Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 43

Văn bản gốc(Tây Tạng)

Trang 2 / 15 (50.000 ký tự/trang)
་རྣམ་པར་སྣང་མཛད་དོ། །རིམ་པ་བཞིན་ཞེས་བྱ་བ་ལ་སོགས་པ་ནི་ཐམས་ཅད་ལ་སྦྱོར་བར་བྱའོ། །འཇམ་པའི་རྡོ་རྗེ་བསླང་བའི་ཕྱིར་ཡི་གེ་
གསུམ་གཞུག་པ་བརྗོད་པ་ནི་ཨོཾ་དང་ཞེས་བྱ་བ་ལ་སོགས་པའོ། །སེམས་ཞེས་བྱ་བ་ནི་སྔར་བརྗོད་པའི་ཆོས་ཐམས་ཅད་བདག་མེད་པ་ལ་དམིགས་པ་བར་མ་དོའི་སེམས་ཀྱི་རང་བཞིན་ནི་འབར་བའི་ཡི་གེ་ཧོས་སྤེལ་ཞེས་བྱ་བ་ནི་རང་རྡོ་རྗེ་འཆང་མཉེས་པར་བྱེད་པ་འོད་དང་བཅས་པའི་ཧོ་དམར་པོ་
གཉིས་ཀྱི་བར་དུ་བཅུག་པའོ། །ཆོ་ག་བཞིན་ཞེས་བྱ་བ་ནི་ཁ་ནས་ཞུགས་ནས་རྡོ་རྗེའི་ལམ་ནས་རང་གི་རིག་མའི་པདྨའི་ནང་དུ་བརྟན་པར་བྱ་སྟེ། པདྨའི་ནང་ན་གནས་པའོ། །མཉམ་མེད་ཅེས་བྱ་བ་ནི་སྐུ་ལ་སོགས་པའི་རང་བཞིན་མིན་པའི་ཕྱིར་རོ། །ཡི་གེ་གསུམ་པོ་དེ་ཤེས་རབ་ཀྱི་ཆགས་

པ་མཆོག་ཏུ་དགའ་བས་ཞུ་བར་བྱས་པར་བལྟའོ། །དེའི་ཞེས་བྱ་བ་ལ་སོགས་པ་ལ་དེ་ཡིས་ཞེས་བྱ་བ་དེ་མ་ཐག་ཏུ་བརྗོད་པའི་ཡི་གེའི་རྣམ་པ་ཅན་གྱི་སེམས་ཞུ་བར་གྱུར་པའི་འོད་ཀྱི་མཐུ་ཡིས་ལྷ་མོ་དང་རྡོ་རྗེ་འཆང་གཉི་ག་ཡང་ཟླ་བའི་ཁུ་བ་སྟེ་མེར་མེར་པོར་བྱས་པར་བལྟའོ། །བཅོམ་ལྡན་འདས་
ཀྱིས་ཉེ་བར་བསྟན་པ་སྟོན་པས་མངལ་ནས་སྐྱེས་པའི་རིམ་པ་བསྟན་པ་མཛད་པ་ཡིན་ནོ། །དེ་དེ་ལྟར་བྱས་ནས་སྤྱན་མ་ལ་སོགས་པའི་ལྷ་མོ་རྣམས་རང་གི་བདག་པོ་སློང་བར་བྱེད་པ་ནི་གླུའི་སྒྲས་འཆད་པར་འགྱུར་བའི་རྣམ་པར་འདི་སྐད་དུ་བསྐུལ་བར་བསམ་མོ། །བཅོམ་ལྡན་འདས་མཁའ་
ཁྱབ་ཀྱི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པ་ན་བྱམས་པ་ལ་སོགས་པའི་ངོ་བོ་སྤྱན་མ་ལ་སོགས་པ་རྣམས་རྒུད་པས་རང་དང་གཞན་གྱི་དོན་མེད་པར་འགྱུར་རོ་སྙམ་པས། སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ལ་སོགས་པ་དང་ལྡན་པ། ཟབ་པ་དང་རྒྱ་ཆེ་བའི་རྣམ་པ་ཅན་གྱི་
ལྷའི་རྣམ་པ་ཁས་བླང་བའི་དོན་དུ་ཐབས་རྒྱ་ཆེན་པོ་ཡང་བརྗོད་པར་འདོད་པ་ན་གཙོར་ཐབས་མེད་པར་རྟོགས་ཏེ། སྔར་ཐབས་ཉིད་དུ་བསྐྱེད་པ་བརྩེ་བ་ལ་སོགས་པའི་སེམས་ཀྱི་ཁྱད་པར་ཟླ་བའི་ཁུ་བ་ལས་རིམ་པ་ཇི་ལྟ་བ་བཞིན་སྤྱན་མ་ལ་སོགས་པའི་ངོ་བོར་གྱུར་པ་རྣམས་རང་གི་རིགས་ཀྱི་བདག་
པོ་ཐུགས་རྡོ་རྗེ་ལ་སོགས་པའི་རང་བཞིན་གྱི་རྡོ་རྗེ་འཆང་ཆེན་པོ་ལ། །བསྟོད་ནས་སྐུལ་བར་མཛད་དོ། །དེ་ལ་ཡང་འཕགས་པའི་མ་མོའི་ངོར་སྤྱན་མ་དང་པོར་བརྗོད་ཀྱང་དེར་སེམས་གཙོར་བསྟན་པའི་ཕྱིར་མཱ་མ་ཀཱིའི་བསྐུལ་བ་དང་པོར་གསུངས་པ་དེ་བས་ན་རེ་ཞིག་དེ་ཉིད་དང་པོར་རྡོ་རྗེ་ཐུགས་ཁྱོད་ཅེས་
བྱ་བ་ལ་སོགས་པས་བསྟན་ཏོ། །རྡོ་རྗེ་ཐུགས་ནི་ཐུགས་རྡོ་རྗེ་སེམས་དཔའ་སྟེ། ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་པའི་ཡེ་ཤེས་ཀྱི་རང་བཞིན་ཡིན་པའི་ཕྱིར་རོ། །སའི་འཁོར་ལོའི་དབང་ཕྱུག་སེམས་ཅན་དབྱིངས་ཏེ་དེ་དག་གི་དོན་བྱེད་པའི་ཕྱིར་རོ། །དེ་ལྟར་བསྟོད་པས་སད་པར་བྱས་ནས་
རྡོ་རྗེ་འཆང་ལ་ཞུས་པ་ནི་བདག་ལ་སྐྱོབ་པ་ཞེས་བྱ་བ་སྟེ། བདག་ལ་སྐྱོབ་པར་མཛོད་ཅིག་པའོ། །ཇི་ལྟ་ཞེ་ན། བརྗོད་པ་དགའ་བ་ཡིད་འོང་དོན་ཆེན་གྱིས་ཏེ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དགོས་པ་ཆེན་པོ་ཅན་གྱིས། ཀྱེ་མགོན་པོ་གལ་ཏེ་བདག་ནི་གསོན་པར་བཞེད་ཅེ་ན། དམ་

པའི་ངོ་བོ་ནི་སེམས་དཔའ་སྟེ་སངས་རྒྱས་ཉིད་དོ། །དེའི་སྐྱེད་པར་བྱེད་པ་ནི་སྐྱེད་བྱེད་སེམས་དཔའ་སྟེ་སེམས་བསྐྱེད་ཅེས་པའི་དོན་ཏོ། །ཡང་ན་འཇམ་པའི་རྡོ་རྗེ་ལ་སོགས་པ་སྐྱེ་བའི་རྒྱུ་ཡིན་པས་ན་སྐྱེད་བྱེད་སེམས་དཔའོ། །དེ་ཉིད་ཀྱི་ཕྱིར་གཉེན་ཆེན་མཆོག་ཡིན་ནོ། །བདག་
ལ་དགྱེས་པར་རོལ་ཞེས་བྱ་བ་ནི་བདག་ལ་ནི་འདོད་པ་རོལ་པ་མཛོད་ཅིག །མཚན་དང་དཔེ་བྱད་ཐམས་ཅད་དང་ལྡན་པ་བསམ་གྱིས་མི་ཁྱབ་པ་ཉེ་བར་མཚོན་པར་བྱེད་པ་ལྷའི་རྣམ་པར་བཞེངས་ལ་རྣམ་པར་དག་པའི་ཡུལ་ལ་ལོངས་སྤྱོད་ཅིག་པ་སྟེ་བྱམས་པ་ལ་སོགས་པའི་རང་བཞིན་ཁོ་མོ་ལ་བརྟེན་ནས་འཇིག་
རྟེན་གྱི་དོན་མཛོད་ཅིག་ཅེས་པའི་ཐ་ཚིག་གོ། །དེ་ལྟར་ན་བདག་བསྲུང་བར་འགྱུར་བ་ཡིན་ཏེ་གཞན་དུ་ན་སེམས་ཅན་གྱི་དོན་ལ་འཇུག་པ་མེད་ན་ཁོ་མོ་འགུམ་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །ད་ནི་སྙིང་རྗེའི་རང་བཞིན་སྤྱན་མས་བསྐུལ་བ་བརྗོད་པ་ནི་རྡོ་རྗེའི་སྐུ་ཁྱོད་ཅེས་བྱ་བ་ལ་སོགས་པའོ། །མེ་ལོང་ལྟ་
བུའི་ཡེ་ཤེས་སྐུའི་ངོ་བོ་ཡིན་པའི་ཕྱིར་རྡོ་རྗེའི་སྐུའོ། །སྐུའི་རྡོ་རྗེ་ནི་བཅོམ་ལྡན་འདས་ཉིད་ཡིན་ཏེ། བསམ་གྱིས་མི་ཁྱབ་པའི་རྣམ་པ་ཅན་ཡིན་པའི་ཕྱིར་རོ། །སེམས་ཅན་ཡང་ཡིན་མང་པོ་ཡང་ཡིན་པ་དེ་དག་དགའ་བར་བྱེད་པ་འདི་ལ་ཡོད་པས་ནི་སེམས་ཅན་གང་དགའོ། །བཀའི་འཁོར་ལོས་སྒྱུར་
བ་ཡིན་པའི་ཕྱིར་ན་བཀའི་འཁོར་ལོ་སངས་རྒྱས་དོན་དུ་སྟེ་དགོས་པས་བྱང་ཆུབ་མཐར་ཐུག་སྟེ་བྱང་ཆུབ་ཀྱི་མཐའ་མཚམས་ལ་ཐུག་པར་སེམས་ཅན་ལ་ཕན་པའི་ཐབས་དང་དོན་སྟོན་པར་བྱེད་པས་ན་སངས་རྒྱས་དོན་དུ་བྱང་ཆུབ་མཐར་ཐུག་པ་ཕན་དོན་སྟོན་པའོ། །དེ་ལྟར་བོས་ནས་རྡོ་རྗེ་འཆང་
ལ་གསོལ་བ་ནི་མགོན་པོ་ཞེས་བྱ་བ་ལ་སོགས་པའོ། །ཆགས་པ་ཞེས་བྱ་བས་ནི་བདེ་བ་ཆེན་པོས་སོ། །འདོད་ཆགས་ནི་འགྲོ་བ་བསྒྲལ་བར་འདོད་པའོ། །འདའ་བར་མི་བྱ་བའི་ཕྱིར་དམ་ཚིག་དེ་ཉིད་གང་ལ་ཡོད་པ་འདོད་ཆགས་ཀྱི་དམ་ཚིག་ཅན་དེ་ལ་སྟེ། བརྩེ་བའི་བདག་ཉིད་ཅན་དེ་ལ་
ཞེས་པའི་དོན་ཏེ། བདག་ལ་ནི་མཱ་མ་ཀཱི་ལའོ། །ལྷག་མ་ནི་སྔ་མ་དང་འདྲའོ། །དགའ་བའི་རང་བཞིན་གོས་དཀར་མོས་བསྐུལ་བ་བརྗོད་པ་ནི་རྡོ་རྗེ་གསུང་ཁྱོད་ཅེས་པ་ལ་སོགས་པའོ། །རྡོ་རྗེ་གསུང་ཞེས་བྱ་བ་ནི་གསུང་རྡོ་རྗེའི་ངོ་བོ་ཡིན་པའི་ཕྱིར་དེ་སྐད་ཅེས་བྱ་སྟེ། སྔ་མ་བཞིན་བཅོམ་

ལྡན་འདས་ཉིད་ཡིན་ནོ། །སེམས་ཅན་གྱི་ཚོགས་ཐམས་ཅད་ལ་ཕན་པ་རྗེས་སུ་བརྩེ་བའི་ངང་ཚུལ་ཅན་དང་ལྡན་པ་འཇིག་རྟེན་རྣམས་ཀྱི་དོན་ཏེ་དམ་པའི་དོན་སངས་རྒྱས་ཉིད་དང་འབྲས་བུ་འཇིག་རྟེན་པའི་བདེ་བ་སྟེ་དེ་གཉིས་མཛད་པ་ལ་རྟག་ཏུ་འཇུག་པ་སྟེ། སོ་སོར་རྟོག་པའི་བདག་ཉིད་ཅན་ཡིན་པའི་
ཕྱིར་རོ། །དེ་ལྟར་བཅོམ་ལྡན་འདས་ལ་བོས་ནས་གསོལ་བ་ནི་མགོན་པོ་ཞེས་བྱ་བའོ། །རབ་དགྱེས་ཏེ་ཤིན་ཏུ་རྣམ་པར་དག་པའི་མཆོག་ཏུ་དགའ་བས་སྤྱོད་པ་གང་ལ་མངའ་བ་དེ་ལ་དེ་སྐད་ཅེས་བྱའོ། །ཀུན་དུ་བཟང་ཞིང་དགེ་བ་འདི་ལས་བྱུང་བས་ན་དེ་སྐད་ཅེས་བྱའོ། །གཞན་ནི་སྔ་མ་
བཞིན་ནོ། །བདག་ལ་དགྱེས་པར་རོལ་ཞེས་བྱ་བ་ནི་གོས་དཀར་མོ་ལའོ། །ད་ནི་བཏང་སྙོམས་ཀྱི་རང་བཞིན་སྒྲོལ་མས་བསྐུལ་བ་བརྗོད་པ་ནི། རྡོ་རྗེ་འདོད་ཁྱོད་ཅེས་བྱ་བ་ལ་སོགས་པའོ། །རྡོ་རྗེའི་རང་བཞིན་གཉིས་སུ་མེད་པ་ཡེ་ཤེས་ཀྱི་བདག་ཉིད་ཀྱི་འདོད་པ་གཟུགས་ལ་སོགས་པ་འདི་ལ་
ཡོད་པས་རྡོ་རྗེ་འདོད་པའོ། །དམ་ཚིག་ནི་དོན་ཡོད་དེ་དེའི་རང་བཞིན་ཡིན་པས་སོ། །མཆོག་ཀྱང་ཡིན་ཏེ་བྱ་བ་སྒྲུབ་པའི་རང་བཞིན་ཉིད་ཀྱིས་སེམས་ཅན་གྱི་དོན་བྱེད་པའི་ཕྱིར་དམ་ཚིག་མཆོག་གོ། །ཕྱི་མ་ལ་ཕན་པ་ཆེན་པོའི་གདུལ་བྱ་རྣམས་ཀྱི་དོན་འདོད་པས་འབྱུང་བས་ན་ཕན་ཆེན་དོན་ཏོ། །
རྫོགས་སངས་རིགས་ནི་དེའི་ཐིག་ལེ་སྟེ་མཆོག་ཏུ་གྱུར་པའོ། །མཉམ་ཉིད་སྟོང་པ་ཉིད་ཀྱི་རྗེས་སུ་བརྩེ་བའི་ཕྱིར་མཉམ་ཉིད་རྗེས་བརྩེ་ཅན་ནོ། །དེ་འདྲ་བའི་རྡོ་རྗེ་སེམས་དཔའ་ལ་གསོལ་བ་ནི་མགོན་པོ་གལ་ཏེ་ཞེས་བྱ་བ་ལ་སོགས་པའོ། །ཡོན་ཏན་གྱི་གཏེར་དུ་གྱུར་པ་ཉིད་ཀྱི་ཕྱིར་རིན་
ཆེན་མང་ལྡན་ཡིན་ནོ། །བདག་ལ་རོལ་ཞེས་བྱ་བ་ནི་སྒྲོལ་མ་ལ་སྟེ། ལྷག་མ་ནི་སྔ་མ་བཞིན་ནོ། །ད་ནི་ས་བོན་དང་ཕྱག་མཚན་གྱི་རིམ་གྱིས་འཇམ་པའི་རྡོ་རྗེ་བཞེངས་པ་བརྗོད་པ་ནི། དེ་ལྟའི་བློ་ངོར་ཞེས་བྱ་བ་ལ་སོགས་པའོ། །ཐམས་ཅད་སྒྱུ་མ་ལྟ་བུར་རྟོགས་པའི་སྔགས་པས་ཞུ་བ་
ལས་བྱུང་བའི་ཡི་གེ་མཾ་མདངས་གསལ་བ་ལས་སྐྱེས་པའི་རལ་གྲིའི་ཡུ་བའི་དབུས་ཀྱི་ཟླ་བ་ལ་གནས་ལ་འོད་ཀྱི་དཀྱིལ་འཁོར་འཕྲོ་བའི་ཡི་གེ་མཾ་གྱི་རྣམ་པར་བདག་ཉིད་གྱུར་ཏེ། ཡི་གེ་མཾ་དེའི་འོད་ཟེར་རྣམས་ཀྱིས་ཡི་གེ་མཾ་དེ་ཉིད་ཀྱི་ནང་དུ། རང་གི་ལྷ་འཇམ་པའི་རྡོ་རྗེ་དེའི་རྣམ་པར་སྤྲུལ་

པའི་ཐུབ་པའི་ཚོགས་མ་ལུས་པ་རྣམས་ཡིད་ཀྱིས་བཅུག་པས་ན་འཆད་པར་འགྱུར་བའི་ཁྱད་པར་ཅན་འདི་འདྲ་བའི། དཔལ་ལྡན་འཇམ་པའི་རྡོ་རྗེར་འགྱུར། །ཞེས་བྱ་བ་ནི་བདག་ཉིད་འཇམ་པའི་རྡོ་རྗེ་བལྟའོ་ཞེས་བྱ་བའི་དོན་ཏོ། །འདི་འདྲ་བའི་སྒྲས་བསྟན་པའི་
ཁྱད་པར་གཞན་ཡང་བརྗོད་པ་ནི། གུར་ཀུམ་མཆོག་འདྲ་ཞེས་བྱ་བ་ལ་སོགས་པའོ། །སྐྱོབ་པ་ཉིད་ཀྱིས་གཟིགས་པའི་ལམ་གསུངས་པའོ། །འགྲོ་བ་བསྒྲལ་བའི་དོན་དུ་དེ་གང་ལ་ཡོད་པ་ནི་སྐྱོབ་ཅན་ནོ། །གང་གིས་ནམ་མཁའི་དཀྱིལ་འཁོར་ཐམས་ཅད་དེ་བཞིན་གཤེགས་པ་ལ་
སོགས་པའི་རིགས་མ་ལུས་པ་སྤྲོས་པ་རྣམས་ཀྱིས་རྒྱན་པར་མཛད་པ་དེ་ལ་དེ་སྐད་ཅེས་བྱའོ། །སྲིད་པ་ཆགས་པས་སྲིད་མཐའ་མེད། །ཞི་ལ་ཆགས་པས་རྒྱུད་ལ་བརྟེན། །ཞེས་གསུངས་པས་ན། འདིས་ནི་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་དུ་བསྟན་པའི་ཕྱིར་གསུངས་པ་ནི་གཟུང་
འཛིན་དག་པ་དང་ཞེས་བྱ་བ་ལ་སོགས་པའོ། །དེ་ཁོ་ནར་གཟུང་འཛིན་དང་བྲལ་བའི་ཕྱིར་དངོས་པོ་མཐའ་དག་ངོ་བོ་མེད་པ་ཡིན་ཏེ། ངོ་བོའི་རང་བཞིན་གཟུང་བ་དང་འཛིན་པ་ཉིད་ཡིན་པའི་ཕྱིར་རོ། །དེ་སྐད་དུ་ཡང་། གཟུང་དང་འཛིན་པའི་རྣམ་པ་ལས། །གཞན་པའི་མཚན་ཉིད་ཡོད་
མ་ཡིན། །དེས་ན་མཚན་ཉིད་སྟོང་པའི་ཕྱིར། །ངོ་བོ་མེད་པར་རབ་ཏུ་བསྟན། །ཞེས་གསུངས་སོ། །ངོ་བོ་མེད་པར་བསམས་ནས་རྣམ་པར་བྱང་བ་མྱ་ངན་ལས་འདས་པ་ལ་མངོན་པར་ཞེན་པ་གང་ཡིན་པ་དེ་ཟད་ཕྱིར་ཏེ་ཟད་པའི་དོན་དུ། ཨོཾ་དྷརྨ་དྷཱ་ཏུ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། ཞེས་འདི་ལྟར་
བྱིན་གྱིས་བརླབ་པར་བྱའོ། །ཡི་གེ་ཨོཾ་ལ་སོགས་པ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། ཞེས་བྱ་བ་ནི་ཚིག་གཉིས་སུ་བྱས་ནས་ཚིག་དྲུག་གིས་ལུས་ལ་སོགས་པ་རྣམ་པ་དྲུག་གི་དེ་ཉིད་བསྐུལ་བའོ། །སྟོབས་བཅུ་དང་མི་འཇིགས་པ་བཞི་ལ་སོགས་པ་ཆོས་ཀྱི་དབྱིངས་ནི་རྟེན་ཏེ་སྒྲུབ་པར་བྱེད་པ་ཡིན་པའི་ཕྱིར་
རོ། །འདི་ལྟར་བསམ་པ་ཇི་ལྟ་བ་བཞིན་དུ་ཐབས་དུ་མས་སེམས་ཅན་དོན་རྣམ་པ་དུ་མ་སྒྲུབ་པའི་ཕྱིར། འཁོར་བ་དང་མྱ་ངན་ལས་འདས་པ་ལ་མི་གནས་པ་ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཉིད་ཤེས་རབ་དང་ཐབས་ཀྱི་རང་བཞིན་འཇམ་པའི་རྡོ་རྗེའི་བདག་ཉིད་ཅན་ནི་ང་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །

ཆོས་ཐམས་ཅད་བདག་མེད་པར་རྟོགས་པ་ནི་སྲིད་པར་མངོན་པར་ཞེན་པ་སྤངས་པ་ཁོ་ན་ཡིན་ཏེ། འོན་ཀྱང་མྱ་ངན་ལས་འདས་པར་མངོན་པར་ཞེན་པར་འགྱུར་ལ། དེ་ཡང་ངེས་པར་ལེགས་པར་འཇིག་པར་བྱེད་པ་ཡིན་པ་དེས་ན་དེ་ཡང་སྤང་པའི་ཕྱིར་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་དུ་བྱིན་གྱིས་
བརླབ་པར་བྱའོ། །དེ་སྐད་དུ་ཡང་། བཅིངས་པ་དང་ཐར་པ་བརྟག་པ་ལས་ཀྱང་། ཉོན་མོངས་མེད་པར་མྱ་ངན་འདའ། །མྱ་ངན་འདས་པ་བདག་གི་ཞེས། །གང་དག་སེམས་དཔའ་དེ་དག་ནི། །འཛིན་པ་ཆེན་པོ་ཉེ་བར་ལེན། །གང་ལ་མྱ་ངན་འདས་པ་དང་། །འཁོར་བ་སྣོན་དང་འབྲི་
མེད་པ། །དེ་ལ་མྱ་ངན་འདས་པ་དང་། །འཁོར་བར་གང་ཞིག་རབ་ཏུ་བརྟག །ཅེས་གསུངས་སོ། །མྱ་ངན་ལས་འདས་པ་བརྟག་པ་ལས་ཀྱང་། མྱ་ངན་འདས་པའི་མཐའ་དང་ནི། །འཁོར་བའི་མཐའ་ནི་གང་ཡིན་པ། །འདི་དག་བར་ན་ཕྲ་མོ་ཡང་། །འགའ་ཞིག་ཡོད་པ་མ་
ཡིན་ནོ། །ཞེས་གསུངས་སོ། །དོན་ནི་འདི་ཡིན་ཏེ། མཐའ་བཞི་ལས་རྣམ་པར་གྲོལ་བའི་དེ་ཁོ་ན་རིག་པའི་རང་བཞིན་བསམ་གྱིས་མི་ཁྱབ་པའི་རྣམ་པ་ཅན་འཇམ་པའི་རྡོ་རྗེའི་ང་རྒྱལ་ནི་ཐུན་མོང་མ་ཡིན་པ་ཉིད་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་རྒྱུའི་དངོས་པོ་
ཉམས་སུ་མྱོང་བ་ཡིན་ནོ་ཞེས་བྱ་བའོ། །འདིས་ནི་བསྙེན་པ་ཞེས་བྱ་བ་ཡན་ལག་དང་པོ་རྒྱུ་དང་འདྲ་བའི་ལྷ་ཞེས་བྱ་བ་རྒྱུ་མཐུན་པའི་འབྲས་བུ་ཆུང་ངུ་བརྗོད་པ་ཡིན་ནོ།། །།ཡན་ལག་གཉིས་པ་བརྗོད་པ་ནི་དེ་རྗེས་ཞེས་བྱ་བ་ལ་སོགས་པ་སྟེ་བསྙེན་པའི་དེ་མ་ཐག་ཏུའོ། །རང་གི་ས་བོན་འོད་
རྣམས་ལས་སའི་སྙིང་པོ་ལ་སོགས་པ་རྣམས་ཀྱི་ཡི་གེ་ཀྵིཾ་ལ་སོགས་པ་རིམ་པ་ཇི་ལྟ་བ་བཞིན་མིག་ལ་སོགས་པའི་གནས་རྣམས་སུ་རང་རང་གི་མཚན་མའི་ལྟེ་བ་ལ་གནས་པ་རྣམས་དང་། དེ་དག་གི་འོད་རྣམས་ལས་ཏེ། འོད་ཟེར་དང་བཅས་པ་དེ་དག་ཉིད་རྒྱུར་གྱུར་པ་ལས་གྲུབ་པའི་སའི་
སྙིང་པོ་ལ་སོགས་པ་དྲུག་པོ་གང་དག་ཡིན་པ་དེ་དག་གིས་མིག་སོགས་བཀང་ནས་བསྒོམ་པར་བྱ་ཞེས་གཞན་དང་འབྲེལ་ཏོ། །བདག་ཉིད་ཇི་ལྟ་བ་བཞིན་དུ་ཞེས་བྱ་བ་ནི་མིག་དག་གི་དབུས་སུ་ཟླ་བ་ལ་ཀྵིཾ་དཀར་པོའི་འཁོར་ལོ་ཡོངས་སུ་གྱུར་པ་ལས་སའི་སྙིང་པོ་དཀར་པོའོ། །རྣ་བའི་བུ་ག་ལས་

ཛྲྀཾ་ནག་པོའི་རྡོ་རྗེ་ལས་བྱུང་བ་ཕྱག་ན་རྡོ་རྗེ་སྔོན་པོའོ། །སྣའི་བུ་ག་དག་ཏུ་ཁཾ་སེར་པོའི་རིན་པོ་ཆེ་ལྗང་གུ་ལས་བྱུང་བ་ནམ་མཁའི་སྙིང་པོ་སེར་པོའོ། །ལྕེའི་དཀྱིལ་དུ་གཾ་དམར་པོའི་པདྨ་ལས་བྱུང་བ་སྤྱན་རས་གཟིགས་དམར་པོའོ། །དཔྲལ་བ་ལ་ཀཾ་ལྗང་གུའི་རལ་གྲི་ལས་བྱུང་བའི་སྒྲིབ་
པ་རྣམ་པར་སེལ་བ་ལྗང་གུའོ། །ལྟེ་བའི་སྟེང་དུ་སཾ་དཀར་པོའི་རྡོ་རྗེ་ཡོངས་སུ་གྱུར་པ་ལས་ཀུན་དུ་བཟང་པོ་ཆོ་ག་བཞིན་དུ་བསམ་པར་བྱའོ་ཞེས་བྱ་བའི་དོན་ཏོ། །འདིས་ནི་ཉེ་བར་བསྒྲུབ་པའི་ཡན་ལག་ཐམས་ཅད་མཁྱེན་པ་ཉིད་རྣམ་པར་སྨིན་པའི་འབྲས་བུ་ཆུང་ངུ་བརྗོད་པ་ཡིན་ཏེ། མིག་ལ་
སོགས་པ་རྣམས་སའི་སྙིང་པོ་ལ་སོགས་པའི་རང་བཞིན་ལྷའི་རྣམ་པར་བྱེད་པའི་ཕྱིར་དང་། སོ་སོ་ལ་རྣ་བ་ལ་སོགས་པའི་དབང་པོ་དྲུག་ཡོད་པས་སྒྲ་ལ་སོགས་པའི་ཡུལ་ཡོངས་སུ་ཤེས་པ་སྲིད་པའི་ཕྱིར་དང་། ཡུལ་གྱི་ཁྱད་པར་ཕྲ་བ་ལ་སོགས་བ་ལ་ཡོངས་སུ་ཤེས་པ་སྲིད་པའི་
ཕྱིར་རོ།། །།ཡན་ལག་གསུམ་པ་བརྗོད་པ་ནི་རང་སྙིང་དྲི་མེད་ཟླར་ཞེས་བྱ་བ་ལ་སོགས་པ་སྟེ་རང་གི་སྙིང་ག་ཟླ་བ་དྲི་མ་མེད་པ་ལའོ། །རྡོ་རྗེ་ལྟེ་བའི་ནང་གནས་ཞེས་བྱ་བ་ནི་ཧཱུྃ་ནག་པོ་ལས་སྐྱེས་པའི་རྡོ་རྗེའི་ལྟེ་བ་ལ་གནས་པའོ། །ཧཱུྃ་ཡིག་ལས་རྡོ་རྗེ་ཐུགས་བསྒོམ་ཞེས་བྱ་བ་ནི་ཧཱུྃ་ལས་སྐྱེས་
པའི་རྡོ་རྗེའི་དབུས་ན་གནས་པའི་ཡི་གེ་ཧཱུྃ་ལས་སྐྱེས་པའི་ཐུགས་ཀྱི་རྡོ་རྗེ་ཕྱག་ན་རྡོ་རྗེ་ཁོ་ན་འདྲ་བ་ཞིག་བསྒོམ་པར་བྱའོ་ཞེས་བྱ་བའི་དོན་ཏོ། །ཁ་དང་མགོ་བོ་ལ་པདྨ་འཁོར་ལོ་དག་གི་ལྟེ་བའི་ཞེས་བྱ་བ་ནི་ལྕེའི་རྩ་བར་ཨཱཿདམར་པོ་ལས་སྐྱེས་པའི་པདྨའི་དབུས་ཀྱི་དང་མགོ་བོར་ཡི་གེ་ཨོཾ་ལས་
སྐྱེས་པའི་འཁོར་ལོའི་ལྟེ་བ་ལའོ། །ཨཱཿདང་སྲོག་ལས་ཞེས་བྱ་བ་ནི་ཨཱཿདམར་པོ་ལས་སྐྱེས་པའི་པདྨ་ལ་གནས་པའི་ཡི་གེ་ཨཱཿདང་། ཨོཾ་དཀར་པོ་ལས་སྐྱེས་པའི་འཁོར་ལོ་ལ་གནས་པའི་ཡི་གེ་ཨོཾ་དག་ལས་རིམ་པ་ཇི་ལྟ་བ་བཞིན་གསུང་གི་རྡོ་རྗེ་འཇིག་རྟེན་དབང་ཕྱུག་ཇི་ལྟ་བུ་ཞིག་
དང་། སྐུ་རྡོ་རྗེ་སའི་སྙིང་པོ་འདྲ་བ་བསྒོམ་པར་བྱ་ཞེས་འབྲེལ་ཏོ། །ཐུགས་རྡོ་རྗེ་ལ་སོགས་པ་དེ་དག་གི་སྙིང་པོ་ནི་དེ་དག་གི་སྙིང་པོ་ཞེས་བྱའོ། །སྙིང་པོ་དེ་དག་གི་འོད་ཟེར་ཚོགས་ཞེས་བྱ་བ་ནི་ཐུགས་རྡོ་རྗེ་ལ་སོགས་པའི་ཐུགས་ཀ་ན་གནས་པའི་ཟླ་བའི་གདན་གྱི་རྡོ་རྗེ་དང་། པདྨ་དང་

འཁོར་ལོའི་དཀྱིལ་འཁོར་ན་གནས་པ་ཧཱུྃ་དང་ཨཱཿདང་ཨོཾ་གྱི་ཡི་གེའི་འོད་ཟེར་རྣམས་ཀྱི་ཞེས་བྱ་བའི་དོན་ཏོ། །ཤེས་རབ་མཆོག་དང་འབྲེལ་པ་མཛེས་པ་རྣམས་ཀྱིས་ནི་ཞེས་བྱ་བ་ནི་འོད་ཟེར་ལས་འཐོན་པ་གཟུགས་རྡོ་རྗེ་མ་ལ་སོགས་པ་རྣམ་པ་བཅུ་པོ་རྣམས་ཀྱིས་སོ། །ཕྱོགས་བཅུ་ན་བཞུགས་
པའི་ཐུབ་པའི་དབང་པོ་རྣམས་ཀྱི་ཐུགས་ཀ་ན་གནས་པའི་ཐུགས་ཀྱི་རྡོ་རྗེ་ལ་སོགས་པ་རྣམས་ཀུན་དུ་མཆོད་ནས་ཀུན་དུ་མཆོད་པའི་རྒྱལ་དབང་རྣམས་ཀྱིས་ནི་ཞེས་བྱ་བ་ཐུགས་ཀྱི་རྡོ་རྗེ་ལ་སོགས་པ་ཤེས་པ་མཆོག་དང་འབྲེལ་པས་མཛེས་པ་རྣམས་ཀྱིས་སོ། །དཔལ་ལྡན་ཐུགས་ཀྱི་རྡོ་རྗེ་འཆང་། །
ཞེས་བྱ་བ་ལ་སོགས་པ་ནི་རིམ་གྱིས་ཐུགས་ཀྱི་རྡོ་རྗེ་ལ་སོགས་པ་བྱིན་གྱིས་བརླབས་པའོ། །རྡོ་རྗེ་མི་ཕྱེད་གསུམ་བསྒོམས་པ། །ཞེས་བྱ་བ་ནི་སྐུ་རྡོ་རྗེ་ལ་སོགས་པ་རྣམས་ཐ་མི་དད་པར་བསྒོམས་པ་སྟེ་དེའི་རང་བཞིན་ཞེས་བྱ་བའི་དོན་ཏོ། །གསུང་གི་ལམ་ལྡན་ཞེས་བྱ་བ་ནི་ལྕེའི་རྩ་བར་
བསྐྱེད་པའོ། །གཞན་ནི་གྲགས་པར་ཟད་དོ། །དེ་ནས་ཚིགས་སུ་བཅད་པ་རྣམས་ཀྱིས་བྱིན་གྱིས་བརླབས་པའི་རྡོ་རྗེ་གསུམ་པོ་བསམ་གྱིས་མི་ཁྱབ་པའི་རྣམ་པ་ཉིད་དུ་བསྟན་པའི་ཕྱིར་བརྗོད་པ་ནི་མཚན་ཉིད་དང་བྲལ་བ་ཞེས་བྱ་བ་ལ་སོགས་པའོ། །ཐ་དད་པའི་མཚན་ཉིད་དང་བྲལ་བ་ཉིད་ཀྱི་
ཕྱིར་ན་ནམ་མཁའ་ལྟ་བུའི་ངོ་བོ་ཉིད་ཡིན་ཏེ། བསམ་གྱིས་མི་ཁྱབ་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ནི་འདི་འདྲ་བའི་རྡོ་རྗེ་གསུམ་པོ་ཀུན་དུ་རྟོགས་ཏེ། རང་རིག་བདག་པོའི་ཅོད་པན་གྱིས་བརྒྱན་གྱུར། །ཅེས་གཞན་དང་འབྲེལ་ཏོ། །འདིས་ནི་བསྒྲུབ་པའི་ཡན་ལག་ཆོས་དང་ལོངས་སྤྱོད་
རྫོགས་པ་དང་སྤྲུལ་པའི་མཚན་ཉིད་སྐུ་གསུམ་གྱི་རང་བཞིན་ཐུགས་དང་གསུང་དང་སྐུ་རྡོ་རྗེ་ཞེས་བྱ་བ་སྐྱེས་བུ་བྱེད་པའི་འབྲས་བུ་ཆུང་ངུ་བརྗོད་པ་ཡིན་ནོ། །དེ་སྐད་དུ། ཆོས་དང་ལོངས་སྤྱོད་སྤྲུལ་པ་རྣམས། །འགྲོ་བའི་དོན་ཉིད་སྒྲུབ་བྱེད་པ། །དེ་ཕྱིར་ཐུགས་ཀྱི་རྡོ་རྗེ་སོགས། །བྱིན་རླབས་སྒྲུབ་
པའི་དོན་དུ་འགྱུར། །ཞེས་གསུངས་སོ། །ཕྱོགས་འཁོར་ཀུན་ན་ཞེས་བྱ་བ་ལ་སོགས་པས་ནི་ཡན་ལག་བཞི་པ་བཤད་དོ། །འདིར་ཡང་ཐུགས་ཀྱི་རྡོ་རྗེ་ལ་སོགས་པ་གྲུབ་པའི་དུས་ཉིད་ན། གསུང་རྡོ་རྗེ་དང་ཐུགས་རྡོ་རྗེ་གཉིས་ཀྱི་བར་དུ་ཟླ་བ་ལ་གནས་པའི་རལ་གྲིའི་ཡུ་བའི་དཀྱིལ་དུ་སྐྱེས་པ་

ཡེ་ཤེས་སེམས་དཔའ་དམ་ཚིག་སེམས་དཔའ་དང་འདྲ་བར་བལྟ་བར་བྱའོ། །ཕྱོགས་ཀྱི་འཁོར་ལོ་ཀུན་ན་བཞུགས་པའི་ཐུབ་པའི་དབང་པོ་རྣམས་ནི་དེའི་འོད་ཟེར་རྣམས་ཀྱིས་བསྐུལ་ནས་བསྐུལ་བའི་ཐུབ་པའི་མཆོག་དེ་རྣམས་ཉིད་ཀྱི་འོད་ཟེར་རྣམས་ལས་ངེས་པར་འབྱུང་
བའི་རིག་མའི་ཚོགས་གཟུགས་རྡོ་རྗེ་མ་ལ་སོགས་པ་གང་དག་ཡིན་པ་དེ་དག་རྣམས་ཀྱི་ལག་པ་རྣམས་ཀྱིས་བཟུང་བ་ཡེ་ཤེས་ཀྱི་ཆུས་གང་བའི་བུམ་པ་གང་དག་ཡིན་པ་དེ་དག་རྣམས་ཀྱིས་ཡེ་ཤེས་ཀྱི་ཆུས་དབང་བསྐུར་བར་གྱུར་པ་ནི་འཇམ་པའི་རྡོ་རྗེའི་རྣལ་འབྱོར་པ་རང་གི་རིགས་ཀྱི་བདག་པོའི་
ཅོད་པན་གྱིས་བརྒྱན་འགྱུར་ཞེས་བྱ་བ་མི་བསྐྱོད་པའི་ཅོད་པན་གྱིས་མཛེས་པར་འགྱུར་རོ་ཞེས་བྱ་བའོ། །དབང་བསྐུར་མ་ཐག་ཏུ་དབང་བསྐུར་བའི་ལྷ་མོ་ནང་དུ་འདུས་པ་དང་། ལྷ་མོའི་ཁུ་བ་དག་གིས་བསྐྱེད་པའི་མི་བསྐྱོད་པ་འཇམ་པའི་རྡོ་རྗེའི་ཅོད་པན་དུ་བལྟ་བར་བྱའོ་ཞེས་བྱ་བའི་དོན་ཏོ། །
འདིས་ནི་སྒྲུབ་པ་ཆེན་པོའི་ཡན་ལག་དབང་བསྐུར་བའི་རང་བཞིན་དྲི་མ་དང་བྲལ་བའི་འབྲས་བུ་ཆེན་པོ་བརྗོད་པ་ཡིན་ཏེ། དབང་བསྐུར་བའི་དྲི་མ་དང་བྲལ་བ་སྐྱེ་བའི་ཕྱིར་རོ། །བསྙེན་པ་ལ་སོགས་པ་ཡན་ལག་བཞི་པོ་དེ་ཉིད་ནི་བདག་པོ་ལ་བརྟེན་པ་ཉིད་ཀྱི་མཆོག་ཏུ་གྱུར་པ་དང་། མི་མཐུན་
པ་མ་ལུས་པ་ཟད་པར་མི་ནུས་པས་ན་ཆུང་ངུའི་སྒྲས་བརྗོད་པ་ཡིན་ནོ། །རྒྱུ་མཐུན་པའི་འབྲས་བུ་ལ་སོགས་པ་ཆུང་ངུ་བརྗོད་ཟིན་ཏོ། །དེ་ནི་བསྙེན་པའི་ཡན་ལག་གཞན་བཞི་རྒྱུ་མཐུན་པ་ལ་སོགས་པའི་འབྲས་བུ་དང་བཅས་པ་ཤེས་རབ་སྦྱོང་བར་བྱེད་པ་ཆུང་ངུ་དང་ཆེན་པོའི་ཡན་ལག་བཞི་པོ་
དག་གི་བར་ན་གནས་པའི་ཕྱིར་ན་འབྲིང་གི་སྒྲའི་ཁྱད་པར་དུ་བརྗོད་པར་བཞེད་ནས་དེ་བཞིན་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་བཞིན་ཞེས་བྱ་བ་ནི་འཇམ་པའི་རྡོ་རྗེ་བཞིན་དུའོ། །བསྙེན་པ་ལ་སོགས་པའི་རིམ་གྱིས་རིག་མ་མཆོག་རྣམ་པར་བསམས་ནས་དེ་ཉིད་ཤེས་པའི་
སྔགས་པས་བདེ་བར་གཤེགས་པ་རྣམས་མཉེས་པར་བྱའོ་སྙམ་དུ་ལྷག་པར་མོས་པས་དེ་དང་ལྷན་ཅིག་དགའ་བར་བརྩམ་མོ་ཞེས་འབྲེལ་ཏོ། །བསྙེན་པ་ལ་སོགས་པ་དེ་ཉིད་སྟོན་པས་ན་ལྷ་མོ་ཁྱད་པར་དུ་བྱེད་པ་ནི་རང་གི་སྙིང་གིས་ཏེ་འཇམ་པའི་རྡོ་རྗེས་སྤྲུལ་པའོ། །མན་ངག་ནི་འདི་ཡིན་ཏེ།

མདུན་དུ་ཟླ་བ་ལ་གནས་པའི་འོད་ཀྱིས་བསྐུལ་བར་གྱུར་པའི་འཇིག་རྟེན་གྱི་ཁམས་ཀཱ་ཀན་དི་ན་གནས་པའི་ཡི་གེ་ཨ་ལ་སོགས་པའི་རང་བཞིན་ཅན་གྱི་དེ་བཞིན་གཤེགས་པ་རྣམས་ནང་དུ་འདུས་པ་ལ་སོགས་པ་གཉི་གའི་མཉེས་པར་བྱེད་པ་དང་སེམས་ཅན་དབང་བསྐུར་བ་དང་བྲལ་བའི་ཚོགས་
བསྐྱེད་པ་ཞེས་བྱ་བའི་རང་ལྷའི་སྣང་བ་ཞེས་བྱ་བ་ནི་འཇམ་པའི་རྡོ་རྗེའི་རྣམ་པ་ཅན་ཡིན་ནོ། །འདིས་ནི་རྒྱུ་མཐུན་པའི་འབྲས་བུ་འབྲིང་པོ་དེའི་བསྙེན་པ་བསྟན་པ་ཡིན་ནོ། །མིག་སོགས་ཁེངས་གྱུར་ཅིང་ཞེས་བྱ་བ་ནི་སྔ་མ་བཞིན་དུ་རང་རང་གི་ས་བོན་ལས་སྐྱེས་པའི་སའི་སྙིང་པོ་ལ་སོགས་པས་
མིག་ལ་སོགས་པ་དྲུག་པོ་བྱིན་གྱིས་བརླབ་པའོ། །འདིས་ནི་ཉེ་བར་བསྒྲུབ་པ་རྣམ་སྨིན་གྱི་འབྲས་བུ་འབྲིང་མཚོན་པ་ཡིན་ནོ། །ཡི་གེ་གསུམ་ནི་ཧཱུྃ་ཨཱཿཨོཾ་སྟེ་འདི་རྣམས་སྔ་མ་བཞིན་དུ་རྡོ་རྗེ་ཐུགས་ལ་སོགས་པའི་རང་བཞིན་གྱིས་སྔར་བརྗོད་པའི་གནས་རྣམས་སུ་བསམས་པ་ནི་བཀོད་པ་
ཡིན་ནོ། །དེ་ལྟར་འདིས་ནི་སྒྲུབ་པ་སྐྱེས་བུ་བྱེད་པའི་འབྲས་བུ་འབྲིང་བསྟན་ཏོ། །དེ་ནས་སྔ་མ་བཞིན་དུ་ཡེ་ཤེས་ཀྱི་ཆུས་དབང་བསྐུར་བ་ལ་སོགས་པས་མདངས་དང་ལྡན་པའི་ལུས་ཙན་མ་སྟེ། དྲི་མ་མེད་པའི་ལུས་གང་ལ་ཡོད་པ་དེ་ནི་ཡི་གེ་གསུམ་བཀོད་མདངས་ལྡན་ལུས་ཅན་མའོ། །
འདིས་ནི་སྒྲུབ་པ་ཆེན་པོ་དྲི་མ་དང་བྲལ་བའི་འབྲས་བུ་འབྲིང་མཚོན་ཏོ། །དེ་ཉིད་རིགས་ལྔའི་ཚོགས་དང་ལྡན་པ་དེ་ཉིད་ཀྱིས་ཁྱད་པར་དུ་བྱེད་པ་བརྗོད་པ་ནི་སྤྱི་བོ་ཞེས་བྱ་བ་ལ་སོགས་པའོ། །སྤྱི་བོ་སྙིང་ག་དང་ལྟེ་བ་དང་གསང་བ་བརླ་གཉིས་ལའོ། །སོགས་པ་སྨོས་པས་ནི་ཆ་རྣམས་བདག་
ཉིད་ཇི་ལྟ་བའི་རྡུལ་ཕྲ་མོས་ཁྱབ་པའང་བསྡུའོ། །རིམ་པ་ཇི་ལྟ་བ་བཞིན་ཨོཾ་ཧཱུྃ་སྭཱ་ཨཱཿཧཱ་ཞེས་བྱ་བ་རྣམས་ཀྱིས་སོ། །སྐུ་ཡིད་རྡོ་རྗེའི་རིགས་མཆོག་ཅེས་བྱ་བ་ནི་སྐུ་ལ་སོགས་པའི་རིགས་ལྔའི་རང་བཞིན་གྱི་ལྷ་སྟེ་སྔགས་དང་ལྷ་དག་ཐ་མི་དད་པའི་ཕྱིར་ན་ལྔ་པོའི་རྣམ་པ་ཅན་ཉིད་ཀྱི་ལུས་པོ་བྱིན་གྱིས་
བརླབ་པ་ནི་དེ་ལ་སྐུ་རྡོ་རྗེ་ཞེས་བྱ་བའི་རིགས་མཆོག་དང་ཡིད་ཀྱི་རྡོ་རྗེ་ཞེས་པའི་རིགས་མཆོག་ཞེ་སྡང་གི་རིགས་དང་། སོགས་པ་སྨོས་པས་རིན་པོ་ཆེའི་རིགས་དང་པདྨའི་རིགས་དང་ལས་ཀྱི་རིགས་ཀྱང་བསྡུའོ། །འགྲོ་བ་གསུམ་པོ་ཁྱབ་པར་བྱེད་པའི་འོད་ཀྱི་དཀྱིལ་འཁོར་མཆོག་ལྡན་

ཞེས་བྱ་བ་ནི་འོད་ཟེར་གྱི་ཚོགས་ཐམས་ཅད་དུ་ཁྱབ་པར་འཕྲོ་བའོ། །ད་ནི་ཡི་གེ་ཧཱུྃ་གིས་རང་གི་རྡོ་རྗེ་དང་། ཡི་གེ་ཨོཾ་གྱིས་སྙིང་པོ་རྣམ་པར་སྦྱངས་མ་ཐག་ཏུ་རང་གི་རིག་མའི་མཚོ་སྐྱེས་ཡོངས་སུ་སྦྱོང་བ་ཉེ་བར་བསྟན་པའི་དོན་དུའང་ཁྱད་པར་བྱེད་པ་ནི་ཨ་
ཡིག་གིས་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཡི་གེ་ཨ་ཡིས་རྨད་དུ་བྱུང་བའི་སྙིང་པོ་མཆོག་ཏུ་བྱས་པའང་ཡིན་ལ། ཧཱུྃ་གི་ཡི་གེས་འདབ་མ་བརྒྱད་སྤྲུལ་པའང་ཡིན་པའི་པདྨ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །དེ་ལྟ་བུར་གྱུར་པ་ས་བོན་གྱི་ཡི་གེས་བསྐུལ་བའི་མན་ངག་ལས་
གནས་སྐབས་ལས་ཐོབ་པ་ནང་དུ་འདུས་པ་དེ་ནི་རྣམ་པར་བསམས་ནས་སོ། །ཇི་ལྟར་གྱུར་པས་དགའ་བ་བརྩམ་ཞེ་ན། བརྗོད་པ་དེ་ཉིད་ཤེས་པའི་སྔགས་པས་ཞེས་བྱ་བ་ལ་སོགས་པའོ། །རིག་མ་དམ་པ་ནི་རྒྱུའི་རྡོ་རྗེ་འཆང་གི་རིག་མ་སྟེ། དེའི་རྒྱུ་མཐུན་པའི་ངོ་བོའོ། །ཐབས་དང་
བཅས་པར་གྱུར་པའི་རང་གི་ལུས་གང་ལ་ཡོད་པའི་སྔགས་པ་དེ་ལ་དེ་སྐད་ཅེས་བྱའོ། །བཅོམ་ལྡན་འདས་ཀྱི་རྡོ་རྗེ་ནི་ཡི་གེ་ཧཱུྃ་གིས་དང་དེའི་སྙིང་པོ་ཡི་གེ་མཾ་གྱིས་བསྐྱེད་པར་བྱ་བ་ཡིན་ཏེ། དེ་ཉིད་ཀྱི་ཕྱིར་དེ་མ་ཐག་ཏུ། ཧཱུྃ་གི་རྡོ་རྗེ་ལས་འཐོན་དྲི་མེད་པ། །ཞེས་བཤད་པར་འགྱུར་རོ། །རྗེས་སུ་
མཉེས་པའི་རྣལ་འབྱོར་བྱིན་གྱིས་རློབ་པའི་སྔགས་གསུངས་པ་ནི་ཨོཾ་ཞེས་བྱ་བ་ལ་སོགས་པའོ། །གཞུང་དེ་དག་གི་བར་གྱིས་ནི་དང་པོའི་རྣལ་འབྱོར་པའི་ཞེས་བྱ་བའི་ཏིང་ངེ་འཛིན་དང་པོ་བརྗོད་པ་ཡིན་ནོ། །ད་ནི་དཀྱིལ་འཁོར་རྒྱལ་པོ་མཆོག་བརྗོད་པའི་དོན་དུ་གསུངས་པ་ནི། སྙིང་གའི་ཟླ་བའི་ཞེས་བྱ་བ་ལ་
སོགས་པའོ། །སྙིང་ཀའི་ཟླ་བའི་སྔགས་ནི་ཡེ་ཤེས་སེམས་དཔའི་ཐུགས་ཀའི་ཟླ་བ་ལ་གནས་པའི་མཚན་མའི་དབུས་ནི་གནས་པའི་ཟླ་བ་ལ་གནས་པའི་ཡི་གེ་མཾ་སྟེ། དེའི་འོད་རྣམས་ཀྱིས་མ་ལུས་པར་རྒྱལ་བའི་ཚོགས་རྣམས་བདག་ཉིད་ལ་ཁ་ནས་བཅུག་ནས་དེ་ཉིད་ཡི་གེ་ཧཱུྃ་ལས་སྐྱེས་པའི་རྡོ་རྗེའི་
ལམ་ནས་བྱུང་བའང་ཡིན་ལ། རིག་མའི་མཚོ་སྐྱེས་སུ་གནས་པར་བྱས་པས་ན། མཚོ་སྐྱེས་ཀྱི་ནང་ན་གནས་པའང་དེ་ཡིན་ཞིང་། ཟླ་བའི་ཁུ་བར་གྱུར་པ་ཉིད་ཀྱིས་ཡིད་མཆོག་གི་རང་བཞིན་ཅན་ཡང་ཡིན་ནོ་ཞེས་དེ་ལས་འཛིན་པའོ། །ཕྱི་ནས་དེ་ཉིད་རང་གི་སྙིང་པོས་རང་གི་དཀྱིལ་འཁོར་པ་ཀུན་

གྱི་ངོ་བོར་བསྐྱེད་པ་སྟེ། ཁུ་བ་དེ་ལས་བསྐྱེད་པའི་ཡི་གེ་མཾ་ལས་སྐྱེས་པར་བསམ་བྱས་ཏེའོ། །འགྲོ་བ་དང་རང་གི་ཤེས་པ་སྦྱང་བའི་དོན་དུ་བརྟེན་པའི་སེམས་དང་ལྡན་པས་འཆད་པར་འགྱུར་བའི་ཆོ་ག་འདི་ཡིས་སུའོ། །ཡང་དག་སྤྲོས་ཞེས་བྱ་བ་ནི་རང་གི་དཀྱིལ་འཁོར་པ་བཞག་པའི་དོན་དུ་
པདྨའི་ནང་གི་དཀྱིལ་འཁོར་ལས་གདོན་པར་བྱའོ་ཞེས་བྱ་བའི་དོན་ཏོ། །སྤྲོ་བའི་ཆོ་ག་བརྗོད་པ་ནི། བཛྲ་དྷྲྀཀ་ཅེས་བྱ་བ་ལ་སོགས་པའོ། །ཐུགས་ཀྱི་རྡོ་རྗེ་མི་བསྐྱོད་པའི་དང་པོ་མཆོག་འདྲ་བའི་ཕྱག་ན་རྡོ་རྗེ་ལ་སོགས་པ་འཛིན་པ་དང་ལྡན་པའོ། །བསྡུས་ནས་ཞེས་བྱ་བ་ནི་སྤྲོས་པའི་
རྣམ་པ་བསྡུས་པས་ཁྱེར་ཏེ་འོངས་པའོ། །བློ་དང་ལྡན་པས་ཞེས་བྱ་བ་ནི་འཇུག་པ་པོ་དང་གཞུག་པར་བྱ་བ་ལ་སོགས་པ་འཛིན་པ་དང་བྲལ་བའོ། །བདག་ཉིད་ལ་དངོས་པོ་ཀུན་གྱིས་རབ་ཏུ་གཞུག་པ་ནི་བདག་ཉིད་ཐམས་ཅད་ཀྱིས་གཞུག་པའོ། །ཛི་ན་ཛིཀ་ཅེས་བྱ་བ་དང་སྤྲོས་པའི་
སྔགས་ཀྱིས་བསྐུལ་ནས་སོ། །སྐུ་རྡོ་རྗེ་ནི་རྣམ་པར་སྣང་མཛད་དོ། །དེ་བཞིན་ཞེས་བྱ་བ་ནི་ཐུགས་ཀྱི་རྡོ་རྗེ་བཞིན་དུ་སྔགས་ཀྱིས་བསྐུལ་བས་སོ། །ཤར་གྱི་ཟླ་བ་ལ་བསམ་མོ། །ཞལ་རས་གཞོན་ནུ་ལྟ་བུའི་ཞེས་བྱ་བ་ནི་ཞལ་འཇམ་པའི་རྡོ་རྗེ་དང་འདྲ་བའོ། །གསེར་མཆོག་བཙོ་མའི་
མདོག་འདྲ་བ། །མརྒད་སོགས་ཀྱིས་ཕྱག་དྲུག་མཛེས་པའི་ཞེས་བྱ་བ་ནི་གསེར་གྱི་མདོག་ཅན་རིན་པོ་ཆེ་ལྗང་གུལ་སོགས་པས་གཡས་དང་ཅིག་ཤོས་ཀྱི་ཕྱག་དྲུག་སྤྲས་པའོ། །ལྷོར་རཏྣ་དྷྲྀཀ་ཅེས་བྱ་བས་རིན་ཆེན་དབང་བསྒོམ་པར་བྱའོ་ཞེས་འབྲེལ་ཏོ། །པདྨ་རཱ་ག་ནི་ནོར་བུ་པདྨ་རཱ་གའོ། །
དེའི་མདོག་དང་འདྲ་བའི་འོད་དཔག་མེད་དོ། །ཞལ་གཉིས་ཞེས་བྱ་བ་ནི་གཡས་དང་ཅིག་ཤོས་ཀྱིས་སོ། །དེ་བཞིན་ཞེས་བྱ་བ་ནི་གཞོན་ནུ་བཞིན་དུ་སྔོ་བ་དཀར་པོའོ། །དེའི་ནུབ་ཏུ་ནི་ཨཱ་རོ་ལྀཀ་ཅེས་བྱ་བས་བསྐུལ་ནས་འོད་དཔག་མེད་བསྒོམ་པར་བྱའོ་ཞེས་བྱ་བའི་དོན་ཏོ། །ནོར་བུ་
མརྒད་ལྟར་སྣང་ཞེས་བྱ་བ་ནི་རིན་པོ་ཆེ་ལྗང་གུ་ལྟར་སྣང་བའོ། །སྔ་མ་བཞིན། ཞལ་རས་ལ་སོགས་ཕུན་སུམ་ཚོགས་ལྡན་ཞིང་། །ཞེས་བྱ་བ་ལ་ཕུན་སུམ་ཚོགས་པ་དང་བཅས་པའོ། །དོན་ཡོད་ཅེས་བྱ་བ་ནི་པྲཛྙཱེ་དྷྲྀཀ་ཅེས་བྱ་བས་བསྐུལ་ནས་བྱང་ཕྱོགས་སུ་བསྒོམ་པར་བྱའོ་ཞེས་བྱ་

བའི་དོན་ཏོ། །རྒྱལ་བའི་ཐུན་མོང་གི་ཁྱད་པར་བརྗོད་པ་ནི། རལ་པའི་ཅོད་པན་གྱིས་མཛེས་པའང་ཡིན་ལ་འོད་འབར་བའི་རིན་ཆེན་དམ་པ་སྣ་ཚོགས་ཀྱི་རྒྱན་དང་ལྡན་པའང་ཡིན་པས་དེ་སྐད་ཅེས་བྱའོ། །རིག་མས་འཁྱུད་ཅིང་རང་གི་སྣང་བའི་རིག་མས་མགོན་དང་བཅས་པ་
ནི་རིག་མས་ཡོངས་སུ་བཟུང་བའི་སྐུ་ཅན་གང་ཡིན་པ་དེ་དག་ལ་དེ་སྐད་ཅེས་བྱའོ། །ཐམས་ཅད་ཅེས་བྱ་བ་ནི་བརྗོད་པ་རྣམས་ཉི་མའི་གདན་ལ་བརྗོད་པ་ཡིན་ནོ། །རྣམ་པར་སྣང་མཛད་ནི་ཟླ་བའི་གདན་དང་ལྡན་པར་ཁྱད་པར་བརྗོད་པའི་ཕྱིར་དེའི་གདན་ཉི་མ་ཡིན་པར་ཐལ་བ་མེད་དོ། །དེ་ལྟར་
ཡང་སྒྲ་ཤེས་པའི་གཞུང་ལུགས་ནི་སྤྱིར་བྱས་པའི་སྒྲུབ་པ་ནི་ཁྱད་པར་དུ་བྱས་པས་གནོད་པ་ཡིན་ནོ་ཞེས་བྱ་བ་ཡིན་ནོ། །མཆོག་ཅེས་བྱ་བ་ནི་སྙིང་རྗེ་དང་ས་དང་ཐབས་དང་རིང་དུ་སོང་བ་རྣམ་པར་དག་པའི་རང་བཞིན་ཡིན་པས་ཕུལ་དུ་ཕྱིན་པའོ། །སྒེག་མ་རྡོ་རྗེ་སྐུ་བཞིན་སྣང་བ་ཞེས་བྱ་བ་ནི་
སྒེག་པའི་རོས་བརྒྱན་ཞིང་ཞལ་ལ་སོགས་པ་རྣམ་པར་སྣང་མཛད་དང་འདྲ་བའོ། །སྤྱན་མ་ནི་མོ་ཧ་ར་ཏི་ཞེས་བྱ་བས་བསྐུལ་བས་མེའི་ཕྱོགས་ཀྱི་ཡུལ་གྱི་ཆར་གྱུར་པའོ། །དགའ་ཆེན་བདེ་བ་ལ་མཆོག་ཏུ་བརྩོན་པ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །བྱམས་པ་དང་ཆུ་དང་སྨོན་ལམ་
དང་མི་གཡོ་བའི་རང་བཞིན་གྱི་མཱ་མ་ཀཱི་ནི་དྭེ་ཥ་ར་ཏི་ཞེས་བྱ་བས་བསྐུལ་ནས་བདེན་བྲལ་གྱི་མཚམས་སུ་བསྒོམ་མོ་ཞེས་བྱ་བའི་དོན་ཏོ། །གསུང་གི་དབང་ཕྱུག་ལྟ་བུར་དྲི་མ་མེད་པ་ནི་ལུས་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱ་སྟེ་མདོག་དམར་པོ་ཞེས་བྱ་བའི་དོན་ཏོ། །དམ་པ་ཞེས་
བྱ་བ་ནི་དགའ་བ་དང་མེ་དང་སྟོབས་དང་ལེགས་པའི་བློ་གྲོས་རྣམ་པར་དག་པའི་ངོ་བོ་ཉིད་ཀྱིས་མཆོག་ཏུ་གྱུར་པ་སྟེ། གོས་དཀར་ཞེས་བྱ་བ་རཱ་ག་ར་ཏི་ཞེས་བྱ་བས་བསྐུལ་ནས་རབ་འཇིག་གི་ཕྱོགས་སུ་བསྒོམ་པར་བྱའོ། །བཏང་སྙོམས་དང་རླུང་དང་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་
ཆོས་ཀྱི་སྤྲིན་རྣམ་པར་དག་པའི་སྒྲོལ་མ་ཇི་སྐད་བཤད་པའི་མཚན་ཉིད་ཅན་ནོ། །བཛྲ་ར་ཏི་ཞེས་བྱ་བས་བསྐུལ་ནས་དབང་ལྡན་དུ་བསྒོམ་པར་བྱའོ། །འདི་དག་གི་གཙོ་བོའི་མཚན་མ་རྣམས་བརྗོད་པ་ནི་འཁོར་ལོ་མཆོག་དང་ཞེས་བྱ་བ་ལ་སོགས་པའོ། །ལྷག་མ་ཞེས་བྱ་བ་ནི་རལ་གྲི་ལ་

སོགས་པའི་མཚན་མ་ལྷག་མ་རྣམས་སོ། །དཀྱིལ་འཁོར་གྱི་གྲྭ་བཞི་པོ་རྣམས་དང་རྩ་བའི་སྒོའི་ངོས་གཉིས་སུ་ནི་གཟུགས་རྡོ་རྗེ་མ་ལ་སོགས་པའི་ལྷ་མོ་དྲུག་པོ་རྣམས་རིམ་པ་ཇི་ལྟ་བ་བཞིན་དུ་ཞེས་སྐུ་ལ་སོགས་བཞིན་ཞེས་བྱ་བ་རྣམ་པར་སྣང་མཛད་ལ་སོགས་པ་དང་འདྲ་བ་སྟེ་བདག་ཉིད་ཇི་ལྟ་
བ་བཞིན་རིགས་ཀྱི་བདག་པོའི་མདོག་འདྲ་བ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཆོས་ཀྱི་དབྱིངས་རྡོ་རྗེ་མ་ནི་མདོག་དཀར་པོ་ཡིན་ནོ། །དེ་ཉིད་གསུམ་གྱིས་ཞེས་བྱ་བ་ནི། ཨོཾ་ཨཱཿཧཱུྃ་ཞེས་བྱ་བའི་སྔགས་ཀྱིས་སྤྲོས་ནས་འཆད་པར་འགྱུར་བའི་མེ་ལོང་ལ་སོགས་པའི་རྩ་བའི་མཚན་མ་དང་ལྡན་
པར་བསྒོམ་མོ་ཞེས་བྱ་བའི་དོན་ཏོ། །ད་ནི་སྒོའི་ཁྲོ་བོ་རྣམས་བརྗོད་པ་ནི་ཡ་མཱནྟ་ཀྲྀཏ་ཅེས་བྱ་བ་ལ་སོགས་པའོ། །ཉི་མར་ཞེས་བྱ་བ་ནི་ཉི་མའི་གདན་ལའོ། །འདི་ནི་ཤེས་རབ་མཐར་བྱེད་ལ་སོགས་པ་ལའང་རྗེས་སུ་འཇུག་པར་བྱའོ། །མཐའ་ཡས་པ་འཇིགས་སུ་རུང་ཞིང་ཕྱོགས་
ཀུན་དུ་ཁྱབ་པར་བྱེད་པའི་འོད་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །འཇིགས་བྱེད་དུས་མཐའི་མེ་མི་བཟད་པའི་སྤྲིན་གང་ཡིན་པ་དེའི་ཚོགས་ཏེ་ཕུང་པོ་དེ་ལྟ་བུའི་མདོག་འདི་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །ཐུགས་བདག་རྒྱལ་པོ་ནི་མི་བསྐྱོད་པ་སྟེ་དེ་དང་མཚུངས་པའི་ཞལ་ལ་
སོགས་པ་མཚུངས་པའི་སྐུ་ནི་གཤིན་རྗེ་མཐར་བྱེད་དོ། །དེ་ལས་དྲག་པོའི་རིགས་དུ་མ་སྤྲོས་པའི་འོད་རྣམས་ཀྱིས་མཚོན་པའི་གཤིན་རྗེ་མཐར་བྱེད་དོ། །བྲང་འགྲོ་གདུག་པ་སྟེ་མི་སྲུན་པའི་ལུས་ཀྱིས་རབ་ཏུ་བརྒྱན་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །དོན་ནི་འདི་ཡིན་ཏེ་བུང་བ་ལྟར་གནག་
པའི་མཐའ་ཡས་ཐོད་དུ་བཅིངས་པ། ལེ་བརྒན་གྱི་མདོག་ཅན་གྱི་འཇོག་པོ་བསྙེམས་པ་དང་བཅས་བས་རྣ་ཆ་བྱས་པ། པདྨ་དཀར་པོ་ཆེན་པོས་དོ་ཤལ་གྱི་རྒྱན་བྱས་པ། ཀརྐོ་ཊ་ལྗང་གུའི་མཆོད་ཕྱིར་ཐོགས་པ་དང་ལྡན་པ། དུང་སྐྱོང་སེར་པོས་ལག་གདུབ་བྱས་པ། མདོག་སྣ་
ཚོགས་པ་ཅན་གྱི་རིགས་ཅན་གྱི་དཔུང་རྒྱན་གྱིས་ཀུན་ནས་སྤྲས་པ། པདྨ་དཀར་པོ་ལྟ་བུའི་ནོར་ཅན་གྱིས་སྐེ་རགས་བྱས་པ། པདྨའི་རྩ་བ་ལྟར་དཀར་བས་རྐང་གདུབ་བྱས་པའོ། །བྲང་འགྲོ་གདུག་པས་བརྒྱན་པའི་ཁྱད་པར་ནི་ཤེས་རབ་མཐར་བྱེད་ལ་སོགས་པའི་ཁྲོ་བོ་དག་ལ་

ཡང་བལྟ་བར་བྱའོ། །དེ་ལྟ་བུར་གྱུར་པའི་གཤིན་རྗེ་མཐར་བྱེད་ནི་ཡ་མཱནྟ་ཀྲྀཏ་ཅེས་བྱ་བས་བསྐུལ་ནས་སྤྲོ་བར་བསམ་མོ། །འགྲོ་བའི་རྨོངས་པ་རབ་རིབ་འཇོམས་པའི་ཕྱིར་བླ་ན་མེད་པའི་འོད་ལྡན་ནོ། །ཉོན་མོངས་པའི་བདུད་ལ་སོགས་པས་ཐུབ་པར་དཀའ་བའི་ཕྱིར་
ན་གཞན་གྱིས་མི་ཐུབ་པའོ། །དྲག་ཤུལ་ཅན་ཞེས་བྱ་བ་ནི་རབ་ཏུ་གཏུམ་པའི་རྣམ་པ་ཅན་ནོ། །དྲག་ཤུལ་ཉིད་ཀྱང་བཞིན་ཁྲོ་གཉེར་དང་བཅས་པའི་མཆེ་བ་རྣམ་པར་གཙིགས་པ། ཞལ་གདངས་ཤིང་ཁྲོ་བ་དང་བཅས་པས་བཞད་པ། གསུས་ཁྱིམ་དང་བརླ་དང་བྲང་གི་ཁྱོན་དག་ཆེ་ཞིང་
མཁྲེགས་ལ་ཤིན་ཏུ་རྒྱས་པ། གཡོན་བརྐྱང་བས་བཞུགས་པ། ལྕེ་ཡུག་པ། ལུས་ཀྱི་ཡན་ལག་ཐུང་ཞིང་རྒྱས་པ་མི་ཐུང་གི་རྣམ་པ་ཅན། སྨ་ར་ཁམ་སེར་གྱེན་དུ་འབར་ཞིང་དབུ་སྐྲ་གྱེན་དུ་བསྒྲེང་བ། འོད་འབར་ཞིང་མིག་ཟླུམ་པོ་ཉི་མ་ལྟ་བུར་རབ་ཏུ་གཡོ་བ་ཞེས་བྱ་བའི་དོན་ཏོ། །
གཏུམ་པའི་ཁྲོ་བོ་ཉེ་བར་མཚོན་པ་ཉིད་ཀྱིས་ནི་ཁྱད་པར་འདི་ནི་གཤིན་རྗེ་མཐར་བྱེད་ལ་སོགས་པ་རྣམས་ལའང་སྦྱར་བར་བྱའོ། །འདི་ལྟ་བུའི་མཚན་ཉིད་དང་ལྡན་པའི་ཤེས་རབ་མཐར་བྱེད་ནི་པྲཛྙཱནྟ་ཀྲྀཏ་ཅེས་བྱ་བས་བསྐུལ་བས་ན་ལྷོ་སྒོར་བསམ་མོ། །ཇི་སྐད་བརྗོད་པའི་ཁྱད་པར་ཅན་གྱི་རྟ་
མགྲིན་ཏེ་པདྨ་མཐར་བྱེད་ནི་པད་མཱནྟ་ཀྲྀཏ་ཅེས་བྱ་བས་བསྐུལ་ནས་ནུབ་ཀྱི་སྒོར་བསམ་མོ་ཞེས་བྱ་བ་ནི་མདོར་བསྡུས་པའི་དོན་ཏོ། །དུས་མཐའི་མེ་ལྟར་རབ་ཏུ་མི་བཟད་པ། །ཞེས་བྱ་བ་ནི་འཇིག་པའི་དུས་ཀྱི་མེ་དཔུང་ལྟར་དྲག་པོའོ། །དཔའ་བོ་ནི་བགེགས་འཇིགས་པར་མཛད་པས་སོ། །
འཕགས་པ་བདུད་རྩི་འཁྱིལ་པ་བགེགས་མཐར་བྱེད་ནི་བིགྷྣཱནྟ་ཀྲྀཏ་ཅེས་བྱ་བས་བསྐུལ་བ་བྱང་གི་སྒོར་བསྒོམ་མོ་ཞེས་བྱ་བའི་དོན་ཏོ། །ད་ནི་ཁྲོ་བོ་རྣམས་ལ་དབང་བསྐུར་མ་ཐག་པའི་བདག་པོའི་ཅོད་པན་དང་གཙོ་བོའི་མཚན་མ་རྣམས་རིམ་པ་ཇི་ལྟ་བ་བཞིན་བརྗོད་པར་འདོད་པས་གསུངས་པ་ནི་
རྣམ་སྣང་ཞེས་བྱ་བ་ལ་སོགས་པའོ། །རྡོ་རྗེ་སོགས་ཞེས་བྱ་བ་འདིར་སོགས་པ་སྨོས་པས་ནི་མཚན་མ་ལྷག་མ་རལ་གྲི་ལ་སོགས་པ་སྡུད་པའོ། །འདི་ལའང་བརྗོད་པ་ལྷ་ཐམས་ཅད་ཞལ་གསུམ་པ་ཕྱག་དྲུག་པ། རྩ་བའི་ཕྱག་གཉིས་ཀྱིས་རང་གི་རིག་མ་དང་ཐབས་ལ་འཁྱུད་པ། དེ་ལ་

དཀར་པོ་རྣམས་ནི་གཡས་དང་གཡོན་པའི་ཞལ་གནག་པ་དང་དམར་བའོ། །སྔོན་པོ་དག་ནི་གཡས་དང་གཡོན་པའི་ཞལ་དཀར་བ་དང་དམར་བའོ། །སེར་པོ་དང་དམར་པོ་དང་ལྗང་གུ་རྣམས་ནི་གཡས་གཡོན་གྱི་ཞལ་སྔོ་བ་དང་དཀར་བའོ། །ཕྱག་ལྷག་མ་རྣམས་ཀྱིས་ནི་རིམ་པ་ཇི་ལྟ་བ་
བཞིན་རལ་གྲི་དང་ནོར་བུ་དང་པདྨ་བསྣམས་པའོ། །གང་དག་རལ་གྲི་གཙོ་བོར་འཛིན་པ་དེ་དག་གི་གཡས་པའི་ཕྱག་གཉིས་པར་འཁོར་ལོའོ། །གང་དག་པདྨ་དང་རིན་པོ་ཆེ་གཙོ་བོར་འཛིན་པ་དེ་དག་ལ་ནི་གཡོན་པའི་ཕྱག་གཉིས་པར་འཁོར་ལོ་བསྒོམ་ཞེས་བྱའོ། །ཡེ་ཤེས་ཀྱི་དཀྱིལ་
འཁོར་སྤྱན་དྲང་བ་བརྗོད་པའི་དོན་དུ་གསུངས་པ་ནི། དེ་ལྟར་ཞེས་བྱ་བ་ལ་སོགས་པའོ། །བརྗོད་མ་ཐག་པའི་ཚོགས་ཀུན་ནས་ཏེ་ཐམས་ཅད་ནས་རྫོགས་པའི་དཀྱིལ་འཁོར་ལ་དངོས་པོ་ཀུན་གྱིས་རྣམ་པར་བལྟས་ནས་ནི། སྙིང་གའི་སྔགས་ཀྱི་འོད་ཟེར་ཉིད་ལྕགས་ཀྱུ་ཡིན་
པ་དེས་སོ། །དོན་ནི་འདི་ཡིན་ཏེ། རང་རང་གི་ས་བོན་གྱི་འོད་ཟེར་གྱི་ལྕགས་ཀྱུ་རྣམས་དང་ཡི་གེ་ཛཿབརྗོད་པ་ལས་གཤིན་རྗེ་མཐར་བྱེད་ཀྱི་ཐུགས་ཀ་ནས་སྤྲོས་པའི་ཁྲོ་བོ་རྣམས་ཀྱིས་བསྐུལ་ནས་བཀུག་པ་འཇམ་པའི་རྡོ་རྗེའི་བདག་པོ་ཅན་གྱི་དཀྱིལ་འཁོར་གྱི་རྣམ་པ་དམ་ཚིག་གི་
འཁོར་ལོའི་མདུན་ན་གནས་པའི་པདྨ་ལ་གནས་པར་བསྒོམ་མོ། །གང་དག་གིས་མཐར་བྱེད་འཇོམས་པ་སྟེ་གཤིན་རྗེ་མཐར་བྱེད་ལ་སོགས་པས་ཡེ་ཤེས་ཀྱི་འཁོར་ལོ་བསྲུང་བ་བྱས་པས་ཏེ། གང་གིས་བགེགས་དང་བྲལ་བར་བསྒྲུབ་པའི་རྣལ་འབྱོར་པ་དེ་ལྟར་གྱུར་པ་དེས་བསམ་བྱས་ཏེའོ། །
ཤེས་རབ་ཐབས་ཏེ་རིག་མ་དང་སྐྱེས་བུའི་ངོ་བོ་དག་གི་རང་བཞིན་གྱི་ཏིང་ངེ་འཛིན་དྲི་མ་མེད་པ་དེ་ལས་སྐྱེས་པའི་བདེ་མཆོག་གང་ཡིན་པ་དེས་ཁེངས་པ་ཡང་དེ་ཡིན་ལ། དྲངས་པའི་ཐུབ་པའི་འཁོར་ལོ་ཡང་ཡིན་པའོ། །རང་གི་སྙིང་པོས་མངོན་བསྔགས་ནི་རང་གི་སྔགས་ཀྱིས་བྱིན་གྱིས་
བརླབས་པའོ། །ཙནྡན་དང་མེ་ཏོག་སོགས་ལྡན་ནི་བདུད་རྩི་ལྔ་དང་ལྡན་པ་སྟེ་ལྷན་ཅིག་ཏུ་བྱེད་པ་ལྡན་པ་ཞེས་བྱ་བའི་དོན་ཏོ། །ཡོན་ཆབ་ནི་ཉེ་བར་མཚོན་པ་ཡིན་པའི་ཕྱིར་འཐོར་འཐུང་ལ་སོགས་པ་ཡང་ངོ་། །ཕུལ་ནས་ནི་ཞེས་བྱ་བ་ནི་བསྣམས་ནས་དཀྱིལ་འཁོར་གྱི་འཁོར་ལོ་དེ་རིམ་གྱིས་

རང་གི་སྙིང་གའི་འོད་ཟེར་གྱིས་བསྐུལ་བའི་ཤེས་རབ་མཐར་བྱེད་ལ་སོགས་པ་བརྗོད་པ། ཛཿཧཱུྃ་བཾ་ཧོཿཞེས་བྱ་བའི་སྔགས་རྣམས་ཀྱིས་གཞུག་པ་དང་བཅིང་བ་དང་མཉེས་པར་བྱ་བའི་རིམ་པས་དམ་ཚིག་གི་དཀྱིལ་འཁོར་དུ་གྲིབ་མ་བཞིན་གཞན་བཅུག་པ་ལྟར་
གཞུག་པར་བྱའོ། །དེ་ལྟར་བསྙེན་པ་བྱས་པས་ནི་རང་ཉིད་བཞིན་དུ་དབང་བསྐུར་སོགས་བྱས་ལ་ཞེས་བྱ་བ་འཇམ་པའི་རྡོ་རྗེ་ཁོ་ན་ལྟར་བསྙེན་པ་ལ་སོགས་པའི་རིམ་གྱིས་དབང་བསྐུར་བ་བྱས་པ་ལ་འཆད་པར་འགྱུར་བའི་ཆོ་ག་འདིས་ནི་འབད་ནས་མཆོད་པར་བྱ་བ་ཡིན་ནོ། །འདིར་བསྙེན་པ་ལ་
སོགས་པའི་ཡན་ལག་བཞི་ནི་དེའི་རྒྱུ་མཐུན་པའི་འབྲས་བུ་ཡང་ཡིན་ལ་གསལ་བར་གྱུར་པ་ཉིད་ཀྱིས་མི་མཐུན་པའི་ཕྱོགས་ཟད་པར་བྱེད་པར་ནུས་པའི་ཕྱིར་ཆེན་པོའི་སྒྲའི་ཁྱད་པར་ཡིན་ཞིང་། ལྷ་ཐམས་ཅད་བརྟེན་པ་ཉིད་ཀྱིས་སྤྱི་ཡང་ཡིན་ནོ། །དབང་བསྐུར་མ་ཐག་ཏུ་རྒྱལ་བ་རྣམས་
དང་། མཱ་མ་ཀཱི་དང་སྒྲ་རྡོ་རྗེ་དང་། ཆོས་ཀྱི་དབྱིངས་ཀྱི་རྡོ་རྗེ་མ་རྣམས་ཀྱི་ཅོད་པན་ནི་མི་བསྐྱོད་པ་ཡིན་པར་བསྒོམ་མོ། །དེ་བཞིན་དུ་སྤྱན་མ་དང་། གཟུགས་རྡོ་རྗེ་མ་དག་ནི་རྣམ་པར་སྣང་མཛད་དོ། །དཀར་མོ་དང་རྡོ་རྗེ་མ་དག་ལ་ནི་འོད་དཔག་མེད་དོ། །སྒྲོལ་མ་དང་རེག་རྡོ་རྗེ་མ་དག་
ནི་དོན་ཡོད་དོ། །དྲི་རྡོ་རྗེ་མ་དག་ནི་རིན་ཆེན་དབང་ངོ་། །དེ་ལྟར་དབང་བསྐུར་བ་བྱས་པའི་འཁོར་ལོ་མཆོད་པའི་དོན་ཏོ། །རང་གི་ས་བོན་གྱིས་ནི་ཞེས་བྱ་བ་ལ་སོགས་པ་མཆོད་པའི་སྔགས་ཀྱི་མཐར་ཐུག་པས་བརྗོད་པ་ཡིན་ནོ། །གཟུགས་ལ་སོགས་པ་ཐམས་ཅད་ཅེས་བྱ་བ་ལ།
གཟུགས་ནི་གཟུགས་ཀྱི་ཕུང་པོ་སྟེ་དེའི་རྣམ་པར་དག་པ་ཡིན་པའི་ཕྱིར་རྣམ་པར་སྣང་མཛད་དོ། །ཚོར་བ་ལ་སོགས་པའི་ཕུང་པོ་རྣམ་པར་དག་པ་རིན་ཆེན་དབང་ལ་སོགས་པ་གང་ལ་དེ་དང་པོར་ཡོད་པ་གཟུགས་ལ་སོགས་པ་དེ་དག་ཐམས་ཅད་རང་རང་གི་ས་བོན་གྱི་འོད་རྣམས་ཀྱིས་དྲངས་
ནས་ཁ་ནས་རང་གི་ལུས་ལ་བཅུག་སྟེ། རྡོ་རྗེ་ལས་བྱུང་འོད་ཀྱི་དཀྱིལ་འཁོར་ཅན་བྱང་ཆུབ་ཡིད་ཀྱི་ངོ་བོས་ཏེ། འོད་ཀྱི་དཀྱིལ་འཁོར་དང་བཅས་པའི་ཟླ་བའི་ཁུ་བའི་རང་བཞིན་དུ་རིག་མའི་པདྨའི་ནང་དུ་བསྒོམ་པར་བྱའོ། །དེ་ནས་ཞེས་བྱ་བ་ནི་བསྒོམ་པ་དེའི་དེ་མ་ཐག་ཏུ་ཤེས་རབ་ཀྱི་བ་

སྤུ་སོ་སོ་ནས་བྱུང་བ་རྣམ་པ་སྣ་ཚོགས་པའི་འོད་ཟེར་གྱི་ཚོགས་རྒྱ་ཆེན་པོ་ནམ་མཁའི་དཀྱིལ་མ་ལུས་པ་ཁྱབ་པར་བྱེད་པ་རྣམས་སྤྲོ་བ་པོ་དང་། སྤྲོ་བ་པོ་ལ་སོགས་པའི་ཤེས་པ་དང་བྲལ་བའི་བློ་གྲོས་དང་ལྡན་པས་ཀུན་དུ་སྟེ་མཐའ་དག་ནས་སྤྲོ་བར་བྱའོ། །དེ་ནས་འོད་ཟེར་སྒོ་ནས་འཐོན་
པ་དྲི་མ་མེད་པའི་རྒྱན་རྣམས་ཀུན་གྱིས་ལེགས་པར་བརྒྱན་པའི་ལུས་གཟུགས་ལ་སོགས་པའི་ལྷ་མོ་རྣམས་ཀྱིས་རིམ་བཞིན་ཞེས་བྱ་བ་གོ་རིམས་ཇི་ལྟ་བ་བཞིན་མེ་ལོང་ལ་སོགས་པས་རྩ་བའི་ཕྱག་མཚན་དྲུག་པོ་ཡིད་དུ་འོང་ཞིང་མཛེས་པར་གྱུར་པ་ལག་པའི་ཡན་ལག་རྣམ་པར་སྒེག་པ་
དང་བཅས་ཤིང་སྣང་བ་ཅན་དང་། གང་ཡང་འོད་ཟེར་གསལ་བས་སྤྲུལ་པ་སྣ་ཚོགས་ཀྱི་མཆོད་པའི་སྤྲིན་སྣ་ཚོགས་རྣམ་པར་སྤྲོ་བ་སྟེ་གཟུགས་ལ་སོགས་པའི་མཆོད་པའི་སྤྲིན་གྱི་ཚོགས་སྤྲོ་བར་བྱེད་ཅིང་གང་དག་དངོས་པོ་རྣམས་སྒྱུ་མ་ལ་སོགས་པ་དང་། གང་ཡང་འཇིག་རྟེན་གྱི་ལྟ་བ་
ཡུལ་དེ་ལ་རྗེས་སུ་ཆགས་པའི་འཇིག་རྟེན་དང་རྗེས་སུ་མཐུན་པའི་གར་དང་གླུ་ལ་སོགས་པ་བསྟེན་པའི་རང་བཞིན་ཏེ་གཉིས་ལ་མཁས་ཤིང་རྟོགས་པ་དང་བྲལ་བར་གྱུར་པའི་བདེ་བ་སྐྱེ་བའི་རྒྱུར་གྱུར་པ། རྫོགས་པའི་བྱང་ཆུབ་ཀྱི་ཡིད་ཀྱིས་བསྐྱེད་པ་རང་གི་འོད་ཟེར་གྱིས་བཀུག་པའི་གཟུགས་
ལ་སོགས་པའི་ཁྱད་པར་བྱ་བའི་ས་བོན་བཅུའི་འོད་ཟེར་ལས་འཐོན་པའི་ལྷ་མོ་རྣམས་དང་། དེ་བཞིན་དུ་ཕྱི་རོལ་གྱི་དྲིལ་སོགས་པ་ཐམས་ཅད་ཀྱིས་ཀྱང་མཆོད་པར་བྱ་བ་དང་མཆོད་པ་ལ་སོགས་པ་ཐ་དད་པའི་རྟོག་པ་ལས་ངེས་པར་གྲོལ་བའི་སྔགས་པས་དཀྱིལ་འཁོར་གྱི་ནང་དུ་ཆུད་
པའི་རྒྱལ་བའི་དབང་པོ་རྣམས་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅་ཧཾ་ཞེས་བྱ་བའི་སྔགས་ཀྱིས་བྱིན་གྱིས་བརླབས་པས་དེ་ལྟར་མཆོད་པར་བྱའོ། །བསྟོད་པ་བརྗོད་པ་ནི། དེར་རྗེས་ཞེས་བྱ་བ་ལ་སོགས་པ་སྟེ། མཆོད་པའི་དེ་མ་ཐག་ཏུ་སྒྲ་བརྙན་ལྟ་བུར་བསྟོད་པའི་རང་བཞིན་
སྒྲའི་ཚོགས་མཐའ་དག་ངེས་པར་རྟོག་ཅིང་ཀུན་དུ་ལྟ་བར་བྱེད་པས་སྣང་བའི་རང་བཞིན་སྟོད་པ་པོའི་ཆོས་རྣམས་རང་གི་ཡིད་ཁོ་ན་ལྷག་པའི་ལྷ་འདོད་པའི་ལྷ་ཡིན་ཏེ། དེ་ལ་བསྟོད་པ་འདི་སྐད་ཅེས་བྱ་བ། །མི་བསྐྱོད་རྡོ་རྗེ་ཡེ་ཤེས་ཆེ། །ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་

རྣམས་ཀྱིས་བསྟོད་པ་བརྗོད་པ་བསྒོམ་པར་བྱའོ། །བསྐྱོད་དུ་མེད་པས་ནི་མི་བསྐྱོད་པ་སྟེ། སྐྱེ་བ་མེད་པའི་རང་བཞིན་ཉིད་ཀྱིས་ན་ཉོན་མོངས་པའི་བདུད་ལ་སོགས་པས་བསྐྱོད་པ་མེད་པའི་ཕྱིར་རོ། །སྣ་ཚོགས་པའི་རྣམ་པ་རྣམས་གསང་བ་གསུམ་གྱི་རང་བཞིན་ཡིན་
པས་དབྱེར་མེད་པའི་ཕྱིར་རྡོ་རྗེ་སྟེ་ཤིན་ཏུ་རྣམ་པར་དག་པའི་སྟོན་པའོ། །ཡེ་ཤེས་ཆེན་པོ་མཚན་ཉིད་ངེས་པ་མེད་པས་ཀུན་དུ་བཟང་པོའི་རྣམ་པ་ཡིན་པས་འགྲོ་བ་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་ངོ་བོ་ཡིན་པའི་ཕྱིར་རོ། །ཆོས་མེད་པས་ཆོས་ཉིད་ལ་ལྡན་པ་མེད་པའི་ཕྱིར་བྱེད་པ་མེད་པ་ཉིད་
ཀྱིས་མཐའ་བཞི་རྣམ་པར་དག་པས་སེམས་ཅན་གྱི་དོན་ཡིན་པའི་ཕྱིར་རྡོ་རྗེའོ། །སྟོབས་བཅུ་ནི་ཆོས་ཀྱི་གཞི་ཡིན་པའི་ཕྱིར་དབྱིངས་སོ། །དེ་ཉིད་ཀྱི་ཕྱིར་ན་ཆེན་པོ་ཡིན་ནོ། །ཁམས་གསུམ་པའི་རང་བཞིན་རྡོ་རྗེ་གསུམ་གྱི་བདག་ཉིད་ཅན་ཡིན་པས་ན་བསམ་གྱིས་མི་ཁྱབ་པས་
སངས་རྒྱས་ལ་སོགས་པ་རྣམ་པ་དུ་མའི་རང་བཞིན་རྟོགས་པའི་ཕྱིར་མཁས་པ་ཡིན་ཏེ། མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་བདག་ཉིད་ཉེ་བར་མཚོན་པའོ། །ཆོས་ཐམས་ཅད་བདག་མེད་པས་ཆོས་ཀྱི་སྐུ་སྣ་ཚོགས་པའི་རྣམ་པ་བྱང་ཆུབ་ཀྱི་སེམས་ཀྱི་རང་བཞིན་ཡིན་པའི་ཕྱིར་ན་དཀྱིལ་
འཁོར་གསུམ་མོ། །དེ་ཁོ་ན་ཉིད་བཞིན་དུ་གྱུར་པའི་རྡོ་རྗེ་གསུམ་དུ་གྱུར་པའི་རང་བཞིན་ཡིན་པས་ན་མཆོག་སྟེ་སོ་སོར་རྟོག་པའི་ཡེ་ཤེས་ཀྱི་བདག་ཉིད་དུ་བརྗོད་དོ། །རྡོ་རྗེའི་ཚུལ་དུ་ཆོས་ཀྱི་འཁོར་ལོ་བསྐོར་བའི་ཕྱིར་ན་རྡོ་རྗེའོ། །སྒྲོགས་ཞེས་བྱ་བ་ནི་སྒྲོགས་ཤིག་ཅེས་བྱ་
བ་སྟེ་བླ་ན་མེད་པའི་སངས་རྒྱས་ཀྱི་ཆོས་ཞེས་བྱ་བ་ནི་ལྷག་མའོ། །བྱ་བ་སྒྲུབ་པའི་ཡེ་ཤེས་ཀྱི་རྣམ་པར་དག་པ་བརྗོད་པའི་དོན་དུ་དེ་ལྟ་བུའི་མི་བསྐྱོད་པ་ལ་སོགས་པ་ལ་ཚིག་སོ་སོས་བོས་ནས་ཁྱོད་ལ་ཕྱག་འཚལ་ཞེས་བྱ་བ་ཕྱག་འཚལ་ལོ་ཞེས་བརྗོད་པའི་ཆོས་རྣམས་ཀྱིས་སྒྲོགས་
ཞེས་བརྗོད་པ་ཡིན་ནོ། །དེ་བཞིན་དུ་ཕུང་པོ་ལ་སོགས་པ་བདག་མེད་པའི་རྣམ་པ་ཡིན་པས་ན་བྱེ་བྲག་ཏུ་སྣང་བའི་ལས་ཁྱད་པར་དུ་འཕགས་པར་སྣང་བའི་ཕྱིར་རྣམ་པར་སྣང་མཛད་དེ། ཤིན་ཏུ་རྣམ་པར་དག་པ་བརྗོད་དོ། །ཆོས་ཐམས་ཅད་བདག་མེད་པས་རྒྱ་ཆེ་བ་ལ་སོགས་པས་

སྐུ་གསུམ་གྱི་སྤྱོད་པ་ཟབ་མོའི་རང་བཞིན་ཡིན་པའི་ཕྱིར་དག་པ་སྟེ་མེ་ལོང་ལྟ་བུའི་དག་པས་བརྗོད་པའོ། །རྒྱུ་དང་འབྲས་བུ་བདག་མེད་པར་མཉམ་པ་ཉིད་ཀྱིས་རྟོག་པའི་དྲ་བ་རྣམ་པར་བསལ་བས་དྲི་མ་དང་བྲལ་བའི་ཕྱིར་རྡོ་རྗེ་ཞི་བ་སྟེ། མཉམ་པ་ཉིད་ཀྱི་རང་བཞིན་དུ་བརྗོད་པའོ། །མཚན་
མ་མེད་པའི་རྣམ་པར་དག་པ་ཡིན་པས་སྒྱུ་མའི་ཆགས་པ་ཆེན་པོའི་རང་བཞིན་ཡིན་པའི་ཕྱིར་དགྱེས་པ་ཆེ་བ་སྟེ་སོ་སོར་རྟོག་པའི་ཁྱད་པར་རོ། །ཐུན་མོང་མ་ཡིན་པའི་སྟོང་པ་ཉིད་སྟོན་པས་དྲི་མ་མེད་པའི་ཆོས་འཆད་པའི་ཕྱིར་དང་། དབྱེར་མེད་པའི་བྱང་ཆུབ་ཀྱི་སེམས་ཀྱི་རང་
བཞིན་ཡིན་པའི་ཕྱིར་མཆོག་གི་ཡང་མཆོག་ཡིན་པས་རང་བཞིན་འོད་གསལ་བ་མཆོག་གི་མཆོག་སྟེ་བྱ་བ་སྒྲུབ་པའི་རྣམ་པར་དག་པའོ། །དེ་ལྟར་བསྐུལ་ནས། རྡོ་རྗེ་ཁྱོད་ལ་ཕྱག་འཚལ་བསྟོད། །ཅེས་སྔ་མ་བཞིན་སྨྲས་པའོ། །དངོས་པོ་མེད་པའི་རང་བཞིན་བྱང་ཆུབ་
སེམས་ཀྱི་རང་བཞིན་ནི་རིན་པོ་ཆེ་ཡིན་ཏེ། དགའ་བའི་རྒྱུ་ཡིན་པའི་ཕྱིར་རོ། །དེས་མཛེས་པས་ན་རིན་ཆེན་རྒྱལ་པོ་སྟེ་ཤིན་ཏུ་རྣམ་པར་དག་པ་ཉིད་བརྗོད་དོ། །མཚན་ཉིད་དང་བྲལ་བ་རབ་ཏུ་གསང་བར་བྱ་བ་གཟུགས་བརྙན་དང་མཚུངས་པའི་འགྲོ་བའི་རྣམ་པར་སྤྱོད་པའི་རང་བཞིན་
ཡིན་པས་ན་ཤིན་ཏུ་ཟབ་སྟེ། མེ་ལོང་ལྟ་བུའི་རྣམ་པར་དག་པའོ། །དབྱེ་བ་མེད་པ་ནམ་མཁའ་དང་མཉམ་པ་བདག་མེད་པའི་བདག་ཉིད་ཆེན་པོ་ཉིད་ཀྱིས་དྲི་མ་མེད་པའི་ཕྱིར་རྡོ་རྗེ་ནམ་མཁའ་དྲི་མ་མེད་དེ་མཉམ་པ་ཉིད་ཀྱི་ཁྱད་པར་རོ། །རྟེན་ཅིང་འབྲེལ་བར་འབྱུང་བའི་ཆོས་ཉིད་རྣམ་པར་
དག་པ་གོས་པ་མེད་ཅིང་ཐ་མི་དད་པ་ཉིད་མཚོན་པར་བྱེད་པའི་ཕྱིར་ངོ་བོ་ཉིད་དག་གོས་པ་མེད་དེ་སོ་སོར་རྟོག་པའི་ཡེ་ཤེས་རྣམ་པར་དག་པའོ། །བྱང་ཆུབ་ཀྱི་ཚུལ་གྱི་རང་བཞིན་བྱང་ཆུབ་སེམས་ཀྱི་ངོ་བོ་ཉིད་དབྱེར་མེད་པའི་ཆོས་བསྡུས་པ་སྟོན་པར་བྱེད་པ་ཉིད་ཀྱིས་ན་རྡོ་རྗེའི་སྐུ་སྟེ་བྱ་བ་གྲུབ་
པ་རྣམ་པར་དག་པའོ། །དེ་ལྟར་བོས་ནས་སྨྲས་པ་ནི་སྔ་མ་བཞིན་ནོ། །སྐྱེ་བ་མེད་པའི་སེམས་ཀྱི་རང་བཞིན་ཉིད་ཀྱིས་དཔག་པའི་ཡུལ་མ་ཡིན་པའི་རྡོ་རྗེ་དཔག་མེད་དེ་ཤིན་ཏུ་རྣམ་པར་དག་པ་ཉིད་དོ། །དངོས་པོ་ལ་མངོན་པར་ཞེན་པ་ལ་སྟོང་པ་ཉིད་ཀྱི་ལྷག་པར་སྟོན་པས་མཛེས་པའི་

ཕྱིར་རྒྱལ་པོ་ཆེ་སྟེ་མེ་ལོང་ལྟ་བུ་རྣམ་པར་དག་པའོ། །གཟུང་བ་ལ་སོགས་པའི་རྟོག་པས་སྟོང་པའི་ཕྱིར་མི་རྟོག་གོ། །སྟོང་པ་ཉིད་ཀྱི་གཞི་ཡིན་པའི་ཕྱིར་ནམ་མཁའ་རྡོ་རྗེ་འཛིན་པའོ། །ཡང་ན་དག་པ་ཉིད་ཀྱིས་བརྟགས་པའི་ཐ་དད་པ་དང་བྲལ་བ་ཉིད་ཀྱིས་དང་རྡོ་རྗེ་སེམས་དཔའི་
ངོ་བོ་ཉིད་ཡིན་པའི་ཕྱིར་མི་རྟོག་ནམ་མཁའ་རྡོ་རྗེ་འཛིན་ཏེ་མཉམ་པ་ཉིད་ཀྱི་ཁྱད་པར་རོ། །ནམ་མཁའ་ལས་སྐྱེས་པའི་མཚན་མ་ཅན་ཉིད་ཀྱིས་འདོད་ཆགས་ཆེན་པོའི་བདག་ཉིད་ཅན་སྐུ་དང་གསུང་དང་ཐུགས་ཀྱི་རང་བཞིན་ཡིན་པའི་ཕྱིར་རོ། །འདོད་ཆགས་ཕ་རོལ་ཕྱིན་པ་བརྙེས་ཏེ། སོ་སོར་རྟོག་
པ་རྣམ་པར་དག་པའོ། །སྣ་ཚོགས་པ་ཉིད་ནི་དེ་ཁོ་ནར་དབྱེར་མེད་པའི་མཐར་ཐུག་པ་ཉིད་ཀྱིས་འགྲོ་བ་ཚིམ་པར་བྱེད་པའི་ཕྱིར་རྡོ་རྗེ་སྟེ་བྱ་བ་གྲུབ་པ་རྣམ་པར་དག་པའོ། །དེ་ལྟར་བོས་ནས་རྡོ་རྗེ་གསུང་ཁྱོད་ལ་ཕྱག་འཚལ་ཞེས་གསུངས་ཏེ་སྔ་མ་བཞིན་སྨོས་སོ། །རང་བཞིན་རྣམ་པར་དག་
པས་སྐུ་ལ་སོགས་པ་དབྱེར་མེད་པའོ། །དེ་བཞིན་གཤེགས་པའི་རང་བཞིན་ཉིད་ཀྱིས་སེམས་ཅན་གྱི་དོན་ལ་སོགས་པ་འབྲས་བུ་མེད་པ་དང་མི་ལྡན་པས་ན་དོན་ཡོད་རྡོ་རྗེ་སྟེ་ཤིན་ཏུ་རྣམ་པར་དག་པ་ཉིད་བསྟན་ཏོ། །གཟོད་ནས་དག་པས་ཤེས་རབ་ཀྱི་བདག་ཉིད་ཀྱིས་སངས་རྒྱས་ཀྱི་ཡེ་ཤེས་
ཀྱི་དྲི་མ་མེད་པའི་རང་བཞིན་ཡིན་པའི་ཕྱིར་རྫོགས་པའི་སངས་རྒྱས་ཏེ་མེ་ལོང་ལྟ་བུ་བསྟན་ཏོ། །ནམ་མཁའ་དང་མཉམ་པའི་སྤྱོད་པའི་བདག་ཉིད་ཅན་སྟོན་པས་ཆོས་ཀྱིས་ཐམས་ཅད་ཀྱི་འདོད་པས་ཐམས་ཅད་རྫོགས་པར་བྱེད་པའི་ཕྱིར་འདོད་པ་ཐམས་ཅད་ཡོངས་དགོངས་མཛད་དེ་མཉམ་པ་ཉིད་
བརྗོད་དོ། །ངོ་བོ་ཉིད་མེད་པའི་བྱང་ཆུབ་ཀྱི་སེམས་ཀྱི་ངོ་བོ་ལས་བྱུང་བས་ན་དག་པའི་ངོ་བོ་ལས་བྱུང་བ་སྟེ་སོ་སོར་རྟོག་པའི་རྣམ་པར་དག་པ་བརྗོད་པའོ། །སྟོང་པ་ཉིད་ཀྱི་ཚུལ་རང་བཞིན་ཡིན་པ་ཉིད་ཀྱིས་དབྱེར་མེད་པའི་སེམས་ཀྱི་རང་བཞིན་ཡིན་པའི་ཕྱིར་རྡོ་རྗེ་སེམས་དཔའ་སྟེ་བྱ་བ་
སྒྲུབ་པ་རྣམ་པར་དག་པའོ། །དེ་ལྟར་བོས་ནས་སྨྲས་པ་ནི་ཁྱོད་ལ་འདུད་ཅེས་བྱ་བ་སྟེ། སྔ་མ་བཞིན་ནོ། །བསྟོད་པ་བརྗོད་ནས་ད་ནི་བདུད་རྩི་མྱོང་བ་བརྗོད་པ་ནི། རླུང་དང་ཞེས་བྱ་བ་ལ་སོགས་པའོ། །ཡི་གེ་ཡཾ་ལས་སྐྱེས་པ་རྒྱལ་མཚན་སྔོན་པོས་མཚན་པ་གཞུ་ལྟ་བུའི་རླུང་གི་དཀྱིལ་

འཁོར་རོ། །དེར་ཡི་གེ་རཾ་ལས་སྐྱེས་པ་མེའི་དཀྱིལ་འཁོར་ནི་མེའི་དཀྱིལ་འཁོར་རོ། །དེར་ནི་ཡི་གེ་ཨ་ལས་སྐྱེས་པའི་རོ་འཛིན་གྱི་སྣོད་དང་། དེ་ལ་གནས་པའི་རྫས་ལྔ་པོ་སོ་སོར་ས་བོན་གྱིས་བྱིན་གྱིས་བརླབས་ཤིང་ས་བོན་གྱི་འོད་ཀྱིས་དྲངས་པའི་ཐུབ་པའི་དབང་པོ་དཔག་ཏུ་མེད་པ་རྣམས་ནང་དུ་
ཞུགས་པ་ཧཱུྃ་ཡིག་དཀར་པོའི་རྡོ་རྗེས་སྤར་ཞིང་སྤོས་པས་ཆོ་ག་བཞིན་དུ་བདུད་རྩི་ལྔར་གྱུར་པ་པདྨའི་ནང་ན་གནས་པ་འབར་བའི་ཡི་གེ་ཨོཾ་གྱིས་བྱིན་གྱིས་བརླབས་ཤིང་མདངས་གསལ་བ་སྐད་ཅིག་ལ་རབ་ཏུ་སྦར་ཏེ། དེ་ནས་ཞེས་བྱ་བ་དེའི་འོག་ཏུ་ཇི་སྲིད་འདོད་པ་ཡི་གེ་གསུམ་གྱིས་མངོན་པར་
བསྔགས་པ་འཆི་བ་ལ་སོགས་པའི་སྡུག་བསྔལ་སེལ་བ་ཉིད་ཀྱིས་ཡེ་ཤེས་ཀྱི་བདུད་རྩིའི་རང་བཞིན་དུ་གྱུར་པ་བསྒོམས་ནས། ཧཱུྃ་ཡིག་སྔོན་པོས་བསྐྱེད་པ་རྡོ་རྗེ་རྩེ་གསུམ་གྱི་བདག་ཉིད་ཅན་གྱི་ལྕེ་དང་ལྡན་པར་བདག་ཉིད་ཀྱང་བསྒོམས་ཏེ། སྙིང་གའི་ཟླ་བའི་དཀྱིལ་ན་གནས་པ་རྒྱལ་བའི་
ཚོགས་མ་ལུས་པ་རྣམས་རང་གི་ས་བོན་འོད་ཀྱིས་བསྐུལ་བས་སོ་སོའི་ལག་ན་གནས་པའི་བདུད་རྩི་དེས་མ་ཆགས་པར་ཚིམ་པར་བྱའོ་ཞེས་བྱ་བའི་དོན་ཏོ། །འདིར་ཡང་གཙང་བ་དང་མི་གཙང་བའི་རྣམ་པར་རྟོག་པ་བོར་བར་བྱ་སྟེ་ཐམས་ཅད་ངོ་བོ་ཉིད་ཀྱིས་དག་པའི་ཕྱིར་རོ། །འདི་ཡན་ཆད་ཀྱིས་ནི་
དཀྱིལ་འཁོར་རྒྱལ་པོ་མཆོག་ཅེས་བྱ་བའི་ཏིང་ངེ་འཛིན་གཉིས་པ་བརྗོད་པ་ཡིན་ནོ། །ད་ནི་སྙིང་གའི་ཞེས་བྱ་བ་ལ་སོགས་པ་ཐམས་ཅད་ཡོངས་སུ་དག་པར་བྱ་ཞེས་བྱ་བའི་མཐར་ཐུག་པ་འདིས་ཐིག་ལེའི་རྣལ་འབྱོར་བརྗོད་པ་ཡིན་ནོ། །ཡེ་ཤེས་སེམས་དཔའི་སྙིང་གའི་འོད་ཀྱིས་སྤྲུལ་པ་མཐའ་
ཡས་པའི་ཐུབ་པའི་དབང་པོ་གང་དག་ཡིན་པ་དེ་དག་གིས་རྫོགས་པར་སངས་རྒྱས་སུ་བྱས་པ་དང་། དེ་ཉིད་ཀྱི་ཕྱིར་ཀུན་ནས་འཁྲུལ་པ་དང་བྲལ་བར་གྱུར་པའི་འགྲོ་བ་མ་ལུས་པ་རང་གི་སྔགས་ཏེ་ཡེ་ཤེས་སེམས་དཔའི་སྙིང་གའི་སྔགས་ལ་བསྡུས་ཏེ། གཟུགས་སོགས་རྣམ་པ་
དག་ལས་ངེས་གྲོལ་བ་ཞེས་བྱ་བ་ལ་སོགས་པས་བརྗོད་པའི་དོན་དྲན་པར་བྱས་ནས་སྔགས་ཀྱི་ཐིག་ལེའི་རང་བཞིན་རང་གི་ཡིད་ཡོངས་སུ་བསྒོམ་མོ་ཞེས་བྱ་བའི་དོན་ཏོ། །གལ་ཏེ་ཕྱི་རོལ་གྱི་དོན་ཡོད་ན་ཡེ་ཤེས་སེམས་དཔའི་ཐུགས་ཀ་ན་གནས་པའི་རལ་གྲི་ལ་འདུག་

པའི་ས་བོན་གྱི་ལུས་སུ་རྫོགས་པའི་སངས་རྒྱས་སུ་བྱས་པའི་འགྲོ་བ་མ་ལུས་པ་ཇི་ལྟར་ནང་དུ་སྡུད། དེ་གྲུབ་ན་ནི་ཐམས་ཅད་ཀྱི་རང་བཞིན་གྱི་དཀྱིལ་འཁོར་གྱི་འཁོར་ལོ་རྣམ་པར་བསྒོམ་པ་འཐད་པར་འགྱུར་བ་ཡིན་ནོ་སྙམ་པས་དོན་ཡོད་པ་ལ་སྒྲུབ་བྱེད་ཀྱི་ཚད་མ་མེད་
པ་ཉིད་རེ་ཞིག་བརྗོད་པ་ནི། གཟུགས་སོགས་རྣམ་པ་ཞེས་བྱ་བ་ལ་སོགས་པའོ། །གཟུགས་སོགས་རྣམ་པ་དག་ལས་ངེས་གྲོལ་བ། །ཞེས་བྱ་བ་ནི་གཟུགས་ལ་སོགས་པའི་རྣམ་པ་དང་བྲལ་བའོ། །དེ་འཛིན་ཞེས་བྱ་བ་ནི་གཟུགས་ལ་སོགས་པ་དེ་འཛིན་པ་མངོན་སུམ་གྱིས་མཐོང་བ་
མེད་ལ་གཟུང་བ་འགའ་ཞིག་ཀྱང་མངོན་སུམ་གྱིས་མཐོང་བ་མེད་ཀྱི། འོན་ཀྱང་གཟུགས་ལ་སོགས་པའི་རྣམ་པ་ཅན་རང་རིག་པའི་མངོན་སུམ་གྱིས་རང་བཞིན་རྣམ་པར་རྟོག་པ་མེད་ཅིང་མ་འཁྲུལ་བའི་མངོན་སུམ་ཉིད་རབ་ཏུ་གསལ་བར་ཟད་དོ། །གཟུང་བའི་རང་བཞིན་ལ་སོགས་པའི་
རྣམ་པར་རྟོག་པས་བཟོར་བྱས་པ་ཡིན་ནོ་ཞེས་འོངས་པའོ། །ཇི་སྐད་དུ། བློ་ཡིས་ཉམས་མྱོང་བྱ་གཞན་མེད། །དེ་ཡིས་མྱོང་བ་གཞན་ཡོད་མིན། །གཟུང་དང་འཛིན་དང་མི་ལྡན་ཕྱིར། །དེ་ནི་དེ་ལྟར་རང་བཞིན་གསལ། །ཞེས་གསུངས་པའོ། །དེ་བཞིན་དུ། བློ་བདག་རྣམ་པར་
དབྱེར་མེད་ཀྱང་། །མཐོང་བ་ཕྱིན་ཅི་ལོག་རྣམས་ཀྱིས། །གཟུང་དང་འཛིན་པ་མྱོང་བ་རྣམས། །ཐ་དད་བཅས་བཞིན་རྟོགས་འགྱུར་ཏེ། །ཞེས་གསུངས་སོ། །གལ་ཏེ་དོན་ཤེས་པའི་མྱོང་བ་ནི་ཆོས་མ་ཡིན་ནམ། དེ་ཇི་ལྟར་རིག་པ་པོ་མེད་པར་འགྱུར། །ཆོས་ནི་ཆོས་ཅན་ལ་ལྟོས་པར་
མཐོང་སྟེ། དཔེར་ན་ཆོས་པ་ལ་སོགས་པ་བཞིན་ནོ། །དེས་ན་མྱོང་བའི་བྱ་བ་འདི་ལ་གདོན་མི་ཟ་བར་ཉམས་སུ་མྱོང་མཁན་བྱེད་པ་པོ་གཞིར་གྱུར་པའི་ཆོས་ཅན་འགའ་ཞིག་ཡོད་དགོས་སོ། །དེ་གཟུགས་ལ་སོགས་པའི་ཡུལ་ཅན་ཡིན་པའི་ཕྱིར་ན་ཕྱི་རོལ་ཡང་འགྲུབ་བོ། །དེས་ན་རྗེས་
སུ་དཔག་པ་འམ་དོན་གྱི་གོ་བས་གཟུང་བ་དང་འཛིན་པ་གྲུབ་པ་ཡིན་པས་དེ་ཇི་ལྟར་བཀག་སྙམ་དུ་དགོངས་ནས་གཞན་གྱིས་ཀྱང་མ་ཡིན་འབྲེལ་བ་མཐོང་བ་མེད་ཕྱིར་རོ་ཞེས་གསུངས་ཏེ། གཟུགས་ལ་སོགས་པའི་རྣམ་པ་ལས་ངེས་པར་གྲོལ་བ་གཟུང་བ་དང་འཛིན་པ་མཐོང་བ་མ་ཡིན་ནོ་

ཞེས་འབྲེལ་ཏོ། །བསམ་པ་ནི་འདི་ཡིན་ཏེ་རྗེས་སུ་དཔག་པ་དོན་གྱི་གོ་བ་འམ་གཞན་གྱིས་ཉེ་བར་བརྟགས་པའི་ཚད་མ་གཞན་གྱིས་ཀྱང་རང་ཉིད་ཀྱིས་ལྐོག་ཏུ་གྱུར་པའི་དོན་རྟོགས་པ་ནི་མ་ཡིན་ཏེ། མངོན་སུམ་དུ་གྱུར་པའི་ཕྱིར་རོ། །འབྲེལ་པ་གཞན་ལས་ཀྱང་མ་ཡིན་ཏེ། ཐམས་ཅད་
ལས་ཐམས་ཅད་རྟོགས་པར་ཐལ་བའི་ཕྱིར་རོ། །འབྲེལ་པ་ཡང་དེའི་བདག་ཉིད་དང་དེ་ལས་བྱུང་བ་དག་ལས་མི་འཁྲུལ་པ་དང་ལྡན་པ་གཞན་ནི་ཡོད་པ་མ་ཡིན་ནོ། །དེ་ལ་དེའི་བདག་ཉིད་ཀྱི་འབྲེལ་པ་ཁས་ལེན་ན་ཆོས་དང་ཆོས་ཅན་དག་དངོས་པོ་ལ་གཅིག་ཁོ་ན་ཡིན་པའི་ཕྱིར་གཟུགས་
ལ་སོགས་པའི་རྣམ་པ་ཅན་གྱིས་མྱོང་བ་ཉིད་འབའ་ཞིག་ཡོད་པ་ཡིན་ལ་འཛིན་པར་བྱེད་པ་ལ་སོགས་པའི་དབྱེ་བ་ནི་ལྡོག་པའི་རྒྱུ་མཚན་ཅན་ཡིན་པའི་ཕྱིར་རྟོགས་པ་པོའི་ཞེན་པའི་དབང་གིས་བརྟགས་པ་ཁོ་ན་ཡིན་པའི་ཕྱིར་ཡང་དག་པར་རྟོགས་པ་ཡིན་ནོ། །དེ་ལས་བྱུང་བའི་འབྲེལ་པ་
ཡང་ངེས་པར་བྱེད་པའི་མངོན་སུམ་དང་མི་དམིགས་པ་སྲིད་པ་མ་ཡིན་ཏེ་ཆོས་ཅན་འཛིན་པ་པོ་ལ་ལྐོག་ཏུ་གྱུར་པ་ནི་དེ་དག་ཡོད་པར་མི་འོས་པ་དེས་ན་དེ་ལས་བྱུང་བའང་སྲིད་པ་མ་ཡིན་ནོ། །གཟུགས་ལ་སོགས་པའི་ཤེས་པ་གཞན་དུ་མི་འཐད་པས་གཟུགས་ལ་སོགས་པ་བཞིན་དུ་
འཛིན་པ་པོ་རྗེས་སུ་དཔག་པར་བྱ་བ་ཡང་མ་ཡིན་ཏེ། རྒྱུའི་ཚོགས་སྔ་མ་ཙམ་གྱིས་གཟུགས་ལ་སོགས་པའི་རྣམ་པ་ཅན་གྱི་ཤེས་པ་སྐྱེད་པའི་ཕྱིར་རོ། །དེ་ལྟ་ན་ཡང་རྒྱུ་མཚན་གཞན་ཁས་ལེན་ན་ཐུག་པ་མེད་པར་ཐལ་བའི་ཉེས་པ་བསལ་བར་དཀའོ། །དེས་ན་གཟུང་བ་དང་འཛིན་པ་དང་རིག་
པའི་དབྱེ་བ་ནི་དངོས་པོ་མ་ཡིན་ནོ། །ཆོས་ལ་སོགས་པ་ནི་དོན་དམ་པར་དེ་ལྟ་དེ་ལྟར་སྐྱེས་པའི་དོན་གྱི་རང་བཞིན་ཉིད་ལ་ལྡོག་པ་ཙམ་གྱིས་བརྟགས་པའི་ཐ་དད་པ་ཡིན་ནོ། །དེ་ལ་ཡང་དངོས་པོ་ཉིད་དུ་བྱ་བ་དང་བྱེད་པ་པོ་ཐ་དད་པའི་ཆོས་དང་། ཆོས་ཅན་ཡོད་པ་ནི་མ་ཡིན་ནོ། །མྱོང་བ་ལས་
གཞན་པའི་འཛིན་པ་པོ་མེད་མོད། ནང་དུ་ཡང་དག་པར་མྱོང་བར་འགྱུར་བའི་བདེ་བ་ལ་སོགས་པ་དེ་ཉིད་ནི་ཕྱི་རོལ་ན་གནས་པའི་གཟུགས་ལ་སོགས་པ་འཛིན་པ་ཡིན་པར་ཡང་དག་པར་མྱོང་བ་ཡིན་པ་དེས་ན་ཇི་ལྟར་གཉིས་སུ་མེད་པར་འགྲུབ་སྙམ་དུ་དོགས་པ་ལ་བརྗོད་པ་ནི་བདེ་

སོགས་ལ་ནི་ཞེས་བྱ་བ་ལ་སོགས་པའོ། །བདེ་བ་ལ་སོགས་པ་མྱོང་བ་ལ་ནི་གཟུགས་ལ་སོགས་པ་དེ་དག་འཛིན་པར་བྱེད་པ་ལ་འགའ་ཡང་མཐོང་བ་མེད་དོ། །གང་གི་ཕྱིར་བདེ་བ་ལ་སོགས་པ་རབ་ཏུ་འཇུག་པ་ནི་གཟུགས་ལ་སོགས་པ་དང་། ལྷན་ཅིག་གཅིག་པ་
ཉིད་དུ་རྟོགས་པ་དེའི་ཕྱིར་གཟུགས་ལ་སོགས་པ་བཞིན་དུ་འཛིན་པ་མ་ཡིན་པར་འཐད་པ་ཡིན་ནོ། །ཇི་ལྟར་གཟུགས་ལ་སོགས་པ་ཅིག་ཅར་རྟོགས་པ་ཉིད་ཀྱིས་གཡས་གཡོན་གྱི་རྭ་ལྟར་ཕན་གདགས་པར་བྱ་བ་དང་ཕན་འདོགས་པར་བྱེད་པ་མེད་པའི་ཕྱིར་བདེ་བ་ལ་སོགས་པ་འཛིན་པ་མ་
ཡིན་པ་བཞིན་དུ་བདེ་བ་ལ་སོགས་པ་ཡང་གཟུགས་ལ་སོགས་པ་འཛིན་པར་བྱེད་པ་མ་ཡིན་ཏེ། ལྷན་ཅིག་དམིགས་པ་ངེས་པའི་ཕྱིར་ཐ་དད་པ་མེད་པ་ཁོ་ནའོ། །ཐ་དད་པ་ནི་མཐོང་བ་ཕྱིན་ཅི་ལོག་པ་རྣམས་ཀྱིས་མཐོང་བ་ཡིན་ཏེ་ཟླ་བ་ཐ་དད་པ་མེད་པ་མཐོང་བ་བཞིན་ནོ་ཞེས་དགོངས་སོ། །
དེ་སྐད་དུ། ནང་གི་ལོངས་སྤྱོད་ཆ་གཞན་འདི། །ཕྱི་རོལ་ལྟ་བུར་གནས་པ་སྟེ། །ཐ་དད་མེད་ཅན་ཤེས་པ་ཡི། །ཐ་དད་སྣང་བ་བསླད་པ་ཡིན། །ཞེས་གསུངས་སོ། །གལ་ཏེ་ཤེས་པ་སྐྱེད་པར་བྱེད་པ་ཡིན་པ་ཉིད་ཀྱིས་གཟུགས་ལ་སོགས་པ་སྔར་ཉེ་བར་གནས་པ་ལ་ཕྱིས་བདེ་བ་ལ་
སོགས་པ་མྱོང་བ་སྐྱེ་བ་མ་ཡིན་ནམ། དེས་ན་ཇི་ལྟར། ཅིག་ཅར་རྟོགས་པ་ཡིན་ཞེ་ན། འདི་ལ་བརྗོད་པ་རེ་ཞིག་གལ་ཏེ་བྱེ་བྲག་ཏུ་སྨྲ་བའི་འདོད་པས་རྣམ་པ་མེད་པའི་རྣམ་པར་ཤེས་པ་དེ་ལས་བྱུང་བའི་འབྲེལ་པ་ལས་རྣམ་པ་དང་ལྡན་པའི་དོན་འཛིན་པར་འདོད་པ་དེའི་རྟོགས་པ་
ཙམ་དོན་ཐམས་ཅད་ལ་ཁྱད་པར་མེད་པ་ཉིད་ཀྱིས་འདི་ནི་སྔོན་པོའི་རྟོགས་པའམ་སེར་པོའི་རྟོགས་པ་ཡིན་ནོ་ཞེས་རྟོགས་པ་སོ་སོར་ངེས་པ་མེད་པའི་ཕྱིར་ཚོན་རྩི་བྱ་བ་དོན་དུ་གཉེར་བ་སྔོན་པོ་ལ་སོགས་པ་ལ་ངེས་པར་འཇུག་པར་མི་འགྱུར་རོ། །དེས་ན་དོན་རིག་པ་ནི་ཤིན་ཏུ་ཆོས་
མེད་དོ། །འོན་ཏེ་མདོ་སྡེ་པའི་ལུགས་ཀྱིས་རྣམ་པ་དང་ལྡན་པའི་རྣམ་པར་ཤེས་པས་སྐྱེད་པར་བྱེད་པའི་དོན་གྱི་སྐད་ཅིག་སྔར་ཡོད་པ་དེ་ལས་བྱུང་བ་ལས་འཛིན་པར་འདོད་པ་དེའི་ཚེ་སྐད་ཅིག་མ་ཉིད་ཀྱིས་ཤེས་པའི་དུས་ན་སྐྱེད་པར་བྱེད་པའི་དོན་མེད་པའི་ཕྱིར་དང་རྣམ་པ་གཉིས་མྱོང་

བ་མེད་པའི་ཕྱིར་ཤེས་པའི་རྣམ་པ་འབའ་ཞིག་ཁོ་ན་རིག་པའི་ཕྱིར་དོན་གྱི་རང་བཞིན་ནི་ནམ་མཁའི་མེ་ཏོག་ལས་ཁྱད་པར་མེད་པའི་ཕྱིར་ཇི་ལྟར་དོན་ཁས་ལེན། འོན་ཏེ་རྨི་ལམ་ལ་སོགས་པར་ཡང་ཡུལ་གཞན་དུ་མཐོང་བའི་ཕྱིར་ཕྱི་རོལ་ཉིད་རྒྱུ་མཚན་ཡིན་ཏེ། ཇི་སྐད་དུ། རྨི་སོགས་
ཤེས་ལས་ཐ་དད་དུ། །ཕྱི་རོལ་དོན་མེད་འདོད་མ་ཡིན། །ཀུན་དུ་དམིགས་པ་ལ་འཁྲུལ་པ། །ཡུལ་དང་དུས་གཞན་བདག་ཉིད་ཡིན། །ཞེས་བརྗོད་པ་ཡིན་ནོ། །དེས་ན་ཇི་ལྟར་རྨི་ལམ་ལ་སོགས་པའི་དཔེ་སད་པའི་གནས་སྐབས་སུ་འབྱུང་བའི་རྣམ་པར་ཤེས་པ་ཡུལ་ལ་
སོགས་པ་ངེས་པར་བརྗོད་ཅེ་ན། དེ་ནི་མ་ཡིན་ཏེ། རྨི་ལམ་ལ་སོགས་པའི་ཤེས་པ་ལ་དམིགས་པ་མི་འཐད་པའི་ཕྱིར་རོ། །དེ་ལྟར་འཛིན་པའི་རང་བཞིན་ནམ་དྲན་པའི་རང་བཞིན་ཞིག་ཡིན། དེ་ལ་རེ་ཞིག་འཛིན་པ་ནི་མ་ཡིན་ཏེ། འཛིན་པ་ནི་སྔོན་གྱི་འཛིན་པ་ལ་མི་ལྟོས་
པའི་ཕྱིར་རོ། །སྔོན་མཐོང་བའི་ཡུལ་འཛིན་པས་ནི་སོ་སོར་ངེས་པར་མི་འགྱུར་ཏེ་མཐོང་བ་གཞན་བཞིན་ནོ། །འདི་ནི་དྲན་པའི་རང་བཞིན་དུ་ཡང་མི་འཐད་དེ། རྣམ་པར་རྟོག་པ་མེད་པའི་ཕྱིར་དང་། ལྟ་བའི་ཡུལ་ཅན་ཡིན་པའི་ཕྱིར་དང་། གསལ་བར་སྣང་བའི་ཕྱིར་རོ། །དེས་ན་ཡུལ་
གཞན་དུ་མཐོང་བ་ལ་སོགས་པའི་དངོས་པོའི་ཡུལ་ཇི་ལྟར་ཡིན་པ་མི་ཤེས་སོ། །འོན་ཏེ་དེ་རྒྱུ་མཚན་ཡིན་དུ་ཆུག་ཀྱང་ཡུལ་ལ་སོགས་པ་ངེས་པ་ནི་རྒྱུ་མཚན་དེས་བྱེད་པར་མི་ནུས་སོ། །གལ་ཏེ་ཡུལ་ལ་སོགས་པ་གང་དུ་ཕྱི་རོལ་ཉེ་བ་དེ་ཉིད་རྨི་ལམ་དུ་ཡང་སྣང་ན་དེ་ནི་དེའི་རྒྱུ་མཚན་
དུ་འགྱུར་བ་ཞིག་ན། དེ་ལྟར་ན་མི་སྲིད་དེ་སླུ་བ་མེད་པར་ཐལ་བའི་ཕྱིར་རོ། །དེ་དང་བྲལ་བ་འགའ་ཞིག་ཁོ་ནར་དེ་སྣང་ན་ནི་འདི་རྒྱུར་འཐད་པ་མ་ཡིན་ནོ། །གལ་ཏེ་དེའི་རང་བཞིན་དུ་བྲལ་བར་སྣང་བར་བྱེད་ན་ནི་ཁྱད་པར་མེད་པའི་ཕྱིར་གང་ཡང་རུང་བར་བྱེད་པར་འགྱུར་རོ། །ཐུན་
མོང་བའི་དོན་མེད་ཀྱང་རྒྱུ་ངེས་པ་མེད་པར་སྐྱེ་བ་ནི་གང་གི་ཚེ་གཉིད་ཀྱི་རྨི་ལམ་མཚུངས་པར་དམིགས་བ་འམ། འཁྲུལ་པའི་ཤེས་པ་ཅན་མང་པོ་རྣམས་ལ་སྐྲ་ལ་སོགས་པ་སྣང་བ་བཞིན་ནོ། །དེ་བཞིན་དུ་ཕྱི་རོལ་གྱི་དོན་མེད་ཀྱང་དོན་བྱེད་པ་ནི་རྨི་ལམ་དུ་དམིགས་པ་ཁོ་ནའོ། །

ཇི་ལྟར་སད་པའི་གནས་སྐབས་ན་བུད་མེད་ཀྱི་རྒྱུ་མཚན་ཅན་གྱི་བདེ་བ་ལ་སོགས་པ་དང་དེ་དང་འབྲེལ་པ་ས་བོན་འབྱུང་བ་ལ་སོགས་པའི་དོན་བྱ་བ་ལ་དངོས་སུ་མྱོང་བ་དེ་ཁོ་ན་བཞིན་དུ་རྨི་ལམ་གྱི་གནས་སྐབས་སུ་ཡང་ཡིན་ནོ། །དེའི་ཕྱིར་ཇི་ལྟར་རྨི་ལམ་ལ་སོགས་པར་
ཕྱི་རོལ་གྱི་དོན་མེད་པར་ཡུལ་ངེས་པ་ལ་སོགས་པར་འགྱུར་བ་དེ་བཞིན་དུ་སད་པའི་གནས་སྐབས་སུ་ཡང་འགྱུར་བ་གང་གིས་ཟིལ་གྱིས་མནན། ཇི་སྐད་དུ། འགའ་ཡི་ནང་གི་བག་ཆགས་ནི། །འགའ་ཞིག་ཉིད་ཀྱིས་ཟད་བྱེད་པ། །དེ་ཕྱིར་བློ་ནི་རྣམ་ངེས་ཀྱིས། །ཕྱི་རོལ་དོན་ལྟོས་མ་ཡིན་ནོ།
ཞེས་གསུངས་པས་སོ། །དེ་ན་རིག་པ་ལ་ཕྱི་རོལ་གྱི་རྒྱུ་མཚན་མེད་པ་ནི་གཟུགས་ལ་སོགས་པ་དང་། བདེ་བ་ལ་སོགས་པ་དག་སྔ་ཕྱིར་གྱུར་པས་ཅིག་ཅར་རྟོགས་པ་དང་བྲལ་བའི་ཉེས་པ་བརྗོད་པ་ཇི་ལྟར་འཐད་པར་འགྱུར་བ་ནི་མི་ཤེས་སོ། །གལ་ཏེ་ཅིག་ཅར་རྟོགས་པ་ཡིན་ཡང་།
གཟུགས་ལ་སོགས་པ་འཛིན་པར་བྱེད་པར་ངེས་པར་བྱས་པའི་བདེ་བ་ལ་སོགས་པའི་འཛིན་པ་ཁོ་ན་ཡིན་ལ། གཟུགས་ལ་སོགས་པའི་དོན་རྟོགས་པ་ཐམས་ཅད་ལ་ཐུན་མོང་མ་ཡིན་པ་ཉིད་ཀྱིས་གཟུང་བ་ཁོ་ན་ཡིན་ཏེ། རྒྱུའི་ཚོགས་སྔ་མ་སྔ་མ་ཉིད་ལས་ཡུལ་དང་ཤེས་པའི་སྐད་ཅིག་
རྣམས་གཟུང་བ་དང་འཛིན་པ་ཉིད་དུ་སྐྱེད་ངེས་པའི་ཕྱིར་ཇི་ལྟར་གཟུང་བ་དང་འཛིན་པ་འཆོལ་བར་འགྱུར་ཞེ་ན། འདི་ལ་སྙིང་པོ་ཡེ་མེད་དེ། གང་གི་ཕྱིར་རྣམ་པར་རྟོག་པ་མེད་པའི་ཕྱིར་བདག་ཉིད་མངོན་སུམ་ལ་ནི་སྔོན་པོ་ལ་སོགས་པའི་རྣམ་པ་བཞིན་དུ་གཟུང་བ་དང་འཛིན་པ་ཉིད་དམ་སྔོན་པོའི་
ཐུན་མོང་བ་ཉིད་ནི་སྣང་བ་མེད་དོ། །སྔོན་པོ་རྟོགས་པ་པོ་གཞན་གྱིས་བལྟ་བར་བྱ་བ་ཉིད་ནི་མངོན་སུམ་གྱིས་རྟོགས་པར་བྱེད་པ་མ་ཡིན་ཏེ། གཞན་གྱིས་རྟོགས་པ་ཡང་མངོན་སུམ་ཉིད་དུ་ཐལ་བའི་ཕྱིར་རོ། །སྤུ་ལངས་པ་ལ་སོགས་པའི་རྟགས་ལས་སྐྱེས་པའི་རྗེས་སུ་དཔག་པས་
རྟོགས་པར་བྱ་བ་ཡང་མ་ཡིན་ཏེ། དེའི་ཡུལ་ནི་སྤྱི་ཡིན་པའི་ཕྱིར་རོ། །དེས་ན་ཐུན་མོང་མ་ཡིན་པའི་གཟུགས་ལ་སོགས་པ་དུས་གཅིག་ཏུ་རྟོགས་པ་ནི་ཤེས་པ་ཁོ་ན་ཡིན་ཏེ། ཡུལ་རུང་བས་ན་གནས་པས་མ་ཤེས་པ་རང་གི་ཤེས་པ་ཡིན་པའི་ཕྱིར་རོ། །གལ་ཏེ་ཕྱི་རོལ་གྱི་དོན་ནི་སྐད་

ཅིག་མ་ཡིན་པ་ཡན་ལག་ཅན་ལ་སོགས་པའི་རང་བཞིན་གཅིག་པ་ཁོ་ན་མ་ཡིན་ནམ་ཞེས་དོགས་པ་ལ་བརྗོད་པ་ནི་དཀར་པོ་ལ་སོགས་པའོ། །དཀར་པོ་ལ་སོགས་པ་སྟེ་གཟུགས་དཀར་བ་ལ་སོགས་པ་མཐོང་བ་སྟེ། མངོན་སུམ་གྱིས་རྟོགས་པ་གང་ཡིན་པ་དེ་ཉིད་ནི་དེས་གཞན་
སྔ་མའམ་ཕྱི་མ་དག་ཏུ་མཐོང་བ་མེད་དོ། །སྔ་ཕྱི་སྟོང་པ་ཉིད་མཐོང་བ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གཏན་ཚིགས་བཤད་པ་མཐོང་ཟིན་པ་དང་། མཐོང་བའམ་མཐོང་བཞིན་པ་དང་མཐོང་བར་འགྱུར་བ་འདི་དག་ནི་རྟག་ཏུ་ཕན་ཚུན་དུ་གཅིག་ལ་གཅིག་བདེ་བ་ལ་སོགས་པ་བཞིན་དུ་འགལ་
བའི་ཕྱིར་རོ། །མིག་ལ་སོགས་པའི་རྣམ་པར་ཤེས་པ་ནི་ཉེ་བར་གནས་པ་ད་ལྟར་བ་ཙམ་འཛིན་པར་བྱེད་པ་ཡིན་ཏེ། དེ་ལྟ་མ་ཡིན་ན་ཐག་རིང་བ་དང་བར་ཆོད་པ་ལ་སོགས་པ་དང་། འདས་པ་དང་། མ་འོངས་པ་དང་། བྱིས་བ་དང་། རྒན་པ་ལ་སོགས་པ་ཡང་ཅིག་ཅར་འཛིན་པར་
ཐལ་བ་བཟློག་དཀའ་བར་འགྱུར་རོ། །དེ་ལྟར་འདི་ཡན་ཆད་ཀྱིས་ནི་གཟུང་བ་དང་འཛིན་པ་སྒྲུབ་པའི་ཚད་མ་བཀག་པས་བསྟན་ཏོ། །ད་ནི་གནོད་པ་ཅན་གྱི་ཚད་མ་ལས་དོན་རྣམས་མེད་པའི་ཕྱིར་རྣམ་པར་རིག་པ་ཙམ་སྟོན་པས་བརྗོད་པ་ནི་ཐོག་མ་ཐ་ཞེས་བྱ་བ་ལ་སོགས་པའོ། །བསམ་པ་
ནི་འདི་ཡིན་ཏེ། ཕྱི་རོལ་གྱི་དོན་ནི་ཡོན་ཏན་དང་རྫས་ལ་སོགས་པའི་དབྱེ་བས་རྣམ་པ་མང་པོས་ཕ་རོལ་པོ་རྣམས་ཀྱིས་བརྟགས་པ་ཡིན་ནོ། །དེ་ལ་ཡོན་ཏན་ལ་སོགས་པ་ཆོས་རྣམས་ཀྱི་རྟེན་ནི་རྫས་ཡིན་པས་དེ་བཀག་པའི་རྫས་དེ་དག་རྩ་བ་དང་བཅས་པ་དུ་མ་འབྱུང་བར་འགྱུར་
རོ། །དེས་ན་ལོགས་སུ་སུན་འབྱིན་པ་མ་བརྗོད་དེ། དུ་མ་ཡང་འདུ་བ་ཅན་མེད་པར་མ་ཡིན་པ་དེས་ན་དེའི་ལུགས་སུ་སུན་འབྱིན་པ་མི་བརྗོད་དོ། །རྫས་ཀྱང་ས་དང་། ཆུ་དང་། མེ་དང་། རླུང་དང་། ནམ་མཁའ་དང་། དུས་དང་། ཕྱོགས་དང་། བདག་དང་། ཡིད་ཅེས་བྱ་བ་རྣམ་པ་དགུ་
ཡིན་ནོ། །དེ་ལ་བདག་ནི་དེ་མ་ཐག་ཏུ་བསམ་པར་བྱའོ། །སྒྲ་ཡང་ནམ་མཁའི་རང་བཞིན་གྱི་ཡོན་ཏན་ཅན་དུ་འདོད་དོ། །དེ་ཡང་ཅི་ཡིན་པས་མཚུངས་པའི་ཕྱིར་ན་སྒྲ་ཐམས་ཅད་ཐ་དད་པར་ཐོས་པར་མི་འགྱུར་རོ། །དེས་ན་རང་དང་ཉེ་བའི་ཡུལ་བཞིན་དུ་བར་ཆོད་པའི་ཡུལ་དུ་མངོན་པར་

འདོད་པར་ཡང་སྒྲ་གྲགས་པ་ཐོས་པར་འགྱུར་བའམ་གཞན་དུ་ཡང་མི་འགྱུར་རོ་ཞེས་པ་ནི་གཅིག་ཏུ་ངེས་པ་ཡིན་ནོ། །ཕྱོགས་དང་ཡུལ་དག་ཀྱང་གཅིག་ཡིན་པའི་ཕྱིར་ན་སྔ་མ་དང་ཕྱི་མ་ལ་སོགས་པའི་རྐྱེན་དུ་མི་འཐད་དོ། །འདི་སྙམ་དུ་རྣམ་པར་དབྱེ་བ་འདི་ནི་
ཁྱད་པར་དུ་བྱེད་པ་རྣམས་ཐ་དད་པས་ཡིན་ནོ། །ཅི་ཁྱད་པར་དུ་བྱེད་པ་དག་གི་སྔ་མ་དང་ཕྱི་མ་རང་ལས་ཡིན་ནམ་འོན་ཏེ་གཞན་ལས་ཡིན། དེ་ལ་ཕྱོགས་དང་པོ་ལྟར་ན་དེ་ཉིད་ལས་རྟོགས་པ་དེ་གྲུབ་པའི་ཕྱིར་དེ་དག་དོན་མེད་དོ། །ཕྱོགས་གཉིས་པ་ལྟར་ན་ཡང་གལ་ཏེ་ཕྱོགས་དང་ཡུལ་
དག་ཁོ་ན་ལས་ཡིན་ན་དེ་ནི་དེའི་ཚེ་གཅིག་ཡིན་པའི་ཕྱིར་ན་འདི་ཉིད་ཀྱི་ཚེ་འགྱུར་བ་དེ་དག་མི་འཐད་དོ། །གཞན་ཡང་ཡིན་ནོ་ཞེ་ན། དེ་དག་དོན་མེད་པ་པོར་འཇུག་གོ། །ནམ་མཁའ་དང་ཕྱོགས་དང་ཡུལ་འདི་རྣམས་ནི་རྟག་པ་ཡིན་པས་ལྷན་ཅིག་བྱེད་པ་དང་ལྡན་པའམ། དེ་དང་བྲལ་བ་
ཡང་རུང་སྟེ། རང་བཞིན་གྱི་ཁྱད་པར་མ་ཐོབ་པར་རང་གི་འབྲས་བུ་རེས་འགའ་ཁོ་ན་སྐྱེད་པར་བྱེད་པར་ཇི་ལྟར་འགྱུར། འདི་ལྟར། དེ་དག་ནུས་པའམ་ནུས་མེད་པ། །ངོ་བོ་ཉིད་ཀྱིས་གང་གནས་ནི། །རྟག་པ་ཉིད་ཕྱིར་གསོ་མིན་ན། །དེ་ཟད་བྱ་ཕྱིར་ནུས་པ་གང་། །ཞེས་སོ། །འདིས་ནི་ཡིད་
ཀྱང་བསལ་ཏོ། །ཡིད་སྨྲ་བ་རྣམས་ཀྱིས་ཡིད་འདི་ནི་ཤེས་པ་ཅིག་ཅར་མི་སྐྱེ་བ་ལས་དཔག་པར་བྱ་བ་ཡིན་ན། གར་ལྟ་བ་ལ་སོགས་པ་ལ་རྣམ་པར་ཤེས་པ་ཅིག་ཅར་ཉམས་སུ་མྱོང་བ་ཡིན་ན། དེ་ལྟར་ཡིན་ན་ནི་ནམ་ཡང་མི་འཐད་པར་འགྱུར་རོ། །དེས་ན་ནམ་མཁའ་ལ་སོགས་པ་ནི་མེད་
པ་ཁོ་ནའོ། །ས་ལ་སོགས་པ་ལུས་པ་ཡིན་ན་དེ་ཡང་ཡན་ལག་ཅན་དང་རྡུལ་ཕྲ་རབ་ཀྱི་དབྱེ་བས་རྣམ་པ་གཉིས་སུ་བརྟགས་སོ། །དེ་ལ་ཡན་ལག་ཅན་ཡོད་པ་མ་ཡིན་ལ་རྡུལ་ཕྲ་རབ་ཀྱང་མེད་དེ། དེ་གཉིས་ཀ་ལ་ཡང་སྒྲུབ་པར་བྱེད་པ་མེད་པའི་ཕྱིར་རོ། །དེ་ཉིད་ལ་གནོད་པར་བྱེད་པ་རིམ་པ་
ཇི་ལྟ་བ་བཞིན་དུ་རྗོད་པར་བྱེད་པ་ནི། ཐོག་མ་ཐ་མ་ཞེས་བྱ་བ་ལ་སོགས་པའོ། །སྣམ་བུ་ལ་སོགས་པ་དག་ནི་རྡུལ་ཕྲ་རབ་གཉིས་ལ་སོགས་པས་བརྩམས་པའི་རིམ་གྱིས་བརྩམས་པ་ཡན་ལག་ཅན་གྱི་རང་བཞིན་དུ་རབ་ཏུ་གྲགས་པར་ཡོད་པ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། གཟུགས་ལ་

སོགས་པ་ནི་ཐོག་མ་དང་ཐ་མ་དང་དབུས་ལ་སོགས་པའི་དབྱེ་བས་ཕན་ཚུན་འགལ་བའི་རང་བཞིན་རགས་པ་གཅིག་དང་བྲལ་བ་ཁོ་ནར་མཐོང་བའི་གཏན་ཚིགས་ཀྱི་ཕྱིར་རོ། །དེ་ལྟར་འདིས་ནི་ཤེས་པ་གཅིག་དང་འདྲེས་པའི་རང་བཞིན་གྱི་དངོས་པོ་དམིགས་པའི་མཚན་ཉིད་ཅན་མི་དམིགས་པའི་
གཏན་ཚིགས་བརྗོད་དོ། །དེ་ལྟ་དེ་ལྟར་གནས་འགྱུར་བའི། །ཆ་ཤས་འབའ་ཞིག་སྣང་བ་སྟེ། །དེ་དང་ལྡན་པ་ཆ་མེད་པ། །གཞན་ནི་སྣང་བ་ཡོད་མ་ཡིན། །ཡན་ལག་གཅིག་ཁ་བསྒྱུར་རམ་གཡོན་ནའང་དེ་ལ་འདུ་བའི་ཡན་ལག་ཅན་ཡང་ཁ་བསྒྱུར་བའམ་གཡོ་བ་མཐོང་བར་འགྱུར་རོ། །འོན་
ཏེ་ཡན་ལག་ཁ་བསྒྱུར་བ་དང་གཡོ་བ་ཡིན་གྱི་ཡན་ལག་ཅན་ནི་མ་ཡིན་ནོ་ཞེ་ན། འོན་དེ་ཁ་བསྒྱུར་བ་དང་མི་གཡོ་བར་མཐོང་བར་འགྱུར་རོ། །ཡན་ལག་གཅིག་བསྒྲིབས་པ་ན་ཡང་དེ་མི་མཐོང་བ་ཁོ་ནར་འགྱུར་རོ། །དེ་མ་བསྒྲིབས་ན་ནི་དམིགས་པར་ཐལ་བར་འགྱུར་བ་བཟློག་དཀའ་བར་འགྱུར་
རོ། །དེ་ལྟར་ཐ་དད་པའི་བདག་ཉིད་ཅན་འགལ་བའི་ཆོས་གནས་པའི་ཕྱིར་ཡན་ལག་ཅན་གཅིག་ཡིན་པར་མི་འོས་པས་ན་འདི་ནི་མེད་པའི་ཐ་སྙད་ཀྱི་ཡུལ་དུ་འགྱུར་བའི་དུས་ལ་བབ་པར་མཐོང་ངོ་། །དེ་ལྟར་གཅིག་བཀག་པས་ད་ནི་དུ་མའི་རང་བཞིན་ལུས་པ་ཡིན་ནོ། །དེ་ཡང་དུ་མ་རྣམས་
ཀྱིས་རྣམ་པ་དུ་མར་ཉེ་བར་བརྟགས་ཏེ། དཔེར་ན་བྱེ་བྲག་ཏུ་སྨྲ་བ་རྣམས་ཀྱིས་དང་པོ་དངོས་སུ་དབང་པོའི་སྤྱོད་ཡུལ་ཡིན་པ་དང་། བྱེ་བྲག་པ་རྣམས་ཀྱིས་ནི་ཡན་ལག་ཅན་རྩོམ་པར་བྱེད་པ་ཉིད་དང་། མདོ་སྡེ་པ་རྣམས་ཀྱི་ཤ་ཟ་ལྟར་རྟག་ཏུ་ལྐོག་ཏུ་གྱུར་པ་རང་གི་རྣམ་པར་གཏོད་པ་ནུས་པ་
ཡིན་ནོ་ཞེས་རྡུལ་ཕྲ་རབ་འདོད་པ་ལྟ་བུའོ། །དེ་ལ་རེ་ཞིག་བྱེ་བྲག་ཏུ་སྨྲ་བས་བརྟགས་པའི་རྡུལ་ཕྲ་རབ་བསལ་བའི་ཕྱིར་གསུངས་པ་ནི། ཕྲ་རབ་རྡུལ་རྣམས་ཞེས་བྱ་བ་ལ་སོགས་པའོ། །ཇི་ལྟར་རགས་པ་གཅིག་མེད་པ་དེ་བཞིན་དུ་དུ་མ་ཉིད་ཀྱང་ཡོད་པ་མ་ཡིན་ནོ། །གཏན་ཚིགས་བརྗོད་པ་
ནི་ཕྲ་རབ་རྡུལ་རྣམས་མཐོང་བ་མེད་པའི་ཕྱིར་ཞེས་བྱ་བའོ། །རྡུལ་ཕྲ་རབ་ཀྱི་རང་བཞིན་ཕན་ཚུན་ཐ་དད་པ་ནི་མི་དམིགས་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །དེ་སྟེ་རགས་པ་གཞན་དུ་མི་འཐད་པར་རྡུལ་ཕྲ་རབ་རྗེས་སུ་དཔོག་གོ་ཞེ་ན། བརྗོད་པ་ནི། རྡུལ་ཕྲན་ཆ་མེད་ཡིན་ན་ཞེས་བྱ་བ་ལ་

སོགས་པའོ། །བསམ་པ་ནི་འདི་ཡིན་ཏེ། རེ་ཞིག་རྡུལ་ཕྲ་རབ་རྣམས་ཆ་ཤས་དང་བཅས་པར་ནི་འདོད་པར་མི་བྱ་སྟེ། ཅིག་ཅར་འགལ་བའི་ཡུལ་ནི་གནས་པ་བཅུ་པོ་རྣམས་དང་དྲུག་གིས་སྦྱར་བ་ལ་སོགས་པ་འགལ་བའི་ཆོས་དང་ལྡན་པས་རགས་པ་བཞིན་དུ་དུ་
མར་ཐལ་བའི་ཕྱིར་རོ། །རྡུལ་ཕྲན་ཆ་མེད་ཡིན་ན་སྟེ། ཡན་ལག་གི་མཚན་ཉིད་ཆ་དང་བྲལ་བ་ཡིན་པར་གྱུར་ན་དུ་མའི་རྡུལ་ཕྲན་དུ་མ་རྣམས་ཀྱིས་བསྐོར་བ་སྟེ། དུ་མའི་ནང་དུ་བཅུག་པ་མེད་པར་འགྱུར་རོ། །འདི་ལྟར་རྡུལ་ཕྲ་རབ་ཀྱིས་བསྐོར་བ་ཡིན་ན་སྟེང་དང་འོག་ཕྱོགས་བཞིའི་རྡུལ་
ཕྲ་རབ་ཀྱི་དབུས་ན་གནས་པ་དེ་གདོན་མི་ཟ་བར་ཆ་དྲུག་ཏུ་འགྱུར་ཏེ། འདིའི་རང་བཞིན་གང་ཞིག་རྡུལ་ཕྲ་རབ་གཞན་དང་ཉེ་བ་དེ་ཉིད་དུ་རྡུལ་ཕྲ་རབ་དེ་ལས་གཞན་དང་ཉེ་བར་ནི་མི་འབྱོར་ཏེ། དེ་དག་ཡུལ་གཅིག་པར་འགྱུར་བའི་ཕྱིར་རོ། །གལ་ཏེ་དེ་ཡང་དེ་ན་ཡོད་པ་དེ་ལྟ་ན། ཤར་གྱི་རྡུལ་
ཕྲ་རབ་དང་ཉེ་བའི་རང་བཞིན་ཉིད་ནུབ་ཀྱི་རྡུལ་ཕྲ་རབ་དང་ཉེ་བར་གནས་པར་འགྱུར་རོ། །ཉེ་བར་གནས་པ་མེད་པ་ན་མངོན་དུ་བལྟས་པ་ཙམ་ལ་ཡང་ཉེ་བ་འདི་ཉིད་ཡིན་ནོ། །དེའི་ཕྱིར་གོང་བུའི་རང་བཞིན་རྡུལ་ཕྲ་རབ་ཙམ་དུ་ཐལ་བའི་ཕྱིར་རོ། །སའི་དཀྱིལ་འཁོར་ལ་སོགས་རང་བཞིན་གྱིས། །
བསགས་པ་འགའ་ཡང་འདི་ལ་མེད་པར་འགྱུར། །ཇི་སྐད་དུ། འབྱར་བ་དང་ནི་བསྐོར་བའམ། །བར་མེད་རྣམ་པར་གནས་ཀྱང་རུང་། །དབུས་གནས་རྡུལ་ཕྲན་རྡུལ་གཅིག་ལ། །བལྟས་པའི་རང་བཞིན་གང་ཡིན་པ། །དེ་ཉིད་རྡུལ་ཕྲན་གཞན་དག་ལ། །གལ་ཏེ་བལྟས་པར་
རྟོགས་བྱེད་ན། །དེ་ལྟར་ཡིན་ན་ས་འཛིན་ལས། །སོགས་པའི་རགས་པ་མི་འཐད་དོ། །ཞེས་གསུངས་སོ། །གཅིག་མ་གྲུབ་ན་དུ་མ་མི་འགྲུབ་པའི་ཕྱིར་རྡུལ་ཕྲ་རབ་དག་ནི་མེད་པ་ཁོ་ནའོ། །འདིས་ནི་ཐུན་མོང་དུ་སུན་ཕྱུང་བས་རྡུལ་ཕྲ་རབ་ཏུ་སྨྲ་བ་རྣམས་ཐམས་ཅད་བསལ་བའི་ཕྱིར་
སོ་སོར་སུན་ཕྱུང་བསམ་གཏན་པ་ལ་ཐག་པ་གུས་པར་མ་བྱས་སོ། །འདི་ཡན་ཆད་ཀྱིས་ནི་སྒྲུབ་བྱེད་ཀྱི་ཚད་མ་མེད་པའི་ཕྱིར་དང་གནོད་བྱེད་ཀྱི་ཚད་མ་ཡོད་པའི་ཕྱིར་ཕྱིའི་དོན་ནི་མེད་དོ་ཞེས་བསྟན་ནས་ད་ནི་འགྲོ་བ་མ་ལུས་པ་འདི་རྣམ་པར་རིག་པ་ཙམ་ཁོ་ནའོ་ཞེས་ཉེ་བར་སྡུད་པར་བྱེད་པས། དེས་

ན་ཞེས་བྱ་བ་གསུངས་སོ། །དེས་ན་ཞེས་བྱ་བ་བརྗོད་མ་ཐག་པའི་རིགས་པའི་མཐུས་འཛིན་པ་ལ་སོགས་པ་དང་བྲལ་བའི་ཕྱིར་རང་རྒྱུད་ཀྱི་གཟུགས་ལ་སོགས་པ་རྟོགས་པའི་ཕྱིར་རང་བཞིན་ཅན་གྱི་རྒྱུ་བ་དང་མི་རྒྱུ་བའི་དངོས་པོ་ཐམས་ཅད་ནི་ཕྱི་རོལ་གྱི་དོན་དང་བྲལ་བས་རང་གི་བག་ཆགས་ཙམ་ལས་བྱུང་
བ་ཉིད་ཀྱིས་དྲི་ཟའི་གྲོང་ཁྱེར་ལྟ་བུ་ཡིན་ནོ། །རྣམ་པར་ཤེས་པ་ཙམ་ཡིན་མོད་དེ་ལ་སྔ་མ་བཞིན་དུ་གཅིག་དང་དུ་མའི་རང་བཞིན་དུ་མི་བཟོད་པས་ན་ནམ་མཁའི་པདྨ་བཞིན་དུ་ཡོད་པའི་ཐ་སྙད་དུ་བྱ་བར་མི་འོས་སོ། །ཡོད་པའི་དངོས་པོ་ལ་ནི་རྣམ་པ་གཞན་མེད་པའི་ཕྱིར་དེས་ནི་གཅིག་དང་དུ་མ་དག་
ལས་གང་ཡང་རུང་བ་གཅིག་འགྱུར་དགོས་ན་དེ་ལྟ་མ་ཡི