Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 43

Văn bản gốc(Tây Tạng)

Trang 10 / 15 (50.000 ký tự/trang)
ཡས་སྐྱེ་མཆེད་ནི་ལྔ་པའོ། །
ཅི་ཡང་མེད་པའི་སྐྱེ་མཆེད་ནི་དྲུག་པའོ། །འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ནི་བདུན་པའོ། །འགོག་པའི་སྙོམས་པར་འཇུག་པ་ནི་བརྒྱད་པ་སྟེ་དེ་རྣམས་མདོ་དང་རྒྱས་པ་ལས་གཟུགས་ཅན་གཟུགས་རྣམས་ལ་ལྟ་བ་རྣམས་ནི་དེ་སྟོང་པ་ཉིད་དང་མཚན་མ་མེད་པ་དང་། །སྨོན་པ་
མེད་པའི་རྣམ་པས་ཟིལ་གྱིས་མནན་ནས་ཤེས་ཤིང་མཐོང་བ་འདི་ནི་རྣམ་པར་ཐར་པ་དང་པོ་ཞེས་བྱ་བ་ནས། །དེ་བཞིན་དུ་འགོག་པའི་སྙོམས་པར་ཞུགས་པ་སྟོང་པ་ཉིད་དང་མཚན་མ་མེད་པ་དང་སྨོན་པ་མེད་པའི་རྣམ་པས་ཟིལ་གྱིས་མནན་ནས་མཐོང་བ་འདི་ནི་རྣམ་པར་ཐར་པ་
གཉིས་པའོ་ཞེས་འབྱུང་བ་དང་། དོན་འདི་ཉིད་ཀུན་དགའ་སྙིང་པོའི་ཞལ་སྔ་ནས་ཀྱིས་བཤད་པ་ཡང་ཡིན་ཏེ། དེ་རྣམ་པར་དག་པའི་ཀ་བ་བརྒྱད་ཀྱིས་ཞེས་པ་ནི་འཁོར་ལོ་ལ་སོགས་པའི་ཀ་བ་བརྒྱད་དོ། །དེས་ཀླུབས་ཤིང་ཉེ་བར་མཛེས་པར་བྱས་ཤིང་མཆོག་ཏུ་གྱུར་པའོ། །རྡོ་རྗེའི་
ཚུལ་ཞེས་པ་ནི་གསང་སྔགས་ཀྱི་ཚུལ་ལོ། །བསམ་གྱིས་མི་ཁྱབ་པའི་ཆོས་དབྱེར་མེད་པར་སྟོན་པའི་ཕྱིར་ཚུལ་ལོ། །དེའི་ལུས་ཀྱི་ཆོས་ཀྱི་འཁོར་ལོས་སྒྱུར་བ་ནི་བསྐོར་བ་སྟེ་དེའི་ཀ་བ་བརྒྱད་ཀྱི་སྟེང་དུ་རྡོ་རྗེ་ཕྲེང་བ་ཟླུམ་པོས་བསྐོར་བ་དང་ལྡན་པའོ། །གཟུགས་ལ་སོགས་པ་ཞེས་པ་
ནི་སྒྲ་དང་། དྲི་དང་། རོ་དང་། རེག་བྱ་རྣམས་སོ། །དེ་ཉིད་སྤྱོད་ཡུལ་དུ་གྱུར་པའི་ཕྱིར་སྤྱོད་ཡུལ་ལོ། །དེ་རྣམ་པར་དག་པས་བླ་ན་མེད་པའི་འདོད་པའི་ཡོན་ཏན་ལྔ་ཞེས་ཏེ་དོན་དམ་རང་བཞིན་མེད་པའི་རྒྱུས་ཐ་མལ་པའི་གཟུགས་ལ་སོགས་པར་མ་རིག་པའི་ཕྱིར་གཞལ་

ཡས་ཁང་སྣང་བའི་ཁ་དོག་དང་དབྱིབས་ལ་སོགས་པས་བརྒྱན་པ་སྟེ་སྐབས་འདིར་ལྷ་མོའི་ངོ་བོ་ཉིད་དུ་གཟུང་ངོ་། །དེ་ཅིའི་ཕྱིར་ཞེ་ན། སྟོང་པའི་དཀྱིལ་འཁོར་སྟོན་པའི་སྐབས་མིན་པའི་ཕྱིར་རོ། །རྩ་བའི་རྒྱུད་ལས་ཀྱང་། འདོད་པའི་ཡོན་ཏན་ལྔས་བརྒྱན་ཞེས་གསུངས་སོ། །ཆོས་ཀྱི་
དབྱིངས་ཀྱི་རྒྱུ་མཐུན་དག་པས་ཞེས་པ་ནི། དེ་ལ་ཆོས་ཀྱི་དབྱིངས་ནི་གཉིས་སུ་མེད་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །དེའི་རྒྱུ་མཐུན་པ་དེ་ནི་དེ་ལས་བྱུང་བའི་སྟོབས་བཅུ་དང་འཛེམ་པ་མེད་པ་བཞི་དང་། །སོ་སོ་ཡང་དག་པ་བཞི་དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་
དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་དོ། །འགྱུར་བ་མེད་པར་གཅིག་པའི་ཕྱིར་དེ་སྐད་ཅེས་བྱའོ། །དེ་རྣམ་པར་དག་པས་ཟས་ལྔ་ཞེས་མེ་ཏོག་དང་སྤོས་དང་མར་མེ་དང་དྲི་དང་ལྷ་བཤོས་དང་དེ་རྣམས་ཀྱི་གཞལ་ཡས་ཁང་བརྒྱན་པ་ལ་དེ་སྐད་ཅེས་བྱའོ། །དེ་ལ་
སོགས་པ་སངས་རྒྱས་ཀྱི་ཡོན་ཏན་ཇི་སྙེད་པ་ཐམས་ཅད་ཀྱང་དེ་ལྟར་སྣང་བར་འདོད་དེ། ཐམས་ཅད་ཀྱང་ཆོས་ཀྱི་དབྱིངས་ཀྱི་རྒྱུ་མཐུན་པ་ཡིན་པའི་ཕྱིར་རོ། །དེ་བས་ན་བླ་མའི་ཞལ་སྔ་ནས། མེ་ཏོག་སྤོས་ཆབ་མར་མེ་ཆེ། །དྲི་ཞེས་བྱ་བའི་དཀྱིལ་འཁོར་ལ། །ཡིད་དགའ་ཆོས་ཀྱི་
སྒྲོན་མ་དང་། །བསྔགས་པ་འདུས་པའི་བདུག་སྤོས་དང་། །བྱང་ཆུབ་ཡན་ལག་མེ་ཏོག་དང་། །ཆོས་ཀྱི་ཟས་ནི་ལྷ་བཤོས་སོ། །ཞེས་སོ། །རྩ་བའི་རྒྱུད་ལས་ཀྱང་། མཆོད་པ་རྣམ་པ་ལྔས་བརྒྱན་པ། །ཞེས་སོ། སྣ་ཚོགས་པདྨ་ཞེས་པ་ནི་ཁ་དོག་སྣ་ཚོགས་པའི་པདྨའི་ལྷའི་
གདན་བཅུ་དགུའོ། །དེ་ཡང་འགྲོ་བ་མ་ལུས་པ་དང་ཐ་མི་དད་པར་བསྟན་ཀྱང་དེར་གཏོགས་པའི་ཉེས་པས་མ་གོས་པས་སྡོང་བུ་དང་བཅས་པའི་གདན་གྱིས་ཉེ་བར་མཛེས་པར་བྱས་པའོ། །ཉི་མ་ཞེས་པ་ནི་བདུན་ཏེ། ལྷོ་དང་ནུབ་དང་བྱང་གི་རེའུ་མིག་དང་སྒོ་བཞི་སྣ་ཚོགས་པདྨ་གནས་
པར་ཤེས་པར་བྱའོ། །དེ་ཡང་སེམས་ཅན་མ་ལུས་པའི་རྒྱུད་དུ་གཏོགས་པའི་མ་རིག་པའི་མུན་ནག་རྣམ་པར་སེལ་ཅིང་མི་དགེ་བ་བཅུའི་འདམ་རྫབ་སྐེམ་པར་བྱེད་པ་དང་། བྱང་ཆུབ་ཀྱི་སེམས་ཀྱི་མྱུ་གུ་སྨིན་པར་བྱེད་པའི་ཕྱིར་ཤེས་རབ་ཀྱི་ངོ་བོའོ། །ཟླ་བར་བཅས་ཞེས་པ་ནི་

བཅུ་གཉིས་ཏེ་གནས་ལྷག་མ་རྣམས་སུ་སྣ་ཚོགས་པ་ལ་གནས་པའོ། །དེ་ཡང་སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པའི་གདུང་བ་ཞི་བར་བྱེད་པའི་ཕྱིར་དང་། དགེ་བའི་རྩ་བའི་མྱུ་གུ་སྨིན་པར་བྱེད་པས་སྙིང་རྗེ་ཆེན་པོའི་ངོ་བོ་ཉིད་དོ། །ལྷའི་གདན་ཞེས་པ་ནི་ལྷ་
བཅུ་དགུ་གྲངས་སུ་བཅད་པ་རྣམས་ཀྱི་གདན་ཡིན་པར་བསྟན་ཏོ། །ཚོགས་རྫོགས་ཤིང་སྙིང་རྗེས་སེམས་ཅན་བརླན་པའི་ཕྱིར་བུམ་པ་གང་བས་ཀྱང་བརྒྱན་པའོ། །དེ་བས་གསུངས་པ། ཚོགས་ནི་རྫོགས་པའི་རྒྱུ་མཐུན་པ། །བུམ་པ་གང་བ་སྙིང་རྗེས་བརླན། །ཞེས་སོ། །དེ་ལྟ་བུའི་
གདན་དེ་གོང་དུ་སྨོས་པའི་ཡོན་ཏན་དང་ལྡན་པའི་གཞལ་ཡས་ཁང་དུ་བསྟན་པའི་ཕྱིར། མ་ལུས་རིན་ཆེན་ཞེས་པ་ལ་སོགས་པའོ། །དེ་ལ་མ་ལུས་རིན་ཆེན་ནི་ཤེལ་དང་པདྨ་རཱ་ག་དང་མ་ར་ཀ་ཏ་དང་ཨིནྡྲ་ནཱི་ལ་ལ་སོགས་པའོ། །དེས་བཀོད་པ་ནི་ཕྱོགས་རྣམས་དགོད་ཅིང་
མཛེས་པར་བྱས་པའོ། །གཞལ་ཡས་ཁང་བརྩེགས་པ་ཞེས་པ་ནི་དབུའི་གཙུག་ཏོར་ལ་སོགས་པས་བརྒྱན་པ་སྟེ། ཤིན་ཏུ་མི་སྒྲིབ་པའི་ཁང་པ་སུམ་བརྩེགས་ཀྱི་ཚུལ་དུ་གནས་པའོ། །དེ་ལྟ་བུ་ལ་གོང་དུ་གསུངས་པའི་གདན་རྣམས་རབ་དུ་བསྒོམ་པར་བྱའོ་ཞེས་སོ། །ད་ནི་རིག་པ་
སྐྱེས་བུ་དང་པོའི་སེམས་སྐྱེད་པར་བྱེད་པའི་རྒྱུ་རྣམ་པ་ལྔ་གསུངས་པ། བཅུ་དྲུག་ཅེས་པ་ལ་སོགས་པའོ། །དེ་ལ་བཅུ་དྲུག་ཆ་ཞེས་པ་ནི་ཨཱ་ལི་སོགས་ཏེ་ཆ་ཤས་སུ་གྱུར་པའི་ཕྱིར་རོ། །ཚོགས་ཞེས་པ་ནི་ཀ་ལ་སོགས་པ་སོ་སོར་སྡེར་གྱུར་པའི་ཕྱིར་རོ། །དེ་ལས་བྱུང་བ་ནི་རྫོགས་པ་
ཟླ་བའི་དཀྱིལ་འཁོར་ཞེས་ཏེ་ཟླ་བ་གཉིས་སུ་དེས་འདི་སྟོན་པར་འགྱུར་ཏེ། མཐའ་ཡས་ཚོགས་ཀྱིས་བསྡུས་པའི་ཡི་གེ་གསུམ་དབུས་ཀྱི་གདན་སྟེང་དུ་བབས་པ་ལས་ཡོངས་སུ་དག་པའི་དེ་བཞིན་གཤེགས་པ་རྣམས་ཀྱིས་དེ་རྣམས་ལ་ཡེ་ཤེས་ཀྱི་སྤྱན་གྱིས་གཟིགས་ནས་
སྔོན་རྫོགས་པར་བྱེད་པའི་ཆེད་དུ་རང་གི་བྱ་བ་བར་ཆད་པ་བཤིག་དོགས་ནས་མངོན་དགའི་འཇིག་རྟེན་དུ་གཤེགས་པར་བྱས་ནས་ཐབས་དང་ཤེས་རབ་གཉིས་ཀྱི་གཟུགས་གོང་དུ་སྨོས་པའི་ཆ་ཤས་ཀྱི་ཡི་གེ་ཉིད་ལྡན་པ། དེ་བཞིན་དུ་ཚོགས་ཀྱི་ཡི་གེ་ཀ་ལ་སོགས་པ་གླང་པོའི་ཡི་གེས་

བསྟན་པ་བཞི་བཅུ་རྩ་གཉིས་ལྡབ་ཀྱི་གཟུགས་སུ་གྱུར་ཏེ། དེ་ནས་བྱོན་པར་བྱས་ཏེ། གཞལ་ཡས་ཁང་གི་གཙུག་ཏོར་ལ་གནས་པར་བྱས་ནས་དེས་ཡི་གེ་གསུམ་པ་ལས་ནང་དུ་ཞུགས་པར་བྱས་ནས་ཡེ་ཤེས་ཀྱི་ཡི་གེ་དང་གཅིག་ཏུ་གྱུར་ནས་ཇི་ལྟ་བ་བཞིན་དུ་འོག་དང་སྟེང་དུ་བཀོད་
པ་ལས་རིམ་པ་བཞིན་དུ་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་སུ་གྱུར་པ་དང་། དཔེ་བྱད་བཟང་པོ་བརྒྱད་ཅུ་དང་འཇུག་པ་དང་། སྨོན་པ་དང་། ཤེས་རབ་དང་། སྙིང་རྗེའི་རང་བཞིན་ཟླ་བ་གཉིས་བསྒོམ་པར་བྱའོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་ཟླ་བ་གཉིས་ཐོགས་པ་དྲི་མ་
དང་བྲལ་ཞིང་ཤིན་ཏུ་འོད་གསལ་བའི་ཕྱིར་ན་གཞལ་ཡས་ཁང་གིའོ། །ཆོ་ག་བཞིན་དུ་ཞེས་པ་ནི་དེ་གཉིས་འཕྲོ་ཞིང་འདུ་བའི་སྦྱོར་བས་འོད་དུ་ཞུ་ནས་གཅིག་ཏུ་གྱུར་པའོ། །ཚད་མེད་འོད་གཞི་ཞེས་པ་ནི་ཚད་མེད་པའི་འོད་ཀྱི་གཞི་འདུས་པ་གང་ཟླ་བའི་དཀྱིལ་འཁོར་ལ་མངའ་
བ་དེ་ལ། ཚད་མེད་འོད་གཞི་བསམ་པར་བྱ། །ཞེས་སོ། །དེས་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་བསྟན་པའོ། །དམ་པ་ཞེས་པ་ནི་དེ་བཞིན་གཤེགས་པའི་མངོན་པར་བྱང་ཆུབ་པའི་ངོ་བོ་ཡིན་པའི་ཕྱིར་རོ། །དང་པོ་ཞེས་པ་ནི་ཐམས་ཅད་ཀྱི་རྒྱུར་གྱུར་པའི་ཕྱིར་རྡོ་རྗེ་སེམས་དཔའོ། །དེའི་སྙིང་
པོ་ནི་ཡི་གེ་ཧཱུཾ་དམར་པོའོ། །དེ་ལས་བྱུང་བའི་མཆོག་གི་རྡོ་རྗེའི་ཡེ་ཤེས་གཟུགས་ལ་སོགས་པའི་ཕུང་པོ་ལྔ་རྣམ་པར་དག་པའི་ངོ་བོ་ཉིད་མེ་ལོང་ལྟ་བུའི་ཡེ་ཤེས་ལ་སོགས་པའི་ཡེ་ཤེས་ལྔ་རྒྱུ་དང་འབྲས་བུ་ཡང་དག་པར་སྟོན་པར་བྱེད་པ་སྟེ། རྡོ་རྗེ་རྩེ་ལྔ་པ་དམར་པོ་ནོར་བུ་དམར་སྐྱ་
བསྒོམས་ཏེ། དེ་ཡང་། དཔག་མེད་འོད་ཟེར་འཕྲོ་བ་རྣམས་ཀྱིས་རབ་བརྒྱན་པ། །ཞེས་པ་ནི་ཐུབ་པ་གྲངས་མེད་པའི་འོད་ཟེར་དཔག་ཏུ་མེད་པ་རྣམས་ཀྱིས་རྡོ་རྗེའི་ཕྱོགས་ཀུན་དུ་འཕྲོ་ཞིང་རྣམ་པར་བརྒྱན་པར་བྱས་པར་བསམས་ནས། དང་པོའི་སྙིང་པོར་ལྡན་པར་ཞེས་པ་ནི་བུམ་པ་ཟླ་
བའི་སྟེང་དུ་མགོན་པོ་ཧཱུཾ་གི་བྱིན་གྱིས་བརླབས་པ་དང་ལྡན་པར་བྱས་ནས་ཨོཾ་བཛྲ་ཨཱཏྨ་ཀོ྅ཧཾ་ཞེས་ང་རྒྱལ་དང་ལྡན་པར་བྱའོ། །དེ་རྣམས་ཀྱི་སོ་སོར་ཀུན་དུ་རྟོག་པའི་ཡེ་ཤེས་བསྟན་པའོ། །སྤྲུལ་པ་དཔག་མེད་ཀྱིས་ཞེས་པ་ནི་བུམ་པ་ལས་འཕྲོ་བའི་རྣམ་པར་སྣང་མཛད་ལ་སོགས་རྣམས་

ཀྱིས་སོ། །འགྲོ་དོན་བླ་མེད་མཛད་ཅེས་པ་ནི་སེམས་ཅན་རྣམས་འཕྲོས་པས་དེ་བཞིན་གཤེགས་པ་བྱས་པ་རྣམས་ནང་དུ་ཐིམ་པར་བྱས་ནས་ཨོཾ་ཛྙཱ་ན་སརྦྦ་ཏ་ཐཱ་ག་ཏ་སྟ་ཐཱ་ཨ་ཧཾ་ཞེས་ང་རྒྱལ་དང་ལྡན་པ་དེ་འདིར་ཡང་ཤེས་པར་བྱའོ། །དེ་བས་ན་ང་རྒྱལ་དེ་ལྡན་ཞེས་
པ་ནི་ཚིག་གཉིས་ཀར་རྟོགས་པར་བྱའོ། །དེ་ནི་བྱ་བ་སྒྲུབ་པའི་ཡེ་ཤེས་བསྟན་པའོ། །ཐུབ་མཆོག་རྡུལ་ཕྲན་རྣམས་བསྐྱེད་པ། །ཞེས་པ་ནི་ས་བོན་གྱི་འོད་ཟེར་གྱིས་དེ་བཞིན་གཤེགས་པ་རྣམས་ལ་རེག་པས་རྡོ་རྗེ་སེམས་དཔར་བྱས་ནས་ས་བོན་ནང་དུ་ཞུགས་པར་མཐོང་བ་དང་། དེ་
ཡོངས་སུ་གྱུར་ནས་རྒྱལ་བ་སྐྱེད་བྱེད་སྐུ་བཞི་མངོན་དུ་བྱ་བར་སྦྱར་རོ། །ཐུབ་པ་མཆོག་དེ་དག་གིས་བསྐྱེད་པ་ནི་བཀོད་པའོ། །སོ་སོའི་སྐྱེ་བོ་རྣམས་ཀྱི་ལུས་ནི་ས་ལ་སོགས་པའི་རྡུལ་ཕྲ་རབ་ཀྱིས་བྱས་པ་ཡིན་ནོ། །བཅོམ་ལྡན་འདས་ཀྱི་སྐུ་ནི་ཐུབ་པའི་མཆོག་གི་རྡུལ་ཕྲ་རབ་ཀྱིས་
བཀོད་པས་གཞལ་མེད་ཅེས་སོ། །ཞལ་དང་སྐུ་དེ་ཇི་ལྟ་བུ་ཞེ་ན་གཡས་གཡོན་ཞེས་བྱ་བ་ལ་སོགས་པའོ། །དེ་གཡས་དང་གཡོན་གྱི་ཞལ་ནི་ནག་པོ་དང་དམར་པོའོ། །དབུས་ཀྱི་ཞལ་དང་སྐུ་ནི་ཟླ་བ་རྫོགས་པ་ལྟར་དཀར་པོའི་མདོག་ཅེས་སོ། །གསལ་བ་ཞེས་པ་ནི་འོད་ཟེར་
གསལ་བ་དང་ལྡན་པའི་རྒྱན་གདུ་བུ་ལ་སོགས་པའོ། །དེས་རྣམ་པར་བརྒྱན་པའི་ཕྱག་དྲུག་ལས་དང་པོ་གཉིས་ཀྱིས་རང་སྣང་བའི་རིག་མ་ལ་འཁྱུད་ཅིང་མཆུ་འཛིན་པའོ། །ལྷག་མའི་ཕྱག་ཅེས་པ་ནི་བཞིའོ། །གོ་རིམས་བཞིན་དུ་རྡོ་རྗེ་དང་རལ་གྲི་དང་རིན་པོ་ཆེ་དང་པདྨ་
འཛིན་པའོ། །གཞན་ཡང་དེའི་ཁྱད་པར་གསུངས་པ། འཇིག་རྟེན་གསུམ་ཞེས་པ་ནི་ས་འོག་དང་ས་སྟེང་དང་མཐོ་རིས་སོ། །དེའི་ནང་ནི་ནམ་མཁའི་ཁམས་ཏེ་དེར་ཐུབ་པའི་དབང་པོའི་འོད་ཟེར་གྱི་རྣམ་པར་འཕྲོ་བ་དེ་ལ་དེ་སྐད་ཅེས་བྱའོ། །རྣམ་ཐར་གསུམ་ཞེས་པ་ནི་རྣམ་པར་ཐར་པའི་
སྒོ་གསུམ་སྟེ་བཤད་ཟིན་ཏོ། །དེ་རྣམ་པར་ཐར་པ་ནི་དེའི་རང་བཞིན་ཡིན་པའི་ཕྱིར་ན་ཤེས་རབ་ཀྱི་བདག་ཉིད་དོ། །སྙིང་རྗེ་མཆོག་ཅེས་པ་ནི་རྟག་པ་ལ་སོགས་པ་རོ་བརྒྱད་དོ། །དེའི་རང་བཞིན་གྱི་ཐབས་དང་ལྡན་པ་ཞེས་པ་ནི་ཐབས་སུ་གསལ་བར་སྣང་བའོ། །དེའི་དོན་ནི་འདི་ལྟ་སྟེ་དོན་

དམ་པར་ཤེས་རབ་ཀྱི་རང་བཞིན་ཡིན་ཞིང་དེའི་ངོ་བོར་གནས་ཀྱང་ཀུན་རྫོབ་ཏུ་ཐབས་གཙོ་བོར་བྱེད་ཅིང་གཞན་གྱི་དོན་ཡོད་པས་དེ་ལྟར་སྣང་བ་ཞེས་སོ། །འགྲོ་བ་ཐམས་ཅད་ཅེས་པ་ནི་དག་པ་དང་མ་དག་པའོ། །རང་བཞིན་གཅིག་པ་ཞེས་པ་ནི་དོན་དམ་པ་དང་ཀུན་རྫོབ་ཏུའོ། །རྒྱལ་བ་ནི་འཇམ་པའི་
དབྱངས་ལ་སོགས་པ་སྟེ། དེ་སྐྱེད་པར་བྱེད་པའི་སྐུའི་རྒྱུ་ནི་མངོན་དུ་ཞེས་ཏེ་གསལ་པོར་བསྒོམ་པར་བྱ་ཞེས་བྱའི་དོན་ཏོ། །དེས་ནི་ཤིན་དུ་རྣམ་པར་དག་པའི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་བསྟན་པའོ། །དེ་ལྟར་རྡོ་རྗེ་སེམས་དཔའི་སྐུ་རྣམ་པར་བསྐྱེད་ནས་ང་ནི་དེས་སེམས་ཅན་རྣམ་སྣོད་དུ་རུང་བར་བྱ་བའི་
ཕྱིར་དབང་བསྐུར་བའི་ཆེད་དུ་པདྨའི་ནང་དུ་དཀྱིལ་འཁོར་བསྲུང་བར་བྱ་བའི་ཕྱིར་ཤེས་རབ་དང་ཐབས་ཡང་དག་པར་དགའ་བར་བྱ་བ་སྟོན་ཏོ། །མཆོག་ཏུ་ཞེས་པ་ལ་སོགས་པའོ། །མཆོག་ཏུ་རྗེས་ཆགས་ཞེས་པ་དེ་ནི་གཉིས་སུ་མེད་པའི་བདེ་བ་ཆེན་པོ་སྟེ་ཡང་དག་པར་གསལ་བའོ། །
དེ་ཉིད་བདེ་བ་ཕུན་སུམ་ཚོགས་པའི་རྒྱུ་ཉིད་ཀྱི་ཕྱིར་ན་ཕུན་སུམ་ཚོགས་པའོ། །འཇིག་རྟེན་ཐམས་ཅད་ཅེས་པ་ནི་སྲིད་པ་གསུམ་སྟེ་ཁྱད་པར་དུ་ན་གཉིས་ཀྱིས་གཉིས་སྤྲོད་པའི་སེམས་ཅན་ནོ། །འདུལ་དམིགས་ནས་ཞེས་པ་ནི་འདོད་ཆགས་ཆེན་པོ་དེས་འདུལ་བ་ནི་གསང་བ་འདུལ་
པའི་སྣོད་དུ་མཐོང་བའོ། །སྦྱོར་བའི་སྒྱུ་འཕྲུལ་སྒྲ་ཡིས་ཞེས་པ་ནི་རྡོ་རྗེ་པདྨ་ཡང་དག་པར་སྦྱོར་བའི་སྒྲ་སྒྱུ་མ་ལྟ་བུ་སིད་སྒྲ་ལ་སོགས་པའོ། །བདེ་བར་གཤེགས་པ་རྣམས་ཞེས་པ་ལ་སོགས་པ་ནི་རྣམ་པར་སྣང་མཛད་ལ་སོགས་པའོ། །རང་གི་ལུས་ནང་ཞེས་པ་ནི་རྡོ་རྗེ་འཛིན་པའི་བ་སྤུའི་བུ་
གར་ཞུགས་ཤིང་ཐིམ་པར་བྱའོ་ཞེས་སོ། །ཐིམ་ནས་ཅི་བྱ་ཞེ་ན། དེ་ནི་ཞེས་པ་སྟེ་རྣམ་པར་སྣང་མཛད་ལ་སོགས་པའོ། །སྤྱན་སོགས་ཞེས་པ་ནི་སྤྱན་དང་། མཱ་མ་ཀཱི་དང་ན་བཟའ་དཀར་མོ་དང་དམ་ཚིག་སྒྲོལ་མའི་ལྷ་མོའོ། །གཟུགས་ལ་སོགས་པ་ཡུལ་གྱི་རང་བཞིན་ཞེས་པ་ནི་
གཟུགས་རྡོ་རྗེ་ལ་སོགས་པ་རྣམ་པ་ལྔའོ། །བྱུང་ནས་ཞེས་པ་ནི་རང་གི་བ་སྤུའི་བུ་ག་ལས་ཞེས་སོ། །རིག་མ་ཐམས་ཅད་ཅེས་པ་ནི་ལྷ་མོ་དགུ་ཉིད་དོ། །རང་སྣང་རིག་པ་ཞེས་པ་ནི་རང་གི་འཁྱུད་པའི་ཕྱག་རྒྱ་ཐིམ་པར་བྱའོ་ཞེས་སོ། །ཆོས་ཀྱི་དབྱིངས་རྡོ་རྗེ་གསུངས་ཏེ། ཆོས་ཀྱི་

དབྱིངས་སྤྱིའི་མཚན་ཉིད་ཡིན་པ་དང་། རང་ལ་སྣང་བའི་རིག་པ་ལ་གནས་པ་དང་། རེག་པ་བདེ་བའི་གཙོ་བོ་ཡིན་པས་གཟུགས་ཅན་ལས་རེག་པ་འབྱུང་བ་དང་། ཡང་ན་རྡོ་རྗེ་འཛིན་པ་མ་ཞུམས་པའི་ཕྱིར་རོ། །དེ་ལྟར་རྒྱུད་ཕྱི་མ་ལས། འདོད་ཆགས་ཆེན་པོའི་ཚུལ་
གྱིས་སུ། །ཡེ་ཤེས་འཁོར་ལོ་ཐམས་ཅད་བསྡུ། །བུད་མེད་དགུ་རུ་སྤྲོས་ནས་ཀྱང་། །བསྒྲུབ་བྱ་མ་ཡི་སྐུ་ལ་དགོད། །ཅེས་སོ། །སེམས་ཅན་གཟུང་བའི་ཕྱིར་གསང་བའི་དཀྱིལ་འཁོར་བསྐྱེད་པར་གསུངས་པའི་དེའི་པདྨའི་ཞེས་པ་ལ་སོགས་པའོ། །དེའི་པདྨའི་ཞེས་པ་ནི་རང་སྣང་བའི་
འོ། །སྙིང་པོའི་དབུས་ཞེས་པ་ནི་གསེར་གྱི་བུམ་པའི་ནང་དུའོ། །དཀྱིལ་འཁོར་བློ་ཡིས་བསམས་ཞེས་པ་ནི་རྟེན་དང་བརྟེན་ཅན་དུ་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་རོ། །དེ་གང་ལས་བྱུང་ཞེ་ན། དྲི་མེད་ཟླ་འོད་ལས་བྱུང་ཞེས་ཏེ་ས་བོན་གྱི་འོད་ཟེར་གྱིས་དེ་བཞིན་གཤེགས་པ་མཇུག་
བསྡུ་བ་ལ་སོགས་པའི་རིམ་གྱིས་སོ། །དེ་ལ། བློ་ཡིས་སྐྱེ་བོ་རྣམས་གཞུག་བྱ། །ཞེས་པ་ནི་སེམས་ཅན་རྣམས་གསང་བའི་དཀྱིལ་འཁོར་དེ་ལ་སོ་སོའི་སྒོ་ནས་ཆུད་པར་བྱའོ་ཞེས་སོ། །ད་ནི་དེ་རྣམས་སྡོད་དུ་རུང་བར་བྱ་བའི་དབང་བསྐུར་གསུངས་པ་དམ་པའི་ཞེས་པ་ལ་སོགས་
པའོ། །དམ་པའི་རྡོ་རྗེ་ནི་ཧཱུཾ་ལ་སོགས་པ་ལས་བསྐྱེད་ཅིང་དེའི་རང་བཞིན་ནོ། །སྣང་མཛད་ལ་སོགས་ཞེས་པ་ནི་ས་བོན་གྱི་འོད་ཟེར་གྱིས་བསྐུལ་བའི་དཀྱིལ་འཁོར་གྱི་འཁོར་ལོའི་ཚུལ་དུ་གནས་པ་རྣམས་སོ། །དེར་ཞུགས་པ་ནི་ཟླ་བ་ཞུ་བའི་ངོ་བོར་གྱུར་པས་ཞུགས་པའོ། །དབང་བསྐུར་
བྱས་པ་ནི་ཞུགས་པའི་སེམས་ཅན་རྣམས་ལ་རེག་ཅིང་ཁའི་ལམ་ནས་སྙིང་གའི་པདྨར་ཞུགས་པའོ། །ད་ནི་དེ་འོག་ཅེས་པ་ལ་སོགས་པས་དབང་བསྐུར་བའི་སེམས་ཅན་རྣམས་བདེ་བ་དང་ཡིད་བདེ་བ་ཐོབ་པར་གྱུར་པ་སྟེ། དེ་འོག་ཅེས་པ་ནི་དབང་བསྐུར་བའི་འོག་ཏུའོ། །དེ་ལ་དམིགས་པའི་
གྲངས་སུ་འགྲོ་ཞེས་པ་ནི་དེ་ལྟར་དབང་བསྐུར་བའི་སྟོབས་ཀྱིས་ཆོས་ཀྱི་རང་བཞིན་རྣམས་ཟླ་བར་ཞུ་བར་གྱུར་ཏོ། །དེ་ཙམ་ན་མིག་ལ་སོགས་པ་རྣམས་སའི་སྙིང་པོ་ལ་སོགས་པའི་རང་བཞིན་དུ་གནས་ཏེ་གྲངས་སུ་འགྲོ་ཞེས་སོ། །དེ་བཞིན་དུ་གཟུགས་ལ་སོགས་པ་ཟླ་བར་ཞུ་བ་གཟུགས་རྡོ་རྗེ་ལ་

སོགས་པའི་རང་བཞིན་དུའོ། །དེ་བཞིན་དུ་ས་ལ་སོགས་པ་ཟླ་བར་ཞུ་བ་སྤྱན་མ་ལ་སོགས་པའི་རང་བཞིན་དུ་འོད་དེ་བཞིན་དུ་གཟུགས་ཞེས་པ་ནི་གཟུགས་ཀྱི་ཕུང་པོའོ། །མྱོང་བ་ནི་ཚོར་བའི་ཕུང་པོའོ། །མཚན་མ་ནི་མཚན་མར་འཛིན་པ་སྟེ། འདུ་ཤེས་ཀྱི་ཕུང་པོའོ། །འདུ་བྱེད་ནི་འདུ་བྱེད་
ཀྱི་ཕུང་པོའོ། །ཡིད་ཅེས་པ་ནི་རིག་པ་སྟེ་རྣམ་པར་ཤེས་པའི་ཕུང་པོའོ། །དེ་རྣམས་ཟླ་བར་ཞུ་བ་རྣམ་པར་སྣང་མཛད་ལ་སོགས་པའི་རང་བཞིན་དུ་གནས་ཏེ། དེ་ལྟ་བུའི་རང་བཞིན་ཏེ་འོག་ནས་འབྱུང་བའི་ས་བོན་གྱིས་རྣམ་པར་བསྒྲུབས་ཏེ་དབྱུང་བར་བྱ་ཞེས་སོ། །དང་པོ་ཡང་བློས་ཡང་དག་
པར་བཅུག་ནས་མན་ངག་གཞན་དེ་ལ་སྲིད་པ་མ་ཡིན་ནོ། །ས་བོན་གྱིས་དབྱུང་བར་བྱའོ་ཞེས་པ་ནི་སྐབས་མི་ཤེས་པའོ། །ས་བོན་ཐུག་པ་མེད་པར་ཐལ་བའི་སྐྱོན་དུ་འགྱུར་བའི་ཕྱིར་རོ། །མཚན་གྱི་སྔགས་དང་བྱེ་བྲག་ནི་བྱཱ་ཀ་ར་ཎའི་གཞུང་ལས་ཤེས་པར་བྱའོ། །དེ་བས་ན་བླ་མ་ཆེན་པོས་ཀྱང་འདི་
ཉིད་དུ་བསྐྱེད་པར་བྱ་བའི་དོན་དུ་གསུངས་ཏེ། དབྱུང་བར་བྱ་བ་ནི་མ་ཡིན་ནོ་ཞེས་གསུངས་སོ། །སྐྱེད་པར་བྱེད་པའི་ས་བོན་དངོས་གང་ཞེ་ན། ཀྵིཾ་ཞེས་པ་ལ་སོགས་པའོ། །དེའི་དོན་ནི་འདི་ལྟ་སྟེ། སེམས་ཅན་དེ་རྣམས་དབང་བསྐུར་བས་ཆོས་རྣམས་ཟླ་བར་ཞུ་བའི་རང་བཞིན་དེ་ལས་ཀྵིཾ་ལ་སོགས་
པའི་ས་བོན་དུ་གྱུར་ཏེ། དེ་ལས་འཁོར་ལོ་ལ་སོགས་པའི་ཕྱག་མཚན་བསྒོམས་ཏེ། དེ་ལས་སའི་སྙིང་པོ་ལ་སོགས་པའི་གཟུགས་ཉི་ཤུ་རྩ་གཅིག་ཏུ་ཁམས་ཀུན་འདུས་པར་བྱས་ནས་གོང་དུ་གསུངས་པའི་རིམ་པས་དབྱུང་བར་བྱའོ་ཞེས་སོ། །འདི་རྣམས་རང་གི་རང་བཞིན་དང་། ཆོས་
ཀྱི་རང་བཞིན་དང་ས་བོན་གྱི་རང་བཞིན་ལས་བྱུང་བ་རྣམས་སོ། །ད་ནི་བར་གྱི་སྲིད་པའི་སེམས་ལས་མཆོག་གི་བསྙེན་པས་འཇམ་པའི་རྡོ་རྗེའི་བསྐྱེད་པ་གསུངས་པ། ཨོཾ་ཨཱཿཧཱུཾ་ཞེས་པ་ལ་སོགས་པའོ། །དེ་ལ་ཨོཾ་ཨཱཿཧཱུཾ་ཞེས་སེམས་པ་ནི་བར་གྱི་སྲིད་པའི་སེམས་སོ། །དེ་རྣམས་འོད་
ཟེར་འབར་བའོ། །ཧོཿདམར་པོ་གཉིས་ཀྱི་བར་དུ་བཅུག་པར་བསམས་ནས་ཆོ་ག་བཞིན་ཞེས་པ་ནི་ནམ་མཁའ་ལས་རང་གི་ཞལ་དུ་ཞུགས་པར་བྱས་ནས་དམ་པའི་གསང་བའི་རྡོ་རྗེའི་ལམ་དུ་བྱུང་བའོ། །དེ་གང་དུ་གནས་ཤེ་ན། པདྨའི་ནང་གནས་ཞེས་ཏེ་ཤེས་རབ་མའི་པདྨའི་གེ་སར་གྱི་དབུས་

སུ་ཆུད་པར་གནས་ཏེ་དེ་ཡང་སེམས་ཅན་ཐམས་ཅད་ཀྱི་ལུས་ལ་སོགས་པའི་རང་བཞིན་ཡིན་པའི་ཕྱིར་གཞལ་མེད་ཅེས་སོ། །ཤེས་རབ་ཆགས་པས་ཞེས་པ་ནི་ཤེས་རབ་མ་ཡང་དག་པའི་འདོད་ཆགས་ཆེན་པོ་དང་ལྡན་པས་གདོང་པདྨ་རཱ་ག་ལྟར་གྱུར་པའི་སྟོབས་ཀྱིས་ཡི་
གེ་ལྔ་པོ་ཞུ་བར་བྱེད་པ་མཐོ་སྟེ་ཞེས་སོ། །དེའི་འོད་ཀྱི་མཐུ་ཡིས་ཞེས་པ་ནི་ཡིག་འབྲུ་ཞུ་བའི་འོད་ཟེར་དམར་བས་སོ། །གཉིས་ཀྱང་ཟླ་བར་ཞུ་ཞེས་པ་ནི་རྡོ་རྗེ་སེམས་དཔའ་དང་རང་སྣང་བའི་རིག་མ་ཡང་འོད་ཟེར་དེས་དབུས་ཀྱི་ཟླ་བའི་གདན་ལ་བྱང་ཆུབ་སེམས་ཀྱི་གཟུགས་སུ་མཐོང་བར་བྱ་སྟེ་བསྒོམ་
ཞེས་སོ། །དེ་ལྟར་སྣང་བ་མེད་པས་གཞན་གྱི་དོན་ཕུན་སུམ་ཚོགས་པ་དང་བྲལ་བའི་ཕྱིར་སྔོན་གོམས་པའི་ཚད་མེད་པ་བཞིའི་གཟུགས་སྤྱན་མ་ལ་སོགས་པ་རང་རང་གི་རིགས་ཀྱི་བདག་པོའི་སྒོ་ནས་བསྐུལ་གསུངས་པ་འདི་ལྟར་ཞེས་པ་ལ་སོགས་པའོ། །དེ་ཡང་བདག་གིས་སྔོན་སྡུག་བསྔལ་
དང་དེའི་རྒྱུ་ལས་གྲོལ་བར་བྱའོ་ཞེས་གང་བསམ་པ་སྟེ་སྣང་བ་མེད་པས་དེ་རྣམས་སྤངས་པ་ཡིན་པས་ཏེ་དེ་རྣམས་ཉིད་ལྷ་མོའི་གཟུགས་སུ་གྱུར་ནས་འོད་ཀྱི་གོང་བུ་ལས་ཕྱུང་ནས་འོག་ནས་འབྱུང་བའི་བསྟོད་པས་བསྐུལ་ཏེ་ཐིམ་པར་གྱུར་ཏོ་ཞེས་སོ། །འདིར་གོ་རིམས་ཀྱིས་སྤྱན་
མ་ལ་སོགས་བསྐུལ་བར་རིགས་པ་ལ་མཱ་མ་ཀཱིས་དང་པོར་བསྐུལ་བ་ནི་རྒྱུད་འདི་ལ་ཐུགས་གཙོ་བོར་བསྟན་པའི་ཕྱིར་རོ། །དེ་ཡང་གང་ཞེ་ན། སེམས་ཅན་ཞེས་པ་ལ་སོགས་པའོ། །དེ་ཡང་སེམས་ཅན་གྱི་ཁམས་གསུམ་སྟེ། དེར་གནས་པ་ནི་སེམས་ཅན་རྣམས་སོ། །དེ་རྣམས་ཀྱི་གཙོ་
བོ་ནི་དབང་ཕྱུག་གོ། །དེ་གང་ཞེ་ན། རྡོ་རྗེ་ཐུགས་ཞེས་སོ། །ཆོས་ཀྱི་དབྱིངས་ཡེ་ཤེས་རྣམ་པར་དག་པའི་གཟུགས་སུ་གྱུར་པས་ན་རྡོ་རྗེ་ཐུགས་ཞེས་བོད་པ་སྟེ། ཀྱེ་ཁྱོད་བདག་ལ་བསྐྱབ་ཏུ་གསོལ། །ཞེས་བྱ་བར་སྦྱར་རོ། །གང་གིས་ཤེ་ན། དགའ་བ་ཡིད་འོང་ཞེས་བྱ་བ་ལ་སོགས་
པ་སྟེ་དགའ་བ་ནི་ཐབས་དང་ཤེས་རབ་ཀྱིའོ། །དེ་ཉིད་ཡིད་ཚིམ་པར་བྱེད་པས་ན་ཡིད་འོང་ཞེས་སོ། །དོན་ཆེན་ནི་དོན་ཆེན་པོ་ཡིན་པའམ་དེའི་རྒྱུར་གྱུར་པའི་ཕྱིར་རོ། །འདོད་པ་ནི་གཟུགས་ལ་སོགས་པ་སྟེ་དེ་རྣམས་ཀྱི་བདག་ལ་བསྐྱབ་ཏུ་གསོལ་ཞེས་ཏེ་དགྱེས་པར་མཛོད་ཅེས་སོ། །མགོན་

པོ་ཞེས་བོས་ནས་གལ་ཏེ་བདག་མཱ་མ་ཀཱི་དུས་དི་རིང་གསོན་པར་མཆིས་བཞེད་ན་ཞེས་པ་ནི་བཅོམ་ལྡན་འདས་ཉིད་ཡེ་ཤེས་ཀྱི་སྐུ་འབྱུང་བ་ཆེན་པོ་གཟུགས་སུ་མཛད་ནས་བྱམས་པ་ཚད་མེད་པ་སྤངས་པས་བདག་ཤི་བ་དང་འདྲ་བས་བདག་སྲིད་པར་བཞེད་ན་སེམས་ཅན་ཡབ་ཆེན་པོ་གཉེན་པོ་ཞེས་
བོས་ནས་གལ་ཏེ་སེམས་ཅན་ཐམས་ཅད་དང་སངས་རྒྱས་ཐམས་ཅད་སྐྱེད་པར་བྱེད་པས་དེ་སྐད་ཅེས་བྱའོ། །བདག་ལ་དགྱེས་པར་མཛོད་ཅེས་པ་ནི་ཡེ་ཤེས་ཀྱི་སྐུ་སྣང་བ་མེད་རྣམ་པར་སྤོངས་ལ་ཟབ་མོ་དང་ཡང་དག་པར་གསལ་བའི་སྐུ་སྟོན་ཅིག་པའོ། །རྡོ་རྗེ་སྐུ་ཁྱོད་ཅེས་པ་ནི་སྤྱན་མས་སྐུའི་
རིགས་ཀྱི་སྒོ་ནས་མེ་ལོང་ལྟ་བུའི་ངོ་བོ་ཉིད་དུ་གྱུར་པས་དེ་སྐད་དོ། །བཀའི་འཁོར་ལོ་ཞེས་པ་ནི་བཀའ་ཉིད་ཀྱི་འཁོར་ལོས་འགྲོ་བ་རྣམས་ཀྱི་རྒྱུད་ལ་འཇུག་པར་མཛད་པས་ན་སེམས་ཅན་ཀུན་ལ་ཕན་ཞེས་ཚིམ་པར་མཛད་པའོ། །སངས་རྒྱས་དོན་དང་བྱང་ཆུབ་དང་དོན་དམ་པའི་ཡེ་
ཤེས་ཀྱི་མཚན་ཉིད་དེ། སངས་རྒྱས་པའི་དོན་དུ་བྱང་ཆུབ་དོན་དམ་ཕན་པར་རྗེས་སུ་དགོངས་པའི་གཟིགས་པའི་ངང་ཚུལ་གང་ཡིན་པ་དེ་སྐད་དུ་ཞེས་བྱའོ། །མགོན་པོ་ཞེས་པ་ལ་སོགས་པ་ནི་བརྡ་ཕྲད་པར་ཟད་དོ། །འདོད་ཆགས་ནི་མཆོག་ཏུ་བདེ་བ་ཆེན་པོའོ། །དེ་ཉིད་དོན་ཆེན་པོ་ལས་མི་འདའ་
བས་ན་དམ་ཚིག་གོ། །དེ་ལྟ་བུའི་རོལ་པས་བདག་སྤྱན་མ་ལ་ཞེས་སོ། །དགྱེས་པར་མཛོད་ཅེས་པ་ནི་སྔ་མ་བཞིན་དུའོ། །ཁྱོད་ནི་རྡོ་རྗེ་གསུངས་ཏེ་ཞེས་པ་ནི་ན་བཟའ་དཀར་མོས་རང་གི་རིགས་ཀྱི་བདག་པོའི་སྒོ་ནས་སོ་སོའི་ཀུན་དུ་རྟོག་པའི་ཡེ་ཤེས་ཀྱི་ངོ་བོ་ཉིད་དུ་གྱུར་པས་ན་དེ་སྐད་དོ། །སེམས་
ཅན་ཀུན་ལ་བྱམས་པས་ཕན་ཞིང་སྙིང་རྗེ་ཆེན་པོས་ཐུགས་བརྩེ་བའི་ངང་ཚུལ་མངའ་བས་དེ་ལ་དེ་སྐད་ཅེས་བྱའོ། །འཇིག་རྟེན་དག་གི་དོན་ཞེས་པ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བོ། །དགོས་པ་ནི་འཇིག་རྟེན་པའི་བདེ་བ་ཕུན་སུམ་ཚོགས་པའི་མཚན་ཉིད་དོ། །དེ་མཛད་པ་ལ་
རྟག་ཏུ་བརྩོན་འགྲུས་ཆེན་པོ་དང་ལྡན་པས་ན་དེ་སྐད་ཅེས་བྱའོ། །མགོན་པོ་ཞེས་བྱ་བ་ལ་སོགས་པ་གོང་མ་བཞིན་དུའོ། །སྤྱོད་པ་དྲི་མེད་ཅེས་པ་ཐབས་དང་ཤེས་རབ་ཀྱི་སྤྱོད་པའོ། །དེ་ཉིད་གཟུང་བ་དང་འཛིན་པ་དང་བྲལ་བས་ན་དྲི་མེད་དོ། །གང་ལྟར་སྤྱད་ཀྱང་ཉེས་པ་མེད་པས་ན་ཀུན་དུ་བཟང་པོའོ། །

བདག་ལ་དགྱེས་པར་མཛོད་ཅེས་པ་ནི་གོང་མ་བཞིན་དུའོ། །ཁྱོད་ནི་རྡོ་རྗེ་འདོད་པ་ཞེས་པ་ལ་སོགས་པས་ལྷ་མོ་སྒྲོལ་མས་རང་གི་རིགས་ཀྱི་བདག་པོའི་སྒོ་ནས་རྡོ་རྗེར་གྱུར་ཅིང་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ངོ་བོར་གྱུར་པའི་དངོས་པོ་ལྔའི་རང་བཞིན་དེ་ནི་རྡོ་རྗེར་འདོད་ཅེས་
བོད་པའོ། །དམ་ཚིག་ཅེས་པ་ནི་དོན་ཡོད་གྲུབ་པ་སྟེ་དེ་ཉིད་མཆོག་ཏུ་གྱུར་པས་ན་དམ་ཚིག་མཆོག་གོ། །ཕན་དོན་ཆེ་ཞེས་པ་ནི་བདག་འཁོར་བ་ནས་དོན་བྱའི་གཞན་གྱི་གོ་སྐབས་མི་སྦྱིན་ནོ་ཞེས་བྱ་བའི་ངང་ཚུལ་གྱི་འགྲོ་བ་ཐམས་ཅད་ལ་ཕན་པ་རྒྱ་ཆེན་པོ་མཛད་པས་ན་དེ་སྐད་དོ། །ཡང་
དག་རྫོགས་སངས་རྒྱས་ཀྱི་གདུང་། །ཞེས་པ་ནི་རིགས་ཏེ་དེ་ཉིད་ཐིག་ལེར་གྱུར་པས་ན་མཆོག་གི་མཉམ་པ་ཉིད་ནི་ཟབ་མོ་དང་གསལ་བ་དབྱེར་མེད་པའོ། །དེ་སྐད་ཅིག་གིས་རྟོགས་པ་དེ་ལ་མཉམ་པ་ཉིད་གཟིགས་པ་ཞེས་བྱའོ། །མགོན་པོ་ཞེས་པ་ལ་སོགས་པ་ནི་བཤད་ཟིན་ཏོ། །ཡོན་ཏན་རིན་ཆེན་
མང་པོའི་གཏེར་གྱུར་ཞེས་པ་ནི་སྟོབས་བཅུ་ལ་སོགས་པའི་ཡོན་ཏན་རིན་ཆེན་མང་པོའི་འབྱུང་གནས་སུ་གྱུར་པའི་ཕྱིར་རོ། །བདག་ལ་དགྱེས་པར་མཛོད་ཅེས་པ་ནི་སྔ་མ་བཞིན་དུའོ། །ད་ནི་དེ་ལྟ་བུའི་ངང་ཚུལ་ལས་ཟབ་མོ་དང་ཡང་དག་པར་གསལ་བའི་ངོ་བོ་ཆོས་ཀྱི་དབྱིངས་ཀྱི་སྐུ་འབྱུང་བ་གསུངས་
པ་དེ་ལྟར་ཞེས་པ་ལ་སོགས་པའོ། །དེ་ལྟར་དབྱངས་ཀྱིས་བསྐུལ་ཞེས་པ་ནི་བཤད་མ་ཐག་པའི་གླུས་སོ། །ཆོས་ཀུན་སྒྱུ་མ་ལྟ་བུར་ལེགས་བསམས་ནས། །ཞེས་པ་ནི་འཁོར་བ་དང་མྱ་ངན་ལས་འདས་པ་སྒྱུ་མ་འདྲ་བར་བསྒྲུབ་པས་ཏེ། གང་རྒྱུ་རྐྱེན་ཚོགས་པའི་དབང་གིས་རྣམ་པ་སྣ་
ཚོགས་སུ་སྣང་ཡང་དེ་ཉིད་ན་དེ་ཉིད་ཀྱིས་དབེན་པ་དེ་ལྟར་འཁོར་བ་དང་མྱ་ངན་ལས་འདས་པ་གཉི་ག་ཡང་དེ་དང་མཚུངས་པའི་ཕྱིར་རོ། །དེ་གཉི་ག་ལ་མི་གནས་པའི་སྦྱོར་བ་བྱའོ་ཞེས་སོ། །དངོས་པོ་རྣམས་དེ་ལྟར་བསམས་ནས་ཁུ་བ་ལས་བྱུང་བའི་མཾ་ལས་གྱུར་པའི་རལ་གྲི་ཆང་གཟུངས་དཀྱིལ་དུ་ཟླ་
བ་ཅིག་བསྒོམས་ཏེ་དེ་ཡང་ཅི་འདྲ་ཞེ་ན། སྣང་བའི་འོད་ཟེར་གྱིས་བསྐོར་གཞི་སྔགས་ལུས་སུ་རུང་ཉིད་གྱུར་ཞེས་ཏེ་འོད་ཟེར་དཔག་ཏུ་མེད་པ་འཕྲོ་བའི་མཾ་གྱི་གཟུགས་སུ་རང་གི་སེམས་ཉིད་བསམ་མོ་ཞེས་སོ། །དེའི་སྟོབས་ཀྱིས་ཞེས་པ་ནི་ས་བོན་དེའིའོ། །ལྷ་རྣམ་པར་འཕྲུལ་པའི་ཐུབ་དབང་

གིས་ཞེས་པ་ནི། འོད་ཀྱིས་རེག་པའི་སངས་རྒྱས་ལ་སོགས་པ་ཇི་སྙེད་པའི་གཟུགས་བྱང་ཆུབ་སེམས་དཔའ་འཇམ་པའི་དབྱངས་ཀྱི་གཟུགས་སུ་གྱུར་ནས་རྣམ་པར་སྤྲུལ་ཞེས་སོ། །ནང་དུ་ཐིམ་ནས་ཞེས་པ་ནི་དེ་རྣམས་འོད་ཟེར་གྱིས་བཀུག་ནས་ནང་གི་ས་བོན་གྱི་ནང་དུ་ཆུད་པས་དེ་མ་ཐག་ཏུ་ཡིད་ཀྱི་
དཔལ་ལྡན་འཇམ་པའི་རྡོ་རྗེར་གྱུར་པར་བྱ་ཞེས་སོ། །དཔལ་ནི་གོང་དུ་བཤད་པར་ཟད་དོ། །འཇམ་པའི་རྡོ་རྗེ་ཇི་ལྟ་བུ་ཞེ་ན་གུར་གུམ་ཞེས་པ་ལ་སོགས་པའོ། །དབུས་ཀྱི་ཞལ་དང་སྐུ་ནི་གུར་གུམ་བཟང་པོ་ལྟར་དམར་སེར་དུ་གནས་ལ་གཡས་སྔོ་གཡོན་དཀར་བའི་མདོག་ཏུ་གནས་པའོ། །སྣ་ཚོགས་
རྒྱན་ཞེས་པ་ནི་གདུ་བུ་ལ་སོགས་པ་སྟེ་དེས་རྣམ་པར་བརྒྱན་པའི་ཕྱག་དྲུག་པ་དང་པོ་གཉིས་ཀྱིས་དམར་བའི་ཤེས་རབ་མ་འཁྱུད་ནས་མ་མཆུ་ཚེམས་ཀྱིས་བཟུང་ནས་གནས་པའོ། །ལྷག་མ་ན་གནས་པའི་རལ་གྲི་དང་མདའ་དང་གཞན་ཡང་ཨུཏྤལ་སྔོན་པོ་དང་གཞུ་བསྣམས་པའོ། །མཐའ་ཡས་ནི་
མང་པོའོ། །འོད་ནི་ཟེར་དེ་ལས་ཀྱང་མ་ལུས་རིགས་རྣམས་འཕྲོ་བས་བརྒྱན་པའི་མཁའ་ཞེས་པ་ནི་དེ་བཞིན་གཤེགས་པ་ལ་སོགས་པ་འཕྲོས་པས་ནམ་མཁའི་ཁམས་གང་བའི་རྒྱན་གང་ལ་མངའ་བ་དེ་ལ་དེ་སྐད་ཅེས་བྱའོ། །དེ་སྐྱོབ་པ་ཞེས་པ་ནི་རང་གི་མཐོང་བའི་ལམ་གཞན་ལ་སྟོན་པ་ཡོད་
པས་ན་དེ་སྐད་ཅེས་བྱའོ། །སྐུ་དེའི་དག་པ་ནི་འདི་ལྟ་སྟེ། དབུ་གསུམ་ནི་རྣམ་པར་ཐར་པའི་སྒོ་གསུམ་མོ། །ཁ་དོག་གསུམ་ནི་སྐུ་གསུང་ཐུགས་གསུམ་མོ། །ཕྱག་དྲུག་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ། །སྣང་བའི་རིག་མས་འཁྱུད་པ་ནི་གཉིས་སུ་མེད་པའི་ཡེ་ཤེས་ཀྱིས་མི་གཏོང་བའོ། །
ཕྱག་མཚན་རྣམས་ནི་རིགས་སྣ་ཚོགས་ཀྱི་ཡོན་ཏན་མངའ་བའི་རྟགས་ཏེ། གཞན་ཡང་སྣ་ཚོགས་ཀྱིས་བརྒྱན་པའི་བུད་མེད་ལས་དོན་ཐམས་ཅད་འབྱུང་བས་ན་ཤེས་རབ་དེའི་ཡུལ་དུ་མཛེས་པར་བྱ་བའི་ཕྱིར་རོ། །གཞན་ཡང་རང་བཞིན་མེད་པས་གང་དེ་ཆོས་སྐུར་བརྗོད་ཅིང་སྐུ་དེ་ནི་རྣམ་པའི་
མཆོག་རྣམས་དང་ལྡན་པས་ལོངས་སྤྱོད་རྫོགས་པར་བཤད་པའོ། །འགྲོ་བ་རྣམས་ཀྱི་རྒྱུད་སྨིན་པ། །སྤྲུལ་པའི་སྐུར་ཡང་བཤད་པ་ཡིན། །ཞེས་པ་འདི་རྣམས་ལྷ་ཐམས་ཅད་བསྒྲེ་བར་བྱའོ། །ད་ནི་འདིའི་ཆོས་ཀྱི་དབྱིངས་རྣམ་པར་བསྒྲུབ་པའི་ཕྱིར་གཟུང་འཛིན་ཞེས་པ་ལ་སོགས་

པའོ། །དེ་ལ་གཟུང་བ་ཞེས་པ་ནི་ཕྱིའི་དངོས་པོ་རྣམས་སོ། །འཛིན་པ་ཞེས་པ་ནི་རྣམ་པར་ཤེས་པ་ནང་ནས་ཡོངས་སུ་གསལ་བའི་བདག་ཉིད་ཅན་ཏེ་དངོས་པོ་ཐམས་ཅད་ཅེས་པ་ནི་ཕྱི་ནང་གི་དངོས་པོ་ཐམས་ཅད་དོ། །དངོས་པོ་ཐམས་ཅད་ཀྱང་གཟུང་འཛིན་
གྱི་དངོས་པོའི་ངོ་བོ་ཉིད་མེད་པར་ཤེས་པར་བྱས་ནས་ཀྱང་བྱིན་གྱིས་བརླབ་པར་བྱའོ་ཞེས་སོ། །དེ་ལྟར་ངོ་བོ་ཉིད་མེད་པའི་སྣང་བ་དང་བྲལ་བ་ཡིན་པས་དེས་དོན་ཇི་ལྟར་བྱེད་ཅེ་ན། རྣམ་པར་བྱང་ལ་མངོན་པར་ཞེ་ན། །ཞེས་གསུངས་ལ་རྣམ་པར་བྱང་བ་ནི་མྱ་ངན་ལས་འདས་པའོ། །
དེ་ལ་མངོན་པར་ཞེན་པ་ནི་ཐལ་བྱུང་གི་ཟབ་མོ་ལ་བློ་ཤིན་ཏུ་ཆགས་པའོ། །དེ་ཟད་པ་ནི་སྤངས་པའོ། །སེམས་ཅན་གྱི་ཇི་ལྟ་བུ་ཞེ་ན། སྒྱུ་མ་ལྟ་བུ་སྐུའོ། །དེ་བས་ན་ཞེན་པ་གཉིས་བསལ་བའི་དོན་དུ་ཆོས་ཀྱི་དབྱིངས་སུ་བྱིན་གྱིས་བརླབ་པ་འདི་ལྟར་བྱའོ་ཞེས་སོ། །ཨོཾ་ཞེས་པ་ནི་
བཤད་ཟིན་ཏོ། །དྷརྨྨ་ཞེས་པ་ནི་སྟོབས་བཅུ་ལ་སོགས་པའི་ཆོས་སོ། །དྷཱ་ཏུ་ཞེས་པ་ནི་དབྱིངས་ཏེ་ཟབ་མོ་དང་གསལ་བའི་སྐུའོ། །སེམས་ཅན་གྱི་བསམ་པའི་དབང་གིས་ཁ་དོག་ལ་སོགས་པའི་དབྱེ་བ་ལས་ཐམས་ཅད་འགྲུབ་པའི་ཕྱིར་བྱང་ཆུབ་ཀྱི་རྒྱུ་ཡིན་ནོ། །དེ་ལྟ་བུའི་སྭ་བྷཱ་ཝ་
ཨཱཏྨ་ཀོ྅ཧཾ་ཞེས་ང་རྒྱལ་བྱའོ། །དེ་བས་ན་སྣང་བ་ལས་དངོས་པོར་དམིགས་པར་ཐལ་བ་མ་ཡིན་ནོ། །སྣང་བའི་རྣམ་པས་ཆོས་ཀྱི་དབྱིངས་བརྟག་པའི་ཕྱིར་དེ་མེད་ན་ཆོས་ཀྱི་དབྱིངས་དང་འབྲེལ་བ་མེད་དོ། །འདི་ནི་སྔགས་ཀྱི་ཐེག་པ་ནི་ཐབས་གསལ་བའི་སྒོ་ནས་སེམས་ཅན་གྱི་དོན་རྣམ་
པ་སྣ་ཚོགས་ཡོད་པའི་ཕྱིར་རོ། །གང་གི་ཕྱིར་ཟབ་མོ་ལ་ཞེན་པའི་བློ་ནི་མྱ་ངན་ལས་འདས་པ་ལ་ཆགས་པ་སྟེ། དེས་ཕན་པ་མེད་པའི་སྟེང་དུ་དགེ་བ་འཇིག་པའི་ཕྱིར་རོ། །དེ་བས་ན་ཟབ་མོ་དང་གསལ་བ་དབྱེར་མེད་པ་ཐམས་ཅད་འགྲུབ་པའི་ཕྱིར་དེ་སྐད་མ་ཡིན་ནོ། །དེ་བས་ན་བླ་མ་
ཆེན་པོའི་ཞལ་སྔ་ནས་ཀྱང་། ཟབ་མོ་ཁོ་ནས་བསྒོམ་པ་ཡང་། །རྣམ་པར་དག་པ་བསྒོམ་མི་བྱ། །གསལ་བ་དག་ཀྱང་དེ་བཞིན་ནོ། །དེ་གཉིས་དབྱེར་མེད་བསྒོམ་འགྱུར་བ། །བཅིངས་པ་ཀུན་ལས་གྲོལ་བ་ཡིན། །ཞེས་སོ། །ཡང་དེ་ཉིད་ལས། ཟབ་མོ་ཡིས་ནི་སེམས་ཅན་དོན། །

ཐབས་ལྟར་ཡང་དག་བྱེད་མི་ནུས། །དེ་བས་དེ་ལ་བློ་ཆགས་པ། །ད་ནི་ཡང་དག་མ་དད་དོ། །དེ་ཉིད་ཟུང་དུ་འཇུག་ཤེས་ན། །ངས་བསྟན་དེ་ཉིད་རྟོགས་པར་འགྱུར། །ཞེས་པ་ལ་སོགས་པས་བསྟན་ཏོ། །དེ་བས་ན་འདི་ནི་ཤེས་པ་ཉིད་དབྱེར་མེད་པས་སྲིད་པ་དང་ཞི་བ་སོ་སོར་
ཉེ་བས་ན་བསྙེན་པ་ཞེས་བྱ་སྟེ། དེ་ཉིད་ཡེ་ཤེས་ཡོངས་སུ་དག་པའི་དེ་བཞིན་གཤེགས་པ་ལ་སོགས་པ་རང་དང་འདྲ་བ་ལས་བྱུང་བས་རྒྱུ་མཐུན་པ་ཞེས་བྱའོ། །འདིས་ནི་རྒྱུ་མཐུན་པའི་འབྲས་བུ་ཆུང་ངུ་དང་བསྙེན་པའི་ཡན་ལག་ཆུང་ངུ་སྟེ་དང་པོའོ། །ད་ནི་དེ་འོག་ཅེས་པ་ལ་སོགས་
པས་སྐྱེ་མཆེད་རྣམས་བྱིན་གྱིས་བརླབས་ན་ཐམས་ཅད་མཁྱེན་པའི་མཚན་ཉིད་མེད་དེ། དེ་མེད་པས་ཡང་དག་པའི་སངས་རྒྱས་མ་ཡིན་པས་སྒྱུ་མ་ཙམ་དུ་སྣང་བའི་སྐུ་དེའི་མིག་ལ་སོགས་པ་བྱིན་གྱིས་བརླབ་པ་སྟོན་ཏོ། །དེའི་འོག་ཅེས་པ་ནི་སྔགས་ཀྱི་བྱིན་གྱིས་བརླབས་པའི་རྗེས་ལའོ། །
རང་སྙིང་ས་བོན་ཞེས་པ་ནི་ཕྱག་མཚན་གྱི་བུམ་པ་ལ་གནས་པའི་ཀྵིཾ་ལ་སོགས་པའོ། །འོད་ཀྱིས་ཞེས་པ་ནི་དེའི་འོད་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་སའི་སྙིང་པོ་ལ་སོགས་པའི་གཟུགས་སུ་བྱས་ནས་དེ་ལ་ཐིམ་པས་མིག་ལ་སོགས་པ་རྣམས་སའི་སྙིང་པོ་ལ་སོགས་པས་ཞེས་
ཏེ་གནས་དྲུག་བསྐྱེད་དོ་ཞེས་པའི་དོན་ཏོ། །དེ་ཡང་འདི་ལྟ་སྟེ་མིག་གཉིས་ཀྱི་སྟེང་དུ་ཟླ་བའི་དཀྱིལ་འཁོར་རེ་རེ་ལ་ཀྵིཾ་དཀར་པོ་ལས་གྱུར་པའི་འཁོར་ལོ་རེ་རེའི་ལྟེ་བ་ལ་ཀྵིཾ་བསྒོམ་པ་སྟེ་མཚན་མའི་འོད་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་སའི་སྙིང་པོའི་གཟུགས་སུ་བྱས་ནས་དེ་ལ་ཐིམ་
པ་དེ་གཉིས་ཀ་གནས་གྱུར་ཏེ། སའི་སྙིང་པོ་སྐུ་མདོག་དང་ཕྱག་མཚན་རྣམ་པར་སྣང་མཛད་དང་འདྲ་བས་བྱིན་གྱིས་བརླབ་པར་བྱའོ། །དེ་བཞིན་རྣ་བའི་བུ་ག་གཉིས་སུ་ཛྲིཾ་ནག་པོ་ལས་རྡོ་རྗེར་གྱུར་པའི་ཕྱག་ན་རྡོ་རྗེ་མི་བསྐྱོད་པ་ལྟ་བུས་བྱིན་གྱིས་བརླབ་བོ། །སྣ་བུག་གཉིས་སུ་ཁཾ་སེར་པོ་དང་
རིན་པོ་ཆེ་ལྗང་གུ་ལས་བྱུང་བའི་ནམ་མཁའི་སྙིང་པོ་རིན་ཆེན་འབྱུང་ལྡན་ལྟ་བུས་བྱིན་གྱིས་བརླབ་བོ། །ལྕེའི་དབུས་སུ་གཾ་དམར་པོ་དང་པདྨ་ལས་གྱུར་པའི་འཇིག་རྟེན་དབང་ཕྱུག་ཚེ་དཔག་མེད་ལྟ་བུས་བྱིན་གྱིས་བརླབ་བོ། །དཔྲལ་བའི་དབུས་སུ་ཥྐཾ་ལྗང་གུ་དང་རལ་གྲི་ལས་གྱུར་པའི་སྒྲིབ་པ་

རྣམ་པར་སེལ་བ་དོན་ཡོད་གྲུབ་པ་ལྟ་བུས་བྱིན་གྱིས་བརླབ་བོ། ལྟེ་བའི་དབུས་སུ་སཾ་དཀར་པོ་དང་རྡོ་རྗེ་ལས་གྱུར་པ་ལས་ཀུན་དུ་བཟང་པོ་རྡོ་རྗེ་སེམས་དཔའ་ལྟ་བུས་བྱིན་གྱིས་བརླབ་པར་བྱའོ། །དེ་ཟླ་བའི་གདན་དང་རྒྱབ་རྟེན་དུ་ལྡན་པ་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ་རིན་
པོ་ཆེའི་དབུ་རྒྱན་ཅན་དང་། དང་པོ་གཉིས་རང་སྣང་བའི་རིག་མ་ལ་འཁྱུད་པའོ། །མིག་ལ་སོགས་པ་རྣམས་ཡུལ་སོ་སོར་ངེས་པའི་ཕྱིར་རེ་རེ་ཞིང་རྣམ་པར་ཤེས་ཏེ་དེ་རྣམས་ལོག་པས་རེ་རེས་ཀྱང་ཐམས་ཅད་ཡོངས་སུ་ཤེས་པའི་ཕྱིར་ཐམས་ཅད་མཁྱེན་པ་ཞེས་བྱའོ། །མིག་ལ་སོགས་
པ་རྣམ་པར་སྨིན་པ་ལས་བྱུང་བའི་ཕྱིར་རྣམ་པར་སྨིན་པའོ། །འོག་ནས་འབྱུང་བའི་སྒྲུབ་པ་དང་ཉེ་བའི་ཕྱིར་ཉེ་བའི་སྒྲུབ་པའོ། །འདིས་རྣམ་པར་སྨིན་པའི་འབྲས་བུ་ཆུང་ངུ་དང་ཉེ་བར་སྒྲུབ་པའི་ཡན་ལག་ཆུང་ངུ་སྟེ་གཉིས་པའོ། །ད་ནི་དྲི་མེད་ཅེས་པ་ལ་སོགས་པས་ནི་སྐུ་གསུང་ཐུགས་ལ་འགྲོ་
བའི་དོན་ཡོད་པ་ཡིན་ནོ་ཞེས་འབྱུང་བས་དེས་བྱིན་གྱིས་བརླབ་པའི་མཚན་ཉིད་པར་གཞན་གྱི་དོན་ཕུན་སུམ་ཚོགས་པ་དང་བྲལ་བའི་ཕྱིར་སྐུ་གསུང་ཐུགས་བྱིན་གྱིས་བརླབ་པའི་ཆོ་ག་སྟོན་ཏེ། དྲི་མ་མེད་པ་ཡང་ཟླ་བའི་དཀྱིལ་འཁོར་ཏེ་དེ་བས་ན་དྲི་མེད་རང་གི་སྙིང་གར་ཟླ་བའི་དཀྱིལ་འཁོར་ཅིག་
བསྒོམ་ཞེས་སོ། །རྡོ་རྗེ་བུམ་པའི་དབུས་གནས་ཞེས་པ་ནི་དེའི་སྟེང་དུ་ཧཱུཾ་ཡོངས་སུ་གྱུར་པ་ལས་རྡོ་རྗེ་རྩེ་ལྔ་པ་བསྒོམས་ཏེ་དེ་བུམ་པའི་དཀྱིལ་དུ་གནས་པ་ཞེས་པའི་དོན་ཏོ། །ཇི་ལྟ་བུ་ཞེ་ན། ཧཱུཾ་གིས་ཐུགས་ཀྱི་རྡོ་རྗེ་ཞེས་ཏེ་བུམ་པའི་དབུས་སུ་ཟླ་བའི་སྟེང་དུ་ཧཱུཾ་ཕྲ་མོ་ཡོངས་སུ་གྱུར་པ་ལས་རྡོ་རྗེ་ཕྲ་མོ་ཧཱུཾ་གིས་
མཚན་པ་བསྒོམས་ཏེ། དེ་གཉི་ག་གྱུར་པ་ལས་ཐུགས་ཀྱི་རྡོ་རྗེ་མི་བསྐྱོད་པ་དང་ཐམས་ཅད་འདྲ་བའི་ཕྱག་རྒྱ་ཆེན་པོའི་རང་བཞིན་ཆོས་ཀྱི་སྐུ་འདུས་བྱས་ཟག་པ་མེད་པ་ཡེ་ཤེས་ཀྱི་བདག་ཉིད་དྲན་པ་ཉེ་བར་གཞག་པ་ནས་བརྩམས་ཏེ། ཐམས་ཅད་མཁྱེན་པའི་བར་གྱིས་བསྡུས་པའི་དེ་བཞིན་གཤེགས་
པའི་ཆོས་ཀྱི་སྐུའི་རང་བཞིན་རྣམ་པར་དག་པའི་གཟུགས་བསྒོམས་ཏེ་ཞེས་སོ། །དེར་མན་ངག་ཏུ་དེའི་ཐུགས་ཀར་ཟླ་བའི་སྟེང་དུ་ཧཱུཾ་ལས་གྱུར་པའི་རྡོ་རྗེའི་བུམ་པ་ལ་ཧཱུཾ་གིས་མཚན་པ་བསྒོམ་པར་བྱའོ་ཞེས་སོ། །དེ་བཞིན་དུ་ཁ་དང་མགོ་ལ་སྟེ་མགྲིན་པ་དང་སྤྱི་བོར་ཞེས་སོ། །པདྨ་འཁོར་ལོ་ཞེས་པ་ནི་

གདན་ནོ། །དེའི་དཀྱིལ་དུ་ཡང་ཞེས་ཏེ་དབུས་སུའོ། །ཨ་དང་ཕྱག་མཚན་གཉིས་ཀྱིས་ཞེས་པ་ནི་ཨ་ཕྲ་མོ་དང་ཨོཾ་ཕྲ་མོའོ། །སྐུའི་རྡོ་རྗེ་ཕྲ་མོ་གསུམ་གྱིས་རྡོ་རྗེ་ཡང་བསམ་པར་བྱ་ཞེས་པའི་རིམ་པ་ནི་འདི་ལྟ་སྟེ། མགྲིན་པའི་གནས་སུ་ཟླ་བའི་སྟེང་དུ་ཨ་ཡོངས་སུ་གྱུར་པ་ལས་པདྨའི་སྟེང་དུ་ཨ་ཕྲ་
མོ་ཡོངས་སུ་གྱུར་པ་ལས་པདྨ་ཕྲ་མོ་ཨས་མཚན་པ་བསྒོམས་ཏེ། གཉིས་གནས་གྱུར་པ་ལས་གསུང་གི་རྡོ་རྗེ་ཐམས་ཅད་ཚེ་དཔག་ཏུ་མེད་པ་དང་འདྲ་བ་ཆོས་ཀྱི་ཕྱག་རྒྱའི་རང་བཞིན་མཚན་སུམ་ཅུ་རྩ་གཉིས་དང་དཔེ་བྱད་བཟང་པོ་བརྒྱད་ཅུ་ངོ་བོ་ཉིད་ས་བཅུ་ལ་བཞུགས་པའི་བྱང་ཆུབ་སེམས་དཔའ་
དང་ཐབས་ཅིག་ཏུ་ཆོས་ཀྱི་ལོངས་སྤྱོད་ཀྱི་དགའ་བ་དང་བདེ་བ་ཁ་ན་མ་ཐོ་བ་མེད་པ་ཉེ་བར་ལོངས་སྤྱོད་པས་ལོངས་སྤྱོད་རྫོགས་པའི་སྐུ་རྣམ་པར་དག་པའི་གཟུགས་བསྒོམས་ཏེ། དེའི་ཐུགས་ཀར་ཟླ་བའི་སྟེང་དུ་ཨ་ལས་གྱུར་པའི་པདྨའི་དབུས་སུ་ཨ་བསྒོམ་པར་བྱའོ་ཞེས་སོ། །དེ་བཞིན་དུ་སྤྱི་བོའི་དབུས་སུ་
ཟླ་བའི་སྟེང་དུ་ཨོཾ་ལས་གྱུར་པའི་འཁོར་ལོའི་སྟེང་དུ་ཨོཾ་ཕྲ་མོ་ཡོངས་སུ་གྱུར་པ་ལས་འཁོར་ལོ་ཕྲ་མོ་ཨོཾ་གྱིས་མཚན་པ་བསྒོམས་ཏེ། དེ་གྱུར་པ་ལས་སྐུའི་རྡོ་རྗེ་ཐམས་ཅད་རྣམ་པར་སྣང་མཛད་འདྲ་བ་ལས་ཀྱི་ཕྱག་རྒྱའི་རང་བཞིན་ཤཱཀྱ་ཐུབ་པ་ལ་སོགས་པ་གང་གི་འཁོར་བ་ཇི་སྲིད་པའི་ཁམས་ཐམས་
ཅད་དུ་སེམས་ཅན་གྱི་འདོད་པའི་དོན་མཉམ་དུ་མཛད་པ་དེ་ནི་རྒྱུན་ཆགས་པ་ཉིད་ཀྱིས་ན་སྤྲུལ་པའི་སྐུ་སྟེ་དེས་རྣམ་པར་དག་པའི་གཟུགས་བསྒོམས་ཏེ་དེའི་ཐུགས་ཀར་ཨོཾ་ལས་འཁོར་ལོ་དེའི་ལྟེ་བ་ལ་ཨོཾ་གྱིས་མཚན་པ་བསྒོམ་པར་བྱ་ཞེས་སོ། །དེའི་སྙིང་པོ་འོད་ཟེར་རྒྱུན་གྱིས་ཞེས་པ་ནི་སོ་སོའི་ཐུགས་
ཀའི་ས་བོན་གྱི་འོད་ཟེར་གྱི་ཚོགས་རྒྱུན་མ་ཆད་པ་དཀྱིལ་འཁོར་གྱི་འཁོར་ལོ་ལྟ་བུ་སྟེ་འོད་ཟེར་དེ་ལས་གཟུགས་ཀྱི་རྡོ་རྗེ་མ་ལ་སོགས་པའི་མཆོད་པ་ཡང་དག་པར་སྤྲོས་ནས་མཆོད་པར་བྱའོ་ཞེས་སོ། །ཇི་ལྟ་བུ་ཞེ་ན། ཤེས་རབ་དམ་པ་འདུས་པའི་འོད་རྣམས་ཀྱིས་ཞེས་ཏེ་ཤེས་རབ་ནི་རང་སྣང་བའི་རིག་
མའོ། །དེ་དང་འདུས་པ་ནི་ཡང་དག་པར་སྦྱོར་བ་སྟེ། ནང་དུ་ཆུད་པའི་ཤུགས་ཀྱིས་དེ་ལྟ་བུའི་ངང་ཚུལ་ཡོད་པས་དེ་སྐད་ཅེས་བྱའོ་ཞེས་སོ། །དེས་མཆོད་པ་དངོས་གང་ཞེ་ན། རྒྱལ་བའི་དབང་པོ་ཞེས་ཏེ་ཕྱོགས་བཅུ་ན་གནས་པའི་ཐུགས་ཀྱི་རྡོ་རྗེ་ལ་སོགས་པའོ། །མཆོད་ནས་ཅི་བྱ་ཞེ་ན། ཐུགས་ཀྱི་

རྡོ་རྗེ་ལ་སོགས་བྱིན་གྱིས་བརླབས་ཞེས་ཏེ་རང་ཉིད་ཐུགས་རྡོ་རྗེ་ལ་སོགས་པའི་རང་བཞིན་དུ་བྱིན་གྱིས་བརླབ་པའི་ཕྱིར་གསོལ་བ་གདབ་པར་བྱའོ་ཞེས་སོ། །དེ་གང་ཞེ་ན། དཔལ་ལྡན་ཞེས་པ་ལ་སོགས་པའོ། །དཔལ་ལྡན་ཞེས་པ་ནི་རང་གི་རིག་མ་དང་ལྡན་པའོ། །རྡོ་རྗེ་ཐུགས་
འཆང་བ་ཞེས་པ་ནི་ཆོས་ཀྱི་དབྱིངས་ཀྱི་མཚན་ཉིད་འཛིན་པས་ན་དེ་སྐད་དེ། རྡོ་རྗེ་མི་ཕྱེད་གསུམ་བསྒོམས་པ་སྟེ་སྐུ་དང་གསུང་དང་ཐུགས་ནི་གང་དུ་ཡང་དབྱེ་བ་མེད་པ་དེ་བསྒོམས་པས་ཞེས་སོ། །དེང་བདག་བྱིན་གྱིས་བརླབས་ནས་སུ། །ཞེས་པ་ནི་ཐུགས་རྡོ་རྗེའི་རང་བཞིན་དུ་ཁྱེད་ཀྱིས་བྱིན་
གྱིས་རློབས་ཤིག་ཅེས་པ་སྟེ། རྡོ་རྗེ་ཐུགས་ཀྱིས་མཛད་དུ་གསོལ། །ཞེས་པ་སྟེ་བསྒོམས་པའི་ཐུགས་ཀྱི་རྡོ་རྗེ་སྙིང་ག་ན་གནས་པ་ཁྱེད་ཀྱིས་བདག་རྡོ་རྗེ་ཐུགས་ཅན་དུ་མཛོད་ཅིག་ཅེས་པའོ། །ཕྱོགས་བཅུར་བཞུགས་པའི་སངས་རྒྱས་ཞེས་པ་ནི་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་
ཀྱི་ཐུགས་ཀ་ན་གནས་པ་ཞེས་བྱའོ། །རྡོ་རྗེ་ཐུགས་ཀྱིས་ཞེས་པ་ནི་ལྷུན་གྱིས་གྲུབ་པའི་ཐུགས་ཀ་ན་གནས་པའི་ཐུགས་ཀྱི་རྡོ་རྗེ་སྟེ། ཁྱོད་ཀྱིས་བདག་ཐུགས་ཀྱི་རྡོ་རྗེ་ཅན་དུ་མཛོད་ཅིག་ཅེས་པའོ། །དེ་ནས་ལྷུན་གྱིས་གྲུབ་པའི་ཐུགས་ཀྱི་རྡོ་རྗེ་རྣམས་རང་གི་ཐུགས་ཀྱི་རྡོ་རྗེ་ལ་གཉིས་སུ་མེད་པར་
ཞུགས་ཏེ་སྔགས་འདིས་བྱིན་གྱིས་བརླབ་པར་བྱའོ། །ཨོཾ་སརྦྦ་ཞེས་པ་ལ་སོགས་པའོ། །གསུང་ལམ་ཞེས་པ་ནི་གསུང་ཉིད་ལམ་སྟེ་དེས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་རབ་ཏུ་གཞུག་པར་མཛད་ཅིང་བདག་མེད་པ་སྟོན་པའི་གསུང་ངོ་། །ལྷག་མ་ནི་སྔར་བཤད་པས་གོ་བར་
ཟད་དོ། །སྐུའི་སྐྱེས་བུ་ལ་སོགས་པས་སེམས་ཅན་སྨིན་ཅིང་གྲོལ་བར་བྱེད་པ་ནི་སྐྱེས་བུ་བྱེད་པའི་འབྲས་བུ་སྟེ་ཉེ་བར་སྤྱོད་པའི་ཕྱིར་རྒྱུ་ལ་ཡང་དེ་སྐད་ཅེས་བྱའོ། །སྐུ་རྡོ་རྗེ་ལ་སོགས་པ་འདིས་སྤྲུལ་པའི་སྐུ་ལ་སོགས་པ་འགྲུབ་པའི་ཕྱིར་སྒྲུབ་པའོ། །འདིས་ནི་སྐྱེས་བུ་བྱེད་པའི་འབྲས་བུ་ཆུང་
ངུ་དང་སྒྲུབ་པའི་ཡན་ལག་ཆུང་ངུ་སྟེ་གསུམ་པའོ། །རྡོ་རྗེ་གསུམ་ནི་ཞེས་པ་ལ་སོགས་པས་ཁམས་གསུམ་གྱི་དབང་པོར་བསྐོས་པ་མེད་ན་སངས་རྒྱས་ཡང་དག་པ་མ་ཡིན་པས་རིགས་ཀྱི་དབང་ཕྱུག་གིས་དབང་བསྐུར་བ་གསུངས་པ་རྡོ་རྗེ་གསུམ་ཞེས་པ་ནི་སྐུ་ལ་སོགས་པའོ། །དེ་ཉིད་མཁའ་

འདྲའི་རང་བཞིན་ཞེས་ཏེ་རང་གི་མཚན་ཉིད་དང་བྲལ་བའི་ནམ་མཁའ་ལྟར་ཐམས་ཅད་ལ་ཁྱབ་པར་གནས་སོ་ཞེས་སོ། །ཅིའི་ཕྱིར་ནམ་མཁའ་དང་འདྲ་ཞེ་ན། མཚན་མ་སྤངས་པས་ཞེས་ཏེ་ཇི་ལྟར་ནམ་མཁའ་དངོས་པོ་ཐམས་ཅད་སྤངས་པས་ཀུན་ལ་ཁྱབ་པ་བཞིན་དུ་རྡོ་རྗེ་གསུམ་ཡང་འཛིན་པ་
ལ་སོགས་པའི་མཚན་མ་མེད་པར་ཇི་ལྟར་གནས་སོ། །མཚན་བྱས་ཏེ་ཞེས་པ་ནི། བདག་གི་ཐུགས་ཀ་ལ་སོགས་པར་བྱས་ཏེ། །རང་རིགས་གཙོ་བོས་བརྒྱན་པའི་ཅོད་པན་འགྱུར། །ཞེས་བྱ་བར་སྦྱར་རོ། །འདིར་མན་ངག་གི་ཐུགས་རྡོ་རྗེ་ལ་སོགས་པ་བསྐྱེད་པའི་དུས་སུ་ནུ་མ་གཉིས་ཀྱི་བར་
ཟླ་བ་ལ་གནས་པའི་ལཾ་ལས་གྱུར་པའི་རལ་གྲིའི་དབུས་སུ་མཾ་ཕྲ་མོ་ལས་གྱུར་པའི་རལ་གྲི་ཕྲ་མོ་མཾ་དང་ལྡན་པར་བསྒོམས་ཏེ། དེ་གཉི་ག་གནས་གྱུར་པ་ལས་སོ། །ཐམས་ཅད་བདག་དང་འདྲ་བའི་ཡེ་ཤེས་སེམས་དཔའ་དམ་ཚིག་གི་ཕྱག་རྒྱའི་རང་བཞིན་ཆོས་ཀྱི་སྐུ་འདུས་མ་
བྱས་པའི་དྲན་པ་ཉེ་བར་གཞག་པ་ལ་སོགས་པའི་བདག་ཉིད་འཇིག་རྟེན་ལས་འདས་པའི་ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཉིད་ཟག་པ་མེད་པ། དྲི་མ་རྣམས་གློ་བུར་ཉིད་ཀྱིས་རྣམ་པ་ཐམས་ཅད་དུ་དག་པ་རང་བཞིན་གྱིས་དབེན་པ་ཉིད་དུ་གང་གྱུར་པ་དེ་རང་བཞིན་གྱིས་སྐྱེ་བ་མེད་པ་སྟེ། བཅོས་
མ་མ་ཡིན་པའི་དོན་གྱིས་འཇིག་རྟེན་ལས་འདས་པའི་ལམ་གྱིས་ཐོབ་པར་བྱེད་པ་ཡིན་པས་རྣམ་པར་ཤེས་པ་སྒྱུ་མ་ལྟ་བུར་ཐམས་ཅད་རྫོགས་པས་ཐེག་པའི་སྐུས་རྣམ་པར་དག་པའི་གཟུགས་བསྒོམས་ཏེ། དེའི་ཐུགས་ཀར་ཟླ་བའི་སྟེང་དུ་མཾ་ལས་གྱུར་པའི་རལ་གྲིའི་ཡུ་བ་ལས་
མཾ་བསྒོམས་ཏེ་ཞེས་སོ། །དེ་བས་སེམས་ཀྱི་འོད་ཟེར་རྣམས་ཀྱིས་བསྐུལ། །ཞེས་པ་ནི་ས་བོན་གྱི་འོད་ཟེར་སྤྲོས་པས་བསྐུལ་ནས་ཞེས་སོགས་གང་བསྐུལ་ཞེ་ན། ཐམས་ཅད་ཚོགས་སུ་གྱུར་པའི་ཐུབ་པ་དེ། །ཞེས་ཕྱོགས་བཅུའི་མི་བསྐྱོད་པ་ལ་སོགས་པའོ། །དེས་ཅི་བྱ་ཞེ་ན།
ཐུབ་མཆོག་འོད་ཟེར་ལས་བྱུང་ཞེས་བླ་མར་སྣང་བའི་དེ་བཞིན་གཤེགས་པ་རྣམས་ལས་འོད་ཟེར་བྱུང་སྟེ་དེའི་རྩེ་མོ་ལས་རིག་མཆོག་སྤྱན་མ་ལ་སོགས་པ་ཡེ་ཤེས་ཀྱི་བུམ་པ་བྱང་ཆུབ་སེམས་ཀྱི་ཆུ་རྒྱུན་གྱིས་བཀང་བ་ལག་ན་བཟུང་བའི་ཚོགས་བྱུང་སྟེ། བུམ་པའི་ཆུ་བླུགས་པས་

ཞེས་ཏེ་དེ་རྣམས་ཀྱིས་བཀྲ་ཤིས་ཀྱི་དབྱངས་ལ་སོགས་པ་དང་ལྡན་པར་བདག་གི་སྤྱི་བོར་བླུགས་ཏེ་ཆུ་དང་ལ་སོགས་པ་ཐམས་ཅད་ཞུགས་པར་བྱའོ་ཞེས་སོ། །དེས་ཅིར་འགྱུར་ཞེ་ན། རང་རིགས་གཙོ་བོས་བརྒྱན་པའི་ཅོད་པན་འགྱུར། །ཞེས་ཏེ་ཀུན་གནས་གྱུར་ཏེ་
འཇམ་པའི་རྡོ་རྗེའི་ཅོད་པན་ལ་མི་བསྐྱོད་པས་མཚན་པར་བསམ་མོ་ཞེས་སོ། །སྐུ་གསུམ་དུ་བསྒྲུབ་པ་ནི་སྒྲུབ་པ་སྟེ་སྐུ་གསུམ་ཐོབ་ཀྱང་ཁམས་གསུམ་ཆོས་ཀྱི་རྒྱལ་པོའི་དབང་ཐོབ་པ་ནི་དམ་པ་ཡང་དག་པའི་སངས་རྒྱས་མ་ཡིན་པས་དབང་བསྐུར་བ་ནི་སྒྲུབ་པ་བས་ཀྱང་ཆེན་པོར་གྱུར་
པས་ན་སྒྲུབ་པ་ཆེན་པོ་ཞེས་བྱའོ། །དབང་བསྐུར་བས་དྲི་མ་ཐམས་ཅད་མེད་པར་བྱས་པའི་འབྲས་བུ་རང་གི་བདག་པོར་སྣང་བས་ན་དྲི་མ་མེད་པའི་འབྲས་བུ་ཞེས་བྱའོ། །འདིས་ནི་དྲི་མ་མེད་པའི་འབྲས་བུ་ཆུང་ངུ་དང་སྒྲུབ་པ་ཆེན་པོའི་ཡན་ལག་ཆུང་ངུ་སྟེ་བཞི་བའོ། །དེ་རྣམས་ལྷ་
གཙོ་བོ་གཅིག་པུ་ལ་གཅོགས་པའི་ཕྱིར་མཆོག་ཅེས་སོ། །ལྷ་གཅིག་བསྒོམས་པས་ཡེ་ཤེས་ཡང་དག་པར་བྱ་བའི་ངོ་བོ་མ་ཡིན་པས་མི་མཐུན་པའི་ཕྱོགས་འཇོམས་པར་བྱེད་པའི་ནུས་པ་ཧ་ཅང་ཡང་མི་དྲག་པའི་ཕྱིར་ཆུང་ངུ་ཞེས་བྱའོ། །རེ་རེས་དགོས་པ་རྫོགས་པ་མིན་པས་ཕན་
ཚུན་གྱི་ཡན་ལག་ཏུ་གྱུར་པའི་ཕྱིར་ཡན་ལག་གོ། །འདི་དག་གིས་རྡོ་རྗེ་འཛིན་པར་བསྒྲུབས་པས་ན་འབྲས་བུ་ཞེས་བྱའོ། །ད་ནི་དེ་བཞིན་ཞེས་ལ་སོགས་པས་ནི་ཆུང་ངུ་དང་ཆེན་པོའི་བར་ན་གནས་པ་ཉིད་ཀྱི་འབྲིང་པོ་ཞེས་ཁྱད་པར་བྱས་པས་བར་མའི་བསྙེན་སྒྲུབ་བཞི་ལ་སོགས་པས་རིག་
མ་དག་པར་བྱས་པའི་ཆོ་ག་གསུངས་པའོ། །དེ་བཞིན་གཤེགས་པ་ཞེས་པ་ནི་ཆུང་ངུ་བཞིན་དུའོ། །རང་གི་ལྷ་དང་འདྲ་བ་ཞེས་པ་ནི་རིག་མ་སྟེ། མདོག་ལ་སོགས་པ་སྟེ་རང་བདག་དང་འདྲ་བའི་ཕྱིར་རོ། །རང་གི་སྙིང་པོ་ཞེས་པ་ནི་མཾ་དེས་བསྐྱེད་པ་ཞེས་སོ། །དེའི་དོན་ནི་འདི་ལྟ་སྟེ་རང་གི་གནས་
ཀྱི་མདུན་དུ་ཟླ་བའི་གདན་ཅིག་བསྒོམས་ཏེ་དེ་གོང་མ་བཞིན་དུ་ཡི་གེ་གསུམ་ཞུགས་པ་དང་དེ་བཞིན་གཤེགས་པ་རྣམས་མངོན་དགར་གཤེགས་ནས་ཕྲེང་བ་གཉིས་པའི་ཡི་གེར་བྱས་པ་དང་། དེར་བྱོན་ནས་ཡི་གེ་གསུམ་ནང་དུ་བཅུག་སྟེ་གདན་ལ་བབས་པའི་རིམ་པས་ཟླ་བ་གཉིས་

སུ་གྱུར་པ་ལ་སོགས་པ་ཡེ་ཤེས་ལྔ་བསྐྱེད་ནས་གོང་མ་ལྟར་ཡང་ཡི་གེ་གསུམ་ཞལ་དུ་ཞུགས་པ་ལ་སོགས་པའི་རིམ་པས་འོད་དུ་ཞུ་བ་ལས་མཱ་མ་ཀཱི་ལ་སོགས་པས་དབྱངས་ཀྱིས་བསྐུལ་ནས་ཐིམ་སྟེ་ཡོངས་སུ་གྱུར་པ་ལས་རང་གི་སྙིང་པོ་བསྒོམས་ཏེ་མཾ་དམར་སེར་དུ་གྱུར་པར་
བསམ་མོ། །དེ་གྱུར་པ་ལས་རལ་གྲི་ཡུ་བ་མཾ་གྱིས་མཚན་པ་བསྒོམས་ཏེ་དེའི་འོད་ཟེར་གྱིས་དེ་བཞིན་གཤེགས་པ་ཐམས་ཅད་འཇམ་དབྱངས་ཀྱི་སྐུར་གྱུར་ཏེ་བཀུག་ནས་དེ་ལ་ཐིམ་པར་རིགས་སྤྲུལ་ཞེས་སོ། །ཇི་ལྟ་བུ་ཞེ་ན་ཕྱག་མཚན་ལ་སོགས་པ་འཇམ་དབྱངས་འདྲ་བ་མེ་
ཏོག་གི་ཅོད་པན་དང་ཀུ་ཙས་ཁྱད་པར་བྱས་པར་བསྒོམ་པར་བྱ་སྟེ། འདིར་ནི་བསྙེན་པ་བར་མ་དང་རྒྱུ་མཐུན་པར་གསུངས་སོ། །རང་སྣང་བའི་རིག་མ་ལ་དམིགས་པ་ཙམ་འབྲིང་པོའི་བསྙེན་པ་ཞེས་འདོད་པ་དེ་ནི་སྐབས་མེད་ཅེས་པའོ། །ཆུང་ངུའི་དུས་སུ་དེ་ཉིད་དམིགས་པའི་ཕྱིར་རོ། །དེ་
ལྟར་མ་ཡིན་ན་ནི་མཐུན་པའི་ཕྱོགས་འབྲིང་པོ་རྟོག་པ་ཉིད་དུ་འགྱུར་རོ། །དེ་བས་ན་བླ་མ་ཆེན་པོའི་ཞལ་སྔ་ནས་ཀྱང་འདི་ཉིད་དུ་བསྐྱེད་པར་གསུངས་ཏེ་དམིགས་པ་ཙམ་དུ་གསུངས་སོ། །མིག་ལ་སོགས་པ་བཀང་ནས་ཞེས་པ་ནི་གོང་མ་ཁོ་ན་ལྟར་སའི་སྙིང་པོ་ལ་སོགས་པ་བསྒོམ་པའོ། །
འདིས་ནི་ཉེ་བར་སྒྲུབ་པའི་ཡན་ལག་དང་བར་མ་དང་རྣམ་པར་སྨིན་པའི་འབྲས་བུ་བར་མ་གསུངས་སོ། །ཡི་གེ་འབྲུ་གསུམ་བཀོད་པས་ཞེས་པ་ནི་གོང་མ་ལྟར་ཡི་གེ་གསུམ་གྱིས་རྡོ་རྗེ་གསུམ་བསྐྱེད་པ་ལ་སོགས་པ་བྱས་ནས་སྔགས་ཀྱིས་བྱིན་གྱིས་བརླབ་པ་ཙམ་བྱས་པ་ནི་སྒྲུབ་པ་
བར་མ་དང་སྐྱེས་བུ་བྱེད་པའི་འབྲས་བུ་བར་མ་གསུངས་སོ། །འབར་བའི་འོད་ལྡན་ཞེས་པ་ནི་རང་གི་ས་བོན་གྱིས་གོང་མ་ལྟར་བསྐུལ་བའི་རིམ་པས་དབང་བསྐུར་བ་དྲི་མ་མེད་པར་བྱས་ནས་འབར་བའི་འོད་དང་ལྡན་པས་ན་དེ་སྐད་དོ། །འདིས་སྒྲུབ་པ་ཆེན་པོ་བར་མ་དང་དྲི་མ་མེད་པའི་
འབྲས་བུ་བར་མ་གསུངས་སོ། །དེ་ལྟར་བསྙེན་སྒྲུབ་བཞིས་རིག་མ་བསྒྲུབས་ནས་ད་ནི་དེ་བྱིན་གྱིས་བརླབ་པའི་ཆོ་ག་གསུངས་ཏེ་མགོ་སྙིང་ཞེས་པ་ལ་སོགས་པའོ། །དེའི་རིམ་པ་ནི་འདི་ལྟ་སྟེ། རིག་མ་དེའི་མགོའི་དཀྱིལ་དུ་ཟླ་བ་ལ་གནས་པའི་ཨོཾ་དཀར་པོ་སྐུའི་རིགས་ཀྱི་བདག་

ཉིད་བསྒོམས་ཏེ། དེ་ལ་ཨོཾ་དཔག་ཏུ་མེད་པ་འཕྲོས་པས་ནུ་མ་ཡན་ཆད་དུ་ཁྱབ་པར་བསམ་པ་དང་། དེ་བཞིན་དུ་སྙིང་གར་ཉི་མའི་དཀྱིལ་འཁོར་ལ་ཧཱུཾ་ནག་པོ་ཡིད་རྡོ་རྗེ་ཞེས་པ་ཐུགས་ཀྱི་རིགས་ཀྱི་བདག་ཉིད་བསྒོམས་ཏེ། དེ་ལས་འཕྲོས་པའི་ཧཱུཾ་གིས་ལྟེ་བ་ཡན་
ཆད་ཁྱབ་པར་བསམ་པ་དང་། ལྟེ་བར་ཉི་མའི་དཀྱིལ་འཁོར་དུ་སྭཱ་སེར་པོ་ཅིག་བསྒོམས་ཏེ། དེ་ཡང་སོགས་པའི་སྒྲས་བསྡུས་པའི་རིན་པོ་ཆེའི་རིགས་ཀྱི་བདག་ཉིད་དེ། དེ་ལས་སྭཱས་རྐེད་པ་ཡན་ཆད་དུ་ཁྱབ་པར་བསམ་པ་དང་། གསང་བའི་དབུས་སུ་ཉི་མའི་དཀྱིལ་འཁོར་དུ་ཨ་དམར་པོ་པདྨའི་
རིགས་ཀྱི་བདག་ཉིད་བསྒོམས་ཏེ། དེ་ལས་སྤྲོས་པའི་ཨས་རྐེད་པ་ཡན་ཆད་ཁྱབ་པར་བསམ་པ་དང་། བརླ་གཉིས་ཀྱི་དབུས་སུ་ཉི་མའི་དཀྱིལ་འཁོར་དུ་ཧཱ་ལྗང་གུ་ལས། ལས་ཀྱི་རིགས་ཀྱི་བདག་ཉིད་བསྒོམས་ཏེ། དེ་ལས་སྤྲོས་པའི་ཧཱས་རྐང་མཐིལ་ཡན་ཆད་ཁྱབ་པར་བསམ་མོ། །
དེ་ཉིད་ཤེས་པས་ཞེས་པ་ནི་ཐམས་ཅད་མཉམ་པ་ཉིད་དུ་ཤེས་པ་སྟེ་དེ་བས་ན་དེ་ཉིད་ཤེས་པས་ས་བོན་དང་ཕྱག་མཚན་དང་སྐུ་གང་ཡང་རུང་བས་བྱིན་གྱིས་བརླབས་མི་འགལ་ཏེ། ཐ་མལ་པའི་རྟོག་པ་ལོག་པའི་ཕྱིར་རོ། །དེས་བྱིན་གྱིས་བརླབས་པས་དེའི་ལུས་ནི་འགྲོ་གསུམ་ཞེས་ཏེ་ས་འོག་དང་
ས་སྟེང་དང་མཐོ་རིས་སོ། །དེས་ཁྱབ་པར་བྱེད་པའི་དམ་པའི་འོད་ཟེར་གྱི་ཚོགས་དང་ལྡན་པར་ཤེས་པར་བྱའོ། །དེ་ལྟར་རིག་མ་རིགས་ལྔ་དང་ལྡན་པར་བྱས་ནས་ད་ནི་དེའི་གསང་བ་གནས་བྱིན་གྱིས་བརླབ་པའི་ཆོ་ག་སྟོན་ཏེ། ཨ་ཡི་རྣམ་པར་བཀོད་པའི་སྙིང་པོ་ཞེས་པ་ནི་པདྨའི་ཟེའུ་འབྲུ་
བུམ་པ་སྟེ་དེ་ཡི་གེ་ཨས་བསྐྱེད་ནས་ཅུང་ཟད་སེར་བར་བསམ་མོ། །ཧཱུཾ་གིས་པདྨ་འདབ་བརྒྱད་སྤྲུལ། །ཞེས་པ་ནི་ཡི་གེ་ཧཱུཾ་གིས་པདྨ་འདབ་མ་བརྒྱད་པར་རྣམ་པར་བསྒྲུབས་ཏེ། བྱང་ཆུབ་ཀྱི་སེམས་འབྱུང་བའི་ལམ་དུ་ཕཊ་སེར་པོས་འགོག་པར་བསྒོམ་པར་བྱའོ་ཞེས་སོ། །དེ་བཞིན་
དུ་བདག་གི་རྡོ་རྗེ་ཡང་ཏིང་ངེ་འཛིན་གཉིས་པར་གསུངས་པ་བཞིན་དུ་ཧཱུཾ་གིས་རྡོ་རྗེ་རྩེ་ལྔ་པ་དམར་པོ་ནོར་བུའི་སྐྱེ་བ། ཨོཾ་གྱིས་བསྐྱེད་པ་རྣམ་པར་བསམས་ལ་བྱང་ཆུབ་ཀྱི་སེམས་འབྱུང་བའི་ལམ་དུ་ཕཊ་སེར་པོས་འགོག་པར་བྱའོ་ཞེས་སོ། །དམ་པའི་ཤེས་པ་ནི་འཇའ་ཚོན་ལྟ་བུའི་

ལུས་སུ་གསལ་བའོ། །དེ་ཉིད་ཤེས་རབ་ཅེས་ཏེ་རང་བཞིན་མེད་པའོ། །རྒྱུ་མཐུན་རང་བཞིན་ཞེས་པ་ནི་རྡོ་རྗེ་སེམས་དཔའ་རང་སྣང་བའི་རིག་མ་དང་འདྲ་བས་ན་དེ་སྐད་ཅེས་བྱའོ། །ཐབས་བཅས་གྱུར་པའི་ལུས་ཞེས་པ་ནི་རྡོ་རྗེ་སེམས་དཔའ་རང་སྣང་བའི་རིག་མ་དང་བཅས་པ་གནས་
གྱུར་པའི་ལུས་འཇམ་དབྱངས་ཀྱི་ཤེས་རབ་པོ། །དེ་ཉིད་བཞི་སྟེ་བདག་དང་གཞན་གྱི་དོན་ཕུན་སུམ་ཚོགས་པའི་རྒྱུར་གྱུར་པའི་ཕྱིར་རོ། །དེ་ཡང་སྣང་བའི་ཐབས་དང་བཅས་པ་སྟེ་རྣམ་པར་སྨིན་པ་དགུ་རྣམ་པར་དག་པའི་གཟུགས་ཀྱིས་རྟག་ཏུ་གནས་པ། ཡེ་ཤེས་གསུམ་གྱི་མིང་གིས་བསྟན་པའི་བཅུ་
པ་མྱོང་བར་བྱེད་པ་སྟེ་དེ་དང་ལྷན་ཅིག་ཅེས་པ་ནི་འདི་ལྟ་སྟེ། ཕྱི་རོལ་གྱི་བུད་མེད་བདེ་བ་དམ་པའི་རྒྱུ་མ་ཡིན་པས་དེ་འདོད་ཆགས་ཀྱི་མཚན་ཉིད་ལྔ་དང་ལྡན་པར་བྱས་ནས་ས་བོན་གྱི་འོད་ཟེར་གྱིས་བསྐུལ་ཏེ། རང་གི་རིག་མ་ལ་གྲིབ་མ་ཐིམ་ནས་གཟོད་བདེ་བར་གཤེགས་པ་རྣམས་
མཉེས་པར་བྱའོ་ཞེས་མོས་པ་བསྐྱེད་ནས་རྡོ་རྗེ་དང་པདྨ་སྦྱོར་བ་བརྩམ་པར་བྱའོ། །རྗེས་སུ་མཉེས་པའི་སྔགས་ནི་ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ཎ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ་ཞེས་སོ། །གཞུང་དེ་ཡན་ཆད་ནི་སྦྱོར་བ་དང་པོ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལྟར་འབྲིང་ལ་གོམས་པས་
ཆེན་པོར་གྱུར་པར་བྱ་བའི་ཕྱིར་དཀྱིལ་འཁོར་རྒྱལ་བ་མཆོག་གསུངས་པ། ཐུགས་ཀྱི་ཞེས་པ་ལ་སོགས་པའོ། །ཐུགས་ཀྱི་ཞེས་པ་ནི་ཡེ་ཤེས་སེམས་དཔའི་ཐུགས་ཀྱི་ཟླ་བ་ལ་གནས་པའི་རལ་གྲིའི་ཡུ་བ་ཟླ་བ་ལ་བསྟེན་པའོ། །རང་གི་ས་བོན་ནི་ཐུགས་ཀྱི་ཟླ་བའི་སྔགས་ཏེ་དེའི་
འོད་ཀྱིས་ཞེས་ཏེ་ལྕགས་ཀྱུའི་རྣམ་པ་འཕྲོས་པས་ཞེས་སོ། །མ་ལུས་སངས་རྒྱས་ཚོགས་བཀུག་ཅེས་ཏེ་མི་བསྐྱོད་པ་ལ་སོགས་པ་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་གྱི་འཁོར་ལོ་བཀུག་ནས་རང་གི་ཞལ་དུ་ཞུགས་ཏེ། ཞུགས་ནས་ཧཱུཾ་གི་རྡོ་རྗེ་ཞེས་ཏེ་གོང་དུ་བསྐྱེད་པ་དེ་ལས་
བྱུང་བ་སྟེ་ཐོན་པར་བྱས་ནས་ཞེས་སོ། །ཇི་ལྟ་བུ་ཞེ་ན། དྲི་མ་མེད་པའི་བྱང་ཆུབ་ཀྱི་སེམས་དམ་པའི་ཡིད་ཅེས་ཏེ་ཟླ་བ་ཞུ་བའི་པདྨ་ལ་གནས་ཞེས་པ་ནི་ཟེའུ་འབྲུ་བུམ་པའི་ནང་དུ་ས་བོན་ལ་སོགས་པས་སྟོང་པ་ཟླ་བ་ཞུ་བའི་རྣམ་པ་སྟེ་ཆོ་ག་དང་པོའོ། །རང་གི་སྙིང་པོས་བསྐྱེད་པ་ཞེས་པ་

ནི་དེ་ཉིད་མཾ་གྱི་རྣམ་པའི་གཟུགས་རྣམས་སུ་གྱུར་པས་བསྐྱེད་པ་སྟེ་ཆོ་ག་གཉིས་པའོ། །ཐམས་ཅད་རང་གི་དཀྱིལ་འཁོར་ཞེས་པ་ནི་དེ་ཀུན་གནས་གྱུར་ནས་རང་གི་དཀྱིལ་འཁོར་ཏེ་གཙོ་བོ་མི་བསྐྱོད་པས་བྱས་པའི་ལྷའི་གཟུགས་སུ་བསམས་ནས་ཞེས་ཏེ་བྱང་ཆུབ་སེམས་དཔའི་
གཟུགས་ཉིད་ཀྱི་ཕྱིར་རོ། །དེ་ཉིད་ལྷའི་གཟུགས་སུ་གྱུར་པ་སྟེ་ཆོ་ག་གསུམ་པའོ། །བརྟན་པའི་སེམས་ཀྱིས་ཞེས་པ་ནི་མཉམ་པར་གཞག་པའི་སེམས་ཀྱིས་གསལ་པོར་མ་འཁྲུགས་པར་བྱས་ན་གོང་དུ་བསྐྱེད་པའི་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དེས་སེམས་ཅན་ལ་ཕན་གདགས་པར་བྱ་
བའི་ཕྱིར་དབྱུང་བར་བྱ་ཞེས་གདོན་པར་བྱ་བ་སྟེ་ཆོ་ག་བཞི་པ་གསུངས་སོ། །དེ་ཉིད་ཀྱང་གང་ཞེ་ན། བཛྲ་དྷྲྀཀ་ཅེས་པ་ལ་སོགས་པའོ། །དེ་ལ་ཕུང་པོ་ལྔ་དང་རིགས་ལྔ་དབྱེར་མེད་པའི་རྣམ་པར་དག་པའི་ནི་བཛྲ་སྟེ་དེ་འཛིན་པས་བཛྲ་དྷྲྀཀ་གོ། །དེས་བསྐུལ་ནས་ཐིམ་པར་བྱ་ཞེས་བྱ་བར་
སྦྱར་རོ། །ཐུགས་ཀྱི་རྡོ་རྗེ་ཞེས་བྱ་བ་ནི་མི་བསྐྱོད་པའོ། །འགྲོ་བའི་དོན་རབ་བྱེད་ཅེས་པ་ནི་དེ་འཕྲོས་པའི་གཟུགས་ཀྱི་ཤཱཀྱ་ཐུབ་པ་ལ་སོགས་པས་མཛད་པའི་ཆོས་བསྟན་པ་དང་སེམས་ཅན་ཐ་མལ་པས་འདུལ་བའི་གཟུགས་སུ་ཡང་བསྟན་པ་ལ་སོགས་པ་ཐམས་ཅད་བྱས་ནས་
ཁྱད་པར་དུ་སེམས་ཅན་ཀུན་ལ་མནར་སེམས་པའི་ཞེ་སྡང་ལས་རྣམ་པར་བཟློག་སྟེ། དེའི་མི་མཐུན་པའི་ཕྱོགས་དངོས་པོ་ཐམས་ཅད་ཁྱབ་བདག་ཏུ་གནས་པའི་ཞེ་སྡང་ལ་སྦྱར་ནས་ཆོས་རང་བཞིན་གྱིས་འོད་གསལ་བར་རྟོགས་པར་བྱས་པས། རྣམ་པར་ཤེས་པའི་ཕུང་པོ་
ལ་སོགས་པ་རྣམ་པར་དག་པའི་མཚན་ཉིད་དུ་བྱེད་པའོ། །ཇི་ལྟ་བུ་ཞེ་ན། གཡས་གཡོན་ཞེས་པ་ལ་སོགས་པའོ། །གཡས་དཀར་གཡོན་དམར་བ་སྐུ་དང་དབུས་ནོར་བུ་མཐིང་ག་ལྟ་བུ་ནག་པོར་གནས་པའོ། །མཆོག་གི་དང་པོ་ནི་དཔལ་རྡོ་རྗེ་སེམས་དཔའོ། །ཕྱག་དང་
ལྡན་པ་ཞེས་པ་ནི་ཕྱག་མཚན་དེ་དང་འདྲ་བ་སྟེ་རྡོ་རྗེ་དང་རལ་གྲི་དང་རིན་པོ་ཆེ་དང་པདྨའོ། །དེ་ཡང་རྡོ་རྗེ་སྔོན་པོ་ཁ་བྱེ་ཞེས་ཁྱད་པར་རོ། །དུ་མའི་འོད་ཟེར་ཚོགས་ཞེས་པ་ནི་ཁ་དོག་དུ་མའི་འོད་ཀྱི་ཚོགས་འཕྲོ་བ་གང་ལ་མངའ་བ་མི་བསྐྱོད་པ་དེ་ལ་དེ་སྐད་ཅེས་བྱའོ། །འདུས་ནས་ཞེས་པ་ནི་

དེ་ལྟ་བུ་དེས་གོང་དུ་སྨོན་པའི་ཕྲིན་ལས་མཛད་དེ་སྐུ་གཅིག་ཏུ་གྱུར་ནས་ཞེས་སོ། །དངོས་པོ་ཀུན་གྱིས་ཞེས་པ་ནི་སྐུ་དང་ཕྱག་མཚན་དང་གདན་ལ་སོགས་པ་དང་ལྡན་པར་ཤེས་སོ། །བློ་དང་ལྡན་པས་ཞེས་པ་ནི་ཐིམ་པ་དང་པོ་དང་། བྲལ་བ་སྟེ་དབྱེར་མེད་པའི་ཤེས་པའོ། །དེ་ནི་འོག་མ་རྣམས་ལ་
ཕལ་ཆེར་བསྒྲེ་བར་བྱའོ། །ཁྱད་པར་གང་ཡིན་བརྗོད་པར་བྱ་སྟེ་ཛི་ན་ཛིཀ་ཅེས་པ་ལ་སོགས་པའོ། །ཡོད་པ་ལ་སོགས་པའི་རྣམ་པ་དང་བྲལ་བ་འབྱུང་བ་ལ་སོགས་པའི་གཟུགས་ཀུན་བརྟགས་ཀྱི་བདག་ཉིད་དུ་མི་བསྐྱེད་པ་ནི་ཛི་ན་ཛིཀ་ཅེས་བྱའོ། །དེས་བསྐུལ་ནས་ཞེས་སོ། །ཇི་ལྟ་
བུ་ཞེ་ན། སྐུའི་རྡོ་རྗེ་སྟེ་རྣམ་པར་སྣང་མཛད་མདོག་དང་ཞལ་ལ་སོགས་པ་རྡོ་རྗེ་འཛིན་པ་དང་འདྲ་བ་དཀར་པོ་དང་ནག་པོ་དང་དམར་པོར་གནས་པའོ། །འཁོར་ལ་སོགས་ཞེས་པ་ནི་འཁོར་ལོ་དང་རལ་གྲི་དང་པདྨ་དང་རིན་པོ་ཆེ་བསྣམས་པའོ། །དེ་བཞིན་བསམ་ཞེས་པ་ནི་ཐུགས་ཀྱི་རྡོ་རྗེ་
ལྟར་བསྐུལ་ནས་འཕྲོ་བའི་གཟུགས་ཀྱིས་གོང་མ་ལྟ་བུའི་ཕྲིན་ལས་མཛད་དེ། ཁྱད་པར་དུ་སོགས་པ་ནི་ཤེས་པའི་གཏི་མུག་ལས་རྣམ་པར་བཟློག་སྟེ། དེའི་མི་མཐུན་པའི་ཕྱོགས་ཐམས་ཅད་ལ་ཁྱབ་པའི་ངོ་བོ་འབྱེད་པ་མེད་པའི་གཏི་མུག་ལ་སེམས་རྣམ་པར་སྦྱར་བར་གཟུགས་
ཀྱི་ཕུང་པོ་ལ་སོགས་པ་རྣམ་པར་དག་པའི་མཚན་ཉིད་དུ་བྱས་ནས་སླར་འདུས་ཏེ་ཤར་གྱི་སྣ་ཚོགས་པདྨའི་གདན་ལ་བསྒོམ་པར་བྱའོ་ཞེས་པའི་ཐ་ཚིག་གོ། །རཏྣ་དྷྲྀཀ་ཅེས་བྱ་བ་ནི་ཚིག་གི་དོན་ཐམས་ཅད་མཉམ་པ་ཉིད་ལས་ཕྱུང་བས་དེ་དང་ལྡན་པའི་སེམས་ནི་རཏྣ་དྷྲྀཀ་གོ། །དེས་བསྐུལ་
ནས་ཞེས་སོ། །རིན་ཆེན་དབང་ཕྱུག་ཅེས་པ་ནི་རིན་ཆེན་འབྱུང་ལྡན་ནོ། །ཞལ་རྣམས་གཞོན་ནུ་འདྲ་ཞེས་པ་ནི་གཡས་དང་གཡོན་པའི་ཞལ་ནི་འཇམ་དབྱངས་དང་འདྲ་སྟེ་ནག་པོ་དང་དཀར་པོ་དང་ངོ་། །བཙོ་མ་གསེར་འདྲ་ཞེས་པ་ནི་དབུས་ཀྱི་ཞལ་དང་སྐུའོ། །མརྒད་རིན་ཆེན་ལ་སོགས་ཞེས་
པ་ནི་མ་ར་ག་ཏ་ཟུར་དགུ་པ་དང་རལ་གྲི་དང་འཁོར་ལོས་མཛེས་པའི་ཕྱག་དྲུག་པ་སྟེ། དེས་གོང་མ་ལྟར་ཕྲིན་ལས་མཛད་ནས། ཁྱད་པར་དུ་ང་རྒྱལ་ལ་སོགས་པ་བདུན་ལས་རྣམ་པར་བཟློག་སྟེ་ཐམས་ཅད་ལ་རང་གི་ཡང་དག་པའི་ང་རྒྱལ་ཆེན་པོ་ལ་སྦྱར་བས་ཚོར་བའི་ཕུང་པོ་ལ་སོགས་པ་རྣམ་

པར་དག་པར་བྱས་ནས་སླར་འདུས་ཏེ་ལྷོ་ཕྱོགས་སུ་བསམ་ཞེས་བྱའོ། །ཨཱ་རོ་ལྀཀ་ཅེས་པ་ལ་སོགས་པས་མཚོན་པའི་འདོད་པ་དེ་ཡང་དག་པར་རིག་པའི་ཡིད་ནི་ཨཱ་རོ་ལྀཀ་ཅེས་བྱའོ། །དེས་བསྐུལ་ནས་ཞེས་བྱའོ། །པདྨ་རཱ་ག་ཞེས་པ་ནི་དབུས་ཀྱི་ཞལ་དང་སྐུའོ། །
ཞལ་གཉིས་དེ་དང་འདྲ་ཞེས་པ་ནི་རིན་ཆེན་འབྱུང་ལྡན་ལྟ་བུ་སྟེ་ནག་པོ་དང་དཀར་པོ་ལྟ་བུའོ། །འབར་བའི་འོད་ལྡན་ཞེས་པ་ནི་འབར་བའི་འོད་ལྡན་ཁ་དོག་སྣ་ཚོགས་འཕྲོ་བ་དང་ལྡན་པས་ན་དེ་སྐད་དོ། །པདྨ་རཱ་ག་ལ་སོགས་པ་ཞེས་པ་ནི་པདྨ་དང་རལ་གྲི་དང་འཁོར་ལོ་དང་རིན་པོ་ཆེ་བསྣམས་
པའི་ཕྱག་སྟེ་དེས་ཕྲིན་ལས་གོང་མ་ལྟ་བུ་རྣམ་པར་མཛད་ནས་ཁྱད་པར་དུ་ཉེ་བར་ལེན་པའི་ཕུང་པོ་ལྔ་ཞེན་པ་དང་ལྷག་པར་ཆགས་པའི་འདོད་ཆགས་བཟློག་སྟེ། དངོས་པོ་ཐམས་ཅད་ཀྱི་རང་བཞིན་ལ་མི་གཏོང་བའི་མཚན་ཉིད་ལ་སྦྱར་བས་འདུ་ཤེས་ཀྱི་ཕུང་པོ་ལ་སོགས་པ་རྣམ་པར་དག་
པར་བྱས་ནས་སླར་འདུས་ཏེ་ནུབ་ཏུ་བསམ་པར་བྱའོ་ཞེས་སོ། །པྲཛྙཱ་དྷྲྀཀ་ཅེས་པ་ནི་བསྒོམ་པ་ལ་སོགས་པས་རྣམ་པར་ཤེས་པ་གསལ་བར་བྱེད་པའི་ཤེས་རབ་འཛིན་པར་བྱེད་པས་ན་པྲཛྙཱ་དྷྲྀཀ་གོ། །དེས་བསྐུལ་ནས་ཞེས་བྱའོ། །མར་ག་ཏ་ཞེས་པ་ནི་སྐུ་དང་དབུས་ཀྱི་ཞལ་ལྗང་གུ་ཞེས་
སོ། །སྔོན་བཞིན་ཞེས་པ་ནི་གཡས་གཡོན་རིན་ཆེན་འབྱུང་ལྡན་ལྟ་བུ་ནག་པོ་དང་དཀར་པོ་ཞེས་སོ། །རལ་གྲི་ལ་སོགས་པ་ཞེས་པ་ནི་འཁོར་ལོ་དང་པདྨ་དང་རིན་པོ་ཆེ་དང་ལྡན་པའོ། །དེས་ཕྲིན་ལས་གོང་མ་བཞིན་མཛད་ནས་གཞན་གྱི་ཕུན་སུམ་ཚོགས་པ་ལ་སེམས་ཁོང་
ནས་འཁྲུགས་པའི་ཕྲག་དོག་ལས་རྣམ་པར་བཟློག་སྟེ་ཐེག་པ་དམན་པ་ལ་ཞུགས་པ་རྣམས་ལ་སྐབས་མི་སྦྱིན་པའི་ཕྲག་དོག་ཆེན་པོ་ལ་སྦྱར་བས་འདུ་བྱེད་ཀྱི་ཕུང་པོ་ལ་སོགས་པ་རྣམ་པར་དག་པར་བྱས་ནས་སླར་འདུས་བྱས་སུ་བསམ་ཞེས་སོ། །དེ་ནི་དེ་རྣམས་ཀྱི་ཏིང་ངེ་འཛིན་གྱི་ཁྱད་པར་
གཞན་གསུངས་པ། མཛེས་པའི་ཞེས་པ་ལ་སོགས་པའོ། །མཛེས་པའི་རལ་གྲི་ནི་འོད་དང་ལྡན་པའི་སྐྲ་བཅིངས་པའི་ངང་ཚུལ་དུ་གནས་པའོ། །རིན་ཆེན་མཆོག་འོད་ཅེས་པ་ནི་རིན་ཆེན་སྣ་ཚོགས་ཀྱིས་སྤྲས་པའི་དབུ་རྒྱན་པྲོག་ཟེའུ་ཚུལ་དུ་གནས་པས་རྣམ་པར་བརྒྱན་པ་ཞེས་ཏེ་དབུ་བརྒྱན་

པའོ། །དེ་ཐམས་ཅད་ཀྱང་རིག་དང་བཅས་པ་སྟེ་དེ་བས་ན་དང་པོ་གཉིས་ཀྱིས་འཁྱུད་ཅིང་མ་མཆུ་འཛིན་པའོ། །ལུས་ཐམས་ཅད་ཅེས་པ་ནི་རིན་ཆེན་འབྱུང་ལྡན་དང་སྣང་བ་མཐའ་ཡས་དང་དོན་ཡོད་གྲུབ་པ་སྟེ། ཉི་མའི་དཀྱིལ་འཁོར་ལ་ནི་བསམ། །ཞེས་པ་སྟེ་སྣ་ཚོགས་པདྨའི་སྟེང་དུ་ཉི་
མའི་དཀྱིལ་འཁོར་ལ་ནི་བསམ་པའོ། །རྣམ་པར་སྣང་མཛད་ཀྱང་ལུས་ཅན་ཡིན་མོད་ཀྱི་གོང་དུ་ཟླ་བའི་དཀྱིལ་འཁོར་བསམ་པར་བྱ་ཞེས་པས་གསལ་ལོ། །དེ་བས་ན་སྒྲ་ལ་སྤྱོད་པས་ཀྱང་སྤྱི་འགྲོ་དམིགས་ཀྱིས་བཀག་པ་ནི། རབ་བྱེད་རྣམས་ལ་ཤིན་ཏུ་གཅེས། །ཞེས་སོ། །དེ་བས་ན་དེ་
རྣམས་རྒྱབ་རྟེན་ཡང་དེ་དང་འདྲ་བར་ཤེས་པར་བྱའོ། །མོ་ཧ་ར་ཏི་ཞེས་པ་ནི་ཆོས་ཀྱི་དབྱིངས་གཉིས་སུ་མེད་པའི་ལོངས་སྤྱོད་ཅིང་འབྲས་བུ་འབྱིན་པ་མོ་ཧ་ར་ཏི་ཞེས་སོ། །དེས་སྤྱན་མ་བསྐུལ་ཞེས་སོ། །མཆོག་གི་ཞེས་པ་ནི་ས་དང་སྙིང་རྗེ་དང་ཐབས་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པས་
དེས་དེ་སྐད་དོ། །འཇོ་སྒེག་ཅེས་པ་ནི་ལྷའི་བུ་མོའི་ཆ་ལུགས་འཛིན་ཅིང་སྒེག་པའི་རོས་རྣམ་པར་བརྒྱན་པས་ནའོ། །སྐུའི་རྡོ་རྗེ་འདྲ་ཞེས་པ་ནི་སྐུ་མདོག་དང་མཚན་ཐམས་ཅད་ཅེས་སོ། །དེས་གོང་མ་ལྟར་ཕྲིན་ལས་མཛད་ནས་ཁྱད་པར་དུ་ཐབས་དང་བྲལ་བ་ལ་སོགས་པ་དེ་དང་མཛད་
པས་ས་ལ་སོགས་པ་རྣམས་དག་པར་བྱས་ནས་སླར་འདུས་ཏེ་མེའི་མཚམས་སུ་སྣ་ཚོགས་པདྨའི་སྟེང་དུ་ཟླ་བ་གང་བའི་དཀྱིལ་འཁོར་ལ་གནས་ཏེ་ཞི་བའི་ཕྲིན་ལས་མཛད་པར་བསམ་པར་རོ། །དྭེ་ཥ་ར་ཏི་ཞེས་པ་ནི་གཉིས་སུ་མེད་པའི་ཡེ་ཤེས་གང་གི་ཕྱོགས་ཐམས་ཅད་དུ་འབྱོར་
བ་དེས་འབྲས་བུ་རྫོགས་པར་བྱེད་པས་ན་དྭེ་ཥའོ། །དེས་མཱ་མ་ཀཱི་བསྐུལ་ནས་ཞེས་སོ། །ཐུགས་ཀྱི་དབང་ཕྱུག་ཅེས་པ་ནི་མི་བསྐྱོད་པ་ལྟ་བུའི་སྐུ་མདོག་དང་མཚན་མའི་ལྷ་འདྲ་ཞེས་སོ། །དགའ་ཆེན་སྤྲོས་པ་ཞེས་པ་ནི་གཉིས་སུ་མེད་དགའ་བ་ལ་སྤྲོས་པའི་ཚུལ་ཏེ་སྟེག་པ་ལ་སོགས་
པའོ། །མཆོག་ཅེས་པ་ནི་ཆུ་དང་བྱམས་པ་དང་སྨོན་ལམ་གྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་གོ། །དེས་ཕྲིན་ལས་གོང་མ་ལྟར་མཛད་ནས་ཁྱད་པར་དུ་སྨོན་ལམ་གྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་དང་བྲལ་བ་ལ་དེ་དང་ལྡན་པར་མཛད་པས་ཆུ་ལ་སོགས་པ་རྣམ་པར་འདུས་ཏེ་བདེན་བྲལ་གྱི་གྲྭ་ལ་སྣ་

ཚོགས་པདྨའི་སྟེང་ཟླ་བའི་དབུས་སུ་སྒེག་པའི་ཚུལ་དུ་གནས་ནས་སྲུང་བའི་ལས་མཛད་པར་བསམ་མོ། །རཱ་ག་ར་ཏི་ཞེས་པ་ནི་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་རང་བཞིན་མི་གཏོང་བས་འབྲས་བུ་ལོངས་སྤྱོད་པས་ན་རཱ་ག་ར་ཏིའོ། །དེས་གོས་དཀར་མོ་བསྐུལ་ནས་
ཞེས་སོ། །གསུང་དབང་དྲི་མེད་སྐུ་མེད་པ་ནི་སྐུ་མདོག་དང་ཕྱག་མཚན་དེ་དང་འདྲའོ། །མཆོག་ཅེས་པ་ནི་མེ་དང་དགའ་བ་དང་སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པའི་རང་བཞིན་ནོ། །མཐའ་ཡས་ཡོན་ཏན་རིན་ཆེན་མ། །ཞེས་པ་ནི་མཐའ་ཡས་པའི་ཡོན་ཏན་ཉིད་རིན་པོ་ཆེ་སྟེ་
སྟོབས་ལ་སོགས་པའོ། །དེ་འདིར་རྒྱས་པར་བྱེད་པས་ན་དེ་སྐད་དོ། །དེས་ཕྲིན་ལས་གོང་མ་ལྟར་ཁྱད་པར་གྱི་སྟོབས་ལ་སོགས་པ་དང་བྲལ་བའི་སེམས་ཅན་དེ་དང་ལྡན་པར་བྱས་ནས་མེ་ལ་སོགས་པ་རྣམ་པར་དག་པར་བྱས་ནས་སླར་འདུས་ཏེ། རབ་གཡེང་ཞེས་ཏེ་རླུང་གི་ཕྱོགས་སུ་སྣ་
ཚོགས་པདྨའི་སྟེང་དུ་ཟླ་བའི་དབུས་སུ་རྒྱས་པའི་ལས་མཛད་པར་བསམ་མོ། །བཛྲ་རཱ་ཏི་ཞེས་པ་ནི་གཉིས་སུ་མེད་པའི་ཡེ་ཤེས་དེ་ཁོ་ནས་འབྲས་བུ་ལ་ལོངས་སྤྱོད་པས་བཛྲ་ར་ཏི་ཞེས་སོ། །དེས་སྒྲོལ་མ་བསྐུལ་ནས་ཞེས་སོ། །རིན་ཆེན་དབང་ཕྱུག་འདྲ་བ་ཞེས་པ་ནི་སྐུ་མདོག་གོ། །
མཚན་མའི་ལྷག་མ་ནི་རང་གི་གཙོ་བོ་འདྲའོ། །དྲི་མེད་རིན་ཆེན་འོད་ཅེས་པ་ནི་དྲི་མ་མེད་པའི་འོད་ཟེར་གྱིས་ཕྱོགས་ཐམས་ཅད་ཁེངས་ཤིང་སྒྲིབ་པའི་ཚུལ་དུ་གནས་པའོ། །དེས་ཕྲིན་ལས་གོང་མ་ལྟར་མཛད་ནས་ཁྱད་པར་དུ་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་དང་བྲལ་བའི་
སེམས་ཅན་དེ་དང་ལྡན་པར་བྱས་ནས་སླར་འདུས་ཏེ། དབང་ལྡན་གྱི་གྲྭར་སྣ་ཚོགས་པདྨའི་སྟེང་དུ་ཟླ་བའི་དབུས་སུ་དབང་གི་ལས་བྱེད་པར་བསམ་མོ། །དེ་རྣམས་ཀྱི་མཚན་མ་བསྟན་པ་ནི་དམ་པའི་འཁོར་ལོ་ཞེས་པ་ལ་སོགས་པའོ། །ལྷག་མའི་མཚན་མ་བདག་པོ་བཞིན་དུ་འདོད། །
ཅེས་པ་ནི་སྤྱན་མའི་ཕྱག་མཚན་ལྷག་མ་ནི་རལ་གྲི་དང་པདྨ་དང་རིན་པོ་ཆེའོ། །མཱ་མ་ཀཱི་ཡང་དེའི་གོས་དཀར་མོ་ནི་རལ་གྲི་དང་འཁོར་ལོ་དང་རིན་པོ་ཆེའོ། །སྒོ་སྲུང་མའི་རལ་གྲི་དང་པདྨ་དང་རིན་པོ་ཆེའོ། །དེ་ཉིད་གསུམ་ཞེས་པ་ནི་ཐུན་མོང་གི་སྔགས་ཏེ་ལྷ་མོ་དྲུག་དབྱུང་བའོ། །དེ་བས་ན་

ལེའུ་བཅོ་བརྒྱད་པ་ལས། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ལས། །བདག་ཉིད་ཆེན་པོ་འབྱུང་བ་ཡིན། །ཞེས་པའི་ཕྱིར་དབྱུང་བར་བྱ་སྟེ་ཁྱད་པར་གྱི་སྔགས་མ་སྨོས་པའི་ཕྱིར་རོ། །དེ་གང་ཞེ་ན། གཟུགས་སོགས་ལྷ་མོ་རྡོ་རྗེ་ལྷ་མོ་ཞེས་ཏེ་རྣམ་པ་དྲུག་གོ། །སྐུ་ལ་སོགས་ཞེས་པ་ནི་གོ་རིམས་
བཞིན་དུ་སྐུ་རྡོ་རྗེ་དང་རིན་ཆེན་དབང་ཕྱུག་དང་། གསུང་རྡོ་རྗེ་དང་དོན་ཡོད་གྲུབ་པ་དང་རྡོ་རྗེ་སེམས་དཔའ་སྐུ་མདོག་དང་ཕྱག་མཚན་ལྷག་མ་འདྲ་བ་སྟེ་གཙོ་བོའི་ཕྱག་མཚན་མེ་ལོང་དང་པི་ཝང་དང་དུང་ཕོར་དང་སྤྱན་དང་གོས་དང་ཆོས་འབྱུང་བསྣམས་པའོ། །དེའི་དོན་ནི་འདི་ལྟ་སྟེ། ཨོཾ་
ཨཱཿཧཱུྃ་ཞེས་པའི་སྔགས་ཀྱིས་རིམ་པ་གཅིག་ཏུ་མ་ཡིན་གཟུགས་རྡོ་རྗེ་ལ་སོགས་པའོ། །སྐུ་རྡོ་རྗེ་ལ་སོགས་པ་དང་འདྲ་བས་ཕྱུང་སྟེ་ཕྲིན་ལས་གོང་མ་ལྟར་མཛད་ནས་ཁྱད་པར་དུ་སྦྱིན་པ་ལ་སོགས་པ་དང་བྲལ་བའི་སེམས་ཅན་དེ་དང་ལྡན་པར་བྱས་ནས་སླར་འདུས་ཏེ། ཇི་སྐད་དུ་
གསུངས་པའི་ཕྱིའི་དཀྱིལ་འཁོར་གྱི་མེ་མཚམས་ལ་སོགས་པའི་གྲྭར་སྣ་ཚོགས་པདྨའི་སྟེང་དུ་ཟླ་བའི་དབུས་སུ་བསམ་པས་བྱའོ། །ད་ནི་ཡིད་ཆེས་པའི་དད་པ་ལ་སོགས་པ་རྣམ་པར་དག་པའི་མཚན་ཉིད་ཅེས་བྱ་བའི་སྒྲིབ་པ་ལ་སོགས་པ་བཀག་པ་པོའི་གཏི་མུག་ལ་
སོགས་པའི་གཉེན་པོ་བསྲུང་བ་དང་དགུག་པ་ལ་སོགས་པའི་དོན་དུ་སྒོ་སྲུང་དབྱུང་བའོ། །ཤར་གྱི་སྒོར་ཞེས་པ་ལ་སོགས་པའོ། །ཡ་མཱནྟ་ཀྲྀཏ་ཆོས་ཐམས་ཅད་ཀུན་བརྟགས་ཀྱི་མཚན་ཉིད་མི་སྐྱེ་བའི་ཕྱིར་ན་མི་འཇིགས་པའི་ངོ་བོ་སྟེ་དངོས་པོ་ཐམས་ཅད་དེ་ལས་མི་འདའ་བའི་དོན་
གྱིས་ན་དེ་སྐད་དོ། །ཅིའི་ཕྱིར་ཞེ་ན། བཟུང་བར་རྟོག་པ་ནི་ཡ་མའོ། །དེ་ཉིད་དད་པས་མེད་པར་བྱེད་པས་ན་ཏ་ཀྲྀཏ་ཅེས་སོ། །དེས་བསྐུལ་ནས་ཞེས་སོ། །ཅི་འདྲ་བ་ཞེ་ན། མཐའ་ཡས་ལ་ཚད་མེད་ལ་འཇིགས་ཤིང་སྐྲག་ཏུ་རུང་བའི་འོད་ཀྱི་ས་ཕྱོགས་ཐམས་ཅད་དུ་ཁྱབ་པ་
གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །དུས་མཐའ་ཞེས་པ་ནི་བསྐལ་པ་འཇིག་པའི་དུས་སོ། །དེའི་དུས་ཀྱི་དྲག་པོའི་སྤྲིན་ནི་ཁ་དོག་ནག་པོ་སྟེ་དེའི་དཀྱིལ་འཁོར་ནི་ཕུང་པོའི་ཚོགས་ཏེ་དེ་དང་འདྲ་བའི་དངོས་པོ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །ཐུགས་བདག་རྒྱལ་པོ་ཞེས་པ་

ནི་མི་བསྐྱོད་པའོ། །དེ་དང་མཉམ་པའི་སྐུ་མདོག་མངའ་བ་སྟེ་ནག་པོ་དང་དཀར་པོ་དང་དམར་པོ་འོད་དཔག་མེད་ཁྲོ་བོ་རིགས་ཀྱི་འོད་ཕྱུང་བ་ཞེས་པ་ནི་དཔག་ཏུ་མི་བཟད་པའི་ཁྲོ་བའི་ཚོགས་སྐུ་ལས་འཕྲོ་བ་དང་ལྡན་པས་ན་དེ་སྐད་དོ། །གཤིན་རྗེ་མཐར་བྱེད་ཅེས་པ་ནི་མ་དད་པ་
དང་བཟུང་བ་དང་གཏི་མུག་དག་དང་ཤེས་བྱའི་སྒྲིབ་པ་དང་ཕུང་པོའི་བདུད་ནི་གཤིན་རྗེའོ། །དེ་ཉིད་དག་པས་ན་མཐར་བྱེད་དོ། །གདུག་པའི་སྦྲུལ་གྱིས་སྐུ་ལ་བརྒྱན། །ཞེས་པ་ནི་མ་རིག་པས་བདག་པོ་བྱས་པའི་ཀུན་དུ་སྦྱོར་བ་དགུ་རྣམ་པར་དག་པ་ཀླུ་བརྒྱད་ལྕེ་རྣམ་པར་བསྐྱོད་པ་དང་
ལྡན་ཞིང་ལྡེངས་ཀ་རྣམ་པར་གཡོ་བ་ཀླུ་བརྒྱད་ཀྱིས་དབུ་ལ་སོགས་པ་རྣམ་པར་བརྒྱན་པའོ། །དེ་ལ་ཁོང་ཁྲོའི་ཀུན་དུ་སྦྱོར་བ་སེམས་ཅན་ལ་མནར་སེམས་པའི་ངོ་བོ་རྣམ་པར་དག་པ་མཐའ་ཡས་ནག་པོས་དབུའི་རལ་བ་བཅིངས་པ། དེ་བཞིན་དུ་འདོད་ཆགས་ཀྱི་ཀུན་དུ་སྦྱོར་བ་ཉེ་བར་
ལེན་པའི་ཕུང་པོ་ལྔ་ལ་ཆགས་ཤིང་ཞེན་པ་དེ་རྣམ་པར་དག་པ་འཇོག་པོ་དམར་པོས་སྙན་ཆ་བྱས་པ་ཡིན་ནོ། །ང་རྒྱལ་<ཀྱི་‚གྱི་>ཀུན་དུ་སྦྱོར་བ་རྣམ་པ་བདུན་སེམས་ཁེངས་ཤིང་མི་གུས་པ་དང་སྡུག་བསྔལ་འབྱུང་བ་དེ་རྣམ་པར་དག་པ་པདྨ་ཆེན་པོ་དཀར་པོས་དོ་ཤལ་བྱས་པ་ཡིན་ནོ། །
ཕྲག་དོག་གི་ཀུན་དུ་སྦྱོར་བ་གཞན་གྱིས་ཕུན་སུམ་ཚོགས་པ་ལ་སེམས་འཁྲུགས་པའི་ངོ་བོ་དེ་རྣམ་པར་དག་པ་ཀརྐོ་ཊ་ལྗང་གུས་ཚངས་པའི་སྐུད་པ་བྱས་པ་དང་། སེར་སྣའི་ཀུན་དུ་སྦྱོར་བ་སེམས་ཀྱིས་ཀུན་ནས་འཛིན་པའི་མཚན་ཉིད་དེ། དེ་རྣམ་པར་དག་པ་རིགས་ལྡན་ཁ་དོག་
སྣ་ཚོགས་པས་དབུ་རྒྱན་བྱས་པ་དང་། ལྟ་བའི་ཀུན་དུ་སྦྱོར་བ་འཇིག་ཚོགས་ལ་ལྟ་བ་ལུས་ལ་མཆོག་ཏུ་ལྟ་བ་དང་། མཐར་འཛིན་པར་ལྟ་བ་དང་། ནང་ལ་མཆོག་ཏུ་ལྟ་བ་དང་། ལོག་པར་ལྟ་བ་སྐུར་པ་འདེབས་པའི་རྣམ་པར་དག་པ་དུང་སྐྱོང་སེར་པོས་ཕྱག་གདུབ་བྱས་པ་ཡིན་ནོ། །
སྤྱོད་པའི་ཀུན་དུ་སྦྱོར་བ་ལྟ་བུ་མཆོག་ཏུ་འཛིན་པའི་ལྟ་བ་དང་སྤྱོད་པ་དང་ཚུལ་ཁྲིམས་དང་། བརྟུལ་ཞུགས་མཆོག་ཏུ་འཛིན་པ་རབ་ཏུ་བྱུང་བའི་མཚན་མ་སྤྱོད་པའི་དེ་རྣམ་པར་དག་པ་ནོར་རྒྱས་དཀར་པོས་འོག་པག་བྱས་པ་ཡིན་ནོ། །ཐེ་ཚོམ་གྱིས་ཀུན་དུ་སྦྱོར་བ་བདེན་པ་ལ་སོགས་

པ་ལ་ཡིད་གཉིས་ཟ་བའི་ངོ་བོ་དེ་རྣམ་པར་དག་པ་པདྨ་དཀར་པོས་རྐང་གདུབ་བྱས་པ་ནི་གདུག་པའི་སྦྲུལ་གྱིས་སྐུ་ལ་བརྒྱན་ཞེས་ཏེ། ཁྲོ་བོ་ལྷག་མ་རྣམས་ལ་ཡང་རྟོགས་པར་བྱའོ། །དེ་ལྟ་བུ་དེས་འཕྲོས་པས་གོང་མ་ལྟར་ཕྲིན་ལས་མཛད་ནས་ཁྱད་པར་དུ་མ་དད་པ་ལ་སོགས་པ་
བཅོམ་པར་བྱས་ནས་ཤེས་བྱའི་སྒྲིབ་པ་དག་པར་བྱས་ནས་སླར་འདུས་ཏེ་ཤར་གྱི་སྒོར་སྣ་ཚོགས་པདྨའི་སྟེང་དུ་ཉི་མའི་གདན་ལ་གནས་པར་བྱའོ། །པྲཛྙཱནྟ་ཀྲྀཏ་ཅེས་པ་ནི་ཆོས་ཉིད་ཀྱིས་རྣམ་པར་དག་པའི་ངོ་བོ་འདི་ཉིད་མི་ཤེས་པ་སྟེ་འཛིན་པའི་བདག་ཉིད་མ་ཡིན་པས་པྲཛྙཱནྟ་
ཀྲྀཏ་དོ། །དེ་བརྩོན་འགྲུས་ཀྱི་ངོ་བོ་པྲཛྙཱ་དེའི་སྐྱོན་ཁོ་ན་ཏ་ཀྲྀཏ་ཅེས་སོ། །དེས་བསྐུལ་ནས་ཞེས་སོ། །བླ་ན་མེད་པར་ལྡན་པ་ཞེས་པ་འགྲོ་བ་མ་ལུས་པའི་འོད་གསལ་མངའ་བ་དེ་ལ་དེ་སྐད་ཅེས་བྱའོ། །ཕྱག་སོགས་སྐུ་ཡི་དབང་ཕྱུག་འདྲ། །ཞེས་པ་ནི་རྣམ་པར་སྣང་མཛད་དང་
ཕྱག་དང་ཞལ་ལ་སོགས་འདྲ་སྟེ་དཀར་པོ་དང་ནག་པོ་དང་དམར་པོའོ། །དྲག་པོ་ཞེས་པ་ནི་མངོན་སུམ་དུ་གཏུམ་པར་སྣང་བ་སྟེ་ཞལ་དགོད་པ་དང་གདངས་པ་དང་མཆེ་བ་གཙིགས་པ་དང་ཁྲོ་བ་དང་གསུས་པ་ཆེ་ཞིང་ཡངས་པ་དང་། དབུ་སྐྲ་དམར་སེར་གྱེན་དུ་བརྫེས་པ་ལ་སོགས་པར་
སྣང་བས་དྲག་པོའོ། །འདི་ནི་ཁྲོ་བོ་ལྟག་འོག་ཏུ་སྦྱར་བར་བྱའོ། །གཞན་གྱིས་མི་ཐུབ་ཅེས་པ་ནི་ཉོན་མོངས་པའི་བདུད་ལ་སོགས་པས་དེ་སྐད་དོ། །དེ་ལྟ་བུ་འཕྲོས་པས་གོང་མ་ལྟར་ཕྲིན་ལས་མཛད་ནས་ཁྱད་པར་དུ་ལེ་ལོ་ལ་སོགས་པ་བཅོམ་པར་བྱས་ནས་ཉོན་མོངས་པའི་སྒྲིབ་པ་དག་པར་
བྱས་ནས་སླར་འདུས་ཏེ་ལྷོ་ཕྱོགས་ཀྱི་སྒོར་སྣ་ཚོགས་པདྨའི་སྟེང་དུ་ཉི་མའི་དཀྱིལ་འཁོར་ལ་ཉི་མའི་འོད་ཀྱིས་བསྐོར་ནས་བཞུགས་པར་བསམ་མོ། །གཞན་རྣམས་ནི་མེ་ལྟ་བུའི་འོད་ཀྱིས་སོ། །པདྨཱནྟ་ཀྲྀཏ་ཅེས་པ་ནི་ཚིག་དང་ཚིག་བྱ་དང་བྲལ་བའི་ཕྱིར་ཆོས་ཐམས་ཅད་བརྗོད་དུ་མེད་པ་སྟེ་
དེ་ལྟ་བུའི་ཡུལ་ཅན་དྲན་པ་ནི་པདྨ་སྟེ། དེ་ཉིད་མི་དྲན་པ་ལ་སོགས་པའི་སྐྱོན་མེད་པར་བྱེད་པས་ཏ་ཀྲྀཏ་དོ། །དེས་བསྐུལ་ནས་ཞེས་སོ། །འོད་ཟེར་འཁྲིགས་པས་ཕྱོགས་འཁོར་བ། །ཞེས་པ་ནི་ཕྱོགས་ཐམས་ཅད་དུ་ཡེ་ཤེས་ཀྱི་འོད་ཟེར་འཕྲོ་བས་བསྒྲིབས་པས་ཤིན་ཏུ་མི་གསལ་བས་

ན་དེ་སྐད་དོ། །འོད་མདངས་འཇིག་པའི་མེ་ལྟར་ཞེས་པ་ནི་འོད་ཀྱི་ཚོགས་ཀྱིས་བསྐལ་པ་འཇིག་པའི་དུས་ཀྱི་མེ་ལྟར་ཤིན་ཏུ་ཡང་འཇིགས་པར་བྱེད་པའི་གཟུགས་སུ་གནས་པ་ལ་དེ་སྐད་དོ། །ཕྱག་སོགས་གསུང་གི་རྡོ་རྗེ་འདྲ། །ཞེས་པ་ནི་ཕྱག་ལ་སོགས་པ་སྣང་བ་མཐའ་
ཡས་འདྲ་བ་སྟེ། དམར་པོ་དང་དཀར་པོ་དང་ནག་པོར་གནས་པའོ། །གདུག་པ་དུ་མ་འཇིགས་བྱེད་ཞལ། །ཞེས་པ་ནི་བགེགས་ལ་སོགས་པ་དུ་མ་རྣམ་པར་འཇིགས་པར་བྱེད་པའི་ཞལ་ལ་དེ་སྐད་དོ། །ཞལ་ནས་ཅི་མཛད་ཅེ་ན། ཧ་ཧས་བཞད་པས་ཞེས་བྱའོ། །དེ་ཡང་གསངས་མཐོ་བའི་ཧ་ཧས་
བཞད་པས་རིའི་རྒྱལ་པོ་བསྒྱེལ་བར་མཛད་ཅིང་། ཤཱཀྱ་ཐུབ་པ་ལ་སོགས་སྐྲག་པར་མཛད་པས་དེ་སྐད་དོ། །འདི་ནི་ཁྲོ་བོ་ལྟག་འོག་ཏུ་སྦྱར་བྱའོ། །དེ་ལྟ་བུ་འཕྲོས་པས་ཕྲིན་ལས་གོང་མ་ལྟར་མཛད་ནས་ཁྱད་པར་དུ་བརྗེད་ངས་པ་ལ་སོགས་པ་བསལ་བས་སྐྱེ་བོའི་སྒྲིབ་པ་བཅོམ་པར་བྱས་ནས་
སླར་འདུས་ཏེ། ནུབ་ཀྱི་སྒོར་སྣ་ཚོགས་པདྨའི་སྟེང་ན་ཉི་མའི་གདན་ལ་བསམ་པར་བྱའོ། །བིགྷ་ནཱནྟ་ཀྲྀཏ་ཅེས་པ་ནི་གཟུང་བ་དང་འཛིན་པ་དང་ཚིག་དང་བྱ་བ་དང་བྲལ་བའི་ཕྱིར་རྣམ་པར་མི་རྟོག་པའི་ཆོས་ལ་རྩེ་གཅིག་པའི་མཚན་ཉིད་ཀྱིས་གཟུང་བ་ལ་སོགས་པའི་བིགྷ་ནཱན་མེད་པར་བྱེད་པས་ན་ཏ་ཀྲྀཏ་
ཏོ། །དེས་བསྐུལ་ནས་ཞེས་སོ། །ཞལ་སོགས་མི་བསྐྱོད་འདྲ་ཞེས་པ་ནི་ཞལ་སོགས་པ་མི་བསྐྱོད་པ་དང་འདྲ་ཞེ་ན་ནག་པོ་དང་དཀར་པོ་དང་དམར་པོའོ། །ཟད་དུས་མེ་ལྟར་དྲག་ཅེས་པ་ནི་བསྐལ་པ་ཟད་པའི་དུས་ཀྱི་མེ་ལྟར་ཤིན་ཏུ་དྲག་ཅིང་རྣོ་བར་སྣང་བ་དྲག་པའོ། །འཕགས་པ་ཞེས་པ་ནི་དབང་
ལ་སོགས་པས་སྡིག་པའི་ཆོས་ལས་རིང་དུ་གྱུར་པས་ནའོ། །འདི་ནི་ཁྲོ་བོ་ལྟག་འོག་ཏུ་སྦྱར་བར་བྱའོ། །བདུད་རྩི་འཁྱིལ་པ་ཞེས་པ་ནི་རྣམ་པར་རྟོག་པའི་ཤི་བ་དང་བྲལ་བར་བྱེད་པའི་ཏིང་ངེ་འཛིན་ལ་དེ་སྐད་ཅེས་བྱའོ། །དང་པོ་ཞེས་པ་ནི་བགེགས་རྣམས་འཇིགས་པར་མཛད་པས་ནའོ། །དེ་
འཕྲོས་པས་གོང་མ་ལྟར་འཕྲོས་ཕྲིན་ལས་མཛད་ནས་ཁྱད་པར་དུ་རྣམ་པར་གཡེང་བ་ལ་སོགས་པ་བསལ་བར་བྱས་པས་ལས་ཀྱི་སྒྲིབ་པ་བཅོམ་པར་བྱས་ནས་སླར་འདུས་ཏེ་བྱང་གི་སྐོར་སྣ་ཚོགས་པདྨ་དང་ཉི་མའི་དབུས་སུ་བསམ་པར་བྱའོ། །ཁྲོ་བོ་དེ་དག་ནི་གཡས་བསྐུམ་གཡོན་པ་བརྐྱང་བའི་ཚུལ་

དུ་གནས་པ། བདེ་བར་གཤེགས་པ་དང་སེམས་མ་རྣམས་ནི་རྡོ་རྗེ་སྐྱིལ་མོ་ཀྲུང་གིས་ཤིན་ཏུ་བརྟན་པར་གནས་པའོ། །ཁྲོ་བོ་འདི་རྣམས་དབང་བསྐུར་བའི་དུས་སུ་