Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 43
Văn bản gốc(Tây Tạng)
Trang 3 / 15 (50.000 ký tự/trang)
ན་ནོ། །དེས་ན་འདི་ཇི་ལྟར་ཡོད་པའི་ཐ་སྙད་ཀྱི་ཡུལ་དུ་འགྱུར་ཞེས་བྱ་བ་མི་ཤེས་སོ། །འོན་ཏེ་རྣམ་པར་ཤེས་པ་ལ་ནི་གཅིག་དང་དུ་མ་དང་མི་ལྡན་པ་ཉིད་མི་སྲིད་དོ་ཞེས་བྱ་བར་སེམས་ན། དེ་ནི་མི་བདེན་ཏེ། ཤེས་པ་རྣམས་དང་ བཅས་པ་ལ་ནི་ཕྱི་རོལ་བཞིན་དུ་གཅིག་དང་དུ་མའི་རང་བཞིན་དང་བྲལ་བ་ཉིད་བསལ་བའི་ཕྱིར་རོ། །གང་ཡང་འཇིག་རྟེན་གྱིས་ཕྱི་རོལ་གྱི་དོན་དུ་ཐ་སྙད་བྱས་པ་དེ་ཉིད་རྣམ་པ་དང་བཅས་པར་སྨྲ་བའི་ཤེས་པ་ཡིན་ནོ། །དེས་ན་ཕྱི་རོལ་གྱི་དོན་ཡིན་པ་ལ་གནོད་པ་གང་ཡིན་པ་དེ་ཉིད་ནི་ནང་གི་ དངོས་པོ་ཡིན་པ་ལ་ཡང་གནོད་པ་ཁོ་ནའོ། །འདི་ལྟར་གནོད་པས་ནི་རགས་པ་གཅིག་གམ་རྡུལ་ཕྲ་རབ་མ་ཡིན་པ་སེལ་བར་བྱེད་དོ། །ཤེས་པའི་རང་བཞིན་དུ་གྱུར་པའི་རྣམ་པ་འདི་ཡང་གལ་ཏེ་རགས་པ་གཅིག་ཡིན་ནམ། གལ་ཏེ་རྡུལ་ཕྲ་རབ་མང་པོ་ཐ་དད་པ་ཡིན་ཡང་རུང་སྟེ། གཉི་ག་ ལྟར་ཡང་ཕྱི་རོལ་གྱི་དོན་ལ་འབྱུང་བའི་སུན་འབྱིན་པ་སྤངས་པར་མི་ནུས་སོ། །གང་གིས་དེ་མེད་པས་མེད་པར་འགྱུར་བ་དེ་རྣམ་པར་ཤེས་པ་ལས་ཕྱི་རོལ་ཡིན་པའི་རྒྱུ་མཚན་གྱིས་སུན་འབྱིན་པ་ནི་མ་ཡིན་ནོ། །ལུས་ཅན་གྱི་རྒྱུ་མཚན་གྱིས་གནོད་པར་བྱེད་པ་ནི་ལུས་ཅན་མ་ཡིན་པ་རྣམ་ པར་ཤེས་པའི་བདག་ཉིད་ལ་ཡོད་པ་མ་ཡིན་ནོ་ཞེས་བྱ་བ་ཡང་སྙིང་པོ་མེད་དེ། སྔོན་པོ་ལ་སོགས་པའི་རྣམ་པར་ཤེས་པ་ཉིད་ཡིན་ན་རྣམ་པར་ཤེས་པ་ཡང་ལུས་ཅན་ཉིད་ཡིན་པའི་ཕྱིར་རོ། །ཡུལ་ཁྱབ་པར་བྱེད་པ་དང་ལྡན་པའི་རྣམ་པ་འདི་ཉིད་ལུས་ཅན་ཡིན་ལ་དེ་ནི་འདི་ལ་ཡོད་ པ་ཁོ་ནའོ། །བདེ་བ་ལ་སོགས་པ་གསལ་བ་བསྙོན་པར་མི་ནུས་པ་ཉིད་ཀྱང་མ་ཡིན་ཏེ། འདི་ལྟར་དུབ་པའི་ལུས་ཇི་སྲིད་ཆུ་བུར་ཞུགས་པ་དེ་སྲིད་དུ་ཁྱབ་པའི་བདེ་བ་སྐྱེ་བར་ཉམས་སུ་མྱོང་བ་ཡིན་ལ། དེ་ལྟ་བུར་གྱུར་པ་ནི་ཡུལ་ཁྱབ་པ་མ་ཡིན་པ་ཡང་མ་ཡིན་ཏེ། ལུས་ཀྱང་དེ་ ལྟར་ཡིན་པར་ཐལ་བའི་ཕྱིར་རོ། །ཡུལ་ཁྱབ་པར་བྱེད་པ་ཡིན་ན་ལུས་བཞིན་དུ་དེ་ལས་ལུས་ཅན་ཡིན་པའི་ཕྱིར་རོ། །དེས་ན་རྣམ་པ་གཞན་དུ་རྣམ་པར་ཤེས་པ་རྣམ་པ་མེད་པ་ཡང་ཕྱི་རོལ་གྱི་དོན་གྱི་སུན་དབྱུང་བ་ལས་མ་འདས་པའི་ཕྱིར་སློབ་དཔོན་གྱིས་ལོགས་ཤིག་ཏུ་སུན་དབྱུང་བ་ལྷུར་མ་བྱས་སོ་ ཞེས་རྟོགས་པར་བྱའོ། །དེས་ན་རྣམ་པར་ཤེས་པ་དེ་ཡང་ཡོད་པའི་ཐ་སྙད་དུ་བྱ་བ་མ་ཡིན་ནོ་ཞེས་བྱ་བ་འདི་གནས་པ་ཡིན་ནོ། །འོ་ན་རྣམ་པར་ཤེས་པ་དང་ཤེས་བྱ་དག་མེད་པའི་ཕྱིར་མེད་པའི་རང་བཞིན་དེ་ཁོ་ན་ཡིན་ནོ་ཞེས་བྱ་བར་འགྱུར་རོ་ཞེ་ན། མ་ཡིན་ཏེ། རྣམ་པར་ཤེས་པ་དེ་ཀུན་རྫོབ་ཏུ་ ཡོད་པ་ཡིན་ཏེ། ཀུན་རྫོབ་ནི་བསྙོན་པར་མི་ནུས་པ་ཡིན་པའི་ཕྱིར་རོ། །ཡོད་པ་ཉིད་བཀག་པའི་ཕྱིར་མེད་པ་ཉིད་ནན་གྱིས་བྱུང་བ་ཡིན་ནམ་ཞེ་ན། མ་ཡིན་ཏེ། མེད་པ་ཉིད་ནི་ཡོད་པ་ཉིད་སྔོན་དུ་འགྲོ་བ་ཅན་ཡིན་པས་དེ་མ་གྲུབ་ན་དེ་ཡང་མི་འགྲུབ་པའི་ཕྱིར་རོ། །ཇི་སྐད་དུ། མེད་པ་ཡོད་པའི་ཟླས་ དྲངས་ཏེ། །ཡོད་པ་མེད་པའི་ཟླས་དྲངས་ཡིན། །དེ་ཕྱིར་མེད་པ་མི་བརྗོད་ན། །ཡོད་པ་ཉིད་དུ་མི་རྟག་གོ། །ཞེས་གསུངས་པ་ཡིན་ནོ། །ཡོད་པ་དང་མེད་པའི་བདག་ཉིད་གཉི་གའི་རང་བཞིན་ཡང་མ་ཡིན་ཏེ། ཡོད་པ་དང་མེད་པ་དག་ནི་འགལ་བའི་ཕྱིར་རོ། །ཡོད་པ་མེད་པ་དག་ལས་ གཞན་གཉི་ག་མ་ཡིན་པའི་ངོ་བོ་ཡང་མ་ཡིན་ཏེ། གཞི་གང་ལ་ཕྱི་རོལ་དུ་གྱུར་པ་གཞན་ནི་མི་འཐད་པའི་ཕྱིར་རོ། །འོ་ན་ནི་དེ་ཁོ་ན་ཉིད་འགའ་ཡང་ཡོད་པ་མ་ཡིན་ནོ་ཞེས་བྱ་བར་འགྱུར་རོ་ཞེ་ན། འདི་ཉིད་དེ་ཁོ་ན་ཉིད་མ་ཡིན་ནམ། འདི་ལྟ་སྟེ་དེ་ཁོ་ན་ཉིད་དང་བྲལ་བ་ཞེས་བྱའོ། ། དེས་ན་མཐའ་བཞི་ལས་ངེས་པར་གྲོལ་བའི་རྣམ་པར་ཤེས་པ་སྣང་བའི་ཕྱིར་རོ། །དེ་ཁོ་ནར་དེ་ཁོ་ན་མེད་པ་ཉིད་དེ་ཁོ་ན་རིག་པའི་དེ་ཁོ་ན་ཡིན་ནོ་ཞེས་བྱ་བ་འདི་གནས་པ་ཡིན་ནོ། །གལ་ཏེ་དེ་ལྟར་ཡིན་ན་དེའི་ཚེ་རྟག་ཏུ་རྟག་པ་ཡིན་པའི་ཕྱིར་ཇི་ལྟར་འཁོར་བ་ཡིན། དེ་མེད་པའི་ཕྱིར་ རྣམ་པར་བྱང་བ་ཡང་ཇི་ལྟར་འགྱུར་ཞེས་དོགས་པ་ལ་བརྗོད་པ་ནི། འདི་ལ་ཞེས་བྱ་བ་ལ་སོགས་པའོ། །མཐའ་བཞི་དང་བྲལ་བའི་སེམས་འདི་ཉིད་ལ་བདག་ལ་སོགས་པར་སྒྲོ་འདོགས་པ་རྣམ་པར་རྟོག་པའི་རྒྱུན་གྱི་ངོ་བོས་ནི་འཁོར་བའི་རྣམ་པ་ཡིན་ལ་བདག་ལ་སོགས་པར་ སྒྲོ་འདོགས་པ་ལས་བཟློག་པ་ལ་བདག་མེད་པའི་རང་བཞིན་ཙམ་གྱིས་མཐར་ཐུག་པར་རྣམ་པར་ཤེས་པས་ནི་རྣམ་པར་དག་པ་སྟེ་ཐར་པ་ཡིན་ནོ། །འདིར་རྟོག་པ་སྦྱང་བ་ལ་འབད་པར་བྱའོ་ཞེས་ཀྱང་གསུངས་པ་ཡིན་ནོ། །འདི་ལྟར་ཕྱི་རོལ་གྱི་དོན་དུ་ལྷག་པར་ཞེན་པའི་རྣམ་པར་རྟོག་པ་ནི་ འཁྲུལ་པ་དང་བཅས་པ་ཡིན་པའི་ཕྱིར་སྲིད་པ་དང་རྗེས་སུ་མཐུན་པས་ཐ་མལ་པ་ཡིན་ནོ། །གང་གི་རང་བཞིན་ཙམ་ལ་གནས་པ་ཉིད་ཀྱིས་རྟོག་པ་མེད་ཅིང་མ་འཁྲུལ་པའི་ཕྱིར་མངོན་སུམ་གྱི་རང་བཞིན་ནི་ཡོངས་སུ་དག་པ་ཡིན་ནོ། །ཇི་སྐད་དུ། དོན་ལ་རྣམ་པར་རྟོག་པའི་ཕྱིར། །རྟོག་ པའང་རང་རིག་ལ་མི་འདོད། །ཅེས་གསུངས་པ་བཞིན་ནོ། །དེའི་ཕྱིར་རྣམ་པར་རྟོག་པ་ཡང་རང་གི་རང་བཞིན་ལ་རྣམ་པར་མི་རྟོག་པ་ཡིན་པའི་ཕྱིར་ངོ་བོ་ཉིད་ཀྱིས་ཆོས་ཐམས་ཅད་ཡོངས་སུ་དག་པ་ཡིན་ནོ། །དེ་ཉིད་གསུངས་པ་ནི་འདི་ལ་ཞེས་བྱ་བ་ལ་སོགས་པའོ། །དེ་ཉིད་ཀྱི་ཕྱི་སློབ་ དཔོན་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་ཀྱང་། མྱ་ངན་འདས་དང་སྲིད་པ་ཉིད། །གཉིས་པོ་འདི་ནི་ཡོད་མིན་ཏེ། །སྲིད་པ་ཡོངས་སུ་ཤེས་པ་ཉིད། །མྱ་ངན་འདས་པ་ཡིན་པར་བརྗོད། །མྱ་ངན་འདས་པ་འཁོར་བ་ལས། །ཁྱད་པར་ཅུང་ཟད་ཡོད་མིན་ཏེ། །འཁོར་བ་མྱ་ངན་འདས་པ་ལས། །ཁྱད་ པར་ཅུང་ཟད་ཡོད་མ་ཡིན། །ཞེས་གསུངས་སོ། །འོན་ཏེ་གལ་ཏེ་དེ་ཉིད་དུ་སྲིད་པ་དང་ཞི་བའི་རང་བཞིན་དག་ལ་དབྱེ་བ་མེད་ན་འོ་ན་ཇི་ལྟར། གང་ཕྱིར་གཟུགས་སོགས་རྣམ་པ་དང་བྲལ་བ། །ཐམས་ཅད་ལ་ནི་ཞེས་བྱ་བ་ལ་སོགས་པ་བརྗོད་པའོ། །ཐམས་ཅད་ཀྱི་སྒྲ་ནི་དོན་དུ་མའི་ཡུལ་ཅན་ ཡིན་ནོ་ཞེས་གྲག་གོ། །དེ་ཡང་ཐ་དད་པ་མེད་ན་སྦྱོར་བར་འོས་པ་མ་ཡིན་ནོ་སྙམ་པའི་དོགས་པ་བསུ་ནས་གསུངས་པ་ནི། ཐམས་ཅད་ཉིད་ཀྱང་ཞེས་བྱ་བ་ལ་སོགས་པའོ། །ཀུན་རྫོབ་ཏུ་ནི་ཞི་བ་དང་སྲིད་པ་ལ་སོགས་པ་ཐ་དད་པ་ཡོད་པ་ཁོ་ན་སྟེ། དེས་ན་ཀུན་རྫོབ་པའི་དངོས་པོ་སྣང་བ་རང་ བཞིན་གྱིས་ཀུན་དུ་རྟོག་པ་གང་ཡིན་པ་དེ་ལས་གཞན་པའི་ཐམས་ཅད་ཅེས་བྱ་བ་ནི་འགའ་ཡང་ཡོད་པ་མ་ཡིན་ཏེ་ཐམས་ཅད་ཀྱི་སྒྲ་ནི་རྣམ་པར་རྟོག་པས་སྒྲོ་བཏགས་པའི་ཡུལ་ཅན་ཡིན་ནོ། །དེས་ན་དེ་ལྟ་བུར་གྱུར་པ་ཐམས་ཅད་ལ་དེ་ཁོ་ན་ཉིད་དང་ལྡན་པའི་ཐ་དད་པའི་དོན་བདེན་ པ་ཡིན་ན་བདག་མེད་པ་བདག་མེད་པས་སྲིད་པ་ཡོད་པ་ཡིན་པའི་ཕྱིར། སྲིད་པ་དང་ཞི་བའི་རང་བཞིན་རྣམས་ཇི་ལྟར་ཐ་དད་པ་མེད་པ་ཡིན་ཞེ་ན་དེ་ནི་མ་ཡིན་ཏེ། བདག་ཏུ་ལྟ་བ་ནི་རྣམ་པ་གཉིས་ཏེ། མངོན་པར་འདུ་བྱེད་པ་ལས་བྱུང་བ་དང་། ལྷན་ཅིག་སྐྱེས་པའོ། །དེ་ལ་ལུས་ལ་སོགས་ པས་ཐ་དད་པ་དགེ་བ་དང་མི་དགེ་བའི་ལས་བྱེད་པ་པོ་དང་། དེའི་འབྲས་བུ་སྤྱོད་པ་པོ་རྟག་པ་དང་ཁྱབ་པ་ནི་བདག་ཡིན་ནོ་ཞེས་བདག་ཏུ་མངོན་པར་སྨྲ་བ་གཟེག་ཟན་པ་ལ་སོགས་པའི་བསྟན་བཅོས་ལ་སོགས་པ་གོམས་པས་ཉེ་བར་བསྐྱེད་པ་འདུ་བྱེད་ལས་བྱུང་བ་ནི་མངོན་པར་འདུ་བྱེད་ལས་བྱུང་ བ་སྟེ། བྱེ་བྲག་པ་ལ་སོགས་པ་ཡིན་ནོ། །ཐོག་མ་མེད་པའི་མ་རིག་པའི་བག་ཆགས་ཀྱི་དབང་གིས་རྣམ་པར་ཤེས་པའི་རྒྱུན་ལ་བརྟེན་པར་འཛིན་པ་ལ་སོགས་པའི་རང་བཞིན་ཞེས་པ་བདག་ཏུ་རྟོགས་པ་གང་ཡིན་པ་དེའི་རང་བཞིན་ནི་ལྷན་ཅིག་སྐྱེས་པ་སྟེ། སྲོག་ཆགས་ཐམས་ཅད་ལ་ཐུན་ མོང་དུ་ཡོད་པའི་སོ་སོའི་སྐྱེ་བོ་རྣམས་ཀྱི་ཡིན་ནོ། །དེ་ལ་ཕྱོགས་དང་པོ་ལ་རེ་ཞིག་བདག་ཡོད་པ་སྒྲུབ་པར་བྱེད་པའི་ཚད་མ་ཡོད་པ་མ་ཡིན་ནོ། །མངོན་སུམ་གྱིས་ནི་བདག་རྟོགས་པ་མ་ཡིན་ཏེ། མིག་ལ་སོགས་པའི་རྣམ་པར་ཤེས་པ་རྣམས་ཀྱི་ཡུལ་ནི་གཟུགས་ལ་སོགས་པ་སོ་སོར་ངེས་ པ་ཡིན་པའི་ཕྱིར་རོ། །རྗེས་སུ་དཔག་པས་རྟོགས་པ་ཡང་མ་ཡིན་ཏེ། འབྲས་བུ་དང་རང་བཞིན་གྱི་རྟགས་མེད་པའི་ཕྱིར་རོ། །རྟག་ཏུ་ལྐོག་ཏུ་གྱུར་པ་ཡུལ་དང་དུས་སུ་ལྡོག་པ་དང་བྲལ་བའི་བདག་དང་གཞན་འགའ་ཞིག་ལྷན་ཅིག་འགྲོ་བ་དང་ལྡོག་པའི་བདག་ཉིད་བསྐྱེད་པར་བྱ་བ་དང་ སྐྱེད་པར་བྱེད་པའི་དངོས་པོ་མ་གྲུབ་པས་འབྲས་བུའི་རྟགས་མེད་པའི་ཕྱིར་དང་། ཆོས་ཅན་ཡོད་པར་མ་གྲུབ་པའི་ཕྱིར་ན་རང་བཞིན་གྱིས་རྟགས་མི་འཐད་པའི་ཕྱིར་རོ། །གང་གི་རྗེས་སུ་དཔོགས་པར་འགྱུར་བ་ཡོད་པ་སྒྲུབ་པའི་རྟགས་གཞན་ཡང་སྲིད་པ་མ་ཡིན་ནོ། །རྟགས་གཞན་དུ་གྱུར་པ་ཡང་ བསྒྲུབ་བྱས་ཁྱད་པར་འགྱུར་དགོས་ན་བསྒྲུབ་པར་བྱ་བ་བདག་ནི་འགའ་ཡང་མ་གྲུབ་པའི་ཕྱིར་ཁྱབ་པར་བྱེད་པ་ཉིད་དུ་གཏན་ལ་མ་ཕེབས་པས་འགའ་ཡང་དེས་ཁྱབ་པར་ངེས་པར་མི་ནུས་པའི་ཕྱིར་འདི་ལ་ནི་རྟགས་འགའ་ཞིག་ཀྱང་འབྱུང་བ་མེད་དོ། །མིག་ལ་སོགས་པའི་རྣམ་པར་ཤེས་པའམ་རྗེས་ སུ་དཔག་པ་སྒྲུབ་བྱེད་མ་ཡིན་མོད། ང་ཞེས་རྟོགས་པའི་རང་བཞིན་ཅན་བདག་གི་སྒྲུབ་བྱེད་ཡིན་གྱི་མངོན་སུམ་ནི་ཡོད་པ་ཁོ་ན་སྙམ་པའི་དོགས་པ་བསུ་ནས་གསུངས་པ་ནི། ང་ཞེས་བྱ་བ་ལ་སོགས་པའོ། །ང་ཞེས་བྱ་བ་རང་རྟོགས་པའི་ཡུལ་དུ་གྱུར་པ་སེམས་ལས་གཞན་པ་བདག་ལ་ སོགས་པ་ནི་འགའ་ཡང་ཡོད་པ་མ་ཡིན་ཏེ། སྲིད་པ་མ་ཡིན་ནོ། །ངར་རྟོགས་པའི་ཡུལ་ནི་གཟུགས་ལ་སོགས་པ་ཡིན་པའི་ཕྱིར་ཏེ། ང་སྐེམ་པ་ང་སྦོམ་ང་འགྲོའོ་ཞེས་བྱ་བ་ལ་སོགས་པའི་རྣམ་པར་ངའོ་སྙམ་པའི་རྟོག་པ་སྐྱེ་བ་ཡིན་ནོ། །སྐེམ་པ་ཉིད་དང་སྦོམ་པ་ཉིད་དེ་ནི་ལུས་ལས་ གཞན་དུ་གྱུར་པའི་ཆོས་མ་ཡིན་ནོ། །ཁྱབ་དང་ལུས་ཅན་མ་ཡིན་པ་ལ་ནི་ལུས་ཅན་གྱི་རྫས་ཀྱི་རྗེས་སུ་བྱེད་པ་ཅན་འགྲོ་བའི་བྱ་བ་ཡང་འཐད་པ་མ་ཡིན་ནོ། །དེ་ནས་བདག་སྒྲུབ་པར་བྱེད་པའི་ཚད་མ་མེད་པས་ཡོད་པའི་ཐ་སྙད་དུ་བྱར་རུང་བ་ལས་འདས་པ་དང་། གནོད་པར་བྱེད་ པའི་ཚད་མ་ཡོད་པས་ཀྱང་འདི་མེད་པ་ཁོ་ནར་འཐད་དོ་ཞེས་བྱ་བ་འདི་གནས་པ་ཡིན་ནོ། །བདག་ཅེས་བྱ་བ་ཡོད་པ་ཡིན་ན་རྟོགས་པའི་རང་བཞིན་ནམ་འོན་ཏེ་རྟོགས་པ་མ་ཡིན་པའི་རང་བཞིན་ཡིན་གྲང་། དེ་ལ་ཕྱོགས་དང་པོ་ལ་ནི་མིག་ལ་སོགས་པ་འབྲས་བུ་མེད་པར་ཐལ་བ་ བཟློག་དཀའོ། །རྟག་ཏུ་གཟུགས་ལ་སོགས་པ་ལ་དམིགས་པའི་བདག་ཉིད་ཅན་གྱི་བདག་ལ་ནི་མིག་ལ་སོགས་པ་རྣམས་ཡོད་པ་འབྲས་བུ་དང་བཅས་པ་མ་ཡིན་ནོ། །བདག་རྟོགས་པ་མེད་པའི་རང་བཞིན་ཡིན་ཡང་ཡོད་པའི་དངོས་པོ་མི་དམིགས་པས་གནོད་དོ། །དེས་ན་འདི་ནི་མེད་ པ་ཁོ་ནར་འཐད་དོ་ཞེས་གནས་སོ། །ཡང་འཇིག་ཚོགས་སུ་ལྟ་བ་ལྷན་ཅིག་སྐྱེས་པ་ནི་འཇིག་རྟེན་ཀུན་ལ་ཇི་ལྟར་གྲུབ་པ་ཇི་ལྟར་བསྙོན་པར་ནུས་སྙམ་དུ་དོགས་པ་བསུ་ནས་གསུངས་པ་ནི། ང་ཞེས་བྱ་བ་ལ་སོགས་པའོ། །དགོས་པ་ནི་འདི་ཡིན་ཏེ། ཇི་སྐད་བརྗོད་པའི་ཚུལ་དུ་ ཤེས་པ་པོ་དང་། ཤེས་བྱ་ལ་སོགས་པའི་རང་བཞིན་གྱི་དངོས་པོ་ཐམས་ཅད་མེད་པའི་ཕྱིར། ང་ཞེས་བྱ་བ་ངར་འཛིན་པའི་ཡུལ་དུ་གྱུར་པ་བརྟན་པ་དང་། ངར་འཛིན་པ་པོ་ལ་སོགས་པའི་རང་བཞིན་ཇི་སྐད་བརྗོད་པའི་རང་བཞིན་གྱི་སེམས་ལས་གཞན་པ་ནི་འགའ་ ཡང་ཡོད་མིན་ཏེ། སྲིད་པ་མ་ཡིན་ཏེ། དེས་ན་བདག་ཐམས་ཅད་དུ་མེད་པའི་ཕྱིར་ན་སྐྲ་ལ་སོགས་པའི་ཤེས་པ་བཞིན་དུ་བདག་ཏུ་ལྟ་བ་ནི་བདེན་པའི་དོན་ཅན་མ་ཡིན་ནོ། །དེའི་ཕྱིར་བདག་མེད་པ་མེད་པས་སྲིད་པ་དང་དངོས་པོར་ཡོད་པའི་ཕྱིར་སྲིད་པ་དང་ཞི་བའི་དངོས་པོ་རྣམས་ཐ་ དད་པ་མེད་པ་བཀག་པ་མེད་པ་ཡང་མ་ཡིན་ནོ། །ཇི་སྐད་དུ་བརྗོད་པ་མི་འཐད་པ་ཉིད་འཆད་པར་བྱེད་པ་བརྗོད་པ་ནི། གང་ཕྱིར་ཞེས་བྱ་བ་སྟེ། གཏན་ཚིགས་གང་གི་ཕྱིར་ཀུན་རྫོབ་པ་བྱིས་པ་རྣམས་ཀྱིས་རྟོགས་པའི་རང་བཞིན་གང་ཡིན་པ་དེའི་རང་གི་ངོ་བོ་སྟེ་དེ་ཁོ་ན་ཉིད་ཀྱི་རང་བཞིན་བློ་ ལྡན་མ་འཁྲུལ་བ་རྣམས་ཀྱིས་རྟོགས་པ་དེ་ཉིད་དེ་དང་རང་རང་དེ་ཉིད་དེའི་རང་བཞིན་ནོ། །དེས་ནི་ཞི་བ་དང་སྲིད་པའི་རང་བཞིན་ཐམས་ཅད་ཐ་དད་པ་མེད་པ་སྟོང་པ་ཉིད་དུ་རོ་གཅིག་པ་ཉིད་ཀྱིས་དབྱེར་མེད་པར་རྟོག་པ་སྟེ། ཐ་དད་པ་མེད་པ་ཁོང་དུ་ཆུད་པའི་ཕྱིར་དངོས་པོ་ཐམས་ཅད་ཐ་དད་ པ་མེད་པ་ཉིད་ཡིན་ནོ། །ཐམས་ཅད་ཀྱི་འགའ་མེད་ཅེས་བྱ་བ་དེ་ཉིད་གསལ་བར་བྱེད་པས་བརྗོད་པ་ནི། ཡུལ་གང་ཞེས་བྱ་བ་ལ་སོགས་པའོ། །གཟུགས་ལ་སོགས་པ་གཟུང་བའི་ཡུལ་གང་ཞིག་སྣང་བར་འགྱུར་བ་རྣམས་དང་། ངར་འཛིན་པའི་ཡུལ་འཛིན་པ་པོའི་རང་བཞིན་གཞན་ གང་ཡིན་པ་འགའ་ཞིག་རྟོག་པའི་རྟེན་དུ་གྱུར་པ་སྟེ། གཞིར་གྱུར་པ་གཟུང་བ་དང་འཛིན་པ་པོ་དེ་དང་དེ་ནི་དབྱེ་བ་སྟེ་སོ་སོར་གྱུར་ཅིང་བྲལ་བར་གྱུར་པ་དེ་དང་བྲལ་བའི་ཕྱིར་ཐམས་ཅད་ཕན་ཚུན་དབྱེར་མེད་པ་ཡིན་ནོ། །དེས་ན་ཐམས་ཅད་མིན་ཏེ་ཐམས་ཅད་ཅེས་བྱ་བ་ནི་འགའ་ཡང་ཡོད་པར་ ཡིན་ནོ་ཞེས་བྱ་བ་ནི་དེ་ཁོ་ན་ཡིན་ནོ། །དུ་མ་ཉིད་ནི་རྟོག་པ་ལས་གྱུར་པ་ཡིན་ནོ་ཞེས་དགོངས་པའོ། །དེའི་ཕྱིར་དེ་ཁོ་ནར་སངས་རྒྱས་དང་སངས་རྒྱས་མ་ཡིན་པ་མཉམ་པའི་ཕྱིར་སངས་རྒྱས་རྣམས་ནི་ཐ་མི་དད་ལ། སེམས་ཅན་རྣམས་ནི་ཀུན་རྫོབ་ཁོ་ནར་ཐ་དད་པ་ཡིན་ནོ། །དེ་ལྟར་ན་ ཡང་རྫོགས་པའི་སངས་རྒྱས་སུ་བྱས་པའི་འགྲོ་བ་མ་ལུས་པ་ཞེས་གང་བརྗོད་པ་དེ་འཐད་པ་ཉིད་དོ་ཞེས་རྟོགས་པར་བྱ་སྟེ། འགྲོ་བ་ནི་ངོ་བོ་ཉིད་ཀྱིས་རྣམ་པར་དག་པའི་ཕྱིར་རོ། །དོན་དམ་པ་གོམས་པས་ནི་རྣམ་པར་རྟོག་པ་རྣམ་པར་དག་པར་བྱ་བ་ཡིན་ཏེ། རྟོག་པའི་དབང་གིས་སངས་ རྒྱས་ལ་སོགས་པའི་དབྱེ་བ་སྒྲོ་འདོགས་པར་བསྟན་པའི་ཕྱིར་རོ། །དེ་བཞིན་དུ་རྫོགས་པའི་སངས་རྒྱས་སུ་བྱས་པའི་འགྲོ་བ་མ་ལུས་པ་རང་གི་སྔགས་དེའི་ཐིག་ལེར་བཅུག་པ་ཐམས་ཅད་ཀྱི་རང་བཞིན་གྱི་དཀྱིལ་འཁོར་གྱི་འཁོར་ལོའི་རྣམ་པར་བསྒོམ་པ་ནི་འཐད་པ་ཉིད་དོ་ཞེས་ཤེས་ པར་བྱ་སྟེ་ཞེས་བྱ་བ་ལ་སོགས་པ་མེད་ན་རང་གི་སྣང་བ་དེ་ཁོ་ན་དེ་ལྟར་སྐྱེ་བའི་ཕྱིར་རོ། །དེས་ན་ཐམས་ཅད་ལེགས་པར་གནས་སོ། །ད་ནི་ཐལ་ཟིན་པ་ལ་ཆོས་ཉིད་སྦྱོར་བར་བྱེད་པས་ཐམས་ཅད་རྣམ་པར་དག་པ་ཐམས་ཅད་ཀྱི་རང་བཞིན་ཡིན་པས་རྟོགས་པ་པོའི་ལྷག་པར་ཞེན་པས་གཤིན་ རྗེ་མཐར་བྱེད་ལ་སོགས་པའི་རང་བཞིན་དཀྱིལ་འཁོར་གྱི་འཁོར་ལོའི་རྣམ་པ་ཅན་གྱི་སེམས་ལ་དད་པ་ལ་སོགས་པ་རྣམ་པར་དག་པ་ངེས་པ་ཉིད་དུ་བརྗོད་པ་ནི་དད་དང་ཞེས་བྱ་བ་ལ་སོགས་པའོ། །འདི་ལྟར་དད་པ་ལ་སོགས་པའི་སྒྲས་ནི་དད་པའི་སྟོབས་ལ་སོགས་པ་གཟུང་གི །དབང་པོ་ རྣམས་ནི་ཤིན་ཏུ་གསལ་བར་གྱུར་པ་ཉིད་ཀྱིས་སྟོབས་ཀྱི་ཐ་སྙད་བརྟེན་པ་ནི་མ་ཡིན་ཏེ། དེ་དག་ནི་སྒོའི་རྣམ་པར་དག་པའི་རང་བཞིན་དུ་བརྗོད་ཟིན་པའི་ཕྱིར་རོ། །དེས་ན་དེ་རྣམས་ཀྱི་རྣམ་པར་དག་པས་གོ་རིམས་ཇི་ལྟ་བ་བཞིན་དུ་གཤིན་རྗེ་མཐར་བྱེད་ལ་སོགས་པ་སྒོ་སྲུང་དམ་པ་ བཞིའི་རང་བཞིན་དང་། གཟུགས་རྡོ་རྗེ་མ་ལ་སོགས་པ་ཡུལ་མཐའ་དག་གི་རྣམ་པ་ཅན་གྱི་སེམས་ཡིན་ཞེས་དེ་ལྟར་བརྟགས་ནས། རང་གི་ཡིད་ནི་རྣམ་པར་བསྒོམ། །ཞེས་འབྲེལ་ཏོ། །ཡང་སེམས་དེ་ཉིད་ཁྱད་པར་དུ་བྱེད་པ་ནི་མཚན་མ་མེད་པའི་ཞེས་བྱ་བ་ལ་སོགས་པའོ། །དགའ་ བ་ནི་བདེ་བ་ཆེན་པོ་སྟེ། མཚན་མ་མེད་པའི་དགའ་བ་ཆེན་པོ་དེ་རྣམ་པར་དག་པའི་ཕྱིར་སྤྱན་མ་ལ་སོགས་པའི་ལྷ་མོའི་ཚོགས་མཐའ་དག་གི་རང་བཞིན་ནི་དཀྱིལ་འཁོར་གྱི་འཁོར་ལོའི་རྣམ་པ་ཅན་གྱི་སེམས་དེ་ཡིན་ནོ། །སེམས་ཅན་ནི་སེམས་ཅན་གྱི་ཐ་སྙད་ཀྱི་རྒྱུ་ཡིན་པའི་ཕྱིར་མིག་ལ་ སོགས་པ་ལྔའོ། །དོན་ནི་གཟུགས་ལ་སོགས་པ་ཡུལ་གྱི་དོན་ཏོ། །བདག་ནི་ཉོན་མོངས་པ་ཅན་གྱི་ཡིད་ཀྱི་རང་བཞིན་ཏེ་ཀུན་གཞི་ལ་འཇིག་ཚོགས་སུ་ལྟ་བའོ། །རྣམ་རྟོག་ནི་རྟོག་པའི་བདག་ཉིད་ཀྱི་རྣམ་པར་ཤེས་པའོ། །འཇུག་པའི་རྣམ་ཤེས་ནི་མིག་ལ་སོགས་ པའི་རྣམ་པར་ཤེས་པ་ལྔའོ། །དེ་རྣམས་ཀྱི་རྣམ་པར་དག་པ་ནི་དམིགས་སུ་མེད་པ་སྟེ།དེའི་ཕྱིར་རིམ་པ་ཇི་ལྟ་བ་བཞིན་མེ་ལོང་ལྟ་བུ་དང་མཉམ་པ་ཉིད་དང་སོ་སོར་རྟོག་པ་དང་བྱ་བ་གྲུབ་པ་དང་ཤིན་ཏུ་རྣམ་པར་དག་པའི་ཡེ་ཤེས་རྣམས་ཏེ། མེ་ལོང་ལ་སོགས་པ་དེ་དག་ཉིད་དྲི་མ་མེད་པའི་ ཡིད་ཡིན་ནོ། །རྣམ་པར་སྣང་མཛད་ལ་སོགས་པ་ལྔ་དེའི་རང་བཞིན་ཅན་ཡིན་པའི་ཕྱིར་རང་བཞིན་ཅན་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་ཉིད་ནི་སེམས་དེ་ཉིད་ཡིན་ནོ། །དེས་ནི་འདི་སྐད་དུ་རིམ་པ་ཇི་ལྟ་བ་བཞིན་དུ་ཕུང་པོ་ལྔ་རྣམ་པར་དག་པའི་རང་བཞིན་མེ་ལོང་ལྟ་བུ་ལ་སོགས་པ་ལྔའི་ རང་བཞིན་ཅན་རྫོགས་པའི་སངས་རྒྱས་ལྔའི་རང་བཞིན་ནི་སེམས་དེ་ཡིན་ནོ་ཞེས་བརྗོད་པ་ཡིན་ནོ། །དེ་བཞིན་ཉིད་ནི་སྟོང་པ་ཉིད་དེའི་རྣམ་པར་དག་པ་དང་ལྡན་པས་འཁོར་ལོའི་དབང་པོར་ཏེ་དཀྱིལ་འཁོར་གྱི་བདག་པོ་ཉིད་དུ་རྣམ་པར་གནས་པ་འདི་ནི་སེམས་ཡིན་ནོ། །གཟུགས་ལ་ སོགས་པ་འཁྲུལ་པ་གང་ཡིན་པ་གཅིག་ཉིད་ལ་སོགས་པར་སྒྲོ་འདོགས་པས་དེ་སྤངས་པས་དྲི་མ་མེད་པའི་ཕུང་པོ་དང་ཁམས་གང་དག་ཡིན་པ་དེ་དག་ནི་ངོ་བོ་དོན་དམ་པའི་རང་བཞིན་དེར་གྲུབ་པར་གྱུར་པ་དེའི་རང་བཞིན་དུ་ཡོངས་སུ་རྫོགས་པར་གྱུར་པ་འཁོར་ལོ་དེའི་དབང་པོའི་ངོ་ བོར་རྣམ་པར་གནས་པ་འདི་ནི་སེམས་ཡིན་ནོ། །སེར་སྣ་མི་གཏོང་བ་ཉིད་དོ། །དེ་དང་པོར་བྱས་པ་གང་དག་ཡིན་པ་འཆལ་བའི་ཚུལ་ཁྲིམས་དང་བཟོད་པ་དང་མི་སྤྲོ་བ་དང་སེམས་རྣམ་པར་གཡེང་བ་དང་། མ་རིག་པ་དང་རྣམ་པར་གཡེང་བ་དང་ཐབས་དང་བྲལ་བ་དང་། སྨོན་ལམ་ མེད་པ་དང་སྟོབས་མེད་པ་དང་ཡེ་ཤེས་མེད་པ་སྟེ་དེ་དག་ལས་ལོག་པ་སྟེ། ཡང་མི་འབྱུང་བར་འགྱུར་བ་དེའི་ཕྱིར་རིམ་པ་ཇི་ལྟ་བ་བཞིན་སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་བཅུ་དང་དེ་ཡོངས་སུ་གྱུར་པའི་རང་བཞིན་རབ་ཏུ་དགའ་བ་དང་དྲི་མ་མེད་པ་དང་འོད་བྱེད་པ་དང་འོད་འཕྲོ་བ་དང་སྦྱང་དཀའ་ བ་དང་མངོན་དུ་གྱུར་པ་དང་རིང་དུ་སོང་བ་དང་མི་གཡོ་བ་དང་ལེགས་པའི་བློ་གྲོས་དང་ཆོས་ཀྱི་སྤྲིན་ཞེས་བྱ་བ་བཅུའོ། །དེ་དག་ཉིད་གཟུགས་རྡོ་རྗེ་མ་ལ་སོགས་པའི་རང་བཞིན་ཡིན་པ་ཉིད་ཀྱིས་དག་པའི་ཕྱིར་དཀར་པོའི་ཆོས་ཏེ་ཀུན་ནས་ཉོན་མོངས་པའི་དྲི་མ་དང་བྲལ་བ་ཉིད་དོ། །དེའི་རང་བཞིན་གྱི་ཕ་རོལ་ ཏུ་ཕྱིན་པ་དང་། ས་དཀར་པོའི་ཆོས་ཀྱི་རང་བཞིན་ནི་སེམས་ཉིད་ཡིན་ནོ། །རྣམ་པར་མི་རྟོག་པ་ནི་འབད་པ་མེད་པ་སྟེ་རང་གི་ངང་གིས་འཇུག་པ་ཉིད་དོ། །དེས་རང་དང་གཞན་གྱི་དགེ་ལེགས་གང་ཡིན་པ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་འབྲས་བུ་དེའི་རྒྱུ་མཚན་ཉིད་ཡིན་པས་རིམ་ གྱིས་ཏེ། གོམས་པ་ཡོངས་སུ་སྨིན་པའི་རིམ་པས་དེ་ཟབ་པ་དང་རྒྱ་ཆེ་བས་ན་ཤེས་རབ་དང་ཐབས་ཀྱི་བདག་ཉིད་ཅན་གྱི་སེམས་ཡིན་ནོ། །འདིས་ནི་འདི་སྐད་དུ་ཤེས་བྱའི་སྒྲིབ་པ་ལ་སོགས་པ་སྤངས་པའི་མཚན་ཉིད་ཀྱི་ལྷུན་གྱིས་གྲུབ་པར་འཇུག་པ་རང་ནི་དགེ་ལེགས་ཀྱི་རྒྱུ་ཡིན་པས་སྟོང་པ་ཉིད་ ཀྱིས་དཔག་དཀའ་བ་ཡིན་པའི་ཕྱིར་ཟབ་པ་ཉིད་ཀྱིས་ཤེས་རབ་ཀྱི་རང་བཞིན་ནོ། །རྟེན་དང་བརྟེན་པའི་རང་བཞིན་ཅན་དཀྱིལ་འཁོར་དམ་པའི་རྣམ་པ་ཅན་འདི་ནི་སེམས་ཡིན་ཏེ་ཞེས་བྱ་བ་ནི་འདི་ཤེས་རབ་དང་ཐབས་ཀྱི་རང་བཞིན་ཅན་འདི་ནི་འདིར་དེའི་རང་བཞིན་གྱི་རིག་མ་དང་སྐྱེས་བུའི་རང་བཞིན་ ཁོ་ནར་ཤེས་པར་བྱའོ། །དེ་སྐད་དུ། ངོ་བོ་ཉིད་མེད་གང་ཡིན་པ། །ཤེས་རབ་དངོས་པོའི་མཚན་ཉིད་ཐབས། །ཞེས་གསུངས་སོ། །འདི་འདྲ་བ་ཉིད་ཀྱིས་སེམས་ནི་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་ལམ་གྱི་བདེན་པ་ཡིན་ཏེ། སྟོང་ཉིད་སྙིང་རྗེ་དབྱེར་མེད་ནི། །བྱང་ཆུབ་སེམས་ཞེས་བྱ་བར་ བརྗོད། །ཅེས་གསུངས་པ་ཡིན་ནོ། །ད་ནི་འདི་ལ་ཆོས་ཉིད་ནི། །ཞེས་བྱ་བ་ལ་སོགས་པས་གང་ཞིག་ཐ་དད་པར་སྣང་བའི་སྲིད་པ་དང་ཞི་བའི་རང་བཞིན་ཐ་དད་པ་མེད་པར་བརྗོད་པ་དེ་ཡང་དངོས་པོ་མ་ཡིན་ཞེས་གསུངས་པ་ནི་དོན་དམ་དུ་ན་ཞེས་བྱ་བ་སྟེ། དེ་ཁོ་ན་ཉིད་དུ་ནི་གཞན་ལས་ཅུང་ཞིག་ ཐ་དད་མིན་པ་ཞེས་བྱ་བ་ཐ་དད་པ་དང་བྲལ་བ་དང་། ཐ་མི་དད་པ་མིན་པ་ཞེས་བྱ་བ་ཐ་མི་དད་པ་དང་བྲལ་བར་འདོད་དོ། །ཅིའི་ཕྱིར་ཞེ་ན། གཞན་རང་བཞིན་ཐ་དད་པའི་འཛིན་པ་སྟེ་ཡོངས་སུ་གཅོད་པ་དེ་ལྡོག་པའི་རྒྱུའི་ཕྱིར་རོ། །འདི་ལྟར་བསམ་པ་ཡིན་ཏེ། ཤེས་པ་ནི་རང་ཉིད་ཡང་དག་ པར་རིག་པ་ཙམ་གྱིས་མཐར་ཐུག་པ་ཡིན་ཏེ། དེ་གཟུང་བར་ནུས་པ་མ་ཡིན་ཏེ། གཉིས་སུ་ཐལ་བའི་ཕྱིར་རོ། །ཐ་དད་པར་འཛིན་པ་མེད་ན་ཐ་མི་དད་པར་འཛིན་པ་ཡང་མེད་དོ། །ཐ་མི་དད་པ་ན་ཐ་དད་པ་ལ་ལྟོས་པའི་ཕྱིར་ཏེ་ཚུ་རོལ་དང་ཕ་རོལ་བཞིན་ནོ། །དེ་བཞིན་ དུ་བློ་ནི་སྣ་ཚོགས་པ་ཉིད་ཀྱང་མ་ཡིན་ཏེ། སྣ་ཚོགས་པ་མ་ཡིན་པ་ལས་ཐ་དད་པར་མ་རྟོགས་པའི་ཕྱིར་རོ། །དེས་ན་ཚད་མ་འདིས་ནི་དངོས་པོའི་རང་བཞིན་མཐའ་དག་དང་བྲལ་བའི་རྟོགས་པ་ཙམ་ནི་ཀུན་རྫོབ་པའི་དེ་ཁོ་ན་ཡིན་ནོ་ཞེས་གནས་སོ། །དེ་ལྟར་ཡིན་ན་ཡང་ཐ་དད་པ་དང་ཐ་མི་དད་ པ་ལ་སོགས་པ་ཐ་སྙད་པ་རྣམས་ཀྱིས་ངེས་པར་བྱས་པ་གང་ཡིན་པ་དེ་དག་ཐམས་ཅད་ནི་རྟོགས་པའི་ཚུལ་ལས་ཏེ་རྣམ་པར་རྟོག་པས་བཟོར་བཀོད་པ་ཙམ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་ནི་རྣམ་པ་དེ་བཞིན་དུ་ཞེས་བྱ་བའི་དོན་ཏོ། །བསྟན་མ་ཐག་པའི་དོན་དེ་ལྟར་བརྟགས་ནས་ རྣམ་པར་བལྟས་ནས་རང་གི་སྙིང་གའི་སྟེ་ཡེ་ཤེས་སེམས་དཔའི་སྙིང་གའི་དྲི་མ་མེད་པའི་ཟླ་བ་གང་ཡིན་པ་དེ་ལ་གནས་པའི་མཚན་མའི་དབུས་ན་གནས་པའི་སྔགས་མཆོག་མཾ་གྱི་རང་བཞིན་ནོ། །དེ་ཉིད་རང་གི་འོད་ཟེར་ལས་སྐྱེས་པའི་རྒྱལ་བ་རྣམས་ཀྱིས་རྒྱལ་བའི་ངོ་བོར་བྱས་པའི་ འགྲོ་བ་ནང་དུ་ཞུགས་པ་ནི་འོད་ཟེར་དང་བཅས་པ་འོད་གསལ་བའི་ཐིག་ལེའི་རྣམ་པ་ཅན་ཡིན་པའི་ཕྱིར་ཐིག་ལེའོ། །རང་བཞིན་རྣམས་ངོ་བོ་དེ་གང་ལ་ཡོད་པའི་རང་གི་ཡིད་དེ་ནི་སྔགས་མཆོག་གི་ཐིག་ལེ་འོད་གསལ་བའི་རང་བཞིན་རང་གི་ཡིད་དེ། དེར་རྣམ་པར་བསྒོམ་ཞེས་པའོ། ། ཐིག་ལེའི་རྣམ་པ་ཅན་མཾ་གྱི་རང་བཞིན་གྱི་ས་བོན་དེའི་འོད་ཟེར་གྱི་ཕྲེང་བ་ཞུགས་པར་རྣམ་པར་བསམ་ཞེས་འབྲེལ་ཏོ། །ཅི་ཞིག་བྱས་ནས་ཤེ་ན། རྟོགས་བྱས་ནས་ཞེས་བྱ་བ་གསུངས་སོ། །གསུང་དང་ནི་སྐུའི་རྡོ་རྗེའི་ལུས་མི་ཕྱེད་པ་ཉིད་ཀྱི་མཆོག་ཏུ་གྱུར་པ་མཚན་མའི་སྙིང་པོ་ཅན་ལ་ སོགས་པ་རིམ་གྱིས་གསལ་བར་བྱས་ནས་སོ། །འོད་ཟེར་གྱི་ཕྲེང་བས་དམ་ཚིག་སེམས་དཔའ་དང་འབྲེལ་པའི་སྐུ་རྡོ་རྗེ་ལ་སོགས་པའི་ནང་གསལ་བར་བྱེད་པས་བསྟན་པ་འདི་ནི་ད་ལྟར་དེ་ཕྱི་རོལ་གྱི་སྤྲོ་བ་བཀག་པ་ཡིན་ཏེ། ཕྱི་རོལ་དུ་ཡང་སྤྲོ་བ་ནི་དེ་མ་ཐག་ཏུ་འཆད་པར་འགྱུར་བ་ཡིན་ནོ། །སླར་ ཡང་ཐིག་ལེའི་རྣམ་པ་ཅན་གྱི་མཾ་གྱི་རང་བཞིན་དེ་ཉིད་ལ་ཞུགས་ཤིང་ནང་དུ་འདུས་པར་གྱུར་པ་ན་ཡེ་ཤེས་ཀྱི་བདུད་རྩིའི་རྒྱུན་འབེབས་པར་བྱེད་པ་ཞེས་བྱ་བ་ནི་ཡེ་ཤེས་ཀྱི་དཀྱིལ་འཁོར་གྱི་འཁོར་ལོའི་རྣམ་པ་ཅན་གྱི་རྣམ་པར་ཤེས་པ་ཉིད་ཉོན་མོངས་པའི་གདུང་བ་ཐམས་ཅད་སེལ་བར་བྱེད་ པས་བདུད་རྩི་སྟེ། དེ་འབབ་པར་བྱེད་པ་རྣམ་པར་བསམ་མོ་ཞེས་བྱ་བའི་དོན་འདི་ཡིན་ནོ། །ད་ནི་ནམ་མཁའི་མཐས་གཏུགས་པར་སྤྲོ་བ་སྔོན་དུ་འགྲོ་བ་ཅན་གྱི་བསྡུ་བ་གསུངས་པ་ནི། དེ་ནས་ཞེས་བྱ་བ་ལ་སོགས་པའོ། །དེ་ནས་ཞེས་བྱ་བ་ནི་ཐིག་ལེར་དང་པོའི་རྣལ་འབྱོར་དང་ཐིག་ ལེའི་རྣལ་འབྱོར་པ་མཐར་ཐུག་པར་བསྒོམས་ཏེ། སྣང་བ་གཞན་གྱི་ཐིག་ལེར་བཅུག་ནས་བསྐྱེད་པའི་རིམ་པས་སྔ་མ་བཞིན་དུ་འདི་ཡུད་ཙམ་གྱིས་ཏིང་ངེ་འཛིན་གསུམ་གྱི་རང་བཞིན་རང་གི་བདག་པོ་ལྷག་པར་མོས་པར་བྱས་པ་ཞེས་བྱ་བའི་དེ་མ་ཐག་ཏུ་དེ་ལྟར་ཞུགས་པའི་འོད་ཀྱི་ ཕྲེང་བས་འཇམ་པའི་རྡོ་རྗེའི་ལུས་ཀྱི་ནང་མཚན་མའི་སྙིང་པོ་ཅན་ལ་སོགས་པའི་རིམ་གྱི་གསལ་བར་བྱས་ནས་བ་སྤུ་སོ་སོ་ནས་བྱུང་བའི་འོད་ཀྱི་དཀྱིལ་འཁོར་གྱི་བཀོད་པ་མཐའ་ཡས་པ་རྣམས་ཀྱིས་ཐམས་ཅད་ཡོངས་སུ་དག་པར་བྱས་ཏེ་དེ་ཉིད་དུ་འོད་ཟེར་གྱི་ཕྲེང་བའི་རིམ་གྱིས་ ཞུགས་པར་རྣམ་པར་བསམ་ཞེས་སྔ་མ་དང་འབྲེལ་ཏོ། །དོན་ནི་འདིར་ཐིག་ལེའི་དབུས་སུ་ཡང་འཁོར་ལོ་སྒོམ་པར་བྱེད་པས་ཇི་སྲིད་འདོད་པའི་བར་དུ་དེ་ལྟར་བསྡུ་བར་བྱའོ་ཞེས་བྱ་བའི་དོན་འདི་ཡིན་ནོ། །འདི་ཡན་ཆད་ཀྱིས་ནི་ཐིག་ལེའི་རྣལ་འབྱོར་ལས་རྒྱལ་པོ་མཆོག་གི་མིང་ཅན་ ཏིང་ངེ་འཛིན་གསུམ་པ་བརྗོད་པ་ཡིན་ནོ། །ཕྲ་མོའི་རྣལ་འབྱོར་ལ་སོགས་པ་ཡང་དེ་དང་ཉེ་བའི་ཕྱིར་ལས་རྒྱལ་པོ་མཆོག་གི་ཏིང་ངེ་འཛིན་དུ་འདུས་པ་ཡིན་ནོ། །ཐིག་ལེའི་རྣལ་འབྱོར་མཇུག་བསྡུས་མ་ཐག་ཏུ་ཕྲ་མོའི་རྣལ་འབྱོར་བསྒོམ་པའི་ཆོ་ག་བརྗོད་པ་ནི། དེ་ནས་ཞེས་བྱ་བ་ལ་ སོགས་པའོ། །གང་གིས་ཤེས་རབ་དམ་པ་ཡོངས་སུ་གཟུང་བ་དེ་ནི་ཤེས་རབ་དམ་པ་ཡོངས་སུ་གཟུང་བ་སྟེ། ཐབས་དང་ཤེས་རབ་ཀྱི་ལུས་ཅན་གྱིས་ཞེས་བྱ་བའི་དོན་ཏོ། །རང་གི་མཚན་མ་ནི་རལ་གྲིའོ། །ཕྲ་མོ་ནི་ནས་འབྲུའི་ཚད་ཙམ་མོ། །འོད་བཅས་ཤིང་ཞེས་བྱ་བ་ནི་འོད་ གསལ་བ་དང་བཅས་པའི་རང་གི་མཚན་མ་གང་ལ་ཐུབ་པའི་ཚོགས་ཡོད་པ་དེ་ནི་ཐུབ་ཚོགས་ནང་ཞུགས་སོ། །རིག་མའི་སྣའི་རྩེ་མོ་ན་གནས་པ་ནོར་བུ་དང་སྦྱར་བ་བསྒོམ་པར་བྱའོ། །དོན་ནི་སྔ་མ་ལྟར་པདྨའི་ནང་དུ་ཞུགས་པ་དེ་བཞིན་གཤེགས་པ་ཞུ་བ་ལས་སྐྱེས་པ་མྃ་གྱི་ རང་བཞིན་གྱི་རལ་གྲི་ཕྲ་མོའི་ཆང་གཟུངས་ཀྱི་ནང་དུ་ཆུད་པའི་ཁང་པ་བརྩེགས་པ་ན་གནས་པའི་རྡོ་རྗེ་འཆང་ལ་སོགས་པ་ཕྲ་མོའི་རྣལ་འབྱོར་གྱི་མཐར་ཐུག་པར་རྫོགས་པའི་ཐུབ་པའི་འཁོར་ལོ་རང་གི་རྡོ་རྗེ་རྩེ་མོ་ལྕགས་ཀྱུའི་རྣམ་པར་བྱས་པས་པདྨའི་སྟེང་གི་རིག་མའི་ནང་ནས་ཕྱུང་སྟེ་རིག་མའི་སྣའི་ རྩེ་མོ་ན་གནས་པར་བྱས་པར་བསྒོམ་མོ་ཞེས་བྱ་བ་འདི་ཡིན་ནོ། །བརྩེ་བས་ཞེས་བྱ་བ་ནི་ཐབས་ཀྱིས་སོ། །མཚན་མ་བརྟན་པོ་ཞེས་བྱ་བ་ནི། དང་པོ་སྨིག་རྒྱུའི་རྣམ་པ་སྟེ། །གཉིས་པ་དུ་བའི་རྣམ་པ་ཡིན། །གསུམ་པ་ནམ་མཁའི་རྣམ་པ་ཅན། །བཞི་པ་སྒྲོན་མ་ལྟ་བུར་འབར། །སྤྲིན་མེད་ ནམ་མཁའ་ལྟ་བུར་ནི། །རྟག་ཏུ་གསལ་བ་ལྔ་པ་ཡིན། །ཕྲ་མོའི་རྣལ་འབྱོར་དེའི་མཚན་མ་བརྟན་པོ་འདི་འདྲ་བ་མཐོང་ནས་དེའི་ཞེས་བྱ་བ་མཚན་མ་ཕྲ་མོའི་འོད་ཟེར་གང་དག་ཡིན་པ་དེ་དག་ལས་བྱུང་བའི་ཐུབ་པའི་དབང་པོ་དེ་དག་དང་རང་གི་མཚན་མ་རྣམ་པ་སྣ་ཚོགས་པ་པདྨའི་ མཆོག་གི་སྤུགས་ལྟ་བུའི་ཕྱག་མཚན་དང་ལྡན་པའི་བྱང་ཆུབ་སེམས་དཔའི་སྤྲིན་ཆེན་པོ་རྣམས་བློ་དང་ལྡན་པས་ཡང་ནས་ཡང་དུ་སྤྲོ་བར་བྱའོ། །འདིས་ནི་ཕྲ་མོའི་རྣལ་འབྱོར་བསྟན་ཏོ། །ཐིག་ལེའི་རྣལ་འབྱོར་དང་ཕྲ་མོའི་རྣལ་འབྱོར་གཉི་ག་ཡང་འཇམ་པའི་རྡོ་རྗེ་དང་། དེའི་རིག་ མ་དང་། དཀྱིལ་འཁོར་པ་རྣམས་ཀྱི་བསྙེན་པ་དང་། ཉེ་བའི་སྒྲུབ་པ་དང་། སྒྲུབ་པ་ཆེན་པོ་རྒྱུ་མཐུན་པ་ལ་སོགས་པ་ཇི་སྐད་བརྗོད་པ་རྣམས་ནི་རིམ་པ་ཇི་ལྟ་བ་བཞིན་དུ། ཆུང་ངུ་དང་འབྲིང་དང་ཆེན་པོ་ཡིན་ཏེ་སྔ་མ་བཞིན་ཤེས་པར་བྱའོ། །ཐིག་ལེའི་རྣལ་འབྱོར་དང་ཕྲ་ མོའི་རྣལ་འབྱོར་གཉི་གའི་ཡང་རྒྱུ་མཐུན་པའི་འབྲས་བུ་ལ་སོགས་པའི་ཡན་ལག་བཞི་པོ་རྣམས་ནི་ཆེན་པོ་ཁོ་ན་ཡིན་ནོ་ཞེས་ཁ་ཅིག་གིས་བརྗོད་པ་གང་ཡིན་པ་དེ་ནི་མི་འཐད་དེ། འདིར་བཅོམ་ལྡན་འདས་ཀྱིས་ཡན་ལག་དང་དེའི་འབྲས་བུ་ནི་ཆུང་ངུ་ཡིན་ལ་ཤེས་རབ་ཀྱིས་ནི་འབྲིང་ ཡིན་ནོ་ཞེས་བརྗོད་པར་རིགས་ཀྱི་རྒྱུ་མཐུན་པའི་འབྲས་བུ་ཆེན་པོ་ནི་མ་ཡིན་ནོ། །འོན་ཏེ་ཏིང་ངེ་འཛིན་གསུམ་པ་ལ་མི་མཐུན་ཕྱོགས་མཐའ་དག་ཟད་པར་བྱེད་ནུས་པའི་ཕྱིར་བཅོམ་ལྡན་འདས་ཀྱི་ཡང་ཆེན་པོ་ཡིན་ནོ། །དེས་ན་ཆུང་ངུ་མེད་པས་ཆུང་ངུ་དང་ཆེན་པོ་དག་གི་བར་ན་གནས་པ་ཉིད་མེད་པས་ འབྲིང་ཡང་མི་སྲིད་དོ། །དེས་ན་ཆེན་པོ་ཡིན་ནོ་ཞེས་བརྗོད་པ་ཡིན་ནོ་ཞེ་ན། དེ་ཡང་ཤིན་ཏུ་མ་འབྲེལ་ཏེ། འདི་ལྟར་དེའི་ཚེ་བཅོམ་ལྡན་འདས་ལ་བརྟེན་པའི་ཡན་ལག་བཞི་བོ་ཉིད་ཀྱིས་མི་མཐུན་པའི་ཕྱོགས་ཟད་པར་མི་ནུས་པའི་ཕྱིར་ཤེས་རབ་དང་དཀྱིལ་འཁོར་བ་ལ་སོགས་པའི་དོན་མེད་པར་ཐལ་ བ་བཟློག་དཀའོ། །དེ་ལྟར་གྱུར་ན་ནི་འདིར་འཇམ་པའི་རྡོ་རྗེ་ཙམ་བསྒོམ་པར་བྱ་བར་འགྱུར་རོ། །དེ་ལྟར་ནི་འཐད་པ་མ་ཡིན་ཏེ། འདི་ལྟར་ཡེ་ཤེས་ཞབས་ཀྱིས་ནི་འདི་ཉིད་དུ་ཐུབ་ཚོགས་ནང་ཞུགས་ཞེས་གསུངས་པ་ཡིན་ནོ། །དེས་ན་མི་མཐུན་པའི་ཕྱོགས་ཟད་པའི་རིམ་གྱིས་དོན་དེ་ལས་ གཞན་པའི་རྒྱུ་མཐུན་པ་ལ་སོགས་པའི་ཡན་ལག་ནི་གདོན་མི་ཟ་བར་འདོད་པར་བྱའོ། །དེས་ན་འདིར་ཡང་ལྟོས་པའི་ཐ་དད་པས་ཆུང་ངུ་ལ་སོགས་པ་ནན་གྱིས་ལྷུང་བ་ཡིན་ནོ། །གཞན་ཡང་། དེ་བཞིན་སྦྱོར་བ་བསྙེན་སོགས་ལྟར། །རྒྱུ་མཐུན་ཡོངས་སུ་ལྷག་མོས་པ། །ཆུ་སོགས་དབྱེ་ བས་ཕྲ་མོ་དང་། །ཐིག་ལེ་གསང་གསུམ་ལས་སྐྱེས་བསྒོམ། །ཞེས་བཟང་པོ་ཞབས་ཀྱིས་གསུངས་བ་གང་ཡིན་པ་དེ་ཡང་ཆེན་པོའི་ཡང་ཆེན་པོ་དེ་སྐད་དུ་སྨྲ་བ་རྣམས་ཀྱིས་གསལ་བར་འགྱུར་ཏེ། དེས་ན་ཤིན་ཏུ་དཔྱད་པས་མཆོག་གོ། །དེས་ན་ཐིག་ལེ་དང་ཕྲ་མོ་གཉི་གའི་ཡང་བསྙེན་པ་ལ་སོགས་པའི་ ཡན་ལག་དང་དེའི་རྒྱུ་མཐུན་པའི་འབྲས་བུ་ལ་སོགས་པ་རྣམས་ཀྱང་ཆུང་ངུ་ལ་སོགས་པའི་དབྱེ་བས་ཐ་དད་པ་ཡིན་ནོ་ཞེས་བྱ་བ་འདི་གནས་པ་ཡིན་ནོ། །འདི་ཐམས་ཅད་ཀྱང་དཀྱིལ་འཁོར་སྔ་མ་ལ་གནས་པའི་རྣལ་འབྱོར་པ་ཁོ་ནས་སྣང་བ་གཞན་དུ་ལྷག་པར་མོས་པས་བྱ་བ་ཡིན་ནོ། ། བཟླས་པས་བརྗོད་པའི་དོན་དུ་གསུངས་པ་ནི། དངོས་པོ་ཀུན་གྱིས་ཞེས་བྱ་བ་ལ་སོགས་པའོ། །དངོས་པོ་ཀུན་གྱི་བདག་ཉིད་དེ་ཐམས་ཅད་ཀྱི་བདག་ཉིད་ཅན་གྱི་དཀྱིལ་འཁོར་གྱི་འཁོར་ལོའི་རང་བཞིན་རང་སེམས་ཀྱི་དབང་པོ་སྟེ། སེམས་ཀྱི་རྒྱལ་པོ་ལ་སེམས་གང་གིས་གཞག་ཅིང་གཏད་ པ་དེ་ནི་སེམས་གཞག་པའོ། །དཀྱིལ་འཁོར་གྱི་འཁོར་ལོའི་རྣམ་པ་ཅན་གྱི་སེམས་ཀྱི་བདག་ཉིད་ཀྱིས་ཞེས་བྱ་བའི་དོན་ཏོ། །རང་གི་སྐུ་རྡོ་རྗེ་ལ་སོགས་པའི་སྙིང་ག་ན་གནས་པའི་མཚན་མ་ལ་སོགས་པའི་ནང་དུ་ཆུད་པའི་ཨོཾ་ལ་སོགས་པའི་རང་བཞིན་རྣམས་ དང་འབྲེལ་བའི་ཕྱིར་སྣ་ཚོགས་པའི་འོད་ཟེར་ཅན་གྱི་རང་གི་གསང་སྔགས་ཏེ་ཡེ་ཤེས་སེམས་དཔའི་ཐུགས་ཀ་ན་གནས་པའི་མྃ་གྱི་རང་བཞིན་སྒོམ་པར་བྱེད་པའི་སྔགས་པས་བཟླས་པར་བྱའོ། །ཇི་ལྟར་ཞེ་ན་བརྗོད་པ་འབྱུང་དང་འཇུག་པ་སྟེ། དབུགས་དབྱུང་བ་དང་རྔུབ་ པ་དག་གིས་ལེགས་པར་དབང་བསྐུར་བ་སྣ་ཚོགས་ཀྱི་འོད་ཟེར་ཅན་གྱི་གསང་སྔགས་ཀྱི་རྒྱལ་པོའོ། །མྱུར་བ་ལ་སོགས་པ་དང་བྲལ་བས་གསལ་བར་བརྗོད་ནས་ཏེ། སྤྲོ་བ་དང་བརྗོད་པ་དག་དུས་མཚུངས་པ་ཡིན་ཡང་བརྗོད་པ་རྩོམ་པ་སྔར་བྱུང་བར་བསྟན་པའི་དོན་དུ་ནས་ ཞེས་ཏྭའི་རྐྱེན་གྱིས་བསྟན་ཏོ། །དེས་ན་དོན་འདི་ཡིན་ཏེ། བརྗོད་པས་སྤྲོ་བར་བྱའི་སྤྲོས་པས་བརྗོད་པར་བྱ་བ་ནི་མ་ཡིན་ནོ་ཞེས་བྱའོ། །དཔལ་གསང་བ་འདུས་པ་ལས་ཀྱང་བརྗོད་པས། རྡོ་རྗེ་སྤྲོ་བྱ་སྟེ། རྫོགས་པ་ཡིས་ནི་བསྡུ་བར་བྱ་ཞེས་གསུངས་སོ། །དེས་ན་དེ་ལྟར་ བརྗོད་ནས་སྐུ་ལ་སོགས་པ་རྣམས་ནི་རིམ་གྱིས་དང་། ཅིག་ཆར་དག་ནི་རབ་ཏུ་སྤྲོ་བར་བྱ། །ཞེས་བྱ་བ་ནི་སྐུ་ལ་སོགས་པའི་ཡི་གེ་རྣམས་ལས་རིམ་པ་བཞིན་ཅིག་ཅར་རམ་སོ་སོར་ལྷ་མོ་བཅུ་དང་དེ་བཞིན་གཤེགས་པ་དང་བཅས་པའི་སྐུ་ལ་སོགས་པ་རྣམས་སྤྲོ་ཞིང་ཡེ་ཤེས་སེམས་ དཔའི་ས་བོན་ལས་ནི་ལྷ་མོ་དང་དེ་བཞིན་གཤེགས་པ་རྣམས་སྤྲོ་བར་བྱ་བའི་གཉི་ག་ལྟར་ཡང་ཡེ་ཤེས་སེམས་དཔའ་ནི་སྤྲོ་བར་མི་བྱའོ། །དེ་ནས་འོད་ཟེར་གྱིས་གསལ་བ་རྣམས་ཀྱིས་ནི་ནམ་མཁའི་ཁོངས་ཏེ་ནམ་མཁའི་ནང་ཀུན་དུ་བཀང་ནས་དེ་ནས་སྔར་བཞིན་ཞེས་བྱ་བའི་ཏིང་ ངེ་འཛིན་པས།རང་གི་ས་བོན་གྱི་ནི་འོད་རྣམས་ཀྱིས། གཟུགས་ལ་སོགས་པ་ཐམས་ཅད་དྲངས་ནས་ནི། །པདྨའི་ནང་དུ་འོད་ཀྱི་དཀྱིལ་འཁོར་ཅན། །བྱང་ཆུབ་ཡིད་ཀྱི་ངོ་བོར་བསྒོམ་པར་བྱ། །ཞེས་བྱ་བ་ལ་སོགས་པའི་བརྗོད་པའི་ཆོ་གས་གཟུགས་རྡོ་རྗེ་མ་ལ་སོགས་པ་ མཆོད་པའི་སྤྲིན་གྱི་བཀོད་པ་རྣམ་པ་སྣ་ཚོགས་པ་ཀུན་དུ་སྤྲོ་བར་བྱའོ། །དེ་ནས་སྤྲོས་པའི་ཚོགས་རྣམས་གསང་སྔགས་བརྗོད་པའོ། །མཐར་རང་གི་ས་བོན་དུ་གཞུག་པར་བྱའོ་ཞེས་བརྗོད་པ་ནི་རིག་མ་མཆོག་དང་ཞེས་བྱ་བ་ལ་སོགས་པའོ། །རིག་མ་མཆོག་དང་ཀུན་དུ་འཁྱུད་པའི་བདེ་བ་ ཆེན་པོ་གང་ཡིན་པ་དེ་བསྟར་ཞིང་ཉམས་སུ་མྱོང་བ་དེའི་གཞན་གྱི་དབང་དུ་གྱུར་པ་དེའི་རང་བཞིན་གྱི་ཐུབ་པའི་དབང་པོ་མཛེས་པའི་ཚོགས་ལ་བལྟས་ནས་རང་གི་ལུས་ཉིད་ལ་གཞུག་པར་བྱའོ། །འདིས་ནི་འདི་སྐད་བརྗོད་པ་ཡིན་ཏེ། ཕྲ་མོའི་རྣལ་འབྱོར་བསྡུས་ནས་འཁོར་ལོ་ལ་སོགས་པའི་ མཚན་མའི་དབུས་ན་གནས་པའི་ཨོཾ་ལ་སོགས་པའི་རང་བཞིན་རྣམས་ལས་ལྷ་མོ་དང་དེ་བཞིན་གཤེགས་པ་དང་བཅས་པའི་སྐུ་རྡོ་རྗེ་ལ་སོགས་པ་རྣམས་སོ་སོར་བརྗོད་པའི་དུས་སུ་རིམ་པ་དང་ཅིག་ཅར་སྤྲོས་ནས་མཆོད་ནས་བསྡུས་ཏེ་འཇུག་པར་བྱེད་པས་བཟླས་པ་བྱའོ་ཞེས་བྱ་བ་ནི་ སྔགས་བཟླས་པའོ། །ཚིམ་པར་བྱེད་པ་བརྗོད་པའི་དོན་དུ་གསུངས་པ་ནི། རང་གི་སྙིང་པོ་ཞེས་བྱ་བ་ལ་སོགས་པའོ། །རང་གི་སྙིང་པོ་ནི་མྃ་གྱི་རང་བཞིན་ནོ། །དེ་ཉིད་ནི་དང་པོའི་སྦྱོར་བ་ལ་སོགས་པའི་རང་བཞིན་ཡིན་པའི་ཕྱིར་དེ་ཉིད་དོ། །དེ་ངེས་པར་རྟོག་པ་ནི་བསྒོམ་པ་སྟེ། དེས་ སྐྱོ་ཞིང་ངལ་བ་དེས་ན་རང་གི་སེམས་ཀྱི་རྒྱུ་བ་དམན་ཞིང་ཞན་པ་དེ་ལ་དེ་སྐད་ཅེས་བྱའོ། །དེ་ལྟར་སྦྱོར་བར་གྱུར་ན་སྔ་མ་བཞིན་སྤྱན་མ་ལ་སོགས་པ་རིག་མའི་ཚོགས་ཀྱི་གླུ་དབྱངས་རྣམས་ཀྱི་རབ་ཏུ་སད་པས་དེས་བསྐུལ་བས་འཁོར་ལོ་མངོན་པར་མཆོད་དོ། །ཚིམ་པར་བྱེད་པ་ཉིད་བརྗོད་པ་ནི་ འབྱུང་དང་འཇུག་པ་སྟེ་འབྱུང་བ་དང་རྔུབ་པའོ། །དེ་ཉིད་འོད་ཡིན་ལ་དེ་ཉིད་ལྕགས་ཀྱུ་ཡང་ཡིན་ཏེ། དེས་དམ་པའི་སེམས་དེ་བྱང་ཆུབ་ཀྱི་སེམས་དེའི་རང་བཞིན་གྱི་ཆུ་རྒྱུན་བཀུག་སྟེ། སྐྱོ་བ་གསལ་བའི་དོན་དུ་སྐྱོ་བ་ཞི་བར་བྱ་བའི་ཕྱིར་སྐུ་རྡོ་རྗེ་ལ་སོགས་པ་དག་ལ་དབབ་པར་བྱ་སྟེ་བབ་པར་ བསྒོམ་མོ། །ཆོ་ག་བཞིན་ཞེས་བྱ་བ་ནི་མཐོ་གང་ཙམ་འདས་པའི་སྤྱི་བོའི་སྟེང་ན་ཟླ་བ་མཐོ་གང་ཙམ་ལ་ཡོད་པའི་ཕྱིར་རྫས་ལྔ་པོ་ས་བོན་ལྔས་བྱིན་གྱིས་བརླབས་པ་རང་རང་གི་འོད་ཟེར་གྱིས་བཀུག་པའི་དེ་བཞིན་གཤེགས་པ་རྣམས་དང་གཅིག་ཏུ་གྱུར་པ་པྲ་ཎ་བ་ལ་བསྐོར་བ་རང་གི་ས་བོན་གྱི་འོད་ ཀྱིས་རེག་པས་ཁུ་བར་གྱུར་ཅིང་ཨོཾ་གྱིས་རེག་པས་ཐམས་ཅད་བདུད་རྩིར་གྱུར་པ་རྣམ་པར་བསམས་ནས་བྱང་ཆུབ་ཀྱི་སེམས་ཀྱི་ཆུ་རྒྱུན་གྱི་རང་བཞིན་དེས་བཤད་མ་ཐག་པའི་ཆོ་གས་སོ། །དེ་ཉིད་ཤེས་པས་སྔགས་མཆོག་གི་སྔགས་ལ་ཡང་མ་ཆགས་པར་བྱའོ། །གཤེགས་ སུ་གསོལ་བ་བརྗོད་པ་ནི་སྔགས་པ་ཞེས་བྱ་བ་ལ་སོགས་པའོ། །སྔགས་པ་འཁོར་ལོ་བསྒོམ་པ་ལ་སོགས་པ་གཤེགས་སུ་གསོལ་བ་ལ་སྤྲོ་བ་སྐྱེས་ཤིང་བརྩོན་པ་ལངས་པའོ། །སྔ་མ་བཞིན་དུ་བསྟོད་དང་མཆོད་པ་ལ་སོགས་བྱས་གྱུར་ཅིང་། གང་གིས་སྲོག་ལ་སོགས་པ་ཡི་གེ་གསུམ་གྱིས་ཡེ་ ཤེས་སེམས་དཔའི་འཁོར་ལོ་ལ་ཕྱི་རོལ་གྱི་འཁོར་ལོ་བཅུག་ཅིང་ནང་དུ་བསྡུས་པའི་སྲོག་ལ་སོགས་པས་འཁོར་ལོ་བྱས་པ་དེས་སྐུ་ལ་སོགས་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་བརྟགས་པ་བསྒོམ་པར་བྱའོ། །རྣམ་པ་འདི་འདྲའི་དེ་ཉིད་མཐོང་བ་གང་ཡིན་པ་ལྷའི་འཁོར་ལོ་ལ་སོགས་པའི་རྣམ་པ་དེ་དང་བྲལ་ བའི་སེམས་ཅན་གྱི་ཁམས་ལ་བློས་དམིགས་ནས་འགྲོ་བ་ལ་ཕན་པའི་དོན་དུ་བརྩེ་བས་རྟག་ཏུ་ཐམས་ཅད་ནས་སེམས་ཅན་གྱི་དོན་བྱེད་པར་གྱུར་ཅིག་ཅེས་བྱ་བ་ལ་སོགས་པ་བྱས་ཟིན་པའི་སྨོན་ལམ་ལ་ཕྱོགས་པར་བྱའོ། །དེ་ནས་བསམ་གཏན་ལ་ལངས་ནས་རང་ཉིད་ཀྱི་ལྷའི་རྣམ་པའི་ང་རྒྱལ་འཛིན་པར་བྱེད་ པའོ། །དེ་ཉིད་ཀྱི་ཕྱིར་དག་པའི་སེམས་ཅན་ཡིན་ཏེ། ལྷའི་ང་རྒྱལ་ཉིད་ཀྱིས་ཐ་མལ་པའི་རང་བཞིན་སྤོང་བའི་ཕྱིར་རོ། །ཡུལ་རྣམས་ཡོངས་སུ་སྒོམ་བྱེད་པས། །བྱ་བ་མཐའ་དག་ཡང་དག་བསྒྲུབ་པར་བྱ། །ཞེས་འབྲེལ་ཏོ། །ཡུལ་ཇི་ལྟ་བུར་གྱུར་པ་ཞིག་ཅེ་ན་བརྗོད་པ། སྔ་མ་བཞིན་ དུ་གཟུང་བ་དང་འཛིན་པ་དང་རྣམ་པར་བྲལ་བའི་ཕྱིར་སྒྱུ་མ་ལྟ་བུའོ། །དེ་ཉིད་ཀྱི་ཕྱིར་སྣང་བར་གནས་པའི་ཡུལ་ལོ། །སྣང་བ་ནི་རང་རིག་པའི་རང་བཞིན་དུ་སྣང་བའི་ཚུལ་གྱིས་སོ་སོར་སྣང་བ་ཙམ་སྟེ། ཤེས་པའི་རྣམ་པ་ཞེས་བྱ་བའི་དོན་ཏོ། །དེར་གནས་པ་ནི་རྣམ་པར་གནས་པ་སྟེ། གཟུགས་དང་སྒྲ་དང་དྲི་ལ་སོགས་པ་སོ་སོར་ངེས་པའི་ཡུལ་རྣམས་དེ་ཙམ་ཡིན་པས་སོ། །དོན་ནི་འདི་ཡིན་ཏེ། ཕྱི་རོལ་གཟུགས་ལ་སོགས་པའི་དངོས་པོ་མཐའ་དག་མེད་པས་གཟུགས་ལ་སོགས་པ་ཡུལ་རྣམ་པར་གནས་པ་མཐའ་དག་ནི་དེའི་བག་ཆགས་ཙམ་ལས་སྐྱེས་པའི་ ཀུན་རྫོབ་པ་གཟུགས་ལ་སོགས་པའི་རྣམ་པར་སྣང་བ་ཁོ་ན་ཡིན་ནོ་ཞེས་བྱ་བའོ། །གཞན་ཡང་ཁྱད་པར་དུ་བྱེད་པ་དེ་དག་ནི་ཚོར་བ་དང་དྲི་དག་རྣམ་པར་དག་པས་རིན་ཆེན་འབྱུང་བའོ། །འདུ་ཤེས་དང་རོ་རྣམ་པར་དག་པས་ནི་འོད་དཔག་མེད་དོ། །འདུ་བྱེད་དང་རེག་བྱ་རྣམ་པར་དག་པས་ ནི་དོན་ཡོད་པའོ། །རྣམ་ཤེས་དང་སྒྲའི་སྐྱེ་མཆེད་རྣམ་པར་དག་པས་ནི་ཐུགས་ཀྱི་རྡོ་རྗེའོ། །རྣམ་པར་དག་པ་འདི་འདྲ་བ་ནི་སེམས་ཅན་མོས་པ་སྣ་ཚོགས་ཅན་གྱི་ངོར་བྱས་པ་ཡིན་པར་བལྟ་བར་བྱ་སྟེ། དོན་དམ་པར་ནི་སངས་རྒྱས་རྣམས་ཐམས་ཅད་རྣམ་པར་དག་པའི་རང་བཞིན་དུ་ རྟོགས་པར་བྱའོ། །དེའི་ཕྱིར་དེ་ལྟར་ཡུལ་རྣམས་སྐུ་རྡོ་རྗེ་ལ་སོགས་པའི་རང་བཞིན་དུ་གྱུར་པ་ཡིན་ནོ། །ཆོས་ཉིད་ཀྱིས་ན་ཞེས་བྱ་བ་དེ་ཁོ་ནར་ནི་ཕན་ཚུན་དབྱེར་མེད་པའི་ཕྱིར་དཔལ་ལྡན་རྡོ་རྗེ་འཆང་གི་རྣམ་པ་དང་ལྡན་པ་སྟེ། གཉིས་སུ་མེད་པའི་ཡེ་ཤེས་ཀྱི་རང་བཞིན་དུ་ཡོངས་སུ་སྒོམ་ པར་བྱེད་པའོ། །དེ་ཉིད་ཀྱི་ཕྱིར་གཟུང་བ་ལ་སོགས་པའི་རང་བཞིན་ཅན་ནམ་ཐ་མལ་པའི་ང་རྒྱལ་གྱི་བདག་ཉིད་ཅན་ཕྱིན་ཅི་ལོག་གི་རྟོག་པ་དང་བྲལ་ཞིང་སྤངས་པས་དམ་པའི་ཆོས་བཤད་པ་དང་རྒྱུ་བ་ལ་སོགས་པའི་བྱ་བ་མཐའ་དག་བསྒྲུབ་པར་བྱ་སྟེ། རྗེས་སུ་བསྒྲུབ་པར་བྱའོ། །དེ་ལྟར་ཇི་སྐད་ བརྗོད་པའི་ཆོ་གས་ལྷའི་ང་རྒྱལ་དང་ལྡན་པའི་རྣལ་འབྱོར་པའི་བྱ་བ་མཐའ་དག་བསྒྲུབ་པ་འདི་ནི་རྣལ་འབྱོར་པ་དེའི་དུས་ཐམས་ཅད་དུ་ཐུབ་པའི་འཁོར་ལོ་མཆོད་པའི་དམ་པ་ཡིན་ཏེ། རྟག་ཏུ་མཉམ་པར་གཞག་པ་ཡིན་པའི་ཕྱིར་རོ། །འདིས་ནི་ཐོ་རངས་ཀྱི་ཐུན་མཚམས་བརྗོད་དོ། །ཟས་ཀྱི་ཆོ་ ག་གསུངས་པ་ནི་ཟས་ཀྱི་དུས་སུ་ཞེས་བྱ་བ་ལ་སོགས་པའོ། །ཟས་ཀྱི་དུས་སུ་དམ་ཚིག་སེམས་དཔའི་སྙིང་གའི་ཟླ་བ་ལ་དཀྱིལ་འཁོར་པ་དང་བཅས་པའི་འཁོར་ལོའི་དབང་པོ་དམིགས་ཤིང་བསམས་ནས། རང་ཉིད་ཀྱི་ས་བོན་བདུད་རྩི་སྐྱེད་པར་བྱེད་པའི་ཡི་གེ་རྣམས་ཀྱིས་སྔ་མ་ལྟར་བདུད་ རྩི་མྱང་བའི་ཆོ་གས་བྱང་ཆུབ་ཀྱི་སེམས་ཀྱི་ངོ་བོར་བསྐྱེད་པའི་རང་གི་བཟའ་བ་ཨོཾ་གྱི་རང་བཞིན་གྱིས་ཀུན་དུ་འོད་གསལ་བར་གྱུར་པ་དེ་ཉིད་གསུམ་པོ་ཨོཾ་ཨཱཿཧཱུྃ་གི་རང་བཞིན་རྣམས་ཀྱིས་མངོན་པར་བསྔགས་ཤིང་མཉམ་པ་ཉིད་ཀྱིས་རྣམ་པར་དག་པར་བསྒོམས་ཏེ། དེས་སྐུ་རྡོ་རྗེ་ལ་ སོགས་པའི་ལྷ་རྣམས་ལ་ཧཱུྃ་གིས་རྡོ་རྗེ་སེམས་དཔའི་ལྕེ་བཀོད་དེ་དེས་ཚིམ་པར་བྱའོ། །དེས་ན་དེ་ལྟར་སྔགས་པས་སྙིང་གའི་ནང་དུ་ཆུད་པའི་ཐུབ་པའི་ཚོགས་མཐའ་དག་ཚིམ་པར་ལྷག་པར་མོས་པས་བཟའ་བར་བྱའོ། །རྣལ་འབྱོར་པ་ཟ་བ་ནི་སྦྱིན་སྲེག་གི་རང་བཞིན་ ཡིན་པ་ནི་ཡིད་ཀྱི་ཁོ་ན་སྟེ། དེའི་ང་རྒྱལ་དུ་ལྷག་པར་མོས་པ་ཁོ་ནས་ཡིན་པར་རྟོགས་པར་བྱའོ། །ཕུང་པོ་ལ་སོགས་པ་རྣམས་ཉིད་ནི་བུད་ཤིང་སྟེ།དེ་རྣམས་བསྲེགས་པས་ན་ཡེ་ཤེས་མེ་ལ་ཞེས་བྱ་བ་དངོས་པོ་ཐམས་ཅད་མཉམ་པ་ཉིད་དུ་ཤེས་པའི་མེ་ལ་ནི་བླ་ན་མེད་པར་བརྗོད་དོ། །དེས་ ན་དེ་ལྟར་ཕྱི་རོལ་དང་ཡིད་ཀྱི་དང་བླ་ན་མེད་པ་སྟེ་སྦྱིན་སྲེག་རྣམ་པ་གསུམ་བརྗོད་པ་ཡིན་ནོ། །དེ་ལྟར་ཞེས་བྱ་བ་བརྗོད་ཟིན་པའི་ཚུལ་གྱིས་གཟུགས་ལ་སོགས་པ་འདོད་པ་ཀུན་གྱིས་རང་རང་གི་ལྷའི་རང་བཞིན་དང་ལྡན་པ་རང་ཉིད་དམ་ཕ་རོལ་པོའི་དག་ཀྱང་རུང་སྟེ་ཡང་དག་པར་མཆོད་པར་བྱའོ། ། བརྗོད་ཟིན་པའི་ལྷའི་རང་བཞིན་ཅན་རང་ཉིད་དམ་པ་ཕ་རོལ་པོ་དག་ཀྱང་རུང་སྟེ་ཡང་དག་པར་མཆོད་པར་བྱའོ། །བརྗོད་ཟིན་པའི་ལྷའི་རང་བཞིན་ཅན་རང་ངམ་གཞན་དག་རྣམ་པར་དག་པའི་གཟུགས་ལ་སོགས་པས་མཆོད་པ་འདའ་བར་མི་བྱ་བའི་ཕྱིར་དམ་ཚིག་ཏུ་གྱུར་པ་འདི་ནི་བདེ་ གཤེགས་རྣམས་ཀྱིས་ཡང་དག་པར་བཞེད་པ་ཡིན་ནོ། །དེ་སྐད་དུ། འདོད་པ་ཀུན་གྱི་ལོངས་སྤྱོད་ནི། །ཇི་ལྟར་འདོད་པ་བཞིན་སྟོན་ཞིང་། །རང་ལྷག་ལྷ་ཡི་རྣལ་འབྱོར་དང་། །ལྡན་པས་རང་དང་གཞན་མཆོད་བྱ། །དཀའ་སྤྱོད་ངེས་པའི་སྡུག་བསྔལ་རྣམས། །བསྟེན་པས་ འགྲུབ་པར་མི་འགྱུར་གྱི། །འདོད་པ་ཀུན་གྱི་ལོངས་སྤྱོད་ནི། །བསྟེན་པས་མྱུར་དུ་འགྲུབ་པར་འགྱུར། །ཞེས་གསུངས་སོ། །དཔལ་འདུས་པ་ལས་ཀྱང་། དཀའ་ཐུབ་ངེས་པ་མི་བཟད་པ། །ལུས་བསྐམས་པས་ནི་སྡུག་བསྔལ་ཏེ། །སྡུག་བསྔལ་བ་ལ་སེམས་རྣམས་ གཡེངས། །གཡེངས་པས་དངོས་གྲུབ་ལས་གཞན་འགྱུར། །ཞེས་གསུངས་སོ། །འདི་ཡང་ལྷའི་ང་རྒྱལ་བརྟན་པའི་རྣལ་འབྱོར་བའི་དབང་དུ་བྱས་ནས་གསུངས་པ་ཡིན་ཏེ། དེ་ལྟ་མ་ཡིན་ན་ནི་ངན་སོང་དུ་ལྟུང་བར་འགྱུར་རོ། །དེ་སྐད་དུ་ཡང་དཔལ་གསང་བའི་ཐིག་ལེ་ ལ་སོགས་པ་དག་ལས། མཁས་པས་ངེས་པར་ལེགས་བརྟགས་ཤིང་། །ལེགས་པར་བསམས་ནས་འཇུག་པར་བྱ། །དེ་ལྟ་མིན་ན་མེར་མཆོད་པས། །འདི་ནི་བཅུ་དྲུག་ཆར་མི་ཕོད། །གང་ཞིག་དེ་ཉིད་དེ་ཉིད་དུ། །ཤེས་པ་མོས་པ་བསྟེན་པ་སྟེ། །འགྲུབ་འགྱུར་དེ་ལྟ་མ་ཡིན་ན། །དམྱལ་ བ་ཆེན་པོ་རྣམས་སུ་ལྟུང་། །ཞེས་གསུངས་སོ། །ད་ནི་ལངས་ནས་དག་པའི་ཡིད་ཅན་རང་གི་ནི། །ལྷ་ཡི་རྣམ་པ་འཛིན་པའི་སེམས་ལྡན་པ། །ཞེས་བྱ་བ་ལ་སོགས་པ་འཕགས་པ་རྣམས་ཀྱིས་དེ་མ་ཐག་ཏུ་བཤད་ཟིན་པའི་དོན་གྱི་བྱེ་བྲག་ཉིད་སྤྲོས་པ་དང་བཅས་ཤིང་འཐད་པ་དང་བཅས་ཏེ་ ཚིགས་སུ་བཅད་པ་བཞི་གསུངས་པ་ནི། རྗེས་སུ་མཐུན་པའི་ཞེས་བྱ་བ་ལ་སོགས་པའོ། །རྗེས་སུ་མཐུན་པ་སྟེ་བདག་དང་ཕ་རོལ་གྱི་ནུས་པ་དང་རྗེས་སུ་མཐུན་པའི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་འགྲོ་བའི་དོན་ལ་ཡོངས་སུ་རྟོགས་པ་དང་། བདེ་གཤེགས་མ་ལུས་མཆོད་པ་ སྟེ། ཕྱི་རོལ་གྱི་མེ་ཏོག་ལ་སོགས་པས་མཆོད་པ་ལ་ཡོངས་སུ་རྟོགས་པས་ལུས་ལ་སོགས་པ་ལས་དག་པའི་བདག་ཉིད་ཅན་རྒྱུ་བ་ལ་སོགས་པ་དེ་དང་དེ་རྟག་ཏུ་མཉམ་པར་གཞག་པའི་ཕྱི་རོལ་དང་ནང་གི་བདག་ཉིད་ཅན་གྱི་ལྷའི་ང་རྒྱལ་དང་ལྡན་པས་བསྒྲུབ་པར་བྱའོ། །རྣམ་པ་འདི་ལྟ་བུའི་ ལྷའི་ང་རྒྱལ་གྱིས་ཁེངས་པའི་སེམས་ལ་ལུས་དང་ངག་གི་རང་བཞིན་གྱི་ལུས་ཅུང་ཟད་ཡོད་པ་གང་ཡིན་པ་ནི་ཕྱག་རྒྱ་དང་སྔགས་ཀྱི་རྣམ་པ་ཡིན་ནོ་ཞེས་བྱ་བ་ནི་སངས་རྒྱས་ཐམས་ཅད་ཀྱིས་གསུངས་སོ། །རྣམ་པ་གཞན་དུ་རྟོགས་པའི་ལུས་ལ་སོགས་པའི་ལས་ཕྱག་རྒྱ་ལ་སོགས་པའི་རྣམ་པ་ ག་ལ་འགྱུར་སྙམ་དུ་དོགས་པ་བསུ་ནས་གསུངས་པ་ནི། དངོས་གཅིག་ཉིད་ལ་ཞེས་བྱ་བ་སྟེ། བུད་མེད་ལ་སོགས་པའི་དངོས་པོ་གཅིག་ལ་ཆགས་པ་དང་བྲལ་བ་དང་ཆགས་པ་ཅན་དང་དེ་ཁོ་ན་ཉིད་རིག་པ་རྣམས་ཀྱི་ཀུན་དུ་རྟོག་པ་རིམ་པ་ཇི་ལྟ་བ་བཞིན་དུ་རོ་དང་བུད་མེད་དང་སྒྱུ་མ་ཡིན་ ནོ། །སྙམ་པ་རྣམ་པ་སྣ་ཚོགས་པ་དེ་རྣམས་ཀྱིས་ཡང་དག་པར་བསགས་པའི་རྣམ་པ་སྟེ་བསྐྱེད་པའི་རང་བཞིན་གོང་ནས་གོང་དུ་རྗེས་སུ་བསྒྲུབ་པ་ལ་སོགས་པས་བདེ་བ་དང་སྡུག་བསྔལ་དང་ཐར་བ་སྒྲུབ་པར་བྱེད་པའི་ལས་ཀྱི་ཁྱད་པར་འབྱུང་བར་འགྱུར་བའོ། །དེ་བརྗོད་པ་ནི་མང་ པོ་ཞེས་བྱའོ། །དེ་བཞིན་དུ་དངོས་པོ་ཐམས་ཅད་ལ་ཇི་ལྟ་ཇི་ལྟར་ཀུན་དུ་བརྟགས་པ་དེ་ལྟ་དེ་ལྟར་གོམས་པ་ལས་རྟོགས་པར་ཤེས་པར་བྱའོ། །དེ་བཞིན་དུ། ཕྱི་རོལ་དོན་གྱི་ཚུལ་ལ་ཡང་། །ཕྱི་རོལ་ཁྱད་པར་མེད་ན་ཡང་། །དགའ་དང་ཡོངས་སུ་གདུང་བ་དག །གོམས་ལས་ཁྱད་པར་ འགྱུར་བའི་ཕྱིར། །བདེ་སོགས་དོན་གྱི་བདག་ཉིད་མིན། །ཞེས་གསུངས་སོ། །དེ་བཞིན་དུ། བུད་མེད་ལུས་ནི་གཅིག་ཉིད་ལ། །རོ་དང་འདོད་པ་བཟའ་བྱ་ཞེས། །ཀུན་དུ་འདོད་ཅན་མི་རྣམས་ཀྱི། །རྣམ་པར་རྟོག་པ་རྣམ་གསུམ་མོ། །ཞེས་སོ། །ཕྱི་རོལ་དོན་མེད་ན་ནི་རྟོགས་བཞིན་པ་ཙམ་ འདོད་པའི་དབང་དུ་གྱུར་པ་ཡིན་པའི་ཕྱིར་ཇི་ལྟར་གོམས་པ་དེ་ལྟར་འགྲུབ་པའི་ཕྱིར་ཐམས་ཅད་ལེགས་པར་གནས་སོ། །གང་གི་ཕྱིར་ཞེས་བྱ་བ་གང་གི་ཕྱིར་དེ་ལྟར་ཉམས་སུ་མྱོང་བས་གྲུབ་པ་དེའི་ཕྱིར་ལུས་ལ་སོགས་པའི་ལས་དགེ་བ་དང་མི་དགེ་བའི་རྣམ་པ་ནི་སེམས་ཀྱི་དབང་གིས་ཏེ། དགེ་བ་དང་ མི་དགེ་བ་ཀུན་དུ་རྟོག་པའི་དབང་གི་ཡིན་གྱི་དངོས་པོ་ཉིད་དུ་མ་ཡིན་ནོ་ཞེས་གསུངས་པ་དེའི་ཕྱིར་ཀུན་དུ་རྟོག་པའི་དབང་གིས་ལུས་ལ་སོགས་པའི་ལས་རྣམས་ཕྱག་རྒྱ་ལ་སོགས་པའི་རང་བཞིན་ཉིད་དང་ཀུན་དུ་རྟོག་པ་ཡོངས་སུ་དག་པས་དག་པ་ཉིད་དུ་འཐད་པ་ཁོ་ན་ཡིན་ནོ། །དེ་སྐད་དུ། དངོས་པོ་ གང་དང་གང་དང་ནི། །མི་རྣམས་ཡིད་ནི་འབྲེལ་བ་དེས། །དེ་ཡི་རང་བཞིན་ཉིད་འགྱུར་ཏེ། །སྣ་ཚོགས་ནོར་བུ་ཇི་བཞིན་ནོ། །ཞེས་བཤད་པ་ཡིན་ནོ། །དེས་ན་ཞེས་བྱ་བ་བརྗོད་མ་ཐག་པའི་རིགས་པས་དགེ་བའི་རང་བཞིན་ཡིན་པའི་ཕྱིར་ཉེས་སྐྱོན་མཐའ་དག་མེད་པའི་སེམས་ལ་ནག་པོའི་ ལས་ནི་ག་ལ་སྲིད། དེ་སྐད་དུ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ནི། །དགེ་བའམ་གལ་ཏེ་མི་དགེ་འང་རུང་། །རྟོག་པ་ཐམས་ཅད་དགེ་འགྱུར་ཏེ། །གང་ཕྱིར་དེ་ཡིད་དབང་བྱས་ཡིན། །ཞེས་གསུངས་སོ། །དམ་ཚིག་ཉམས་ན་ཞེས་བྱ་བ་ལ་སོགས་པ་ལ་བསྲུང་བར་བྱ་བ་ལ་སོགས་པའི་ དམ་ཚིག་དེ་ཉམས་ན་དེ་བཤགས་པའི་དོན་དུ་དབང་བསྐུར་བླང་ཞེས་འབྲེལ་ཏོ། །ཇི་ལྟར་ཞེ་ན། ཇི་བཞིན་ཞེས་གསུངས་སོ། །ཇི་ལྟར་ཉེ་བར་བསྟན་པའི་རིམ་པས་སོ། །སྙིང་གའི་ཟླ་བ་ལ་སྣ་ཚོགས་རྡོ་རྗེ་བཀོད་པར་གྱུར་པ་སྟེ། སྣ་ཚོགས་པའི་འགྲོ་བ་དང་ལྡན་པས་སྣ་ཚོགས་པ་སྟེ་གདོང་ བཞི་པའི་རྡོ་རྗེའོ། །ཁཾ་གི་རང་བཞིན་དང་ལྡན་པའི་རྡོ་རྗེ་ནི་ཐུགས་ཀྱི་རྡོ་རྗེའོ། །གང་གིས་དེ་ལྟར་གྱུར་པ་དེ་ནི་ཐུགས་ཀྱི་སྣ་ཚོགས་བཀོད་པར་གྱུར་པ་ཡིན་ནོ། །དཔལ་ལྡན་དམ་ཚིག་རྡོ་རྗེ་ནི་དོན་ཡོད་རྡོ་རྗེའོ། །དེའི་རྣལ་འབྱོར་ནི་དང་པོའི་རྣལ་འབྱོར་ལ་སོགས་པ་བསྒོམ་པའོ། །དེ་གང་ལ་ཡོད་ པ་དེ་ནི། དཔལ་ལྡན་དམ་ཚིག་རྡོ་རྗེའི་རྣལ་འབྱོར་པས། །འགྲོ་བ་རང་བཞིན་དག་པར་བསྒོམས་ནས་ནི། །ཞེས་བྱ་བ་ཡིན་ནོ། །སྣ་ཚོགས་འདབ་མ་ཅན་གྱི་འདབ་མའི་དབུས་ནི་ཞེས་བྱ་བ་ནི་སྣ་ཚོགས་རྡོ་རྗེའི་ཟླ་བ་ལའོ། །སྔ་མའི་ཚུལ་གྱིས་ཞེས་བྱ་བ་ནི། ཐུབ་མཆོག་འོད་ཟེར་ལས་ འཐོན་རིགས་ཚོགས་ཀྱི། །ཕྱག་གིས་བཟུང་བའི་བུམ་པ་རྣམས་ཀྱིས་ནི། །ཞེས་བྱ་བ་ལ་སོགས་པས་བརྗོད་ཟིན་པའི་ཚུལ་གྱིས་དབང་བསྐུར་བླང་སྟེ་དབང་བསྐུར་བར་བྱའོ། །བླ་མ་ལ་སྨོད་པའི་ཉེས་པ་ལ་ཡང་ཆོ་ག་འདི་ལྟར་རྗེས་སུ་བསྒྲུབས་ནས་སྟོན་མོ་ཡོན་དང་བཅས་པ་ ལ་སོགས་པ་ལྷག་པར་བྱ་བ་ཡིན་ནོ་ཞེས་ཤེས་པར་བྱའོ། །དབང་བསྐུར་བའི་ཚུལ་འདི་ཉིད་ཕྱི་རོལ་གྱི་ཁྲུས་ཀྱི་ཆོ་ག་ལ་ཡང་བསྒོམ་པར་བྱ་བ་ཡིན་ནོ་ཞེས་སྦྱོར་བ་ནི་ཕྱི་རོལ་ཞེས་བྱ་བ་ལ་སོགས་པའོ། །ཐུན་མཚམས་གཞན་དུའང་ཞེས་བྱ་བ་ནི་གོང་གི་ཐུན་མཚམས་ལ་སོགས་ པ་ལ་ཡང་རྣལ་འབྱོར་བྲེལ་བས་བདེ་བའི་སྟན་ལ་རང་གི་ལྷའི་མཚན་མ་ལ་སོགས་པ་བརྟགས་ཏེ་ཡི་གེ་གསུམ་གྱིས་དཀྱིལ་འཁོར་དུ་སྤྲོས་ནས་དབང་བསྐུར་བླང་ཞིང་དེ་བཞིན་དུ་ཞེས་བྱ་བ་སྔ་མ་ལྟར་མཆོད་པ་ལ་སོགས་པ་སྔོན་དུ་འགྲོ་བས་བཟླས་པ་བྱས་ནས་གཤེགས་སུ་གསོལ་བ་ ལ་སྤྲོ་བ་སྐྱེས་པས་མཆོད་པ་དང་བསྟོད་པ་དང་བདུད་རྩི་མྱང་བ་བྱས་ནས་ཡི་གེ་གསུམ་གྱིས་འཁོར་ལོའི་སྙིང་དུ་ཆུད་པར་གྱུར་པས་སྔ་མ་བཞིན་གཞན་ལས་གཞན་པ་དག་རྗེས་སུ་བསྒྲུབ་པར་བྱའོ་ཞེས་བྱ་བ་ནི་ལྷག་མའོ། །མཚན་ཕྱེད་ལ་ནི་མུའི་མཐའ་ཅན་གྱི་ཡི་གེ་གསུམ་གྱིས་ ཡེ་ཤེས་ཀྱི་འཁོར་ལོ་བཀྲོལ་ནས་ཡི་གེ་གསུམ་གྱིས་ཕྱི་རོལ་གྱི་འཁོར་ལོ་ནང་གི་འཁོར་ལོར་བཅུག་ནས་བརྩེ་བས་ཤེས་རབ་དང་ལྡན་པས་རང་ཉིད་ཉལ་བར་བྱའོ། །རྩེ་གཅིག་པའི་རྣལ་འབྱོར་པས་ནི་དང་པོའི་རྣལ་འབྱོར་ལ་སོགས་པའི་རིམ་གྱིས་དེ་བཞིན་དུ་མཆོད་པ་ལ་སོགས་པ་ སྔོན་དུ་སོང་བས་བཟླས་པ་བྱས་ནས་གཤེགས་སུ་གསོལ་བར་འདོད་པས་མཆོད་པ་དང་བསྟོད་པ་དང་བདུད་རྩི་མྱང་བ་བྱས་ལ་ཡི་གེ་གསུམ་གྱི་འཁོར་ལོ་ནང་དུ་ཆུད་པར་གྱུར་པར་སྔ་མ་བཞིན་གཞན་རྗེས་སུ་བསྒྲུབ་པར་བྱའོ། །མཚན་ཕྱེད་ལ་ནི་དེ་ཁོ་ན་བཞིན་གཉིད་ ལོག་པར་བྱ་བ་ཡིན་ནོ། །མལ་ནས་ལྡང་བའི་དུས་ཀྱི་བསྒོམ་པར་བྱ་བ་བརྗོད་པ། ལངས་པའི་དུས་ཀྱི་ཚེ་གང་ཡིན་པ་སྟེ་ནང་པར་གྱི་ཐུན་མཚམས་ཀྱི་དུས་དེར་ལྷ་མོའི་གླུ་དབྱངས་དག་གིས་བསྐུལ་བར་གྱུར་པས་ན་དཔལ་ལྡན་སྙིང་གའི་ཟླ་བའི་ས་བོན་ཙམ་དང་ལྡན་པ་ཐ་མལ་པའི་རང་བཞིན་ གྱི་ཐུབ་པ་ལས་དང་པོ་པས་བཟླས་པར་བྱའོ། །ཆོ་ག་ཁོ་ན་བཞིན་དུ་ཞེས་བྱ་བ་ནི་རང་གི་གསང་སྔགས་སྒོམ་པར་བྱེད་པའི་བློ་ལྡན་གྱིས་ནི་དེ་ནས་བཟླས་པ་བྱ་ཞེས་བརྗོད་ཟིན་པའི་ཆོ་ག་རྣལ་འབྱོར་པ་དང་པོ་ལ་སོགས་པའི་ཆོ་གས་སྔ་མ་བཞིན་བཟླས་པ་ལ་སོགས་པ་བསྒྲུབ་པར་བྱའོ་ཞེས་བྱ་ བའི་དོན་ཏོ། །ཅུང་ཟད་ཡེ་ཤེས་ལ་དབང་བས་ནི་ལྷ་མོའི་གླུ་དབྱངས་ཀྱིས་བསྐུལ་བས་ནང་པར་ལངས་ནས་འཇམ་པའི་རྡོ་རྗེའི་རང་བཞིན་དང་བཅས་པས། ཨོཾ་དྷརྨ་དྷཱ་ཏུ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ་ཞེས་བྱ་བའི་བྱིན་གྱིས་རློབ་པར་བྱེད་པས་བྱིན་གྱིས་བརླབས་ལ། དེ་ནས་གཞན་དེ་མ་ཡིན་པ་ཐམས་ ཅད་རྫོགས་པར་བྱས་ཏེ། དེ་ལྟར་བརྟུལ་ཞུགས་ཅན་ཐུན་མཚམས་ལ་སོགས་པའི་ངེས་པ་དང་ལྡན་པ་ཡང་དག་པར་བསྡམས་པས་དེ་ཁོ་ན་ལྟར་བཟླས་པ་ལ་སོགས་པར་བྱའོ། །ཡེ་ཤེས་ལ་དབང་ཐོབ་པས་ནི་གོམས་པ་ཤིན་ཏུ་ལེགས་པར་སེམས་བརྟན་ཞིང་མཛེས་པར་ གྱུར་པ་ཐུན་མཚམས་ལ་སོགས་པའི་རྟོག་པ་ལས་ངེས་པར་གྲོལ་བ་དངོས་པོ་ཀུན་གྱི་རྡུལ་ཕྲ་རབ་ཏུ་གྱུར་ཅིང་རྣམ་པ་ཐམས་ཅད་ཤིན་ཏུ་རྫོགས་པ་སྤྲོ་བ་དང་བསྡུ་བའི་བདག་ཉིད་ཅན་གྱི་འཁོར་ལོ་ལ་སེམས་པར་བྱེད་པས་རྒྱུན་མི་འཆད་པ་ཁོ་ནར་རྣལ་འབྱོར་ལ་བརྟེན་པར་བྱའོ། །ཡང་ དག་པར་ཡེ་ཤེས་ལ་དབང་བས་ནི་གོམས་པ་ཆེས་ཤིན་ཏུ་ལེགས་པར་བརྟན་པའི་ཕྱིར་འཁོར་ལོ་གསུམ་གྱི་བདག་ཉིད་ལྷུན་གྱིས་གྲུབ་པར་འཇུག་ཅིང་ཐམས་ཅད་དུ་སོང་བ་སྐད་ཅིག་གི་རྟོག་པ་ལས་ངེས་པར་གྲོལ་བས་བསྒོམ་ཞིང་འགྲོ་བའི་དོན་བྱའོ། །དངོས་གྲུབ་གྲུབ་པའི་ཆོ་ག་མཚོན་ པར་བྱེད་པ་གསུངས་པ་ནི་གྲུབ་པ་ཞེས་བྱ་བའོ། །དངོས་གྲུབ་ཕྲ་མོ་དང་དངོས་གྲུབ་ཆེན་པོའི་མཚན་མ་ཇི་ལྟ་བུ་ཡིན་པ་ཐོབ་པས་ཏེ། ལེའུ་བཅོ་ལྔ་པ་ལས་གསུངས་པའི་ལྷས་བསྟན་པའི་རྨི་ལམ་ལ་སོགས་པའི་མཚན་མ་བཟང་པོ་ཐོབ་པ་དང་ལྡན་པས་རང་སེམས་ཏེ་བདག་ཉིད་ཀྱི་ཡིད་ལ་དེ་ཉིད་གསུམ་ གྱི་མཆོད་པ་སྟེ་སྐུ་རྡོ་རྗེ་ལ་སོགས་བའི་མཆོད་པ་བྱས་ཏེ། སྔར་བཤད་བའི་དཀྱིལ་འཁོར་ལ་གནས་པར་གྱུར་པས་འདོད་པའི་དངོས་གྲུབ་རལ་གྲི་ལ་སོགས་པ་གྲུབ་པ་རྣམས་ལེའུ་བཅུ་གཅིག་པ་ནས་བཤད་པའི་ཆོ་གས་རབ་ཏུ་བསྒྲུབ་པར་བྱའོ། །དངོས་གྲུབ་བསྒྲུབ་པའི་དཀྱིལ་འཁོར་ལ་ སོགས་པ་བྲི་བའི་དུས་ན་གལ་ཏེ་བགེགས་བྱུང་ན་དེའི་ཚེ་དེའི་བཟློག་པའི་ཆོ་ག་གསུངས་པ་ནི། བདུད་རྩི་འཁྱིལ་པ་ཞེས་བྱ་བ་ལ་སོགས་པའོ། །བདུད་རྩི་འཁྱིལ་པ་ཞེས་བྱ་བའི་འཁོར་ལོ་སྔ་མ་བཞིན་དུ་དབང་བསྐུར་བཟུང་ན་ལྷའི་རྣལ་འབྱོར་དེའི་བདག་ཉིད་དུ་གྱུར་པའི་ཕྱིར་འབད་པ་མེད་པར་ བགེགས་འཇོམས་པར་འགྱུར་རོ། །བདུད་རྩི་འཁྱིལ་པ་ཞེས་བྱ་བའི་འཁོར་ལོ་དེ་གང་ཡིན་སྙམ་ན་བརྗོད་པ། འཁོར་ལོ་དེ་ནི་ཞེས་བྱའོ། །ལྷའི་དཀྱིལ་འཁོར་གྱི་འཁོར་ལོ་དེ་ནི་གང་ཞིག་དཀྱིལ་འཁོར་གྱི་འཁོར་ལོ་དེའི་དབུས་སུ་གནས་པ་དེ་ནི་ཡིན་པར་འགྱུར་རོ་ཞེས་བྱ་བ་ནི་ཐུན་མོང་ གི་ཚུལ་ཡིན་ནོ། །དེའི་ཕྱིར་དེའི་དབུས་སུ་གནས་པ་ཉིད་ཀྱིས་འཁོར་ལོ་དེ་ནི་བགེགས་མཐར་བྱེད་ཉིད་ཀྱི་ཡིན་པས་བགེགས་གཞོམ་པའི་ཆེད་དུ་དེ་བདག་པོར་གྱུར་པ་ལ་བགེགས་འཇོམས་ཀྱི་ཆོ་གས་དབང་བསྐུར་བླང་བར་བྱའོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་ལས་རྒྱལ་པོ་མཆོག་དང་ ཉེ་བའི་ཕྱིར་ལས་རྒྱལ་པོ་མཆོག་ཅེས་བྱ་བའི་ཏིང་ངེ་འཛིན་གསུམ་པ་བརྗོད་པ་ཡིན་ནོ། །ད་ནི་སྐབས་ཀྱི་དོན་བསྡུ་བར་བཞེད་ནས་བསམ་གྱིས་མི་ཁྱབ་པའི་རྣམ་པ་ལྷའི་འཁོར་ལོ་ནི་འདིར་སྲིད་པའི་སྡུག་བསྔལ་གྱི་གཉེན་པོ་ཉིད་དུ་བསྟན་པའི་ཕྱིར་གསུངས་པ་ནི། ཐ་མལ་པའི་ཞེས་པ་ལ་ སོགས་པའོ། །ཐ་མལ་པའི་རྣམ་པར་རྟོག་པ་ནི་བདག་དང་བདག་གི་བ་ལ་སོགས་པའི་རྟོག་པ་སྟེ། དེའི་འཇུག་པ་ནི་རྒྱུན་སྐྱེ་བའོ། །དེ་མ་ཡིན་པ་གཞན་ནི་སྲིད་པའི་སྡུག་བསྔལ་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ཏེ། དེ་ཉིད་སྲིད་པའི་སྡུག་བསྔལ་ཡིན། །ཞེས་པའི་དོན་ཏོ། ། ཐ་མལ་པའི་རྣམ་པར་རྟོག་པ་དེ་དང་དངོས་སུ་འགལ་བ་ནི་ཆོས་ཐམས་ཅད་བདག་མེད་པའི་ངོ་བོ་སེམས་ཀྱིས་རྟོགས་པའི་དཀྱིལ་འཁོར་གྱི་འཁོར་ལོའི་རྣམ་པ་འདི་ཡིན་ཏེ། བདག་ཏུ་ལྟ་བ་དང་བདག་མེད་པར་ལྟ་བ་ནི་དངོས་སུ་འགལ་བའི་ཕྱིར་རོ། །འགལ་བ་དེ་ ཉིད་བསྟན་པའི་ཕྱིར་གསུངས་པ་ནི། གང་ཕྱིར་ཞེས་བྱ་བ་ལ་སོགས་པའོ། །གང་ཕྱིར་ནི་གང་གི་ཕྱིར་ཏེ། འདིར་ཟབ་པ་དང་རྒྱ་ཆེ་བའི་བདག་ཉིད་ཐབས་དང་ཤེས་རབ་ཀྱི་རང་བཞིན་དཀྱིལ་འཁོར་གྱི་འཁོར་ལོའི་རྣམ་པ་ལམ་གྱི་བདེན་པའི་བདག་ཉིད་ཀྱི་སེམས་སོ། །སྣང་བ་ མེད་པ་ནི་ཐ་མལ་པའི་རྣམ་པར་རྟོག་པ་མི་མངོན་པ་སྟེ་ཉམས་སུ་མྱོང་བ་ཉིད་ཚད་མ་ཡིན་ཞེས་པའི་དོན་ཏོ། །གལ་ཏེ་བདག་མེད་པའི་ཤེས་པ་ནི་བདག་ཏུ་ལྟ་བ་དང་འགལ་བ་ཡིན་མོད་ཀྱི་བདག་མེད་པ་ཉིད་མི་སྒྲུབ་པོ་ཞེས་དོགས་པ་བསུ་ནས་གསུངས་པ་ནི། ཡང་དག་རིག་པ་ལས་ནི་ ཞེས་པ་སྟེ། ཀུན་རྫོབ་ཀྱི་ཤེས་པ་ལས་མ་གཏོགས་པ་གཞན་བདག་ལ་སོགས་པ་ཅི་ཡང་ཡོད་པ་མ་ཡིན་ཏེ། གཟུགས་སོགས་རྣམ་པ་དག་ལས་ངེས་གྲོལ་བ། །ཞེས་པ་ལ་སོགས་པར་སྔར་བསྒྲུབས་ཟིན་ཏེ། མ་ལུས་པ་མཐའ་བཞི་ལས་གྲོལ་བའི་ཤེས་པ་ཙམ་མོ་ཞེས་བརྗོད་ ཟིན་ཏོ་ཞེས་པའི་དོན་ཏོ། །འོ་ན་གལ་ཏེ་ཡང་བདག་ཏུ་ལྟ་བ་དང་བདག་མེད་པར་ལྟ་བ་ནི་འདི་ལྟར་འགའ་ཞིག་ཏུ་འགལ་བར་མཐོང་ངོ་། །དེ་ལྟ་མོད་ཀྱི་ཞེ་སྡང་ལ་སོགས་པ་ལ་བྱམས་པ་ལ་སོགས་པ་བཞིན་དུ་གཏན་ནས་ལྡོག་པ་ནི་མ་ཡིན་ནོ་ཞེས་དོགས་པ་བསུ་ནས་གསུངས་པ་ནི་གང་ ཞིག་ཅེས་པ་ལ་སོགས་པའོ། །གང་ཞིག་སྟེ་དངོས་པོ་གང་གིས་ལན་ཅིག་གི་ཚེ་ཡང་འགལ་བར་འགྱུར་ཏེ། ཐམས་ཅད་ཚད་མས་ངེས་པར་མཐོང་བ་གོམས་པས་འཕེལ་བ་རབ་ཏུ་སོང་བར་གྱུར་པ་སྟེ། རབ་ཀྱི་མཐའ་ཐོབ་པ་ནའོ། །ཐོད་པ་ཅན་གཙང་སྦྲ་མེད་པར་འགྱུར་བ་བཞིན་དུ་གཙང་ སྦྲ་ལ་སོགས་པར་རང་གི་འགལ་ཟླ་གཏན་ནས་འགོག་པ་དེའི་ཕྱིར་བདག་མེད་པར་ལྟ་བས་བདག་ཏུ་ལྟ་བ་གཏན་ནས་ལྡོག་པར་འདོད་པ་ཁོ་ནའོ་ཞེས་པ་ནི་རིག་པ་ཡིན་ནོ། །བྱམས་པ་ལ་སོགས་པའི་དམིགས་པ་ཐམས་ཅད་ཀྱང་ཞེ་སྡང་ལ་སོགས་པ་གཏན་ནས་ལྡོག་པར་བྱེད་པ་མ་ཡིན་ཏེ། གཉི་གའི་ཡང་ རྩ་བ་འཇིག་ཚོགས་སུ་ལྟ་བ་ཡིན་པའི་ཕྱིར་རོ། །བྱམས་པ་ལ་སོགས་པས་ནི་སྡང་བ་ལ་སོགས་པའི་དུས་སུ་དེ་སྲིད་ཁོ་ནར་སེལ་བ་ཡིན་ཏེ། མེ་ལ་སོགས་པས་གཡོ་བ་ལ་སོགས་པ་བྱེད་པ་བཞིན་ནོ་ཞེས་བྱ་བ་ནི་རིགས་པར་བརྗོད་པ་ཡིན་ནོ། །གལ་ཏེ་སྡུག་བསྔལ་མང་པོ་དང་འགལ་པ་སྦྱིན་ པ་ལ་སོགས་པའི་ཐབས་ཉིད་ཡོད་པ་མ་ཡིན་ནམ། དེས་ན་དཀྱིལ་འཁོར་གྱི་འཁོར་ལོའི་རང་བཞིན་གྱིས་ཅི་ཞིག་བྱ་སྙམ་དུ་དོགས་པ་བསུ་ནས་གསུངས་པ་ནི་ཐ་མལ་ཞེས་བྱ་བ་ལ་སོགས་པའོ། །སོ་སོའི་སྐྱེ་བོ་ཐ་མལ་པའི་བདག་གི་སྟེ། རང་གི་རང་བཞིན་དེ་དག་གིས་བྱས་པའི་སྦྱིན་པ་ལ་ སོགས་པ་ནི་གལ་ཏེ་ཡང་དོན་དམ་བདག་མེད་པ་དང་ལྡན་པ་དེ་ལྟ་ན་ཡང་སྲིད་པའི་སྡུག་བསྔལ་དང་ལྷན་ཅིག་ཏུ་འགལ་བ་མ་ཡིན་ཏེ། གང་གི་སྦྱིན་པ་ལ་སོགས་པ་འདི་ཡོད་པ་ཡིན་ན་ཡང་ཐ་མལ་པའི་བདག་གི་རང་བཞིན་སྲིད་པའི་སྡུག་བསྔལ་དེ་ལ་ལོག་པར་མ་གྱུར་པའི་ཕྱིར་རོ། ། དོན་ནི་འདི་ཡིན་ཏེ། རེ་ཞིག་དམིགས་པར་ལྟ་བས་བྱས་པའི་སྦྱིན་པ་ལ་སོགས་པ་ནི་ཐ་མལ་པའི་རྣམ་པར་རྟོག་པའི་རང་བཞིན་གྱི་སྲིད་པའི་སྡུག་བསྔལ་དང་མི་འགལ་བ་ཁོ་ནའོ། །བདག་མེད་པའི་ལྟ་བ་དང་ལྡན་པའི་སྦྱིན་པ་ལ་སོགས་པ་ཡང་ཡོངས་སུ་འགལ་བ་མ་ཡིན་ཏེ། དེར་ནི་བདག་མེད་པར་ལྟ་བ་ནི་དངོས་སུ་འགལ་བ་ཡིན་པ་དེས་ན་དེ་དང་དངོས་སུ་འགལ་བ་མེད་པའི་ཕྱིར་བསྐལ་པ་མང་པོས་ཐོབ་པར་བྱ་བའི་བྱང་ཆུབ་ཀྱི་དཀའ་བ་སྤྱོད་པའི་ཚོགས་ཀྱི་ངལ་བ་ཕ་རོལ་ཏུ་ཕྱིན་པའི་ཚུལ་ཡང་རྫོགས་པའི་བྱང་ཆུབ་ཀྱི་ཚུལ་མཆོག་ཏུ་གྱུར་པ་མ་ཡིན་ནོ། །འཁོར་ ལོའི་རྣམ་པ་ཅན་གྱི་སེམས་འདི་ནི་དངོས་སུ་འཁོར་བའི་སྡུག་བསྔལ་ལྡོག་པར་བྱེད་པའོ། །དམ་པའི་བདེན་པ་ཐབས་བདེ་བ་མདོར་བསྡུས་ནས་བྱེད་པའི་ཕྱིར་ན་དམ་པ་རྣམས་ཀྱི་ལམ་གྱི་བདེན་པ་དེ་ཉིད་བསྟན་པར་བྱ་བ་ཡིན་ནོ། །ཡང་ན་རང་བཞིན་ལས་བྱུང་བདག་རང་གིས། །བྱས་ པའི་སྦྱིན་པ་ལ་སོགས་བདག་མེད་དང་། །ལྡན་ཡང་འགལ་བ་མ་ཡིན་གང་གི་ཕྱིར། །འདི་ཡོད་ན་ཡང་དེ་ཡོད་མ་གྱུར་ཕྱིར། །ཞེས་བྱ་བ་ཡིན་ནོ། །རང་བཞིན་ལས་བྱུང་བ་ནི་རང་བཞིན་ལས་བྱུང་བའོ། །དེ་ཉིད་ཀྱི་ཕྱིར་བདག་གི་སྟེ་སེམས་ཀྱི་རང་བཞིན་འོད་གསལ་བ་སྟོང་པ་ཉིད་ལ་སོགས་པའི་རང་བཞིན་ ཡིན་པ་སྦྱིན་པ་ལ་སོགས་པའི་འབྲས་བུ་རང་གི་མཚན་ཉིད་མང་བའི་ཕྱིར་མང་པོའི་ཚིག་གོ། །དེ་དག་གིས་བཅུག་པའི་སྦྱིན་པ་ལ་སོགས་པ་ཡང་ལྷའི་འཁོར་ལོའི་རྣམ་པ་ཅན་གྱི་སེམས་དང་ལྷན་ཅིག་འགལ་བ་མ་ཡིན་ཏེ། བདག་མེད་པ་ཉིད་ཡིན་པས་ན་འགལ་བ་མ་ཡིན་ནོ་ཞེས་ བྱ་བའི་དོན་ཏོ། །འདི་ཉིད་གསལ་འདེབས་པ་ནི་གང་གི་ཕྱིར་དཀྱིལ་འཁོར་གྱི་འཁོར་ལོའི་རྣམ་པ་ཅན་ཐབས་དང་ཤེས་རབ་སྙོམས་པར་འཇུག་པའི་རང་བཞིན་ཆོས་ཐམས་ཅད་བདག་མེད་པའི་སེམས་ཉིད་ཡོད་ན་ཡང་སྦྱིན་པ་དང་ཚུལ་ཁྲིམས་ལ་སོགས་པའི་བརྟུལ་ཞུགས་དེ་ལོག་པར་ མ་གྱུར་པའི་ཕྱིར་རོ། །ད་ནི་རྩེར་ལྡན་སུ་ཞིག་ཅེས་བྱ་བ་ལ་སོགས་པས་མཇུག་བསྡུ་བར་བྱེད་དོ། །བཤད་མ་ཐག་པའི་དོན་དེ་ལྟར་རྟོགས་ནས་ཇི་སྐད་དུ་བརྗོད་པའི་སེམས་སྡུད་པས་ཡིད་ལ་རབ་ཏུ་བསྒྲུབ་པའི་གྲུབ་པར་བྱ་བའི་བྱུང་ཟིན་པའི་བསྟན་པ་ནི་འདི་འབད་པ་མེད་པར་སྒྲུབ་པར་བྱེད་པ་ཡིན་ པར་རྟོགས་པར་བྱེད་དོ། །མྱུར་དུ་ཚེགས་མེད་པར་གྲུབ་པར་བྱེད་ནུས་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ཉིད་སེམས་ཅན་ཐམས་ཅད་ཀྱི་ཡུལ་མ་ཡིན་པའི་ཕྱིར་བསམ་གྱིས་མི་ཁྱབ་པ་ཡིན་ནོ། །རང་གི་དོན་ཕུན་སུམ་ཚོགས་པ་མ་ལུས་པའི་གཞི་ཡིན་པའི་ཕྱིར་དཔལ་ལྡན་ནོ། །ཀུན་དུ་མ་ ལུས་པར་བཟང་པོ་སྟེ་དགེ་ལེགས་འདི་ལས་བྱུང་བའི་ཕྱིར་གཞན་གྱི་དོན་ཕུན་སུམ་ཚོགས་པའི་རྟེན་ཡིན་པས་ཀུན་དུ་བཟང་པོའོ། །ཐམས་ཅད་རང་གི་སྣང་བའི་རང་བཞིན་ཡིན་པ་ཉིད་ཀྱིས་ན་རང་བཞིན་རྩེར་ལྡན་སྐྱེ་བོ་ལ་ཕན་པར་འདོད་པ་སུ་ཞིག་སྒོམ་པར་མི་བྱེད་པའོ་ཞེས་བྱ་བའི་སྒྲ་ནི་མི་ བཟོད་པ་སྟེ། གང་ཕྱིར་བློ་དང་ལྡན་པས་མི་བསྒོམ་པ་ཇི་ལྟར་ཞེས་པ་འདི་ནི་མི་བཟོད་པའོ། །ད་ནི་སློབ་དཔོན་བདག་ཉིད་ཁེང་སྐྱུང་བར་བཞེད་ནས་བློ་གྲོས་དྲི་མེད་ཅེས་བྱ་བ་ལ་སོགས་པའོ། །བློ་གྲོས་དྲི་མེད་ཉིད་འོད་ཡིན་ཏེ། དེ་རྨོངས་པའི་མུན་པ་མཐའ་དག་བསལ་བའི་ཆེན་ པོ་རྣམས་ཀྱིས་རྣམ་པར་བཀོད་པར་ནུས་ཤིང་རུང་བ་འཇམ་པའི་རྡོ་རྗེ་སྒྲུབ་པའི་ཐབས་འདིར་བདག་འདྲ་བའི་གོ་སྐབས་ག་ལ་ཡོད། དེ་ལྟ་མོད་ཀྱིས་འོན་ཀྱང་གང་གི་ཕྱིར་ཏེ་རྒྱུ་གང་གིས་སྐྱེ་བོ་བླ་མར་གྱུར་པ་ནི་བླ་མའི་སྐྱེ་བོ་སྟེ། དེ་བཞེས་པ་ཅུང་ཟད་ཟིན་ཅིང་ལེན་པ་སྒྲུབ་ཐབས་སུ་བྱས་ ཤིང་བཀོད་པ་དེས་ཐོག་མར་ཏེ། དང་པོ་སྲིད་པར་ཤིན་ཏུ་དམ་པར་བཅིངས་པ་ལྷོད་པར་བྱེད་ཅེས་གྲགས་པ་དེའི་ཕྱིར་ན་སྒྲུབ་ཐབས་བྱེད་པའི་འགྲེལ་པ་འདི་བྱས་ཀྱིས། བདག་ཉིད་བདག་ཉིད་ཆེན་པོ་སྟོན་པར་བྱེད་འདོད་པས་བྱས་པ་ནི་མ་ཡིན་ནོ་ཞེས་བྱ་བའི་ཚིག་གི་ལྷག་མའོ། །ད་ནི་སྒྲུབ་ ཐབས་བཀོད་པ་ལས་བྱུང་བའི་བསོད་ནམས་ཡོངས་སུ་བསྔོ་བ་གསུངས་པ་ནི་འདི་ཞེས་བྱ་བ་ལ་སོགས་པའི་སྒྲུབ་ཐབས་འདི་བཀོད་པ་ལས་བྱུང་བའི་དགེ་བ་དྲི་མ་མེད་པ་གང་ཡིན་པ་དེས་ནི་འགྲོ་བ་རྣམས་ཀྱི་ཡིད་ཀྱིས་སངས་རྒྱས་ཀྱི་ཡེ་ཤེས་ཀྱི་མགོན་དང་བཅས་ཤིང་དེར་གཞོལ་ཞིང་དེར་ཕྱོགས་པའི་ རང་བཞིན་རང་གི་ལྷའི་འཁོར་ལོ་རྟག་ཏུ་བསྒོམ་པར་ཤོག་ཅིག་པའོ། །ཡན་ལག་བཞི་པའི་སྒྲུབ་ཐབས་ཀྱི་རྒྱ་ཆེར་བཤད་པ་སྙིང་པོ་སྙེ་མ་ཞེས་བྱ་བ་སློབ་དཔོན་དཔལ་ཀུན་དུ་བཟང་པོའི་ཞལ་སྔ་ནས་ཀྱིས་མཛད་པ་རྫོགས་སོ།། །།པཎྜི་ཏ་ཆེན་པོ་ནྱ་ཡ་ན་ཤྲཱི་དང་། བོད་ཀྱི་ལོ་ཙཱ་བ་ ཆེན་པོ་ཤཱཀྱའི་དགེ་སློང་བློ་ལྡན་ཤེས་རབ་ཀྱིས་བལ་ཡུལ་མཐིལ་དུ་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། མུཀྟི་ཏི་ལ་ཀ་ནཱ་མ་བྱཱ་ཁྱཱ་ནཾ། བོད་སྐད་དུ། གྲོལ་བའི་ཐིག་ལེ་ཞེས་བྱ་བའི་རྣམ་པར་བཤད་པ། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །དཔལ་ལྡན་ འཁྲུལ་པ་བསལ་བས་དྲི་མ་མེད། །འོད་ཟེར་མཐའ་ཡས་རིགས་ཀྱི་སྤྲུལ་འཕྲོ་བ། །ཤེས་རབ་ཡན་ལག་གིས་འཁྱུད་འབར་ཞིང་མཛེས། །འཇམ་དཔལ་དེ་ལ་དངོས་པོ་ཀུན་གྱིས་འདུད། །ཅེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་གསུམ་གྱིས་ནི་རབ་ཏུ་བྱེད་པ་འདི་བརྩམ་པར་ འདོད་པའི་རྗེ་བཙུན་ཆེན་པོ་ལྷ་སངས་རྒྱས་ཡེ་ཤེས་ཞབས་ཞེས་བྱ་བས་ཁྱད་པར་གྱི་རིན་པོ་ཆེ་གསུམ་ལ་སྐྱབས་སུ་འགྲོ་བ་སྟོན་ཏེ། གང་གི་ཕྱིར་འདོད་པའི་དོན་གྲུབ་ཅིང་བགེགས་ཀྱི་བར་ཆད་མི་འོང་བར་བསམ་པ་རྫོགས་པར་འགྱུར་བས་དེའི་ཕྱིར་དེ་ཉིད་མཛད་ནས་ཡང་དག་པའི་ཤེས་པ་དང་ ལྡན་པ་རྣམས་འཇུག་པའི་རྒྱུ་གསུངས་སོ། །དེ་ལ་དང་པོ་དཔལ་ལྡན་ཞེས་བྱ་བ་ལ་སོགས་པའི་ཚིག་དང་པོ་འདིས་ནི་འདོད་པའི་ལྷའི་སྒོ་ནས་སངས་རྒྱས་ལ་སྐྱབས་སུ་འགྲོ་བ་སྟོན་ཏོ། །དེ་ཡང་དཔལ་ལྡན་ཞེས་བྱ་བ་ནས། མཛེས་ཞེས་བྱ་བའི་བར་གྱི་ཁྱད་པར་གྱིས་འཇམ་དཔལ་ཞེས་བྱ་ བ་ཁྱད་པར་དུ་བྱས་པའི་ཡུལ་ལ་ཐབས་དངོས་པོ་ཀུན་གྱིས་འདུད་པས་ཕྱག་འཚལ་ལོ། །དེ་ལྟར་བསྡུས་པའི་དོན་བསྟན་ནས། ཡན་ལག་གི་དོན་དགྲོལ་བའི་ཕྱིར་གསུངས་པ། དཔལ་ལྡན་ཞེས་བྱ་བ་ལ་སོགས་པའོ། །དེ་ལ་དཔལ་ཞེས་བྱ་བ་ནི་བདག་གི་དཔལ་ དང་གཞན་གྱི་དཔལ་དང་ལྷན་ཅིག་སྐྱེས་བའི་དཔལ་ལོ། །དེ་རྣམས་གང་ལ་ཡོད་པ་དེ་ལ་དཔལ་ལྡན་ཞེས་བྱ་བའོ། །དེ་རྣམས་ཀྱང་རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་ལས་གཞུང་འདིས་བསྟན་ཏེ། སྟོང་དང་བདུན་ཅུ་གཉིས་ལས། །བཅུ་དྲུག་གནས་སུ་ཡང་དག་གནས། དེ་ལས་སྙིང་དབུས་རབ་ ཞུགས་ཏེ། །རླུང་གི་སྦྱོར་བས་ཕུལ་བྱས་པས། །སྟེང་མདོག་རབ་མཛེས་བདེ་རྫོགས་སྐུ། །བདག་གི་དཔལ་དུ་ཤེས་པར་བྱ། །ནོར་བུའི་བར་དུ་མཐོང་བྱས་པ། །དེ་ཡི་བདེ་བ་རྟོག་བྲལ་བ། །མཁའ་འདྲ་རབ་ཏུ་གསལ་བ་ནི། །ལྷན་ཅིག་སྐྱེས་པར་ཤེས་པར་བྱ། །དེ་ལས་ཐིག་ལེ་འགོག་པ་ སྟེ། །ནམ་མཁའི་ཁམས་ཀུན་གང་བའི་གཟུགས། །བྲལ་བའི་ཤེས་པས་དོན་བྱེད་པ། །གཞན་གྱི་དཔལ་དུ་ཤེས་པར་བྱ། །ཞེས་བྱ་བ་གསུངས་སོ། །དེ་ཉིད་ཀྱང་གང་ཞེ་ན། འཁྲུལ་པ་བསལ་བས་ཞེས་བྱ་སྟེ། ཉོན་མོངས་པའི་སྒྲིབ་པ་ལ་སོགས་པ་ནི་ཡང་དག་པའི་དོན་མཐོང་བ་ལ་ བགེགས་སུ་གྱུར་པའི་འཁྲུལ་པ་སྟེ། དེ་བསལ་བ་ནི་མི་སྐྱེ་བར་བྱས་པ་སྟེ། རྒྱུ་གང་གི་སྟོབས་ཀྱིས་དེ་རྣམས་བསལ་བ་དེའི་སྟོབས་ཀྱིས་མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང་། དཔེ་བྱད་བཟང་པོ་བརྒྱད་ཅུས་ཡོངས་སུ་དག་པའི་སྐུ་ཆེན་པོ་སྣང་བ་ཉིད་ན་མ་སྐྱེས་པའི་གཟུགས་ཡོངས་སུ་དག་ པའི་གདུལ་བྱ་རྣམས་ལ་སྣང་བ་སྟེ། དེ་ནི་བདག་གི་དཔལ་ཏེ།དཔེ་མེད་བདེ་རྫོགས་ཀྱི་སྐུའོ། །དྲི་མ་མེད་པ་ཞེས་པ་ནི་སྒྲིབ་པ་རྣམ་པར་བསལ་བའི་མེ་ལོང་ལྟ་བུའི་ཡེ་ཤེས་ལ་སོགས་པའི་ངོ་བོ་རྣམ་པར་རྟོག་པའི་དྲི་མ་ཐམས་ཅད་དང་བྲལ་བ། ནམ་མཁའི་དཀྱིལ་ལྟར་རྣམ་པར་དག་པ་ གཉིས་སུ་མེད་པའི་གཟུགས་ཐོག་མ་ནས་ཞི་བར་ལྡན་པ་སྟེ། དེ་ནི་ལྷན་ཅིག་སྐྱེས་པའི་དཔལ་ཏེ། ཐམས་ཅད་བསྡུས་པའི་སྐུའོ། །འོད་ཟེར་ཞེས་པ་ནི་ལྷན་ཅིག་སྐྱེས་པ་ཉི་མ་ལྟ་བུའོ། །མཐའ་ཡས་རིགས་ཞེས་པ་ནི་རིགས་གཅིག་ལས་གསུམ། གསུམ་ལས་ལྔ། ལྔ་ལས་ཉི་ཤུ་རྩ་ ལྔ། དེ་ལས་བརྒྱ། དེ་ལས་མཐའ་ཡས་པའི་རིགས་ནི་མཐའ་ཡས་རིགས་ཏེ། དེ་དག་འགྲོ་བ་ནི་སྤྲུལ་པ་འཕྲོ་བའོ། །དེ་ཡང་རང་རིག་པའི་ཡེ་ཤེས་བརྙེས་པའི་དུས་ན་རང་བཞིན་གྱིས་ཐོབ་པ་སྟེ། རིགས་གཅིག་ལ་སོགས་པས་གདུལ་བྱའི་རྒྱུད་ལ་སྣང་བར་འགྱུར་བས། དེའི་རྒྱུད་ཡོངས་སུ་དག་ པར་བྱེད་ཅིང་། སྤྱི་དང་སོ་སོའི་ལས་ཀྱི་མཐའ་མེད་པའི་འཁོར་བའི་བར་དུ་གནས་ཏེ། དེ་ནི་གཞན་གྱི་དཔལ་ཏེ་སྤྲུལ་པ་དཔག་མེད་ཀྱི་སྐུའོ། །དེ་ལྟར་སྐུ་གསུམ་པོ་དེ་རྟོགས་པར་བྱེད་པའི་རྒྱུད་གསུངས་པ། ཤེས་རབ་ཅེས་བྱ་བ་ལ་སོགས་པའོ། །དེ་ལ་ཤེས་རབ་ཅེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ ཏུ་ཕྱིན་པའི་ཕྱག་རྒྱའོ། །དེའི་ཡན་ལག་ནི་ཡན་ལག་རྣམས་ཏེ། ཡན་ལག་དེས་འཁྱུད་པ་ནི་འཁྱུད་པའི་སྦྱོར་བའོ། །དེས་འཇམ་པའི་དབྱངས་འབར་ཞིང་རྣམ་པར་མཛེས་པའོ། །དེ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་བྱུང་བའི་ལྷའི་བུ་མོ་ལ་སོགས་པའམ། མིའི་བུ་མོ་ལེགས་ པར་སྦྱངས་པ་ལོ་བཅུ་དྲུག་མ་གཟུགས་ལ་སོགས་པས་དག་པའི་ངོ་བོ་ས་བཅུའི་རང་བཞིན་དེ་དང་འདུས་པ་དང་གྲུ་མོ་བརྐྱང་བ་དང་དཔྱང་ཐག་ལ་སོགས་ཇི་སྐད་དུ་གསུངས་པའི་བྱ་བས་གོང་དུ་གསུངས་པ་རྣམས་དང་པོ་དང་ཕྱིའི་དུས་སུ་གོ་རིམས་བཞིན་དུ་མི་སླུ་བ་དང་། ཇི་ལྟ་བ་ བཞིན་དེ་རྟོགས་པ་སྟེ། ཇི་སྐད་དུ་རིམ་པ་གཉིས་པའི་དེ་ཁོ་ན་ཉིད་བསྒོམ་པ་ཞེས་པ་ཞལ་གྱི་ལུང་ལས། བྱང་ཆུབ་སེམས་དཔའ་འཇམ་པའི་དབྱངས། །གསལ་ཞིང་རབ་དགའ་ཁམས་མཉམ་པ། །གཞན་དུ་རིག་པར་མི་འགྱུར་བས། །བུད་མེད་སྒྱུ་མའི་ཕྱག་རྒྱ་ནི། །སྒྱུ་མ་ཀུན་ ལས་ཁྱད་པར་འཕགས། །སྒྱུ་མ་དེ་ཡང་འཇིག་རྟེན་འདིར། །སྤྱན་ལ་སོགས་པ་ཡོངས་དག་པས། །རིགས་ནི་རྣམ་པ་བཞི་འགྱུར་ཏེ། །ཞེས་བྱ་བ་ལ་སོགས་པས་ཕྱག་རྒྱའི་མཚན་ཉིད་རྒྱས་པར་སྟོན་ཏེ་དེར་ཤེས་པར་བྱའོ། །དེ་ལྟར་རྒྱུ་དང་འབྲས་བུ་གཉིས་ཀྱིས་བཅོམ་ལྡན་ འདས་ཀྱི་ཁྱད་པར་གྱིས་ཆོས་བསྟན་ནས། དེའི་གཞི་བསྟན་པའི་ཕྱིར་འཇམ་དཔལ་དེ་ལ་ཞེས་དེ་དགའ་བ་རྣམ་པ་གསུམ་པ་ལ་ཟུག་རྔུའི་ཉེས་པ་ཐམས་ཅད་དང་བྲལ་ཏེ། ཚོགས་གཉིས་དག་པའི་ངོ་བོས་རྟོགས་པས་འཇམ་དཔལ་ཏེ། དེ་ལ་ཕྱག་འཚལ་བའི་ཐབས་ནི་དངོས་པོ་ ཀུན་གྱིས་འདུད་ཅེས་ཏེ། ལུས་ལ་སོགས་པའི་དངོས་པོའི་ཆོས་ཀུན་ཕྱག་རྒྱས་དགའ་བ་གསུམ་དུ་བཅུག་པ་སྟེ། རང་གི་བླ་མའི་ཁ་ནས་རང་གི་ཡེ་ཤེས་རྟོགས་ཤིང་དེ་ལ་བློ་གནས་པ་ལ་དེ་སྐད་ཅེས་བྱའོ། །ཇི་སྐད་དུ། ཐམས་ཅད་དག་ཅིང་རྣམ་པར་དག་པའི་ རིམ་པ་ལས། སློབ་དཔོན་ཤཱཀྱ་བཤེས་གཉེན་གྱི་ཞལ་སྔ་ནས། །ཇི་ལྟར་བསྟོད་ཅིང་ཕྱག་འཚལ་བ། །གང་ལ་ཕྱག་འཚལ་གང་གིས་འདུད། །ཇི་ལྟར་ཆུ་ལ་ཆུ་ཐིམ་དང་། །ཇི་ལྟར་མར་ལ་མར་ཞུ་བཞིན། །རང་གིས་རང་གི་ཡེ་ཤེས་ཆེ། །ལེགས་པར་མཐོང་བ་དེ་འདིར་ཕྱག །འོན་ ཀྱང་ཀུན་མཁྱེན་མ་ཐོབ་པར། །དེ་ནི་ཉེ་བར་མི་དམིགས་ཏེ། །མི་ཤེས་མུན་པས་བསྒྲིབས་པས་ན། །དྲིན་གྱི་སྣང་བ་ཡང་དག་སྐྱེ། །ཞེས་སོ། །དེའི་སྙིང་དབུས་ཞེས་པ་ལ་སོགས་པས་ནི། མི་ཤིགས་པའི་ཐིག་ལེའི་སྒོ་ནས་ཆོས་ལ་སྐྱབས་སུ་འགྲོ་བ་སྟོན་ཏོ། །དེ་ལ་དེའི་སྙིང་དབུས་ ཞེས་བྱ་བ་བཅོམ་ལྡན་འདས་དེའི་སྙིང་གའི་པདྨ་ཁ་སྦྱོར་གྱི་དབུས་ན་ཞེས་གནས་སྟོན་ཏོ། །གཞོམ་དུ་མེད་པའི་ཞེས་པ་ནི་འདིས་དངོས་པོ་ཐམས་ཅད་འཇོམས་ཤིང་། དེ་གང་གིས་ཀྱང་གཞོམ་དུ་མེད་པ་སྟེ། འཇིག་པའི་དུས་སུ་ཡང་མེ་ལ་སོགས་པས་གཞིག་པར་མི་ནུས་ཏེ། དེ་འབའ་ ཞིག་གནས་པ་དེ་ལས་ཡང་ཐམས་ཅད་འབྱུང་བས་སོ། །ཇི་སྐད་དུ། བྱང་ཆུབ་སེམས་དཔའ་འཇམ་པའི་དབྱངས་ཀྱི་ལུང་ལས། ང་ནི་གཉིས་མེད་ཡེ་ཤེས་ཉིད། །ཀུན་རྫོབ་གཟུགས་ལ་བརྟེན་ནས་ཀྱང་། །མི་གཡོ་ལ་སོགས་གཡོ་དང་བཅས། །ཚངས་སོགས་ལྷ་དང་ལྷ་མིན་ སོགས། །ཐམས་ཅད་རབ་ཏུ་མི་སྣང་ཡང་། །ཐིག་ལེ་འགོག་པར་མི་འགྱུར་ཏེ། །རྒྱུ་དང་མི་རྒྱུར་བཅས་པ་ཀུན། །སླར་ཡང་དེ་ལས་འབྱུང་བར་བྱེད། །དེ་བས་སྐྱེ་བོ་རྣམས་ཀྱིས་ནི། །ཡང་དག་མ་རྟོགས་པ་ཡི་ཕྱིར། །ཚངས་པའི་སྒོ་ང་ལས་སྐྱེས་པར། །འཁྲུལ་པས་ ཆོས་ཀུན་གྱིས་མི་སྒུལ། །གང་གིས་ཀྱང་ནི་མི་ཤིགས་པ། །ཇི་སྲིད་འདི་ནི་ལུས་གནས་པས། །ལས་དང་ལས་མིན་རབ་བྱེད་པ། །བརྟན་པོ་འཇིག་པ་རབ་སྤངས་པས། །མི་ཤིགས་ཐིག་ལེ་བསྒོམ་པ་བཤད། །ཅེས་པ་སྟེ་ནུས་པ་བསྟན་ཏོ། །དངོས་ཀུན་རོ་གཅིག་ ཅེས་པ་ནི་རྒྱུ་བ་དང་མི་རྒྱུ་བའི་ཆོས་ཐམས་ཅད་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སུ་རོ་གཅིག་པ་སྟེ་རང་བཞིན་ནོ། །མི་ཤིགས་ཐིག་ལེའི་གཟུགས་ཞེས་པ་ནི་སྙིང་གའི་ཁ་སྦྱོར་ན་ཙ་ན་ཀའི་གཟུགས་སམ་ཡུངས་ཀར་གྱི་གཟུགས་ཙམ་དུ་གནས་ཏེ་ཆོས་ཐམས་ཅད་མ་སྤྲོས་པའི་ཕྱིར་ན་དེ་ སྐད་དེ། ཐིག་ལེའི་གཟུགས་སོ། །མི་གསལ་བ་གསལ་བའི་བདག་ཉིད་དུ་གནས་པ་ཞེས་པ་ནི། དེ་ལ་གཟུགས་ལ་སོགས་པའི་ཆོས་གཟུང་བ་ལ་སོགས་པའི་མངོན་པར་ཞེན་པ་གང་ཡིན་པ་དེ་ནི་མེད་པ་སྟེ། ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཟབ་མོ་དང་གསལ་བ་གཉིས་སུ་མེད་པ་ནི་ཐ་ སྙད་ཙམ་དུ་གསལ་བ་སྟེ། དེའི་བདག་ཉིད་དུ་གནས་པའི་མི་ཤིགས་པའི་ཐིག་ལེ་སྟེ། འདིས་ཀྱང་རང་བཞིན་བསྟན་ཏོ། །བརྒྱུད་རིམ་ལས་བྱུང་ཞེས་པ་ནི་བླ་མ་དམ་པའི་མ་ནོར་བའི་ལམ་དུ་བརྟེན་པའོ། །བསྙེན་བཀུར་བ་ལས་རྣ་བ་ནས་རྣ་བར་བརྒྱུད་པ་སྟེ་འབྱུང་བའི་རྒྱུ་བསྟན་ཏོ། ། དེ་འདྲ་བའི་དེ་ཉིད་ལ་གདུལ་བྱ་ཞེས་པ་ནི་ཐིག་ལེ་གསུམ་བསྒོམ་པ་ལ་སོགས་པའི་ཆོ་གས་དེ་ལ་བློ་རྣམ་པར་གནས་པ་ལ་དེ་སྐད་ཅེས་བྱའོ། །དེ་འདྲ་བ་སྟོན་བྱེད་ཅེས་པ་ལ་སོགས་པ་ནི། སློབ་དཔོན་གསུམ་གྱི་སྒོ་ནས་དགེ་འདུན་ལ་ཕྱག་འཚལ་བ་སྟོན་ཏོ། །དེ་ལ་དེ་འདྲ་སྟོན་བྱེད་ཅེས་ པ་ནི་མི་ཤིགས་པའི་ཐིག་ལེའི་རང་བཞིན་ལྷན་ཅིག་སྐྱེས་པ་སྟོན་པར་བྱེད་པའོ། །བླ་མ་གསུམ་ཞེས་པ་ནི་རྒྱུའི་སློབ་དཔོན་ཆེན་པོ་དང་། རྐྱེན་གྱི་སློབ་དཔོན་དང་ལྷན་ཅིག་སྐྱེས་པའི་སློབ་དཔོན་ནོ། །ཇི་སྐད་དུ་རིན་ཆེན་ཕྲེང་བ་ཞེས་བྱ་བའི་དེ་ཁོ་ན་ཉིད་ལས། ཐུན་མོང་ཐུན་མིན་དམ་ ཚིག་གནས། །ཆུ་སོགས་རིམ་པས་རང་གི་རྒྱུད། །དག་བྱེད་སློབ་དཔོན་ཉིད་དུ་བསྒྲུབ། །རྒྱུ་ཡི་སློབ་དཔོན་ཆེན་པོའོ། །དེ་དང་ལྷན་ཅིག་རྩེ་བྱེད་ཅིང་། །བཅུ་དྲུག་ཆ་ཡིས་རང་རྒྱུད་ལ། །ཞིང་དག་བྱེད་པའི་ལྷ་མོ་ཆེ། །རྐྱེན་གྱི་སློབ་དཔོན་ཉིད་དུ་བཤད། །དེ་ཡིས་གནང་ བྱས་རང་གི་སེམས། །ལྷན་ཅིག་སྐྱེས་པའི་བྱིན་རློབ་པས། །དགའ་བ་ལྷན་ཅིག་སྐྱེས་རྟོགས་པས། །ལྷན་ཅིག་སྐྱེས་པའི་སློབ་དཔོན་ནོ། །ཞེས་གསུངས་སོ། །དེ་རྣམས་ནི་བླ་མ་གཞན་ལས་ཁྱད་པར་དུ་གྱུར་པའི་ཕྱིར་རབ་མཆོག་གོ། །འཇིག་རྟེན་གསུམ་ཞེས་པ་ནི་ས་ འོག་དང་ས་སྟེངས་དང་བར་སྣང་ངོ་། །དེའི་ཁང་པ་ན་གནས་པ་ནི་སེམས་ཅན་རྣམས་ཏེ། དེའི་གཟུང་བ་དང་འཛིན་པའི་དྲི་མ་རྣམས་རིམ་པ་གཉིས་བསྟན་པས་སེལ་བར་བྱེད་པ་སྟེ་ལས་བསྟན་ཏོ། །དེ་དང་འདྲ་བ་དེ་ལ་འདུད་པར་བྱེད་པའི་ཐབས་ནི། དེ་ ལ་མེ་ཏོག་སྙིམ་བཀང་མགྲིན་དམའ་བས། །ཞེས་པ་སྟེ། གང་གི་ཕྱིར་གཞན་དུ་མ་རྙེད་པའི་ཡང་དག་པའི་གདམས་ངག་སྟེར་བར་འགྱུར་བ་དེའི་ཕྱིར། དེ་ལ་དུས་གསུམ་དུ་ཞབས་དྲུང་དུ་གནས་ལ་མེ་ཏོག་གིས་སྙིམ་པ་བཀང་ནས་ཐལ་མོ་སྦྱར་ཏེ་དམན་པའི་ཚུལ་དུ་མགྲིན་ པ་དམའ་བས་འདུད་ཅེས་པ་དང་སྦྱར་རོ། །ཇི་སྐད་དུ། སློབ་དཔོན་འཇོ་སྒེག་རྡོ་རྗེའི་ཞལ་སྔ་ནས། དུས་གསུམ་དུ་ནི་རྡོ་རྗེ་སློབ་དཔོན་ལ། །ཕྱོགས་བཅུ་འཇིག་རྟེན་ཁམས་ན་རབ་བཞུགས་པའི། །དེ་བཞིན་གཤེགས་རྣམས་བྱོན་ནས་ཕྱག་མཛད་དོ། །དེ་ལ་གུས་པ་དམ་པ་ཡིས། ། སྟོན་པ་བླ་ཆེན་ཞལ་སྔ་རུ། །དུས་གསུམ་མཎྜལ་མེ་ཏོག་སྙིམ། །ཞབས་ལ་མ