཁོར་ལོ་འདི་ནི་བདག་མེད་པ་དང་ཡང་ལྡན་ཞིང་སྲིད་པའི་སྡུག་བསྔལ་དང་ཡང་མི་མཐུན་པ་དེས་ངེས་པར་ ལྡོག་པར་འགྱུར་བ་ཡིན་ནོ། །དེ་ཉིད་དམ་པ་རྣམས་ཀྱི་ལམ་ཡིན་པས་དེ་ལ་བློ་བརྟན་པོར་བྱ་བ་གསུངས་པ་དེ་ལྟར་ཞེས་པ་ལ་སོགས་པའོ། །དེ་ལྟར་ཤེས་ནས་ཞེས་པ་ནི་བཤད་མ་ཐག་པའི་དཀྱིལ་འཁོར་གྱི་འཁོར་ལོ་དེ་སྲིད་པའི་སྡུག་བསྔལ་གྱི་གཉེན་པོ་ཡིན་ཡང་དེ་ཉིད་ཚུལ་གཞན་ལས་ ཁྱད་པར་དུ་གྱུར་པར་ཤེས་ནས་ཞེས་སོ། །རྫོགས་ཆེན་ཡེ་ཤེས་ཞེས་པ་ནི་དཔག་ཏུ་མེད་པའི་ཡེ་ཤེས་གཉིས་སུ་མེད་པ་བླ་མ་ལ་བསྙེན་བཀུར་བ་ལས་བྱུང་བ་རྫོགས་པ་ཆེན་པོའི་ཡེ་ཤེས་སོ། །སྐད་ཅིག་གིས་བསྒྲུབ་པ་ཞེས་པ་ནི་དེ་ལྟ་བུའི་ཡེ་ཤེས་དང་ལྡན་ན། སེམས་ཅན་གྱི་རྒྱུད་དང་ཡང་ སྐད་ཅིག་ཅེས་པ་སྟེ། ཚེ་འདི་ཉིད་ལ་སངས་རྒྱས་པའི་བར་དུ་འགྱུར་རོ་ཞེས་པའི་དོན་ཏོ། །དེ་བས་ན་དཔལ་ཀུན་དུ་བཟང་པོ་ཞེས་ཏེ། དཔལ་ལྡན་ནི་ཞིང་ཀུན་གྱི་རང་བཞིན་དུ་གྱུར་པས་ན་ཀུན་དུ་བཟང་པོ་སྟེ། གཉིས་སུ་མེད་པའི་ཡེ་ཤེས་ཀྱི་རང་བཞིན་བཅོམ་ལྡན་འདས་རྡོ་རྗེ་སེམས་ དཔའོ། །གཞིའི་དངོས་པོ་ཞེས་པ་ནི་བཅོམ་ལྡན་འདས་ནི་ཆོས་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་ཡིན་ཞིང་མྱུར་དུ་དཀའ་བ་མེད་པར་སངས་རྒྱས་པར་འགྱུར་བར་བྱེད་པ་དང་འདུས་བྱས་སྨིན་པར་བྱེད་པའི་ཕྱིར་རང་བཞིན་གྱི་དོན་ཕུན་སུམ་ཚོགས་པ་བཞིའི་དངོས་པོའོ། །དེ་ཉིད་སྙིང་རྗེ་དང་ལྡན་པས་ཞེས་ཏེ། ། སེམས་ཅན་སྡུག་བསྔལ་དང་བྲལ་བར་འདོད་པས། རང་གི་སེམས་ཇི་ལྟ་བ་བཞིན་དུ་གནས་པའི་བཅོམ་ལྡན་འདས་ཏེ་གང་སྒོམ་པར་མི་བྱེད་ཅེས་ཏེ། གཞན་བསྐལ་པ་གྲངས་མེད་པ་གསུམ་ན་བླ་དང་བཅས་པའི་སངས་རྒྱས་འདོད་པ་རྣམས་ཀྱིས་འདི་ལྟ་བུའི་དཔལ་དང་ལྡན་པའི་ཀུན་ནས་བཀྲ་ཤིས་ པའི་ངོ་བོ་འདི་གང་དག་བསྒོམ་པར་མི་བྱེད་དེ་བསྒོམ་པར་བྱ་བ་ཁོ་ན་ཡིན་ནོ་ཞེས་པའི་དོན་ཏོ། །དེ་བས་ན། དཔལ་ལྡན་སངས་རྒྱས་ཀུན་གྱི་བདག །རྡོ་རྗེ་འཆང་བ་ཀུན་གྱི་གནས། །ཆོས་རྣམས་ཀུན་གྱི་ཆོས་ཉིད་དེ། །སངས་རྒྱས་ཀུན་གྱིས་ཐབས་བྱ་ཡིན། །ཞེས་ལེའུ་བཅོ་བརྒྱད་པ་ལས་གསུངས་སོ། །ད་ནི་ སློབ་དཔོན་བདག་ཉིད་ང་རྒྱལ་གཞོམ་པ་བསྟན་ཅིང་བརྩམས་པའི་དགོས་པ་བསྟན་པའི་ཕྱིར། དྲི་མེད་ཅེས་པ་ལ་སོགས་པ་དྲི་མ་མེད་པ་ཡང་ཡིན་ལ་བློ་གྲོས་ཀྱང་ཡིན་པས་ན་དྲི་མེད་བློ་གྲོས་ཏེ། །དེ་ཉིད་འོད་ཟེར་ཏེ་ཡང་དག་པའི་ཡེ་ཤེས་ལ་དབང་ཐོབ་པའི་རྣལ་འབྱོར་པ་དེའི་འོད་ཟེར་གྱི་འགྲོ་བའི་རྒྱུད་ལ་གནས་ པའི་མ་རིག་པའི་མུན་པ་ཐམས་ཅད་སེལ་བར་བྱེད་པ་སྟེ་འཕགས་པ་ཀླུ་སྒྲུབ་ལ་སོགས་པའོ། །དེ་རྣམ་པར་སྣང་མཛད་ལ་སོགས་པའོ། །འགྲོ་བའི་མུན་པ་སེལ་བར་བྱེད་པའི་གསང་བ་འདུས་པའི་ལམ་གྱི་རིམ་པ་བསྟན་པས་ཆོག་གོ། །དེ་བདག་འདྲ་བས་མི་དཔོགས་སོ། །ཞེས་དཔག་པར་ དཀའ་བ་ཞེས་སོ། །ཡང་ན་སངས་རྒྱས་བཅོམ་ལྡན་འདས་དྲི་མ་མེད་པའི་འོད་ཟེར་མངའ་བས་བསྟན་པའི་ལམ་གྱི་རིམ་པ་དེ་ལ་བདག་ཅག་ལྟ་བུས་བཤད་པའི་གོ་སྐབས་ག་ལ་ཡོད་ཅེས་པའོ། །དེ་ལྟ་ན་ཅིའི་ཕྱིར་བྱས་ཤེ་ན། བླ་མའི་ཞེས་པ་ལ་སོགས་པའོ། །རང་གི་བླ་མ་དམ་པའི་ གཞུང་གིས་བསྟན་པ་དེ་ལ་ཅུང་ཟད་ཙམ་བཟུང་ནས། བཅིངས་པ་གྲོལ་བར་འདོད་ཅེས་ཏེ། འཁོར་བའི་འཆིང་བ་དམ་པོ་གྲོལ་བར་འདོད་པས། སྒྲུབ་པའི་ཐབས་འདི་འབད་པས་བྱ་ཞེས་པ་ནི་ཤིན་ཏུ་སེམས་ཁྲལ་ཆེར་བྱས་པ་སྟེ། བདག་གི་ང་རྒྱལ་གྱི་གནས་མ་ཡིན་ནོ་ཞེས་པའི་དོན་ཏོ། །ད་ནི་སྒྲུབ་པའི་ ཐབས་བརྩམས་པ་ལས་བྱུང་བའི་དགེ་བའི་རྩ་བ་ཡོངས་སུ་བསྔོ་བ་གསུངས་པ་དེ་ལྟར་ཞེས་པ་ལ་སོགས་པའོ། །དེ་ལྟར་བྱས་པ་ཞེས་པ་ནི་རྣམ་པར་བཀོད་པར་བྱས་པས། སྒྲུབ་པའི་ཐབས་སུ་གྱུར་པའི་ཡི་གེ་འདི་ལས་བྱུང་བའི་དགེ་བའི་རྩ་བ་ཟླ་ལྟར་དག་ཅིང་དཀར་པོའི་དེའི། འགྲོ་བའི་ཡིད་ཅེས་པ་ ནི་འགྲོ་བ་ཐམས་ཅད་ཀྱི་ཡིད་གཞན་དུ་མི་གཞོལ་ཞིང་། སངས་རྒྱས་ཡེ་ཤེས་མགོན་པོ་ཞེས་པ་ནི་ཡེ་ཤེས་ལྔའི་ངོ་བོ་དཀྱིལ་འཁོར་གྱི་འཁོར་ལོ་ཟབ་མོ་དང་ཡང་དག་པར་གསལ་བའི་སེམས་དེ་ལ་རྟག་ཏུ་བསམ་གྱུར་ཅིག་ཅེས་པ་ནི། དུས་རྟག་ཏུ་དེ་བསྒོམ་ཞིང་ཕྱག་རྒྱ་ཆེན་པོ་ལ་སོགས་ དངོས་གྲུབ་ཐོབ་པར་གྱུར་ཅིག་ཅེས་པའོ། །དེའི་དོན་ནི་འདི་ལྟ་སྟེ་དགེ་བའི་རྩ་བ་དེས་སེམས་ཅན་རྣམས་དགེ་བའི་<གཤེས་‚བཤེས་>གཉེན་མཆོག་དང་ཕྲད་ནས་དེ་བསྙེན་བཀུར་བ་ལས་བྱུང་བའི་དེ་ཁོ་ན་ཉིད་མངོན་དུ་བྱས་བསྒོམས་པས། སངས་རྒྱས་ཡེ་ཤེས་མགོན་པོ་དེ་ལ་ཐིམ་པར་གྱུར་པས་དང་པོར་ལྷའི་ འཁོར་ལོ་བསྒོམ་པར་ཤོག་ཅེས་པའོ། །ཟབ་ཅིང་རྒྱ་ཆེ་འོད་ཟེར་རབ་འཕྲོ་དཔལ་ལྡན་གསང་འདུས་ཀྱི། །རྗེ་བཙུན་ལྷ་ཡི་ཞལ་སྔ་ནས་ཀྱི་ཐུགས་རྗེས་རབ་མཛད་པའི། །སྒྲུབ་པའི་ཐབས་ཀྱི་བཤད་པ་དད་པས་བདག་གིས་བགྱིས་པ་ལས། །སངས་རྒྱས་བྱང་ཆུབ་སེམས་དཔའ་འཕགས་པ་ མཁས་རྣམས་བཟོད་པར་མཛོད། །དེ་ལྟར་བྱས་པ་ལས་བྱུང་དགེ་བ་ཟླ་འདྲ་དེ་ཡིས་ནི། །སྐྱེས་བུ་དམ་པ་ཐམས་ཅད་དུ་ཡང་སྣོད་གྱུར་སྟོབས་ཀྱིས་ནི། །སྒྲིབ་པ་ལ་སོགས་མཐུ་ཡིས་མ་ཉམས་དཔལ་ལྡན་གསང་འདུས་ཀྱི། །ལས་ཀྱི་རྡོ་རྗེ་འཛིན་པའི་ས་ལ་མྱུར་དུ་འགྲོ་བར་ཤོག །ཡན་ ལག་བཞི་པའི་སྒྲུབ་པའི་ཐབས་ཀུན་དུ་བཟང་མོ་ཞེས་བྱ་བའི་རྣམ་པར་བཤད་པ་སློབ་དཔོན་ཆེན་པོ་བི་ཏ་པཱ་ཏས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཆེན་པོ་ཀ་མ་ལ་གུ་ཧྱ་དང་། བོད་ཀྱི་ལོ་ཙཱ་བ་ཆེན་པོ་མངའ་བདག་ཡེ་ཤེས་རྒྱལ་མཚན་གྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། ༄༅༅། །རྒྱ་གར་སྐད་དུ། ཤྲཱི་གུ་ཧྱ་ས་མཱ་ཛ་མཎྜ་ལ་ནོ་པི་ཀ་ཊཱི་ཀཱ། བོད་སྐད་དུ། དཔལ་གསང་བ་འདུས་པའི་དཀྱིལ་འཁོར་གྱི་སྒྲུབ་པའི་ཐབས་རྣམ་པར་བཤད་པ། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །རྣམ་རྟོག་དྲ་བ་གཏན་བཅོམ་ནས། །ཟབ་ཅིང་ལེགས་པར་ གསལ་བའི་སྐུ། །ཀུན་དུ་བྲོད་པའི་བརྩོན་འགྲུས་ལྡན། །འཇམ་དབྱངས་དཀྱིལ་འཁོར་ལ་བཏུད་དེ། །དཔལ་ལྡན་གསང་བ་འདུས་པ་ཡི། །དཀྱིལ་འཁོར་གྱི་ནི་ཆོ་ག་མཆོག །འཇིག་རྟེན་སྒྲོན་མ་ཞེས་བྱ་བ། །བླ་མ་བརྒྱུད་རིམ་བཞིན་དུ་བཤད། །དེ་ལ་རབ་ཏུ་བྱེད་པ་རྩོམ་པར་འདོད་པའི་རྗེ་བཙུན་ འདིས། འདོད་པའི་ལྷ་མཆོད་པས་བསོད་ནམས་འཕེལ་ཞིང་བགེགས་ཀྱི་བར་ཆོད་མི་འོང་བར་བསམ་པ་རྫོགས་པར་བྱ་བའི་ཆེད་དུ་དེ་ཉིད་བྱས་ནས་ཡང་དག་པའི་ཤེས་རབ་དང་ལྡན་པ་རྣམས་འཇུག་པའི་རྒྱུ་གསུངས་སོ། །དེ་ལ་ཤེས་བྱའི་སྒྲིབ་པ་སོགས་ཞེས་བྱ་བ་ནས་བཏུད་དེ་ཞེས་པའི་བར་གྱིས་མཆོད་ པ་དང་བསྟོད་པ་དང་ཕྱག་འཚལ་བའོ། །གང་གི་ཕྱིར་གོ་རིམས་བཞིན་དུ་མཉེས་ཤིང་ཡང་དག་པའི་ཡོན་ཏན་བརྗོད་པ་དང་ལུས་ངག་གིས་བཏུད་པའི་དངོས་པོ་ལ་ཤེས་པར་བྱའོ། །ཤེས་བྱའི་སྒྲིབ་པ་སོགས་ངེས་པར་གྲོལ་ཞེས་པ་ནི་ཤེས་བྱའི་སྒྲིབ་པ་ལ་སོགས་པ་ལས་དབང་བསྐུར་བ་ལ་སོགས་པའི་རིམ་ པས་འོད་གསལ་བར་ཞུགས་ནས་ངེས་པར་གྲོལ་བ་ཟབ་མོའི་ངོ་བོ་སྟེ་སྤྲངས་པའོ། །མེ་ལོང་ཡེ་ཤེས་ལ་སོགས་ལྡན། །ཞེས་པ་ནི་དེའི་དུས་ན་ཀུན་གཞི་ལ་སོགས་པ་མེ་ལོང་ལྟ་བུའི་ཡེ་ཤེས་ལ་སོགས་པར་གནས་གྱུར་ཅིང་སྐུར་གསལ་བ་སྟེ་ཡེ་ཤེས་སུ་དབང་བསྐུར་བ་དེས་ནི་རང་གི་དོན་ཕུན་སུམ་ ཚོགས་པ་གསུངས་སོ། །གཞན་གྱི་དོན་ཕུན་སུམ་ཚོགས་པ་གསུངས་པ། འཇམ་དཔལ་གསང་བའི་འཁོར་ལོ་མཆོག །ཅེས་པ་ནི་གང་འཇམ་དཔལ་ལས་བྱུང་བའི་སྐུ་དང་གསུང་དང་ཐུགས་ཀྱི་དཀྱིལ་འཁོར་ནི་འཁོར་ལོ་མཆོག་སྟེ་སྐུ་གསུམ་གྱིས་འགྲོ་བའི་དོན་བྱེད་པ་ཡིན་ནོ་ཞེས་གསུངས་པའི་ ཕྱིར་རོ། །བཏུད་ཅེས་པ་ནི་ཟབ་མོ་གསལ་བར་དགོངས་པའི་ཕྱིར་ཡིད་ཀྱིས་བཏུད་པ་ཡིན་ལ་ལུས་དང་ངག་ནི་དེའི་རྗེས་སུ་འབྲང་བའི་ཕྱིར་དེ་གཉིས་ཀྱི་ངག་ཀྱང་མཐོང་བར་བྱའོ། །རང་དྲན་ཕྱིར་དེ་ཉིད་ཅེས་པ་ནི་བློ་གྲོས་ཅན་གྱི་འཇུག་པའི་ཡན་ལག་དགོས་པ་ལ་སོགས་པ་སྟོན་ཏོ། །དེ་ལ་བདག་གིས་སམ་ གཞན་གྱིས་དྲན་པ་གང་དེ་དགོས་པའོ། །འཇམ་དཔལ་གྱི་དཀྱིལ་འཁོར་གྱི་རང་བཞིན་ནམ་རྒྱུད་ལས་ཡང་དག་པར་བསྟན་པ་ནི་བརྗོད་པར་བྱའོ། །རབ་ཏུ་བྱེད་པ་དང་། དགོས་པ་གཉིས་ཐབས་དང་ཐབས་ལས་བྱུང་བའི་མཚན་ཉིད་ཀྱིས་འབྲེལ་པར་གནས་སོ། །དགོས་པ་བསྟན་པའི་སྟོབས་ཀྱིས་ ཕྱག་རྒྱ་ཆེན་པོ་ལ་སོགས་པ་མངོན་པར་འདུ་བྱེད་པ་ནི་དགོས་པའི་དགོས་པའོ། །དེ་རྣམས་དང་ལྡན་པ་ནི་ཆོས་ཡང་དག་པའོ་ཞེས་གསུངས་པའི་ཕྱིར་རོ། །ད་ནི་སྒྲུབ་པ་པོ་དང་། སྒྲུབ་པའི་གནས་དང་། བསྒྲུབ་པར་བྱ་བའི་ཕུན་སུམ་ཚོགས་པ་གསང་བར་རིགས་པ་ལ། འབྲས་བུ་མངོན་དུ་བྱེད་པ་ ལ་སྒྲུབ་པ་པོ་ནི་རྒྱུ་ཡིན་པའམ་གཙོ་བོ་ཡིན་པའི་ཕྱིར་དེའི་ཕུན་སུམ་ཚོགས་པ་དང་པོར་གསུངས་པ་དཔལ་ལྡན་ཞེས་ལ་སོགས་པའོ། །དེ་ལ་དཔལ་ལྡན་འདུས་པ་ཞེས་བྱ་བ་ནི་རྣལ་འབྱོར་ཆེན་པོའི་རྒྱུད་གསང་བ་འདུས་པའོ། །དེའི་ཚུལ་ཞེས་པ་ནི་གཞུང་སྟེ། གཞུང་ལུགས་ཀྱིས་བླ་མ་དམ་པ་བསྙེན་ བཀུར་བ་ལས་བྱུང་བའི་ཕྱིར་རོ། །དཀྱིལ་འཁོར་ཞེས་པ་ནི་ཡིད་ཀྱིས་སམ་རྡུལ་ཚོན་གྱིས་སོ། །མན་ངག་རིམ་པ་འདི་ཡིས་ཞེས་པ་ནི་འོག་ནས་འབྱུང་བའི་རིམ་པས་བླ་མ་རྣམས་ལས་གང་ཡང་རུང་བ་ཅིག་མཉེས་པར་བྱ་སྟེ་ཆོ་ག་མ་ཚང་བ་མེད་པའི་དཀྱིལ་འཁོར་གཉིས་གང་རུང་དུ་འོག་ནས་ འབྱུང་བའི་རིམ་པས་ཞུགས་ནས་ཞེས་པའི་དོན་ཏོ། །ཆུ་ལ་སོགས་པའི་ཅེས་པ་ནི་ཆུའི་དབང་དང་པོར་བྱས་པའི་ཅོད་པན་དང་རྡོ་རྗེ་དང་བདག་པོ་དང་མིང་དང་རྡོ་རྗེ་སློབ་དཔོན་དང་བརྟུལ་ཞུགས་དང་ལུང་བསྟན་པ་དང་དབུགས་དབྱུང་བ་དང་རྗེས་སུ་གནང་བ་མཐའ་བསྐུར་ཞེས་པའོ། །བླ་མས་དེ་ལ་ ཞེས་པ་ནི་རྒྱུད་ལས་གསུངས་པའི་མ་ནོར་བའི་ལམ་དུ་བརྟེན་པ་པོས་བུམ་པའི་དབང་རྣམས་བསྐུར་བ་ཞེས་སྦྱར་རོ། །གསང་བའི་དཀྱིལ་འཁོར་ཞེས་པ་ནི་གོང་དུ་བསྟན་པའི་དཀྱིལ་འཁོར་དེ་ཉིད་དུའོ། །དེ་ཉིད་ཐོབ་ཅེས་པ་ནི་འོག་ནས་བསྟན་པ་རྣམས་ཐོབ་པའོ། །དངོས་གང་ཞེ་ན། གསང་དང་ཤེས་རབ་དབང་བསྐུར་བས། །ཞེས་པ་ནི་གོང་དུ་སྨོས་པ་དེ་དག་དང་བཅས་པར་གསང་བ་དང་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ་པ་ཞེས་པའི་དོན་ཏོ། །གསང་ཤེས་ཞེས་པ་ནི་བླ་མ་བརྒྱུད་པ་ལས་འོངས་པའི་གསང་བ་དང་མཆོག་ཏུ་གསང་བ་རྡོ་རྗེའི་ཚིག་ཏུ་གཏོགས་པ་རྣམས་ཤེས་ པའོ། །རྣལ་འབྱོར་དེ་ཉིད་ཅེས་པ་ནི་ཞི་བ་ལ་སོགས་པའི་ལས་ཀྱི་བྱེ་བྲག་བསམ་གཏན་ལ་བརྟེན་པ་རྣམས་རྟོགས་པའོ། །ཐེག་པ་གསུམ་མཚམས་དེ་ཉིད་ཤེས། །ཞེས་པ་ནི་ཉན་ཐོས་དང་རང་སངས་རྒྱས་དང་ཐེག་པ་ཆེན་པོའོ། །བསམ་པ་ཐ་དད་པའི་དབྱེ་བ་སོ་སོར་བསྟན་ པའོ། །འོན་ཀྱང་ཐེག་པ་མང་པོ་རྣམས་ནི་སེམས་ཐ་དད་པའོ། །ཇི་སྐད་དུ་ལང་ཀར་གཤེགས་པ་ལས། ལྷ་དང་ཚངས་པའི་ཐེག་པ་ནི། །ཉན་ཐོས་རྣམས་ཀྱི་དེ་བཞིན་དང་། །རང་རྒྱལ་དེ་བཞིན་གཤེགས་པ་དང་། །ཐེག་པ་ཆེ་དག་བདག་གིས་བསྟན། །སེམས་ནི་ཇི་སྲིད་ཡོད་ཀྱི་བར། །ཐེག་ པའི་མཐའ་ལ་ཐུག་པ་མེད། །ཅེས་གསུངས་པའི་ཕྱིར་རོ། །འདིར་འཇིག་རྟེན་ལས་འདས་པའི་ཐེག་པ་གསུམ་གྱིས་ས་མཚམས་ཀྱི་ཁོ་ན་ཉིད་རིག་པའོ། །རིག་པ་ཞེས་པ་ནི་ཕྲེང་བའི་སྔགས་ལ་སོགས་པ་ལ་ལས་ཀྱི་བྱེ་བྲག་གིས་བསྐུལ་བ་དང་བཅས་པའི་རིག་པའོ། །སྙིང་པོ་ཞེས་པ་ནི་ཧཱུཾ་ལ་སོགས་ པའི་ས་བོན་ནོ། །སྔགས་ཞེས་པ་ནི་དབྱུང་བ་དང་བསྐུལ་བའོ། །ཕྱག་རྒྱ་ཞེས་པ་ནི་ཕྱག་རྒྱ་ཆེན་པོ་ལ་སོགས་པའོ། །ཏིང་འཛིན་རིམ་པ་གསུམ་དག་དང་། །ཞེས་པ་ནི་དང་པོ་ལ་སོགས་པ་ཡན་ལག་དང་བཅས་པ་རྟོགས་པའོ། །ཐུན་མོང་ཞེས་པ་རིག་འཛིན་ལ་སོགས་པ་སྟེ། སའི་དབང་ཕྱུག་ དང་འཕགས་པ་ཉན་ཐོས་དང་། འཇིག་རྟེན་པའི་ལྷ་ཆེན་པོ་དང་རྣལ་འབྱོར་རྒྱུད་ལ་སོགས་པ་དང་ཐུན་མོང་དུ་གྱུར་པའོ། །ཅིག་ཤོས་དངོས་གྲུབ་ཅེས་པ་ནི་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་སྟེ། རྒྱུད་ཚུལ་གྱིས་ནི་རྣམ་དབྱེ་ཤེས། །ཞེས་པ་ནི་རྒྱུད་འདིའི་རིམ་པས་སྒྲུབ་པའི་ཐབས་ལ་སོགས་ པའི་རྣམ་པའི་དབྱེ་བ་ཤེས་པའོ། །དམ་ལྡན་རྩ་བའི་ལྟུང་བྱེད་བཅུ་བཞི་ནི་སྤང་བར་བྱ་བའོ། །གསོད་པ་ལ་སོགས་པ་དང་བདུད་རྩི་ལ་སོགས་པ་ནི་བསྲུང་བར་བྱ་བའོ། །སྡོམ་པ་ལ་གནས་པ་ཞེས་པ་ནི་སྦོམ་པའི་ལྟུང་བྱེད་ནི་བསྲུང་བར་བྱ་བའོ། །སྤྱོད་ཡུལ་རྡོ་རྗེ་འཆང་ཆེན་པོ་ལ་སོགས་ པར་བལྟ་བ་ནི་བསྲུང་བར་བྱའོ། །ཤེས་རབ་རྣལ་འབྱོར་ལ་བརྩོན་པ། །ཞེས་པ་ནི་འདིའི་གཞུང་ལུགས་ཀྱིས་མངོན་པར་བྱང་ཆུབ་པའི་སྙིང་པོ་ཡིན་པས་ན་དེ་དང་སྦྱོར་བ་ལ་བརྩོན་ཞིང་དེའི་རྣལ་འབྱོར་ལ་གནས་པའོ། །སྔགས་རྒྱུད་སྦྱོར་བ་རབ་ཤེས་པ། །ཞེས་པ་ནི་ལེའུ་བཞི་པ་ལས་ གསུངས་པའི་སྔགས་དང་འབྲེལ་པ་སྦྱོར་བ་ཞི་བ་ལ་སོགས་པའི་དབྱེ་བ་དང་བུམ་པ་རྣམས་སྟ་གོན་དུ་གནས་པ་ལ་སོགས་པ་ཤེས་པའོ། །སྔགས་དང་བསམ་གཏན་དང་རྫས་རྣམས་འབྲེལ་བའི་ཕྱིར་རོ། །སེམས་ཅན་དོན་བསྒྲུབ་འོས་པ་ཡིན། །ཞེས་པ་ནི་ལས་དེ་རྣམས་ཀྱི་སྒོ་ནས་སོ། ། འོ་ན་བླ་མ་ཆེན་པོའི་ཞལ་ནས་གསུངས་པའི་སྒྲུབ་པ་པོའི་མཚན་ཉིད་ལས་གཞན་པ་ཅི་ཡིན་ནོ་སྙམ་པ་བསལ་བའི་ཕྱིར། གཏོང་བ་ཞེས་པ་ལ་སོགས་པའོ། །གཏོང་བ་ཞེས་པ་ནི་སྦྱིན་པའོ། །བརྟན་པ་ཞེས་པ་ནི་བསམ་གཏན་ནོ། །དེ་དང་པོར་བྱས་པའི་ཚུལ་ཁྲིམས་ལ་སོགས་པ་རྟོགས་ པར་བྱའོ། །དེ་ཡི་ཡོན་ཏན་འདི་མཆོག་ཡིན། །ཞེས་པ་ནི་འདིའི་གཞུང་ལུགས་ཀྱིས་རྗེས་སུ་སྤྱོད་པ་ནི་ཡོན་ཏན་དུ་གསུངས་སོ། །དེ་མ་ཡིན་པར་གྱུར་ན་ལོག་པར་སྣང་བར་འགྱུར་བའི་ཕྱིར་རོ། །བརྗོད་པའི་ཡོན་ཏན་མི་ལྡན་ཞེས་པ་ནི་གོང་དུ་སྨོས་པའི་ཡོན་ཏན་རྣམས་དང་མི་ལྡན་ན་སེམས་ ཅན་གྱི་དོན་མེད་པས་སྒྲུབ་པ་པོ་མ་ཡིན་ནོ། །དེ་ལྟར་ཐུན་མོང་གི་སྒྲུབ་པའི་མཚན་ཉིད་གསུངས་ནས། ཁྱད་པར་དུ་བྲི་བའི་མཚན་ཉིད་གསུངས་པ་བརྩེར་ལྡན་ཞེས་པ་ལ་སོགས་པའོ། །བརྩེར་ལྡན་ཞེས་པ་ནི་སྙིང་རྗེ་དང་ལྡན་པའོ། །བརྟུལ་ཞུགས་ཞེས་པ་ནི་བྱང་ཆུབ་ཀྱི་སེམས་མི་གཏོང་བ་ལ་ སོགས་པའི་ཆོས་སུ་གསུངས་པའོ། །བཟླས་ལྡན་ཞེས་བ་ནི་རང་གི་ལྷའི་བཟླས་པ་བྱས་པས་བརྟན་པའམ་གྲུབ་པའི་མཚན་མ་མཐོང་བ་འམ་མ་ཐོབ་པ་ཞེས་པའི་དོན་ཏོ། །དད་ལྡན་ཞེས་པ་ནི་དད་པ་དང་ལྡན་པས་དམིགས་པ་ལ་མི་འཁྲུལ་པའི་ཕྱིར་རོ། །ཟབ་མོའི་དེ་ཉིད་ཤེས་ཞེས་པ་ནི་ བསམ་གྱིས་མི་ཁྱབ་པའི་དངོས་པོ་ཐམས་ཅད་ཀྱི་དེ་བཞིན་ཉིད་རྟོགས་པའོ། །རང་གི་འཁོར་གནས་སྔོན་བསྙེན་པ། །བྱས་ནས་ཞེས་པ་ནི་རང་གི་དཀྱིལ་འཁོར་གྱི་འཁོར་ལོ་ལ་གནས་ནས་དང་པོའི་ལས་ཅན་གྱི་ཐུན་མཚམས་བཞིར་འོག་ནས་འབྱུང་བའི་རིམ་པས་དང་པོའི་རྣལ་འབྱོར་ལ་ སོགས་པ་ཡན་ལག་དང་བཅས་པས་སྔོན་དུ་བསྙེན་པ་བྱ་ཞིང་དཀྱིལ་འཁོར་བྲི་བར་བྱ་ཞེས་པ་ནི་སློབ་མ་རྣམས་དབང་བསྐུར་བའི་དཀྱིལ་འཁོར་བྲི་བར་བྱ་བའི་དོན་ཏོ། །དེ་བཞིན་དུ་ཅུང་ཟད་ཡེ་ཤེས་ལ་དབང་ཐོབ་པ་དང་ཡེ་ཤེས་ལ་དབང་ཐོབ་པས་ཀྱང་རང་གི་འཁོར་ལོ་ལ་གནས་ནས་ ཉེ་བའི་སྒྲུབ་པ་ལ་སོགས་པ་ཡན་ལག་དང་བཅས་པ་དང་ཡི་གེ་གསུམ་གྱི་མཚན་ཉིད་བཟླས་པ་ཅན་གྱིས་ཐུན་མཚམས་བཞིར་རམ་ཉིན་མཚན་དུ་བསྙེན་པ་བྱས་ནས་ཅི་རིགས་པར་སློབ་མ་རྣམས་ལ་དབང་བསྐུར་བ་དང་། རང་ཉིད་དངོས་གྲུབ་བསྒྲུབ་པའི་དཀྱིལ་འཁོར་ བྲི་བར་བྱའོ་ཞེས་པའི་དོན་ཏོ། །གནས་ཕུན་སུམ་ཚོགས་པ་གསུངས་པ་གང་ཞིག་ཅེས་པ་ལ་སོགས་པ་ནི་གང་ཡང་རུང་བ་ཞེས་པའི་དོན་ཏོ། །ཡིད་འོང་གནས་སུ་ཞེས་པ་ནི་མེ་ཏོག་ལ་སོགས་པས་ཡིད་དགའ་བའི་ཡུལ་ཐམས་ཅད་ཡིན་ནོ་ཞེས་པའི་དོན་ཏོ། །ཡང་ན་གང་ཡང་རུང་བའི་གནས་སུ་སྔོན་དུ་ བསྙེན་པ་བྱས་ནས་ཡིད་དུ་འོང་བའི་གནས་སུ་དཀྱིལ་འཁོར་བྲིའོ་ཞེས་གཞན་དག་ཀྱང་བཤད་དོ། །གོང་དུ་གསུངས་པའི་གནས་དེ་ཕྱི་བའི་ཚུལ་གྱིས་དག་པར་བྱ་བ་གསུངས་པ། ཙནྡན་མཆོག་ལ་སོགས་པས་བྱུག །ཅེས་པ་ནི་དེར་སྟེགས་བུ་གྲུ་བཞིར་བྱས་པ་རྣམ་པར་སྣང་མཛད་ལ་སོགས་པའི་ངོ་ བོ་ཙནྡན་ལ་སོགས་པས་བྱུགས་ཤིང་དྲི་ཞིམ་པོའི་མེ་ཏོག་ཁ་དོག་དང་དབྱིབས་སྣ་ཚོགས་པ་ཡང་ཀུན་དུ་དགྲམ་པར་བྱའོ་ཞེས་པའི་དོན་ཏོ། །ད་ནི་སྔོན་དུ་བསྙེན་པ་བྱས་ནས་སུ། །ཞེས་པ་ནི་དེ་ལ་བསྙེན་པའི་རང་བཞིན་ལ་དང་པོ་རྣལ་འབྱོར་གསུངས་པ་ནང་པར་ཞེས་པ་ལ་སོགས་པའོ། །ནང་པར་ཞེས་པ་ ནི་སྒྲུབ་པ་པོ་ཕལ་ཆེར་དེའི་དུས་སུ་གཡེང་བ་དང་བྲལ་བའི་ཕྱིར་རོ། །ཡང་ན་བྱིས་པས་བསྐལ་པའི་རྣལ་འབྱོར་པ་ཁྱད་པར་དུ་དལ་བའི་དུས་ཡིན་ནོ། །ཡང་ན་ཐུན་མཚམས་<གྱི་‚ཀྱི་>དང་པོ་ཡིན་པའི་ཕྱིར་ཡང་གསུངས་སོ། །ཤར་བལྟས་འདུག་ནས་ནི་ཞེས་པ་ནི་རང་གི་ལྷ་དང་མཐུན་པར་བྱ་བའི་ཕྱིར་བདེ་ བའི་སྟན་ལ་རྡོ་རྗེ་སྐྱིལ་མོ་ཀྲུང་གིས་འདུག་ནས་ནི་ཞེས་པའོ། །རྣམ་པར་ཐར་པའི་སྒོ་དག་ཅེས་པ་ནི་སྟོང་པ་ཉིད་ལ་སོགས་པས་སྙིང་པོའི་ས་བོན་ལ་སོགས་པ་དག་པའི་ཕྱིར་རོ། །དེ་ཅིའི་ཕྱིར་ཟབ་མོ་དང་གསལ་བའི་ངང་གིས་སེམས་དག་པར་འགྱུར་བའི་དོན་དུ་སྟོང་ཉིད་ལ་སོགས་པ་ནི་ཐམས་ ཅད་དུ་རྟོགས་པར་བྱའོ། །རང་སྙིང་ཟླ་བར་འོད་འབར་མཾ། །ཞེས་པ་ནི་སྨོན་ལམ་གྱི་དབང་གིས་ཚད་མེད་བཞིའི་སྐུ་ཡིན་པར་བཀའ་སྩལ་ལོ། །དགེ་བ་འཕེལ་ཕྱིར་ཞེས་པ་ནི་རས་ཤིན་ཏུ་དཀར་པོས་ཚོན་འཛིན་པ་དང་འདྲ་བར་དགེ་བ་འཕེལ་བས་དཀྱིལ་འཁོར་གྱི་འཁོར་ལོར་འཇུག་པར་ འགྱུར་བའི་དོན་ཏོ། །གཤེགས་པ་ལ་སོགས་རབ་ཏུ་བྱ། །ཞེས་པ་ནི་འོག་ནས་འབྱུང་བའི་རིམ་གྱིས་རབ་ཏུ་བྱའོ་ཞེས་པའི་དོན་ཏོ། །ཇི་ལྟར་བྱ་ཞེ་ན། རྟེན་གསུངས་པའི་ཕྱོགས་བཅུ་ཞེས་པ་ལ་སོགས་པའོ། །ཆོ་ག་བཞིན་དུ་ཞེས་པ་ནི་མཆོད་པ་པོ་དང་མཆོད་པ་དང་མཆོད་པའི་གནས་ གསུམ་ཡང་རྨི་ལམ་བཞིན་དུ་དོན་མེད་པར་མཉམ་པ་ཉིད་དུ་རྟོགས་པའོ། །རང་གི་ལོག་རྟོག་ཅེས་བྱ་བ་ནི་གཟུང་བ་དང་འཛིན་པའི་རྣམ་པར་རྟོག་པའོ། །དེ་ལས་བྱུང་བ་ནི་ཉེས་བྱས་ཞེས་ཏེ་མཚམས་མེད་པ་ལྔ་ལ་སོགས་པ་དུས་གསུམ་དུ་བྱས་པ་རྣམས་ཞེས་པ་གོང་དུ་སྨོས་པའི་རྟོག་པས་སྲིད་ པའི་རྒྱུན་ལ་སོགས་པ་རྣམས་སོ། །རྨི་ལམ་རྨི་ལམ་སོགས་ཞེས་པ་ནི་རྨི་ལམ་དང་པོར་བྱས་པའི་སྒྱུ་མ་ལ་སོགས་པ་བཞིན་དུ་དོན་མེད་པར་བྱའོ་ཞེས་པའི་དོན་ཏོ། །ལན་གསུམ་ཞེས་པ་ནི་གཤེགས་པ་པོ་དང་གཤེགས་བྱ་དང་གཤེགས་པ་གསུམ་མཉམ་པ་ཉིད་དུ་རྟོགས་པའོ། །རྫོགས་སངས་ཞེས་པ་ ནི་རྟག་པ་ལ་སོགས་པའོ། །སྲས་མཆོག་ཅེས་པ་ནི་སའི་སྙིང་པོ་ལ་སོགས་པའོ། །འཕགས་པ་ཞེས་པ་ནི་བདུད་རྩི་འཁྱིལ་པ་ལ་སོགས་པའོ། །གཞན་ཞེས་པ་ནི་བཛྲ་ཧེ་རུ་ཀ་ལ་སོགས་པའོ། །དགེ་བ་དམ་པ་གང་ཞེས་པ་ནི་ངན་པར་བསྙིལ་བར་བྱེད་པ་དེ་ཟབ་མོ་དང་གསལ་བར་སྤྱོད་པའོ། །དེ་མ་ལུས་ པར་བདག་གིས་ཡི་རང་ཞིང་བདག་གིས་བྱ་བའོ། །རྫོགས་བྱང་ཆུབ་ཏུ་རྗེས་བསྔོ་བགྱི། །ཞེས་པ་ནི་དགེ་བའི་རྩ་བ་དེ་དག་ཀྱང་གསང་སྔགས་ཀྱི་བྱང་ཆུབ་ཏུ་བསྔོ་བར་བྱའོ། །སེམས་ཅན་ཀུན་གྱི་དབུགས་འབྱིན་པ། །ཞེས་པ་ནི་གཡང་སའི་ལམ་ལས་སྒྲོལ་བར་བྱེད་ཅེས་པའོ། །སངས་རྒྱས་ཀུན་ལ་ ཞེས་པ་ནི་མདུན་ན་བཞུགས་པ་ལའོ། །གསོལ་བ་བཏབ་པར་བྱ་སྟེ། ཇི་ལྟར་གདབ་པར་བྱ་ཞེ་ན་ནམ་མཁས་ཀུན་དུ་ཁྱབ་པ་ལྟར་བསྟན་པས་ཀྱང་འཇིག་རྟེན་གྱི་ཁམས་ཀུན་དུ་རྒྱས་པར་མཛོད་ཅིག་ཅེས་པའི་དོན་ཏོ། །ཀུན་དུ་རྟོག་པ་མ་ལུས་དག་འགྱུར་ཞིང་། །ཞེས་པ་ཟབ་མོའི་ངོ་བོའོ། །རང་རིག་ དགའ་བ་ཐུགས་ཆུད་ལ། །ཞེས་པ་ནི་ཡང་དག་པར་གསལ་བའོ། །དེའི་ལས་གསུངས་པ་བདག་གཞན་དོན་གྱི་འབྲས་སྩོལ་ཞེས་པའོ། །སེམས་མཆོག་མ་ལུས་ཞེས་པ་ནི་བྱང་ཆུབ་སེམས་དཔའ་རྣམས་སོ། །ལུང་ཤེས་པ་ནི་གཟིངས་དང་འདྲ་བའི་ཆོས་སོ། །རྟག་པ་ཡིས་ཞེས་པ་ནི་བསམ་གྱིས་ མི་ཁྱབ་པའི་རང་བཞིན་ནོ། །དམ་པའི་ཕུན་སུམ་ཚོགས་པའི་རྟེན། །ཞེས་པ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཆོས་ཀྱི་དེ་ཁོ་ན་ཉིད་བསྒོམས་པ་ལས་དེ་བཞིན་གཤེགས་པའི་ཕུན་སུམ་ཚོགས་པ་དེ་ལས་འབྱུང་བའི་ཕྱིར་རོ། །མི་ལྡོག་དབུགས་འབྱིན་ཐོབ་འགྱུར་ ཞིང་། །ཞེས་པ་ནི་གང་གསང་བའི་དབང་བསྐུར་བ་ལ་སོགས་པས་ཆོས་དང་བྲལ་ཞིང་འབྲོག་དགོན་པ་ལས་དབུགས་འབྱིན་པ་ཐོབ་པ་སྟེ། རྒྱུ་མཐུན་ལ་སོགས་འབྲས་བུར་ལྡན། །ཞེས་པ་ནི་ལོངས་སྤྱོད་པ་བཞི་དང་རྟོག་པ་ཉིད་དུ་ལྡན་པའོ། །ཐུབ་དབང་སྲས་ཀྱི་ལམ་གྱི་མཆོག །ཅེས་པ་ ནི་ཕ་རོལ་ཏུ་ཕྱིན་པ་བཅུའོ། །མཐའ་ཡས་མཆོག་གི་སྤྱོད་ཤེས་པ། །ཞེས་པ་ནི་དེ་ཉིད་སངས་རྒྱས་ཀུན་གྱི་བདག་ཉིད་དཀྱིལ་འཁོར་འཁོར་ལོའི་རང་བཞིན་གྱི་བློ་ཤེས་ཤིང་དེ་ལ་བརྟེན་པ་ཡིན་ནོ། །བླ་མ་ཆེན་པོའི་ཞལ་སྔ་ནས་བྱང་ཆུབ་ཏུ་སེམས་བསྐྱེད་པ་གུད་དུ་གསུངས་སོ། །རྗེ་བཙུན་ གྱི་དགོངས་པ་ནི་སྨོན་པ་ཉིད་ལམ་གྱིས་འགྲུབ་པས་གུད་དུ་མ་ཕྱུང་སྟེ་འདི་ཉིད་དུ་འདུས་པར་གསུངས་པའོ། །དེ་ལྟར་བསོད་ནམས་ཀྱི་ཚོགས་རྫོགས་པར་བྱས་ནས་ཡེ་ཤེས་ཀྱི་ཚོགས་ཀྱི་དོན་དུ་འཇུག་པ་བྱང་ཆུབ་སེམས་གསུངས་པ་སྒྲིབ་པ་ཐམས་ཅད་ཅེས་པ་ལ་སོགས་པའོ། །སྒྲིབ་པ་ ཐམས་ཅད་ཡང་དག་སེལ། །ཞེས་པ་ནི་ཤེས་བྱའི་སྒྲིབ་པ་ལ་སོགས་པ་བག་ཆགས་དང་བཅས་པ་བསལ་ཏེ་སྤངས་པའོ། །ཡེ་ཤེས་མཐའ་ཡས་བདུད་རྩིའི་གནས། །ཞེས་པ་ཀུན་གཞི་ལ་སོགས་པ་གནས་གྱུར་ཅིང་མེ་ལོང་ལ་སོགས་པ་བདུད་རྩི་ཐོབ་པར་བྱེད་པ་ཡེ་ཤེས་རང་གི་དོན་ཏོ། །གཞན་ གྱི་དོན་ནི། འཁྲུལ་པའི་བྱ་བ་རབ་རྟོགས་ཕྱིར། །ཞེས་པ་ནི་སྲིད་པ་གསུམ་དུ་ཡོངས་སུ་བྱིང་བའི་སེམས་ཅན་རྣམས་ལུས་དམ་པར་བལྟ་བ་ལ་སོགས་པས་ཟིན་པར་རྟོགས་ནས་ཞེས་པའི་དོན་ཏོ། །བྱང་ཆུབ་ལ་ཡིད་བཀོད་པར་བྱ། །ཞེས་པ་ནི་སྙིང་རྗེ་བསྐྱེད་པའོ། །དེའི་དོན་ནི་སྒྲིབ་པ་རྣམས་བསལ་ ཏེ་ཡེ་ཤེས་བདུད་རྩི་ལྟ་བུ་མངོན་དུ་བྱས་ནས་སེམས་ཅན་སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་ལས་སྒྲོལ་བར་བྱའོ་སྙམ་པའི་སྙིང་རྗེ་ཆེན་པོ་བསྐྱེད་པའི་བསམ་པས་འོག་ནས་འབྱུང་བའི་དོན་དམ་པ་བྱང་ཆུབ་ཀྱི་སེམས་བསྒོམ་པར་བྱའོ་ཞེས་བྱ་བའི་དོན་ཏོ། །བྱང་ཆུབ་སེམས་ལས་སངས་རྒྱས་ཉིད། ། ཅེས་པ་ནི་རྒྱུ་དང་འབྲས་བུའི་ཚུལ་ལོ། །རྒྱུ་དང་འབྲས་བུར་མ་ཆགས་ཉིད། །ཅེས་པ་ནི་གཞན་གྱིས་བརྟགས་པའི་དབང་ཕྱུག་ལ་སོགས་པའི་རྒྱུ་ལ་མ་ཆགས་པ་སྟེ་མཚན་མ་མེད་པའོ། །འབྲས་བུ་ནི་རྒྱལ་རིགས་ལ་སོགས་པ་དེ་དང་ཕྱུག་པ་ལ་སོགས་པ་དེའི་ངོ་བོ་ལ་མ་ཆགས་པ་ སྟེ་སྨོན་པ་མེད་པའོ། །སོ་སོ་རང་ཉིད་ཆོས་ཉིད་ཕྱིར། །ཞེས་པ་ནི་ཆོས་ཐམས་ཅད་གཟུང་འཛིན་གྱི་རང་བཞིན་དང་བྲལ་བའི་ཆོས་ཉིད་ཡིན་པའི་ཕྱིར་སྟོང་པ་ཉིད་དེ་དེའི་བདག་ཉིད་ནི་བདག་ཡིན་ནོ་ཞེས་བསྒོམ་པར་བྱས་ནས་སྔགས་འདིས་བརྟན་པར་བྱའོ། །ཨོཾ་ཞེས་པ་ནི་བསམ་གྱིས་མི་ ཁྱབ་པའི་ལྷའི་སྐུའི་བདག་ཉིད་དོ། །ཤཱུ་ནྱ་ཏཱ་ཉིད་ཛྙཱ་ནའོ། །དེ་ཉིད་བཛྲ་སྟེ་སྭ་བྷཱ་བ། དེ་ཨཱཏྨ་ཀོ྅ཧཾ་ཞེས་སོ། །སྔགས་དེས་བདག་དང་སེམས་ཅན་ཐམས་ཅད་ཀྱི་རང་བཞིན་དོན་དམ་པར་གཅིག་ཏུ་བྱས་ནས་ཀུན་དུ་དེ་ཁོ་ན་ཉིད་གསུམ་གྱི་ཡི་གེ་ཧོ་གཉིས་ཀྱི་བར་དུ་གནས་པ། ཟླ་བའི་ སྟེང་དུ་གནས་པར་བསམ། །ཞེས་པ་བརྒྱུད་པ་ལས་འོངས་པའོ། །དེ་ལྟར་ཚོགས་རྫོགས་པར་བྱས་ནས་བགེགས་ཀྱི་ཚོགས་དགག་པའི་དོན་དུ་སྲུང་བའི་འཁོར་ལོའི་གཙོ་བོའི་ངེས་པ་གསུངས་པ། ཧཱུཾ་མཛད་ལ་ཞེས་པ་སོགས་པའོ། །ཧཱུཾ་མཛད་ནི་ཁམས་གསུམ་རྣམ་པར་རྒྱལ་བའོ། །གཙུག་ ཏོར་དག་ཅེས་པ་ནི་འཁོར་ལོས་སྒྱུར་བ་ལ་སོགས་པ་བདུན་གང་ཡང་རུང་བའོ། །རྟོག་པ་ལ་སོགས་པ་ཞེས་པ་ནི་བདེ་བར་གཤེགས་པ་དྲུག་གོ། །ཁྲོ་བོ་འཁོར་ལོ་གནས་བསྲུང་ཕྱིར། །ཞེས་པ་ནི་རྩིབས་བཅུ་ལ་གཤིན་རྗེ་གཤེད་ལ་སོགས་པ་རྫོགས་པའི་ཏིང་ངེ་འཛིན་གྱིས་བསྒོམས་ནས་ཐེག་པ་ཆུང་ ངུ་རྣམས་ལ་བྱང་ཆུབ་པར་<བསུང་‚བསྲུང་>བར་བྱ་བའི་ཕྱིར་རོ་ཞེས་པའི་དོན་ཏོ། །དེའི་དོན་ནི་འདི་ལྟ་སྟེ། རང་གི་མདུན་དུ་ཉི་མ་ལ་གནས་པའི་ཧཱུཾ་ལས་བྱུང་བའི་རྡོ་རྗེ་འོད་འབར་བས་ཕྱོགས་བཅིང་པ་དང་མཚམས་བཅད་པ་དང་གཟིར་བ་དང་རྡོ་རྗེས་ཁྱབ་པར་བྱས་པའི་ས་གཞི་བསྒོམས་ནས། དེའི་དབུས་སུ་ཇི་སྐད་དུ་གསུངས་པའི་བསྲུང་བར་བྱ་བའི་དོན་དུ་བསྒོམ་པར་བྱའོ་ཞེས་པའི་དོན་ཏོ། །དེ་ནས་ཆོས་ཀྱི་དབྱིངས་བསམ་སྟེ། །ཞེས་པ་ནི་སྲུང་བའི་འཁོར་ལོའི་གཙོ་བོ་རྡོ་རྗེ་འཆང་ཆེན་པོར་གནས་གྱུར་ནས་དེ་ལས་གྱུར་པའི་ཆོས་ཀྱི་འབྱུང་གནས་ཀྱི་ཕྱག་རྒྱ་བསྒོམ་པར་བྱའོ་ཞེས་ པའི་དོན་ཏོ། །དབྱངས་ཡིག་མཚན་དང་ཡང་དག་ལྡན། །ཞེས་པ་ལ་སོགས་པས་ནི་འདི་སྟོན་པར་བྱེད་དོ། །ཡི་གེ་གསུམ་ནང་དུ་བཞུགས་པ་ལ་སྔོན་རྫོགས་པར་བྱེད་པའི་ཆེད་དུ་དེ་བཞིན་གཤེགས་པ་རྣམས་མངོན་དགར་གཤེགས་པར་བྱས་ནས། ཇི་སྐད་དུ་ གསུངས་པའི་ཡི་གེ་ཕྲེང་བ་གཉིས་སུ་གྱུར་ནས་དེ་ནས་འབྱིན་པར་བྱ་སྟེ། ཡི་གེ་གསུམ་དྲངས་པ་ལ་སོགས་པའི་རིམ་པས་དབུ་མའི་ཟླ་བའི་གདན་ལ་ཟླ་བ་གཉིས་སུ་གྱུར་པ་ནི་བརྒྱུད་པའོ། །ཡེ་ཤེས་ཟླ་བ་གཉིས་གཅིག་ཏུ་གྱུར་པ་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་ཟླ་བ་བསྒོམ་པར་བྱའོ་ཞེས་པའི་ དོན་ཏོ། །སྤྲུལ་པས་འགྲོ་བའི་དོན་བྱས་ནས། །ཞེས་པ་ནི་ས་བོན་གྱི་འོད་ཟེར་ལས་འཕྲོས་པའི་བདེ་བར་གཤེགས་པ་རྣམས་ཀྱིས་སེམས་ཅན་རྣམས་སངས་རྒྱས་པར་བྱས་ནས་ས་བོན་ལ་ཐིམ་སྟེ། བདག་ཉིད་དེ་ཡི་ང་རྒྱལ་ལྡན། །ཞེས་པ་ནི་ཇི་ལྟར་དེ་བཞིན་གཤེགས་པ་དེ་དག་དེ་ལྟར་བདག་གི་རང་ བཞིན་ཞེས་པའི་དོན་ཏོ། །སྐུ་དང་ཞལ་མཆོག་ཅེས་ཟླ་འདྲ། །ཞེས་པ་ལ་སོགས་པ་ནི་སྟོན་པར་བྱེད་དེ། ས་བོན་གྱི་འོད་ཀྱིས་དེ་བཞིན་གཤེགས་པ་རྣམས་རྡོ་རྗེ་སེམས་དཔར་བྱས་ནས་ས་བོན་ལ་བཅུག་སྟེ་གནས་པ་ལས་རྣམ་པའི་མཆོག་ཐམས་ཅད་དང་ལྡན་པའི་རྡོ་རྗེ་སེམས་དཔར་བསྒོམ་མོ་ཞེས་ པའི་དོན་ཏོ། །དེ་ནས་འདོད་ཆགས་ཆེན་པོ་ཡིས། །ཞེས་པ་ལ་སོགས་པས་འགྲོ་བ་རྣམས་དཀྱིལ་འཁོར་གྱི་འཁོར་ལོའི་སྣོད་དུ་རུང་བར་བྱ་བ་སྟོན་ཏོ། །དེ་ལ་འདོད་ཆགས་ཆེན་པོ་ཡིས། །འདུལ་བའི་འཇིག་རྟེན་ཞེས་པ་ནི་གང་ན་གཉིས་ཀྱིས་གཉིས་སྤྲོད་པའི་འདོད་ཆགས་སོ། །འགྲོ་བ་དབུགས་ དབྱུང་ཕྱིར་ནི་ཞེས་པ་སྣོད་དུ་རུང་བར་བྱ་བའི་ཕྱིར་རོ་ཞེས་དགོངས་པའོ། །དབུགས་འབྱིན་འགྲོ་བ་དེ་མཐོང་ཞེས་པ་ནི་དབང་བསྐུར་བས་དེ་རྣམས་སྣོད་དུ་རུང་ཞིང་ཟླ་བར་ཞུ་བ་དེ་མཐོང་ནས་ཞེས་པའོ། །དེ་ཡི་དངོས་བྱུང་ས་བོན་གྱིས། །སེམས་ཅན་ཐམས་ཅད་བསྐྱེད་ནས་ཞེས་པ་ལ་ སོགས་པ་ནི་རང་གི་རང་བཞིན་ལས་བྱུང་བ་དང་། ཆོས་ཀྱི་རང་བཞིན་ལས་བྱུང་བ་སྟེ། དེ་ཡང་རྣམ་པར་དབྱེ་བའི་དབང་དུ་བྱས་ནས་མིག་ལ་སོགས་པ་རྣམས་བསྐྱེད་པའི་དང་རྣམ་པར་དག་པའི་དབང་དུ་བྱས་ནས་ཟླ་བ་ཞུ་བ་ལས་ས་བོན་ས་བོན་ལས་ཕྱག་མཚན་ས་བོན་གྱིས་མཚན་པ་དེ་ལས་སའི་སྙིང་པོ་ལ་ སོགས་པ་ཀུན་འདུས་པར་བྱས་ནས་བློའི་ཕྱི་རོལ་དུ་སེམས་ཅན་ཐམས་ཅད་སྤྲོས་ནས་དབྱུང་བར་བྱའོ་ཞེས་སོ། །ས་བོན་གྱིས་དབྱུང་བར་བྱའོ་ཞེས་པ་ནི་སྐབས་མི་ཤེས་པའོ། །འཇུག་པའི་བློ་ཡིན་པའི་ཕྱིར་མན་ངག་གཞན་ཇི་སྐད་བཤད་པའི་ཕྱིར་རོ། །བླ་མ་ཆེན་པོའི་ཞལ་སྔ་ནས་ཀྱང་སྐྱེད་པར་ བྱེད་པའི་དོན་དུ་གསུངས་ཀྱི། སྤྲོ་བར་བྱེད་པ་ནི་མ་ཡིན་ནོ། །དེ་ལྟར་མ་ཡིན་ན་ས་བོན་མཐའ་ཡས་པར་ཐུག་པ་མེད་པའི་ཕྱིར་རོ། །ཕྱི་གནས་པའི་ཞེས་པ་ནི་སྐྱེ་མཆེད་ཀྱི་དབང་དུ་བྱས་པའོ། །ཕྱི་ནང་བདག་ཉིད་ཅེས་པ་རྒྱུད་ཀྱི་དབང་དུ་བྱས་པའོ། །འགྲོ་བའི་ཆོས་བདག་ཉིད་ཅེས་པ་ནི་ས་ལ་སོགས་པ་དག་དེ་ བཞིན་ཉིད་དང་འདྲེས་པའོ། །ཨོཾ་ཨཱཿཧཱུཾ་ཞེས་པ་འདིས་དེའི་སེམས་ཤེས་པ་ལ་སོགས་པས་ནི་ཆུང་ངུའི་རྒྱུ་མཐུན་པའི་འབྲས་བུའི་གསུངས་སོ། །རྒྱུ་མཐུན་ཆུང་ངུ་དག་ཕྱིར་རོ། །ཞེས་པ་ནི་ཞུ་བ་ལ་སོགས་པ་རིམ་པས་ལྷའི་སྐུར་སྣང་བར་བྱེད་པའི་ཕྱིར་རོ། །འབར་བའི་འདོད་ཆགས་མེ་དེས་ནི། །ཞེས་ པ་ནི་འདོད་ཆགས་ཆེན་པོ་དང་ལྡན་པའི་ཕྱིར་རིག་མ་སྐུ་མདོག་དམར་པོར་འགྱུར་བའི་སྟོབས་ཀྱིས་ཆུ་སྐྱེས་ཀྱི་ནང་དུ་ཆུད་པའི་ཡི་གེ་ལྔ་འོད་དུ་ཞུ་བ་ལས་དེའི་འོད་དམར་པོ་འཕྲོས་པས་སྐུ་གཉིས་ཏེ་ཡབ་ཡུམ་ཡང་འོད་དུ་ཞུ་ནས་བྱང་ཆུབ་སེམས་སུ་གནས་པ་ཅེས་པའི་དོན་ཏོ། །བཤེས་གཉེན་མཆོག་ ལྟར་ཕྱོགས་ལྷ་མོ། །ཞེས་པ་ནི་དགེ་བའི་བཤེས་གཉེན་གྱི་ངོ་བོ་རྟེན་འབྲེལ་གྱི་ཚུལ་དུ་ལྷ་མོ་རྣམས་ཀྱིས་གླུས་གསོལ་བ་འདེབས་པར་བསྐུལ་ཞེས་སོ། །ས་བོན་བསྒོམས་པའི་རྗེས་ལ་བྱམས་པ་ལ་སོགས་བསྒོམ་པས་འདིར་ཤི་བར་མི་འགྱུར་ཏེ་ཆོས་ཀྱི་དབྱིངས་སྣང་བར་འགྱུར་རོ། །དེ་ཡང་ ཞུ་བ་ལས་འབྱུང་བའི་མཱ་མ་ཀཱི་ལ་སོགས་པས་བསྐུལ་ནས་དེ་ཉིད་དུ་ཐིམ་པར་བྱའོ་ཞེས་པ་ནི་མན་ངག་གོ། །གསོལ་བ་བཏབ་པས་བསླང་བ་སྟེ། །ཞེས་པ་གླུས་བསླང་བའོ། །ཞུ་བ་བརྒྱུད་པ་ལྟར་མཐོང་ནས། །ཞེས་པ་ནི་སེམས་ཅན་གྱི་དོན་བྱེད་པ་དང་བྲལ་བའི་ཕྱིར་རོ། །དངོས་རྣམས་སྒྱུ་མ་ ལྟར་རིག་ནས། །ཞེས་པ་ནི་རྒྱུ་རྐྱེན་ལ་བརྟེན་ཏེ་འབྱུང་བའི་ཕྱིར་སྒྱུ་མ་ལྟ་བུར་རིག་པར་བྱས་ནས་ཞེས་སོ། །རང་སྔགས་དོན་དུ་སླར་ཡང་འགྱུར། །ཞེས་པ་ནི་བཅུ་པ་ལས་ས་བོན་དུ་གྱུར་པ་ལ་སོགས་པའི་རིམ་པས་རྣམ་པའི་མཆོག་ཐམས་ཅད་དང་ལྡན་པའི་བྱང་ཆུབ་སེམས་དཔའ་འཇམ་པའི་ དབྱངས་ཀྱི་གཟུགས་སུ་བསྒོམ་མོ་ཞེས་པའི་དོན་ཏོ། །སྲིད་པ་ཆགས་པ་ཞེས་པ་ནི་ཀུན་རྫོབ་ཁོ་ནར་ཞེས་པས་སྲིད་བ་མཐའ་ཡས་ཞེས་གསུངས་སོ། །ཞི་བར་ཆགས་ན་ཞེས་པ་ནི་རྣམ་པ་ཐམས་ཅད་དང་བྲལ་བའི་སྣང་བ་མེད་པའོ། །བཀྲ་ཤིས་མིན་ཞེས་པ་ནི་འགྲོ་བའི་དོན་བྱེད་ པ་དང་བྲལ་བའོ། །འོ་ན་ཇི་ལྟ་བུ་ཞེ་ན། །སྒྱུ་མས་བསྙེན་པ་ཡང་དག་བྱ། །ཞེས་པ་ནི་གོང་མའི་རིམ་པས་བསྙེན་པ་བྱས་ནས། ཆོས་དབྱིངས་བདག་ཉིད་ཅན་དུ་འགྱུར། །ཞེས་ཏེ་ཟབ་མོ་དང་གསལ་བའི་སྐུར་གྱུར་ཏོ་ཞེས་པའི་དོན་ཏོ། །བཤེས་གཉེན་དམ་པས་རྒྱུ་མཐུན་བྱས། །ཞེས་པ་ནི་ས་བོན་ གྱི་འོད་ཟེར་གྱིས་དེ་བཞིན་གཤེགས་པ་རྣམས་འཇམ་དབྱངས་ཀྱི་སྐུར་གྱུར་པ་ནི་བཤེས་གཉེན་ཏེ། དེས་རྒྱུ་མཐུན་པ་ཞེས་བྱའོ། །རྣམ་སྨིན་ལས་ནི་ཞེས་བྱ་བ་ལ་སོགས་པས་ནི་ཆུང་ངུ་རྣམ་པར་སྨིན་པའི་འབྲས་བུ་སྟོན་ཏེ། རྣམ་པར་སྨིན་པ་ཞེས་པ་ནི་དམིགས་པ་ལ་སོགས་པས་བསྐྱེད་པའི་ ཕྱིར་སའི་སྙིང་པོ་ལ་སོགས་པ་སྟེ་དེ་བསྒོམ་པ་ལས་ཞེས་པའི་དོན་ཏོ། །ཀུན་མཁྱེན་བསྒྲུབ་ཅེས་པ་ནི་མིག་ལ་སོགས་པ་བཞིན་དུ་ཡུལ་སོ་སོར་ངེས་པ་མ་ཡིན་ཏེ། སའི་སྙིང་པོ་ལ་སོགས་པ་བསམ་གྱིས་མི་ཁྱབ་པ་ཡོངས་སུ་ཤེས་པའི་ཕྱིར་རོ། །མིག་ལ་སོགས་པ་བྱིན་བརླབས་ཞེས་པ་ནི་ས་ བོན་ལ་སོགས་པའི་རིམ་པས་བསྐྱེད་ནས་ཞེས་པའི་དོན་ཏོ། །ཉེ་བར་སྒྲུབ་པ་ཞེས་པ་ནི་སྒྲུབ་པ་ཕྱིས་འབྱུང་བ་དང་ཉེ་བའི་ཕྱིར་རོ། །སྐྱེས་བུ་ཞེས་པ་ལ་སོགས་པ་ནི་ཆུང་ངུའི་སྐྱེས་བུ་བྱེད་པའི་འབྲས་བུ་གསུངས་སོ། །སྐྱེས་བུ་བྱེད་པའི་ཞེས་པ་ནི་ཆོས་ཀྱི་སྐུ་ལ་སོགས་པའི་སྐྱེས་བུ་འགྲོ་བ་རྣམས་ སྨིན་ཅིང་གྲོལ་བར་བྱེད་པ་ནི་སྐྱེས་བུ་བྱེད་པ་སྟེ་དེ་ཉིད་འབྲས་བུའོ། །དེ་གྲུབ་ཅེས་སོ། །དེ་ཉིད་གསུངས་པ། །ཆོས་དང་ལོངས་སྤྱོད་སྤྲུལ་པ་འགྲོ་བའི་དོན་དུ་མངོན་གྱུར་པ། །ཞེས་སོ། །སྒྲུབ་པའི་དོན་དུ་ཞེས་པ་ནི་སྐུ་ལ་སོགས་པ་སྐྱེས་བུ་སྐུ་གསུམ་སྒྲུབ་པར་བྱེད་པས་ན་སྒྲུབ་པ་སྟེ་དེའི་དོན་དུའོ། ། བློ་ཡིས་སྐྱེད་བྱེད་པ་ནི་ས་བོན་ལ་སོགས་པའི་རིམ་པས་བསྐྱེད་པའི་དོན་ཏོ། །འདིར་སྨྲས་པ་སློབ་དཔོན་ཆེན་པོ་སྲུང་བའི་ཞབས་ལ་སོགས་པས་སངས་རྒྱས་རྣམས་ཀྱི་སྐུ་ནི་གང་ཞེས་པ་ལ་སོགས་པའི་ཚིགས་སུ་བཅད་པ་གསང་བ་འདུས་པའི་སྒྲུབ་ཐབས་ལས་གསུངས་ན། འདིར་གང་གི་ ཕྱིར་དེ་རྣམས་མ་གསུངས་ཤེ་ན། དེའི་ཕྱིར་རྗེས་དྲན་བཅུ་དྲུག་ཅེས་པ་ལ་སོགས་སོ། །རྗེས་དྲན་བཅུ་དྲུག་ཅེས་པ་ནི་བཅུ་དྲུག་རྣམས་ཀྱི་ནང་ན་སྐུ་དང་གསུང་ཐུགས་རྗེས་སུ་དྲན་པའོ། །ངག་དོན་དུ་ཞེས་པ་ནི་བརྟན་པའི་མཚན་མ་ཐོབ་པའི་དོན་རྟོགས་པར་བྱ་བའི་ཕྱིར་སྨོན་པ་ནི་དག་པར་བྱེད་པ་སྟེ་དེའི་ དོན་དུའོ། །དེ་དག་རྣམས་ནི་བྱ་དགོས་སོ། །ཞེས་པ་ནི། སངས་རྒྱས་རྣམས་ཀྱི་སྐུ་ནི་གང་། །ཞེས་པ་ལ་སོགས་པ་དེ་དག་བྱ་དགོས་སོ་ཞེས་པའོ། །ཐུགས་སོགས་བྱིན་གྱིས་བརླབ་པ་ལ། །ཞེས་པ་ནི་ཐུགས་སོགས་བྱིན་གྱིས་བརླབ་པའི་སྐབས་འདིར་འབྲེལ་པ་མེད་པས་མ་བརྗོད་དོ་ཞེས་སྦྱར་རོ། །དེ་ ཅིའི་ཕྱིར་ཞེ་ན། སྐབས་མིན་ཕྱིར་ནི་ཞེས་གསུངས་ཏེ། གང་གི་ཕྱིར་ཐུགས་ལ་སོགས་པ་བྱིན་གྱིས་བརླབས་པའི་གསོལ་བ་འདེབས་པ་ནི་ཆུང་ངུའི་སྒྲུབ་པ་ཁོ་ན་སྟེ། དེའི་ཕྱིར་མཚན་མ་ཐོབ་པའི་འོག་ཏུ་དེ་དང་སྤྲོ་བ་ལ་སོགས་པ་ལས་གྲུབ་པའི་རྗེས་སུ་དྲན་པ་སྟེ། དེ་ཉིད་སྐབས་འདིར་འབྲེལ་པ་མེད་པའི་ ཕྱིར་རོ། །མི་འབྲེལ་ཡང་གཞན་དག་གིས་འཁྲུལ་པའི་རྒྱུ་ནི་ཐུགས་ལ་སོགས་པའི་བྱིན་གྱིས་བརླབ་པའི་ཚིགས་སུ་བཅད་པ་དང་འདྲ་བར་མཐོང་བའི་ཕྱིར་རོ། །ཤེས་རབ་སྒྱུ་མའི་ཞེས་པ་ལ་སོགས་པས་ནི་ཆུང་ངུའི་འབྲེལ་པའི་འབྲས་བུ་གསུངས་སོ། །ཤེས་རབ་སྒྱུ་མ་ཞེས་པ་ནི་གནས་སྒྱུ་མ་ལྟར་ སྣང་བའི་རིག་མ་སྟེ། དེའི་ལུས་འཁྱུད་ཅེས་པའོ། །དངོས་གང་ཞེ་ན། གསང་བའི་མཚན་ཉིད་གསུངས་ཞེས་ཏེ་ཐུགས་རྡོ་རྗེ་ལ་སོགས་པའོ། །དེ་མཐོང་ནས་ཞེས་པ་ནི་གནས་གསུམ་དུ་དམིགས་ནས་ཏེ། རིགས་ཀྱི་དབང་ཕྱུག་དབུ་རྒྱན་མཆོག །ཅེས་བྱ་བར་སྦྱར་རོ། །ཆུང་ངུ་ཞེས་པ་ནི་ཡེ་ ཤེས་མ་བྱང་ཞིང་གཡེང་བ་མ་ལུས་པ་བསལ་བར་མི་ནུས་པའི་ཕྱིར་རོ། །བྲལ་བའི་འབྲས་བུ་ཞེས་པ་ནི་དབང་བསྐུར་བའི་ཆུས་དྲི་མ་དག་པར་བྱས་པའི་འབྲས་བུ་རིགས་ཀྱི་བདག་པོར་སྣང་བའི་ཕྱིར་རོ། །སྒྲུབ་པ་ཆེན་པོར་ཞེས་པ་ནི་སྐུ་གསུམ་དུ་སྒྲུབ་པ་ནི་སྒྲུབ་པ་སྟེ། སྒྲུབ་པ་ཡིན་ཡང་ཁམས་གསུམ་ གྱི་ཆོས་ཀྱི་རྒྱལ་པོའི་དབང་མ་ཐོབ་ན་དམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མ་ཡིན་པས་ན་དབང་བསྐུར་བ་ནི་སྒྲུབ་པ་ལས་ཁྱད་པར་དུ་འཕགས་པའི་ཕྱིར་ཆེན་པོའོ། །དེ་བཞིན་འབྲིང་ལ་ཞེས་པ་ལ་སོགས་པས་འབྲིང་པོའི་འབྲས་བུ་བཞི་བསྡུས་སོ། །དེ་བཞིན་ཞེས་པ་ནི་འཇམ་པའི་ དབྱངས་བཞིན་དུ་ཤེས་སོ། །འབྲིང་ལ་ཞེས་པ་ནི་ཆུང་ངུ་དང་ཆེན་པོ་གཉིས་ཀྱི་བར་ན་གནས་པས་ན་འབྲིང་པོའི་སྒྲར་གསུངས་སོ། །རང་འོད་ཀྱི་རིག་མ་དམིགས་པ་ཙམ་འབྲིང་པོའི་བསྙེན་པའོ་ཞེས་བརྗོད་པ་ནི་སྐབས་མི་ཤེས་པའོ། །ཆུང་ངུའི་དུས་སུ་དེ་ཉིད་མཐོང་ བའི་ཕྱིར་རོ། །དེ་ལྟ་ན་ནི་མཐུན་པའི་ཕྱོགས་འབྲིང་པོ་རྟག་པ་ཉིད་དུ་འགྱུར་བའི་ཕྱིར་ཏེ། བླ་མ་ཆེན་པོའི་ཞལ་སྔ་ནས་ཀྱང་། གུད་དུ་བསྐྱེད་པར་གསུངས་ཀྱི་མཐོང་བ་ནི་མ་ཡིན་ནོ་ཞེས་གསུངས་སོ། །དེ་བས་ན་འདི་ན་ཡང་ཟླ་བ་གཉིས་པས་འགྲུབ་པ་ལ་སོགས་པ་འགྲོ་བའི་དབང་བསྐུར་བ་མ་ གཏོགས་པ་རྒྱུ་མཐུན་པ་ལ་འབྲས་བུ་ལ་སོགས་པ་རྣམས་བསྐྱེད་པར་བྱས་ནས་དེའི་རྗེས་ལ་ཞེས་པ་ནི་དེ་མ་ཐག་ཏུ་ཞེས་པའི་དོན་ཏོ། །སོ་སོར་ནི་ཞེས་པ་ནི་སྤྱི་བོ་ལ་སོགས་པར་རོ། །སངས་རྒྱས་ལྔ་ཡི་བཀང་བྱས་ཏེ། །ཞེས་པ་ནི་སངས་རྒྱས་ཀྱི་ངོ་བོ་ཉིད་ཆ་ཤས་ཏེ། ཡི་གེ་དང་མཚན་མ་སྐུ་རྣམས་ གང་ཡང་རུང་བའོ། །ཧཱུཾ་ཨཱཿཞེས་པ་ལ་སོགས་པས་གསུང་བའི་གནས་གཉིས་དག་པར་བྱས་ནས། དེ་ནས་གདོད། རང་འོད་རིག་མ་དག་པར་བྱས། །ཞེས་ཏེ་ཕྱི་རོལ་གྱི་བུད་མེད་ནི་བདེ་མཆོག་གི་རྐྱེན་མ་ཡིན་པའི་ཕྱིར་རང་རང་གི་ས་བོན་གྱི་འོད་ཀྱིས་གནས་སྐབས་ལྔ་དང་ལྡན་པར་གྱུར་པ་བསྐུལ་ནས་ རང་གི་རིག་མ་ལ་ཐིམ་པས་དག་པར་བྱ་ཞེས་སོ། །འགྲོ་བའི་ཤེས་པ་དག་པའི་ཕྱིར། །ཞེས་པ་ནི་ཕྱིན་ཅི་ལོག་གི་ཞེ་སྡང་ལ་སོགས་པ་རྣམས་ཞེ་སྡང་ཆེན་པོ་ལ་སོགས་པ་དག་པར་བྱེད་པའི་ཕྱིར་རོ། །ཐ་དད་རིམ་གྱིས་ཞེས་པ་ནི་རིམ་པ་ནས་དབྱུང་བར་བྱའོ་ཞེས་སོ། །ཅིག་ཅར་ནི་མ་ཡིན་ནོ། །དངོས་ པོ་ཀུན་ཞེས་པ་ནི་ཕྱག་མཚན་ལ་སོགས་པ་ཀུན་ནོ། །གཞོན་ནུའི་ཞལ་འདྲ་ཞེས་པ་ནི་གཡས་གཡོན་འཇམ་པའི་རྡོ་རྗེ་ལྟ་བུ་ཞེས་པའི་དོན་ཏོ། །མཁས་བསྐྱེད་ཅེས་པ་ལ་མཁས་པ་ནི་རྣལ་འབྱོར་པའོ། །དེས་བསྐྱེད་པའོ། །སྙིང་རྗེ་ཐབས་ཀྱིས་དོན་སྦྱིན་མ། །ཞེས་པ་ནི་ཁྱད་པར་གྱི་ལས་དེ་དང་འབྲེལ་པ་ ལ་དེ་སྩོལ་ཞེས་པའི་དོན་ཏོ། །རོལ་པ་ཞེས་པ་ནི་ཐབས་ཀྱིས་དགྱེས་པར་སྤྱོད་པ་སྟེ་དེ་ལ་རབ་ཏུ་བྲོད་པའི་སེམས་སུ་གནས་པའོ། །བསམ་དག་པ་ཞེས་པ་ཡོངས་སུ་དག་པའི་བསམ་པ་སེམས་ཅན་རྣམས་ལ་སྟོན་པའོ། །ཡིད་དགའ་མ་ཞེས་པ་ནི་བརྩོན་པ་ལ་དགའ་བའོ། །ཕྱག་མཚན་ལྷག་ མ་རང་དགའ་འདྲ། །ཞེས་པ་མཱ་མ་ཀཱི་དང་སྒྲོལ་མའིའོ། །གཞན་ནི་ཐམས་ཅད་དོ། །གཞན་དག་ནི་སྒྲོལ་མའི་གཡས་གཉིས་པ་ན་འཁོར་ལོ་ཞེས་སོ། །འཇོམས་པ་ནི་རིམས་ལ་སོགས་པའོ། །མི་བཟད་ཅེས་པ་ནི་ཞལ་དགོད་པ་ལ་སོགས་པའོ། །རང་བདག་ལྟ་དང་ཉོན་མོངས་འཇོམས། ། ཞེས་པ་ནི་ཉོན་མོངས་པ་རྣམས་ནི་བདག་ཏུ་ལྟ་བ་སྔོན་དུ་འགྲོ་བས་དེ་བཅོམ་པ་ཞེས་པའོ། །བགེགས་འཇོམས་པ་ཞེས་པ་ནི་རིམས་ཀྱི་གནོད་པ་ལ་སོགས་པ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་སྤྱོད་ཡུལ་དེས་བཅོམ་པ་ཡིན་ནོ། །མི་བཟད་སྦྲུལ་གྱིས་བརྒྱན་པའི་སྐུ། །ཞེས་པ་ནི་ ཁོང་ཁྲོ་བ་ལ་སོགས་པ་རྣམ་པར་དག་པ་མཐའ་ཡས་ལ་སོགས་པས་བརྒྱན་པའོ། །རང་འོད་རིག་མ་ཞེས་པ་ནི་བག་ཞད་ཁྱད་པར་མཛད་པས་སྨ་ར་མེད་པའོ། །ཐམས་ཅད་ཀྱི་ནི་དངོས་པོ་ཡི། །ཞེས་པ་ནི་མདོག་ལ་སོགས་པའི་སྒོ་ནས་སོ། །ས་བོན་སྙིང་པོ་ལྕགས་ཀྱུ་ཡིས། །ཞེས་པ་ནི་བརྒྱུད་པ་ སྟེ་གཤིན་རྗེ་གཤེད་ལ་སོགས་པ་བསྐུལ་བའི་དབང་གིས་ཞེས་པའི་དོན་ཏོ། །བསྐྲད་ནས་ཞེས་པ་ནི་འཕྲོས་པའི་ཁྲོ་བོ་རྣམས་ཀྱིས་དེ་དང་ལྷན་དུ་འགྲོགས་པ་རྣམས་བསྐྲད་ནས་སོ། །བསྲུང་བྱ་སྟེ་ཞེས་པ་ནི་ནང་དུ་ཆུད་པའི་དུས་སུ་ཁྲོ་བོ་རྣམས་ཀྱིས་གཟེབ་ལ་སོགས་པ་མཛད་པའོ། །དེ་ནས་དུང་ ཕོར་ལ་སོགས་པའི་བྱ་བས་མཆོད་ཡོན་ཕུལ་ནས་དཀྱིལ་འཁོར་གྱི་འཁོར་ལོ་ལ་ཐིམ་སྟེ་ཞེས་པ་ནི་ཤེས་རབ་མཐར་ཕྱིན་གྱི་འོད་ཟེར་གྱིས་གཞུག་པའོ། །དེ་བཞིན་དུ་བཅིང་བ་དང་དབང་བྱ་བ་ཡང་རྟོགས་པར་བྱའོ། །དབང་བསྐུར་གོང་མ་བསྒོམས་པས་ཞེས་པ་ནི་གུད་དུ་སྟོན་ཏེ། ཡན་ལག་ གཉིས་ནི་མོས་པས་བྱ་བར་གསུངས་ཏེ་དབང་བསྐུར་བ་ནི་ཆུང་ངུ་བཞིན་དུ་བྱའོ་ཞེས་པའི་དོན་ཏོ། །དེ་ལྟར་དཀྱིལ་འཁོར་གྱི་ལྷ་རྣམས་བསྐྱེད་ཅིང་ཕྱུང་ནས་ད་ནི་ལྷ་རྣམས་མཉེས་པའི་སྦྱོར་བ་གསུངས་སོ། །རང་གི་སྙིང་པོའི་འོད་ཟེར་གྱིས་གཟུགས་ལ་སོགས་པ་བཀུག་ནས་བྱང་ཆུབ་སེམས་སུ་ཞུ་བ་ ཞེས་ཚིག་ལྷག་མའོ། །ཤེས་རབ་པདྨོ་དཀྱིལ་དུ་ནི། །ཞེས་བྱ་བ་བྱང་ཆུབ་སེམས་ལས་ས་བོན་དུ་གྱུར་པའི་གནས་སོ། །གཟུགས་ལ་སོགས་པ་ཐིམ་བྱ་སྟེ། །ཞེས་པ་ནི་ས་བོན་གྱི་འོད་ཟེར་གྱིས་དེ་རྣམས་ས་བོན་ལ་བསྟིམ་པའོ། །དོན་དམ་པར་ན་ཐུགས་ཀྱི་རིགས་སོ། །དེ་ཉིད་སྤྲོས་པ་ལས་ སྐུ་ལ་སོགས་པ་རིགས་གསུམ་མོ། །དེ་ཉིད་དེ་བཞིན་གཤེགས་པ་ལྔའི་གཟུགས་ཀྱི་རིགས་ལྔའོ། །རིགས་ལྔ་རེ་རེ་ལྔ་ལྔར་བྱས་པ་ལས་སྐུ་ལ་སོགས་པར་ཕྱེ་བས་བརྒྱ་རྣམས་སོ། །དེ་ནི་ཉེ་བར་མཚོན་པ་ཙམ་སྟེ་རྣམ་པ་དེ་ལྟ་བུའི་རིགས་མཐའ་ཡས་པའོ། །ཡེ་ཤེས་ ལྔ་ཞེས་པ་ནི་རྟག་པ་ལ་སོགས་པའོ། །ཕྱག་རྒྱ་ཞེས་པ་ནི་སྤྱན་མ་ལ་སོགས་པའོ། །སངས་རྒྱས་རང་བཞིན་གཟུགས་ཞེས་པ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་ལ་སོགས་པའི་རང་བཞིན་གྱི་ཕྱིར་གཤིན་རྗེ་གཤེད་ལ་སོགས་པའོ། །ཆོས་ཐམས་ཅད་ཀྱི་དཀྱིལ་འཁོར་བསྟོད་ཅེས་པ་ནི་གཟུགས་ ལ་སོགས་པ་ཆོས་ཐམས་ཅད་རྣམ་པར་དག་པའི་སྒོ་ནས་འོག་ནས་འབྱུང་བས་སྒྲ་བརྙན་ལྟར་ཤེས་པར་བྱས་ནས་བསྟོད་པར་བྱ་ཞེས་སོ། །ཡེ་ཤེས་བདུད་རྩི་བླང་བསྒོམས་ནས། །ཞེས་པ་ནི་ས་བོན་གྱིས་པདྨ་བཅུ་དགུ་སྤྲོས་ཏེ་བླང་བར་བསྒོམས་ནས་ཞེས་པའི་དོན་ཏོ། །ཀུན་དུ་རྟོག་པ་ ཡོངས་སྤངས་ཏེ། །ཞེས་པ་ནི་དེ་སྤངས་པས་སངས་རྒྱས་ཞེས་པའོ། །དེ་ཡང་སྙིང་ལ་ཞུགས་བསམས་ནས། །ཞེས་པ་ནི་ཐིག་ལེའི་འོད་ཟེར་གྱིས་རལ་གྲི་ལ་སོགས་པ་གསལ་བར་བྱས་ནས་འོད་ཟེར་དེ་ཉིད་དུ་བཞག་སྟེ། སེམས་དེ་སྙིང་ལ་ཞེས་པ་ཐིག་ལེ་ཞུགས་པར་བསམས་ ནས་ཞེས་སོ། །དེས་ཅིར་འགྱུར་ཞེ་ན། དེ་ནི་ཞེས་པ་ནི་ཞུགས་པའི་སེམས་དེ་ཉིད་དོ། །ཡེ་ཤེས་བདུད་རྩིའི་རྒྱུན་ཞེས་པ་ནི་ཡེ་ཤེས་ཀྱི་རང་བཞིན་ཤི་བ་ལ་སོགས་པ་དང་བྲལ་བར་བྱེད་པ་བྱང་ཆུབ་སེམས་དཔའ་འཇམ་དཔའི་དབྱངས་ཀྱི་དཀྱིལ་འཁོར་ཆོས་འབྱུང་བ་ནས་བརྩམས་ནས་ཐིག་ལེའི་ རྣལ་འབྱོར་ཡན་ཆད་དུ་མོས་པར་བྱས་ཏེ་བསྒོམ་པ་ལ་དེ་སྐད་ཅེས་བྱའོ། །དེ་ནས་ལུས་ནང་ཀུན་གསལ་ཏེ། །ཞེས་པ་ནི་ཐིག་ལེ་ཕྲ་མོ་ལས་གོང་མའི་རིམ་པས་འཕྲོས་ནས་ཞེས་པའི་དོན་ཏོ། །སོ་སོར་བ་སྤུའི་འོད་ཟེར་ཞེས་པ་ནི་གོང་གི་ནང་གི་ལུས་སུ་གཞག་པ་དེ་ཉིད་ལ་སྤུའི་བུ་ག་ནས་སྤྲོས་པ་ཞེས་ པའི་དོན་ཏོ། །རང་རིག་ཅེས་པ་ནི་དབྱེར་མེད་པས་སོ། །རིག་མའི་སྣ་རྩེར་ཞེས་པ་ནི་ཟེའུ་འབྲུ་བུམ་པའི་ནང་དུ་སེམས་བྱིང་བར་སོང་ན་རང་གི་རྡོ་རྗེས་ཕྱུང་སྟེ། དེར་གནས་པར་བྱས་ནས་ཕྲ་མོའི་ཏིང་ངེ་འཛིན་གསུམ་པས་སྤྲོ་བསྡུ་བྱ་ཞེས་བྱ་བའི་དོན་ཏོ། །བརྟན་པའི་མཚན་མ་ཞེས་པ་ནི་བཏང་ཞིང་བཟུང་ བས་སེམས་བརྟན་པར་གྱུར་པའི་མཚན་མ་ལྔ་པོ་མཐོང་བའོ། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་དང་། །སྤྲོ་བ་ལྔ་ཡི་ཡེ་ཤེས་ཞེས་པ་ནི་ལྷ་རྣམས་ཕྱག་རྒྱ་བཞིས་རྒྱས་བཏབ་ལ་གོང་དུ་སྟེ་སྤྲོ་བ་ལྔ་ཞེས་པ་ནི་ཡེ་ཤེས་ཀྱི་འོད་ཟེར་ལས་དེ་བཞིན་གཤེགས་པ་ལ་སོགས་པ་སྤྲོ་བའོ། །དུས་གཅིག་ཅེས་པ་ནི་སྐུའི་ ས་བོན་ལས་སྐུ་གསུང་ཐུགས་ཀྱི་དེ་བཞིན་དུ་སྐུ་གསུང་ཐུགས་ཀྱང་ཤེས་པར་བྱའོ། །ཡང་ན་རིམ་པར་བྱ་ཞེས་པ་ནི་སྐུ་གསུང་ཐུགས་ལས་ཐུགས་སྤྲོ་བའོ། །དེ་གཉིས་སྐུ་གསུང་ཐུགས་ཀྱི་དབང་དུ་བྱས་པ་སྟེ། ཡེ་ཤེས་སེམས་དཔའ་ནི་ལྷན་ཅིག་ཁོ་ནའོ། །འོན་ཀྱང་དེ་རྣམས་ནི་སྐུ་བླས་པ་ནི་སྐུ་གསུང་གི་ ས་བོན་གྱི་ཏིལ་ལ་ཡེ་ཤེས་སེམས་དཔའི་ས་བོན་གཞུག་པའོ། །ཡང་དེ་རྣམས་ཀྱི་གདན་བླ་མ་བརྒྱུད་པ་ལས་འོངས་པ་གསུངས་པ། རྡོ་རྗེ་གསལ་ཆོས་ཞེས་པ་ལ་སོགས་ཏེ་མ་བཤད་དོ། །ཡེ་ཤེས་སྐུ་འཕྲོས་ཞེས་པ་ནི་སེམས་ཅན་གྱི་སྐུ་ཞེས་པའི་དོན་ཏོ། །གང་གི་དབང་དུ་བྱ་ཞེ་ན། དབུགས་དབྱུང་ ཞེས་པ་ལ་སོགས་པའོ། །རིམ་བཞིན་རིམ་བཞིན་ཞེས་པ་ནི་རིམ་གྱིས་ཅིག་ཅར་ཞེས་པའོ། །སྔོན་བཞིན་ཞེས་པ་ནི་ཏིང་ངེ་འཛིན་གཉིས་པ་བཞིན་དུ་ཡེ་ཤེས་སེམས་དཔའ་ལས་དངོས་པོ་ཐམས་ཅད་ཀྱི་འོད་འཕྲོས་པས་གཟུགས་ལ་སོགས་པ་བཀུག་ནས་ཟླ་བར་ཞུ་བ་པདྨོའི་ནང་དུ་ས་བོན་དུ་ གྱུར་པ་ལས་དབུགས་དབྱུང་བའི་དུས་སུ་ལྷ་མོ་སྤྲོས་ནས་དེས་མཆོད་པ་སྟེ། གསང་བའི་རིག་མས་འཁྱུད་པ་སྟེ། ཞེས་པ་སོ་སོའི་རིག་མ་ནང་དུ་ཐིམ་པས་ཞེས་པའི་དོན་ཏོ། །ཐིག་ལེ་ལ་སོགས་པ་གསུམ་ལ། །རྒྱུ་མཐུན་འབྲས་བུ་རྫོགས་པ་ཡིས། །ཞེས་མོས་པས་བསྒོམ་ཞེས་སོ། ། དེ་བཞིན་མོས་པ་ཡིས། ཆུང་ངུ་ལ་སོགས་དབྱེ་བའི་ས། ཞེས་པ་ནི་གཙོ་བོ་ནི་རིག་མ་དང་ལྷ་རྣམས་ལ་ཞེས་སོ། །སྦྱོར་བ་ཞེས་པ་ནི་རྣལ་འབྱོར་ལ་སོགས་པ་ཡང་མོས་པ་ཡིས་ཞེས་སོ། །རང་སྙིང་དེ་མཆོག་རྟོགས་པ་ཞེས་པ་ནི་རང་གི་སྔགས་ཀྱི་དོན་ཤིན་ཏུ་རྟོགས་པའོ། །དེས་ངལ་ ཞིང་སེམས་ཀྱི་སྤྱོད་པ་ཞན་པར་གྱུར་ན་ཞེས་པའི་དོན་ཏོ། །དམ་པའི་སེམས་ཀྱི་ཆུ་རྒྱུན་ཞེས་པ་ནི་སྤྱི་བོར་བདུད་རྩི་ལྔ་ཞུ་བ་ལ་ཨོཾ་གྱིས་བརླན་པར་བྱ་བའི་ཆུ་ཞེས་པའི་དོན་ཏོ། །ཅིའི་ཕྱིར་སངས་རྒྱས་ཐམས་ཅད་སྐུ་གསུང་ཐུགས་གསུམ་དང་འབྲེལ་བ་དེའི་ཕྱིར་ལྷ་རྣམས་སྐུ་གསུང་ཐུགས་ གསུམ་གྱི་ས་བོན་ལ་ཐིམ་པ་སྟེ། སེམས་ཙམ་ཡིན་པའི་ཕྱིར། ཐོགས་པ་སྤངས་ནས་བསྡུ་བར་བྱ། །ཞེས་པ་སྟེ་ས་བོན་གསུམ་བརྗོད་པས་སོ། །དེ་བསྡུ་ཞེས་པ་ནི་གོང་དུ་གསུངས་པའི་དཀྱིལ་འཁོར་ཏེ་དེ་དང་བྲལ་བ་མཐོང་ནས་ཞེས་སོ། །རང་རང་དག་ནས་ཞེས་པ་ནི་གཟུགས་ཀྱི་རྡོ་རྗེ་མ་ ལ་སོགས་པའི་ངོ་བོར་ཞེས་པའི་དོན་ཏོ། །སོ་སོ་རང་རིག་ཅེས་པ་ནི་སྐུ་གསལ་བ་སྟེ་ཐབས་སོ། །ཕྱི་སྟོང་པ་ཉིད་ཤེས་རབ་པོ། །སེམས་དག་པ་ནི་གཟུང་བ་དང་འཛིན་པ་དག་ཅེས་སོ། །རྟག་ཏུ་བསྒོམ་པའི་རྣལ་འབྱོར་པའི། །དཀྱིལ་འཁོར་མཆོད་པ་མཆོག་འདིའོ། །ཞེས་པ་ནི་སྤྱོད་ཡུལ་རྣམས་སེམས་དག་ པ་དང་ལྡན་པས་གོང་དུ་གསུངས་པ་ལྟ་བུར་བལྟས་ན་གསང་བ་ཆེན་པོའི་མཆོད་པ་སྟེ་ཡིད་དགའ་བར་བྱེད་པའི་ཕྱིར་རོ། །གཞི་ཡི་སྙིང་པོ་ཡིས་བསྒྱུར་བའི། །ཞེས་པ་ནི་སྙིང་གར་ས་བོན་དང་དབྱུང་བས་སོ། །རང་སྙིང་དེ་བཞིན་ཞེས་པ་བདུད་རྩིའི་སྟེང་དུ་བྷྲཱུཾ་ལ་སོགས་པའི་རིམ་པའོ། །ཕྱིའི་སྦྱིན་སྲེག་ ནི་ཐབ་ལ་སོགས་པ་སྟེ་ལེའུ་བཅུ་དྲུག་པ་ལ་དཔགས་ཏེ་ཤེས་པར་བྱའོ། །སེམས་ནི་སེམས་དེ་ཡིན་ཞེས་པ་ནི་ཁ་ཟས་སྦྱང་བ་འདིའོ། །ཡེ་ཤེས་མེ་ཞེས་པ་ནི་གོང་དུ་གསུངས་པའི་ཟབ་པ་དང་རྒྱ་ཆེ་བའི་རྣལ་འབྱོར་རོ། །དེས་ཕུང་པོ་ལ་སོགས་པའི་བླུན་པ་རྣམས་བསྲེག་པ་སྟེ་དེ་ནི་བླ་ན་མེད་པའོ། །བདག་ གཞན་མཆོད་ཅེས་པ་ནི་གཟུགས་ལ་རྣམ་གསུམ་ཞེས་པ་ལ་སོགས་པའི་རིམ་པས་སོ། །ལུས་དག་དངོས་པོ་ལ་ཐལ་བ་དང་ཁྱད་པར་ཅན་ནོ། །དེ་མཉམ་པར་བཞག་པས་བརྩམས་ན་ཕྱག་རྒྱ་དང་སྔགས་བདག་ཉིད་དེ་དེ་ཉིད་མཆོད་པ་སྟེ་ཆེན་པོའོ། །ཆོས་ཅན་གཅིག་ལ་ཞེས་པ་ནི་དངོས་པོ་གཅིག་ལ་སྟེ་ བུད་མེད་ལྟ་བུར་རྟོགས་པ་ནི། །སྣ་ཚོགས་རྣམ་པར་སྣང་བ་སྟེ། །ཞེས་པ་ནི་རོ་དང་འདོད་པ་ཅན་དང་བཟའ་བ་ལ་སོགས་པར་སྣང་བ་སྟེ་རྟོག་པ་དེས་ལས་མ་ལུས་པ་བསགས་པའོ། །དེ་བཞིན་དུ་བཅོམ་ལྡན་འདས་ཁོ་ན་ལ་སྨད་པ་དང་བསྟོད་པ་དེས་བསྟན་པའི་ལམ་ལ་བསྟེན་པས་སྡུག་བསྔལ་བ་ལ་སོགས་ པ་གྲོལ་བར་འགྱུར་རོ། །དེའི་ཕྱིར་ལས་སྣ་ཚོགས་པ་ནི་རྟོག་པ་ལས་བྱུང་ལ་རྣལ་འབྱོར་པ་འདི་ནི་ཀུན་རྟོག་ཐམས་ཅད་ལས་ངེས་པར་གྲོལ་བས་ན། དེས་ལུས་ངག་གི་ལས་ཁྱད་པར་ཅན་མཉམ་པར་བཞག་པས་བརྩམས་ན་མི་དགེ་བ་ག་ལ་འགྱུར། ཞེ་སྡང་དང་འདོད་པ་མེད་པའི་ཕྱིར་རོ། ། བརྗེད་པ་ལ་སོགས་པའི་དབང་གིས་དམ་ཚིག་ཉམས་པ་བསྐང་བའི་ཆོ་ག་གསུངས་པ་དོན་ཡོད་ཅེས་པ་ལ་སོགས་པའོ། །ཀུན་<ངག་‚དག་>ཅེས་པ་ནི་ཀུན་དག་པའི་བསམ་པས་སོ། །ཁྱད་པར་དུ་བསྐང་བའི་ཆོ་ག་གསུངས་པ་བླ་མ་ཞེས་པ་ལ་སོགས་པའོ། །རང་གི་དཀྱིལ་འཁོར་ཞེས་པ་ནི་ཅུང་ ཟད་ཁྱད་པར་མཛད་པ་སྟེ་ཡི་དམ་གྱི་ལྷའོ། །སྲོད་མཚམས་ཞེས་པ་ནི་མཐའ་མ་སྟེ། དེ་ནི་ཉི་མའི་མཚན་དུ་ཟད་དེ་ཉི་མའི་གུང་དང་ཕྱི་དྲོའི་དུས་སུ་ཡང་རྟོགས་པར་བྱའོ། །ཐ་མར་ཁྱད་པར་དུ་བྱ་བ་གང་ཞེ་ན། ཡི་གེ་གསུམ་གྱི་མཐའ་ལ་མུཿབཞག་པས་གཤེགས་སུ་གསོལ་བ་དང་ཡི་གེ་གསུམ་གྱིས་དམ་ ཚིག་གི་དཀྱིལ་འཁོར་ཡེ་ཤེས་སེམས་དཔའི་དཀྱིལ་འཁོར་ལ་ཐིམ་སྟེ་ཉལ་བར་བྱའོ་ཞེས་སོ། །ཐོ་རངས་ལངས་ཞེས་པ་ནི་མོས་པ་ཡང་ན་ཞེས་སོ། །སྔོན་བཞིན་དུ་ཞེས་པ་ནི་གོང་དུ་གསུངས་པ་ཁོ་ན་བཞིན་དུ་ཡན་ལག་དང་བཅས་པའི་སྤྱོད་པ་དུས་བཞིར་བྱ་ཞེས་སོ། །ལས་དང་པོ་པ་ཞེས་པ་ནི་འདི་ལས་ རྣལ་འབྱོར་པའི་བྱེ་བྲག་གིས་ལས་བཞིར་སྟོན་པ་ནི་ལས་དང་པོ་པའི་ལས་དང་ལྡན་པའི་ཕྱིར་རོ། །དེ་ལ་ཡང་བསམ་གཏན་དང་བྱ་བས་བསྐལ་པ་སྟེ་རང་རང་གི་ལས་ཀྱིས་བསྟན་པའི་མཚན་མ་མཐོང་ཞིང་རྙེད་པའོ། །དེ་ལས་དེ་མ་ཐག་པའི་རྐྱེན་གྱིས་བསྒྱུར་བ་ནི་ཅུང་ཟད་ཡེ་ཤེས་དབང་དུ་གྱུར་པའི་རྣལ་ འབྱོར་ཏེ། བརྟུལ་ཞུགས་ཞེས་པ་ལ་སོགས་པའོ། །བརྟུལ་ཞུགས་ཞེས་པ་ནི་ཆོས་བརྒྱད་ལ་སོགས་པ་དང་ལྡན་པའོ། །ཚུལ་ཁྲིམས་ཞེས་པ་ནི་རང་གི་རྗེས་སུ་མཐུན་པའི་དམ་ཚིག་དང་བཟླས་བརྗོད་དང་ཕན་གདགས་པའི་བྱ་བའོ། །སྔགས་ཞེས་པ་ནི་ལྷའི་སྐུར་གྱུར་པའི་ཡེ་ཤེས་ཏེ་ཨོཾ་དྷརྨྨ་དྷཱ་ ཏུ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ་ཞེས་པ་དང་ལྡན་པའོ། །རང་གི་ལས་གསུངས་པ་མིག་ཅེས་པ་ལ་སོགས་པ་སྟེ། ཆེན་པོ་མིག་ལ་སོགས་པ་བྱིན་གྱིས་བརླབ་པ་ལ་སོགས་པ་ཞེས་པ་ནི་དོན་ཏོ། །དེ་གང་གིས་ཤེ་ན། ཅུང་ཟད་ཡེ་ཤེས་དབང་གྱུར་པས། །ཞེས་ཏེ་འབེབས་པ་ཐོབ་པ་ཞེས་པའི་དོན་ཏོ། ། དུས་བཞི་ཞེས་པ་ནི་ལས་དང་པོའི་པ་བཞིན་དུའོ། །འཁྲུལ་མེད་ཅེས་པ་ནི་བརྟན་པ་མ་ཡིན་པས་ཐིག་ལེ་དང་ཕྲ་མོ་ནན་ཏན་དུ་བྱ་བ་མ་ཡིན་ནོ། །བཟླས་བརྗོད་བྱ་ཞེས་པ་ནི་གྲུབ་པའི་མཚན་མ་ཐོབ་པར་བྱ་བའི་དོན་ཏོ། །དཀྱིལ་འཁོར་དང་ནི་ལས་རྒྱལ་མཆོག་གོ། །རྣམ་པ་ཀུན་གྱིས་རྫོགས་ བྱས་ཏེ། །ཞེས་པ་ནི་སློབ་མ་གཞུག་པ་དང་། བསྒྲུབ་པའི་དོན་དུ་ཁྱད་པར་མཛད་པའོ། །རང་གི་ལས་གསུངས་པ་སྤྲོ་བ་བསྡུ་བ་བྱེད་པ་ཞེས་ཏེ་ཡི་གེ་གསུམ་གྱིས་སྤྲོ་བ་དང་བསྡུ་བའི་སྒོ་ནས་ཉིན་མཚན་དུ་དཀྱིལ་འཁོར་གྱི་སྦྱོར་བ་ལ་བརྟེན་པས་བཞི་པར་འགྱུར་བའི་མཚན་མ་ ཅི་སྐད་གསུངས་པ་རྣམས་འབྱུང་བའོ། །ཡེ་ཤེས་དབང་དུ་གྱུར་པ་ནི་རང་དང་གཞན་གྱིས་དཀྱིལ་འཁོར་མཐོང་བར་མཛད་པའོ། །དེ་ལས་དེ་མ་ཐག་པའི་རྐྱེན་གྱིས་བསྒྱུར་བ་ནི་བཞི་སྟེ་ཡང་དག་ཅེས་པ་ལ་སོགས་པའོ། །ཡང་དག་ཡེ་ཤེས་ཞེས་པ་ནི་མེ་ལོང་ལྟ་བུ་ལ་སོགས་པ་སྟེ། དེ་ཐོབ་པ་ནི་ཕྱག་ རྒྱ་ཆེན་པོ་མངོན་དུ་མཛད་པ་ཞེས་སོ། །དེའི་ལས་གསུངས་པ། གཟུགས་བརྙན་ཞེས་པ་ལ་སོགས་པ་སྟེ། དེ་ནི་གཞན་གྱི་དོན་ལ་གོམས་པས་ཁམས་ཀུན་གྱི་ནང་དུ་འོད་གསལ་བར་ལངས་ནས་གཟུགས་བརྙན་ལྟ་བུའི་དམ་པའི་འཁོར་ལོ་གསུམ་གྱིས་སྲིད་པ་ཇི་སྲིད་ཡོད་པ་དེ་སྲིད་ཀྱི་ བར་དུ་རོ་མྱང་བའི་མཚན་ཉིད་བརྒྱད་དང་ལྡན་པར་བཞུགས་ནས་འགྲོ་བའི་དོན་ཆེན་པོ་མཛད་པའོ། །དེ་ལྟར་རང་གི་འཁོར་གནས་སྔོན་བསྟན་པ་བྱས་ནས་ཞེས་བྱ་བའི་སྒྲའི་དོན་བསྟན་ནས། ད་ནི། དཀྱིལ་འཁོར་ཀུན་དུ་བྲི་བར་བྱ། །ཞེས་བསྟན་པའི་ཕྱིར། གྲུབ་པའི་མཚན་མ་རྣལ་འབྱོར་ པས། །ཞེས་པ་གསུངས་ཏེ། དེ་ལ་གྲུབ་པའི་མཚན་མ་ཞེས་པ་ནི་རྨི་ལམ་ལ་སོགས་པའོ། །རྣལ་འབྱོར་པས་ཞེས་པ་ནི་ཅུང་ཟད་ཡེ་ཤེས་དབང་དུ་གྱུར་ནས་ཞེས་པའི་དོན་ཏོ། །ལན་གྲངས་མང་དུ་ཞེས་པ་ནི་ཡིད་ལ་བྱེད་པའི་བག་ཆགས་ཀྱི་མཚན་མ་དགར་བའོ། །དེ་ལྟར་མ་ཡིན་ན་ཡང་དག་ པ་ནི་ཡང་དང་ཡང་དུ་འབྱུང་བའི་ཕྱིར་རོ། །དེ་གསུམ་ཆོ་ག་བཞིན་བྱས་ནས། །ཞེས་པ་ནི་མཚན་མ་ཐོབ་པ་དེས་དཀྱིལ་འཁོར་བྲི་བའི་དོན་དུ་བཟླས་བརྗོད་བྱའོ་ཞེས་བསྟན་པའོ། །དཀྱིལ་འཁོར་བྲི་བར་བྱ་ཞེས་པ་ནི་ཅུང་ཟད་ཡེ་ཤེས་དབང་དུ་གྱུར་པའི་རྣལ་འབྱོར་པས་ཐུན་མོང་གི་ཆེད་དུ་བྲི་བ་དང་། ཡེ་ ཤེས་དབང་དུ་གྱུར་པའི་རྣལ་འབྱོར་པས་ཁྱད་པར་མེ