Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 43

Văn bản gốc(Tây Tạng)

Trang 11 / 15 (50.000 ký tự/trang)
དབུ་རྒྱན་བདག་པོ་བསྟན་པའི་ཕྱིར་རྣམ་པར་སྣང་མཛད་ཅེས་པ་ལ་སོགས་པའོ། །རིམ་བཞིན་ནོ་ཞེས་པ་ནི་འདིར་སྦྱར་བར་བྱའོ། །དེ་བཞིན་ཕྱག་མཚན་
གྱི་གཙོ་བོ་ཡང་ཐོ་བ་བེ་ཅོན་ཞེས་པ་ལ་སོགས་པའོ། །སོགས་པའི་སྒྲས་ཕྱག་མཚན་ལྷག་མ་བདག་པོ་དང་མཐུན་པའོ། །དེ་ལྟར་བསྐྱེད་པའི་དཀྱིལ་འཁོར་བྱིན་གྱིས་བརླབ་པའི་ཕྱིར་ཡེ་ཤེས་ཀྱི་དཀྱིལ་འཁོར་སྤྱན་དྲང་བ་གསུངས་པ་དེ་ལྟར་ཞེས་པ་ལ་སོགས་པའོ། །དེ་ལྟར་རྫོགས་པར་བསྐྱེད་པ་ཞེས་
པ་ནི་དམ་པའི་དཀྱིལ་འཁོར་གོང་མ་ལྟར་རྣམ་པར་བསྐྱེད་པའོ། །དེ་མངོན་སུམ་བཞིན་དུ་གསལ་པོར་བསམས་ནས་སོ། །གང་གིས་ཤེ་ན། དངོས་པོ་ཐམས་ཅད་ཅེས་ཏེ་སྐུ་མདོག་དང་ཕྱག་མཚན་དང་རྒྱན་དང་གདན་ལ་སོགས་པ་ཐམས་ཅད་ཀྱིས་གསལ་བར་བྱས་ནས་ཞེས་སོ། །དེ་བྱིན་གྱིས་བརླབ་
པར་བྱ་བའི་ཕྱིར་སྙིང་པོ་ཞེས་སོ། །དེ་ཡང་རང་གི་ཐུགས་ཀའི་ཡེ་ཤེས་སེམས་དཔའི་སྙིང་པོ་ལས་འོད་ཟེར་ལྕགས་ཀྱུ་ལྟ་བུ་རྣམ་པར་འཕྲོས་པས་གཤིན་རྗེའི་གཤེད་ལ་སོགས་པ་བསྐུལ་ནས་གཤིན་རྗེའི་གཤེད་ཀྱིས་རང་གི་ལས་བསྒྲུབ་པའི་ཕྱིར་ཛཿཞེས་བརྗོད་དོ། །དེའི་ཐུགས་ཀ་ནས་
འཕྲོས་པའི་ཁྲོ་བོ་ལྕགས་ཀྱུ་ཐོགས་པས་བགེགས་རྣམས་བསྐྲད་ནས། ལྕགས་ཀྱུས་བདེ་བར་གཤེགས་པ་རྣམས། །ཞེས་ཏེ་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་གྱི་འཁོར་ལོ་སྤྱན་དྲངས་པར་བསྒོམ་པར་བྱའོ། །ཐབས་དང་ཤེས་རབ་ཞེས་ཏེ་ཐབས་དང་ཤེས་རབ་ཀྱི་གཟུགས་སུ་སྣང་བ་སྔོན་དུ་སོང་
བའི་རྒྱུ་དྲི་མ་མེད་པའི་ཏིང་ངེ་འཛིན་ལས་བྱུང་བའི་བདེ་བ་དང་དུས་ཐམས་ཅད་ལྡན་པའོ། །དེ་ལྟ་བུའི་དཀྱིལ་འཁོར་བསམས་ནས་ཞེས་པ་ནི་ཀུན་ནས་ཤར་གྱི་སྒོའི་ཕྱོགས་སུ་སྣ་ཚོགས་པདྨའི་སྟེང་དུ་བསམ་པར་བྱའོ། །དེ་ནས་མཐར་བྱེད་ལ་སོགས་ཞེས་པ་ནི་གོང་དུ་འཕྲོས་པའི་ཁྲོ་བོ་རྣམས་ཀྱིས་སོ། །བསྲུང་
བྱས་ཞེས་པ་ནི་དཀྱིལ་འཁོར་དུ་བཅུག་པའི་དུས་སུ་གསལ་བའི་རབ་ལ་སོགས་པ་རྣམ་པར་བསྒྲུབས་ནས་དེ་རྣམས་གཤིན་རྗེའི་གཤེད་ཀྱི་ཐུགས་ཀར་ཐིམ་ཞེས་སོ། །དེ་ནས་རང་སྙིང་གི་བཟླས་པའི་ཞེས་པ་ནི་རང་གི་ས་བོན་གྱི་བར་དུ་བཅུག་པའི་ཡི་གེ་གསུམ་བཟླས་ཤེ་ན། དམ་པའི་ཙནྡན་ལ་སོགས་

ཞེས་སོ། །དེའི་དོན་ནི་འདི་ལྟ་སྟེ། །གོང་དུ་བཀུག་པའི་འཁོར་ལོ་ལ། །དུང་ཕོར་གྱི་ཆུས་བསང་གཏོར་བྱས་ནས་དུང་ཕོར་གཉིས་པ་མེ་ཏོག་དང་ལྡན་པའི་ཆུས་ཉེ་རེག་བྱས་ལ། དུང་ཕོར་གསུམ་པ་བདུད་རྩི་དང་ལྡན་པའི་ཆུས་མཆོད་ཡོན་ཕུལ་ཏེ་མཐའ་སོགས་དབྱེ་བའི་ཕྱག་
རྒྱས་དུང་ཕོར་བར་པའི་མེ་ཏོག་ལག་ཏུ་བླངས་ཏེ་མཆོད་ཡོན་དབུལ་བར་བྱའོ། །དེ་ནས་ཐིམ་ཞེས་པ་ནི་ཤེས་རབ་མཐར་བྱེད་ཀྱིས་ཧཱུཾ་བརྗོད་པས་དེ་ལས་འོད་འཕྲོས་པའི་འོད་ཟེར་དཀར་པོས་དཀྱིལ་འཁོར་བཏེག་ནས་བསྐོར་ཚུལ་ཏུ་གྲིབ་མ་ཞུགས་ལྟར་བསམ་མོ། །ཡང་པདྨ་མཐར་བྱེད་ཀྱིས་བཾ་བརྗོད་
པས་དེ་ལས་འཕྲོས་པའི་འོད་ཟེར་སེར་པོ་ཞུགས་པས་བཅིང་བར་བྱའོ། །ཡང་བགེགས་མཐར་བྱེད་ཀྱིས་ཧོཿབརྗོད་པས་དེ་ལས་འོད་འཕྲོས་པའི་འོད་ཟེར་དམར་པོ་ཞུགས་པས་ཐམས་ཅད་དགའ་བར་བསམ་མོ། །དེ་ནས་ཨོཾ་དྷརྨྨ་དྷཱ་ཏུ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ་ཞེས་བྱིན་གྱིས་བརླབ་པ་ནི་བསྙེན་པའི་ཡན་ལག་
དང་རྒྱུ་མཐུན་པའི་འབྲས་བུ་ཆེན་པོའོ། །གོ་ཆ་དང་པོ་གྲུབ་པའི་དེ་བཞིན་གཤེགས་པ་དང་འདྲ་བས་ན་རྒྱུ་མཐུན་ཞེས་སོ། །དེ་ནས་དེ་རྣམས་ཀྱི་མིག་ལ་སོགས་པ་སའི་སྙིང་པོ་ལ་སོགས་པར་ལྷག་པར་མོས་པར་བྱས་པ་ནི་ཆེན་པོའི་ཉེ་བར་སྒྲུབ་པའི་ཡན་ལག་དང་རྣམ་པར་སྨིན་པའི་
འབྲས་བུ་ཆེན་པོའོ། །དེ་བཞིན་དུ་གནས་གསུམ་དུ་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་དང་ཡེ་ཤེས་སེམས་དཔའ་ཡང་ལྷག་པར་མོས་བ་བྱས་ནས་སྔགས་ཀྱིས་བྱིན་གྱིས་བརླབ་པ་ཙམ་བྱས་པ་ནི་ཆེན་པོ་སྒྲུབ་པའི་ཡན་ལག་དང་སྐྱེས་བུ་བྱེད་པའི་འབྲས་བུ་ཆེན་པོའོ། །དེ་ནས་རང་དང་འདྲ་བར་ཆོ་གས་
དབང་བསྐུར་བྱས་ནས་ཞེས་པ་ནི་གོང་མ་ལྟར་རང་གི་ས་བོན་གྱི་འོད་ཀྱིས་བསྐུལ་བའི་དེ་བཞིན་གཤེགས་པའི་ཚོགས་ལས་བྱུང་བའི་ལྷ་མོ་བུམ་པ་འཛིན་པའི་སྡེས་ལྷ་རྣམས་དབང་བསྐུར་བར་བྱ་སྟེ། དེ་ཆུ་དང་ལྷ་མོར་བཅས་པ་ཞུགས་པས་དེའི་རྗེས་ལ་རྣམ་པར་སྣང་མཛད་ལ་སོགས་པ་བཞིས་ཅོད་
པན་ལ་མི་བསྐྱོད་པའོ། །སྤྱན་དང་གཟུགས་ཀྱི་རྡོ་རྗེ་མའི་དབུ་ལ་རྟག་པའོ། །མཱ་མ་ཀཱི་དང་སྒྲ་རྡོ་རྗེ་མ་ཆོས་ཀྱི་དབྱིངས་ཀྱི་རྡོ་རྗེ་མའི་དབུ་ལ་མི་བསྐྱོད་པའོ། །དྲི་རྡོ་རྗེའི་དབུ་ལ་རིན་ཆེན་དབང་ཕྱུག་གོ། །གོས་དཀར་མོ་དང་རོ་རྡོ་རྗེ་མའི་དབུ་ལ་སྣང་བ་མཐའ་ཡས་སོ། །སྒྲོལ་མ་དང་རེག་གི་རྡོ་རྗེ་མའི་དབུ་ལ་

དོན་ཡོད་གྲུབ་པའོ། །གཤིན་རྗེ་གཤེད་ལ་སོགས་པ་ནི་གོང་དུ་བཤད་ཟིན་ཏོ། །དེ་ནི་སྒྲུབ་པ་ཆེན་པོའི་ཡན་ལག་དང་དྲི་མ་དང་བྲལ་བའི་འབྲས་བུ་ཆེན་པོའོ། །དེ་རྣམས་ནི་དཀྱིལ་འཁོར་ལྷ་རྣམས་ལ་གཏོགས་པའི་མཆོག་ཐུན་མོང་གི་བསྙེན་པ་ལ་སོགས་པའོ། །ཡེ་ཤེས་ཐམས་ཅད་རྫོགས་པས་
མི་མཐུན་པའི་ཕྱོགས་འཇོམས་པ་ལ་དྲག་པོ་ཆེན་པོའི་སྒྲས་བརྗོད་དོ། །གཞན་ནི་བཤད་ཟིན་ཏོ། །དེ་ལྟར་བསྙེན་སྒྲུབ་བཞི་དང་ལྡན་པར་བྱས་ནས། ད་ནི་དེ་རྣམས་མཉེས་པར་བྱ་བའི་སྦྱོར་བ་གསུངས་པ། འདི་ལྟར་ནན་ཏན་མཆོད་པར་བྱ། །ཞེས་སོ། །དེ་ལ་དང་པོ་གསང་བའི་མཆོད་པ་གསུངས་
པ། པད་ནང་ཞེས་པ་ལ་སོགས་པའོ། །རང་གི་ས་བོན་ཞེས་པ་ནི་ཡེ་ཤེས་སེམས་དཔའི་ས་བོན་གྱི་འོད་ཀྱིས་གཟུགས་ཐམས་ཅད་ཅེས་པ་ནི་ལྷ་མོ་རྣམ་བཅུ་བཀུག་ནས་རང་གི་སྙིང་གར་བཅུད་དེ། །དཀྱིལ་འཁོར་ཡང་དག་བྱང་ཆུབ་ཡིད་དེ་ལྷག་པར་བྱང་ཆུབ་ཀྱི་སེམས་བདུད་རྩིའི་གཟུགས་སུ་ཞུ་ནས་
རྡོ་རྗེའི་ལམ་དུ་ཕྱུང་སྟེ་རིག་པའི་པདྨའི་ནང་ན་དེ་ལས་གྱུར་པ་ས་བོན་བསམ་པར་བྱ་ཞེས་ཏེ། ཛཿཧཱུཾ་བཾ་ཧོཿཁཾ་རཾ། ལཱཾ་མཱཾ་བཱཾ་ཏཱཾ་ཞེས་པར་གྱུར་ནས་འོད་ཟེར་གྱིས་ལྷ་མོ་བཅུ་བཀུག་ནས་དེ་ལ་ཐིམ་པར་གྱུར་པས་ས་བོན་ནུས་པ་དང་ལྡན་པར་གྱུར་ཏེ་ཤེས་རབ་ཅེས་པ་རང་སྣང་བའི་རིག་མའོ། །སོ་སོ་བ་
སྤུའི་བུ་ག་ནི་ཡན་ལག་དང་ཉིང་ལག་ལ་སོགས་པའི་བ་སྤུའི་བུ་ག་ལས་འཕྲོས་ཏེ་དེ་ཅི་ལྟ་བུ་འཕྲོས་ཤེ་ན། ཁ་དོག་དང་དབྱིབས་སྣ་ཚོགས་པ་འོད་ཟེར་དཔག་ཏུ་མེད་པའོ། །གང་དུ་འཕྲོ་ཞེ་ན། མ་ལུས་ནམ་མཁའི་གཏོས་ནི་དེ་ནས་སྤྲོ། །ཞེས་སོ། །དེ་ནས་ཇི་ལྟ་བུ་སྤྲོ་ཞེ་ན་འོད་ཀྱི་སྒོ་ལ་
སོགས་པའོ། །འོད་ཀྱི་སྒོ་ནི་འོད་ཀྱི་རྩེ་མོ་ལ་སྟེ་གཟུགས་ཀྱི་རྡོ་རྗེ་མ་ལ་སོགས་པ་སྤྲོ་ཞེས་སོ། །ཇི་ལྟ་བུའི་ལྷ་མོ་ཞེ་ན། དྲི་མ་རྒྱན་ཀུན་ཞེས་ཏེ་དྲི་མ་མེད་པའི་རྒྱན་གདུ་བུ་དང་དཔུང་རྒྱན་དང་རྣ་ཆ་ལ་སོགས་པས་བརྒྱན་པའི་སྐུ་རྟོག་པ་མེད་པ་དང་། དེའི་ཁྱད་པར་གཞན་ཡང་མེ་ལོང་དང་པི་ཝང་དང་
དྲིའི་དུང་དང་རོའི་སྣོད་དང་སྣ་ཚོགས་ཀྱི་གོས་དང་ཆོས་འབྱུང་བའི་ཕྱག་རྒྱ་དང་། སོགས་པའི་སྒྲས་བསྡུས་པ་འཁོར་ལོ་དང་ཨུཏྤལ་དམར་པོ་དང་ཨུཏྤལ་སེར་པོས་མཚན་པ་སྟེ་དེ་ལྟ་བུའི་མཚན་མས་ལྷ་མོ་རྣམས་རིམ་པ་བཞིན་མཚན་ཞིང་མཛེས་པར་གནས་ལ། ལྡེམ་བག་ཆགས་ནི་ལོ་མ་འོད་དང་

བཅས། །ཞེས་ཏེ་ཡན་ལག་རྣམས་ཤིང་མྱ་ངན་མེད་པའི་ཡལ་ག་སར་པ་ལྟ་བུ་མཉེན་ཞིང་འཇམ་པ་དང་བཅས་པས་དེ་སྐད་དོ། །ཡང་ན་མཚན་མ་རྣམས་ཤིང་མྱ་ངན་མེད་པའི་ཡལ་ག་ལ་བརྒྱན་པ་ཞེས་ཁ་ཅིག་འདོད་དོ། །དེ་ཉིད་ཀྱི་ཁྱད་པར་གཞན་ཡང་གསལ་བའི་
ཞེས་ཏེ་གཟུགས་ཀྱི་ལྷ་མོ་ལ་སོགས་པ་འོད་ཟེར་གསལ་ཞིང་སྤྲུལ་པ་སྣ་ཚོགས་པ་སྟེ་འཕྲོ་བའོ། །དེ་ཉིད་མཆོད་པའི་སྤྲིན་གྱི་དྲ་བ་སྟེ་མང་པོའི་ཚོགས་སོ། །དེས་ནམ་མཁའ་ཁྱབ་ཅིང་འབྱུང་བ་ལ་དེ་སྐད་ཅེས་བྱའོ། །དེ་ཉིད་ཀྱི་ཁྱད་པར་གཞན་ཡང་དངོས་པོ་རྣམས་སྒྱུ་མ་དང་མིག་ཡོར་གྱི་རྣམ་
པ་ལྟ་བུ་སྟེ་ལྷ་མོའོ། །དེ་ཉིད་སོ་སོ་ཡང་དག་པར་རིག་པའི་ངོ་བོ་སྟེ་ཕྱིན་ཅི་ལོག་གི་ཀུན་རྫོབ་དག་པའོ། །དེ་ཉིད་འཇིག་རྟེན་ལྟར་དགེ་ཞེས་ཏེ་འཇིག་རྟེན་དང་མཐུན་པའི་ཡིད་དགའ་བར་བྱེད་པའི་གླུ་དང་གར་དང་དབྱངས་ལ་སོགས་པ་སོ་སོའི་སྣང་བ་ཙམ་ལ་བྱའོ། །གཞན་ཡང་དེ་ཉིད་རྟོག་པ་
ཀུན་ལས་ངེས་གྲོལ་ཞེས་ཏེ་གཟུང་བ་དང་འཛིན་པའི་རྟོག་པ་གཉིས་ལ་གྲོལ་བ་སྟེ། དེ་ཡང་མཆོག་གི་བདེ་བ་ཞེས་ཏེ་གསང་ཆེན་མཆོག་རྡོ་རྗེ་འཛིན་པ་ཆེན་པོའི་རང་བཞིན་འབྱུང་བ་རྒྱུའི་དངོས་པོར་གནས་པ། དེ་ལྟ་བུར་སྤྲོས་པས་སོ་སོའི་རིག་མ་དང་ཐབས་ལ་ཐིམ་པས་མཆོད་པ་སྟེ། དེ་
བཞིན་དུ་གཟུགས་ལ་སོགས་པ་རྣམས་ཀྱིས་ཕྱིའི་དྲི་ལ་སོགས་པའི་སྒྲས་བསྡུས་པའི་རིན་པོ་ཆེ་བདུན་ལ་སོགས་པ་ཡང་སྤྲོས་ནས་མཆོད་པར་བྱའོ་ཞེས་སོ། །ཐ་དད་རྟོག་པ་གྲོལ་བས་ཞེས་པ་ནི་མཆོད་པར་བྱ་བ་དང་མཆོད་པ་དང་མཆོད་པའི་རྣམ་པར་རྟོག་པ་དང་བྲལ་བའོ། །རྒྱལ་བའི་
དབང་པོ་ནི་གཉིས་སུ་མེད་པའི་དཀྱིལ་འཁོར་གྱི་འཁོར་ལོའོ། །མཆོད་པ་དང་བདག་མཉམ་པར་བྱ་བའི་དོན་དུ་སྔགས་འདིས་བྱིན་གྱིས་བརླབ་པར་བྱའོ། །ཨོཾ་སརྦྦ་ཏ་ཐཱ་ག་ཏ་པཱུ་ཛ་བཛྲ་སྭ་བྷཱ་བ་ནི་གོང་དུ་སྨོས་པ་རྣམས་སོ། །དེའི་ངོ་བོ་དེ་ཨཱཏྨ་ཀོ྅ཧཾ་ཞེས་སོ། །ད་ནི་དཀྱིལ་འཁོར་ཏེ་ཡེ་
ཤེས་ཉི་ཤུ་རྩ་ལྔའི་བྱེ་བྲག་གི་བསྟོད་པའི་མཆོད་པ་གསུངས་པ། དེ་འོག་ཅེས་པ་ལ་སོགས་པའོ། །དེ་འོག་ཅེས་པ་ནི་གསང་བའི་མཆོད་པའི་འོག་ཏུའོ། །བྲག་ཅ་བཞིན་དུ་ཞེས་པ་ནི་བསྟོད་པའི་སྒྲ་དང་སྒྲ་ཡུལ་ཐམས་ཅད་བྲག་ཅ་ལྟར་མོས་པ་བྱས་ནས་རང་གི་སེམས་རིག་

པའི་ལྷ་ཞེས་པ་ནི་རང་གི་སེམས་ཁོ་ན་རིག་པའི་ལྷ་སྟེ་དཀྱིལ་འཁོར་པ་རྣམས་སོ། །ཕྱི་རོལ་གྱི་ལྷའི་གཟུགས་མེད་པའི་ཕྱིར་རོ། །དེའི་བསྟོད་པའི་སྒྲ་དང་ཆོས་ཐམས་ཅད་རྗེས་སུ་ལྡན་པར་བསྒོམས་ནས་རྡོ་རྗེ་དྲིལ་བུ་དང་ལྡན་པར་བྱས་ཏེ་དབྱངས་འདིས་བསྟོད་དོ། །མི་བསྐྱོད་ཅེས་པ་ལ་
སོགས་པའོ། །དེ་ལ་དངོས་པོ་འདི་རྣམས་མ་སྐྱེས་པས་ཉོན་མོངས་པའི་བདུད་ལ་སོགས་པས་བསྐྱོད་དུ་མེད་པས་མི་བསྐྱོད་པའོ། །དེ་ཉིད་མི་ཕྱེད་པས་ན་རྡོ་རྗེ་སྟེ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སོ། །ཡེ་ཤེས་ཆེ་ཞེས་པ་ནི་ཐོག་མ་ལ་སོགས་པ་དང་བྲལ་བས་མ་གྲུབ་པ་མེ་ལོང་ལྟ་བུའོ། །རྡོ་རྗེ་དབྱིངས་
ཞེས་པ་ནི་མཐའ་རྣམས་དང་བྲལ་བ་སྐུ་ལ་སོགས་པའི་སྐྱེ་བའི་རྒྱུའི་ཕྱིར་ན་དེ་སྐད་དོ། །དེ་ཉིད་མཁས་པ་ཆེན་པོ་སྟེ་ཐམས་ཅད་དྲི་མ་མེད་པར་ཤེས་པའི་ཕྱིར་མཉམ་པ་ཉིད་དོ། །རྡོ་རྗེ་གསུམ་ཞེས་པ་ནི་བདག་མེད་པའི་ཆོས་ནམ་མཁའ་ལྟ་བུ་དང་ཡེ་ཤེས་ཀྱི་སྐུ་དབྱེར་མི་ཕྱེད་པའི་སྟེ། དེ་ཐམས་ཅད་
དེའི་ངོ་བོ་བས་ན་དཀྱིལ་འཁོར་གསུམ་ཞེས་ཏེ་སོ་སོར་རྟོག་པའོ། །གཡེང་བའི་རང་གི་ངོ་བོས་མི་བསྐྱོད་པས་ན་རྡོ་རྗེའོ། །དེ་ཉིད་དབྱངས་ཞེས་ཏེ་བླ་ན་མེད་པའི་ཆོས་གསུངས་པའི་ཕྱིར་བྱ་བ་ནན་ཏན་གྱི་ཡེ་ཤེས་སོ། །དེ་ལྟ་བུའི་མི་བསྐྱོད་པའི་ཚིག་སོ་སོའི་སྒོ་ནས་བསྐུལ་ནས་ཕྱག་འཚལ་བསྟོད་ཅེས་
པ་སྟེ་ཆོས་ཀྱི་ཚིག་བརྗོད་པའི་སྒོ་ནས་སོ། །ལུས་དང་སེམས་ཤུགས་ཀྱིས་རྟོགས་པར་བྱའོ། །དེ་བཞིན་དུ་ཕྱི་མ་ལའང་སྦྱར་བར་བྱའོ། །རྣམ་པར་སྣང་མཛད་ཅེས་པ་ནི་ཕུང་པོ་ལ་སོགས་པ་བདག་མེད་པའི་རང་བཞིན་དུ་འབར་ཞིང་སྟོང་པ་སྟེ་ཆོས་ཀྱི་དབྱིངས་སོ། །དགའ་ཆེན་པོ་ཞེས་པ་
ནི་ཀུན་གཞི་གནས་གྱུར་པའི་ངོ་བོ་བཟུང་བ་ལ་སོགས་པ་དང་བྲལ་བ་སྟེ་མེ་ལོང་ལྟ་བུའོ། །རྡོ་རྗེ་ཞི་བ་ཞེས་པ་ནི་རྒྱུ་འབྲས་མཉམ་པ་ཉིད་དུ་དམིགས་པས་སྤྲོས་པ་དང་བྲལ་བ་སྟེ་མཉམ་པ་ཉིད་དོ། །དགའ་བ་ཆེན་པོ་ཞེས་པ་ནི་དང་པོ་མ་སྐྱེས་པས་སྒྱུ་མའི་རྣམ་པར་དག་པའི་ཆོས་ལ་
མངའ་བརྙེས་པ་སྟེ་སོ་སོར་རྟོག་པའོ། །རང་བཞིན་གྱིས་འོད་གསལ་བའི་མཆོག་སྟེ་བྱ་བ་ནན་ཏན་གྱི་ཡེ་ཤེས་ཀྱིས་དང་པོ་ནས་འོད་གསལ་བ་སྟེ། དེ་ལྟར་ཡིན་པས་ན་མཆོག་གོ། །དེ་ཉིད་ལས་སྐུའི་ཁྱད་པར་སྟོན་པས་ན་སྟོན་པ་སྟེ་དེ་ལ་ཕྱག་འཚལ་བསྟོད་ཅེས་པ་གོང་དུ་

བསྟན་པའོ། །དངོས་པོ་མེད་པའི་བྱང་ཆུབ་ཀྱི་སེམས་ཁྱད་པར་ཅན་བྲོད་པའི་རྒྱུ་ཡིན་པས་ན་རིན་ཆེན་ནོ། །དེ་ཉིད་མཛེས་པར་བྱེད་པས་ན་རྒྱལ་པོ་སྟེ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སོ། །གཟུགས་བརྙན་དང་འདྲ་བའི་ཆོས་ཀྱིས་ཀུན་ནས་ཁྱབ་ཀྱང་མཚན་ཉིད་དང་བྲལ་བའི་
ཕྱིར་ཤིན་ཏུ་ཟབ་པའི་མེ་ལོང་ལྟ་བུའོ། །རྡོ་རྗེ་ནམ་མཁའ་དྲི་མེད་པ། །ཞེས་པ་ནི་ནམ་མཁའ་ལྟར་མཉམ་པ་ཉིད་དུ་གནས་པ་འཛིན་པ་ལ་སོགས་པ་དང་བྲལ་བའི་ཕྱིར་མཉམ་པ་ཉིད་དོ། །རང་བཞིན་དག་པས་གོས་པ་མེད། །ཅེས་པ་ནི་ཉོན་མོངས་པའི་སྐྱོན་དང་པོ་ནས་དག་པ་སྐྱོན་གོས་པ་མེད་
པ་སྟེ་སོ་སོར་རྟོག་པའོ། །དེ་ཉིད་ཡོན་ཏན་རིན་པོ་ཆེ་ཐམས་ཅད་ཀྱི་འབྱུང་བའི་སྐུའི་རང་བཞིན་རྡོ་རྗེའི་སྐུ་སྟེ། དེ་ལ་ཕྱག་འཚལ་བསྟོད་ཅེས་པ་ནི་གོང་མ་བཞིན་དུ་བྱ་བ་ནན་ཏན་ནོ། །རྡོ་རྗེ་དཔག་མེད་ཅེས་པ་ནི་སེམས་ཀྱི་ངོ་བོ་མ་སྐྱེས་པས་ཚང་བར་བྱེད་པའི་ཡུལ་མ་ཡིན་པས་ཆོས་ཀྱི་དབྱིངས་
སོ། །དེ་ཉིད་འདོད་ཆགས་ཆེ་སྟེ་དེ་བཞིན་ཉིད་མི་གཏོང་བས་མེ་ལོང་ལྟ་བུའི་ཡེ་ཤེས་སོ། །མི་རྟོག་ནམ་མཁའ་རྡོ་རྗེ་འཛིན། །ཞེས་པ་ནི་བཟུང་བ་ལ་སོགས་པའི་ངོ་བོ་དང་བྲལ་བས་མི་རྟོག་པ་སྟེ་རྡོ་རྗེ་འཛིན་པས་མཉམ་པ་ཉིད་དོ། །འདོད་ཆགས་ཕ་རོལ་ཕྱིན་པ་བརྙེས། །ཞེས་པ་ཕྱིན་
ཅི་ལོག་གི་འདོད་ཆགས་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པའི་འདོད་ཆགས་བརྙེས་པ་སྟེ་སོ་སོར་རྟོག་པའོ། །རྡོ་རྗེ་གསུངས་ཞེས་པ་ནི་དབྱེར་མེད་པའི་དོན་གསུངས་པ་སྟེ་བྱ་བ་ལ་ནན་ཏན་ནོ། །དེ་ལ་ཕྱག་འཚལ་བསྟོད་ཅེས་པ་ནི་གོང་མ་ལྟར་རོ། །དོན་ཡོད་རྡོ་རྗེ་ཞེས་པ་ནི་རང་བཞིན་
དག་པའི་སྐུ་ལ་སོགས་པས་སེམས་ཅན་གྱི་དོན་འབྲས་བུ་དང་བཅས་པ་མི་འབྱུང་བ་མ་ཡིན་པས་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སོ། །དེ་ཉིད་ཕྱིན་ཅི་མ་ལོག་པར་རྫོགས་པར་སངས་རྒྱས་པས་ནི་མེ་ལོང་ལྟ་བུའོ། །བསམ་པ་ཐམས་ཅད་ཅེས་པ་ནི་མ་སྐྱེས་པའི་སྤྲུལ་པས་དོན་རྫོགས་པར་
མཛད་པ་སྟེ་མཉམ་པ་ཉིད་དོ། །རང་བཞིན་དག་པ་ཞེས་པ་ནི་འོད་གསལ་བའི་ཡེ་ཤེས་དེ་ལས་བྱུང་བ་སྟེ་སྒྱུ་མ་ལྟ་བུའི་སྐུ་སྟེ་སོ་སོར་རྟོག་པའོ། །རྡོ་རྗེ་སེམས་དཔའ་ཞེས་པ་ནི་སྟོང་པ་ཉིད་ཀྱི་ངོ་བོ་ལ་བརྟན་པར་གནས་པ་སྟེ་བྱ་བ་ནན་ཏན་གྱི་ཡེ་ཤེས་སོ། །དེ་ལ་ཕྱག་འཚལ་བསྟོད་

ཅེས་པ་ནི་གོང་མ་བཞིན་དུའོ། །ད་ནི་གཙང་བའི་དང་མི་གཙང་བའི་རྟོག་པ་བཟློག་པ་དང་། ནང་གི་མེས་སྦྱངས་པས་མཐུ་དང་ལྡན་པའི་ཕྱིར་བདུད་རྩིའི་མཆོད་པ་གསུངས་པ། འབར་བའི་ཨོཾ་ཞེས་པ་ལ་སོགས་པའོ། །དེ་འང་དང་པོ་རླུང་མེའི་ཞེས་ཏེ་རང་གི་མདུན་དུ་ཡཾ་ལས་བྱུང་བའི་རླུང་གི་
དཀྱིལ་འཁོར་གཞུ་ལྟ་བུ་བ་དན་གྱིས་མཚན་པ་ཡཾ་དང་ལྡན་པ་དེའི་སྟེང་དུ་རཾ་ལས་བྱུང་བའི་མེའི་དཀྱིལ་འཁོར་གྲུ་གསུམ་རཾ་གྱིས་མཚན་པ་བསྒོམས་ཏེ། དེ་ལ་གནས་པ་ཨ་ལས་གྱུར་པའི་པདྨའི་སྣོད་ཨས་མཚན་པ་ལ། བདུད་རྩི་ལྔ་ཞེས་ཏེ་དྲི་ཆུ་དང་དྲི་ཆེན་དང་རཀྟ་དང་བྱང་ཆུབ་ཀྱི་སེམས་དང་ཤ་
ཆེན་པོ་དབུས་ལ་སོགས་པར་རིམ་བཞིན་དུ་བཞག་ལ། དེ་ལ་ཟླ་བ་དང་ཉི་མའི་སྟེང་དུ་ཧཱུྃ་བྷྲཱུཾ་ཨཱཾ་ཛྲཱྀཾ་ཁཾ་ཞེས་པའི་ས་བོན་བཀོད་ནས། དེ་ནས་དཀྱིལ་ནས་གྲངས་མེད་པའི་ཐུབ་པའི་དབང་པོ་ས་བོན་གྱི་འོད་ཀྱིས་བསྐུལ་ནས་ས་བོན་དུ་གཞུག་པར་བྱའོ། །དེ་ནས་རླུང་གི་སྦར་བ་ལ་སོགས་པའི་རིམ་པས་
བདུད་རྩི་བླངས་པའི་ཚོགས་ཧཱུཾ་ལས་རྡོ་རྗེ་ཧཱུཾ་གིས་མཚན་པའི་གཟུགས་བསྒོམས་ཏེ། དབབ་པའི་རིམ་པས་འོ་མའི་རྒྱུན་ལྟར་འོང་ཞིང་འབབ་པར་བསམ་མོ། །དེ་ནས་གདོང་ཨོཾ་དཀར་པོ་འབར་བས་སྟེང་དུ་བྱིན་གྱིས་བརླབས་པས་དེ་ནང་དུ་ཞུགས་པས་བསིལ་བར་བྱའོ། །དེ་ནས་འབྲུ་གསུམ་
བཟླས་པ་ཞེས་ཏེ། ཨོཾ་ཨཱཿཧཱུཾ་ཞེས་ཇི་ཙམ་འདོད་པ་བཟླས་ནས་གདབ་པར་བྱའོ། །དེ་ཙམ་ན་ཡེ་ཤེས་བདུད་རྩི་རང་བཞིན་ཤི་བ་ལ་སོགས་པ་སྡུག་བསྔལ་དང་བྲལ་བར་བྱེད་པ་ཤེལ་དང་ཟླ་བ་ལྟར་དག་པར་བསམས་ནས། ཧཱུཾ་དཀར་ཞེས་ཏེ་བདག་དང་ལྷ་ཐམས་ཅད་ཀྱི་ལྕེ་ལ་ཧཱུཾ་ལས་བྱུང་
བའི་རྡོ་རྗེ་དམ་པ་རྩེ་གསུམ་པ་བུམ་པ་ལ་ཧཱུཾ་བཀོད་པས་ལྕེ་དག་པར་བྱས་ནས་རང་གི་ས་བོན་གྱི་འོད་ཀྱིས་པདྨ་དུ་མར་སྤྲོས་ནས་ལྷ་སོ་སོའི་ཕྱག་ན་གནས་པ་རྡོ་རྗེ་ཧཱུཾ་གི་ལྕེའུ་ཆུང་གིས་ཆུ་བཏུང་བའི་ཚུལ་ཏུ་དྲངས་ནས། དེས་སྙིང་ག་ན་གནས་པའི་ཟླ་བའི་དཀྱིལ་འཁོར་ལ་བཞུགས་པའི་
ཡེ་ཤེས་ཀྱི་འཁོར་ལོ་ཚིམ་པར་བྱའོ་ཞེས་པར་མོས་པར་བྱས་ནས་མྱང་བར་བྱའོ། །དེ་ནི་དཀྱིལ་འཁོར་རྒྱལ་པོ་མཆོག་ཅེས་བྱ་བའི་ཏིང་ངེ་འཛིན་གཉིས་པའོ།། །།དེ་ལྟར་དཀྱིལ་འཁོར་གྱི་འཁོར་ལོ་རྫོགས་པའི་རྣལ་འབྱོར་པས། ཆེ་བའི་ཆེ་བ་དེ་ཁོ་ན་ཉིད་བསྒོམས་པས་

སེམས་དབང་དུ་བྱ་བའི་ཕྱིར་ཐིག་ལེའི་སྦྱོར་བ་གསུངས་པ། དམ་པར་འཁུས་པ་ལ་སོགས་པའོ། །ཡང་། སྙིང་གའི་འོད་ཟེར་ལས་ཕྱུང་བ། །ཞེས་པ་ནི་ཡེ་ཤེས་སེམས་དཔའི་ས་བོན་གྱི་འོད་ཟེར་ཁ་དོག་ལྔ་པ་འཕྲོས་པ་ལས་ཕྱུང་བ་ཞེས་སོ། །ཅི་འབྱུང་ཞེ་ན། གྲུབ་དབང་
མཐའ་ཡས་ཞེས་ཏེ་རྣམ་པར་སྣང་མཛད་ལ་སོགས་པའི་ཐུབ་པའི་དབང་པོ་མཐའ་ཡས་པའི་ཚོགས་འཕྲོས་ནས་ཞེས་སོ། །དེས་ཅི་བྱེད་ཅེ་ན། ཀུན་དུ་འཁྲུལ་པ་སྤངས་ཏེ་འགྲོ་བ་ཐམས་ཅད་ཀྱི་མི་ཤེས་པའི་འཁྲུལ་པ་ཐམས་ཅད་སྤངས་པའི་དཀྱིལ་འཁོར་གྱི་འཁོར་ལོ་ཡང་དག་པར་རྫོགས་
པའི་སངས་རྒྱས་སུ་བྱས་ནས་རང་སྔགས་སུ་ཐིམ་པར་བྱ་ཞེས་ཏེ། བྱེད་པ་པོ་དང་བྱ་བར་བཅས་པ་འདུས་ནས་ཡེ་ཤེས་སེམས་དཔའི་ཐུགས་ཀ་ན་གནས་པའི་མཚན་མའི་བུམ་པ་གནས་པའི་ས་བོན་ལ་ཞུགས་པར་བསམས་ཏེ་འགྲུབ་པའི་རྒྱུའོ། །དེ་ལྟ་ན་ཕྱི་རོལ་གྱི་གཟུགས་ནི་གདོས་པ་དང་
བཅས་པས་ཐིག་ལེ་ལ་སྣང་སྲིད་ཀྱི་ཆོས་འདུས་པར་རིགས་པ་གང་གིས་ཉམས་སུ་མྱོང་ཞེས་རྒོལ་བ་ལ། ད་ནི་དོན་མེད་པ་གྲུབ་པའི་མཚན་མས་དེ་མི་འགལ་བའི་གཏན་ཚིགས་སྟོན་ཏེ། གཟུགས་ལ་སོགས་པ་ཞེས་པ་ལ་སོགས་པའོ། །དེ་ལ་གཟུགས་ལ་སོགས་པ་ཞེས་པ་ནི་གཟུགས་
དང་སྒྲ་དང་དྲི་དང་རོ་དང་རེག་བྱའོ། །སྣང་བ་ལས་ནི་གྲོལ་ཞེས་པ་ནི་སྣང་བ་ལྟར་མ་གྲུབ་སྟེ། དེ་དཀར་པོ་ལ་སོགས་པས་སྤྱོད་ན་གྲོལ་བ་སྟེ། དེ་གྲོལ་བས་ན། དེ་ལ་མངོན་སུམ་གྱིས་རྟོགས་མིན། །ཞེས་ཏེ་དབང་པོ་ལ་སོགས་པའི་མངོན་སུམ་གྱི་ཡེ་ཤེས་མེད་པའོ། །དེ་བས་ན་
གཟུགས་ལ་སོགས་པ་དེ་མངོན་སུམ་གྱིས་འཛིན་པ་མེད་ཅེས་སོ། །ཅིའི་ཕྱིར་ཞེ་ན། གཟུང་བ་འགའ་ཡང་མེད་དོ་ཞེས་པ་སྟེ་གཟུགས་ལ་སོགས་པའི་གཟུང་བ་འོག་ནས་འབྱུང་བའི་རིམ་པས་དཔྱད་ན་མེད་པ་སྟེ་དེ་མེད་པས་འཛིན་པའི་མངོན་སུམ་ཡང་མེད་དེ། རང་རིག་པའི་
རྟོག་པ་དང་བྲལ་ཞིང་མ་འཁྲུལ་བའི་དེ་ཉིད་མངོན་སུམ་ཞེས་བསྟན་ཏོ། །འོ་ན་རྗེས་སུ་དཔག་པའི་ཤེས་པ་ཡོད་དོ་ཞེ་ན། གཞན་ཡང་ཡོད་པ་མ་ཡིན་ཞེས་ཏེ། རྗེས་སུ་དཔག་པས་ཞེས་པས་གཟུགས་ལ་སོགས་པ་ཡིན་ཞེས་སོ། །ཅིའི་ཕྱིར་ཞེ་ན། འབྲེལ་པ་མ་མཐོང་

བས་ཞེས་ཏེ། མངོན་སུམ་ནི་རྗེས་སུ་དཔག་པའི་སྔོན་དུ་འགྲོ་བ་ཅན་གྱི་ཕྱིར་རོ། །དེ་ཡང་དོན་གྱི་དངོས་པོ་མངོན་སུམ་དུ་སྣང་བ་ཕྱི་ནས་རྗེས་སུ་དཔག་པ་ནི་རིགས་པ་ཡིན་པར་ཤེས་པར་བྱའོ། །འདིར་དེ་ལྟ་བུའི་འབྲེལ་པ་མ་མཐོང་བ་སྟེ། ཅིའི་ཕྱིར་ཞེ་ན། གཟུང་བ་ལ་སོགས་པ་ཡང་དག་
པར་མ་གྲུབ་པས་མངོན་སུམ་གྱི་ཡེ་ཤེས་མེད་དེ། དེ་མེད་པས་རྗེས་སུ་དཔག་པ་ཡང་ཡོད་པ་མ་ཡིན་ཞེས་སོ། །གཟུགས་ལ་སོགས་པ་མི་མངོན་པའི་དོན་དང་ཤེས་པ་གཉིས་ལས་མེད་པའི་ཞེས་པ་ནི་མ་གྲགས་པ་དང་མི་རིགས་པའི་ཕྱིར་རོ། །དེ་ལྟར་མིག་ལ་སོགས་པ་གཟུང་བ་དང་འཛིན་
པ་བྲལ་བར་བསྟན་ནས། ད་ནི་ཡིད་ཀྱི་རྣམ་པར་ཤེས་པ་གཟུང་འཛིན་དང་བྲལ་བ་བསྟན་པ། བདེ་བ་ལ་སོགས་པ་ཞེས་ཏེ་བདེ་བ་ནི་ཚོར་བ་བདེ་བ་སྟེ། དེ་དང་པོར་བྱས་པའི་འདུ་ཤེས་དང་འདུ་བྱེད་དང་རྣམ་པར་རིག་བྱེད་མ་ཡིན་པ་དང་ནམ་མཁའ་ལ་སོགས་པའོ། །རང་གི་ལས་ཞེས་པ་ནི་
རང་གི་རྣམ་པ་ལྟ་བུའི་རྣམ་པར་ཤེས་པ་སྐྱེ་བར་བྱེད་པའོ། །དེ་ལྟ་བུའི་ལས་འགའ་ཡང་མཐོང་ཞེས་པའོ། །ཅིའི་ཕྱིར་ཞེ་ན། བདེ་བ་ལ་སོགས་པ་མ་གྲུབ་པའི་ཕྱིར་རོ། །ཇི་ལྟར་མ་གྲུབ་ཅེ་ན། ཚོར་བ་ལ་སོགས་པ་དུས་སྔ་མ་དང་ཕྱི་མ་རྗེས་སུ་མེད་པར་ཤེས་པ་སྐྱེད་མི་ནུས་ཏེ། འགགས་
པ་དང་མ་བྱུང་བའི་ཕྱིར་རོ། །ད་ལྟར་བྱུང་བ་ལ་སྐྱེ་བཞིན་པ་ཞིག་ཡུལ་དུ་གྱུར་པའམ་སྐྱེས་པ་ཞིག་ཡུལ་དུ་གྱུར་གྲང་ན། དང་པོ་ནི་མ་ཡིན་ཏེ། ད་རུང་རྫོགས་པ་མ་ཡིན་པའི་ཕྱིར་རོ། །གཉིས་པའང་མི་རིགས་ཏེ་ཤེས་པ་ཡང་སྐྱེས་ཟིན་པའི་ཕྱིར་རོ། །དེ་བས་ན་ཚོར་བ་ལ་སོགས་པས་ཕན་
བཏགས་པ་ཅུང་ཟད་ཀྱང་ཡོད་པ་མ་ཡིན་པས་རང་གི་ལས་མ་མཐོང་ངོ་། །འོ་ན་ནམ་མཁའ་ལ་སོགས་པ་ཡུལ་དུ་གྲུབ་པོ་ཞེ་ན་དེ་ཡང་མི་རིགས་ཏེ། བརྟགས་པ་ཙམ་ཡིན་པའི་ཕྱིར་ཤེས་པ་བསྐྱེད་པར་མི་ནུས་པ་དང་། བསྐྱེད་ན་འབྲས་བུ་དང་མཐུན་པས་དེ་འདུས་བྱས་སུ་འགྱུར་བ་དང་།
དེ་དུས་ཐམས་ཅད་ན་ཡོད་པ་འབྲས་བུ་རྟག་ཏུ་ཚར་འགྱུར་བའོ། །དེ་བས་ན་དེ་རྣམས་ཀྱང་མ་གྲུབ་པས་རང་གི་ལས་མ་མཐོང་བའོ། །སློབ་དཔོན་ཆེན་པོ་མཆེ་བ་སྡེས། །བདེ་སོགས་འདས་དང་མ་འོངས་པ། །མ་སྐྱེས་པ་དང་འགགས་པ་དང་། །བུད་མེད་འབྲས་བུ་སྐྱེད་པ་ཡི། །

སྐྱེད་པའི་ཚེ་ན་མེད་པ་དང་། །སྐྱེས་པ་ན་ནི་སྐྱེས་ཟིན་ཕྱིར། །སིམ་སོགས་ཡུལ་དུ་མ་གྲུབ་པོ། །ནམ་མཁའ་ལ་སོགས་རྫས་མེད་པས། །བུད་མེད་འབྲས་བུ་སྐྱེད་པའི་ཕྱིར། །སྐྱེས་ན་འབྲས་ལྟར་མི་རྟག་འགྱུར། །དེ་དག་རྟག་ཏུ་ཚང་བས་ན། །འབྲས་བུ་རྣམས་ཀྱང་
ཚང་བར་འགྱུར། །དེ་བས་དེ་དག་ཐམས་ཅད་ཀུན། །ཡུལ་དུ་དམིགས་པའང་འཁྲུལ་པའོ། །ཞེས་གསུངས་སོ། །གོང་མའི་རིམ་པས་མ་གྲུབ་པས་འབྲེལ་པར་གྱུར་པ་མེད་དེ། མངོན་སུམ་དང་རྗེས་སུ་དཔག་པ་ཡང་མེད་པའོ། །དེ་བས་ན་གཟུགས་ལ་སོགས་པ་བཞིན་དུ་དེ་དག་
གཟུང་འཛིན་མེད་ཅེས་ཏེ། གཟུགས་ལ་སོགས་པ་གཟུང་བ་དང་འཛིན་པ་གོང་མའི་རིམ་པས་བྲལ་བ་དེ་བཞིན་དུ་གཟུང་བ་དང་འཛིན་པ་དང་བྲལ་བ་ཞེས་མངོན་ནོ། །ད་ནི་གོང་དུ། གཟུགས་ལ་སོགས་པ་སྣང་བ་ལས་ནི་གྲོལ། །ཞེས་པ་ཇི་ལྟར་སྣང་བ་ལས་གྲོལ་བ་གཟུང་བ་འགའ་ཡང་མེད་
ཅེས་དེ་རྒྱས་པ་བསྟན་པའི་ཕྱིར། དང་པོ་རྒྱུན་དུ་གཏོགས་པའི་རྟག་པ་མ་གྲུབ་པ་བསྟན་པའི་ཕྱིར། དཀར་པོ་ཞེས་པ་ལ་སོགས་པའོ། །དཀར་པོ་ལ་སོགས་པ་ཞེས་པ་ནི་གཟུགས་ལ་སོགས་པའི་དོན་ཏོ། །གང་གིས་ཤེས་ཤེ་ན་རྣམ་པར་ཤེས་པས་སོ། །དང་པོར་མཐོང་བ་
དེ་ཉིད་ཅེས་པ་ནི། སྐད་ཅིག་མ་དང་པོ་མཐོང་བ་དེ་ཉིད་དུས་གཞན་ཏེ་སྐད་ཅིག་མ་གཉིས་པ་ལ་སོགས་པར་མཐོང་བ་མ་ཡིན་ཞེས་ཏེ་འབྲས་བུ་སྐད་ཅིག་མ་ཡིན་པའི་ཕྱིར་རོ། །དེ་ལྟར་མ་ཡིན་ན་འབྲས་བུ་རྟག་པར་ཐལ་བར་འགྱུར་རོ། །ཅིའི་ཕྱིར་ཞེ་ན། རྒྱུ་རྟག་པ་མ་ཡིན་པའི་ཕྱིར་རོ། །
དེ་བས་ན་འབྲས་བུ་ཡང་རིམ་པར་འབྱུང་བར་སྣང་བས་རྒྱུ་རྣམས་ཀྱང་དེ་བཞིན་དུ་ཤེས་པར་བྱ་སྟེ། རྟག་པར་ག་ལ་འགྱུར། འཕགས་པ་བྱམས་པས་ཀྱང་། །འབྲས་བུ་རིམ་ཅན་ཉེར་སྦྱོར་བས། །རྒྱུ་རྣམས་རྟག་པའི་བདག་ཉིད་མིན། །ཞེས་སོ། །སློབ་དཔོན་དབྱིག་གཉེན་
གྱིས་ཀྱང་། །དེ་ཡང་གང་ཚེ་དེ་ཡི་ཚེ། །ཁྱེད་ཀྱི་དོན་དེ་མི་སྣང་ན། །དེ་ནི་མངོན་སུམ་ཇི་ལྟར་འདོད། །ཅེས་སོ། །དེ་བས་ན་དེ་གཉིས་ཞེས་པ་ནི། གོང་དུ་རྙེད་པ་དང་ཕྱིས་ཉེ་བར་རྙེད་པའོ། །<ཕུན་‚ཕན་>ཚུན་ནི་མཐུན་ཞེས་པ་འགགས་པ་དང་ཡོད་པས་ནའོ། །དཔེ་གསུངས་པ། བདེ་ལ་

སོགས་ཞེས་པ་ནི་བདེ་བ་དང་སྡུག་བསྔལ་དུས་ཐམས་ཅད་དུ་མི་མཐུན་པ་སྟེ་དེ་དང་འདྲ་བའོ། །ད་ནི་རིགས་པར་རྟོགས་པའི་གཅིག་པ་ཉིད་མ་གྲུབ་པར་བསྟན་པའི་ཕྱིར། གཟུགས་ལ་སོགས་པ་ཞེས་པ་ལ་སོགས་པའོ། །དེ་ལ་གཟུགས་ལ་སོགས་པ་ཞེས་པ་ནི་ཀ་བ་ལ་སོགས་པ་
དངོས་པོ་ཐམས་ཅད་དོ། །གཅིག་མིན་ཞེས་པ་ནི་དགག་པར་དམ་བཅས་པའོ། །ཅིའི་ཕྱིར་ཞེ་ན། ཐོག་མ་ཞེས་པ་ལ་སོགས་པའོ། །ཐོག་མ་ཞེས་པ་ནི་ཀ་བ་ལ་སོགས་པའི་སྟེང་གི་ཆའོ། །ཐ་མ་ཞེས་པ་ནི་འོག་གི་ཆའོ། །སོགས་ཀྱི་དཀྱིལ་འཁོར་ལ་སོགས་པའི་ཆ་བཟུང་བའོ། །
དེ་ལྟར་སྣང་བས་ཟིན་པ་དང་མ་ཟིན་པ་སྣང་བ་དང་། །གོམ་པ་རིམ་གྱིས་ཀུན་དུ་ཕྱིན་པ་དང་ཕྲ་བ་མི་མཐོང་ཞིང་རགས་པ་མཐོང་བ་དང་། རྟ་དང་གླང་པོ་ཆེ་ལ་སོགས་པ་དུ་མར་སྣང་བའི་ཕྱིར་གཅིག་ཏུ་དམིགས་པ་ཉིད་འཁྲུལ་པའོ། །དེ་བས་ན་སློབ་དཔོན་དབྱིག་གཉེན་གྱིས། གཅིག་ནི་རིམ་
གྱིས་འགྲོ་བ་མེད། །ཟིན་དང་མ་ཟིན་ཅིག་ཅར་མེད། །རིས་ཆད་དུ་མར་སྣང་བ་དང་། །མིག་གིས་མི་སོད་ཕྲ་བའང་མེད། །ཅེས་སོ། །ཤེས་རབ་འབྱུང་གནས་གསང་བས་ཀྱང་། །ཀ་བ་ལ་སོགས་དངོས་པོ་ལ། །སྟེང་འོག་ལ་སོགས་དབྱེ་བ་ཡིས། །དེ་ལས་དུ་མར་ཕྱེར་གྱུར་ན། །གཅིག་
ཏུ་དམིགས་པ་འཁྲུལ་པའོ། །ཞེས་གསུངས་པས་གཅིག་པ་ཡུལ་མ་ཡིན་ནོ། །ད་ནི་དུ་མར་གཏོགས་པའི་རྡུལ་ཕྲ་རབ་མ་གྲུབ་པར་བསྟན་པའི་ཕྱིར་རྡུལ་ཕྲན་ཞེས་པ་ལ་སོགས་པའོ། །དེ་དག་གི་ལྟར་ན་དོན་རྣམས་རྡུལ་ཕྲ་རབ་ལས་གྲུབ་ཅིང་དེ་དག་ཀྱང་ཆ་ཤས་དང་བྲལ་ཞིང་མུན་
པ་དང་སྣང་བའི་སྐབས་མི་འབྱེད་ཅིང་རིགས་མཐུན་པའི་སྐབས་དང་བཅས་པར་རྟོག་གོ། །དེ་ཡང་མི་རིགས་པར་བསྟན་པའི་ཕྱིར། རྡུལ་ཕྲན་ཆ་ཤས་མི་མཐོང་ཞེས་ཏེ། རྡུལ་ཕྲ་རབ་རེ་རེ་མི་དམིགས་ཤིང་རགས་པ་ལ་དམིགས་པའི་ཕྱིར་རོ། །རགས་པའི་ཆ་ཤས་ཀྱི་ངོ་བོར་
སྟོང་པས་རྡུལ་ཕྲ་རབ་མ་ཡིན་ནོ། །ཤེས་རབ་འབྱུང་གནས་གསང་བས་ཀྱང་། །ཕྲ་རབ་རེ་རེ་བློ་ཡིས་དམིགས། །བློ་ནི་སྦོམ་པོ་ལ་དམིགས་ཏེ། །སྦོམ་པོ་ཆ་ཤས་དང་བཅས་པས། །རྡུལ་ཕྲན་ཡུལ་དུ་མ་གྲུབ་པོ། །ཞེས་སོ། །དེ་བས་ན་དུ་མའི་རྡུལ་ཕྲ་རབ་ཀྱང་བློའི་ཡུལ་མ་ཡིན་ཞེས་

པའི་གཏན་ཚིགས་ཀྱང་གཅིག་པ་སུན་དབྱུང་བ་དེ་བཞིན་ཏེ་ཆ་ཤས་ཅན་གཏོགས་པའི་ཕྱིར་རོ། །ད་ནི་རྫས་རྟགས་བཅོམ་པར་གཏོགས་པའི་འདུས་པ་ཉིད་མ་གྲུབ་པར་བསྟན་པའི་ཕྱིར། དབུས་ཀྱི་ཞེས་པ་ལ་སོགས་པའོ། །དེ་དག་གི་ལྟར་ན་རྡུལ་ཕྲ་རབ་རེ་རེ་ནས་འདུས་
ནས་རིགས་མཐུན་པའི་སྐབས་མི་འབྱེད་ཅིང་འབྱར་ནས་དམིགས་པ་མེད་པར་རྟོག་གོ། །དེ་ཉིད་མི་རིགས་པར་བསྟན་པའི་ཕྱིར་དབུས་ཀྱི་ཆ་ཤས་མེད་པའི་རྡུལ་ཕྲན་ཞེས་ཏེ། གང་གི་ཚེ་འདུས་པ་དེའི་ཚེ། དབུས་ཀྱི་རྡུལ་ཕྲ་རབ་ཆ་ཤས་དང་བྲལ་བ་དེ་ལ་དུ་མའི་རྡུལ་ཕྲ་རབ་རྗེས་སུ་འབྲང་
ཞིང་འདུས་པ་དེ་མི་རིགས་ཏེ་ཆ་ཤས་མེད་པའི་ཕྱིར་རོ། །དེ་ལྟར་ན་གོ་ས་དེའི་རྗེས་སུ་འབྲང་བ་དེ་ཕྱོགས་དྲུག་ནས་སམ་འོན་ཏེ་ཕྱོགས་གཅིག་ནས་བགྲང་ན། དང་པོ་ནི་རིགས་པ་ཡིན་ཏེ། དབུས་ན་གནས་པ་ཆ་དྲུག་ཏུ་གྱུར་པའི་ཕྱིར་རོ། །དེ་ན་རྡུལ་ཕྲ་རབ་ཉིད་ཉམས་པར་འགྱུར་རོ། །
གཉིས་པ་ཡང་རིགས་པ་མ་ཡིན་ཏེ། སའི་དཀྱིལ་འཁོར་ཞེས་པ་ལ་སོགས་པའོ། །རང་བཞིན་གཅིག་པའི་ཕྱིར་གཅིག་གི་གོ་ས་གང་ཡིན་པ་དེར་གཞན་ཐིམ་པས་སའི་དཀྱིལ་འཁོར་ལ་སོགས་པ་རགས་པའི་དཔུང་ཐམས་ཅད་སྣང་བར་མི་འགྱུར་ཏེ་ཐམས་ཅད་རྡུལ་ཕྲ་རབ་ཙམ་
དུ་འགྱུར་རོ། །དེ་བས་རྡུལ་ཕྲ་རབ་ཏུ་འདུ་ཤེས་བྱར་མི་རུང་ངོ་། །དེ་ལས་མ་གཏོགས་པའི་འདུས་པ་ཞེས་བྱ་བའི་རིགས་ཡོད་པ་མ་ཡིན་པས་ན་འདུས་པ་མ་ཡིན་ནོ། །སློབ་དཔོན་དབྱིག་གཉེན་གྱིས་ཀྱང་། དྲུག་གིས་ཅིག་ཅར་སྦྱར་བ་ན། །ཕྲ་རབ་རྡུལ་ཆ་དྲུག་ཏུ་འགྱུར། །དྲུག་པོ་
དག་ནི་གོ་གཅིག་ན། །གོང་དུ་རྡུལ་ཕྲན་ཙམ་དུ་འགྱུར། །རྡུལ་ཕྲན་སྦྱོར་བ་མེད་ན་ནི། །དེ་འདུས་ཡོད་པ་དེ་གང་གི། །ཞེས་པས་སོ། །སློབ་དཔོན་ལ་བ་ཅན་གྱིས་ཀྱང་། རྡུལ་ཕྲན་འདུས་པར་མི་འདོད་ན། །གཞན་པའི་འདུས་པ་བརྗོད་དགོས་སོ། །གཏན་ཚིགས་ཅུང་ཟད་མི་སྣང་
བས། །འདུས་པའང་ཡུལ་དུ་མ་འགྲུབ་པོ། །ཞེས་གསུངས་སོ། །དེ་ལྟར་ཡུལ་རྣམས་ཡོད་པ་ཡིན་པས། དེས་བསྐྱེད་པའི་འཛིན་པའི་བདག་ཉིད་རྣམས་ཀྱང་ཡོད་པ་མ་ཡིན་ཏེ་གཟུང་བ་འགའ་ཡང་མེད་པའི་ཕྱིར་རོ། །འཕགས་པ་བྱམས་པས་ཀྱང་། དོན་དང་སེམས་ཅན་བདག་

རྣམས་རིག །སྣང་བའི་རྣམ་པར་ཤེས་པ་ནི། །རབ་ཏུ་སྐྱེ་བོ་དེ་དོན་མེད། །དེ་མེད་པས་ན་དེ་ཡང་མེད། །ཅེས་གསུངས་སོ། །དེ་ལྟར་སྔ་མའི་ཕྱོགས་མ་གྲུབ་པ་བསྟན་ནས། ད་ནི་རང་གི་གྲུབ་པའི་དོན་ཉེ་བར་འདུས་པ་གསུངས་པ། དེ་བས་ཞེས་པ་ལ་སོགས་པའོ། །དེ་བས་ཞེས་པ་ནི་
གོང་དུ་གསུངས་པའི་རིགས་པའི་སྟོབས་དེས་སོ། །འཛིན་པ་ལ་སོགས་ཞེས་པ་ནི་གཟུང་བ་མེད་པས་འཛིན་པ་འང་མེད་པ་སྟེ། གཉིས་ཀྱི་བདག་དང་བྲལ་བས་ཞེས་སོ། །རང་དབང་ཞེས་པ་ནི་གཟུང་བ་ལ་སོགས་པ་དེའི་ཕྱིར་དངོས་པོ་མེད་ཀྱང་རང་རང་གི་བག་ཆགས་ཀྱིས་འདོད་དགར་
བརྟགས་པ་སྟེ། གཟུང་བ་དང་འཛིན་པ་གཉིས་ཀྱང་ཕན་ཚུན་འབྲེལ་པ་མེད་པས་རང་དབང་སྟེ། དེ་ཀུན་བརྟགས་པ་རང་གི་ངོ་བོ་ཡིན། །ཞེས་སོ། །དེ་བས་ན་ཀུན་བརྟགས་པའི་རང་གི་ངོ་བོ་ནི་ཡང་དག་པ་མ་ཡིན་ཏེ་ཐར་པར་འདོད་པ་དེ་དགག་པར་བྱའོ། །གཞན་ཡང་རྟོག་པ་དག་
པར་བྱ་བ་ལ་ནན་ཏན་བྱའོ་ཞེས་སོ། །བདེ་མཆོག་གི་རྒྱུད་ཕྱི་མ་ལས། རྟོག་པ་ཡོངས་སུ་དག་ཕྱིར་ན། །དེ་བས་རྟོག་པ་ཡོངས་སུ་དག །ཅེས་བཤད་དོ། །དེ་ཡང་ཐར་པ་འདོད་པས་ཕྱི་རོལ་གྱི་ཞེན་པ་བཟློག་སྟེ། རང་གི་ངོ་བོ་ཇི་ལྟར་གནས་པ་ལ་བློ་བཞག་སྟེ། དེས་སྐྱོན་མེད་པ་
ཐོབ་ནས་དག་པ་ཞེས་མི་ཐོབ་པོ། །ཡང་གསུངས་པ། ངོ་བོ་ཙམ་ལ་གནས་པ་ནི། །བློ་ཡི་དགའ་བྲོད་ཆེན་པོ་མིན། །ཞེས་སོ། །མ་ལུས་གཡོ་དང་མི་གཡོ་ཞེས་པ་ནི་སྣོད་དང་བཅུད་དུ་བཅས་པའི་ཆོས་ཐམས་ཅད་མ་གྲུབ་པའི་དཔེ་གསུངས་པ། དྲི་ཟའི་གྲོང་ཁྱེར་ཞེས་ཏེ་
ཆུ་བོ་ལ་སོགས་པའི་རྒྱུན་ཕྱི་རོལ་ན་མེད་ཀྱང་ཁང་པ་དཀར་པོ་ལ་སོགས་པ་སྣང་བ་སྐྱེ་བ་བཞིན་དུ་ཆོས་ཐམས་ཅད་ཀྱང་ཐོག་མ་མེད་པའི་དུས་ནས་སྤྲོས་པའི་བག་ཆགས་ཡོངས་སུ་སྨིན་པའི་དབང་གིས་གཟུགས་ལ་སོགས་པ་སྣང་བར་སྐྱེ་བ་སྟེ། དེ་ཡང་མ་དཔྱད་ན་རུང་བ་སྟེ་ཅི་ཡང་མ་
ཡིན་ནོ། །དེ་བས་ན་སྐྱེ་བ་དང་འཇིག་པའི་ཆོས་རྣམས་ནི། མ་དཔྱད་པར་ནི་ཡིད་དུ་འོང་། །དོན་བྱེད་ལྡན་པར་འགྱུར་ན་ཡང་། དེ་དངོས་ཀུན་རྫོབ་ཤེས་པར་བྱ། །ཞེས་སོ། །དེ་བས་ན་སྔོན་གྱི་ལྷ་རྣམས་སེམས་རྣམ་པར་དག་པའི་སེམས་ཁོ་ན་འཇུག་པ་སྟེ། ཉེ་བར་འདུ་བྱེད་པ་

འཛིན་པ་ལ་སོགས་པ་མེད་པ་སྟེ། མེ་ལ་མེ་ནི་ཞུ་བ་འདྲ། །ཞེས་པ་ལ་སོགས་པའོ། །འོ་ན་ཀུན་དག་པའི་ངོ་བོ་འཁོར་བར་ཇི་ལྟར་འགྱུར། དེ་མེད་པས་ན་མྱ་ངན་ལས་འདས་པའང་ག་ལ་ཡོད་ཅེ་ན་བདག་ཅེས་པ་ལ་སོགས་པའོ། །ཁོ་བོ་ཅག་ཀྱང་འཁོར་བའི་ཆོས་གཞན་
ནས་མེད་པར་མི་འདོད་མོད་ཀྱི་འོན་ཀྱང་བརྟགས་པ་ཙམ་མོ། །དེ་ཡང་རྟག་པ་ལ་སོགས་པ་ལ་གཟུགས་པོར་འཁྲུལ་ལོ། །ཐག་པའི་སྦྲུལ་ལྟར་སྣང་ལ་མེད་པ་ཉིད་དོ། །དེ་ཉིད་ཀྱང་བདག་དང་གཞན་གྱི་གཟུགས་ལ་སོགས་པ་མེད་པར་དེ་ལ་མངོན་པར་ཞེན་པའོ། །དེའི་རྒྱུན་བར་མ་ཆད་
པའོ། །དེའི་ངོ་བོས་ཞེས་པ་ནི་དེའི་རང་བཞིན་གྱིས་བྱིན་པ་རྣམས་ལ་བདེ་འགྲོ་ལ་སོགས་པའི་སོ་སོར་སྣང་བའི་སྐྱེས་བུ་དེ་ལ་འཁོར་བ་ཞེས་བཤད་དོ། །དང་པོ་དང་ཞེས་པ་ནི་མྱ་ངན་ལས་འདས་པ་སྟེ་དཀྱིལ་འཁོར་གྱི་འཁོར་ལོའོ། །དེ་ལ་སོགས་པ་ཞེས་པ་ནི་རྣམ་པར་རྟོག་པའི་རྒྱུན་དེ་
ལས་ལོག་པ་སེམས་ཀྱི་རྒྱལ་པོ་ཇི་བཞིན་དུ་གནས་པ་རྐྱེན་ཁྱད་པར་ཅན་གྱིས་བསྒྲུབས་ནས་རྟོག་པ་དེའི་ངོ་བོ་ཐམས་ཅད་མྱ་ངན་ལས་འདས་ཞེས་བྱའོ། །ཇི་སྐད་དུ། སེམས་ཅན་ཀུན་གྱི་སེམས་གང་ཡིན། །བརྟན་པའི་ཕྱིར་ན་སེམས་པར་བརྗོད། །མཉམ་པར་གཞག་པས་ཏིང་འཛིན་
གནས། །ངེས་པ་ལས་ནི་རྡོ་རྗེར་གྱུར། །སེམས་དཔའི་བྱིན་རླབས་སྦྱོར་བ་ཡིས། །སླར་ཡང་རྡོ་རྗེ་སེམས་དཔར་འགྱུར། །ཞེས་སོ། །འཕགས་པ་ཀླུ་སྒྲུབ་ཞལ་སྔ་ནས། །འཁོར་བ་དང་ནི་མྱ་ངན་འདས། །འདི་གཉིས་ཡོད་པ་མ་ཡིན་ཏེ། །འཁོར་བ་ཡོངས་སུ་ཤེས་པ་ནི། །མྱ་
ངན་འདས་ཞེས་དེ་ལ་བྱ། །ཞེས་སོ། །དེ་བས་ན་སེམས་ཁོ་ན་ལ་བདག་ལ་སོགས་པར་སྒྲོ་བཏགས་པ་དེའི་ཚེ་འཁོར་བ་ཞེས་བྱ་ལ། །སྒྲོ་བཏགས་པ་དེ་ཁོ་ན་དང་བྲལ་ནས་རང་གི་ངོ་བོར་གནས་པ་དེ་ལ་མྱ་ངན་ལས་འདས་པ་ཞེས་བྱའོ། །དེ་ལྟར་གནས་ཀྱང་ཆོས་ཉིད་ཀྱིས་ནི་ཞེས་
པ་ནི་སྟོང་པ་ཉིད་ཀྱིས་སོ། །སྲིད་དང་ཞི་བ་ནི་འཁོར་བ་དང་མྱ་ངན་ལས་འདས་པའོ། །དེ་ཡང་སྟོང་པ་ཉིད་འཁོར་བ་སྤངས་ནས་མྱ་ངན་ལས་འདས་པ་ཚོལ་བ་དེ་ལྟ་བུའི་དབྱེ་བ་འགའ་ཡང་མེད་དེ་གཉི་གས་སྟོང་པའི་ཕྱིར། །ཇི་སྐད་དུ། ཡང་དག་མ་མཐོང་འཇིག་རྟེན་དང་། །མྱ་ངན་འདས་

པར་རློམ་སེམས་ཏེ། །ཡང་དག་མཐོང་བ་འཇིག་རྟེན་དང་། མྱ་ངན་འདས་པ་རློམ་སེམས་མེད། །ཅེས་འཕགས་པ་ཀླུ་སྒྲུབ་ཀྱིས་བཤད་པའོ། །བཅོམ་ལྡན་འདས་ཀྱིས་ཀྱང་སོ་སོ་སྐྱེ་བོ་རྣམ་པར་དག་པ་དང་། དེ་བཞིན་གཤེགས་པའི་རྣམ་པར་དག་པ་འདི་ལ་གཉིས་སུ་མེད་དེ་གཉིས་སུ་
བྱར་མེད་སོ་སོ་མ་ཡིན་ཐ་མི་དད་དོ་ཞེས་རྒྱས་པར་གསུངས་པ། དེ་ཅིའི་ཕྱིར་ཞེ་ན། གང་གི་ཕྱིར་ཞེས་ཏེ་གཏན་ཚིགས་གང་གི་ཕྱིར་རོ། །འཛིན་པ་ལ་སོགས་པའི་སྒྲོ་བཏགས་པ་པ་དང་བྲལ་རྟག་ཏུ་སྟེང་དུ་དུས་ཐམས་ཅད་དུ་ཀུན་ལ་ཞེས་ཏེ། སྲིད་པ་དང་མྱ་ངན་ལས་འདས་པ་ཀུན་ལས་སྤྲོས་པ་དང་བྲལ་བའི་
ཆོས་ཉིད་གྲུབ་པ་ཡིན་པའི་ཕྱིར་དབྱེ་བ་མེད་དོ། །འཕགས་པ་ལང་ཀར་གཤེགས་པ་ལས། དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང་མ་བྱུང་ཡང་རུང་། ཆོས་རྣམས་ཀྱི་ཆོས་ཉིད་དང་ཆོས་ཀྱི་དབྱིངས་དང་ཆོས་མི་འགྱུར་བ་ནི་ཡེ་ནས་གནས་པ་ཉིད་དོ་ཞེས་གསུངས་པ་ལྟ་བུའོ། །སྒྲོ་
བཏགས་པའི་རྣམ་པ་ཅི་གཞུང་ཚུགས་པ་མ་ཡིན་ནམ། སེམས་ལས་གཞན་ཞེས་པ་ནི་སེམས་ལས་གཞན་ང་རྒྱལ་གྱི་རྐྱེན་བདག་དང་གཟུང་བ་ལ་སོགས་པའི་དབྱེ་བ་འགའ་ཡང་ཡོད་པ་མ་ཡིན་ཞེས་སོ། །དེའི་དོན་ནི་འདི་ལྟ་སྟེ་བདག་ལ་སོགས་པ་མེད་པའི་དབང་གིས་སེམས་དེ་ལ་
བཏགས་ཏེ། དེ་ལས་ལོག་པའི་རྒྱུ་བ་དང་མི་རྒྱུ་བའི་དངོས་པོ་སྣ་ཚོགས་སུ་སྣང་བ་སྟེ་དེ་ཐ་དད་པ་ལྟར་སྣང་ཡང་སེམས་དེ་ལས་གཞན་ན་ཡོད་པ་ལྟར་མ་ཡིན་ཏེ། དེ་ཉིད་ང་རྒྱལ་གྱི་ཡུལ་ཡིན་ཞེས་སོ། །དེ་ནི་སྲིད་པ་དང་ཞི་བ་ཐ་མི་དད་པར་བསྡུ་བའི་ཕྱིར། གང་ཞིག་ངོ་བོ་ཞེས་ཏེ་
ཀུན་རྫོབ་གང་ཞིག་ངོ་བོ་དོན་དམ་པ་སྟེ་དེ་རྟོགས་ན་དེའི་རྟོག་པའི་གཞི་ཀུན་རྫོབ་ཀྱི་རང་བཞིན་དེ་ཅིའི་ཕྱིར་དངོས་པོར་གྲུབ། ལུང་དང་རིགས་པས་དཔྱད་ན་ངོ་བོ་ཉིད་དམིགས་སུ་མེད་པའི་ཕྱིར་རོ། །འོན་ཀྱང་ཆུ་ཟླ་ལ་སོགས་པའི་རྣམ་པ་ནི་མི་འགོག་གོ། །དེ་བས་ཐམས་ཅད་ཅེས་ཏེ་
སྲིད་པ་དང་ཞི་བའོ། །དབྱེར་མེད་པ་ནི་དོན་དམ་པར་དབྱེར་མེད་པར་བྱས་ཤིང་ཐ་དད་པ་མེད་པས་ཐམས་ཅད་དབྱེར་མེད་ཉིད་ཡིན་ནོ། །དེ་བས་ན། དངོས་གཅིག་དངོས་པོ་ཀུན་གྱི་རང་བཞིན་ཏེ། །དངོས་ཀུན་དངོས་པོ་གཅིག་གི་ངོ་བོ་ཉིད། །གང་གི་དངོས་གཅིག་དེ་བཞིན་ཉིད་

མཐོང་ན། །དེ་ཡིས་དངོས་ཀུན་དེ་བཞིན་ཉིད་ཀྱང་མཐོང་། །ཞེས་གསུངས་པ་དང་། འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་ཀྱང་། ཀུན་རྫོབ་དག་ནི་མ་རྟོགས་པར། །དེ་བཞིན་ཉིད་ནི་དམིགས་མི་འགྱུར། །ཀུན་རྫོབ་སྟོང་པ་ཉིད་གསུངས་ཏེ། །སྟོང་པ་ཉིད་ནི་ཀུན་
རྫོབ་གསུངས། ཞེས་པ་དང་། འཕགས་པ་བརྒྱད་སྟོང་པ་ལས་ཀྱང་། ཀཽ་ཤི་ཀ་འཛམ་བུ་གླིང་ན་ཤིང་སྣ་ཚོགས་པ། ཡལ་ག་ལ་སོགས་པ་སྣ་ཚོགས་པ་སྐྱེས་ཀྱང་གྲིབ་མ་ལ་བྱེ་བྲག་མེད་དེ་གྲིབ་མ་གྲིབ་མ་ཞེས་བྱའོ། །ཆོས་ཐམས་ཅད་ཀྱང་ངོ་བོ་ཉིད་གཅིག་པ་སྟེ་སྟོང་པ་ཉིད་དོ་ཞེས་གསུངས་པ་ལྟ་བུའོ། །ད་ནི་དེ་རྣམས་
ཀྱི་མཇུག་བསྡུ་བའི་ཕྱིར་ཁ་ཅིག་ཅེས་པ་ལ་སོགས་པའོ། །ཁ་ཅིག་ཅེས་པ་ནི་དངོས་པོ་ཁོ་ན་སྟེ་གཟུགས་ལ་སོགས་པའོ། །དེ་ཡུལ་ལ་རྣམ་པར་རྟོག་པའོ། །ཁ་ཅིག་གཞན་དུ་ཞེས་པ་ནི་མིག་ལ་སོགས་པའི་རྣམ་པར་ཤེས་པ་ཁ་ཅིག་སེམས་སུ་རྣམ་པར་རྟོག་པའོ། །རྣམ་པར་རྟོག་
པ་ཞེས་པ་ནི་ང་རྒྱལ་གྱི་རྒྱུས་ཐ་དད་པར་རོ། །དེ་ཉིད་ཀྱང་གོང་མའི་རིམ་པས་གཟུང་བ་དང་འབྲེལ་བ་དང་། འཛིན་པ་དང་བྲལ་བ་སྟེ། དེ་བས་ན་གཟུང་བ་དང་འཛིན་པ་གང་ཡང་མ་ཡིན་པས་ཐམས་ཅད་སེམས་ཁོ་ནའོ། །མདོ་ལས་ཀྱང་། ཀྱེ་རྒྱལ་བའི་སྲས་དག་ཁམས་གསུམ་པ་
འདི་དག་ནི་སེམས་ཙམ་མོ་ཞེས་གསུངས་པའོ། །དེ་ལ་འཁྲུལ་པ་གང་གཉིས་ཏེ། །ཁ་ཅིག་དོན་དམ་པར་ཡོད་པ་ཉིད་དུ་རྟོག་ཅིང་རྫས་ཉིད་དུ་སེམས་པ་དང་། དེ་ལས་གཞན་པའི་ནི་ཀུན་རྫོབ་ཉིད་ལ་གཉིས་སུ་སྣང་བར་སེམས་སོ། །དང་པོ་ནི་རིགས་པ་མ་ཡིན་ཏེ། རྣམ་པར་
ཤེས་པ་རང་བཞིན་མེད་པའི་ཕྱིར་རོ། །དེ་ནི་དབུ་མའི་བསྟན་བཅོས་སུ་འཕགས་པ་ཀླུ་སྒྲུབ་ལ་སོགས་པས་རྒྱས་པར་གསུངས་ཏེ་འདིར་མ་བཤད་དོ། །སྐྱེ་བ་མེད་པར་བསྟན་པའི་མདོ་ལས། ཆོས་ཐམས་ཅད་ནི་ལྷའི་བུའི་སེམས་ཙམ་མོ། །དེ་ཉིད་ཀྱང་རང་བཞིན་མེད་པའོ་ཞེས་
གསུངས་སོ། །དེ་བས་ན་ངེས་པར་ལེགས་པའི་གྲོང་ཁྱེར་དུ་འཇུག་པར་འདོད་པས་སེམས་ཀུན་རྫོབ་ཏུ་ཤེས་པར་བྱའོ། །འཕགས་པ་ལང་ཀར་གཤེགས་པ་ལས། སྔར་བཞིན་མེད་དེ་རྣམ་རིག་མེད། །དངོས་པོ་ཡང་མེད་ཀུན་གཞི་མེད། །རོ་དང་འདྲ་བའི་མི་མཁས་པ། །ངན་རྟོག་

རྣམས་ཀྱིས་བརྟགས་པའོ། །ཞེས་པ་ལ་སོགས་པ་གསུངས་སོ། །གཉིས་པར་ཡང་མ་ཡིན་ཏེ། འཁོར་བའི་ཆོས་ནི་མེད་པའི་ཕྱིར་རོ། །ཅིའི་ཕྱིར་རྩ་བའི་རྒྱུད་ལས། མདོར་ན་ཕུང་པོ་ལྔ་རྣམས་ནི། །སངས་རྒྱས་ལྔར་ནི་རབ་ཏུ་བརྟག །ཅེས་པ་ལ་སོགས་པ་གསུངས་སོ། །དེ་ཡང་
རྟོག་པ་ལ་སོགས་པ་ལ་གཟུགས་ལ་སོགས་པར་འཁྲུལ་པ་སྟེ། འཁོར་བ་དེ་ཐག་པའི་སྦྲུལ་ལྟར་སྣང་བ་ལ་མེད་པ་ཞེས་གོང་དུ་བསྟན་ཏོ། །དཔལ་ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་པ་ལས། གསང་བའི་བདག་པོ་ཐག་པའི་སྦྲུལ་གང་ཡིན་པ་དེ་ནི་ཡོད་པ་མ་ཡིན་ནོ། །འོན་ཀྱང་རབ་རིབ་
སྤངས་ཏེ་ཐག་པར་མཐོང་ན་དོན་གཞན་མེད་དོ། །གསང་བའི་བདག་པོ་དེ་བཞིན་དུ་རྟོག་པ་ལ་སོགས་པ་ལ་གཟུགས་ལ་སོགས་པར་འཁྲུལ་པ་ཡིན་ནོ། །འོན་ཀྱང་ཞེས་པ་ནི་བག་ཆགས་ཀྱི་ཕྱིར་རོ། །སྐྱེས་བུ་ལ་ལ་ཞིག་གིས་ངས་བསྟན་པའི་ལམ་ལ་གཞོལ་ཞིང་བག་ཆགས་དེ་བཟློག་ན་
རྟག་པ་ལ་སོགས་པར་མཐོང་ཞིང་གཞན་ཅི་ཡང་མི་དམིགས་སོ་ཞེས་གསུངས་སོ། །དེ་བས་ན་མྱ་ངན་ལས་འདས་པ་ཁོ་ནའོ་ཞེས་པ་ནི་གྲུབ་པའི་མཐའོ། །དེ་ལྟར་གོང་དུ་བཤད་པའི་རིགས་པས་གཟུགས་ལ་སོགས་པ་དང་བྲལ་བས་ཐམས་ཅད་སེམས་ཙམ་དུ་བསྟན་ནས། དེ་ཉིད་
ལོག་པར་རྟོག་པ་ཡང་བཀག་ནས་དེ་ཉིད་ཀྱང་དཀྱིལ་འཁོར་གྱི་འཁོར་ལོའི་རྣམ་པ་ཁོ་ན་ཡིན་པ་གསུངས་པ། དད་དང་ཞེས་པ་ནི། ལས་དང་འབྲས་བུ་དང་བདེན་པ་དང་དཀོན་མཆོག་ལ་མངོན་པར་ཡིད་ཆེས་པས་སེམས་དད་པའོ། །བརྩོན་འགྲུས་ནི་དགེ་བ་ལ་སེམས་མངོན་པར་སྤྲོ་བའོ། །དེ་རྣམས་
དག་པ་དང་དེ་བཞིན་དུ་འདྲིས་པའི་དངོས་པོ་ཉིད་ལ་མ་བརྗེད་པ་སྟེ། སེམས་ཀྱིས་མངོན་པར་བརྗོད་པའོ། །ཏིང་ངེ་འཛིན་བརྟགས་པའི་དངོས་པོ་ལ་སེམས་རྩེ་གཅིག་པ་ཉིད་དོ། །དེ་རྣམ་པར་དག་པ་གོ་རིམས་བཞིན་དུ་གཤིན་རྗེ་གཤེད་ལ་སོགས་བཞི་སྟེ་སྒོ་སྲུང་རྣམ་པར་དག་པའོ། །དྲན་པ་ཉེ་
བར་གཞག་པ་ལ་སོགས་པ་བྱང་ཆུབ་སེམས་ཀྱི་མཚན་ཉིད་འཛིན་ཅིང་འཇུག་པས་ན་སྒོའོ། །དེའི་བདག་པོར་དགུག་པ་ལ་སོགས་པའི་ཡོན་ཏན་གྱི་མཐུ་མི་ཉམས་པར་སྲུང་ཞིང་གཏི་མུག་ལ་སོགས་པ་སྐྱེ་བའི་སྒོ་འགོག་ཅིང་བསྲུང་བར་གྱུར་པས་ན་སྒོ་སྲུང་སྟེ། དེ་ཉིད་སེམས་ཡིན་ནོ། །ཤེས་རབ་

ཅེས་པ་ནི་རིགས་པས་བསྐྱེད་པ་སྟེ་གཟུགས་ལ་སོགས་པ་བཏགས་པ་ཙམ་དུ་ཤེས་པའོ། །དེ་རྣམ་པར་དག་པས་ཐམས་ཅད་ཡུལ་དུ་སྣང་ཞེས་ཏེ། གཟུགས་ལ་སོགས་པའི་ལྷ་མོ་དྲུག་ཏུ་སྣང་བ་སྟེ་དེ་ཉིད་སེམས་སོ། །མཚན་མ་མེད་པའི་ཞེས་པ་ནི་གཟུང་བ་
ལ་སོགས་པ་སྤངས་ཏེ་དེའི་དགའ་བ་ནི་མཆོག་གི་བདེ་བའོ། །དེའི་རྣམ་པར་དག་པ་ནི་སྤྱན་མ་ལ་སོགས་པ་ལྷ་མོའི་ཚོགས་ཏེ་བཞིའོ། །དེ་ཉིད་ཀྱང་མཆོག་གི་དགའ་བའི་དུས་ན་དབྱེ་བ་མེད་པ་དང་ཀུན་ཁྱབ་པ་དང་དོན་མི་གཏོང་བ་དང་མི་ཤིགས་པ་སྟེ། དེ་བས་ན། ར་ཏི་ཤིན་ཏུ་ལོངས་
སྤྱོད་རྫོགས། །ཞེས་ཁྱད་པར་བྱས་པའོ། །དེ་ཉིད་ཀྱང་སེམས་སོ། །སེམས་ཅན་ཞེས་པ་ནི་དབང་པོ་ལྔའོ། །དོན་བཟུང་བ་ལ་སོགས་པ་ལྔའོ། །དེས་དོན་དང་སེམས་ཅན་དུ་སྣང་བའི་ཀུན་གཞི་བསྟན་ཏོ། །བདག་པོ་ཞེས་པ་ནི་ཉོན་མོངས་པ་ཅན་གྱི་ཡིད་དོ། །ཐུན་མོང་མ་
ཡིན་པའི་འཁོར་བཞི་དང་ལྡན་པའི་ཕྱིར་རོ། །རྣམ་པར་རྟོག་པ་ཞེས་པ་ནི་ཡིད་ཀྱི་རྣམ་པར་ཤེས་པ་སྟེ་ཆོས་ཐམས་ཅད་ཀྱི་ཡུལ་ཅན་དུ་གྱུར་པའི་ཕྱིར་རོ། །རབ་ཏུ་འཇུག་པ་ཞེས་པ་ནི་མིག་ལ་སོགས་པའི་རྣམ་པར་ཤེས་པ་སྟེ་སོ་སོར་འཇུག་པའི་ཕྱིར་དེ་སྐད་དོ། །དེ་རྣམ་པར་དག་
པའང་ཡིན་ཞེས་སོ། །ཇི་ལྟ་བུ་ཞེ་ན་མེ་ལོང་ལ་སོགས་ཞེས་ཏེ། དེ་ལ་ཀུན་གཞི་རྣམ་པར་དག་པ་མེ་ལོང་ལ་གཟུགས་བརྙན་སྣང་བ་ལྟར་དངོས་པོ་མ་ལུས་པ་ཅིག་ཅར་ཤེས་པ་ནི་མེ་ལོང་ལྟ་བུའོ། །སོགས་པའི་སྒྲས་བསྡུས་པ་ཉོན་མོངས་པ་ཅན་གྱི་ཡིད་རྣམ་པར་དག་པ་ནི་སེམས་ཅན་ཐམས་
ཅད་ཀྱི་རང་རིག་པ་ཙམ་མོ་ཞེས་གཅིག་ཏུ་རྟོགས་པ་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་སོ། །ཡིད་ཀྱི་རྣམ་པར་ཤེས་པ་རྣམ་པར་དག་པ་ནི་ཕུང་པོ་ལ་སོགས་པའི་དངོས་པོར་རྣམ་པར་དབྱེ་བ་སྟེ། སངས་རྒྱས་ཀྱི་རང་བཞིན་དུ་ཤེས་ནས་ཆོས་ཐམས་ཅད་ཀྱི་ཆ་ཤས་ནི་འདི་དག་གོ་ཞེས་པདྨའི་
འདབ་མ་ལྟར་རྟོག་ཅིང་རྟོག་པ་མེད་པ་ན་སོ་སོར་རྟོག་པའི་ཡེ་ཤེས་སོ། །འཇུག་པའི་རྣམ་པར་ཤེས་པ་རྣམ་པར་དག་པ་བདག་གཞན་གྱི་ལུས་ལས་ཀྱི་བྱ་བ་རྫོགས་པར་བྱེད་པ་བྱ་བ་ལ་ནན་ཏན་གྱི་ཡེ་ཤེས་སོ། །དེ་རྣམས་སུ་དག་པའི་དུས་དེ་ན་སྒྲིབ་པ་ཐམས་ཅད་དག་ཅིང་ཉོན་མོངས་པ་

ལས་གྲོལ་བ་རྣམ་པར་རྟོག་པའི་བག་ཆགས་རྣམ་པར་སྦྱངས་པ། ཟབ་མོ་དང་གསལ་བ་སྟེ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སོ། །དེ་ཉིད་དྲི་མ་མེད་པ་ཡང་ཡིན་ལ་སེམས་ཀྱང་ཡིན་པས་ན་དེ་སྐད་དོ། །དེ་རྣམས་འདིར་སངས་རྒྱས་རྣམས་ཀྱི་གཟུགས་ཞེས་ཏེ། གོ་རིམས་བཞིན་དུ་རྣམ་པར་
སྣང་མཛད་ལ་སོགས་པའི་ངོ་བོ་ཉིད་སེམས་སོ། །དེ་ཉིད་ཅེས་པ་ནི་གཉིས་སུ་མེད་པའི་ཡེ་ཤེས་ཏེ། དེ་རྣམ་པར་དག་པས་དེའི་སྦྱོར་བས་དཀྱིལ་འཁོར་བདག་པོ་ཞེས་ཏེ། ཐམས་ཅད་ཀྱི་བདག་པོ་རྡོ་རྗེ་འཆང་ཆེན་པོའི་ངོ་བོ་ཉིད་དུའོ། །ཆེར་གནས་ཞེས་པ་ནི་དེ་ཁོ་ནས་ཆོས་ཐམས་ཅད་
ཆོས་ཉིད་ཀྱིས་བསྒྲུབ་པར་བྱ་བ་ཡིན་པའི་ཕྱིར་རོ། །དེ་དག་གོ་ཞེས་པ་ནི་རྟག་པ་ལ་སོགས་པ་སྤྱིའི་མཚན་ཉིད་དོ་ཞེས་སོ། །འདི་སྐད་དུ། དཔལ་ལྡན་སངས་རྒྱས་ཀུན་གྱི་བདག །རྡོ་རྗེ་འཆང་བ་ཀུན་གྱི་གནས། །ཆོས་རྣམས་ཀུན་གྱི་ཆོས་ཉིད་དོ། །སངས་རྒྱས་ཀུན་གྱི་བསྒྲུབ་བྱ་ཡིན། །ཞེས་
ཤེས་སོ། །གཟུགས་ཀུན་ཞེས་པ་ནི་གཟུགས་ཀྱི་ཕུང་པོ་ལ་སོགས་པའོ། །དེ་ལ་འཁྲུལ་པ་ཞེས་པ་ནི་ཕྱི་རོལ་དུ་སྒྲོ་ནན་གྱིས་བཏགས་པ་གཅིག་པ་ལ་སོགས་པ་དང་བྲལ་བས་ན་དྲི་མེད་པའི་ཞེས་ཏེ་ཤེལ་ལྟ་བུའི་སྐུ་ལ་སོགས་པ་འགྲུབ་པས་སོ། །ཕུང་པོ་ལ་སོགས་ཞེས་པས་ནི་དྲི་མ་
མེད་པའི་ཕུང་པོ་ནི་རྟག་པ་ལ་སོགས་པའོ། །སོགས་པའི་སྒྲས་དྲི་མ་མེད་པའི་སྐྱེ་མཆེད་ནི་སའི་སྙིང་པོ་ལ་སོགས་པའོ། །དྲི་མ་མེད་པའི་ཁམས་ནི་སྤྱན་མ་ལ་སོགས་པའོ། །དེ་ལྟ་བུའི་དངོས་པོར་གྲུབ་པོ་ཞེས་སོ། །སེར་སྣ་ནི་སེམས་ཀྱིས་ཀུན་དུ་འཛིན་པའོ། །དེ་དང་པོར་བྱས་
པའི་སྒྲས་བསྡུས་པའི་ཚུལ་ཁྲིམས་འཆལ་པ་དང་། བཟོད་པ་མེད་པ་དང་ལེ་ལོ་དང་སེམས་གཡེང་བ་དང་། ཤེས་རབ་འཆལ་བ་ལ་སོགས་པ་བཅུའོ། དེ་ལས་ལོག་པ་ནི་མེད་པ་སྟེ། ཕ་རོལ་ཕྱིན་དང་ཞེས་ཏེ་སྦྱིན་པ་ལ་སོགས་པ་དང་། དེ་ཉིད་ས་དང་ཞེས་ཏེ་རབ་ཏུ་དགའ་བ་ལ་
སོགས་པ་བཅུ་སྟེ། དེ་ཉིད་དཀར་པོ་སྟེ་སེར་སྣ་ལ་སོགས་པས་མ་གོས་པའི་ཕྱིར་རོ། །དེ་ཡང་འདིར་གཟུགས་ལ་སོགས་པར་སྦྱོར་བ་སྟེ་དེ་ཉིད་ཀྱང་སེམས་སོ། །དེ་ལྟར་སེམས་ཉིད་དཀྱིལ་འཁོར་གྱི་འཁོར་ལོའི་རྣམ་པ་ཁོ་ནར་བསྟན་པས། ད་ནི་དེ་རྣམས་ཀྱང་ཟབ་མོ་དང་གསལ་བ་

ཡིན་པས་བསྟན་པ། རྣམ་པར་རྟོག་པ་མེད་ཅེས་པ་ལ་སོགས་པའོ། །རྣམ་པར་རྟོག་མེད་ཅེས་པ་ནི་གོང་མ་དེ་དག་ཀྱང་རང་འབྱུང་བར་བྱེད་པའི་རྒྱུ་གཟུང་བ་ལ་སོགས་པའི་རྣམ་པར་རྟོག་པ་དང་བྲལ་ཞིང་མི་དམིགས་པའོ། །བདག་གཞན་དོན་འབྱུང་བ་
ཞེས་པ་ནི་ཉིད་ཀྱང་ཕུན་སུམ་ཚོགས་པའི་དོན་ཡོད་པ་གཞན་སྟོན་པའི་རྒྱུ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་བདེ་བ་ཐོབ་པར་བྱེད་པ་སྟེ་འཇའ་ཚོན་ལྟ་བུའི་སྐུའོ། །དེའི་གོ་རིམས་ཞེས་པ་ནི་རྣམ་པར་རྟོག་པ་མེད་པ་ཟད་པ་དང་ཤེས་རབ་ཅེས་བྱ་བར་སྦྱར་རོ། །གང་ཞིག་དངོས་
མེད་ཤེས་རབ་སྟེ། །ཞེས་པའོ། །དེ་བཞིན་དུ་བདག་དང་གཞན་གྱི་དོན་འབྱུང་བ་དང་ཐབས་ཞེས་བྱ་བར་སྦྱར་རོ། །རང་གི་མཚན་ཉིད་ཐབས་ཡིན་ནོ། །ཞེས་བྱ་བའོ། །དེ་ལྟ་བུའི་ངོ་བོར་བདག་ཉིད་སེམས་དཔའོ་ཞེས་སོ། །ད་ནི་ཟབ་མོ་དང་གསལ་བ་དེ་ཉིད་དབྱེར་མི་ཕྱེད་པ་བསྟན་པའི་
ཕྱིར་རོ། །དོན་དམ་པར་ཞེས་པ་ལ་སོགས་པའོ། །དོན་དམ་པར་ཞེས་པ་ནི་ཟབ་མོའི་དབང་དུ་བྱས་ནས་དབྱེར་མེད་ཅེས་ཏེ་དབྱེར་ཡོད་པ་མ་ཡིན་ནོ། །ནམ་མཁའ་ལྟར་རྣམ་པར་དག་པའི་ཕྱིར་རོ། །དབྱེར་མེད་པ་མ་ཡིན་ཞེས་པ་ནི་གསལ་བའི་བདག་ཉིད་ཀྱིས་དབང་དུ་བྱས་
ནས་དབྱེར་མེད་པ་མ་ཡིན་ཏེ་འཇའ་ཚོན་ལྟར་སོ་སོར་སྣང་བའི་ཕྱིར་རོ། །དེ་བས་ན་དབྱེར་མེད་པས་གཉིས་ཀ་ལས་རྣམ་པར་གྲོལ་བ་ཐབས་ཤེས་རབ་ཏུ་བཅས་པའི་བྱང་ཆུབ་ཀྱི་སེམས་སོ། །ཇི་སྐད་དུ། སྟོང་ཉིད་སྙིང་རྗེ་ཐ་མི་དད། །བྱང་ཆུབ་སེམས་ཞེས་བཤད་པ་ཡིན། །
ཞེས་སོ། །ཅིའི་ཕྱིར་ཞེ་ན། གཞན་དུ་གཟུང་བའི་གནས་མིན་ཕྱིར། །ཞེས་ཏེ་གཟུང་བ་ལ་སོགས་པའི་རྟེན་དུ་རུང་བའི་ཆོས་ནི་གང་ཡང་མེད་དེ་དེ་ཉིད་ལོག་པར་བརྟགས་པ་མ་ཡིན་པའི་ཕྱིར་རོ། །དེ་བས་ན་དབྱེ་བ་ལ་སོགས་ཞེས་ཏེ། དབྱེ་བ་དང་མི་དབྱེ་བའི་རྟོག་པ་སྣ་
ཚོགས་པ་བཞི་པོ་ལ་མི་འབྱོར་བའི་ཕྱིར། བཞི་པོ་དེ་ཉིད་ཐབས་དང་ཤེས་རབ་དབྱེར་མེད་པའི་སེམས་ཡིན་ནོ། །དེ་ལྟར་བརྟགས་ནས་ཞེས་པ་ནི་རང་གི་སེམས་ཁོ་ན་ལས་ཐམས་ཅད་སྣང་བར་སེམས་ཙམ་ལ་སེམས་ཙམ་འཇུག་པར་མི་འགལ་བར་ཤེས་ན་ཤེས་སོ། །

གཞིའི་སྙིང་པོ་ཞེས་པ་ནི་སྔགས་ཀྱི་ཡི་གེ་མཾ་ངོ་། །དྲི་མ་མེད་པའི་ཟླ་བར་གནས་པའི་རལ་གྲིའི་མཚན་མ་སྟེ། དེའི་དབུས་ན་གནས་ཞེས་ཏེ་གནས་བསྟན་པའོ། །དམ་པའི་སྔགས་ཞེས་ཏེ་ཐིག་ལེའི་གཟུགས་ཞེས་ཏེ། ཁ་དོག་ལྔ་དང་ལྡན་པ་ཙ་ན་ཀའི་འབྲུ་ཙམ་གྱིས་གཟུགས་སུ་སྟེ་
རང་གི་སེམས་ཉིད་འོད་ཟེར་ལྔ་དང་ལྡན་པར་འབར་བ་དང་བཅས་པར་བསྒོམ་པར་བྱའོ་ཞེས་སོ། །ཡང་ན་སྔགས་དེ་ཉིད་མ་འཕྲོས་པས་ཐིག་ལེའི་སྟེ་དེས་གཞན་འདོད་དོ། །སེམས་དེ་འོད་ཟེར་འཕྲོ་བས་ཞེས་ཏེ་ཐིག་ལེའི་གཟུགས་ཅན་གྱི་སེམས་དེའི་འོད་ཟེར་གྱི་ཕྲེང་བ་དེའི་
གནས་དང་། ཡེ་ཤེས་སེམས་དཔའི་ནང་གི་ལུས་ལ་སོགས་པ་ནས་དེའི་གནས་ཀྱང་འོད་ཟེར་དེས་སད་ཅིང་སྣང་བར་བྱས་ནས། དེས་སྐུ་གསུང་ཐུགས་རྡོ་རྗེ་མཆོག་ཅེས་ཏེ་འཇམ་པའི་རྡོ་རྗེའི་དམ་པར་གྱུར་པའི་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཡང་འོད་ཟེར་དེས་སྣང་བར་བྱས་ནས་ཡང་
རང་གི་ལས་སྦྱར་བའི་ཕྱིར། སླར་ཡང་དེ་ཉིད་དུ་ཐིམ་ཞེས་པ་ནི་གསལ་བ་བཞིན་དུ་རང་རིག་པས་ཐིག་ལེ་ལ་ཞུགས་པས་ཡེ་ཤེས་བདུད་རྩིའི་རྒྱུན་ཏེ། བྱང་ཆུབ་སེམས་དཔའ་འཇམ་པའི་དབྱངས་ཀྱི་དཀྱིལ་འཁོར་ཐིག་ལེ་སྦྱོར་བ་ཡན་ཆད་ཀྱིས་ལྷག་པར་མོས་པར་བྱས་ལ་དེའི་
ཐིག་ལེ་ལས་ཡེ་ཤེས་ཀྱི་འོད་ཟེར་གྱི་བདུད་རྩི་སྟེ་གཉིས་སུ་མེད་པས་རྣམ་པར་རྟོག་པ་ལ་སོགས་པའི་ཤི་བ་དང་བྲལ་བར་བྱེད་པ་དེ་ལ་གོམས་པ་མེད་པར་བྱས་པས་སངས་རྒྱས་ཉིད་དུ་མི་འགྱུར་བས་སེམས་ཅན་ཐམས་ཅད་གདོན་པའི་ཡིད་དུ་བྱས་ལ་ཟབ་མོ་དང་གསལ་བས་
ཟིན་པའི་ཐིག་ལེ་དེ་འཛག་པའི་ངང་ཚུལ་ཅན་ལ་སེམས་བཟུང་ཞིང་བསྒོམ་པར་བྱའོ། །དེ་ལ་རེག་པས་གཉིས་སུ་མེད་པའི་ཡེ་ཤེས་དང་ལྡན་པར་འགྱུར་རོ། །དེ་ནས་ལུས་ནང་ཐམས་ཅད་ཅེས་ཏེ་ནང་གི་ཐིག་ལེའི་འོད་ཀྱིས་རང་གི་གནས་ལ་སོགས་པའི་དཀྱིལ་འཁོར་
ཅན་ཐམས་ཅད་སད་པར་བྱས་ལ། སོ་སོ་མ་ལུས་བྱུང་ཞེས་ཏེ་འཇམ་པའི་དབྱངས་ཀྱི་ནང་གི་ལུས་ལ་འོད་ཟེར་བཞག་པ་བ་སྤུའི་བུ་ག་ལས་འཕྲོས་པས་ཀུན་དུ་དེ་ཉིད་མཐའ་ཡས་པས་ཞེས་པ་ནི་དཀྱིལ་འཁོར་ལ་སོགས་པའི་རིམ་གྱིས་སད་ཅིང་སྣང་བར་བྱས་ནས་ཐམས་ཅད་ཁྱབ་

སྟེ། བརྒྱུད་པའི་རིམ་པ་བཞིན་དུ་བྱས་ནས་སླར་ཡང་རིམ་བཞིན་དུ་ཡེ་ཤེས་ཀྱི་བདུད་རྩི་ལ་ཐིམ་པར་བྱས་ནས་བསྒོམ་པར་བྱའོ། །དེ་ལྟ་བུའི་རིམ་པས་ཡང་དང་ཡང་དུ་སྤྲོ་བ་དང་བསྡུ་བ་དང་བཟུང་བ་ལ་སོགས་པ་བྱའོ། །ད་ནི་ཕྲ་མོའི་ཏིང་ངེ་འཛིན་བསྒོམ་པས་ཡང་
སེམས་བརྟན་པར་བྱ་བའི་ཕྱིར་གསུངས་པ། ཡང་ན་ཞེས་པ་ལ་སོགས་པའོ། །ཡང་ན་ཞེས་པ་ནི་གོང་མས་ཀྱང་སེམས་བརྟན་པར་བྱ་བའི་ཆེད་དུ་འདི་བསྒོམ་པར་བྱའོ་ཞེས་སོ། །རང་གི་མཚན་མ་ཕྲ་མོ་ནི་རང་གི་ལྷའི་ཕྱག་མཚན་དེ་རལ་གྲི་ནས་ཙམ་མོ། །འདིར་མན་ངག་ནི་སྙིང་པོའི་ས་
བོན་གྱི་འོད་ཟེར་གྱིས་དེ་བཞིན་གཤེགས་པ་བཀུག་པ་ལ་སོགས་པས་བྱང་ཆུབ་སེམས་སུ་ཞུ་ནས། པདྨའི་ལྟེ་བའི་ནང་དུ་བབས་པ་ལས་དེ་ལ་གྱུར་པའི་མཚན་མ་གོང་དུ་གསུངས་པ་ལྟ་བུའི་ནང་དུ་ཐུབ་པའི་འཁོར་ལོ་ཞེས་ཏེ། ཆོས་འབྱུང་ནས་བརྩམས་ཏེ་ཐིག་ལེའི་རྣལ་འབྱོར་ཡན་
ཆད་ཀྱིས་ལྷག་པར་མོས་པར་བསྒོམས་ནས། དེ་ལ་བྱིང་བར་སོང་ནས་སེམས་མ་གསལ་ན་རང་གི་རྡོ་རྗེ་རྩེ་ལྔ་པ་དབུས་ལྕགས་ཀྱུར་གྱུར་པར་དྲངས་ནས། སྣ་རྩེར་ཞེས་ཏེ་པདྨའི་སྣ་རྩེར་བསྒོམ་པར་བྱའོ་ཞེས་ཏེ། དགག་པ་དང་གཏོང་བའི་ཡན་ལག་གསུམ་པའོ། །དེ་ཡང་རྡོ་རྗེ་དང་པོའི་ཤེས་
རབ་ཏུ་ལྡན་པ་ཉིན་མཚན་དུ་སྟེ། དུས་བཞིར་བསྟན་པར་བྱ་བའི་དོན་དུ་བསྒོམ་པར་བྱའོ། །བྱང་ཆུབ་སེམས་རྡོ་རྗེའི་བུམ་པར་མཚན་མའི་དབུས་སུ་མཎྜལ་བསྒོམས་ནས། སེམས་བྱིང་བར་སོང་ན་དབུགས་ཕྱུང་བའི་སྣ་རྩེ་ལ་བསྒོམ་པ་ནི་མན་ངག་གཞན་ནོ། །དེའི་ཐིག་ལེ་ལ་གོང་མའི་
རིམ་པས་སྤྲོ་བ་དང་བསྡུ་བ་ནི་དགག་པ་དང་གཏོང་བའི་ཡན་ལག་གསུམ་པའོ། །དེ་ཡང་ཡེ་ཤེས་ལྔའི་འོད་ཟེར་འཆང་ལ་ཞུགས་ཤིང་གཏོང་བ་བཟུང་བའི་ཡན་ལག་གོ། །དེ་ལྟར་བཟུང་བས་བརྟན་པའི་མཚན་མ་ཞེས་ཏེ། ཕྲ་མོའི་ཏིང་ངེ་འཛིན་ལ་བརྟན་པས་འབྱུང་བ་བཞིར་རེ་རེ་ནས་
ལོག་པས། །སྨིག་རྒྱུ་འདྲ་བ་དང་པོ་དང་། །དུ་བ་ལྟ་བུ་གཉིས་པ་དང་། །མཁའ་སྣང་ལྟ་བུ་གསུམ་པ་དང་། །མར་མེ་ལྟར་འབར་བ་བཞི་པ་དང་། །སྤྲིན་མེད་ནམ་མཁའ་ལྟ་བུ་ནི་རྟག་ཏུ་སྣང་བ་ལྔ་པ་སྟེ། དེ་ལྟ་བུའི་རྟགས་དེ་མཐོང་ནས་བརྟན་པར་ཡང་ཤེས་ན་གདོད་སྤྲོ་བར་བྱ་སྟེ། དེའི་འོད་ཟེར་ཞེས་

ཏེ་མཚན་མ་ཕྲ་མོའི་དཀྱིལ་འཁོར་གྱི་འོད་ཟེར་ཏེ། དེ་ལས་བྱུང་བའི་མཐུ་དབང་སྟེ་དེ་བཞིན་གཤེགས་པའི་དཀྱིལ་འཁོར་དང་། རྣམ་པ་སྣ་ཚོགས་ཕྱག་མཚན་ཞེས་ཏེ། རྡོ་རྗེ་དང་རལ་གྲི་དང་འཁོར་ལོ་དང་རིན་པོ་ཆེ་དང་པདྨ་ལ་སོགས་པ་སྤྲོ་བར་བྱ་སྟེ། སྤྲོས་པ་གཞན་དང་གཞན་གྱི་
གཟུགས་ལས་མན་ངག་གི་རིམ་པས་རྗེས་སུ་དྲན་པ་བསྒོམས་ཏེ། ཕྱིས་གནས་དང་གནས་པའི་བདག་ཉིད་ཀུན་དུ་སྤྲོས་ནས་བཟླས་བརྗོད་བྱའོ་ཞེས་སོ། །རྩ་བའི་རྒྱུད་ལས་ཀྱང་། སངས་རྒྱས་བྱང་ཆུབ་གནས་རྣམས་ནི། །དེ་རུ་མདོར་ན་སྤྲོས་པར་བྱ། །སྐུ་གསུང་ཐུགས་ཀྱིས་མཚན་པ་ཡི། །
སྔགས་ཀྱི་ཚིག་ནི་རབ་ཏུ་བརྗོད། །ཅེས་སོ། །ད་ནི་གྲུབ་པའི་མཚན་མ་ཐོབ་པར་བྱ་བའི་ཕྱིར་གསང་སྔགས་བཟླས་བརྗོད་ཀྱི་ཆོ་ག་གསུངས་པ་དེ་ནས་བཟླས་པ་ཞེས་པ་ལ་སོགས་པའོ། །དེ་ནས་བཟླས་པ་བྱེད་པར་འདོད་པས་རྩེ་གཅིག་པའི་སེམས་ཀྱིས་དངོས་པོའི་ཆོས་ཐམས་ཅད་ཀྱི་བདག་
ཉིད་རང་གི་སེམས་དཀྱིལ་འཁོར་གྱི་འཁོར་ལོའི་རང་བཞིན་ལས་ཕྱི་རོལ་དུ་གྱུར་པའི་ལྷ་མེད་པས་རང་གི་སེམས་ཁོ་ནའི་ངོ་བོར་བྱས་ནས་ཞེས་སོ། །ཅི་བྱ་ཞེ་ན་སེམས་ཀྱི་འོད་ཟེར་ལྡན་ཞེས་ཏེ། རང་གི་སེམས་ཁ་དོག་སྣ་ཚོགས་པའི་འོད་ཟེར་དང་ལྡན་པ། གཞིའི་སྔགས་ཞེས་པ་ནི་ཡེ་ཤེས་
སེམས་དཔའི་ཐུགས་ཀར་གནས་པའི་མཾ། སྐུ་རྡོ་རྗེ་ལ་སོགས་པའི་ཐུགས་ཀའི་འཁོར་ལོ་ལ་སོགས་པའི་དཀྱིལ་དུ་གནས་པའི་ཨོཾ་ལ་སོགས་པའི་དབུས་སུ་ཆུད་པ་མཁས་པ་སྟེ། མན་ངག་ཤེས་པས་བསྒོམ་པར་བྱའོ། །ཞེས་ཏེ་ཐམས་ཅད་ལའོ། །གང་གི་དབང་དུ་བྱས་ནས་བཟླས་
ཤེ་ན། །སྔགས་ཀྱི་རྒྱལ་པོ་ཞེས་བྱ་བ་ལ་སོགས་པའོ། །གཏོང་བ་དང་དགག་པའི་དབང་དུ་བྱས་ཞེས་པ་ནི། ཕྱིས་དབུགས་ཕྱིར་འབྱུང་བ་དང་ནང་དུ་འཇུག་པ་སྟེ།དེའི་དབང་དུ་བྱས་ལ་སྐད་ཅིག་མ་བཅུ་གཉིས་ཀྱི་དབྱེ་པས་སྤྲོ་བ་དང་མཆོད་པ་དང་བསྡུ་བ་བྱས་ནས་བཟླ་ཞེས་སོ། །སྐུ་
ལ་སོགས་པ་རྣམས་ཀྱིས་སྤྲོ་བ་ཞེས་པ་ནི་སྐུ་རྡོ་རྗེ་ལ་སོགས་པ་རྣམས་ཀྱི་འཁོར་ལོ་སྤྲོ་བའོ། །ཇི་ལྟར་སྤྲོ་ཞེ་ན། རིམ་གྱིས་སམ་ཞེས་ཏེ། སྐུའི་དཀྱིལ་འཁོར་གྱི་སྔགས་བརྗོད་པའི་དུས་སུ་སྐུ་ཁོ་ན་འཕྲོ་བ་དང་། གསུང་དང་ཐུགས་ཀྱང་དེ་བཞིན་དུ་ཤེས་པར་བྱའོ། །ཅིག་ཅར་བྱས་པ་

ཡིས་དེས་ནི་སྐུའི་སྔགས་བརྗོད་པའི་དུས་སུ་གསུང་དང་ཐུགས་ཀྱང་འཕྲོ་བར་ཤེས་པར་བྱའོ། །དེ་བཞིན་དུ་གསུང་དང་ཐུགས་ཀྱང་ཤེས་པར་བྱའོ། །སྐུ་གསུང་ཐུགས་ཀྱི་བཟླས་པ་ཕྱོགས་དེ་གཉིས་སོ། །ཡེ་ཤེས་སེམས་དཔའ་ནི་ཅིག་ཅར་ཁོ་ན་སྟེ། རིགས་ལྔའི་
དཀྱིལ་འཁོར་གྱི་འཁོར་ལོ་སྤྲོ་བའོ། །བདག་ལ་ཇི་ལྟ་བ་བཞིན་དུ་ཐམས་ཅད་ཀྱང་དེ་བཞིན་དུ་ཟློས་ཤིང་མོས་པར་བྱ་སྟེ་མཾ་ངོ་། །དེ་ལྟ་བུའི་ཚུལ་གྱིས་སྤྲོས་པས་ནམ་མཁའི་ནང་ཀུན་དུ་སྐུ་ལ་སོགས་པའི་འོད་ཟེར་གསལ་བ་དང་ལྡན་པས་གསལ་བར་བྱས་ཏེ་ཐིག་ལེ་སྦྱོར་བ་ཡན་ཆད་མོས་
པར་བྱས་ནས། དེ་ནས་གོང་མ་བཞིན་དུ་ཞེས་པ་ནི་དཀྱིལ་འཁོར་རྒྱལ་པོ་མཆོག་བཞིན་དུའོ། །དེ་ཡང་ཡེ་ཤེས་སེམས་དཔའི་ཐུགས་ཀ་ལས་དངོས་པོ་ཐམས་ཅད་ཀྱི་འོད་ཟེར་སྤྲོས་པས་གཟུགས་ལ་སོགས་པ་དགུག་པ་ལ་སོགས་པའི་རིམ་གྱིས་ལྷ་མོའི་པདྨའི་ནང་དུ་ཛཿལ་སོགས་པའི་
ས་བོན་དུ་གྱུར་དེ་ནས་དེ་ལས་ཡང་ཐིམ་པ་དང་། དེའི་འོད་ལྷ་མོའི་བ་སྤུའི་བུ་ག་ལས་སྔགས་བརྗོད་པས་དུས་སུ་སྤྲོས་ནས། དེ་ལས་བྱུང་བའི་སྣ་ཚོགས་མཆོད་པའི་སྤྲིན་སྣ་ཚོགས་རྣམས་ཞེས་ཏེ། གཟུགས་ཀྱི་རྡོ་རྗེ་མ་ལ་སོགས་པ་རང་གི་མཚན་མ་འཛིན་པའི་ཚོགས་ཀྱིས་བསྐོར་
ནས་མཆོད་པར་བྱའོ། །ཇི་ལྟར་བྱ་ཞེ་ན། མཆོག་གི་རིག་མ་འཁྱུད་པ་ཞེས་ཏེ། རང་སྣང་བའི་རིག་མ་ལ་ཐིམ་པས་བདེ་མཆོག་གི་རྟེན་དུ་གྱུར་ནས་དེ་དང་བདེ་བ་ཆེན་པོ་འབེབས་པ་སྟེ་རོལ་པའོ། །དེ་ཉམས་སུ་མྱོང་ཞིང་བདེ་བ་ཆེན་པོ་དེའི་དབང་དུ་གྱུར་པར་རྟོགས་ནས་བསྡུ་བར་བྱའོ་ཞེས་སོ། །
ཇི་ལྟར་ཞེ་ན། རྒྱས་པ་ཞེས་ཏེ་མཚན་མ་ལ་སོགས་པ་གང་བའོ། །ཐུབ་པའི་དབང་པོའི་ཚོགས་ནི་སྤྲོས་པའི་དཀྱིལ་འཁོར་རོ། །མཐར་ནི་ཞེས་པ་ནི་དབུས་འཇུག་པའི་དུས་སོ། །ལུས་ལ་ཐིམ་པར་བྱ་ཞེས་པ་ནི་སོ་སོའི་ས་བོན་གྱི་དཀྱིལ་དུ་ཐིམ་པར་བྱ་ཞེས་སོ། །འདི་ཙམ་གྱིས་ནི་
མན་ངག་བཟླས་བ་བཤད་དོ། །ནང་གི་བཟླས་པ་ནི་བདག་གིས་མ་བཤད་དོ། །ཐིག་ལེའི་སྦྱོར་བ་དང་ཕྲ་མོའི་སྦྱོར་བ་དང་། གསང་སྔགས་བཟླས་བརྗོད་གསུམ་ལ་ཡང་འཇམ་པའི་དབྱངས་དང་། དེའི་རིག་མ་དང་། དཀྱིལ་འཁོར་གྱི་ལྷ་རྣམས་ཀྱིས་གོ་རིམས་བཞིན་དུ་

ཆུང་ངུ་དང་བར་མ་དང་ཆེན་པོའི་བསྙེན་པ་དང་རྒྱུ་མཐུན་པའི་འབྲས་བུ་ལ་སོགས་པར་ཤེས་པར་བྱ་སྟེ། དེ་བཞིན་དང་པོའི་རྣལ་འབྱོར་ལ་སོགས་པ་ཡང་ཤེས་པར་བྱའོ། །གཞན་དག་ན་རེ་ཐིག་ལེ་ལ་སོགས་པ་ཡན་ལག་བཞི་ནི་ཆེན་པོའི་བསྙེན་པ་ལ་སོགས་པ་ཁོ་ན་ཡིན་ནོ་ཞེས་ཟེར་རོ། །
དེ་ནི་རིགས་པ་མ་ཡིན་ཏེ། ཅིའི་ཕྱིར་བཅོམ་ལྡན་འདས་ལ་ཆུང་ངུའི་ཡན་ལག་དང་དེའི་འབྲས་བུ་ཆུང་ངུའི་ཡན་ལག་དང་། དེའི་འབྲས་བུ་དང་ལྡན་པར་གྱུར་པ་དེའི་ཚེ། རིག་མ་ལ་བར་མ་རྣམས་སོ། །དེ་བས་ན་ཆུང་ངུའི་བསྙེན་པ་ལ་སོགས་དང་རྒྱུ་མཐུན་པའི་འབྲས་བུ་ལ་སོགས་
པ་རིགས་པ་ཡིན་ནོ། །ཆེན་པོའི་རྒྱུ་མཐུན་པའི་འབྲས་བུ་རྣམས་མ་ཡིན་ནོ། །དེ་ལ་འདི་སྐད་ཟེར་ཏེ། ཏིང་ངེ་འཛིན་གསུམ་གྱིས་མི་མཐུན་པའི་ཕྱོགས་ཐམས་ཅད་ཟད་པར་ནུས་པའི་ཕྱིར་བཅོམ་ལྡན་འདས་ཀྱང་ཆེན་པོའོ། །དེ་བས་ན་ཆུང་ངུ་མེད་དེ་དེ་མེད་པས་བར་མ་ཡང་མེད་དེ།
དེ་བས་ན་ཆེན་པོ་ཁོ་ནའོ་ཞེས་སོ། །དེ་ལྟ་ན་ནི་དེ་དག་བསྐྱེད་པའི་རིམ་པ་དང་འབྲེལ་བ་མེད་པའོ། གང་གི་ཕྱིར་བཅོམ་ལྡན་འདས་ཀྱི་ཡན་ལག་བཞིས་མི་མཐུན་པའི་ཕྱོགས་ཟད་པར་ནུས་པའི་ཕྱིར། རིམ་པ་དང་ལྷ་རྣམས་ཀྱི་ཡན་ལག་རྣམས་དོན་མེད་པར་གྱུར་པས་སྐྱོན་བཀག་ཏུ་ནུས་པ་
ཡིན་ནོ། །དེ་ལྟར་འཇམ་པའི་དབྱངས་ཙམ་བསྒོམ་མོ། །དེ་ནི་རིགས་པ་མ་ཡིན་ཏེ། བླ་མ་ཆེན་པོའི་ཞལ་སྔ་ནས། །ཐུབ་པའི་དཀྱིལ་འཁོར་ནང་དུ་བསྒོམ། །ཞེས་གསུངས་པའི་ཕྱིར་རོ། །དེ་བས་ན་དེ་མི་མཐུན་པའི་ཕྱོགས་ཟད་པར་བྱས་པའི་ཆུང་ངུ་དང་། བར་མ་དང་
ཆེན་པོའི་ཡན་ལག་འབྲས་བུ་དང་བཅས་པ་དང་། ཐིག་ལེའི་ཏིང་ངེ་འཛིན་དུ་བཅས་པ་ཟློས་པར་བྱའོ། །དེ་བས་ན་གོང་དུ་བསྐྱེད་པའི་ཐབས་ཐམས་ཅད་བསྒོམས་ཏེ། ཅི་ཞིག་འཆད་པར་མཛད་པས་མོས་པར་བྱ། བླ་མའི་ཞལ་སྔ་ནས་ཀྱང་། ཐིག་ལེ་ཕྲ་མོ་གསང་
གསུམ་ལ། །རྒྱུ་མཐུན་ལ་སོགས་མོས་པ་ཡིས། །སྦྱོར་བ་བསྙེན་སོགས་དེ་བཞིན་དུ། །ཆུང་ངུ་འབྲིང་སོགས་ཕྱེ་ནས་བསྒོམ། །ཞེས་སོ། །ད་ནི་གོང་གི་བཟླས་བརྗོད་ལ་སོགས་པ་ལ་གནས་པའི་སྔགས་པས་ཕྲེང་བ་བཟུང་ནས་གཟི་བྱིན་བསྐྱེད་དེ། ཡང་ཡང་བརྟེན་པར་

བྱ་བ་གསུངས་པ། གཞིའི་སྙིང་པོ་ཞེས་པ་ལ་སོགས་པའོ། །དེ་ལ་གཞིའི་སྙིང་པོ་ཞེས་པ་ནི་ཡི་གེ་མཾ་དེ་ཉིད་དང་པོའི་རྣལ་འབྱོར་ཨ་སོགས་པའི་ཏིང་ངེ་འཛིན་སྒྲུབ་པར་བྱེད་པས་ན་དེ་ཁོ་ན་ཉིད་དོ། །སེམས་དཔའ་ནི་གོང་མའི་རིམ་པས་བསྒོམ་པའོ། །
ལུས་ཉམས་ཞན་ཞེས་པ་ནི་དུབ་ཅིང་རྒྱ་ཆུང་བའོ། །སེམས་ཀྱི་སྤྱོད་པ་ཆུང་ཞེས་པ་ནི་སློང་བ་སྟེ་མི་གསལ་བའོ། །དེ་ལྟར་རིག་མ་མཆོག་གིས་ཞེས་ཏེ་སྤྱན་མ་ལ་སོགས་པས་དབྱངས་ཀྱིས་གསོལ་བ་བཏབ་ཅེས་པ་ནི་མཚམས་ནས་གོང་མའི་གླུས་རྡོ་རྗེ་ཐུགས་ཁྱོད་ཅེས་པ་ལ་
སོགས་པས་གཟེངས་བསྟོད་ནས་དཀྱིལ་འཁོར་རྒྱལ་པོ་མཆོག་སྔོན་བཞིན་གསང་བའི་མཆོད་པར་བྱའོ། །དེ་ནས་ཚིམ་པར་བྱ་བའི་ཕྱིར། དམ་པའི་སེམས་ཀྱི་ཆུ་རྒྱུན་ཞེས་པ་ནི་ལྷག་པ་བྱང་ཆུབ་ཀྱི་ངོ་བོའོ། །འགགས་པའི་དབུགས་ཀྱི་ལྕགས་ཀྱུས་ཞེས་པ་ནི་དབུགས་ཉིད་ལྕགས་
ཀྱུ་སྟེ་ནང་དུ་བསྡུས་པས་དྲངས་ནས་སོ། །ཆོ་ག་བཞིན་དུ་སྤྱི་བོར་འདོམ་གང་ཙམ་ཞེས་པ་ནི། མཐོ་གང་གི་ཟླ་བ་ལ་བདུད་རྩི་ལྔའི་ཡི་གེ་དང་སྟེང་དུ་ཨོཾ་ཡང་བསམས་ནས། ཡི་གེའི་འོད་ཀྱིས་རིགས་ལྔ་དྲངས་ནས་དེ་ལ་བཅུག་ནས། དེ་ཐམས་ཅད་དུ་ཞུ་སྟེ་གཅིག་ཏུ་གྱུར་པ་ལས་ཨོཾ་གྱིས་
རིག་པ་ལས་ཆུ་ལྟར་གནས་པ་དེས་དབུགས་རྔུབ་པའི་ལྕགས་ཀྱུས་སྐུའི་རྡོ་རྗེ་ལ་སོགས་པ་དབབ་པར་བྱའོ། །དེའི་དོན་ནི་དབུ་རྒྱན་གྱི་ལྷ་དང་སྐུ་རྡོ་རྗེ་ལ་སོགས་པ་ལུས་ཀྱི་རྩ་རྒྱུས་ཐམས་ཅད་ཁྱབ་ནས་གཟི་བྱིན་དང་ལྡན་པར་བྱའོ། །དེ་ནས་སྐད་ཅིག་འདུས་ནས་ཞེས་པ་ནི་ངལ་ཅུང་ཟད་
སོ་ནས་ཞེས་སོ། །ཡང་བདེ་བ་ལ་སོགས་པས་སེམས་གཡེང་བར་འགྱུར་བས། གོང་ནས་གསུངས་པའི་ཆོ་གས་ཞེས་ཏེ་རིམ་པ་འམ་ཅིག་ཅར་བས་རང་གི་སྔགས་འོད་དང་ལྡན་པའི་ཡི་གེ་གསུམ་གྱི་བར་དུ་བཅུག་པ་དམ་པའི་སྔགས་དེ་བཞིན་ཉིད་ཅེས་པའི་རྣལ་འབྱོར་པས་ཉིན་མཚན་
དུ་བཟླའོ་ཞེས་སོ། །སྔགས་ལ་ཆགས་ཞེས་པ་ནི་བདག་ནི་ཟློས་པའོ། །འདི་ནི་བཟླས་པའོ་ཞེས་ཞེན་པ་དང་བྲལ་བར་བྱས་ནས་སྔགས་བཟླའོ་ཞེས་སོ། །དེ་མང་ན་དེ་ཉིད་ཤེས་པས་ཞེས་བྱའོ། །ད་ནི་དེ་ལྟར་བསྒོམ་པའི་རྣལ་འབྱོར་པས་དཀྱིལ་འཁོར་བའི་ཆོ་ག་གསུངས་པ་

བསྟོད་དང་ཞེས་པ་ལ་སོགས་པའོ། །དེ་ཡང་གཤེགས་སུ་གསོལ་བར་བརྩོན་པའི་སྔགས་པའི་ཞེས་པ་ནི་བསྡུ་བར་འདོད་པས་ཞེས་སོ། །ཅི་བྱ་ཞེ་ན་གོང་མའི་རིམ་པས་མཆོད་པ་དང་བསྟོད་པ་དང་བདུད་རྩི་མྱང་བ་ཡང་བྱས་ནས། ཨོཾ་ལ་སོགས་པ་བཀོད་པ་ཞེས་པ་སྟེ་
སྐུ་རྡོ་རྗེ་ལ་སོགས་པའི་ཐུགས་ཀ་ན་གནས་པའི་མཚན་མའི་གནས་ལའོ། །སྐུ་ལ་སོགས་པ་བརྟགས་པ་བསྡུ་བར་བྱ་ཞེས་པ་ནི་ཨོཾ་ཨཱཿཧཱུཾ་ཞེས་བརྗོད་པས་རྟག་པ་དང་སྤྱན་མ་དང་གཟུགས་ཀྱི་རྡོ་རྗེ་མ་དང་གཤིན་རྗེ་གཤེད་ནི་ཨོཾ་ལ་ཐིམ་མོ། །ཚེ་དཔག་ཏུ་མེད་པ་དང་ན་བཟའ་དཀར་མོ་དང་
རོའི་རྡོ་རྗེ་མ་དང་པདྨ་མཐར་བྱེད་ནི་ཨཱཿལ་ཐིམ་མོ། །ལྷག་མ་ནི་ཧཱུཾ་ལ་ཐིམ་སྟེ། དེ་རྣམས་ཀྱང་ནམ་མཁའ་བཞིན་དུ་རྣམ་པར་དག་པའི་དོན་བསམ་པར་བྱའོ། །འདི་ནི་ལས་ཀྱི་རྒྱལ་པོ་མཆོག་ཅེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལྟར་ཏིང་ངེ་འཛིན་གསུམ་གྱི་དངོས་གཞིའི་ཆོ་ག་བསྟན་ནས།
ད་ནི་དེའི་ཡན་ལག་གཞན་སྐབས་སུ་བྱ་བའི་ཆོ་ག་ལ་བསྔོ་བ་དང་སྨོན་ལམ་གདབ་པ་གསུངས་པ་དེ་འདྲའི་ཞེས་པ་ལ་སོགས་པའོ། །དེའི་ཆོ་གའི་དེ་ཉིད་ཅེས་པ་ནི་གོང་མ་ལྟ་བུའི་དཀྱིལ་འཁོར་གྱི་འཁོར་ལོའི་སེམས་སོ། །དེ་མཐོང་བ་ནི་བསྒོམས་པས་རྟོགས་པར་གྱུར་ཅིང་ཡིད་ཆེས་
པའོ། །སེམས་ཅན་ཁམས་ཞེས་པ་ནི་ཁམས་གསུམ་དུ་གཏོགས་པའོ། །དེས་གྲོལ་ཞེས་པ་ནི་ཐམས་ཅད་ཀྱི་དཀྱིལ་འཁོར་གྱི་འཁོར་ལོའི་སྟེ་རྟོག་པ་དང་བྲལ་བའི་རང་བཞིན་ལས་དེ་ལྟར་མ་ཤེས་པས་དེ་ལ་དམིགས་ནས་ཞེས་སོ། །གང་གིས་ཤེ་ན་སྙིང་རྗེས་ཞེས་ཏེ་བཤད་
ཟིན་ཏོ། །འགྲོལ་བ་དེ་ལྟ་བུ་ལ་ཕན་པར་བྱ་བའི་ཕྱིར་བསྒོམས་པའི་དགེ་བའི་རྩ་བ་བསྔོ་བ་དང་། སྨོན་ལམ་མངོན་དུ་བྱ་ཞེས་པ་ནི་འཇིག་རྟེན་འདི་དག་ཅེས་པའི་སྐབས་སུ་ཡིད་ལ་སྨོན་པ་དེ་འདིར་སྔོན་དུ་བྱ་སྟེ། དགེ་བའི་རྩ་བ་འདི་དག་འཇམ་དཔལ་གྱི་སྐུར་གྱུར་ནས་སེམས་ཅན་ཐམས་
ཅད་ཀུན་མཁྱེན་གྱི་ས་ལ་དགོད་པར་ཤོག་ཅིག་ཅེས་པ་ལ་སོགས་པ་སྟེ། བདག་གིས་གཞན་དུ་བཤད་དོ། །ལངས་ནས་ཞེས་པ་ནི་ཏིང་ངེ་འཛིན་ལས་སོ། །དག་པའི་སེམས་དཔའ་ནི་ཐ་མལ་པའི་རྟོག་པ་མ་ལུས་པ་སྤངས་པར་གྱུར་པས་རང་གིས་འདོད་པའི་ལྷའི་རྣམ་པའི་

གཟུགས་ཡིད་ལ་བྱེད་པ་སྟེ་དག་པའི་སེམས་སོ། །ཀུན་དུ་སྣང་བ་ལ་གནས་པ་ཞེས་པ་ནི་འགྲོ་བ་ལ་སོགས་པའི་དུས་སུ་ཤེས་པ་ལ་སྣང་བའི་ཡུལ་ལོ། །གོང་མ་བཞིན་དུ་ཡོངས་སུ་བསྒོམས་ནས་ཞེས་པ་ནི་གཟུགས་ལ་སོགས་པའི་རྣམ་པ་དང་བྲལ་བ་ཞེས་
པ་ལ་སོགས་པའི་རིམ་པས་དཔྱད་ན་ཐ་མལ་པའི་གཟུགས་ལ་སོགས་པ་རུང་བ་མ་ཡིན་པས། སྐུ་ལ་སོགས་པ་རྡོ་རྗེའི་གོ་རིམས་ཞེས་ཏེ། གཟུགས་སྐུའི་རྡོ་རྗེ། སྒྲ་ཐུགས་ཀྱི་རྡོ་རྗེ། དྲི་རིན་ཆེན་འབྱུང་ལྡན། རོ་སྣང་བ་མཐའ་ཡས། རེག་དོན་ཡོད་གྲུབ་པའི་རང་བཞིན་དུ་བལྟ་བར་
བྱའོ། །ཡང་ན་རང་གི་རང་བཞིན་དག་པ་ཡིན་ཞེས་ཏེ་རང་རང་གི་རང་བཞིན་དག་པས་གཟུགས་ཀྱི་རྡོ་རྗེ་མ་ལ་སོགས་པའི་རང་བཞིན་དུ་བལྟ་བར་བྱའོ། །ཆོས་ཉིད་ཀྱིས་ནི་ཞེས་པ་དམ་པར་རོ། །རྡོ་རྗེ་འཛིན་པ་ལྟ་བུ་ཞེས་པ་ནི་རྡོ་རྗེ་འཆང་ཆེན་པོ་སྟེ་ཐམས་ཅད་ཀྱི་རང་བཞིན་ཡིན་པའི་ཕྱིར་རོ། །གཞན་
དང་གཞན་དུ་ཐ་མི་དད་ཅེས་པ་ནི་གཟུགས་ལ་སོགས་པ་དེ་དག་དབྱེ་བ་མེད་པར་རྡོ་རྗེ་འཛིན་པའི་རང་བཞིན་དུ་བལྟའོ། །ཡང་ན་གོང་གི་རང་གི་ལྷའི་རྣམ་པར་འཛིན་པའི་ཞེས་པས་རང་གི་ལྷའི་ཉིད་དུ་བལྟ་བར་ཡང་བྱའོ། །དེ་ལྟར་ཤེས་པས་བྱ་བ་ཐམས་ཅད་བྱའོ་ཞེས་པ་ནི་ཆོས་འཆད་པ་དང་།
མདོ་ཀློག་པ་ལ་སོགས་པའི་བྱ་བའོ། །ཕྱིན་ཅི་ལོག་གི་རྟོག་པ་ལས་ནི་གྲོལ་བ་ཡིས། །ཞེས་པ་ནི་གཟུང་བ་དང་འཛིན་པ་འམ་རྣམ་པ་ཐ་མལ་པའི་ང་རྒྱལ་གྱིས་ངོ་བོ་ལས་གྲོལ་བར་བྱས་ནས་བྱ་ཞེས་བྱའོ། །དེས་ཅིར་འགྱུར་ཞེ་ན། ཐུབ་པའི་དཀྱིལ་འཁོར་ཐམས་ཅད་དེ། དཀྱིལ་འཁོར་
གྱི་འཁོར་ལོ་རྣམས་མཉེས་པར་འགྱུར་བས་ན་མཆོད་པའི་མཆོག་ཅེས་ཏེ། གསང་ཆེན་གྱི་མཆོད་པ་སྟེ་ཡིད་དགའ་བར་བྱེད་པའི་ཕྱིར་རོ། །རྟག་ཏུ་ཞེས་པ་ནི་དུས་ཐམས་ཅད་དུའོ། །དེ་ཡིས་སོ་ཞེས་པ་ནི་གོང་གི་སྤྱོད་ཡུལ་དུ་བསྒོམ་པ་ལ་སོགས་པས་སོ། །དེ་ལ་སྤྱོད་ཡུལ་ལ་རྣམ་
པར་ལྟ་བ་འདི་ལ་བསམ་པའི་དབང་གིས་ཁ་ན་མ་ཐོ་བ་དང་བཅས་པ་དང་ཁ་ན་མ་ཐོ་བ་མེད་པའོ། །གང་གི་ཚེ་བསམ་པ་ཉོན་མོངས་པའི་དབང་གིས་ཁ་ན་མ་ཐོ་བ་མེད་པའོ། །བསམ་པ་དེ་ཡང་གསུམ་སྟེ། འཇིག་རྟེན་གྱི་འབྲས་བུ་དང་རྗེས་སུ་མཐུན་པ་དང་རང་གི་མྱ་ངན་ལས་འདས་པའི་

འབྲས་བུ་དང་རྗེས་སུ་མཐུན་པ་དང་བླ་ན་མེད་པའི་འབྲས་བུ་དང་རྗེས་སུ་མཐུན་པའི་བསམ་པའོ། །དེ་ཡང་དང་པོར་ནི་མཐོ་རིས་ལ་སོགས་ལ་ཐོབ་པར་བྱ་བའི་ཕྱིར་གཟུགས་ལ་སོགས་པའི་ལོངས་སྤྱོད་ཀྱིས་ལྷ་ལ་དབུལ་བ་ལ་སོགས་པ་ཡིད་ལ་བྱེད་པའོ། །གཉིས་པ་ནི་ཉན་ཐོས་
ལ་སོགས་པས་རང་གི་བྱང་ཆུབ་འདོད་པའི་ཕྱིར། གཟུགས་ལ་སོགས་པ་མི་རྟག་པ་ལ་སོགས་པར་ཤེས་པར་བྱའོ། །ལུང་ལས་ཀྱང་འདི་ནས་དགེ་སློང་གི་གཟུགས་རྣམས་ལས་རྒྱལ་དེ་གཟུགས་ཀྱི་རྒྱལ་བ་མ་ཡིན་ཏེ་མི་རྟག་པར་མཐོང་བའོ་ཞེས་རྒྱས་པར་གསུངས་སོ། །གསུམ་
པ་ནི་བཞི་སྟེ་སྨོན་ལམ་གྱིས་རྣམ་པར་བསྟེན་པ་དང་། དེ་ཁོ་ན་ཉིད་གཅིག་ཏུ་ས་རྣམ་པར་བསྟེན་པ་དང་། གསལ་བ་འབའ་ཞིག་གིས་བསྟེན་པ་དང་། ཟབ་མོ་དང་གསལ་བ་དབྱེར་མེད་པས་བསྟན་པའོ། །དེ་ལ་དང་པོ་ནི་གཟུགས་ལ་སོགས་པ་ཉམས་སུ་མྱོང་བའི་དུས་སུ་འགྲོ་བ་ལ་
ཕན་པའི་བསམ་པས་སྨོན་ལམ་མངོན་དུ་བྱེད་པ་སྟེ། ཇི་སྐད་དུ་བྱང་ཆུབ་སེམས་དཔས་གཟུགས་ཡིད་དུ་འོང་བ་ཅིག་མཐོང་ན། འདི་ལྟར་སེམས་བསྐྱེད་དེ། སེམས་ཅན་ཐམས་ཅད་ཀྱིས་དེ་བཞིན་གཤེགས་པའི་ཡང་དག་པར་གཟུགས་མཐོང་བར་གྱུར་ཅིག་པའོ། །མི་སྡུག་བ་མཐོང་བའི་
དུས་སུ་སེམས་ཅན་ཐམས་ཅད་འཁོར་བའི་སྡུག་བསྔལ་ལ་ཡིད་མི་དགའ་བར་གྱུར་ཅིག །མཉམ་པ་མཐོང་བའི་དུས་སེམས་ཅན་ཐམས་ཅད་ཆོས་ཐམས་ཅད་སོ་སོ་ལ་མཉམ་པ་ཉིད་དུ་གྱུར་ཅིག་ཅེས་པ་ལ་སོགས་པ་རྒྱས་པར་གསུངས་སོ། །འཕགས་པ་བྱམས་པས་ཀྱང་། །ཇི་ལྟར་
རང་ལ་སྣང་བ་ཡིས། །སྤྱོད་ཡུལ་ལ་ནི་སྤྱོད་པའི་དུས། །སྲིད་པ་ལ་གནས་སྙིང་རྗེ་ཅན། །ཇི་ལྟ་ཇི་ལྟར་འཐད་པ་བཞིན། །སེམས་ཅན་ལ་ནི་ཕན་པའི་སེམས། །དེ་ཡི་སྒོ་ནས་སྨོན་ལམ་བརྩོན། །ཞེས་གསུངས་སོ། །གཉིས་པ་ནི་སྤྱོད་ཡུལ་ཐམས་ཅད་བདག་མེད་པའི་
རིགས་པས་ཡིད་ལ་བྱེད་པ་སྟེ། མདོ་སྡེ་ལས་ཀྱང་། རིགས་ཀྱི་བུ་དགེ་སློང་ཀློག་མཁན་གྱིས་བདུད་སྡིག་ཅན་རྣམས་ཀྱིས་བར་ཆད་བྱེད་པའི་དོན་དུ་བསྒྱུར་བ་ལ། དེས་བདག་མེད་པ་ཡིད་ལ་བྱས་པས་དེ་ལས་རྒྱལ་ནས་ལོངས་སྤྱོད་པར་བྱེད་ཅེས་རྒྱ་ཆེར་གསུངས་སོ། །དེ་བས་ན་བདག་

མེད་པ་ཡིད་ལ་བྱེད་པ་ནི་ཕྱིན་ཅི་ལོག་གིས་གཉེན་པོས་ས་ལས་ངེས་པར་བཟློག་པར་དཀའ་བ་ཡང་དེ་རྟོགས་པས་ཟད་པར་འགྱུར་ཏེ། མི་འདོད་པའི་འབྲས་བུ་འབྱུང་བ་ལས་མཐུ་མེད་པས་བདེན་པ་ཁོ་ན་རྟོགས་སོ། །གཟུགས་ལ་སོགས་པ་དེས་ཟིན་པ་ལས་ངན་
པ་ག་ལ་ཡོད། དེ་བས་ན་ཕྱིན་ཅི་ལོག་དེ་ལ་བདག་མེད་ཅིག་ཅར་འབྱུང་བ་མ་ཡིན་ནོ། །དེ་སྐད་དུ། གང་ཞིག་སྣ་ཚོགས་འདོད་མ་ཡིན། །རྟོག་པའི་འདོད་ཆགས་འཇིག་རྟེན་དུ། །དེ་བཞིན་སྐྱེས་བུ་འདོད་པ་ནི། །འཇིག་རྟེན་གནས་འགྱུར་སྣ་ཚོགས་ཏེ། །དེ་ཉིད་བརྟན་པོས་རང་སེམས་
འདུལ། །ཞེས་སོ། །གསུམ་པ་ནི་གཟུགས་ལ་སོགས་པ་ལ་ཤིན་ཏུ་གསལ་བ་ཁོ་ནས་དམིགས་པ་ཐ་མལ་པའི་རང་བཞིན་དུ་སྣང་བའི་གཉེན་པོ་ཡིན་པ་སྟེ། དེ་བས་ན་སངས་རྒྱས་ཀྱི་སྐུ་ལ་སོགས་པ་འབའ་ཞིག་ཏུ་དམིགས་ཏེ་ཉམས་སུ་མྱོང་བར་བྱེད་དོ། །དེ་བས་ན་བདག་དགེ་བ་
ཉིད་ཡིན་པར་མི་འདོད་དོ། །བསམ་པའི་ཁྱད་པར་གྱི་དབང་གིས་དེ་ཉིད་དགེ་བའི་བདག་ཉིད་ཡིན་པའི་ཕྱིར་རོ། །དེ་བས་ན་བཀའ་སྩལ་ཏོ། །བྱང་ཆུབ་སེམས་དཔའ་གང་ཞིག་གིས་སངས་རྒྱས་བརྒྱད་ཁྲི་ལ་རེ་རེ་ལ་འཁོར་བརྒྱད་ཁྲི་ཡོད་པ་ལ་བསྐལ་པ་དུ་མའི་བར་དུ་བདེ་བ་ཐམས་ཅད་
ཀྱིས་འཚོ་བ་སྦྱོར་བ་དང་། བྱང་ཆུབ་སེམས་དཔའ་ཁ་ཅིག་གིས་དམ་པའི་ཆོས་གཟུང་བའི་ཆེད་དུ་རང་ཉིད་བསོད་སྙོམས་ཀྱི་ཟས་ལ་ལོངས་སྤྱད་པ་དང་ཞེས་བྱ་བ་ལ་སོགས་པ་རྒྱས་པར་གསུངས་སོ། །བཞི་པ་ནི་རྣམ་པར་རྟོག་པ་ཐམས་ཅད་བསལ་ནས་བདེ་བར་གཤེགས་པའི་སྐུ་ཀུན་དུ་
འོད་ཟེར་འཕྲོ་བ་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པ་དེ་བཞིན་ཉིད་དང་དབྱེར་མེད་པར་སྤྱོད་ཡུལ་རྣམས་མཉམ་པར་འཇོག་པ་སྟེ། དེ་ཉིད་ཡང་དག་པའི་ཕུན་སུམ་ཚོགས་པའི་རྒྱུ་ཉིད་ཀྱི་ཕྱིར་ཡང་དག་པའི་མཆོད་པ་སྟེ། དེ་ལ་ཁོ་ན་ཁ་ན་མ་ཐོ་བར་དོགས་པས་སྡིག་པ་རྒྱས་པར་འགྱུར་
རོ། །དེ་བས་ན་ཐ་མལ་པ་དང་ཞེན་པ་ཐམས་ཅད་བཀག་པས་ན། མྱ་ངན་ལས་འདས་པའི་ཡང་དག་པའི་སྡོམ་པ་ཆེན་པོ་སྟེ་དེ་སྐད་དུ། མིག་གི་སྡོམ་པ་ལེགས་པ་སྟེ། །སྣ་ཡི་སྡོམ་པ་རབ་ཏུ་ལེགས། །ལེགས་སོ་ལྕེ་ཡི་སྡོམ་པ་ནི། །ལུས་ཀྱི་སྡོམ་པ་ཤིན་ཏུ་ལེགས། །ཡིད་ཀྱི་

སྡོམ་པ་ལེགས་པའོ། །སྡོམ་པ་ལེགས་པའི་དགེ་སློང་ཁྱོད། །སྡུག་བསྔལ་ཀུན་ལས་གྲོལ་བར་འགྱུར། །ཞེས་པའི་ལུང་ཡང་འདིའོ། །དེ་བས་རྗེས་སུ་མཐུན་པའི་གཟུགས་ལ་སོགས་པ་ལས་ལྡོག་པ་ནི་ཡང་དག་པའི་རྒྱུ་སྤངས་པས་བྱང་ཆུབ་ཀྱི་སྣོད་མ་ཡིན་ཏེ། མི་སྐྲག་པ་
ལ་སྐྲག་པར་འགྱུར་ན་སྡུག་བསྔལ་ཐ་དད་འབྱུང་བའི་རྒྱུ་ཡིན་ནོ། །དེ་སྐད་དུ། མི་སྐྲག་པ་ལ་སྐྲག་པར་འགྱུར། །འགྲོ་བ་དེ་ཡིས་ལྟུང་བའི་རྒྱུར། །སྡིག་པའི་ཕུང་པོ་ཆེན་པོའི་རྒྱུན། །རྒྱུ་ཕྱིར་ཤིན་ཏུ་ཡུན་རིང་དུ། །རྒྱུད་ཉམས་དེས་ཀྱང་བཤེས་གཉེན་སྤངས། །ཤེས་རབ་
དག་ཀྱང་ཡོངས་སུ་སྤངས། །སྔོན་དུ་མ་བྱས་དགེ་བ་དང་། །ཆོས་ཀྱི་དོན་ཆེན་འདི་ཉིད་ལས། །དེ་ཉིད་ལྟུང་བར་འགྱུར་ཞེས་སོ། །དེ་བས་ན་འདི་ཉིད་རང་གི་ཡིད་ཡང་དག་པར་དགའ་བར་བྱེད་པས་ན་མཆོད་པའོ། །ཕྱིན་ཅི་ལོག་ཐམས་ཅད་བཀག་པས་ན་སྡོམ་པའོ། །དེ་
ཉིད་སེར་སྣ་ལ་སོགས་པ་ལས་ལྡོག་པ་ཕ་རོལ་ཏུ་ཕྱིན་པའོ། །དེ་བས་ན་རྣལ་འབྱོར་པས་ཀྱང་ཐ་མལ་ལྟར་ཀུན་དུ་སྤྱོད་དོ། །ད་ནི་དེ་ལྟ་བུའི་རྣལ་འབྱོར་པས་ཟས་ལ་སྤྱད་པའི་ཆོ་ག་བསྟན་པ། །བཟའ་བའི་དུས་ཤེས་པ་ལ་སོགས་པའོ། །དེ་ལ་རྣལ་འབྱོར་པས་ཁ་ཟས་ལ་ལོངས་
སྤྱོད་པའི་དུས་སུ་སྙིང་ཟླའི་དབུས་སུ་ཞེས་ཏེ། སྙིང་གར་ཟླ་བའི་སྟེང་དུ་ཡེ་ཤེས་སེམས་དཔའི་དཀྱིལ་འཁོར་རང་གི་སྔགས་ཀྱི་ཞེས་པ་བུཾ་ལ་སོགས་པ་འམ། ཡང་ན་མཾ་ཁོ་ནས་ཀུན་དུ་དམིགས་ནས་ནི་ཞེས་སོ། །དེ་ནས་རང་གི་ཁ་ཟས་བཏུང་བའི་ངོ་བོ་ཇི་སྙེད་པ་བྱང་ཆུབ་སེམས་ཀྱི་ངོ་བོ་ཆུ་ལྟར་
དང་བར་རླུང་ལ་སོགས་པའི་རིམ་གྱིས་སྦྱངས་ནས། ཀུན་ནས་འོད་ཟེར་འབར་བ་ཞེས་ཏེ། འོད་ཟེར་ལྔ་དང་ལྡན་པའི་ཨོཾ་གྱིས་བསིལ་བར་བྱས་ནས། དངོས་པོ་ཐམས་ཅད་མཉམ་པ་ཉིད་དེ། གཉིས་སུ་མེད་པའི་སེམས་ཀྱིས་དག་པའི་ཁ་ཟས་ཏེ། དེ་ལ་དེ་ཉིད་གསུམ་གྱིས་བཏབ་ནས་དག་
པར་བྱས་ཏེ། རང་གི་ལྕེ་ལ་རྡོ་རྗེ་བསྒོམ་པ་དང་། དབུ་རྒྱན་ལ་བདག་པོ་བསྒོམ་པར་བྱས་ཏེ། དེས་སྐུའི་རྡོ་རྗེ་ལ་སོགས་པའི་ཞེས་ཏེ། ཐུགས་ཀྱི་དཀྱིལ་འཁོར་གྱི་ལྷ་རྣམས་ཚིམ་པར་བྱའོ་ཞེས་པ་ནི་འདི་ཡིན་ནོ། །ཁ་ཟས་དང་བཏུང་བ་དེ་དག་ཀྱང་བདུད་རྩི་ལྔ་དང་མར་མེ་ལྔར་མོས་པར་བྱས་ཏེ།

ཡེ་ཤེས་ཀྱི་མེས་སྦྱངས་པས་ཕྱི་རོལ་ལས་ཁྱད་པར་དུ་གྱུར་པའི་ཕྱིར་རོ། །དེ་བས་ན་ལྟོ་བ་ཡེ་ཤེས་མེ་ཡིས་ནི། ཡང་དག་སྦྱངས་པས་ཕྱི་རོལ་ལས། །ཁྱད་པར་དུ་ནི་ལེགས་པ་ཡིན། །ཞེས་སོ། རྣལ་འབྱོར་པ་ཟས་ལ་སྤྱོད་པ་ཉིད་སྦྱིན་སྲེག་ཡིན་པས་སྦྱིན་སྲེག་གི་
ཆོ་ག་གླེངས་པ། ཕྱིའི་ཞེས་པ་ལ་སོགས་པའོ། །དེ་ལ་ཕྱིའི་སྦྱིན་སྲེག་ཅེས་པ་ནི་ཐབ་ཁུང་དང་གཟར་བུ་དང་། མར་དང་བཟའ་བ་ལ་སོགས་པ་སྟེ་ཕྱི་རོལ་ལ་བརྟེན་པའི་ཕྱིར་རོ། །དེ་ཉིད་དཔག་པ་ཙམ་སྟེ་ཞེས་པ་ནི་འདིར་བསམ་གཏན་གྱི་དབང་དུ་བྱས་ནས་བྲིས་པས་མང་དུ་དོགས་པས་དེའི་
ཆོ་ག་ནི་མ་བསྟན་ཏེ། ལེའུ་བཅུ་དྲུག་པ་ལས་དཔགས་ཏེ་ཤེས་པར་བྱའོ་ཞེས་སོ། །ཡིད་ལས་བྱུང་བ་འདི་ཉིད་ཞེས་པ་ནི། ནང་སྟེ་ཁ་ཟས་ཟ་བའི་ཏིང་ངེ་འཛིན་ཏེ་ཕུང་པོ་ལ་སོགས་ཞེས་པ་ནི་ཕུང་པོ་དང་སྐྱེ་མཆེད་དང་། ཁམས་རྣམས་བེམས་པོ་བས་བུད་ཤིང་ཡིན་ལ། དེ་ཉིད་
ཡེ་ཤེས་མེ་སྦར་བ་ཞེས་ཏེ། གཉིས་སུ་མེད་པའི་ཡེ་ཤེས་ཀྱི་མེ་སྦར་བས་ཕུང་པོ་ལ་སོགས་པ་ཐ་མལ་པ་བསྲེགས་པས་ན་བླ་ན་མེད་པར་གྲགས་སོ། །དེ་ནི་རྣམ་པར་མ་བཤད་ད