Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 43

Văn bản gốc(Tây Tạng)

Trang 4 / 15 (50.000 ký tự/trang)
གོ་བོས་ཕྱག་བྱའོ། །ཞེས་བྱའོ། །དེའི་དུས་ཀྱང་མཐའ་མེད་པའི་འཁོར་བ་ཡན་ཆད་ཀྱི་བར་དུ་ཡོངས་སུ་དག་པའི་བསམ་པས་དངོས་སུ་འམ། སྨོན་ལམ་གྱིས་སྐྱོ་དུབ་མེད་པ་ཁོ་ནར་འདུད་པར་བྱའོ་ཞེས་
ཕྱག་འཚལ་བ་སྟོན་ཏོ། །ད་ནི་བཤད་པར་ཞལ་གྱིས་བཞེས་པས་དགོས་འབྲེལ་རྣམས་སྟོན་པར་བྱེད་པ་གསུངས་པ། དཔལ་ལྡན་ཞེས་པ་ལ་སོགས་པའོ། །དེ་ལ་དཔལ་ལྡན་ཞེས་པ་བཤད་ཟིན་ཏོ། །གསང་བ་ཞེས་པ་ནི་རྡོ་རྗེ་དང་པདྨ་དང་ས་བོན་ཏེ། ར་ཞེས་བྱ་བ་རྡོ་རྗེར་བཤད། །ཧ་ཞེས་
བྱ་བ་པདྨར་བཤད། །སྱ་ཞེས་བྱ་བ་ས་བོན་ནོ། །ཞེས་རྡོ་རྗེ་ཐོད་པ་ལས་གསུངས་སོ། །དེ་ལ་ཡི་གེ་ར་ནི་རྡོ་རྗེའི་རྩེ་མོ་འདྲ་བ་དང་། ཧ་ནི་བྱའི་ལྕེ་འདྲ་བ་དང་། སྱ་ནི་ས་བོན་གྱི་ཚུལ་དུ་གནས་པས་ན་འདི་སྐད་དོ། །དེར་འདུས་པ་ནི་ལྷན་ཅིག་སྐྱེས་པའི་དགའ་བ་རྣམས་འདུས་པས་ནའོ། །དེ་སྟོན་
པར་བྱེད་པའི་གཞུང་ལ་ཡང་དེ་སྐད་ཅེས་བྱ་སྟེ། ལུང་གི་ཁུངས་སོ། །བླ་མས་གསོལ་བཏབ་ཡིད་ཆེས་བྲོད་ལྡན་པས། །ཞེས་པ་ནི་འཇམ་པའི་དབྱངས་ཞེས་བྱ་བས་རིམ་པ་དང་པོ་ལ་སོགས་པ་བྲིར་གནང་བས། རང་ལ་ཡིད་ཆེས་ནས་བྱེད་པའི་བྲོད་པ་དང་ལྡན་པས་རྩོམ་པར་བྱེད་པའི་

སྦྱོར་བ་ལ་ཞུགས་པའོ། །ཇི་སྐད་དུ་བྱང་ཆུབ་སེམས་དཔའ་འཇམ་པའི་དབྱངས་ཀྱི་ལུང་ལས། དེ་བས་ཁྱོད་ཀྱི་ཡིད་གཅིག་ཏུ། །ཡང་དག་བསྡུས་ལ་མ་འོངས་པའི། །གང་ཟག་སྔོན་དུ་ཚོགས་བསྐྱེད་པ། །སྐལ་ལྡན་འགའ་ལ་རྣ་བར་བརྒྱུད། །སིམ་བྱེད་འདི་ལ་སྦྱོར་དུ་ཆུག །ཅེས་
པ་ནས། འདི་ཡི་རིམ་པ་དང་པོ་ཡིས། །སྒྲུབ་པའི་ཐབས་དང་སྦྱིན་སྲེག་དང་། །གཏོར་མ་སྣ་ཚོགས་འཁོར་ལོ་དང་། །བསྡུས་པ་དང་ནི་རྣམ་བཤད་དང་། །དཀྱིལ་འཁོར་ཆོ་ག་ལ་སོགས་པ། །མི་ཤེས་མུན་བསྒྲིབས་སེམས་ཅན་གྱི། །ཐུར་མ་ལྟ་བུར་བརྩམ་པར་གྱིས། །ཞེས་པ་འདི་
རྩོམ་པའི་རྒྱུ་གསུངས་སོ། །གང་བརྩམས་ཤེ་ན། དངོས་པོ་ཀུན་ལས་གྲོལ་བ་མི་ཤིགས་པའི་ཐིག་ལེའི་དོན་དངོས་པོ་ཐམས་ཅད་ལ་ཁྱབ་པའི་ངོ་བོ་སྟེ། སྐལ་བ་དང་ལྡན་པའི་རྣལ་འབྱོར་པ་འགའ་ཞིག་གི་དོན་དུ་བཤད་པར་བྱའོ་ཞེས་སྟོན་ཏོ། །དེ་ལྟར་དེས་ཡང་དག་པའི་ཤེས་རབ་དང་
ལྡན་པའི་འཇུག་པའི་རྒྱུ་བརྗོད་པར་བྱ་བ་ལ་སོགས་པ་སྟོན་ཏོ། །འདི་ལྟར་དངོས་པོ་ཀུན་ལས་གྲོལ་བའི་མི་ཤིགས་པའི་ཐིག་ལེ་ནི་བརྗོད་པར་བྱའོ། །དེ་ལ་རྣལ་འབྱོར་པ་སྐལ་བ་དང་ལྡན་པ་འགས་བླ་མའི་ཞལ་ལས་རྟོགས་པ་ནི་དགོས་པའོ། །དགོས་པ་དེ་ཡང་རབ་ཏུ་བྱེད་པ་འདིས་བྱེད་
པས་ན། དེ་གཉིས་ཐབས་དང་ཐབས་ལས་བྱུང་བའི་མཚན་ཉིད་ཀྱིས་འབྲེལ་པར་འགྱུར་རོ། །དགོས་པ་དེའི་དགོས་པ་ནི་རིམ་པ་ཇི་ལྟ་བ་བཞིན་དུ་གནས་པས་རྣལ་འབྱོར་བཞིའི་ཚུལ་གྱིས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་གྲུབ་པའོ། །དེ་རྣམས་དང་ལྡན་པ་ནི་ཆོས་ཡང་དག་པའོ་
ཞེས་གསུངས་སོ། །ད་ནི་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་གཞི་རྣམ་པར་དགོང་པ་བསྟན་པའི་ཕྱིར། དངོས་པོ་ཐམས་ཅད་འདི་ལྟ་སྟེ། །ཞེས་པ་ལ་སོགས་པ་གསུངས་སོ། །འོག་མིན་གནས་ཞེས་པའི་བར་གྱི་ནི་ཁམས་གཉིས་ཀྱི་མི་རྒྱུ་བའི་དངོས་པོ་རྣམས་བསྟན་ཏོ། །
དེ་ལ་གནས་པ་ཇི་སྙེད་དང་། །ཞེས་པ་ནི་རྒྱུའི་དངོས་པོ་རྣམས་བསྟན་ཏོ། །ཡོད་མིན་གྱི་སྐྱེ་མཆེད་ཅེས་པའི་བར་གྱིས་ནི་གཟུགས་མེད་པའི་རྒྱུ་བའི་དངོས་པོ་བསྟན་ཏོ། །དེ་ལྟར་དེས་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་གཞི་ཁམས་གསུམ་དུ་རྒྱུ་བ་དང་མི་རྒྱུ་བ་རྣམས་ཡིན་པར་

བསྟན་ཏོ། །དེ་སྦྱོང་ཞེས་པ་ནི་ཁམས་གསུམ་པོ་དེ་སྦྱོང་བར་བྱེད་པའོ། །རྣམ་གྲོལ་ཆེན་པོའི་ལམ་རྣམས་སོ། །ཞེས་པའི་བར་གྱིས་ནི་འཇིག་རྟེན་ལས་འདས་པའི་ལམ་རྣམས་བསྟན་ཏོ། །དེ་གཉིས་སུ་མེད་པའི་ཡེ་ཤེས་ཀྱིས་འཇིག་རྟེན་ལས་འདས་པ་
རྣམས་ལ་ཁྱབ་པར་བསྟན་ཏོ། །དེ་ལྟར་དག་པ་དང་མ་དག་པའི་ཆོས་ཐམས་ཅད་ལ་ཁྱབ་པར་བྱེད་པའི་གཉིས་སུ་མེད་པའི་ཡེ་ཤེས་ཉིད་བསྟན་པའི་ཕྱིར། དེ་དག་ཀུན་གྱིས་ཞེས་པ་ལ་སོགས་པའོ། །དེ་ཡང་ཆོས་དེ་དག་ཀུན་གྱི་རང་བཞིན་གང་ཡིན་པ་དེ་ནི་ནམ་མཁའི་དབྱིངས་
ལྟར་ཤིན་ཏུ་རྣམ་པར་དག་པའི་ངོ་བོ་གཟུང་བ་ལ་སོགས་པའི་སྤྲོས་པའི་རྣམ་པ་ཀུན་དང་བྲལ་བ་ཟབ་མོ་དང་གསལ་བ་གཉིས་སུ་མེད་པའི་ཡེ་ཤེས་ཞེས་བསྟན་ཏོ། །དེ་ལྟར་ན་འཁོར་བའི་ཆོས་འདི་བདེན་པར་གནས་སམ་ཞེ་ན། འཁོར་བ་ཉིད་མ་གྲུབ་པར་བསྟན་པའི་ཕྱིར་
ཐམས་ཅད་རྣམ་རྟོག་ཅེས་པ་ལ་སོགས་པའོ། །ཆོས་ཐམས་ཅད་ལ་སོ་སོའི་སྐྱེ་བོ་དང་ཉན་ཐོས་དང་རྣལ་འབྱོར་སྤྱོད་པ་དང་དབུ་མ་པ་རྣམས་ཀྱིས་བརྟགས་པའི་རྣམ་པར་རྟོག་པ་དང་བྲལ་བས་ནི། འཁོར་བ་ཞེས་བྱ་ཡོད་པ་མིན། །ཞེས་སོ། །འོ་ན་ཇི་ལྟར་སྣང་བ་འདི་གང་ཞེ་ན།
འོན་ཀྱང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འཁོར་བའི་ཆོས་ནི་གཏན་ནས་མེད་པར་མི་འདོད་དེ། འོན་ཀྱང་ཐག་པའི་སྦྲུལ་ལྟ་བུར་སྣང་ཞིང་མེད་པ་ཉིད་དུ་འདོད་དོ་ཞེས་དཔེའི་སྒོ་ནས་བསྟན་ཏོ། །གང་གིས་རབ་རིབ་སྤངས་ནས་ཐག་པ་ལས་སྦྲུལ་ལ་སོགས་པ་གཞན་གང་ཅུང་
ཟད་ཀྱང་རྙེད་པར་མི་འགྱུར་རོ། །དཔེ་དེ་བཞིན་ནོ། །སྤྲོས་པའི་གནས་ཐམས་ཅད་སྤངས་བའི་གཉིས་སུ་མེད་པའི་དཀྱིལ་འཁོར་ལ་འཁོར་བ་ཞེས་བྱ་བའི་ཆོས་ཅུང་ཟད་ཀྱང་རྙེད་པར་མི་འགྱུར་ཞེས་ཏེ་འཁོར་བ་ནི་འཁྲུལ་པའི་ལོག་པ་ཡིན་པར་བསྟན་ཏོ། །དེ་བས་ན་ཆོས་
ཐམས་ཅད་དོན་འདི་ཁོ་ནར་ངེས་པར་བསྟན་པའི་ཕྱིར་དེས་ན་ཞེས་བྱ་བ་ལ་སོགས་པའོ། །དེས་ན་ཟབ་མོ་དང་ཡང་དག་པར་གསལ་བའི་དཀྱིལ་འཁོར་དུ་སྣང་བས། ང་ལ་སོགས་པ་དུས་རྟག་ཏུ་མྱ་ངན་ལས་འདས་པ་འདི་ནི་ངེས་པའོ་ཞེས་སོ། །དེས་ན་ཇི་ལྟར་ན་སེམས་

ཅན་རྣམས་སྡུག་བསྔལ་གྱིས་གཟིར་བར་འགྱུར་ཞེ་ན། དེ་དོན་ཞེས་པ་ལ་སོགས་པའོ། །ཟབ་མོ་དང་གསལ་བ་དེའི་དོན་ཐོག་མ་མེད་པའི་དུས་ནས་སྤྲོས་པའི་བག་ཆགས་ཀྱི་དབང་གིས། སོ་སོའི་སྐྱེ་བོས་མ་ཤེས་པའི་དབང་གིས་སྲིད་པ་གསུམ་གྱི་སྡུག་བསྔལ་གྱིས་གཟིར་
བ་ལྟར་སྣང་ངོ་། །འོ་ན་དེ་གང་གིས་རྟོགས་ཤེ་ན། དེས་ན་ཞེས་པ་ལ་སོགས་པའོ། །དེས་ན་གཉིས་སུ་མེད་པའི་ཡེ་ཤེས་དེ་ཁོ་ན་རྟོགས་པས་སྡུག་བསྔལ་དེ་ལས་གྲོལ་ལོ་ཞེས་སོ། །མཐོང་བ་བསྒོམ་པ་གཉིས་རྣམ་པར་བསལ་བའི་ཕྱིར་གསུངས་པ་ཟབ་མོ་ཁོ་ན་ཞེས་བྱ་བ་ལ་
སོགས་པའོ། །ཐལ་བྱུང་གི་ཟབ་མོ་ཁོ་ནར་བསྒོམ་པ་ནི་ཉན་ཐོས་ལྟ་བུར་ལྷུང་བའི་སྐལ་བ་ཅན་པས། དེ་གྲོལ་བར་འདོད་པ་དེ་ལ་ང་ནི་ཤིན་ཏུ་ཡང་མ་དད་དོ་ཞེས་སོ། །འོ་ན་བློ་ལ་ཇི་ལྟ་བུ་ཞིག་བསྒོམ་ཞེ་ན། གཉིས་སུ་མེད་པའི་ཡེ་ཤེས་དེ་ཁོ་ན་ལ་བློ་གཞག་པར་བསྟན་པའི་
ཕྱིར། དེ་བས་ན་གཉིས་མེད་ཅེས་པ་ལ་སོགས་པའོ། །ཟབ་མོ་དང་གསལ་བ་གཉིས་སུ་མེད་པ་དེ་ཁོ་ན་རྟོགས་པས་ཚེ་འདི་ཉིད་ལ་འབྲས་བུ་ཐོབ་པར་ངེས་སོ་ཞེས་སོ། །དེའི་ཟབ་མོ་ཇི་ལྟ་བུ་ཞིག་ཅེ་ན། རྣམ་པར་རྟོག་པ་ཞེས་པ་ལ་སོགས་པའོ། །ཕྱིན་ཅི་ལོག་གི་རྣམ་པར་
རྟོག་པ་ཀུན་དང་བྲལ་བས་བསམ་པ་དང་བརྗོད་པ་ཐམས་ཅད་ལས་ཡང་དག་པར་གདོད་མ་ནས་འདས་པ། ནམ་མཁའ་བཞིན་དུ་དངོས་པོ་ཀུན་སྤངས་པས་དྲི་མ་མེད་པ་དེ་ལས་གསལ་བའི་ཡེ་ཤེས་འབྱུང་སྟེ་སོ་སོའི་སྐྱེ་བོ་ལ་སོགས་པས་ཀུན་དུ་བརྟགས་པ་དང་བྲལ་བ་དེ་ལ་
གཏིང་མི་དཔོགས་པའི་ཟབ་མོ་ཞེས་བྱའོ། །གསལ་བ་གང་ཞེ་ན། ཕྱག་རྒྱ་ཆེན་པོ་ཞེས་བྱ་བ་ལ་སོགས་པའོ། །དེའི་<དང་‚ངང་>ལས་བྱུང་བའི་རྟགས་ལ་སོགས་པའི་ཕྱག་རྒྱ་ཆེན་པོའི་གཟུགས་འཆང་བ། སྒྱུ་མ་དང་འཇའ་ཚོན་ལྟ་བུར་གསལ་བ་ཉིད་ནི་མ་སྐྱེས་པའི་སྐུ། རང་དང་
འགྲོ་བ་གཞན་གྱི་རྒྱུད་ཀྱི་ཉོན་མོངས་རྣམ་པར་སྦྱོང་བ་དེ་ལ་ནི་ཡང་དག་པར་གསལ་བ་ཞེས་བྱའོ། །དེ་ལྟར་ཟབ་མོ་དང་གསལ་བ་དེ་གཉིས་སུ་མེད་པའི་རང་བཞིན་དངོས་པོ་ཐམས་ཅད་ལ་ཁྱབ་པའི་བདག་ཉིད་འཁོར་བའི་ཆོས་ཀྱིས་རབ་ཏུ་མ་ཟིན་པ་དེ་ལ་ནི་ཆོས་ཀྱི་དབྱིངས་

ཞེས་བཤད་དོ། །དེ་འདྲ་བའི་དོན་དེ་རྟོག་གེ་བ་རྣམས་ཀྱིས་མི་ཤེས་པར་བསྟན་པའི་ཕྱིར། དེ་འདྲ་རབ་མཆོག་ཅེས་པ་ལ་སོགས་པའོ། །མངོན་སུམ་ལ་སོགས་པས་ཞེས་པ་ནི་ཕྱི་རོལ་གྱིའོ། །དཔྱད་མཁན་ཞེས་པ་ནི་ཚངས་པ་ལ་སོགས་
པའོ། །མི་ཤེས་འཁྲུལ་པ་ཞེས་པ་ནི་མ་རིག་པ་སྟེ། དེས་ཉན་ཐོས་པ་རྣམས་རབ་ཏུ་གཡོགས་པ་ཞེས་ཏེ་འབྲེལ་པའོ། །ཇི་སྐད་དུ། ཀུན་ནས་ཉོན་མོངས་བག་ཆགས་འབྲེལ། །ཀུན་ནས་ལྡང་དང་ལྡང་མ་ཡིན། །ཞེས་འཕགས་པ་ལང་ཀར་གཤེགས་པ་ལས་གསུངས་སོ། །
སྤྱོད་ཡུལ་བག་ལ་ཉལ་ཤེས་པ། ཞེས་པ་ནི་སྤྱོད་ཡུལ་རྣམས་ཀྱི་བག་ལ་ཉལ་ཡང་མེད་པར་ཤེས་པ་སྟེ་ཡུལ་མེད་པར་རྟོགས་པའོ་ཞེས་སོ། །ཇི་སྐད་དུ། གཟུང་བའི་རྟོག་པ་ཉམས་ཕྱིར་དང་། །འཛིན་པ་མ་སྤངས་ཕྱིར་དང་ནི། །རྟེན་གྱིས་བསེ་རུ་ལྟ་བུའི་ལམ། །ཡང་དག་གསུངས་
པས་ཤེས་པར་བྱ། །ཞེས་འཕགས་པ་བྱམས་པས་གསུངས་སོ། །འོ་ན་འདི་གང་ལས་ཤེས་པར་བྱ་ཞེ་ན། སངས་རྒྱས་ཀུན་གྱིས་ཞེས་པ་ལ་སོགས་པ་འདི་ཤེས་པར་བྱེད་པའི་རྒྱུད་བླ་མ་ལས་གསུངས་སོ། །ནམ་མཁའི་ཁམས་ཀྱི་སྤྱོད་ཡུལ་ལོ། །ཞེས་པ་ནི་སེམས་ནམ་
མཁའ་ལྟ་བུར་མཉམ་པར་བཞག་པས། རང་བཞིན་ནམ་མཁའ་ལྟ་བུ་མཚན་མ་ཐམས་ཅད་དང་བྲལ་བ་རྟོགས་པར་འགྱུར་རོ་ཞེས་སོ། །དེ་ཡང་ཇི་ཙམ་གྱིས་རྟོགས་ཤེ་ན། གཉིས་སུ་མེད་པ་འདིའི་དོན་ཤེས་ཤིང་རྣ་བ་ནས་རྣ་བར་བརྒྱུད་པའི་མན་ངག་ཆེན་པོ་དང་ལྡན་པའི་
བླ་མ་དམ་པ་དུས་རྟག་ཏུ་བཀུར་བ་དང་ལྡན་པས་ཨུ་དུམྺཱ་ར་ལྟར་དུས་འགའ་ཞིག་ནི་སྔོན་དུ་བསོད་ནམས་ཀྱི་ཚོགས་བསྐྱེད་པ་དང་། སྐྱེས་བུ་ཡང་དག་པའི་གཞི་ལ་བརྟེན་པའི་བསོད་ནམས་ཅན་འགའ་ཞིག་གི་རྒྱུད་ལ་མི་སླུ་བའི་དེ་ཁོ་ན་ཉིད་དུ་སྐད་ཅིག་ལ་སྐྱེ་བར་འགྱུར་རོ། །དེ་སྐྱེས་
པས་ཇི་སྐད་དུ་གསུངས་པའི་ཆོ་གས་རབ་དང་རབ་ཀྱི་མཐར་ཕྱིན་པར་འགྱུར་རོ་ཞེས་སོ། །དོན་འདི་ཁོ་ན་ལ་རྣམ་པར་གཞག་པ་ལ་བྱ་བ་རྣམས་གཅེས་སུ་མི་འཛིན་པར་བསྟན་པའི་ཕྱིར། འདི་ཡི་དོན་ཤེས་རྣལ་འབྱོར་པས། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དཀྱིལ་

འཁོར་ལ་སོགས་པ་ལུས་ངག་གི་ལས་གཙོ་བས་ན། དེས་སེམས་ངལ་བར་བྱེད་པས་ན་སེམས་ཚོལ་བ་དེ་ལ་ཅི་ཞིག་བྱ་ཞེས་སོ། །འོ་ན་བཅོམ་ལྡན་འདས་ཀྱིས་ཅིའི་ཕྱིར་ངལ་བའི་རྒྱུ་འདི་བསྟན་ཞེས་ན། དང་པོ་པ་རྣམས་འདྲིད་ཕྱིར་རོ། །ཞེས་ཏེ། ལས་དང་པོ་པ་རྣམས་རྟོག་པ་ཐམས་ཅད་
ཀྱིས་བསྒྲིབས་པས་གཉིས་སུ་མེད་པ་ལ་ཡིད་མི་རྟོན་ཅིང་དེ་བསྟན་པས་མི་འདུལ་བ་རྣམས་འདྲིད་པའི་ཕྱིར་རོ་ཞེས་གསུངས་སོ། །བྱ་བ་རྣམས་ཅིའི་ཕྱིར་སྨད་ཅེ་ན། ཅིའི་ཕྱིར་ཞེས་པ་ལ་སོགས་པའོ། །གཉིས་སུ་མེད་པའི་ཡེ་ཤེས་དེ་ནི་རྟོག་པའི་སྒོ་ནས་སངས་རྒྱས་པ་མིན་ཏེ། རང་
བཞིན་གྱིས་རྣམ་པར་དག་པའི་དོན་བསྒོམས་པ་ལས་བྱུང་བའི་ཕྱིར་ན་རྟོག་པ་དང་བཅས་པའི་ཆོ་ག་དེ་དང་དེ་དག་ཐམས་ཅད་དང་ང་དང་ཀུན་གྱིས་སྤང་བར་བྱའོ། །འོ་ན་འདི་ལྟ་བུའི་བྱ་བ་ཡེ་ནས་མི་དགོས་སམ་ཞེ་ན་རང་བཞིན་ལས་ནི་ཞེས་པ་ལ་སོགས་པའོ། །རང་བཞིན་ལས་ནི་
ཐམས་ཅད་ཡོད་དོ། །དེ་ཡོངས་སུ་ཤེས་པ་ལས་ཐམས་ཅད་མེད་དེ་དེ་ཁོ་ནའོ། །དེའི་དཔེ་གསུངས་པ། དཔེར་ན་མི་གང་ཆུ་ཀླུང་གི །ཞེས་པ་ལ་སོགས་པའོ། །དཔེ་དེ་བཞིན་དུ་འཁོར་བའི་ཕ་རོལ་གྱི་དངོས་པོའི་དེ་ཁོ་ན་ཉིད་རྟོགས་པར་བྱས་ནས་རྟོག་པ་དང་བཅས་
པའི་ཆོ་གས་སེམས་ངལ་བར་བྱེད་པས་རྣམ་པར་སྤངས་ཏེ། བྱང་ཆུབ་ནི་སེམས་བདེ་བས་ཐོབ་པས་ཞེས་སོ། །ད་ནི་གཉིས་སུ་མེད་པའི་ཡེ་ཤེས་དེ་ལ་ལུང་གི་ཚུལ་ལྟ་བུར་སེམས་ཅན་རྣམས་ལ་བསྐུལ་བ་གསུངས་པ། དེའི་ཕྱིར་རྣམ་རྟོག་ཅེས་པ་ལ་སོགས་པའོ། །རྣམ་པར་
རྟོག་པ་ཀུན་སྤངས་ལ་ཟབ་མོ་དང་གསལ་བའི་ཆོས་གོང་ནས་གོང་དུ་སྤེལ་ཏེ་རྒྱུད་ལས་གསུངས་པའི་དམ་ཚིག་དང་སྦྱོར་བ་ལ་སོགས་པ་ལ་རྣམ་རྟོག་མ་བྱེད་ཅིག་ཅེས་ཏེ། སོམ་ཉི་མ་ཟ་ཅིག་ཅེས་གདམས་པ་ལ་སོགས་པའོ། །ཅིའི་ཕྱིར་ཞེ་ན། རྣམ་པར་རྟོག་པ་ནི་གཏི་མུག་ཆེན་པོ་
སྟེ། དེའི་དབང་གིས་འཁོར་བའི་རྒྱ་<མཆོར་‚མཚོར་>ལྷུང་བར་བྱེད་པས་རྣམ་པར་རྟོག་པ་མེད་པ་ནམ་མཁའ་ལྟར་ཤིན་ཏུ་དྲི་མ་མེད་པ་གཉིས་སུ་མེད་པའི་ཏིང་ངེ་འཛིན་ལ་མནོས་ཤིག་ཅེས་གདམས་པའོ། །ད་ནི་གཉིས་སུ་མེད་པའི་དོན་དེ་ལྟ་བུ་ལ་སྦྱར་བས། ཚེ་འདི་ཉིད་ལ་དེ་མངོན་དུ་བྱེད་

པ་གསུངས་པ་གཉིས་ཀྱི་དབང་པོ་ཞེས་པ་ལ་སོགས་པའོ། །ཐབས་དང་ཤེས་རབ་གཉིས་ཀྱི་སྒོ་མཉམ་པར་སྦྱར་བས། བདག་གི་ལུས་དང་ངག་དང་ཡིད་གསུམ་གཉིས་སུ་མེད་པའི་ཡེ་ཤེས་སུ་རབ་ཏུ་བསྡུས་ནས་དེ་ལྟ་བུའི་རློམ་པ་ངའོ་སྙམ་པས་སེམས་ཀྱི་གཟེངས་
བསྐྱེད་ལ། དམ་སྡོམ་གྱི་རྣམ་པ་ཀུན་གྱིས་རབ་ཏུ་བརྒྱན་ནས་རྣལ་འབྱོར་དང་ལྡན་པར་བྱས་ནས། ཚེ་འདི་ཉིད་ལ་རང་གི་རྒྱུད་ལ་གཉིས་སུ་མེད་པའི་ཡེ་ཤེས་རྫོགས་པ་ཉིད་ངེས་པར་འགྱུར་རོ་ཞེས་སོ། །ད་ནི་རིམ་པ་གཉིས་པ་ལ་ངེས་པའི་རྣལ་འབྱོར་པས་ལུས་ངག་ཡིད་གསུམ་གྱི་བསྲུང་
བ་དང་བཟའ་བའི་དམ་ཚིག་ལ་གནས་པས་དེ་བསྒོམས་ན་འཆིང་བ་ལས་གྲོལ་བ་གསུངས་པ་རྡོ་རྗེ་ལུས་ཅན་ཞེས་བྱ་བ་ལ་སོགས་པ་གསུངས་པའོ། །རྡོ་རྗེ་སེམས་དཔའ་ལས་བྱུང་བའི་ཕྱིར་སྐྱེས་པ་དང་བུད་མེད་ཀྱི་གཟུགས་དུ་མ་ལ་བརྙས་པར་མི་བྱ་བ་ནི་སྐུའི་དམ་ཚིག་གོ། །དེ་བཞིན་དུ་རྡོ་རྗེ་
སེམས་ཀྱི་ངོ་བོ་བས་སེམས་ལ་ངན་པར་རྟོག་པ་དང་བཟང་པོར་རྟོག་པ་ཀུན་རང་གི་སེམས་ཕྱི་མས་སྔ་མ་སུན་མི་དབྱུང་བ་ནི་ཐུགས་ཀྱི་དམ་ཚིག་གོ། །རྡོ་རྗེ་གསུང་གི་རང་བཞིན་ཁོ་ན་བས་ན་འདོད་པས་བསྐྱེད་པའི་ཚིག་རྩུབ་མོ་ལ་སོགས་པ་ཅི་རིགས་པར་སྨྲ་ཞིང་དགག་པར་མི་བྱ་བ་ནི་གསུང་གི་
དམ་ཚིག་གོ། །དེ་བཞིན་དུ་ཤ་ལ་སོགས་པ་ཡང་རྣམ་པར་སྣང་མཛད་ལ་སོགས་པ་བློ་གྲོས་དང་ལྡན་པ་རྣམས་ཀྱིས་བསྟེན་པར་བྱའོ་ཞེས་སོ། །དེ་ཉེ་བར་མཚོན་པ་ཙམ་སྟེ་ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་པ་ལྟར་རིགས་བརྒྱའི་དབྱེ་བས་འབྱུང་བ་བཞིས་བསྡུས་པའི་ལུས་འདི་བསྒོམ་
པར་བྱའོ། །འདོད་ཆགས་ལ་སོགས་པ་ཉོན་མོངས་པ་ལྔ་ཡང་། སྐྱེས་མཆོག་རྣམས་ཀྱིས་གསུངས་པས་མི་སྤོང་བའི་དམ་ཚིག་གོ། །དེ་བཞིན་དུ་བཤང་གཅི་ལ་སོགས་པ་འཇིག་རྟེན་པས་མི་གཙང་བར་བཏགས་པ་དེ་ཡེ་ཤེས་ཀྱི་མེས་སྦྱངས་པའི་ནུས་པ་དང་ལྡན་པས་བློ་གྲོས་ཅན་
གྱིས་དུས་རྟག་ཏུ་དམ་ཚིག་གི་ཕྱིར་བཟའ་ཞིང་ལུས་ཀྱི་དཀྱིལ་འཁོར་མཉེས་པར་བྱ་བའི་ཕྱིར་སྦྱིན་སྲེག་བྱའོ་ཞེས་བཟའ་བའི་དམ་ཚིག་བསྟན་ཏོ། །དེ་ལྟར་དམ་ཚིག་དང་ལྡན་ཞིང་དེ་ཉིད་བསྒོམས་ན་མྱུར་དུ་སྲིད་པའི་འཆིང་བ་རྣམས་གློག་གིས་མུན་པ་བསལ་བ་བཞིན་

དུ་རྣལ་འབྱོར་པ་གསུམ་པར་གྱུར་པའི་ཚེ། བརྟུལ་ཞུགས་ཀྱི་སྤྱོད་པས་སྐད་ཅིག་ཙམ་ལ་གཉིས་སུ་མེད་པའི་ཡེ་ཤེས་འབར་བས་སོམ་ཉི་མི་བྱའོ། །དེ་ལྟར་དམ་ཚིག་དང་སྡོམ་པ་ལ་རྣམ་པར་གནས་པས་རིམ་པ་གཉིས་པའི་དེ་ཁོ་ན་ཉིད་བསྒོམ་པའི་ཕྱིར་དེའི་གཞིའི་རིམ་པ་དང་པོ་
རྣམས་དཔེའི་སྒོ་ནས་བསྟན་པ་གསུངས་པ་དེ་བས་ཞེས་བྱ་བ་ལ་སོགས་པའོ། །དེ་བས་ན་དངོས་པོ་ཐམས་ཅད་ཀྱི་མཐའི་དེ་ཉིད་བླ་མའི་ཞལ་ལས་ཐོབ་པར་བྱས་ནས། སྔ་མའི་སྡོམ་པས་ལུས་ངག་ཡིད་གསུམ་བསྡམས་ནས་སྙིང་རྗེ་ཆེན་པོས་སེམས་ཅན་ཀུན་ལ་དམིགས་
ནས། དགོན་པའམ་གང་རུང་ཅི་རུང་གི་གནས་སུ་དང་པོ་བྱ་བར་འོས་པ་ཀུན་བྱས་ཏེ་དུས་རྟག་ཏུ་གཉིས་སུ་མེད་པའི་དོན་བསྒོམ་པར་བྱའོ་ཞེས་སོ། །དེ་ཡང་དང་པོར་ཚད་མེད་པའི་ས་བོན་རྣམ་པར་བསྒོམས་ཏེ། དེའི་རྒྱུས་སྡུག་བསྔལ་བ་ལ་སོགས་པ་ལས་གྲོལ་བར་འདོད་
པའི་སྙིང་རྗེ་འབྱུང་སྟེ་སྙིང་རྗེ་དེ་ཡོད་པས་ཐབས་རྣམས་ཚོལ་བར་འགྱུར་རོ། །དེས་དེ་བཞིན་གཤེགས་པར་འགྱུར་རོ། །དེ་བས་ན་སྙིང་རྗེ་འབའ་ཞིག་དང་པོར་བསྒོམས་ན་དེ་ལས་ཡོན་ཏན་ཐམས་ཅད་འབྱུང་བས་ན་དེ་ལ་ནི་སྡོང་པོ་རྩ་བ་དང་འདྲ་ཞེས་བྱའོ། །དགའ་བ་སྡོང་བུ་
ཡལ་ག་ནི། །ཞེས་པ་ནི་སྡུག་བསྔལ་ལ་སོགས་པ་ལས་གྲོལ་ནས་བདེ་བ་ཤིན་ཏུ་རྒྱས་པར་འདོད་པའི་བྱམས་པ་སྡོང་བུ་ལྟ་བུ་སྟེ། དེ་ལས་བྱུང་བའི་ཕྱིར་རོ། །ཡལ་ག་འཕེལ་ནས་གསལ་འགྱུར་བ། །ཞེས་པ་ནི་དེ་ལས་ཡལ་གར་གྱུར་པ་རང་གི་སེམས་ཀྱིས་དེ་ཁོ་ན་ཉིད་རིག་ཅིང་
སེམས་ཅན་མ་དག་པ་རྣམས་རྣམ་པར་དག་པར་བྱའོ་ཞེས། དེའི་ཐབས་ལ་ཁྱད་པར་དུ་ལྷ་ཉིད་ཀྱིས་སྤྱོད་པར་བྱེད་ཅིང་སེམས་ཅན་སྨིན་པ་དང་གྲོལ་བར་བྱེད་པ་དེ་ལ་སྤྱད་ནས་སྤྲོ་བ་བསྐྱེད་པ་དེ་ལ་དགའ་བ་ཚིམ་བྱེད་ཅེས་བྱ་སྟེ་ཡལ་ག་ལྟ་བུ་སྟེ། ཀུན་དུ་དམིགས་པའི་ཕྱིར་རོ། །སྤོང་
བ་ལེན་པའི་ཞེས་པ་ནི་ལས་ཀྱི་སྒྲིབ་པ་རྣམ་པར་སྦྱོང་བར་བྱེད་ཅིང་དེའི་དག་པ་ལེན་པ་སྟེ་རྒྱུན་མི་འཆད་པར་སྨོན་ལམ་འདེབས་ཞེས་ཏེ་རྟེན་དམིགས་པ་དང་མཆོད་པ་ལ་སོགས་པ་ནས་མ་གྲུབ་པའི་མཚན་མ་དམིགས་པའི་བར་ཚོགས་གཉིས་བསྒོམས་པས་ཞིང་གཤིན་པ་ལྟར་བྱེད་པ་

སྟེ་ཇི་ལྟར་ཞིང་དུལ་བ་ལ་ས་བོན་བཏབ་ན་ལོ་ཏོག་རྒྱས་པར་འགྱུར་བ་སྟེ། འདིས་ལས་ཀྱི་སྒྲིབ་པ་དག་པར་བྱས་པས་དཀྱིལ་འཁོར་གྱི་འཁོར་ལོ་འཇུག་པར་འགྱུར་རོ། །དེ་བས་ན་འདི་ནི་ལོ་དུ་མ་ལྟ་བུ་སྟེ་མེ་ཏོག་དང་འབྲས་བུའི་རྟེན་དུ་གྱུར་པའི་ཕྱིར་རོ། །རྟེན་
འབྲེལ་རྣམ་པ་གཉིས་འབྱུང་བས། །ཞེས་པ་ནི་རྒྱུ་གང་གིས་རང་གི་རྒྱུད་སྨིན་པར་བྱེད་པ་དང་། གཞན་གྱི་རྒྱུད་སྨིན་པར་བྱེད་པའི་རྒྱུ་དེ་ལ་མེ་ཏོག་ཅེས་ཏེ་འབྲས་བུའི་རྒྱུར་གྱུར་པའི་ཕྱིར་རོ། །རྟེན་འབྲེལ་གཉིས་གསུངས་པ། རང་རྒྱུད་ནང་དུ་སྨིན་བྱེད་པ། །ཞེས་པ་ནི་
འཁོར་བའི་སའི་བག་ཆགས་བཅད་པ་ནས་རྒྱུ་དང་འབྲས་བུའི་སྦྱོར་བའི་རང་རྒྱུད་སྨིན་པར་བྱེད་པའི་རྒྱུ་ཡིན་པས་ན་མེ་ཏོག་གི་འབྲས་བུ་སྟེ་མོ་གཤམ་ལྟ་བུ་མ་ཡིན་ནོ། །དེ་བཞིན་དུ། གཞན་རྒྱུད་སྨིན་བྱེད་སྦྱོར་བ་ནི། །ཞེས་པ་ཡེ་ཤེས་དང་ཤེས་བྱའི་ཆ་རྣམས་རྣམ་པར་
ཟབ་པའི་ཆོ་ག་ནས། དཀྱིལ་འཁོར་གྱི་འཁོར་ལོ་ཆོ་ག་སྦྱོར་བས་གཞན་གྱི་ཕྱི་རོལ་གྱི་རྒྱུད་དང་སྤྱི་དང་ཁྱད་པར་གྱི་ལས་ཀྱིས་སྨིན་པར་བྱེད་པས་ན་མེ་ཏོག་ལྟ་བུ་སྟེ། མོ་གཤམ་ལྟ་བུ་མིན་ཞེས་ཏེ། འབྲས་བུ་མི་འབྱུང་བ་ལྟ་བུ་མིན་ཞེས་སོ། །དེ་བས་ན་རང་གི་རྒྱུད་
སྨིན་པར་འགྱུར་བ་དང་གཞན་གྱི་རྒྱུད་རབ་ཏུ་སྨིན་པར་གྱུར་པ་ནི་འབྲས་བུ་སྟེ་དེ་ཐམས་ཅད་གོང་གི་སྙིང་རྗེས་རབ་ཏུ་འགྲུབ་པར་འགྱུར་བས་ན་སྙིང་རྗེ་འབའ་ཞིག་རྩ་བར་འགྱུར་བར་ཤེས་པར་བྱའོ། །འདི་མེད་པས་འདི་ལས་ཕྱིན་ཅི་ལོག་ཏུ་འགྱུར་བར་བསྟན་པའི་ཕྱིར། རྩ་བ་
སྙིང་རྗེ་མེད་གྱུར་ན། །ཞེས་པ་ལ་སོགས་པའོ། །སྙིང་རྗེའི་རྩ་བ་སྡོང་བུ་ལྟ་བུ་མེད་པར་གྱུར་ན་དཀའ་བ་སྣ་ཚོགས་པ་མི་ནུས་པས་བདེ་བའི་བསོད་ནམས་འཕེལ་མི་ནུས་སོ། །དེས་སེམས་ཅན་གྱི་དོན་བྱེད་མི་ནུས་སོ། །དེས་བསམ་པའི་དགའ་བ་དང་བྲལ་བས་བློ་གྲོས་ཀྱི་སྨོན་ལམ་
ཡང་མི་འདེབས་སོ། །དེས་དགེ་བའི་ཆོས་མི་ལེན་པས་འགྲོ་བ་རྣམས་ཆོས་ལ་མི་འཛུད་པས་སེམས་ཅན་རྣམས་ཡོངས་སུ་སྨིན་པ་ལས་བྲལ་བ་ན་ཕྱིན་ཅི་ལོག་པའོ། །དེ་བས་སྙིང་རྗེ་མེད་པས་ན་སྐྱོན་དེ་དག་ཏུ་འཕེལ་བས་ན་སྙིང་རྗེས་གཞི་རབ་ཏུ་བཟུང་བས་སྙིང་རྗེ་ལས་བཟོད་

པ་དེ་ལས་བསམ་པའི་དགའ་བ་དེ་ལས་སྨོན་ལམ་འདེབས་པ་དེ་ལས་སྐྱེ་བ་ཡོངས་སུ་སྨིན་པ་འབྱུང་བས་ན་རྩ་བ་ལ་སོགས་པའི་དཔེས་མཚོན་པའོ། །དེ་བས་ན་ཕྱིས་འབྲས་བུ་མཆོག་འབྱུང་བ་ཡང་དང་པོའི་སྙིང་རྗེ་ཁོ་ན་ཡིན་པས་དེས་སེམས་ཅན་གྱི་དོན་ལ་སྤྱོད་པ་ཞེས་ཤེས་པར་བྱའོ། །
སྡུག་བསྔལ་ལས་གྲོལ་ནས་བདེ་བ་སྐྱེད་པ་དེ་ཤིན་ཏུ་རྒྱས་པར་གྱུར་པ་དེ་ལས་བཟོད་པའི་མཚན་ཉིད་སྡོང་པོ་ལྟ་བུ་རྒྱས་པ་ལས་ཡལ་ག་འཕེལ་བ་དེ་ཉིད་ལྟ་བུས་བསྒོམ་པའི་དོན་ཆེན་པོ་ཐོབ་པར་འདོད་པ་ཡིན་ནོ། །བཏང་སྙོམས་ཀུན་དུ་ཁྱབ་པ་སྟེ། །ཞེས་པ་ནི་ཟབ་གསལ་གཉིས་སུ་
མེད་པ་བསྒོམས་པས་འཇིག་རྟེན་པའི་ཆོས་བརྒྱད་སྤངས་པ་ཞེས་བྱའོ། །ཚངས་ཆེན་སྤྱོད་པ་དམ་པའོ། །ཞེས་པ་ནི་བཞི་པོ་དེ་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཀྱི་སྤྱོད་པ་དམ་པའོ་ཞེས་སོ། །ད་ནི་དེ་ལྟར་བསྐྱེད་པའི་རིམ་པ་ལ་གནས་པས་རིམ་པ་གཉིས་པའི་དེ་ཁོ་ན་ཉིད་
བསྒོམ་པ་བསྟན་པའི་ཕྱིར་དེ་དག་ལ་གནས་ཞེས་པ་ལ་སོགས་པའོ། །དེ་དག་ལ་གནས་ཞེས་པ་ནི་རིམ་པ་དང་པོ་ལ་གནས་པའོ། །དེས་ཅི་བསྒོམ་ཞེ་ན། སྙིང་པོ་སངས་རྒྱས་ཐམས་ཅད་ཀྱི་སྤྱོད་ཡུལ་དུ་གྱུར་པ་གང་ཡིན་པ་སྟེ་ཀུན་གྱི་བདག་ཉིད་ལ་གནས་པའི་དངོས་པོ་ཐམས་
ཅད་ཀྱི་མཐའི་དེ་བཞིན་ཉིད་བསྒོམ་པར་བྱའོ་ཞེས་སོ། །དེ་ཇི་ལྟར་བསྒོམ་ཞེ་ན། དཔྲལ་བ་ལ་གནས་རྐང་མཐིལ་བར། །ཞེས་པ་ལ་སོགས་པའོ། །ས་བོན་ལས་བྱུང་བའི་འོད་ཟེར་གྱི་རྩེ་ལས་འཕྲོས་པའི་བདེ་གཤེགས་ཀྱིས་སེམས་ཅན་ཐམས་ཅད་སངས་རྒྱས་པར་བྱ་སྟེ་ཡེ་
ཤེས་ཀྱི་ངོ་བོར་འདུས་ནས་མཚན་མའི་དབུས་ཀྱི་ས་བོན་ལ་ཞུགས་པས་དེ་བྱང་ཆུབ་སེམས་དག་འོད་གསལ་བ་ཞེས་བྱ་བ་ལ་སོགས་པའི་ཐིག་ལེ་ཙ་ན་ཀའི་འབྲུའི་ཚོད་ཙམ་གྱི་གཟུགས་འོད་ཟེར་ལྔ་དང་ལྡན་པར་བསམས་ཏེ་དེའི་འོད་ཟེར་གྱི་ནང་ལ་སོགས་པ་གསལ་བར་བྱས་
ནས། བདག་གི་དཔྲལ་བ་ལ་གནས་པ་ནས་རྐང་མཐིལ་གྱི་བར་ན་གནས་པའི་བྱང་ཆུབ་ཀྱི་སེམས་སྒྲ་ཡིག་བཅུ་དྲུག་གི་གཟུགས་སུ་གནས་པ་དྲངས་ནས་ཐིག་ལེར་བསྡུ་བར་བྱའོ་ཞེས་སོ། །དེར་སེམས་དེ་བཅུག་པ་ཙམ་གྱིས་དེའི་དབུས་སུ་གཡོ་བ་སྟེ་ལྷ་དང་། གནས་

པ་སྟེ་གཞལ་ཡས་ཁང་དུ་བཅས་པའི་དཀྱིལ་འཁོར་གོང་མ་ལྟར་མི་གསལ་བ་གསལ་བར་ཡང་དག་པར་སྦྱོར་བ་བསྒོམས་ཏེ། དེའི་གཙོ་བོའི་ཐུགས་ཀར་གསལ་བ་མི་ཤིགས་ཐིག་ལེའི་གཟུགས་མཚན་མའི་བུམ་པ་ལ་གནས་པ་ཡུངས་ཀར་གྱི་འབྲུ་ཚོད་ཙམ་
འོད་ཟེར་ལྔ་འབར་བ་འཛག་པའི་ངང་ཚུལ་ཅན་སྙིང་གི་དབུས་ན་རྟག་ཏུ་གནས་པ་དེ་ལ་ཡེ་ཤེས་ཆེན་པོས་བཟུང་བས་སྐད་ཅིག་ཙམ་གྱིས་རྣལ་འབྱོར་པ་ལ་གཉིས་སུ་མེད་པ་འབར་བར་ཐེ་ཚོམ་མེད་དོ། །ཇི་ལྟར་ལྟ་ཞེ་ན། སྟེང་གི་སྣ་ལས་ངེས་པར་འབྱུང་། །ཞེས་པ་ལ་སོགས་
པའོ། །ཐིག་ལེ་དེའི་འོད་ཟེར་སྟེང་གི་སྣ་ལས་བྱུང་ནས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན་བཞུགས་པའི་དེ་བཞིན་གཤེགས་པ་རྣམས་ཀྱི་ཞལ་དུ་ཞུགས་ནས་སྙིང་གའི་མི་ཤིགས་པའི་ཐིག་ལེར་སོང་ནས་བདུད་རྩི་བླངས་ནས་རྡོ་རྗེའི་ལམ་དུ་བྱུང་ནས་ནམ་མཁའ་ལས་འོ་
མའི་རྒྱུན་ལྟར་འདུས་ནས་ཐབས་དང་ཤེས་རབ་ཀྱི་བྱེ་བྲག་གིས་གཡས་གཡོན་དུ་རབ་ཏུ་ཞུགས་ཏེ་གོང་གི་གསལ་བའི་ཡེ་ཤེས་ཀྱི་ཐིག་ལེའི་སྣང་བའི་ཐིག་ལེ་ལ་རབ་ཏུ་གནས་པར་བྱས་ནས། གཉིས་སུ་མེད་པའི་ཡེ་ཤེས་བཟུང་བས་དེ་ལ་རེག་པར་འགྱུར་རོ། །འགོག་པའི་
རྡོ་རྗེ་སེམས་ཉིད་དུ། །ཞེས་པ་ནི་ཐིག་ལེ་དེ་ལས་དབུགས་འཇུག་པའི་སྤྱོད་པའི་སེམས་ཀྱིས་སོ། །ནམ་ཞིག་དེ་ལ་སུས་རེག་པ། །ཞེས་པ་ནི་སེམས་དེས་རེག་པས་རྟགས་རྣམས་སྐྱེ་བར་འགྱུར་བ་ལ་སོམ་ཉི་མི་བྱའོ། །དེ་སྐྱེས་པས་སངས་རྒྱས་ཀྱི་མཆོག་སྦྱིན་པ་ཡིད་
བཞིན་གྱི་དཔལ་དང་འདྲ་བར་འགྱུར་རོ་ཞེས་བྱ་བས་དེ་ལ་བརྟེན་པའི་ཡོན་ཏན་བསྟན་ཏོ། །མི་ཤིགས་པའི་ཐིག་ལེ་སྒོམ་པའི་ཆོ་གའོ། །ཡང་ནི་འཛག་པའི་ཐིག་ལེ་ལས། །ཞེས་པ་ནི་ས་བོན་གྱིས་བསྐུལ་པའི་དེ་བཞིན་གཤེགས་པ་རྣམས་ཞལ་དུ་ཞུགས་ནས་
ཞུ་བར་གྱུར་པ་འཛག་པའི་ཐིག་ལེར་སོང་བས། དེ་ཡང་རྡུལ་དང་མུན་པ་དང་སྙིང་སྟོབས་ཀྱི་ཚུལ་དུ་དེ་ལ་བབས་ནས་ནོར་བུར་རྣམ་པར་གནས་ཞེས་རྡོ་རྗེ་ནོར་བུའི་དབུས་སུ་གནས་པ་ལས་རང་གི་ལྷའི་མཚན་མ་ཕྲ་མོའི་དབུས་སུ་གོང་གི་རིམ་པ་ལྟར་དཀྱིལ་འཁོར་རབ་

ཏུ་མོས་པས་བསྒོམས་ཏེ་དེའི་གཙོ་བོའི་ཐུགས་ཀར་ཡེ་ཤེས་སེམས་དཔའ་ལ་མཚན་མ་གནས་པའི་ཐིག་ལེ་བསྒོམས་ཏེ་དེ་ལ་སྣང་བའི་ཐིགས་པ་ཞེས་བྱའོ། །གོང་གི་རིམ་པས་སྤྲོ་བསྡུ་བས། །ཞེས་པ་ནི་མི་ཤིགས་པའི་ཐིག་ལེ་ལྟར་འོད་ཟེར་སྤྲོ་བ་དང་བདུད་རྩི་དགུག་པ་དང་སླར་གཞུག་པའི་རིམ་པས་
ཐིགས་པ་དེ་ལ་སེམས་གཉིས་སུ་མེད་པའི་ཡེ་ཤེས་བཟུང་བས་དོན་དེ་ལ་རེག་པར་འགྱུར་བས། རྒྱུད་གསུངས་ལྔ་པོ་ཡང་དག་འབྱུང་། །ཞེས་པ་ནི་ས་ཆུ་ལ་ཞུགས་པ་ལ་སོགས་པས་རྒྱུད་ལས་གསུངས་པའི། སྨིག་རྒྱུ་འདྲ་བ་དང་པོ་དང་། །དུ་བ་ལྟ་བུ་གཉིས་པ་དང་། །མཁའ་སྣང་
འདྲ་བ་གསུམ་པ་དང་། །མར་མེ་ལྟར་འབར་བཞི་པ་དང་། །སྤྲིན་མེད་ནམ་མཁའ་ལྟ་བུ་རུ། །རྟག་ཏུ་སྣང་བ་ལྔ་པ་འབྱུང་བར་འགྱུར་རོ། །དེ་བྱུང་བས་སྔོན་མཐོང་བའི་དོན་གྱིས་ཕྱིས་སྤྲོ་བསྡུ་ལས་རྗེས་སུ་དྲན་པ་སངས་རྒྱས་རྗེས་སུ་དྲན་པ་ནས་ཞེ་སྡང་གི་རིགས་ལ་སོགས་པའི་
མཆོད་པ་རྗེས་སུ་དྲན་པའི་བར་བསྒོམས་ནས་དོན་དེས་ཀུན་ལ་ཁྱབ་པར་བྱ་བའི་ཕྱིར་ཡན་ལག་འདི་བསྒོམ་པར་བྱའོ་ཞེས་སོ། །གསང་བའི་ཐིག་ལེ་བསྒོམ་པའི་ཆོ་གའོ། །ཡང་ནི་སྤྲུལ་པའི་ཐིག་ལེ་ཞེས་པ་ནི་ནོར་བུར་གནས་པ་དེ་ཉིད་སྤྲུལ་པའི་སྐུའི་གཟུགས་ཀྱིས་ཀུན་དུ་ཁྱབ་པར་གནས་པའི་ཕྱིར་
ཐིག་ལེ་རྣམ་པ་བཞི་པོ་འདི་བསྒོམ་པར་བྱའོ་ཞེས་སོ། །སྤྱི་བོར་རླུང་དབུས་ཨོཾ་བསམ་མོ། །ཞེས་པ་ནི་མཚན་མའི་དབུས་ན་གནས་པའི་སྐུའི་རྡོ་རྗེའི་ཐུགས་གར་མཚན་མ་ལ་རླུང་བསམས་ནས་དེའི་སྟེང་དུ་ཟླ་བ་ལ་ཨོཾ་དཀར་པོ་འོང་བའི་རང་བཞིན་བསམ་མོ། །མགྲིན་པར་ཆུ་དབུས་ཨཱཿབསམ་
མོ། །ཞེས་པ་ལ་སོགས་པ་ཡང་རིམ་པ་དེས་བསྒྲེ་བར་བྱའོ། །ཁྱད་པར་དུ་ཨཱཿགནས་པ་དང་། ཧཱུཾ་འགྲོ་བའི་རང་བཞིན་བསམ་པ་དང་། རང་གི་ལྷའི་ས་བོན་གནས་པ་དང་། འཇུག་པ་དང་ལྡང་བ་ལས་འགྲོ་བའི་ངོ་བོ་བསམ་པའོ། །ཐིག་ལེ་བཞི་ལས་ཟེར་འབྱུང་བ། །ཞེས་པ་ནི་ཐིག་ལེ་སྟེ་ཡི་གེ་བཞིའོ། །
མ་སྤྲོས་པས་ཐིག་ལེ་སྟེ་དེ་ལས་འོད་ཟེར་སྟེང་གི་སྣའི་སྒོ་ལས་ངེས་པར་འབྱུང་སྟེ། དེ་ཡང་སྣའི་གཡས་ཀྱི་གཡས་ནས་འབྱུང་བ་རླུང་གི་དཀྱིལ་འཁོར་ཁ་དོག་ནག་པོའི་ངོ་བོ་ནི་སྐུའི་རྡོ་རྗེ་རྒྱུ་བར་བྱེད་པ་སྟེ་མུན་པ་རུ་ནི་ཤེས་པར་བྱའོ། །དེ་བཞིན་དུ་དེའི་གཡོན་པ་ལས་འབྱུང་བ་ཆུའི་དཀྱིལ་འཁོར་ཁ་དོག་དཀར་

པོའི་ངོ་བོ་གསུང་རྡོ་རྗེ་རྒྱུ་བའི་རང་བཞིན་ཏེ་རྡུལ་དུ་ཤེས་པར་བྱའོ། །དེའི་གཉི་ག་ལས་དྲག་ཏུ་འབྱུང་བ་མེའི་དཀྱིལ་འཁོར་ཁ་དོག་དམར་པོའི་ངོ་བོའོ། །ཐུགས་ཀྱི་རྡོ་རྗེ་རྒྱུ་བའི་རང་བཞིན་ཏེ་སྙིང་སྟོབས་སུ་ཤེས་པར་བྱའོ། །དེ་བཞིན་དུ་གཉིས་ཀ་ལས་དལ་བུས་བྱུང་བའི་དབང་ཆེན་
གྱི་དཀྱིལ་འཁོར་ཁ་དོག་སེར་པོའི་ངོ་བོ་ལྷ་ཐམས་ཅད་ཀྱི་རྒྱུའི་རང་བཞིན་ཏེ་དེ་དགའ་བ་བར་མའི་ཡེ་ཤེས་ཏེ་བར་མ་ནི་ཕྱོགས་ཐམས་ཅད་དང་བྲལ་བའོ། །རེ་རེ་ཕྱག་རྒྱ་བཞི་བཞི་སྟེ། །ཞེས་པ་ནི། གཡས་ལ་སོགས་པའི་རྒྱུ་བ་རེ་རེ་ཡང་འོད་ཟེར་སྣ་ཚོགས་འཕྲོ་བ་ཕྱག་རྒྱ་བཞི་བཞི་སྟེ། དེ་ཡང་གང་ཞེ་ན་
འབྱུང་བ་ཧཱུཾ་ཞེས་པ་ལ་སོགས་པའོ། །དེ་ལ་ཕྱིར་འབྱུང་བའི་རླུང་བཞི་པོ་ཐམས་ཅད་ནི་ཧཱུཾ་གི་ངོ་བོ་སྟེ་ཕྱག་རྒྱ་ཆེན་པོའོ། །དེས་སངས་རྒྱས་ལ་སོགས་པ་སྤྲོས་པས་དེའི་དུས་སུ་གནས་པའི་ཆོས་གྲུབ་པར་བྱེད་ཅིང་དེ་རྣམས་དང་ཕྱི་རོལ་གྱི་གཡོ་བའི་ཆོས་ཐམས་ཅད་ཀྱང་དག་པར་བྱེད་པའོ། །དེ་བཞིན་
དུ་ནང་དུ་འཇུག་པའི་རླུང་བཞི་པོ་རྣམས་ཨོཾ་གྱི་ངོ་བོ་སྟེ་ལས་ཀྱི་ཕྱག་རྒྱའོ། །དེས་སངས་རྒྱས་ལ་སོགས་པ་སྡུད་པར་བྱེད་ཅིང་དེའི་དུས་སུ་གཡོ་བའི་ཆོས་ཀུན་གྲུབ་པར་བྱེད་ཅིང་དེ་རྣམ་པར་དག་པར་བྱེད་དོ། །དེ་བཞིན་དུ་གནས་པའི་རླུང་བཞི་པོ་ཨཱཿའི་ངོ་བོ་སྟེ་ཆོས་ཀྱི་ཕྱག་རྒྱའོ། །དེས་སངས་
རྒྱས་ལ་སོགས་པ་བཟུང་བས་དུས་དེར་གཡོ་བ་དང་གནས་པའི་ཆོས་ཐམས་ཅད་གཉིས་སུ་མེད་པའི་ཡེ་ཤེས་སུ་འཇུག་གོ། །དེ་བཞིན་དུ་དེ་ཁོ་ན་ཉིད་རབ་ཏུ་བཟུང་བ་བཞི་པོ་ནི་ཡེ་ཤེས་སེམས་དཔའི་ངོ་བོ་སྟེ་དམ་ཚིག་གི་ཕྱག་རྒྱའོ། །དེའི་དུས་སུ་ཆོས་ཐམས་ཅད་གཉིས་སུ་མེད་པའི་ཡེ་
ཤེས་སུ་སྐད་ཅིག་གིས་ཞུགས་པར་ཤེས་པར་བྱའོ། །དེ་འདྲ་བའི་བཟླས་པ་དེ་ཐམས་ཅད་ལ་ཁྱབ་ཀྱང་མན་ངག་མེད་པར་མི་ཤེས་པའི་ཕྱིར་དེ་ལྟར་དབྱེར་མེད་ཅེས་པ་ལ་སོགས་པའོ། །དེ་ལྟར་ཕྱག་རྒྱ་བཞིའི་བཟླས་པ་དེ་ཞག་གཅིག་ལ་ཇི་ལྟར་ཟློས་པའི་གྲངས་ངེས་པ་གསུངས་པ།
ཕྱག་རྒྱ་བཞི་འབྲེལ་ཞེས་པ་ལ་སོགས་པའོ། །ཕྱག་རྒྱ་བཞི་པོ་རེ་རེ་ལ་གཡས་ལ་སོགས་པ་ནས་ཕྱིར་འབྱུང་ནང་འཇུག་གཅིག་དེ་བརྩིས་པའི་ཉིས་བརྒྱ་ཉི་ཤུ་རྩ་ལྔར་ཟློས་ཏེ། དེ་ལྟར་གཡས་དང་གཡོན་དང་དལ་བ་དང་དྲག་པ་བཞི་ལ་དགུ་བརྒྱའོ། །དེ་ཞག་གཅིག་ལ་གཡས་ནས་གཡོན་དུ་

འཕོ་བ་དང་། གཡོན་ནས་གཡས་སུ་འཕོ་བ་ཉི་ཤུ་རྩ་བཞིར་བརྩིས་ན་ཁྲི་ཕྲག་གཉིས་དང་ཆིག་སྟོང་དྲུག་བརྒྱ་རུ་ཤེས་པར་བྱའོ། །དེ་ལ་ཅིའི་ཕྱིར་བཟླས་པ་རུ་བཤད་ཅེ་ན། དེ་ནི་རྒྱུད་ཆེན་པོ་ལས་ཞེས་པ་ལ་སོགས་པའོ། །སྤྲོ་དང་བསྡུ་བའི་ངོ་བོ་ལས། །ཞེས་པ་ནི་འགྲོ་བ་དང་འོང་བ་དང་གནས་
པ་གསུམ་གྱི་ཡི་གེ་གསུམ་སྟེ་དེའི་ཕྱིར་ཞེས་པའོ། །བཟླས་པ་འདི་རྟོགས་པས་ཕྱི་རོལ་གྱི་བཟླས་པ་ལ་སེམས་མི་ཕྱོགས་པར་བསྟན་པའི་ཕྱིར་འདི་འདྲ་བའི་བཟླས་པ་ཞེས་པ་ལ་སོགས་པའོ། །འདི་འདྲ་བའི་རྡོ་རྗེའི་བཟླས་པ་མ་རྟོགས་པར་ཕྱི་རོལ་གྱི་བཟླས་པ་ལ་མངོན་པར་ཞེན་པས་ནི་ཡང་དག་པའི་
དོན་རྟོགས་པར་མི་ནུས་སོ། །འོན་ཀྱང་བསོད་ནམས་ཐོབ་པར་བྱ་བ་ལ་སོགས་པ་ནི་ཡན་ལག་དམ་པའོ། །དེ་བས་གཉིས་སུ་མེད་པའི་ཡེ་ཤེས་འདོད་པས་ནི་དེ་སྤངས་ནས་བཟླས་པ་འདི་ལ་འཇུག་པ་བསྟན་པའི་ཕྱིར་དེ་བས་རྣལ་འབྱོར་ཞེས་པ་ལ་སོགས་པའོ། །བར་ཆོད་པ་ཞེས་པ་ནི་ངག་དེ་
ཉིད་གཡེང་བའི་རྒྱུའི་ཕྱིར་རོ། །དེའི་ཕྱིར་སྤངས་ཞེས་བྱའོ། །འོ་ན་ཇི་ལྟ་བུ་བསྒོམ་ཞེ་ན། རྡོ་རྗེ་འཆང་བའི་ངོ་བོ་རང་བཞིན་གྱི་བཟླས་པ་མཆོག་ཆེན་པོ་གོང་གི་རིམ་པས་བསྒོམ་པར་བྱའོ་ཞེས་སོ། །དེ་བསྒོམས་པས་ཇི་ལྟ་བུའི་རྟོགས་པ་རྒྱུད་ལ་སྐྱེ་ཞེ་ན། དེ་བསྒོམས་སྟོབས་ཀྱིས་ཞེས་པ་ལ་
སོགས་པའོ། །སྐད་ཅིག་རྟོགས་པས་རབ་རྟོགས་སོ། །ཞེས་པ་ནི་དེ་བསྒོམས་པས་ནང་དང་ཕྱི་རོལ་གྱི་ཆོས་ཐམས་ཅད་སྒྱུ་མ་ལ་སོགས་པ་སྐད་ཅིག་གམ་ཐང་ཅིག་གམ་ཡུད་ཙམ་དང་མིག་བཙུམས་པའམ། ཐལ་མོ་བརྡབས་པ་འམ། ཉི་མའམ། ཟླ་བའམ། ལོ་ལ་སོགས་
པའི་བར་དུ་ཤེས་ནས། དེས་ས་བཅུའི་མགོན་པོ་རྣམས་དང་སྐལ་བ་མཉམ་པར་སྐྱེ་སྟེ། དེ་བས་ན་ཐབས་དེས་དངོས་པོ་ཀུན་གྱི་དེ་ཉིད་བདེན་པས་བསྒྲུབ་པར་བྱའོ། །དངོས་པོ་ཀུན་གྱི་དེ་ཉིད་དེ་ཡང་ཇི་ལྟ་བུ་ཞེ་ན། གཉིས་སུ་མེད་ཅེས་པ་ལ་སོགས་པའོ། །གཉིས་མེད་ཅེས་
པ་ནི་བདེན་པ་གཉིས་ཟུང་དུ་འཇུག་པའོ། །བདེ་བ་ཞེས་པ་ནི་ཤིན་ཏུ་རྒྱས་པའོ། །གཞན་གྱིས་མི་རྟོགས་པས་ན་གསང་ཆེན་ནོ། །དེ་ཉིད་ཇི་ལྟ་བུ་བཞིན་དུ་རྟོགས་པའི་དུས་ན་ལམ་དུ་སྣང་བས། སངས་རྒྱས་བྱང་ཆུབ་སྒྲུབ་བྱེད་པ། །ཞེས་བྱའོ། །དེ་ཉིད་མངོན་པར་བྱང་ཆུབ་པའི་

དུས་ན། སངས་རྒྱས་ཀྱི་ནི་ངོ་བོ་སྟེ། །ཞེས་བྱའོ། །མཐའ་མེད་པའི་འཁོར་བའི་བར་དུ་འཇུག་ཀྱང་འགྱུར་བ་མེད་པའི་ཕྱིར། ཟད་མེད་མི་འཇིག་རྟག་པའོ། །ཐོག་མ་སྐྱེ་བ་མེད་པས་ཐ་མ་འཇིག་པ་མེད་པའི་ཕྱིར་ཐོག་མ་ཐ་མ་མེད་པའི་མཆོག་གོ། །དེ་ཉིད་ཟབ་མོས་
ཡོད་པ་བཟློག །གསལ་བས་མེད་པ་ཡང་བཟློག་པས། །ཡོད་པ་མེད་ཅིང་མེད་པ་མེད། །ཅེས་སོ། །དེ་གསལ་བར་བརྟན་པའི་ཕྱིར་དབང་པོ་དང་བཅས་ཞེས་པ་ལ་སོགས་པའོ། །དེ་ཡང་། སྦྱོར་བའི་ལམ་གྱིས་མཐོང་བའོ། །ཞེས་པ་ནི་ཕྱག་རྒྱའི་སྦྱོར་བ་ཉིད་ལམ་སྟེ་དེས་མི་སླུ་བའི་དེ་ཁོ་ན་ཉིད་དུ་
རྟོགས་པར་འགྱུར་ཏེ། དེའི་རིམ་པས་ཇི་ལྟ་བ་རྙེད་པར་གྱུར་པ་དེ་སྐད་དོ། །དེ་ཅིའི་ཕྱིར་མཐོང་ཞེ་ན་ཕྱིའི་སྦྱོར་བའི་ཞེས་པ་ལ་སོགས་པས་ཆོས་ཐམས་ཅད་སེམས་ཁོ་ནར་འདུས་ཏེ། དེ་ཡང་དེར་ཞུགས་ཏེ་མྱོང་བས་ཤེས་སོ་ཞེས་སོ། །དེ་ཡང་ཕྱིའི་སྦྱོར་བ་གཟུགས་ལ་སོགས་པའི་ཆོས་
གཡོ་བ་དང་གནས་པ་ཐམས་ཅད་སེམས་ཡེ་ཤེས་སུ་གནས་པས་དེ་གཅིག་པོ་འདིས་ཁྱབ་པ་སྟེ་ཞེས་སོ། །གཅིག་པོས་ཁྱབ་པ་དེ་ཡང་གང་ཞེ་ན། ཐམས་ཅད་སེམས་ཙམ་ཁོ་ནའོ། །ཞེས་སོ། །དེ་ཅིའི་ཕྱིར་ཞེ་ན། སེམས་ཅན་ཐམས་ཅད། རྣམ་ཤེས་ཕུང་པོ་ཁོ་ནའོ། །ཞེས་བྱ་
བའོ། །དེ་བླུན་པོ་རྣམས་ཀྱིས་མ་ཤེས་པས་སྲིད་པར་རྒྱུའོ་ཞེས་པའོ། །དེ་བས་སེམས་དང་སེམས་ལས་བྱུང་བ་དང་ཡེ་ཤེས་དང་ཤེས་བྱ་ཐམས་ཅད་ཀྱང་རྣམ་པར་ཤེས་པ་ཁོ་ནའོ། །གང་གི་ཚེ་ལུས་ཀྱི་རྐྱེན་དུ་འགྱུར་བའི་ས་བོན་དང་བཅས་པའི་ངོ་བོ་ཆོས་ཀུན་ཆོས་གཅིག་ཏུ་འགྱུར་
ཞིང་བསྡུས་པ་དེའི་ཚེ་དངོས་པོ་ཐམས་ཅད་ཀྱང་ཐིམ་པར་འགྱུར་རོ་ཞེས་སོ། །ཇི་ལྟར་ཐིམ་པར་འགྱུར་ཞེ་ན། ཅིའི་ཕྱིར་ན་ཞེས་པ་ལ་སོགས་པའོ། །ཆུ་བོ་ཐམས་ཅད་ཀྱང་རྒྱ་མཚོར་ཐིམ་ནས་ལན་ཚྭའི་རོར་རོ་གཅིག་པ་དེ་བཞིན་དུ་ཆོས་ཀྱི་རྣམ་པ་ཐམས་ཅད་ཀྱང་བརྟུལ་ཞུགས་ལ་སོགས་
པའི་རིམ་པས་གཉིས་སུ་མེད་པའི་ཡེ་ཤེས་སུ་ཞུགས་ཤིང་ཐར་པའི་དུས་སུ་དངོས་པོ་མེད་པའི་ངོ་བོར་གཅིག་ཁོ་ན་སྟེ་མང་པོ་རུ་མི་སྣང་བར་འགྱུར་རོ། །དེ་གང་ལས་ཤེས་ཤེ་ན། དེའི་ནང་གི་སྦྱོར་བ་ཞེས་བྱ་བ་ལ་སོགས་པའོ། །དེ་ལྟ་བུའི་དངོས་པོ་ཐམས་ཅད་ཀྱི་དེ་བཞིན་ཉིད་འདི་

ལ་ཕྱི་རོལ་དུ་གྲགས་པ་ལ་སོགས་པ་ཡང་རྫོགས་པར་བསྟན་པའི་ཕྱིར་དེ་ནི་ཟབ་གསལ་ཞེས་པ་ལ་སོགས་པའོ། །གཉིས་སུ་མེད་པའི་ཡེ་ཤེས་དེ་ནི་ཟབ་མོ་དང་གསལ་བ་གཉིས་སུ་མེད་པར་གནས་པས་སྦྱོར་ཞེས་བྱའོ། །དེ་ལ་ཐམས་ཅད་སེམས་རྩེ་གཅིག་པས་ན་ཏིངེ་འཛིན་ཞེས་བྱའོ། །
ཡེ་ཤེས་དེས་ཐམས་ཅད་མཉེས་པར་བྱེད་ཅིང་ཚིམ་པར་བྱེད་པས་ན་གཏོར་མ་ཞེས་བྱའོ། །དེས་སྡིག་པ་ཐམས་ཅད་ཞི་བར་བྱེད་པའི་ཕྱིར་ཞི་བའོ། །དེའི་དུས་ན་བསོད་ནམས་ཐམས་ཅད་རྒྱས་པས་ན་རྒྱས་པ་ཞེས་བྱའོ། །དེ་ཉིད་ཆགས་པ་ཆེན་པོའི་ངོ་བོ་བས་ཆོས་ཐམས་ཅད་དེར་འདུས་
པར་བྱེད་པས་དབང་ཞེས་བྱའོ། །དེས་དངོས་པོ་ཐམས་ཅད་དངོས་པོ་མེད་པར་གསོད་པའི་ཕྱིར་མངོན་སྤྱོད་ཅེས་བྱའོ། །དེ་བསྒོམས་པས་དངོས་གྲུབ་ཆེན་པོ་ལ་སོགས་པའི་རྟགས་འགུགས་པའི་ཕྱིར་དགུག་པའི་ལས་ཞེས་བྱའོ། །དེ་ཡིས་ཉན་ཐོས་ལ་སོགས་པའི་ཆོས་རྣམས་ཀུན་
བརྟགས་པས་རིང་དུ་ཞི་བར་བྱེད་པས་ན་བསྐྲད་པ་ཞེས་བྱའོ། །དེ་ལ་བསྔགས་པ་གང་གནས་པའི་རྣལ་འབྱོར་པས་དེ་རྟོགས་ན་གཞན་གྱིས་མི་བརྫི་བས་ན་བསྲུང་བའི་ལས་ཞེས་བྱའོ། །དེ་ཤེས་ན་ཆོས་ཐམས་ཅད་ཀྱི་ངོ་བོ་ཀུན་གཉིས་སུ་མེད་པའི་རོ་གཅིག་ཏུ་རྟོགས་པས་མིག་རྣོན་ཞེས་
བྱའོ། །དེ་རྟོགས་ན་རྣམ་པར་རྟོག་པ་མ་ལུས་པ་རྣམས་ཡེ་ཤེས་ཀྱི་ངོ་བོར་གྱུར་པས་ན་དུག་གཞོམ་པའི་ཆོ་ག་ཞེས་ཀྱང་བྱའོ། །དེས་ཕུང་པོ་ལ་སོགས་པའི་བླུན་པོའི་རྫས་ཅན་རྣམས་བསྲེགས་པས་སྦྱིན་སྲེག་ཅེས་ཀྱང་བྱའོ། །ཟབ་པས་ཀྱང་དངོས་པོ་ལས་བཟློག །གསལ་བས་
ཀྱང་མེད་པ་ལས་བཟློག་ནས་ཆོས་ཐམས་ཅད་ཆ་བསྙམས་པས་ཐིག་བཏབ་པ་ཞེས་ཀྱང་བྱའོ། །དེ་གསལ་བ་དང་འཇའ་ཚོན་ལྟ་བུ་བརྗོད་དུ་མེད་པའི་སྐུ་བརྟགས་པ་ལས་དབེན་པས་ཆོས་ཉི་ཤུ་རྩ་གཅིག་སྟེ། གཟུགས་ལ་སོགས་པ་རྣམས་རྟག་པ་ལ་སོགས་པས་རང་བཞིན་གྱིས་
བཟུང་བས་ན་མཚོན་བཏབ་པ་ཞེས་བྱའོ། །དེའི་ངོ་བོ་ཐམས་ཅད་རང་བཞིན་གྱིས་གནས་པས་ན་སློབ་དཔོན་དང་སློབ་མ་ཞུགས་པ་ཞེས་ཀྱང་བྱའོ། །དེ་ལྟ་བུའི་ངོ་བོ་དེ་མིང་ཙམ་གྱིས་བླ་མ་ལས་འབྱུང་བ་ལྟ་བུར་སྣང་ཡང་། རང་རིག་པའི་བདེ་བས་རྟོགས་པས་ན་དབང་བསྐུར་བཞེས་ཀྱང་དེ་

ལ་བྱའོ། །དེ་བས་ན་དེ་ལ་སོགས་པ་མཐའ་ཡས་པའི་ཆོས་ཐམས་ཅད་ཀྱི་མིང་དང་ལྡན་པས་དེ་ཉིད་མཆོག་སྟེ་ཁྱབ་བདག་ཆེན་པོ་ཞེས་བྱའོ། །དེ་ཡང་མཚན་ཉིད་དེ་རྣམས་དང་ལྡན་པས་དཀྱིལ་འཁོར་མཆོག་ཡིན་པར་བསྟན་པའི་ཕྱིར་ཡན་ལག་ཐམས་ཅད་ཅེས་པ་
ལ་སོགས་པའོ། །དེ་ཡང་ཕྱི་ནང་གི་ཡན་ལག་ཐམས་ཅད་ལས་འདས་ཏེ་ཡོད་པར་རྟོག་པ་དང་མེད་པར་རྟོག་པ་མེད་པ་ལས་གྲོལ་བ་གཉིས་སུ་མེད་པའི་ཡེ་ཤེས་དེ་ནི་འདྲི་བའི་གུག་སྐྱེད་དང་ཐིག་ལེའི་ཚེག་དྲག་ལས་འདས་པས་ན་འདི་ནི་དཀྱིལ་འཁོར་མཆོག་ཅེས་བྱའོ། །དེ་བཞིན་
དུ་ཡེ་ཤེས་དེ་དགེ་བའི་ཆོས་དང་དགེ་བ་མ་ཡིན་པའི་ཆོས་མིན་པ་ཐམས་ཅད་ཀྱང་དེ་ལ་སྤྱོད་པའི་ཆོས་རྣམས་ཐམས་ཅད་ཀྱང་དེའི་ངང་ལས་རབ་ཏུ་རྟོགས་པ་ལྟར་སྣང་བ་ཡང་དེའི་དུས་ཉིད་དུ་རྣམ་པར་དག་པ་ནམ་མཁའ་དང་འདྲ་བའི་དོན་འདི་ལ་མི་གཡོ་བས་ན། དཀྱིལ་འཁོར་
འདི་ནི་བསྟན་པ་ཡིན། །ཞེས་སོ། །དེ་བཞིན་དུ་ཡེ་ཤེས་དེ་མི་སླུ་བའི་ཚུལ་དུ་གནས་པས་ན་འདོད་ཆགས་ཏེ་དགའ་བ་དང་ལོངས་སྤྱོད་རྫོགས་པའི་སྐུ་དང་། མི་ཆགས་ཏེ་དགའ་བྲལ་དང་སྤྲུལ་པའི་སྐུ་དང་། འདོད་ཆགས་མཉམ་པ་སྟེ་དགའ་བ་བར་མ་དང་ཆོས་ཀྱི་སྐུའོ། །དེ་རྣམས་
ནི་ནམ་མཁའི་ཁམས་གང་ན་གནས་ཀྱང་སྐྱོན་གྱིས་མི་གོས་པས་ན་ཆུའི་པདྨོ་དང་འདྲ་ཞེས་ཏེ་དཔེ་གསུངས་སོ། །དེ་ཡང་གང་ཞེ་ན་རང་གི་སེམས་ཡང་དག་པའི་འདོད་ཆགས་ཀྱི་རང་བཞིན་ཇི་སྐད་དུ་བཤད་པའི་ཡུལ་ལ་རྗེས་སུ་ཆགས་པ་སྟེ། འདི་ནི་མི་སླུ་བའི་དཀྱིལ་འཁོར་
མཆོག་ཅེས་བྱའོ། །དེ་བས་ན་ཡེ་ཤེས་དེ་གཟུགས་དང་གཟུགས་མིན་པ་ཐམས་ཅད་ཀྱི་དྲི་མ་དང་བྲལ་བས་ན་དྲི་མ་མེད་པའི་ཟླ་བ་ལྟ་བུ་སྟེ་དེས་ཁམས་ཐམས་ཅད་ཀུན་ལ་འཇུག་པར་འགྱུར་བས་ན། རང་གི་སེམས་ནི་ཆུ་ཟླ་འདྲ། །ཞེས་ཏེ། ཆུ་ལྟ་བུར་ཟླ་བའི་རྟེན་བྱེད་ཅིང་
ཡེ་ཤེས་དེ་སྐུལ་བར་བྱེད་པས་ན་དཀྱིལ་འཁོར་ཞེས་བྱའོ་ཞེས་སོ། །འོ་ན་ཐམས་ཅད་དཀྱིལ་འཁོར་དེ་ལྟ་བུ་ཡིན་ན་ཇི་ལྟར་སེམས་ཅན་རྣམས་ཀྱིས་མ་རྟོགས་ཤེ་ན་དེ་འདྲའི་རང་རིག་ཅེས་པ་ལ་སོགས་པའོ། །དེའི་དོན་ནི་འདི་ལྟ་སྟེ། དེ་འདྲ་བའི་རང་རིག་པའི་དཀྱིལ་འཁོར་

ནམ་མཁའ་ལྟ་བུ་ལས་ཐོག་མ་མེད་པའི་དུས་ནས་སྤྲིན་གྱི་ཚུལ་ལྟ་བུར་རྟོག་པ་འབྱུང་སྟེ། དེ་ལས་རླུང་། དེ་ལས་མེ། དེ་ལས་ཆུ། དེ་ལས་ས། དེ་དག་འདུས་པ་ལས་ཕྱིན་ཅི་ལོག་ཏུ་སྣང་བའི་ཕུང་པོ་ལ་སོགས་པ་རབ་ཏུ་བསྒྲུབ་པས་གོང་གི་ནམ་མཁའ་ལྟ་བུའི་དཀྱིལ་འཁོར་དེ་
བསྒྲིབས་པར་གྱུར་པས་མ་རྟོགས་ཞེས་སོ། །འོ་ན་ཇི་ཙམ་གྱིས་རྟོགས་ཤེ་ན། སྐྱེས་བུ་གང་ཞིག་ཅེས་པ་ལ་སོགས་པའོ། །དེ་ཡིས་བྱིན་བརླབས་ཞེས་པ་ནི་བུམ་པ་ལ་སོགས་པའི་རིམ་པས་ཞེས་སོ། །རིམ་པ་དེ་རྟོགས་ནས་སྔ་མའི་རིམ་པས་བསྒྲུབ་པ་ལ་ཤིན་ཏུ་དཔའ་
བར་བྱ་བས་མཐོང་བའི་ཆོས་འདི་ཉིད་ལ་བརྟུལ་ཞུགས་ལ་སོགས་པའི་རིམ་པས་གནས་ན། ཕྱིན་ཅི་ལོག་གི་ཕུང་པོ་ལ་སོགས་པ་རྣམས་རིམ་གྱིས་ལོག་ནས་ཞེས་པ་ནི་ས་ཆུ་ལ་ཐིམ་པ་དང་། ཆུ་མེ་ལ་ཐིམ་པ་དང་། མེ་རླུང་ལ་ཐིམ་པ་དང་། རླུང་རྣམ་པར་ཤེས་པ་ལ་ཐིམ་
པའོ། །རྣམ་པར་ཤེས་པའི་ཡེ་ཤེས་དེ་ཡང་གཉིས་སུ་མེད་པའི་ཡེ་ཤེས་ལ་ཐིམ་པས། སྤྲོས་བྲལ་དཀྱིལ་འཁོར་འབར་བར་འགྱུར། །ཞེས་བྱའོ། །དེ་བས་ན་དཀྱིལ་འཁོར་འདི་འབའ་ཞིག་བསྒོམ་པར་བྱའོ་ཞེས་སོ། །ད་ནི་འདི་ལ་དད་པ་ལ་སོགས་པ་ཡང་སངས་
རྒྱས་ཀྱི་ས་བོན་ཐོབ་པས་བསོད་ནམས་ཆེན་པོར་འགྱུར་བ་བསྟན་པའི་ཕྱིར། སྐད་ཅིག་ཙམ་དུ་དད་པ་ཡང་། །ཞེས་པ་ལ་སོགས་པའོ། །ད་ནི་ཤཱཀྱ་ཐུབ་པ་ལ་སོགས་པ་ལས་ཀྱང་ཚོགས་དཔག་ཏུ་མེད་པ་བསགས་ཀྱང་གཉིས་སུ་མེད་པའི་ཡེ་ཤེས་བླ་མའི་ཞལ་ལས་མ་ཤེས་
པར་དམ་པ་ཡང་དག་པའི་སངས་རྒྱས་མ་ཡིན་པར་བསྟན་པའི་ཕྱིར། ཅིའི་ཕྱིར་ཤཱཀྱ་ཐུབ་པ་ཡིས། །ཞེས་པ་ལ་སོགས་པའོ། །འདིའི་དོན་མ་རྟོགས་ཞེས་པ་ནི་ཞལ་ལས་བརྒྱུད་པའི་རིམ་པ་འདི་མ་རྟོགས་པར་ཞེས་སོ། །ཅི་ཡང་མ་ཡིན་ཞེས་པ་ནི་ཐལ་བྱུང་གི་སྟོང་པ་ཉིད་ལ་གནས་ཞེས་སོ། །
དེ་སྟོན་པའི་བླ་མ་གསུངས་པ། དེ་ཚེ་བདེ་གཤེགས་ཀུན་ཞེས་སོ། །ཐལ་བྱུང་བློ་ཅན་དེ་བཟློག་སྟེ། །ཞེས་པ་ནི་བསམ་གཏན་འདི་ནི་ལྟུང་བའི་སྐལ་ཅན་ཏེ། འདིས་མཐའི་དེ་བཞིན་ཉིད་མི་རྟོགས་པའོ་ཞེས་དེ་ལས་བློ་བཟློག་པའོ། །འོ་ན་ཇི་ལྟ་བུར་རྟོགས་ཤེ་ན། ནམ་མཁའི་དབྱིངས་ལྟར་རྣམ་

པར་དག་པའི་ཟབ་གསལ་གཉིས་སུ་མེད་པའི་རང་བཞིན་བསྟན་ཏེ། ནམ་གྱི་ཕྱེད་དུས་སུ་ལྷན་ཅིག་བྱེད་པའི་སློབ་དཔོན་གྱིས་བྱིན་གྱིས་བརླབས་ནས་བརྒྱལ་བ་ལྟར་དེ་ཉིད་ཐོབ་ནས། དེའི་མཐུས་ཐོ་རངས་ཀྱི་དུས་སུ་བྱང་ཆུབ་ཀྱི་སྙིང་པོ་ལ་ཞུགས་པས་དཔུང་ཆེན་པོའི་བདུད་
རྣམས་བཅོམ་སྟེ། དེ་ནས་སེམས་ཅན་རྣམས་ལ་ཆོས་ཀྱི་འཁོར་ལོ་བསྐོར་ཏེ། དུས་དེ་ནས་བཟུང་སྟེ་དོན་ཆེན་པོ་འདི་ཉིད་སྐྱེས་བུ་ཡང་དག་པའི་གཞི་ལ་བརྟེན་པའི་སྐལ་བ་དང་ལྡན་པ་འགའ་ལ་ཞལ་ནས་ཞལ་དུ་འཕོ་བར་བྱས་ནས། ངེས་པའི་དོན་འདི་བསྟན་ཏོ་ཞེས་འདི་ལྟར་བརྒྱུད་
པའི་ཁུངས་ཀྱང་བསྟན་ཏོ། །ད་ནི་དོན་འདི་ལ་གནས་པའི་རྣལ་འབྱོར་པ་ལ་སྐྱོན་གྱིས་མི་གོས་པས་ན་ཕན་པའི་བསྔགས་པ་གསུངས་པ། དེ་དོན་བསྒོམས་འགྱུར་ཞེས་པ་ལ་སོགས་པའོ། །ཡེ་ཤེས་ཀྱིས་ནི་རྒྱས་བཏབ་པས། །ཞེས་པ་ནི་ལྷན་ཅིག་སྐྱེས་པ་རྟོགས་པ་ལ་རྒྱས་
བཏབ་པ་ཞེས་བྱའོ། །གྲོལ་བའི་ཐིག་ལེ་མི་ཕྱེད་འདིས། །ཞེས་པ་ཡང་དེ་ཉིད་དེ། མི་སླུ་བའི་ཐིག་ལེ་དང་མི་འགྱུར་བའི་ཐིག་ལེའོ། །དགོས་པ་ཀུན་ཞེས་པ་ནི་འཇིག་རྟེན་ལས་འདས་པ་ཀུན་ཀྱང་སྦྱིན་པར་བྱེད་པ་ནི་འདིའོ་ཞེས་སོ། །དེ་བས་ན་དེ་དང་ལྡན་པའི་རྣལ་འབྱོར་པ་དེ་མཐོང་ན་ཡང་དག་
པ་དང་ལྡན་པ་ཞེས་བྱ་བ། དེ་ལ་མཆོད་ན་སྟོན་པ་ཀུན་མཐོང་བ་དང་། རྒྱལ་བ་མཆོག་མཆོད་པ་ཞེས་བྱའོ། །དེ་སྲིད་པའི་འཆིང་བ་གཅོད་ཅིང་འགྲོ་བའི་སྟོན་པ་མཆོག་ཡིན་པར་ཤེས་པར་བྱའོ། །དེ་ལ་ལྷ་ཀུན་མཆོད་ཅིང་ཕྱག་ཀྱང་འཚལ་ཞེས་ཏེ་དུས་གསུམ་ཞེས་བྱའོ། །ཇི་ལྟར་སྟོན་པ་
སངས་རྒྱས་བཅོམ་ལྡན་འདས་འཇིག་རྟེན་ལ་ཕན་པའི་ཕྱིར་སྐྱེས་པ་ལྟར་སྣ་ཚོགས་ཀྱི་གཉིས་སུ་མེད་པའི་ཡེ་ཤེས་རྗེས་སུ་བསྡུས་པ་རྣལ་འབྱོར་པ་དེ་ཡང་དེ་ཁོ་ན་བཞིན་དུ་འགྱུར་རོ་ཞེས་སོ། །དེ་བས་དེ་བསྒོམས་པས་ན་དངོས་གྲུབ་ཐམས་ཅད་སྟོབས་ཀྱིས་འགྲུབ་པར་བསྟན་པའི་ཕྱིར་
གང་གིས་དམ་སྡོམ་ཞེས་པ་ལ་སོགས་པའོ། །སྐྱེས་བུ་གང་གིས་དམ་ཚིག་དང་སྡོམ་པ་རྣམས་བསྲུངས་ཏེ་གཉིས་སུ་མེད་པའི་བདེ་བ་ཆེན་པོ་རྡོ་རྗེ་སེམས་དཔའ་བསྒོམས་ན་དངོས་གྲུབ་ཆེན་པོ་ཞེས་ཏེ་ཕྱག་རྒྱ་ཆེན་པོ་དེས་འགྲུབ་པར་ཤེས་པར་བྱའོ། །ཅིའི་ཕྱིར་ཞེ་ན་རྡོ་རྗེ་སེམས་

དཔའི་ངོ་བོས་དུས་ཐམས་ཅད་རྒྱས་བཏབ་ན། མི་འགྲུབ་པ་ནི་ཅུང་ཟད་མེད། །ཅེས་ཏེ་རིག་པ་འཛིན་པ་ལ་སོགས་པ་ཀུན་ཞེས་སོ། །ཇི་ལྟར་ཞེ་ན་བདེ་བ་ཆེན་པོའི་ཕྱག་རྒྱའི་སྟོབས་ལས་གྲུབ་པར་ཤེས་པར་བྱའོ། །དེ་བས་དོན་འདི་བསྒོམ་པར་བྱེད་པའི་རྣལ་འབྱོར་པས་སྤྱོད་པ་
ཐམས་ཅད་ལ་རོལ་པར་བྱའོ་ཞེས་སོ། །སྤྱོད་པ་དེ་ལ་དུས་ཇི་ཙམ་ན་རོལ་ཞེ་ན། རྣལ་འབྱོར་གསུམ་པའི་དུས་ཀྱི་ཚེ་ལས་དང་པོ་པའི་རྣལ་འབྱོར་ལས་འགྱུར་ཞིང་ཅུང་ཟད་ཡེ་ཤེས་དབང་དུ་འགྱུར་བའི་རྣལ་འབྱོར་དུ་གྱུར་པ་དང་། དེ་ལས་ཀྱང་གྱུར་ཅིང་སྒྱུ་མ་ལྟ་བུའི་དཀྱིལ་འཁོར་རང་དང་
གཞན་གྱིས་མཐོང་བར་བྱེད་པའི་ཡེ་ཤེས་དབང་དུ་གྱུར་པའི་རྣལ་འབྱོར་གྱི་ཚེ་ན་ཞེས་བྱའོ། །དེ་ལ་ཅིའི་ཕྱིར་རོ་ཞེ་ན། སྣ་ཚོགས་དོན་ཆེན་ལ་གཟུད་ཕྱིར། །ཞེས་པ་སྟེ། སྣ་ཚོགས་པའི་ཁམས་རྣམས་དོན་ཆེན་པོ་ལ་རབ་ཏུ་གཟུད་པའི་ཕྱིར་བརྟུལ་ཞུགས་སྤྱོད་པའི་སློབ་དཔོན་ནག་པོ་པ་ལྟ་བུ་རྒྱུ་
ཞིང་གནས་སོ་ཞེས་བྱའོ། །འོ་ན་ཇི་ལྟ་བུའི་སྤྱོད་པས་རོལ་ཞེ་ན། ལ་ལར་ཤིན་ཏུ་དཀའ་བར་སྤྱོད། །ཅེས་པ་ལ་སོགས་པ་ནས། ལ་ལར་ཀུན་དུ་ཚིག་ངན་སྨྲ། །ཞེས་པའི་བར་དང་དེ་ལ་སོགས་པ་མཐའ་ཡས་པའི་རོལ་པ་ཀུན་ལ་རོལ་ཅིང་བརྩེན་ཏེ་རྣལ་འབྱོར་པ་དེས་ཐམས་ཅད་དུ་འཕྲུལ་
པས་འཇིག་རྟེན་པའི་དམ་ཚིག་ཀྱང་དུས་དེར་ཤེས་པར་བྱའོ། །འོ་ན་སྤྱོད་པ་དེས་ཇི་ལྟ་བུ་ཞིག་སྒྲུབ་ཅེ་ན། ཐབས་དེས་སེམས་ཅན་ཐམས་ཅད་ཀུན། །དོན་གཅིག་ལ་ནི་གཟུད་ཕྱིར་རོ། །ཞེས་སོ། །འདོད་ཆགས་ཆེན་པོས་དག་པའི་ལམ་འདི་ལ་སེམས་ཅན་རྣམས་གཟུད་པའི་ཕྱིར་རོ་ཞེས་སོ། །
དེ་ལྟར་སྤྱོད་པ་ལ་གནས་པ་དེ་དེ་ཁོ་ན་བཞིན་དུ་མི་འགྱུར་རམ་ཞེ་ན། དེ་ལས་རྣལ་འབྱོར་པ་བཞི་པར་འགྱུར་བ་བསྟན་པའི་ཕྱིར། དེ་འདྲའི་སྤྱོད་པ་ལ་གནས་པ། །ཞེས་པ་ལ་སོགས་པའོ། །དེ་འདྲའི་སྤྱོད་པ་ཞེས་པ་ནི་གོང་དུ་གསུངས་པའི་སྤྱོད་པ་དང་། རིག་པ་གསང་བའི་བརྟུལ་ཞུགས་དང་།
ཕྱིའི་རིག་པའི་བརྟུལ་ཞུགས་དང་། མཚན་མ་བཞི་མངོན་དུ་གྱུར་པའི་རྣལ་འབྱོར་པ་དེས་ཟླ་བ་དྲུག་ལ་སོགས་པར་གནས་པས་སྐད་ཅིག་གིས་ནི་ཞེས་པ་ནི་རང་གི་རིགས་ཀྱི་བུ་མོ་དང་ལྷན་ཅིག་ཏུ་རྩེ་ཞིང་རོལ་པའི་ལྷན་ཅིག་སྐྱེས་པའི་དགའ་བའི་ཡན་ལག་དང་བཅས་པའི་དུས་ཞེས་སོ། །སྦྱོར་བ་བདུན་

རྟོགས་ནས་ཞེས་པ་ནི་དགའ་བའི་སྦྱོར་བ་གཉིས་དང་། དགའ་བ་བར་མའི་སྦྱོར་བ་གཉིས་དང་། དགའ་བྲལ་གྱི་སྦྱོར་བ་གཅིག་དང་གསུམ་གྱི་སྦྱོར་བ་གཉིས་ཏེ་བདུན་རྟོགས་པའོ། །དེ་རྟོགས་ནས་འཁོར་བ་ཇི་སྲིད་ཡོད་པ་དེ་སྲིད་ཀྱི་བར་དུ་རོ་མྱང་བའི་མཚན་ཉིད་བརྒྱད་བརྟག་པ་དང་
གཅིག་པ་དང་བསིལ་བ་དང་མི་གདུང་བ་དང་བདེ་བ་དང་དྲི་མ་མེད་པ་དང་དགའ་བ་དང་ཡིད་བདེ་བ་དང་ལྡན་པར་གྱུར་པ་དེ་ལ་ནི་ཡང་དག་པའི་ཡེ་ཤེས་དབང་དུ་གྱུར་པའི་རྣལ་འབྱོར་པ་སྟེ་མཐར་ཐུག་པའོ། །ཇི་ལྟ་བུ་ཞེ་ན། བྱ་བ་བྱས་པའི་ཞེས་པ་ལ་སོགས་པའོ། །དེ་བས་ན་དེས་ལམ་ཐམས་ཅད་རྫོགས་
པར་བྱས་པས་ན་བྱ་བ་བྱས་པའོ། །ཐམས་ཅད་ཀྱི་བདག་པོ་པས་ན་དབང་ཕྱུག་ཆེའོ། །འཁོར་བའི་ཆོས་ཐམས་ཅད་འཁྲུལ་པ་ཙམ་དུ་མེད་པར་ཤེས་པས་ན་འཁོར་བའི་མཐའི་ཕ་རོལ་སོན་པའོ། །ཟབ་མོ་དང་གསལ་བ་གཉིས་སུ་མེད་པས་མཐའ་གཉིས་དོར་བས་བདེན་པ་གཉིས་མེད་རྣལ་འབྱོར་ཆེའོ། །
ལྟ་བའི་ཁུར་ལ་སོགས་པ་བཞི་དང་བྲལ་བས་ན་ཁུར་བོར་བའོ། །གཉིས་སུ་མེད་པའི་ཡེ་ཤེས་རང་དང་ཆོས་ཀུན་ལ་ཁྱབ་པ་རྙེད་པས་ན་བདག་དོན་རྗེས་སུ་རྙེད་པའོ། །ཐམས་ཅད་ཀྱི་ཁྱུ་མཆོག་ལྟ་བུར་གྱུར་པས་ན་གླང་པོ་ཆེའོ། །ཕྱིན་ཅི་ལོག་ཐམས་ཅད་ཀྱིས་མ་བསྙེངས་པས་ན་དུལ་བའོ། །
དེས་ཕྱིན་ཅི་ལོག་གི་འདོད་ཆགས་ལ་སོགས་པའི་ཟུག་རྔུ་བསལ་བས་ན་ཚེར་མ་དཀྲུགས་པའོ། །གཟུགས་ནས་ཀུན་མཁྱེན་གྱི་བར་ཟབ་པ་དང་རྒྱ་ཆེ་བར་ཤེས་པས་ན་ཐམས་ཅད་མཁྱེན་པའོ། །ཇི་བཞིན་པའི་དེ་ཁོ་ན་ཉིད་དུ་ཕྱིན་ཅི་མ་ལོག་པར་ཆུད་པས་ན་དེ་བཞིན་གཤེགས་པའོ། །
དངོས་པོ་ཐམས་ཅད་བཅོམ་པའི་དོན་དང་ལྡན་པས་ན་བཅོམ་ལྡན་འདས་སོ། །མཚན་དང་དཔེ་བྱད་ཀྱི་སྐུ་བརྗོད་དུ་མེད་པ་དང་ལྡན་པས་ན་ལོངས་སྤྱོད་རྫོགས་པའི་སྐུའོ། །ཡེ་ཤེས་ཀུན་རྟོག་དང་བྲལ་བ་ཐམས་ཅད་བསྡུས་པའི་ཕྱིར་ན་ཆོས་ཀྱི་སྐུའོ། །དག་པ་དང་མ་དག་པའི་ཆོས་
ཐམས་ཅད་ཀྱི་དོན་བྱེད་པས་ན་སྤྲུལ་པའི་སྐུའོ། །སྐུ་དེ་གསུམ་ཡང་ཁམས་གསུམ་ཀུན་ལ་འཇུག་ཅིང་གནས་ཏེ། སྐུའི་དཀྱིལ་འཁོར་སྤྲུལ་པའི་སྐུས་དག་པ་དང་། གསུང་གི་དཀྱིལ་འཁོར་ལོངས་སྤྱོད་རྫོགས་པའི་སྐུས་དག་པ་དང་། ཐུགས་ཀྱི་དཀྱིལ་འཁོར་ཆོས་ཀྱི་སྐུས་དག་པ་

སྟེ། དེ་ལྟ་བུའི་སྤྲུལ་པ་དཔག་མེད་ཀྱི་སྤྱིའི་གཟུགས་བདག་པོ་རྡོ་རྗེ་འཆང་བ་སྟེ་ཞེས་བྱའོ། །ཇི་ལྟ་བུ་ཞེ་ན། དཔལ་དང་ལྡན་པ་ཐམས་ཅད་ཀྱི་བདག་ཉིད་རྡོ་རྗེ་འཆང་། སངས་རྒྱས་དང་སེམས་ཅན་ཐམས་ཅད་ཀྱི་གནས་ཆོས་ཐམས་ཅད་ཀྱི་ཆོས་ཉིད་དེ་སངས་རྒྱས་ཐམས་ཅད་ཀྱི་ཐབས་ཀྱིས་
བསྒྲུབ་པར་བྱའོ་ཞེས་རྫོགས་པའི་རིམ་པའི་རྣལ་འབྱོར་པའོ། །དེ་ནི། གྲོལ་བའི་ཐིག་ལེས་མཚོན་པའོ། །ཞེས་ཏེ་མི་སླུ་བ་འདིས་མཚོན་པ་ཞེས་བྱའོ། །ད་ནི་རིམ་པ་གཉིས་ཀྱིས་དབྱེ་བ་བསྟན་པར་བྱས་པའི་ཕྱིར་སངས་རྒྱས་རྣམས་ཀྱིས་ཞེས་པ་ལ་སོགས་པའོ། །བསྐྱེད་པའི་རིམ་པ་རྣམ་པ་གཉིས། །
ཞེས་པ་ནི་བསྐྱེད་པའི་རིམ་པ་ནི་དང་པོའི་རྣལ་འབྱོར་ལ་སོགས་པ་དང་། རྫོགས་པའི་རིམ་པ་ནི་ཐིག་ལེ་ལ་སོགས་པའོ། །དེ་བཞིན་རྫོགས་པའི་རིམ་པའོ། །ཞེས་པ་ནི་དེ་བཞིན་དུ་བསྐྱེད་པའི་རིམ་པ་ཐིག་ལེ་གསུམ་བསྒོམ་པ་དང་། རྫོགས་པའི་རིམ་པ་དེས་མཚོན་པའི་ཇི་བཞིན་པའི་དོན་ཏོ། །ད་ནི་རིམ་
པ་གཉིས་ཀྱིས་ལྷའི་སྐུའི་བྱེ་བྲག་བསྟན་པའི་ཕྱིར་རིམ་པ་གཉིས་ཀྱིས་ཞེས་པ་ལ་སོགས་པའོ། །དེ་ལ་སྔགས་ཀྱི་སྐུ་ཞེས་པ་ནི་བསྐྱེད་པའི་སྐུ་སྟེ། ཧཱུཾ་ལ་སོགས་པ་ལས་བྱུང་བའི་ཕྱིར་ཏེ་མ་དག་པའོ། །ཡེ་ཤེས་སྐུ་ཞེས་པ་ནི་རྫོགས་པའི་སྐུ་སྟེ་དག་པའོ། །དེ་ལ་ཡང་གཉིས་ཏེ་ཡེ་ཤེས་དང་ཞེས་པ་
ནི་སྒྱུ་མ་ལྟ་བུའི་སྐུ་སྟེ། རྣལ་འབྱོར་པ་གསུམ་པས་རྟོགས་པའི་ཡེ་ཤེས་ཅུང་ཟད་དག་པའི་སྐུའོ། །རྣམ་པར་དག་པའི་སྐུ་ཞེས་པ་དང་གཉིས་སོ། །དེ་ལ་ཡང་གཉིས་སོ། །མཚན་ཉིད་ཀྱི་ཚུལ་དུ་གནས་པས་ན་མི་སླུ་བའི་སྐུ་དང་། དེ་ཇི་བཞིན་པའི་འབྲས་བུའི་སྐུའོ། །དེ་གཉིས་ནི་ཡེ་ནས་
ཤིན་ཏུ་དག་པའི་སྐུ་སྟེ་སྦྱོར་བ་བདུན་ནོ། །རྫོགས་པའི་རིམ་པའི་རྫོགས་རིམ་ཀྱང་དེའོ། །རྣམ་པ་ཀུན་གྱི་མཆོག་དང་ལྡན་པའི་ཐམས་ཅད་མཁྱེན་པ་ཡང་དེ་ཉིད་ཡིན་པར་ཤེས་པར་བྱའོ། །དེ་བས་ན་རིམ་པ་འདི་ལ་གནས་པའི་བསྐྱེད་པའི་རིམ་པ་ཅུང་ཟད་འཁྲུལ་ཡང་ཉེས་པར་མི་
འགྱུར་བར་བསྟན་པའི་ཕྱིར། དོན་འདི་གནས་པའི་རྣལ་འབྱོར་ཆེ། །ཞེས་པ་ལ་སོགས་པའོ། །ཅིའི་ཕྱིར་དེ་ཉེས་པར་མི་འགྱུར་ཞེ་ན། སྣ་ཚོགས་པ་ཞེས་པ་ལ་སོགས་པའོ། །དག་པ་དང་མ་དག་པའི་ཆོས་ཐམས་ཅད་རྡོ་རྗེ་སེམས་དཔའི་སྤྲུལ་པའི་ཕྱིར་དོན་དེ་ལ་གནས་པས་གཞན་

ཅུང་ཟད་འཁྲུལ་ཡང་མི་སྐྱོན་པར་བཤད་དོ། །དེ་བས་ན་ཡང་དག་པའི་གཞི་ཅན་ལས་ལོང་ཅིག་པར་བསྟན་པའི་ཕྱིར་དེ་བས་ཞེས་པ་ལ་སོགས་པའོ། །དེ་བས་ན་དེ་ལྟ་བུའི་ཡེ་ཤེས་དམ་པའི་ཡུལ་དུ་གྱུར་པའི་དོན་དམ་པའི་རྣལ་འབྱོར་པ་གང་གིས་རྟོགས་པར་
འདོད་པས་དེ་ཤེས་པའི་བླ་མ་དམ་པས་ཇི་སྐད་དུ་གསུངས་པའི་ཡོན་ཏན་དང་ལྡན་པ་ཐབས་ཐམས་ཅད་ཀྱིས་མཉེས་པས་བྱས་ཏེ། ཇི་བཞིན་པའི་དོན་ཡང་དག་པར་བླང་བར་གྱིས་ཤིག་ཅེས་གདམས་པའོ། །ད་ནི་རྗེ་བཙུན་འདིས་བདག་ཉིད་ང་རྒྱལ་གཞོམ་པའི་དགོས་པ་བསྟན་པའི་ཕྱིར།
ཤེས་རབ་དྲི་མེད་ཅེས་པ་ལ་སོགས་པའོ། །སྟོན་པ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཤེས་རབ་ནི་གཟུང་འཛིན་གྱི་དྲི་མ་མེད་པ་སྟེ། དེས་འགྲོ་བ་རྣམས་ཀྱི་མ་རིག་པ་སེལ་བར་བྱེད་པའི་ཕྱིར་རྒྱུད་ཆེན་པོ་རྣམ་པར་བཤད་པ་གང་ཡིན་པ་དེ་བདག་འདྲ་བས་མི་དཔོགས་པས་ན་གཞག་པར་
འོས་ན་ཞེས་སོ། །འོན་ཀྱང་སྐྱེས་བུ་དམ་པ་འགའ་ཞིག་གིས་གཟུང་བ་རྣམས་འཁོར་བའི་བཅིངས་པ་དམ་པོ་གྲོལ་བར་འདོད་པའི་ཕྱིར་ན་བདག་གིས་སེམས་ཁྲལ་དུ་བྱས་སོ་ཞེས་སོ། །ད་ནི་དགེ་བའི་རྩ་བ་བསྔོ་བ་སྟོན་ཏེ། འདི་བརྩམས་པ་ལས་བྱུང་བའི་དགེ་བ་ཁ་བ་དང་ཟླ་བ་ལྟར་དཀར་བ་དེས་
འགྲོ་བའི་སེམས་ཕྱིན་ཅི་ལོག་གི་རྟོག་པ་ཐམས་ཅད་ལས་ལོག་ནས། སངས་རྒྱས་ཡེ་ཤེས་ཟབ་མོ་དང་གསལ་བའི་དཀྱིལ་འཁོར་འཁོར་ལོའི་ལམ་ཆེན་པོ་རྡོ་རྗེ་འཛིན་པའི་ས་དགེ་བ་བཅུ་གསུམ་པར་དེ་ཐམས་ཅད་འགྲོ་བར་ཤོག་ཅིག་ཅེས་རྣམ་པར་སྨོན་པའོ། །དེ་བས་ན། དེ་ལྟར་བྱས་
པ་ལས་བྱུང་དགེ་བ་དེས། འགྲོ་སེམས་ཕྱིན་ཅི་ལོག་ལས་བཟློག་བྱས་ཏེ། །སངས་རྒྱས་ཡེ་ཤེས་དཀྱིལ་འཁོར་འཁོར་ལོ་ཡི། །ལམ་གྱི་རྡོ་རྗེ་འཛིན་པའི་སར་འགྲོ་ཤོག །ཅེས་བྱའོ། །གྲོལ་བའི་ཐིག་ལེ་ཞེས་བྱ་བའི་རྣམ་པར་བཤད་པ། སློབ་དཔོན་ཆེན་པོ་ཧ་ཧི་ཏ་པཱ་དས་མཛད་པ་རྫོགས་
སོ།། །།རྒྱ་གར་གྱི་མཁན་པོ་ཀ་མ་ལ་གུ་ཧྱ་དང་། བོད་ཀྱི་ཞུ་ཆེན་གྱི་ལོ་ཙཱ་བ་ཆེན་པོ་མངའ་བདག་ལྷ་ཡེ་ཤེས་རྒྱལ་མཚན་གྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། ༄༅༅། །རྒྱ་གར་སྐད་དུ། ཤྲཱི་ས་མཱ་ཛ་མཎྜ་ལ་བི་དྷིཿཊཱི་ཀཱ། བོད་སྐད་དུ། དཔལ་གསང་བ་

འདུས་པའི་དཀྱིལ་འཁོར་གྱི་ཆོ་གའི་འགྲེལ་པ། བཅོམ་ལྡན་འདས་གསུང་གི་དབང་ཕྱུག་ལ་ཕྱག་འཚལ་ལོ། །དཔལ་ལྡན་གསང་བ་འདུས་པ་ཡི། །དཀྱིལ་འཁོར་ཆོ་ག་ལེགས་པ་གང་། །བཞི་བརྒྱ་ལྔ་བཅུ་པ་ཡི་ཚད། །དེ་ནི་བདག་གིས་རྣམ་པར་དབྱེ། །འདི་ན་དེ་བཞིན་གཤེགས་པ་
ཐམས་ཅད་ཀྱི་དཀྱིལ་འཁོར་མ་ལུས་པ་ཉིད་མཐོང་བ་དང་། བསྟན་པ་དང་། ཐོས་པ་དང་། བསམས་པ་དང་། བསྒོམས་པ་དེ་ལྟ་བུའི་བདག་ཉིད་ཅན་གྱིས་འགྲོ་བ་ཐམས་ཅད་ཀྱི་དོན་རྣམ་པ་ཐམས་ཅད་དུ་རྟག་ཏུ་རྫོགས་པར་ནུས་པ་མངོན་སུམ་དུ་བྱས་པའི་ཕྱིར། བདག་དང་གཞན་གྱི་
དོན་ཤིན་ཏུ་མང་པོ་གྲུབ་པ་སྔོན་དུ་འགྲོ་བར་འགྱུར་རོ་ཞེས་བྱ་བ་འདི་ནི་སྤྱིར་གྲགས་པར་ཟད་དོ། །དེ་བས་ན་དཔལ་འཇམ་པའི་རྡོ་རྗེ་འབྱུང་བའི་དཀྱིལ་འཁོར་འདིའི་བརྗོད་པར་བྱ་བ་བཤད་པ་ཉིད་ཀྱིས་ན་དོན་ཤིན་ཏུ་མང་པོ་འགྲུབ་པ་སྔོན་དུ་འགྲོ་བ་ཅན་གྱིས་དེའི་གོ་འཕང་ཐོབ་པ་ནི་གཞུང་འདིའི་
བརྗོད་པར་བྱ་བའི་དགོས་པ་ཡིན་ནོ་ཞེས་ཁྱད་པར་ཁོང་དུ་ཆུད་པར་བྱའི་གཞན་དུ་ནི་མ་ཡིན་ནོ། །རྗོད་པར་བྱེད་པའི་དགོས་པ་ནི་ངེས་པར་བརྗོད་དགོས་ཏེ། གཞན་དུ་དེ་མེད་པར་དོགས་པས་བྱ་རོག་གི་སོ་རྟོག་པ་ལ་སོགས་པ་དང་འདྲ་བར་གཞུང་འདི་བླང་བར་བྱ་བ་མ་ཡིན་པར་
འགྱུར་རོ། །དེ་ཡང་ཇི་སྐད་བཤད་པའི་དགོས་པ་དོན་དུ་གཉེར་བ་རྣམས་དེ་ལས་གཞན་པའི་དཀྱིལ་འཁོར་གྱི་ཆོ་ག་ལས་བཀར་ཏེ། འདི་ཉིད་ལ་འཇུག་པར་འདོད་པ་ཡིན་ནོ། །དེའི་ཕྱིར་འདིའི་བརྗོད་པ་དང་དགོས་པ་དག་ཀྱང་ཅི་ནས་ཀྱང་གཞན་དག་དང་ཐུན་མོང་མ་ཡིན་པར་
རྟོགས་པར་འགྱུར་བ་དེ་ལྟ་བུ་བརྗོད་དགོས་སོ། །ཚིགས་སུ་བཅད་པ་གཅིག་གིས་སོ་སོར་གཙོ་བོར་གྱུར་པའི་དགོས་པ་གཉིས་སུ་བརྗོད་པར་ནུས་པ་མ་ཡིན་ཏེ། ངག་གཅིག་པ་ཉིད་དང་འགལ་བའི་ཕྱིར་རོ། །དེ་ཡང་། དོན་གཅིག་པ་ནི་ཚིག་ཅེས་བཤད། །ཅེས་ཇི་སྐད་
བཤད་པ་ལྟ་བུའོ། །གཅིག་ནི་གཙོ་བོར་གྱུར་པ་ཡིན་ལ། ཅིག་ཤོས་ནི་གཙོ་བོ་མ་ཡིན་པར་གྱུར་པ་ཡིན་པ་དེ་བས་ན་གཙོ་བོ་བསྟན་པར་གྱུར་པ་ཡིན་ཏེ། དེའི་ཕྱིར་དོན་གཅིག་པ་ཉིད་ཡིན་ནོ། །དེ་ཡང་གང་སྒྲ་ཡིས་མཆོག་ཏུ་སྦྱོར་བ་དེ་ནི་སྒྲའི་དོན་ཡིན་ནོ་ཞེས་ཇི་སྐད་བཤད་པ་ལྟ་བུ་

སྟེ། དེ་བས་ན་བརྗོད་པ་དང་བརྗོད་པར་བྱ་བ་དག་གི་དགོས་པ་གཉིས་ལས་གཅིག་ཁྱད་པར་དུ་གྱུར་པས་ཅིག་ཤོས་ཀྱང་བསྟན་པའི་ཕྱིར། ཤེས་བྱ་སོགས་སྒྲིབ་ལས་ངེས་གྲོལ། །ཞེས་པ་ལ་སོགས་སྨོས་ཏེ། སྒྲིབ་པ་ནི་བགེགས་དང་བར་དུ་གཅོད་པ་ཞེས་བྱ་བའི་ཐ་ཚིག་
གོ། །འདིར་ཡང་ཤེས་བྱའི་སྒྲས་ནི་ཉེ་བར་བརྟགས་པས་ཤེས་བྱ་ཡུལ་དུ་གྱུར་པའི་ཡེ་ཤེས་ཡིན་པར་བཤད་དེ། དཔེར་ན་སྟོང་པ་ཉིད་ཡུལ་དུ་གྱུར་པའི་ཏིང་ངེ་འཛིན་ལ་སྟོང་པ་ཞེས་བཤད་པ་དང་འདྲའོ། །སོགས་པའི་སྒྲས་ནི་ཉོན་མོངས་པ་གཟུང་ངོ་། །ཤེས་བྱ་ལ་སོགས་པ་ཡང་ཡིན་ལ་
སྒྲིབ་པ་ཡང་ཡིན་པས་ན། ཤེས་བྱ་ལ་སོགས་སྒྲིབ་པ་སྟེ། ཉོན་མོངས་པའི་སྒྲིབ་པ་དང་། ཤེས་བྱའི་སྒྲིབ་པ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལ་ཉོན་མོངས་པའི་སྒྲིབ་པ་ནི་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་ལ་སོགས་པའོ། །ཉོན་མོངས་པ་ཡང་ཡིན་ལ་སྒྲིབ་པ་ཡང་ཡིན་པས་
ཉོན་མོངས་པའི་སྒྲིབ་པ་སྟེ། ཁྱིམ་དུ་འཇུག་པ་ལ་སྒོ་གླེགས་དང་འདྲ་བར་དེ་ཐར་པ་ཐོབ་པ་ལ་གེགས་སུ་གྱུར་པ་ཡིན་ནོ། །ཇི་ལྟར་ན་དེའི་གེགས་སུ་གྱུར་པ་ཡིན་ཞེ་ན། དེ་ཡོད་པར་གྱུར་ན་དེ་མི་འབྱུང་བའི་ཕྱིར་རོ། །ཤེས་བྱའི་སྒྲིབ་པ་ཞེས་པ་ལ། དེ་ལ་ཤེས་བྱ་ནི་ཆོས་ཀྱི་དབྱིངས་ཀུན་
དུ་འགྲོ་བ་ལ་སོགས་པ་རྣམ་པ་བཅུའོ། །ཤེས་བྱ་དེ་ལ་ཡེ་ཤེས་སྐྱེ་བའི་གེགས་སུ་གྱུར་པ་ཉོན་མོངས་པ་ཅན་མ་ཡིན་པའི་མི་ཤེས་པ་ནི་ཤེས་བྱའི་སྒྲིབ་པ་ཡིན་ནོ། །གང་གོ་རིམས་བཞིན་དུ་རེ་རེ་ནས་སྤངས་ནས་བྱང་ཆུབ་སེམས་དཔའ་ས་བཅུ་རིམ་གྱིས་ཐོབ་པར་འགྱུར་རོ། །དེ་ལྟར་
ན་རེ་ཞིག་སྒྲིབ་པ་ནི་རྣམ་པ་གཉིས་ཡིན་ནོ། །ཡང་ན་རྒྱུད་འདིར་སྒྲིབ་པ་ནི་རྣམ་པ་བཞི་སྟེ། ཤེས་བྱའི་སྒྲིབ་པ་དང་། ཉོན་མོངས་པའི་སྒྲིབ་པ་དང་། སྙོམས་པར་འཇུག་པའི་སྒྲིབ་པ་དང་། ལས་ཀྱི་སྒྲིབ་པའོ། །དེ་ཡང་། དེས་ན་ཤེས་བྱ་མཐར་བྱེད་གྱུར། །ཅེས་བྱ་བ་དང་།
དེ་བཞིན་ཉོན་མོངས་མཐར་བྱེད་གྱུར། །ཅེས་བྱ་བ་དང་། དེ་བཞིན་སྙོམས་འཇུག་མཐར་བྱེད་གྱུར། ཅེས་བྱ་བ་དང་། ཉོན་མོངས་ལས་ཀྱི་སྒྲིབ་དག་ན། །ལས་རྣམས་ཐམས་ཅད་རྣམ་དག་འགྱུར། །ལས་རྣམས་ཐམས་ཅད་རྣམ་དག་པས། །ལས་སྐྱེས་འབྲས་བུ་རྣམ་པར་དག །ཅེས་

ཇི་སྐད་བསྟན་པ་ལྟ་བུ་སྟེ། །སྒྲིབ་པ་བཞི་པོ་འདི་དག་ནི་འོག་ནས་སྒོ་སྲུང་གི་རྣམ་པར་དག་པ་ལས་འཆད་པར་འགྱུར་བ་ཡིན་ནོ། །མ་ལུས་པ་ལས་གྲོལ་བས་ན། །ངེས་པར་གྲོལ་བ་སྟེ། ཤེས་བྱ་ལ་སོགས་པའི་སྒྲིབ་པ་རྣམས་ལས་ངེས་པར་གྲོལ་བས་ན། ཤེས་བྱ་སོགས་སྒྲིབ་ལས་ངེས་གྲོལ། །
ཞེས་བྱ་སྟེ། དེ་རྣམས་བག་ཆགས་དང་བཅས་པ་སྤངས་པའི་ཕྱིར་རོ། །དེ་ཉིད་ཀྱིས་ནི་བག་ཆགས་དང་བཅས་པ་ངེས་པར་སྤངས་པས་ས་བཅུ་གཅིག་པ་སངས་རྒྱས་ཀྱི་ས་ཀུན་དུ་འོད་བརྙེས་པ་ཡིན་ནོ། །མེ་ལོང་ཡང་ཡིན་ལ་ཡེ་ཤེས་ཀྱང་ཡིན་པས་ན་མེ་ལོང་ཡེ་ཤེས་ཏེ། མེ་ལོང་ལྟ་
བུའི་ཡེ་ཤེས་ཞེས་བྱ་བའི་དོན་ཏོ། །ཡེ་ཤེས་སྨོས་པ་ནི་མེ་ལོང་ཉིད་ལས་དགར་བའི་དོན་ཡིན་ནོ། །སོགས་པའི་སྒྲས་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་ལ་སོགས་པ་གཟུང་ངོ་། །མེ་ལོང་ལྟ་བུའི་ཡེ་ཤེས་དང་ཡང་དག་པར་ལྡན་པ་ནི་བཅས་པ་ཞེས་བྱ་བའི་ཐ་ཚིག་གོ། །འདིར་ཚིག་རྐང་དང་
པོས་ནི་བཅོམ་ལྡན་འདས་ཀྱི་སྤངས་པ་ཕུན་སུམ་ཚོགས་པ་བཤད་ལ། གཉིས་པས་ནི་ཡེ་ཤེས་ཕུན་སུམ་ཚོགས་པ་བཤད་དོ། །གཞན་དག་ནི་གཞུང་མངས་ཀྱིས་དོགས་ནས་མ་སྨྲས་སོ། །འཁོར་ལོ་ཞེས་བྱ་བ་ནི་དཀྱིལ་འཁོར་རོ། །མཆོག་ཅེས་བྱ་བ་ནི་དམ་པ་
དང་བཀྲ་ཤིས་པར་གྱུར་པའོ། །གསང་བ་ཡང་ཡིན་ལ་འཁོར་ལོ་མཆོག་ཀྱང་ཡིན་པས་ན་གསང་བའི་འཁོར་ལོ་མཆོག་སྟེ། དེ་ཡང་འཇམ་དཔལ་གྱི་འཁོར་ལོ་མཆོག་གོ། །འཕགས་པ་འཇམ་དཔལ་གྱི་འཁོར་ལོ་ལ་མཆོག་ཏུ་མ་གྱུར་ཅིང་ཤིས་པ་མ་ཡིན་པ་དག་
ཡོད་པ་མ་ཡིན་ལ། དེ་བས་ན་མཆོག་ཅེས་སྨོས་པའི་དོན་གྱི་ཤུགས་ཀྱིས་སྟོན་མོད་ཀྱི། གསང་བ་འདུས་པའི་དཀྱིལ་འཁོར་ནི་ཐམས་ཅད་ཀྱི་མཆོག་ཏུ་གྱུར་པར་སྟོན་ཏོ། །གསང་བ་ནི་སྣོད་མ་ཡིན་པ་རྣམས་ལ་སྦ་བར་བྱ་བ་ཡིན་པའམ། ཐུགས་ཀྱི་གསང་བའི་བདག་ཉིད་
ཅན་ཡིན་པའི་ཕྱིར་རོ། །དེ་ཡང་བཅོམ་ལྡན་འདས་འདི་ནི་རྒྱུད་འདིར་ཐུགས་ཀྱི་རིགས་ལས་བྱུང་བ་ཡིན་ནོ། །ཡང་ན་གསང་བ་ནི་སྐུ་དང་གསུང་དང་ཐུགས་ཀྱི་བདག་ཉིད་ཅན་ཡིན་ནོ། །མཆོག་ནི་དམ་པ་དང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཏེ་དེ་རྣམས་ཀྱི་འཁོར་

ལོ་ཡིན་པས་གསང་བའི་འཁོར་ལོ་མཆོག་གོ། །དེ་ཡང་གསང་བ་འདུས་པ་ཞེས་བྱ་བའི་དོན་ཏེ། སྐུ་གསུང་ཐུགས་ནི་རྣམ་པ་གསུམ། །གསང་བ་ཞེས་ནི་བསྟན་པ་ཡིན། །སངས་རྒྱས་ཐམས་ཅད་ཅེས་བྱ་བ། །ཚོགས་པ་འདུས་པ་ཡིན་པར་བཤད། །
ཅེས་ཇི་སྐད་བཤད་པ་ལྟ་བུའོ། །འདིར་ནི་རྗེས་ཐམས་ཅད་ནི་གླང་པོའི་རྗེས་སུ་འདུས་པའི་ཚུལ་གྱིས་བྲི་བའི་དཀྱིལ་འཁོར་གཙོ་བོར་བསྟན་ཏེ། བསམ་པར་བྱ་བའི་དཀྱིལ་འཁོར་དེ་དེའི་ཡན་ལག་ཉིད་དུ་བསྟན་པའི་ཕྱིར་རོ། །དེ་བཤད་ཅེས་བྱ་བ་ནི། དེ་བརྗོད་པར་བྱའོ་ཞེས་བསྟན་
པ་སྟེ<,།> འདི་དག་གིས་བརྗོད་པར་བྱ་བའི་དགོས་པ་བཤད་པ་ཡིན་ནོ། །བརྗོད་པར་བྱ་བའི་ཁྱད་པར་བསྟན་པ་ཉིད་ཀྱི་བརྗོད་པར་བྱ་བའི་དགོས་པ་ཁྱད་པར་དུ་རྟོགས་པར་འགྱུར་རོ། །དེ་ལྟར་སྔར་བཤད་པའི་ཕྱིར་རོ། །བདག་དྲན་ཕྱིར་ཞེས་བྱ་བ་ནི་རྒྱུ་མཚན་གྱི་བདུན་པ་སྟེ། བདག་
ཉིད་དྲན་པར་བྱ་བའི་རྒྱུར། །ཞེས་བྱ་བའི་ཐ་ཚིག་གོ། །འདིས་ནི་བརྗོད་པའི་དགོས་པ་སྟོན་པར་བྱེད་དོ། །དེ་ཡང་སངས་རྒྱས་ཀྱི་ཡེ་ཤེས་ཀྱི་ཞལ་སྔ་ནས་ཁྱད་པར་མཉེས་པས་རྗེས་སུ་བརྩེ་བའི་ཁྱད་པར་གྱིས་གང་བདག་གིས་རྙེད་པར་དཀའ་བའི་གནས་སྟོན་པར་མཛད་པ་དེ་ནི་
གཞན་དག་གིས་གཞན་དག་ལས་ཡོངས་སུ་ཤེས་པ་རྙེད་པར་དཀའ་བ་ཇི་ལྟ་བ་དེ་བཞིན་དུ་བདག་གིས་ཀྱང་དྲན་པ་གཞན་དག་ལས་རྙེད་པར་དཀའ་བ་ཡིན་ནོ། །དེ་བས་ན་དེའི་དོན་ཉིད་དུ་འདི་བཤད་པར་བྱའོ་ཞེས་བྱ་བའི་ཚིག་གིས་ནི་གནས་དེ་ཡང་ཡང་དག་པར་བསྟན་པར་
བྱའོ་ཞེས་བྱ་བ་ཡིན་པར་མངོན་ནོ། །དེའི་ཕྱིར་གནས་དེ་ཉིད་ཀྱི་ཁྱད་པར་དུ་གྱུར་པའི་དཀྱིལ་འཁོར་སྟོན་པ་ཡིན་པས། དཀྱིལ་འཁོར་གྱི་ཆོ་ག་གཞན་དང་། ཐུན་མོང་དུ་གྱུར་པ་ནི་དཀྱིལ་འཁོར་གྱི་ཆོ་ག་འདིའི་བརྗོད་པའི་དགོས་པ་ཡིན་ནོ་ཞེས་བསྟན་པར་གྱུར་པ་ཡིན་ནོ། །བདག་
ཉིད་དྲན་པའི་སྒོ་འདི་ཉིད་ཀྱིས་དེའི་ཁྱད་པར་གཞན་གྱི་ཡོངས་སུ་ཤེས་པ་ཉིད་བརྗོད་པའི་དགོས་པ་བཤད་པ་ཡིན་པ་བལྟ་བར་བྱ་སྟེ། གཞན་དུ་ན་ཚིག་ལ་འབྲས་བུ་མེད་པར་འགྱུར་རོ། །བརྗོད་པའི་དགོས་པ་སྨྲས་པས་བརྗོད་པར་བྱ་བ་ལ་སོགས་པ་སྨྲས་པ་ཡིན་ཏེ། དེའི་སྒོ་ཉིད་

ནས་འདིར་བཤད་པ་ཡིན་ནོ། །རྗོད་པར་བྱེད་པ་དང་དགོས་པ་སྨྲ་ན། དེ་གཉིས་ཐབས་དང་ཐབས་ལས་བྱུང་བའི་མཚན་ཉིད་ཅན་ཡིན་པས་འབྲེལ་བ་ཡང་དོན་གྱི་ཤུགས་ཀྱིས་སྨྲས་པ་ཡིན་ནོ། །དཀྱིལ་འཁོར་བྲི་བ་ལ་སོགས་པ་ནི་སྒྲུབ་པ་པོས་བྱ་བ་ཡིན་ལ་དེ་བས་ན་སྒྲུབ་པ་
པོའི་ཡོན་ཏན་བསྟན་པའི་ཕྱིར། དཔལ་ལྡན་འདུས་པའི་གཞུང་དམ་པ། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དཔལ་དང་ལྡན་པ་འདུས་པའི་གཞུང་ལུགས་བསྔགས་པར་གྱུར་པའི་དམ་པ་གང་ཡིན་པ་དེས་གང་ཞིག་དབང་བསྐུར་ཞེས་བྱ་བར་སྦྱར་རོ། །རིམ་པ་གང་གིས་དབང་
བསྐུར་ཞེ་ན། འཁོར་ལོའི་མན་ངག་རིམ་པ་འདིས། །ཞེས་བྱ་བ་སྨོས་ཏེ། འདིས་ཞེས་བྱ་བ་ནི་འོག་ནས་བཤད་པའོ། །འཁོར་ལོ་ནི་དཀྱིལ་འཁོར་རོ། །མན་ངག་ནི་བླ་མ་གཅིག་ནས་གཅིག་ཏུ་བརྒྱུད་པར་གྱུར་པའོ། །རིམ་པ་ཞེས་བྱ་བ་ནི་རིམ་པ་འདི་ཉིད་ཀྱིས་ཏེ། རིམ་པ་
གཞན་དག་གིས་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཇི་ལྟར་དབང་བསྐུར་ཞེ་ན། ཆུ་ཐོག་རྗེས་གནང་ཐ་མ་ཡིས། །ཞེས་བྱ་བ་སྨོས་ཏེ། དབང་བསྐུར་བ་གང་ལ་ཆུ་ཐོག་མར་གྱུར་ཅིང་རྗེས་སུ་གནང་བ་ཐ་མར་གྱུར་པ་གང་ཡིན་པ་དེ་ནི། ཆུ་ཐོག་རྗེས་གནང་ཐ་མ་ཡིས། །ཞེས་བྱ་བ་
སྟེ། གཉིས་པོ་འདི་དག་ནི་བྱ་བའི་ཁྱད་པར་རོ། །དབང་བསྐུར་བ་ནི་ཁྲུས་བྱ་བ་སྟེ། དེ་ཡང་ལུས་ཀྱི་ཕྱིའི་དྲི་མ་འཁྲུ་བའོ། །ཆུ་དང་ཅོད་པན་ལ་སོགས་པ་ཆོ་ག་རྣམ་པ་བཅུ་གཉིས་དང་ལྡན་པའི་སྔགས་པས་ཡང་དངོས་པོར་གྱུར་པའི་སྒྲིབ་པའི་དྲི་མ་རྣམས་འཁྲུད་པར་བྱེད་པས་དེ་དང་ཆོས་
མཐུན་པའི་ཕྱིར་དབང་བསྐུར་བ་ཞེས་བྱའོ། །དེ་ཡང་རྣམ་པ་གསུམ་སྟེ། རིག་པའི་དབང་བསྐུར་བ་དང་། སློབ་དཔོན་དུ་དབང་བསྐུར་བ་དང་། དབང་བསྐུར་བའི་མཆོག་གོ། །དེ་དག་ཀྱང་ལྔ་དང་། གཅིག་དང་། གཉིས་དང་། རིམ་བཞིན་དུ་སྦྱར་རོ། །འདིར་ཚིགས་སུ་བཅད་
པ་ནི། ཆུ་དང་ཅོད་པན་རྡོ་རྗེ་བདག་པོ་དང་། །མིང་དུ་བཏགས་དང་བུམ་པ་ཞེས་བྱ་དང་། །གསང་བ་དང་ནི་ཤེས་རབ་ཡེ་ཤེས་ཏེ། །དབང་བསྐུར་རྣམ་པ་གསུམ་དུ་ཤེས་པར་བྱ། །ཞེས་བྱ་བ་དང་། རིག་དང་སློབ་དཔོན་མཆོག་ཅེས་བཏགས། །ལྔ་པ་ལ་ནི་བརྟུལ་ཞུགས་འདོད། །

ལུང་བསྟན་རྗེས་གནང་དབུགས་དབྱུང་བ། །དྲུག་པའམ་ཡང་ན་བརྒྱད་པར་བྱ། །ཞེས་བྱའོ། །འདི་དག་གིས་ནི་མདོར་བསྡུས་པའི་ཡོན་ཏན་གཅིག་བཤད་པ་ཡིན་ཏེ། འདི་ལྟ་སྟེ་དབང་བསྐུར་བ་ཡང་དག་པར་ཐོབ་པ་ཞེས་བྱ་བའོ། །རྒྱས་པར་ནི་བཅུ་གཉིས་
སོ། །དེ་ཡང་འདི་ལྟ་སྟེ། ཆུའི་ཐོབ་པ་དང་། དེ་བཞིན་དུ་འོག་མ་རྣམས་ལ་ཡང་ཤེས་པར་བྱའོ། །དེ་ནས་བླ་མ་ཞེས་བྱ་བ་ནས་རྣལ་འབྱོར་དེ་ཉིད་ཤེས་ཞེས་བྱ་བའི་བར་གྱིས་ཡོན་ཏན་གཉིས་པ་བཤད་པ་ཡིན་ནོ། །དེ་ནས་ཞེས་བྱ་བ་ནི་སློབ་དཔོན་དུ་དབང་བསྐུར་བའི་འོག་ཏུ་བླ་མ་ལས་
དེ་ཁོ་ན་ཉིད་ཐོབ་ཅིང་དཀྱིལ་འཁོར་གྱི་དེ་ཁོ་ན་ཉིད་དང་། ལྷའི་དེ་ཁོ་ན་ཉིད་དང་། སློབ་དཔོན་གྱི་ལས་དང་བཅས་པ་ཐོབ་པར་གྱུར་ནས་ཞེས་བྱ་བའི་ཐ་ཚིག་གོ། །འདིར་དེ་ནས་ཞེས་བྱ་བ་འདིས་ནི་དབང་མ་བསྐུར་བ་ལ་དེ་ཁོ་ན་ཉིད་བཤད་པ་བཀག་པ་ཡིན་ནོ། །བླ་མ་ཞེས་བྱ་བ་འདིས་ཀྱང་
སློབ་མ་མ་ཡིན་པ་ལའོ། །དེ་ཡང་། རང་གི་སློབ་མ་བདག་ཉིད་ཆེ། །བརྟུལ་ཞུགས་བཟང་ཞིང་དབང་བསྐུར་ལ། །བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ནི། །བསྟན་པ་ཡོངས་སུ་གྲོལ་བ་ཡིན། །ཞེས་གསུངས་པ་ཡིན་ནོ། །གཞན་དག་ན་རེ་དེ་ནས་བླ་མ་ཞེས་བྱ་བ་འདི་གཉིས་
ནི་གཞི་མཉམ་པ་ཡིན་ཏེ། གང་ཁོ་ན་ལས་ཐོག་མར་ཆུ་དང་ཐ་མར་རྗེས་སུ་གནང་བ་ཅན་གྱི་དབང་བསྐུར་བའི་བླ་མ་དེ་ཁོ་ན་ཉིད་ལས་སོ། །དེ་ལྟར་དེ་ཁོ་ན་ཉིད་ཐོབ་པར་གྱུར་པའི་རྗེས་ལ་གསང་བའི་འཁོར་ལོ་འདིར་གསང་བ་དང་ཤེས་རབ་ཀྱི་དབང་བསྐུར་བ་དག་གིས་གསང་བ་ཤེས་པ་
དང་། རྣལ་འབྱོར་གྱི་དེ་ཁོ་ན་ཉིད་ཤེས་པ་གང་ཡིན་པ་ཞེས་པ་དང་སྦྱར་རོ། །གསང་བ་འདུས་པ་འདིར་གསང་བའི་དཀྱིལ་འཁོར་བྲིས་པའམ། བསྒོམས་པར་གང་གསང་བ་དང་ཤེས་རབ་གཉིས་ཀྱི་དབང་བསྐུར་བ་དེ་གཉིས་ཀྱི་གསང་བ་ཤེས་པ་དང་། རྣལ་འབྱོར་གྱི་དེ་ཁོ་ན་ཉིད་
ཤེས་པའོ། །ཇི་ལྟར་ན་དེ་གཉིས་ཀྱི་གསང་བ་ཤེས་ཤེ་ན། དེ་གཉིས་ཀྱི་རྗེས་ཐོགས་ལ། དབང་བསྐུར་འདི་ནི་ཇི་ལྟ་བར། །ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་གསུམ་གྱིས་གསང་བ་བཤད་པའི་ཕྱིར་རོ། །ཇི་ལྟར་ན་དེ་གཉིས་ཀྱིས་རྣལ་འབྱོར་གྱི་དེ་ཁོ་ན་ཉིད་ཤེས་ཤེ་ན།

དེ་ཉིད་ཀྱི་ཚེ་དེ་ལ་རིམ་པ་ཇི་ལྟ་བ་བཞིན་དུ་ལུས་ཀྱི་ཤེས་པས་མངོན་སུམ་དུ་བྱ་བ་དག་གིས་མངོན་སུམ་དུ་བྱེད་པའི་ཕྱིར་རོ། །དེ་ཡང་རྣལ་འབྱོར་ནི་ཤེས་རབ་དང་ཐབས་ཀྱི་སྙོམས་པར་འཇུག་པ་ཡིན་ལ། དེའི་དེ་ཁོ་ན་ཉིད་ནི་དོན་དམ་པ་ཡིན་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་
ཟག་པ་མེད་ཅིང་རྟག་པའི་བདེ་བ་བླ་ན་མེད་པའི་རང་བཞིན་བཅོམ་ལྡན་འདས་ཐར་པ་ཆེན་པོ་ཡིན་ལ། དེ་ཡང་དེ་གཉིས་ཁོ་ནས་ཡང་དག་པར་སྟོན་པ་ཡིན་གྱི་གཞན་གྱི་ཚེ་མ་ཡིན་ནོ། །གོ་རིམས་འདི་ནི་འོག་ནས། མི་ལྡོག་དབང་བསྐུར་བྱིན་ནས་ནི། །འཁོར་ལོའི་དེ་ཉིད་བསྟན་པར་བྱ། །
འཁོར་ལོའི་དེ་ཉིད་ལེགས་བསྟན་ནས། །ལྷ་ཡི་དེ་ཉིད་བསྟན་པར་བྱ། །དཀྱིལ་འཁོར་ལྷ་ཡི་དེ་ཉིད་དང་། །སློབ་དཔོན་གྱི་ནི་ལས་རྣམས་དག །ལེགས་བཤད་གསང་དང་ཤེས་རབ་ཀྱི། །དབང་བསྐུར་དེ་ཉིད་བཤད་པར་བྱ། །ཞེས་བཤད་པ་ཡིན་ནོ། །ཐེག་གསུམ་དགོངས་པའི་དེ་
ཉིད་ཤེས། །ཞེས་བྱ་བ་ནི་ཉན་ཐོས་ཀྱི་ཐེག་པ་དང་། ཕ་རོལ་ཏུ་ཕྱིན་པའི་ཐེག་པ་དང་། གསང་སྔགས་ཀྱི་ཐེག་པའོ། །འདི་རྣམས་ལས་མ་གྲགས་པའི་ཚིག་འགའ་ཞིག་གིས་སྟོན་པའི་དགོངས་པའི་དོན་གང་ཡིན་པ་དེ་ནི་དགོངས་པ་ཞེས་བྱ་ལ། དེའི་དེ་ཁོ་ན་ཉིད་དེ་རྟོགས་པས་ན། དགོངས་
པའི་དེ་ཉིད་ཤེས་ཞེས་བྱ་བ་སྟེ། དེ་ཡང་འདི་ལྟར་ཐེག་པ་གཉིས་པོ་དག་ལས། ཕ་དང་མ་ནི་གསད་བྱ་ཞིང་། །བྲམ་ཟེ་གཙང་སྦྲ་ཅན་གཉིས་དང་། །རྒྱལ་པོ་ཡུལ་འཁོར་བཅས་བཅོམ་ན། །མི་དེ་ཡོངས་སུ་དག་པར་བཤད། །ཅེས་གསུངས་པ་ལྟ་བུའོ། །འདིར་དགོངས་པའི་དེ་ཁོ་
ན་ཉིད་ནི་མ་ནི་སྲིད་པའོ། །ཕ་ནི་ལས་ཀྱི་སྲིད་པའོ། །རྒྱལ་པོ་ནི་ཟག་པ་དང་བཅས་པའི་སེམས་སོ། །བྲམ་ཟེ་གཉིས་ནི་ལྟ་བ་མཆོག་ཏུ་འཛིན་པ་དང་ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པའོ། །ཡུལ་ནི་དབང་པོའི་ཚོགས་རྣམས་སོ། །འཁོར་ནི་ཡུལ་རྣམས་སོ། །གཞན་
ཡང་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ལས། འདི་ནི་བྱང་ཆུབ་སེམས་དཔས་སྲོག་གཅད་པར་བྱའོ། །མ་བྱིན་པར་བླང་བར་བྱའོ་ཞེས་བྱ་བ་ནས། ལོག་པར་ལྟ་བར་གྱུར་པར་བྱའོ་ཞེས་གསུངས་པ་ཡོད་ལ། འདིར་དགོངས་པའི་དེ་ཁོ་ན་ཉིད་ནི་སྲོག་ནི་འཚོ་བ་དང་སེམས་ཅན་ཞེས་པའི་དོན་

ཏོ། །དེ་བཅད་པ་ནི་འཁོར་བར་ལྷུང་བར་གྱུར་པ་ལས་ཤིན་ཏུ་བཏོན་ཞིང་འཁོར་བ་ལས་བསྒྲལ་བར་བྱ་བ་ནི་སྲོག་གཅོད་པའོ། །མ་བྱིན་པར་ལེན་པ་ནི་སྙིང་རྗེས་སེམས་ཅན་རྣམས་མ་བྱིན་པ་ཉིད་དུ་སོ་སོར་བླངས་ཤིང་ཡོངས་སུ་བཟུང་ནས་དོན་བྱེད་པའོ། །བྱིས་པའི་
སྐྱེ་བོ་རྣམས་ཀྱིས་ཡོངས་སུ་བཟུང་བའི་དངོས་པོ་ཇི་སྙེད་པ་ཐམས་ཅད་ལོག་པ་ཉིད་དུ་མཐོང་བ་ནི་ལོག་པར་ལྟ་བའོ། །དེ་བཞིན་དུ་གཞན་དག་ལ་ཡང་ཐེག་པ་གཉིས་སུ་གསུངས་པའི་དགོངས་པ་རྣམས་ཀྱི་དེ་ཁོ་ན་ཉིད་ཀྱང་ཤེས་པར་བྱའོ། །དེ་བཞིན་དུ་གསང་སྔགས་ཀྱི་ཐེག་པ་ལས་
ཀྱང་། ཁྱོད་ཀྱིས་སྲོག་ཆགས་གསད་པར་བྱ། །ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ་དེ་ནི་བླ་མའི་ཞལ་ལ་སོགས་པ་ལས་ཤེས་པར་བྱའོ། །རྒྱུད་འདི་ལས་དགོངས་པའི་དེ་ཁོ་ན་ཉིད་མང་པོ་གསུངས་པ་གང་ཡིན་པ་དེ་རྣམས་ནི་ལེའུ་བཅོ་བརྒྱད་པ་ལས་ལེགས་པར་བཤད་
པ་ཡིན་ལ། ལྷག་མ་རྒྱུད་གཞན་དང་། ཐེག་པ་གཞན་དག་ལས་གསུངས་པ་རྣམས་ནི། རིགས་པའི་གཏན་ཚིགས་འཐད་པས་སམ། ཕུལ་དུ་བྱུང་བའི་མན་ངག་ལས་ཅི་རིགས་པར་ཤེས་པར་བྱས་ལ། དགོངས་པ་རྣམས་ཀྱི་དེ་ཁོ་ན་ཉིད་ངེས་པ་ཁོ་ནར་ཤེས་པར་བྱ་དགོངས་སོ། །
གཞན་དུ་ན་དེ་ཁོ་ན་ཉིད་ལ་ཐེ་ཚོམ་ཟ་བའམ། ལོག་པར་འཛིན་པར་འགྱུར་རོ། །འདིར་གསང་སྔགས་ཀྱི་ཐེག་པ་ནི་དཀྱུས་མ་ཉིད་ཡིན་ལ་ཐེག་པ་གཉིས་པོ་སྨོས་པ་ནི་དཔེར་བྱ་བའམ། ཐོས་པ་མང་བར་བྱ་བའི་ཕྱིར་རོ། །རིག་པ་ལ་སོགས་པ་ནི་འོག་ནས་འཆད་དོ། །ཏིང་ངེ་
འཛིན་གསུམ་ནི་དང་པོའི་སྦྱོར་བ་དང་། དཀྱིལ་འཁོར་གྱི་རྒྱལ་པོ་མཆོག་དང་། ལས་ཀྱི་རྒྱལ་པོའི་མཆོག་གོ། །ཐུན་མོང་གི་དངོས་གྲུབ་ནི་མི་སྣང་བ་ལ་སོགས་པའི་དངོས་གྲུབ་པོ། །ཅིག་ཤོས་ནི་དངོས་གྲུབ་ཀྱི་མཆོག་སྟེ། ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ལ་སོགས་པ་
གང་ཡིན་པའོ། །རྒྱུད་གཞུང་གི་ནི་རྣམ་དབྱེ་ཤེས། །ཞེས་བྱ་བ་ནི་རྒྱུད་འདི་ཉིད་ཀྱིའམ། རྒྱུད་ཐམས་ཅད་ཀྱིའོ། །དམ་ཚིག་དང་སྡོམ་པ་ནི་འོག་ནས་འཆད་དོ། །ཤེས་རབ་རྣལ་འབྱོར་ལ་རབ་བརྩོན། །ཞེས་བྱ་བ་ལ་ཤེས་རབ་གཙོ་བོར་གྱུར་པའི་རྣལ་འབྱོར་ནི་ཤེས་རབ་

རྣལ་འབྱོར་ཏེ། དེ་ལ་རབ་ཏུ་བརྩོན་པ་ནི་ཤིན་ཏུ་གོམས་པར་སློབ་པ་ཉིད་དོ། །སྔགས་ནི་གྲགས་པར་ཟད་དོ། །རྒྱུད་ནི་ཕྱིར་ཟློག་པའི་འཁོར་ལོ་ལ་སོགས་པའོ། །དེ་རྣམས་ཀྱི་སྦྱོར་བ་ལ་མཁས་པ་ནི་ཞི་བ་ལ་སོགས་པའི་ལས་རྣམས་ལ་བྱང་བའོ། །དེ་ལྟ་བུའི་ཡོན་ཏན་དང་ལྡན་པ་ནི་
སེམས་ཅན་གྱི་དོན་བསྒྲུབ་པར་འོས་པ་ཡིན་ཏེ། སེམས་ཅན་རྣམས་ཀྱི་དོན་ནི་ཕན་པ་སྟེ། ཕྱག་རྒྱ་ཆེན་པོའི་དངོས་གྲུབ་དང་། དཀྱིལ་འཁོར་དུ་འཇུག་པ་ལ་སོགས་པ་ཐམས་ཅད་དོ། །འོས་པ་ཞེས་བྱ་བ་ནི་འཚམ་པ་སྟེ་དབང་དུ་བྱས་པ་ཞེས་བྱ་བའི་དོན་ཏོ། །ཅིའི་ཕྱིར་ཡོན་ཏན་འདི་
དག་ཙམ་ཉིད་ཀྱིས་འོས་པ་ཉིད་ཡིན་པར་བཤད། ཡོན་ཏན་གཞན་རྣམས་གཞན་དག་ལས་ཇི་སྙེད་ཅིག་འབྱུང་སྟེ། བརྟན་ཞིང་དུལ་ལ་བློ་གྲོས་ལྡན། །བཟོད་ཅིང་དྲང་ལ་གཡོ་སྒྱུ་མེད། །ཅེས་བྱ་བ་ལ་སོགས་པ་གསུངས་པ་ཡོད་ལ་དེ་རྣམས་འདིར་མ་སྨོས་སོ་ཞེ་ན། དེའི་
ཕྱིར་གཏོང་ལྡན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་གི་ཕྱིར་གཏོང་བ་ལ་སོགས་པའི་ཡོན་ཏན་དང་ལྡན་དུ་ཟིན་ཀྱང་གོང་དུ་བཤད་པའི་ཡོན་ཏན་གྱིས་བསྟོད་ན་འོས་པ་ཉིད་མ་ཡིན་ཏེ། ཅིའི་ཕྱིར་ཞེ་ན། སྔར་བཤད་པའི་ཡོན་ཏན་རྣམས་ཡོད་པར་གྱུར་ན། གཏོང་བ་ལ་
སོགས་པའི་ཡོན་ཏན་ངེས་པར་འབྱུང་བར་འགྱུར་བ་ཡིན་ནོ། །དེ་བས་ན་སྔར་བཤད་པའི་ཁོ་ནས་འོས་པ་ཉིད་ཡིན་པར་བརྗོད་དོ། །དེ་ཡང་འདིར་མི་ནུས་པ་ཡང་ཉམས་སུ་བླང་དགོས་པར་ཐལ་བར་འགྱུར་བའི་ཕྱིར་རོ། །སེང་གེ་ཟླ་བ་ལ་སོགས་པ་དང་འདྲ་བར་གཏོང་བ་ལ་སོགས་
པ་ཡོད་པ་འཆད་པར་འདོད་པ་ནི་མ་ཡིན་ལ། གལ་ཏེ་རྗེས་སུ་མཐུན་པའི་གཏོང་བ་ལ་སོགས་པ་དང་མི་ལྡན་ན་ནི། དབང་བསྐུར་བ་ལ་སོགས་པ་ཇི་ལྟར་ཐོབ། །འདི་དག་གིས་ནི་དཀྱིལ་འཁོར་བྲི་བ་ལ་སོགས་པ་བྱེད་པར་འོས་པ་བཤད་པ་ཡིན་ནོ། །དཀྱིལ་འཁོར་བྲི་བ་ན་ཡང་སྔོན་དུ་
བྱ་བ་གང་ཡིན་པ་དེ་བསྟན་པར་བྱ་བའི་ཕྱིར། བརྩེར་ལྡན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སེམས་ཅན་ཐམས་ཅད་ལ་སྙིང་རྗེ་བསྒོམ་པ་དང་། དམ་ཚིག་དང་། སྡོམ་པ་དང་ལྡན་པའི་བརྟུལ་ཞུགས་ཡོད་པ་དང་། གསང་སྔགས་ཟློས་པ་དང་ལྡན་པ་དང་། སྔགས་ཀྱི་ཚུལ་ལ་ཐེ་ཚོམ་

མེད་པའི་ཕྱིར་དད་པ་དང་ལྡན་པ་དང་། ཆོས་ཐམས་ཅད་ལ་བདག་མེད་པ་དང་། སངས་རྒྱས་ཀྱི་ཆེ་བའི་བདག་ཉིད་ལ་ལྷག་པར་མོས་པས་ཟབ་མོའི་དེ་ཁོ་ན་ཉིད་ཤེས་པ་དང་། རང་གི་འཁོར་ལོ་འཇམ་པའི་རྡོ་རྗེའི་དཀྱིལ་འཁོར་ལ་དེའི་ཚུལ་གྱིས་གནས་པར་གྱུར་པས་སྔོན་
དུ་བསྙེན་པ་བྱས་ནས། དེའི་རྗེས་ལ་དེའི་དཀྱིལ་འཁོར་བྲི་བར་བྱའོ་ཞེས་བྱ་བའི་དོན་ཏོ། །སྔོན་དུ་བསྙེན་པ་དེ་ཉིད་རྒྱས་པར་ནི། ཡིད་དང་རྗེས་མཐུན་གནས་ལ་ལར། །ཞེས་བྱ་བ་ནས། ཅི་རིགས་པར་ནི་བཟླས་བྱས་ནས། །རང་བདག་ལ་ས