Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 33
Văn bản gốc(Tây Tạng)
Trang 13 / 14 (50.000 ký tự/trang)
གང་གིས་བརྟེན་ཞིང་གང་ལ་དམིགས་པའོ། །གཞི་གང་ཞེ་ན་ཡུལ་གྱི་དངོས་པོ་ཉིད་དོ། །སོ་སོར་རྟོག་པ་གང་ཞེ་ན་རིགས་པ་དང་མི་རིགས་པ་གང་དུ་འཚོལ་བ་དང་འདས་པ་སྟེ་སྤྱོད་པ་ཉིད་དོ། །ངོ་ཚ་ཤེས་པ་གང་ཞེ་ན་ བདག་གམ་ཆོས་ཀྱི་དབང་དུ་བྱས་ཏེ་ཁ་ན་མ་ཐོ་བ་འཛེམ་པའོ། །སྙིང་རྗེ་གང་ཞེ་ན་གང་ཞིག་གང་གིས་རྣམ་པ་དང་བྲལ་བར་འདོད་པའོ། །བརྩེ་བ་གང་ཞེ་ན་གང་ཞིག་གང་དང་བྲལ་ནས་དེ་དང་ཕྲད་པར་འདོད་པའོ། །དོགས་པ་དང་བཅས་པ་གང་ཞེ་ན། སེམས་ངེས་པར་མི་གནས་པའོ། །སྡུད་ པ་གང་ཞེ་ན་གཞན་གྱི་གང་དག་ཡོངས་སུ་སྡུད་པའོ། །སེར་སྣ་གང་ཞེ་ན་རང་གི་ཡིད་དུ་འོང་བ་བློས་ཡོངས་སུ་འཛིན་པའོ། །རང་བཞིན་འདི་དག་སྣང་བ་ལས་འབྱུང་སྟེ་སེམས་ཅན་ཐམས་ཅད་གང་དུ་ཇི་ལྟར་གནས་པའི་རྩ་བར་བསྟན་པའོ། །འདི་དག་ཡོངས་སུ་ཤེས་པས་ཀྱང་གང་ཞིག་ ཡོངས་སུ་འདྲེ་བ་མེད་པའི་བསམ་གཏན་ཡོངས་སུ་རྫོགས་པར་འགྱུར་བར་དགོངས་སོ། །དེ་ནས་སྣང་བ་མཆེད་པ་བསྟན་པར་བྱ་སྟེ། དེ་ལ་སྣང་བ་མཆེད་པའི་མཚན་ཉིད་གང་ཞེ་ན། འོད་མ་འགྲེང་བ་ལྟར་མཛེས་ཤིང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ་འོད་མ་འགྲེང་བ་ནི་འོད་མ་འགྲེང་ བ་སྟེ། གང་ལ་འོད་མ་འགྲེང་བ་དང་འདྲ་བའི་ཆོས་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །ཆགས་ལ་སོགས་པ་རབ་བསྐྱེད་ལྡན། །ཞེས་པ་ནི་ཆགས་པ་ལ་སོགས་པ་བསྐྱེད་པ་སྟེ་གང་ལ་གང་ཞིག་འབྱུང་བར་འགྱུར་བ་དེ་ལ་དེ་སྐད་ཅེས་བྱའོ། །འདི་ལྟ་སྟེ་ཆགས་པ་དང་། ཆགས་པ་བར་མ་དང་། ཀུན་དུ་ཆགས་ པ་དང་། དགའ་བ་དང་། དགའ་བ་བར་མ་དང་། ཀུན་དུ་དགའ་བ་དང་། རངས་པ་དང་། རངས་པ་བར་མ་དང་། ཀུན་དུ་རངས་པ་དང་། ངོ་མཚར་དང་དགོད་པ་དང་། ཚིམ་པ་དང་། འཁྱུད་པ་དང་། འོ་བྱེད་པ་དང་། འཛིན་པ་དང་། བརྟན་པ་དང་། བརྩོན་པ་དང་། ཁེངས་པ་དང་། བྱ་བ་དང་། དབྲོག་པ་དང་། སྟོབས་དང་། སྤྲོ་བ་དང་། དགའ་བ་ལ་སྦྱོར་བ་དང་། དགའ་བ་ལ་སྦྱོར་བ་བར་མ་དང་། ཤིན་ཏུ་དགའ་བ་ལ་སྦྱོར་བ་དང་། དྲག་པ་དང་། རྣམ་པར་སྒེག་པ་དང་། འགྲས་པ་དང་། དགེ་བ་དང་། ཚིག་གསལ་བ་དང་། བདེན་པ་དང་། མི་བདེན་ པ་དང་། ངེས་པ་དང་། ཉེ་བར་མི་ལེན་པ་དང་། སྦྱིན་པ་པོ་དང་། སྐུལ་བ་དང་། དཔའ་བ་དང་། ངོ་ཚ་མེད་པ་དང་། ཟིན་པ་དང་། གདུག་པ་དང་། མི་སྲུན་པ་དང་། གྱ་གྱུ་ཆེ་བ་སྟེ་མཚན་ཉིད་བཞི་བཅུ་པོ་འདི་དག་ནི་སྣང་བ་མཆེད་པའི་རང་བཞིན་ནོ། །འདི་དག་གིས་བསྐྱེད་པ་དང་ གང་གིས་ཡོངས་སུ་གནོན་པ་འདི་ནི་སྣང་བ་མཆེད་པ་ཡིན་པར་ཤེས་པར་བྱའོ། །དེ་ལ་འདོད་པ་ལ་ཆགས་པ་གང་ཞེ་ན། མ་ཐོབ་པའི་ཡུལ་ལ་ཡིད་ཀུན་དུ་ཆགས་པའོ། །ཆགས་པ་གང་ཞེ་ན། མ་བསྐལ་པའི་ཡུལ་ལ་ཡིད་ཀུན་དུ་ཆགས་པའོ། །དགའ་བ་གང་ཞེ་ན། ཡིད་དུ་འོང་ བའི་རྣམ་པས་སེམས་ཁེངས་པའོ། །རངས་པ་གང་ཞེ་ན། གང་དགའ་བས་ཆེས་དགའ་བའོ། །མགུ་བ་གང་ཞེ་ན། ཐོབ་པའི་བྱེ་བྲག་ལ་ལྟོས་ནས་བདག་པོ་ལ་ཡོངས་སུ་བསྟོད་པའོ། །ངོ་མཚར་གང་ཞེ་ན། མི་སྤྱོད་པ་ལ་མངོན་དུ་བྱས་པས་ཡ་མཚན་དུ་གྱུར་པའོ། །དགོད་པ་གང་ ཞེ་ན། གང་གིས་གང་ཞིག་ལ་གནས་པར་མི་བྱེད་ཅིང་སེམས་གཞན་དུ་འཕྲོ་བའོ། །ཚིམ་པ་ནི་ཚོར་བ་བདེ་བ་གཞན་དུ་བསྟན་ནས་སོ། །འཁྱུད་པ་ནི་ཡིད་དུ་འོང་བའི་ཡུལ་ལ་སེམས་ཀྱིས་ཀུན་དུ་ཞེན་པའོ། །གཞན་ནི་གོ་སླའོ། །བརྟན་པ་གང་ཞེ་ན་ངེས་པ་རྙེད་དེ་མི་གཡོ་བའོ། །བརྩོན་ འགྲུས་གང་ཞེ་ན་ལེ་ལོ་དང་བྲལ་བའོ། །ང་རྒྱལ་གང་ཞེ་ན། མཐོ་བར་སེམས་པའོ། །བྱ་བ་གང་ཞེ་ན་གང་ཞིག་ཡོངས་སུ་འགྲུབ་པར་བྱའོ། །དབྲོག་པ་གང་ཞེ་ན་གཞན་གྱིས་བདག་གིར་བྱས་པ་ལེན་པའོ། །སྟོབས་གང་ཞེ་ན། གྱད་དང་གཡུལ་འགྱེད་པའོ། །སྤྲོ་བ་གང་ཞེ་ན་དགའ་བ་ འབའ་ཞིག་ཡུལ་དུ་བྱས་ནས་བརྩོན་འགྲུས་དྲག་པོ་དང་ལྡན་པ་སྟེ། གོ་ཆ་ལ་སོགས་པ་ཡོངས་སུ་རྫོགས་པའི་སེམས་པ་འབྲས་བུ་དང་བཅས་པའོ། །དགའ་བ་ལ་སྦྱོར་བ་གང་ཞེ་ན། དྲེགས་པ་ལས་བྱུང་བའི་སེམས་པས་མི་དགེ་བ་ལ་སོགས་པ་ལ་སྦྱོར་བའི་སེམས་པ་འབྲས་བུ་དང་བཅས་ པའོ། །ཞེ་འགྲས་པ་གང་ཞེ་ན། རྩོད་པའི་རྒྱུ་མེད་པར་འདོད་པའི་དབང་གིས་དམ་པ་དང་དམ་པ་མཆོག་དང་། དམན་པ་ལ་སོགས་པ་ལ་ཀུན་དུ་རྩོད་པར་སེམས་པའོ། །སྒེག་པ་གང་ཞེ་ན། གང་གིས་འདོད་ཆགས་ཀྱི་ཡུལ་ལམ་ཞེ་སྡང་གི་ཡུལ་ཐོབ་པར་བྱ་བ་དང་ཕྲད་པར་བྱ་བ་དང་། ཀུན་དུ་ ཉམས་པར་བྱ་བའི་ཕྱིར་ཚུལ་འཆོས་པའོ། །ཞེ་འགྲས་པ་གང་ཞེ་ན་གང་གིས་གང་ཞིག་དང་རྩོད་པ་སྔོན་དུ་སོང་བའམ། ཕྱིས་འབྱུང་བའི་བསམ་པ་དང་བཅས་ཏེ་སེམས་ཤིང་སེམས་ལ་མདུད་པར་འཛིན་པས་འཁོན་དུ་འཛིན་པ་ཉིད་དོ། །དགེ་བ་གང་ཞེ་ན་མ་ཆགས་པ་དང་སྙིང་རྗེ་ལ་ སོགས་པ་དང་མཚུངས་པའི་སེམས་ཀྱིས་བསླང་བའི་ལུས་དང་ངག་གི་ལས་ཏེ་གང་ཉེས་པ་གང་ཞིག་དང་བྲལ་བར་འགྱུར་རོ། །ཚིག་གསལ་བ་གང་ཞེ་ན། ལྕེ་ལ་ཉེས་པ་མེད་ཅིང་ལུས་ཡོངས་སུ་དར་བས་ཆེད་དུ་སྨྲས་པའོ། །བདེན་པ་གང་ཞེ་ན་དངོས་པོ་དང་མཐུན་པའི་ཚིག་ཏུ་བརྗོད་ པའོ། །མི་བདེན་པ་གང་ཞེ་ན། དངོས་པོ་དང་མི་མཐུན་པར་སྨྲ་བའོ། །ངེས་པ་གང་ཞེ་ན་སོམ་ཉི་རྣམ་པར་སྤངས་པའི་སེམས་པ་དང་དེའི་ལས་སོ། །ཉེ་བར་མི་ལེན་པ་གང་ཞེ་ན། དངོས་པོ་ཐམས་ཅད་བདག་གིར་བྱེད་པར་མི་འདོད་པའོ། །སྦྱིན་པ་པོ་གང་ཞེ་ན་གང་གིས་རང་གི་སྡུག་ པ་དང་མི་སྡུག་པ་ཐམས་ཅད་ཡོངས་སུ་གཏོང་ཞིང་འཛིན་པ་མེད་པའོ། །སྐུལ་བ་གང་ཞེ་ན་ལེ་ལོ་ཅན་དག་ལ་ཀུན་དུ་སྤྲོ་བ་སྐྱེད་པའོ། །དཔའ་བ་གང་ཞེ་ན་གང་གིས་གང་ཞིག་ཕམ་པར་བྱེད་པ་དང་དེར་སེམས་པ་འཇིགས་པ་དང་བྲལ་བའོ། །ངོ་ཚ་མེད་པ་གང་ཞེ་ན་རིགས་དང་ཆོས་ ཡོངས་སུ་སྤངས་ཏེ་ཚུལ་བཞིན་མ་ཡིན་པའི་ལས་བྱེད་པའོ། །སྒྱུ་གང་ཞེ་ན། གཞན་སླུ་བའོ། །གདུག་པ་གང་ཞེ་ན། ཉོན་མོངས་པས་ཉེས་པ་མི་བརྗོད་པའོ། །མི་སྲུན་པ་གང་ཞེ་ན་བཤགས་ཀྱང་མི་ཉན་པའོ། །གྱ་གྱུ་ཆེ་བ་གང་ཞེ་ན་གང་གིས་གཡོ་བྱེད་པའོ། །གཡོ་ཡང་དེའི་ གནས་སྐབས་ཉིད་དོ། །གང་འདི་དག་ལ་ཡང་གང་གིས་སེམས་པའི་བྱེ་བྲག་དང་ཡུལ་གྱི་བྱེ་བྲག་གིས་དམན་པ་དང་། བར་མ་དང་ཆེན་པོ་ལ་སོགས་པ་གཞག་པར་བྱའོ། །གང་གིས་དེ་དང་ལྡན་པ་དེས་ཀྱང་དེར་འགྱུར་བ་དེའི་ཕྱིར་དེ་ལ་དེ་སྐད་ཅེས་བྱའོ། །དེའི་མིང་ནི་ཐབས་ཞེས་བྱ་བ་སྟེ་གང་ ཞིག་གང་ལ་ལྟོས་པ་དེ་དང་གང་ཞིག་མཐུན་པར་སྣང་བ་དེ་ལ་དེ་སྐད་ཅེས་བྱའོ། །སྣང་བ་མཆེད་པ་ཞེས་བྱ་བ་ཡང་རང་བཞིན་གྱིས་ཡོངས་སུ་མཆེད་པར་འགྱུར་བ་སྟེ། གང་ཞིག་གང་ལ་གང་དང་ལྷན་ཅིག་ཏུ་གནས་པར་འགྱུར་བ་ཉིད་དོ། །ཡང་ན་རང་བཞིན་འཁྲུལ་ པ་རགས་པར་སྣང་བ་སྟེ། གང་ཞིག་ཀུན་དུ་གང་ལ་གང་དུ་འབྱུང་བ་དེ་ལ་དེ་སྐད་ཅེས་བྱའོ། །ཡང་ན་རླུང་གིས་ཀུན་དུ་བསྐྱོད་པ་ཉིད་དེ། གང་ཞིག་གང་གི་རླུང་གིས་གང་ལ་གང་ཀུན་དུ་མཆེད་པར་འགྱུར་བ་དེ་ལ་དེ་སྐད་ཅེས་བྱའོ། །དེ་ནས་སྣང་བ་ཐོབ་པའི་དོན་བཤད་པ། །རིག་ཆེན་རང་ཉིད་ རྩ་བ་སྟེ། །ཞེས་པ་གང་གིས་གང་ཞིག་ཡོངས་སུ་རིག་པར་འགྱུར་བ་སྟེ་དེ་ལས་བཟློག་པ་ནི་མ་རིག་པའོ། །གང་ཞིག་གང་དང་མཐུན་པར་འགྱུར་བ་དེ་ལ་དེ་སྐད་ཅེས་བྱའོ། །བདག་ཉིད་གང་ལ་གང་དུ་གནས་པར་འགྱུར་བ་དེ་ལ་དེ་སྐད་ཅེས་བྱའོ། །སྣང་བ་ནི་ཁོལ་བུར་གཡོའོ། །སྣང་བ་མཆེད་ པ་ནི་ཀུན་དུ་རྒྱས་སོ། །ཐོབ་པ་ནི་ལོག་པ་ཉིད་དོ། །མ་རིག་པ་ལས་འདི་འབྱུང་འགྱུར། །ཞེས་པ་ནི་ཆགས་པ་བར་མ་དང་བརྗེད་ངས་པ་དང་། འཁྲུལ་པ་དང་། མི་སྨྲ་བ་དང་། སྐྱོ་བ་དང་། ལེ་ལོ་དང་། ཐེ་ཚོམ་དག་སྟེ་གང་ཞིག་འདི་ལས་བྱུང་བ་དེའི་ཕྱིར་དེ་ལ་དེ་སྐད་ཅེས་བྱའོ། །དེ་ལ་ཆགས་ པ་བར་མ་གང་ཞེ་ན། །གང་གིས་ཆགས་པ་མེད་པ་ཡང་མ་ཡིན་ལ་ཆགས་པ་ཆེན་པོ་ཡང་མ་ཡིན་པ་ཉིད་དེ་དམན་པའི་ཆགས་པའོ། །བརྗེད་ངས་པ་གང་ཞེ་ན་སེམས་ཀུན་དུ་འཁྲུགས་པས་དོན་དུ་མི་གཉེར་བ་ཉིད་དང་། ཀུན་དུ་གང་གིས་དྲན་པ་ཉམས་པར་གྱུར་པ་ཉིད་དེ་མ་འདྲིས་པ་ དང་། རབ་ཏུ་སུན་པ་ལས་བྱུང་བ་ཉིད་དོ། །འཁྲུལ་པ་གང་ཞེ་ན་གང་གིས་སེམས་རྣམ་པ་གཞན་ལ་གཞན་དུ་འདི་འཛིན་པ་ལ་སོགས་པ་སྟེ་གང་གིས་གང་དང་མི་མཐུན་པར་འཛིན་པ་སྟེ། གང་གིས་དོགས་པ་དང་བཅས་པ་ལ་སོགས་པ་ལས་བྱུང་བའོ། །མི་སྨྲ་བ་གང་ཞེ་ན། ངག་གི་ལས་སྤངས་པ་ སྟེ་ཐ་སྙད་རྣམས་རབ་ཏུ་སྤངས་པ་ཉིད་དོ། །སྐྱོ་བ་གང་ཞེ་ན་གང་གིས་གང་ལ་ཀུན་དུ་འཁྱུད་པ་ལ་སོགས་པ་སྟེ། སྐྱོ་བ་ཉིད་སྐྱོ་བས་དེ་དག་གིས་ཆོས་དང་བྲལ་བ་ཉིད་དོ། །ལེ་ལོ་གང་ཞེ་ན་གང་གིས་དོན་མེད་པའི་ལས་སྔོན་དུ་སོང་བས་གང་ལ་གང་དུ་གནས་པར་འགྱུར་བ་ལ་སོགས་པ་མི་ བྱེད་པ་སྟེ་གོ་ཆ་མེད་པ་དང་། སྦྱོར་བ་དང་བྲལ་བ་དང་། ཀུན་དུ་འགོད་པ་དང་མི་འཇུག་པ་དང་ལྡོག་པ་ལ་སོགས་པའི་ཆོས་དང་བྲལ་བའོ། །ཐེ་ཚོམ་གང་ཞེ་ན། ལམ་དང་འབྲས་བུ་ལ་སོགས་པ་ལ་གང་ཡིད་གཉིས་ཟ་བ་སྟེ་གྲུབ་པ་མེད་པ་དང་སྤངས་པ་མེད་པ་དང་ཐོབ་པ་མེད་པ་དང་། མྱུར་དུ་བླ་ན་མེད་ པའི་གང་ཟག་ལ་བརྟེན་ནས་ཡིན་ནམ་མ་ཡིན་དུ་སྙམ་སེམས་པ་ལ་སོགས་པའི་སེམས་གཉིས་སུ་གྱུར་པ་ཉིད་དོ། །འདི་དག་ཡོངས་སུ་འཕེལ་བ་དང་འགྲིབ་པར་བྱེད་པའོ། །དེ་ཅིའི་ཕྱིར་ཞེ་ན། གང་གིས་དེ་དག་འཕེལ་བ་དང་འགྲིབ་པར་ནུས་པ་དེའི་ཕྱིར་དེ་ལ་དེ་སྐད་ཅེས་བྱའོ། །དེ་ནས་སྣང་བ་ གསུམ་གྱི་གོ་རིམས་གཏན་ལ་དབབ་པར་བྱ་བའི་ཕྱིར། གང་ཡང་རྣམ་ཤེས་གསུམ་དང་པོ། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྣམ་པར་ཤེས་པ་གསུམ་གྱི་དང་པོ་ནི་དེའི་མིང་ཅན་སྣང་བའོ། །གཉིས་པ་སྣང་བ་མཆེད་པ་སྟེ། །ཞེས་བྱ་བ་ནི་སྣང་བ་མཆེད་པ་ནི་སྣང་བ་ལ་ལྟོས་ནས་གཉིས་ པའོ། །དེ་ནི་སྟོང་པ་ཆེར་འགྲོ་ལ། །ཞེས་པ་ནི་སྣང་བ་ཐོབ་པ་ཉིད་དོ། །གཉིས་སྔོན་དུ་འགྲོ་བའོ། །དེ་ཡང་འོད་གསལ་བར་འགྲོའོ། །ཞེས་པ་ནི་དེས་ཐམས་ཅད་སྟོང་པ་འོད་གསལ་བ་ཐོབ་པར་འགྱུར་རོ། །འདི་དག་གི་གོ་རིམས་ཀྱང་སློབ་པའི་གོ་རིམས་དང་རང་བཞིན་འབྱུང་བའི་གོ་ རིམས་དང་མཐར་ཕྱིན་པའི་གོ་རིམས་སོམོ། །དེ་ལ་སློབ་པའི་གོ་རིམས་གང་ཞེ་ན་གང་ཞིག་རིམ་གྱིས་སློབ་པར་འགྱུར་བ་སྟེ། འདི་ལྟར་འཕོང་གི་སློབ་དཔོན་ནམ་སློབ་མ་མཁས་པ་དག་ནི་ཐོག་མར་བ་ལང་གི་ཀོ་བ་ལ་སློབ་པར་བྱེད་དོ། །གང་གི་ཚེ་བ་ལང་གི་ཀོ་བ་ལ་ལོབས་པ་དེའི་ཚེ་ཤིང་ལེབ་ལ་ སློབ་པར་བྱེད་དོ་ཞེས་བྱ་བ་ལ་སོགས་པ་རྒྱས་པར་གསུངས་པའི་ཕྱིར་རོ། །འདི་ནི་སློབ་པའི་གོ་རིམས་ཉིད་དོ། །རང་བཞིན་འབྱུང་བའི་གོ་རིམས་ནི་མ་བཅོས་པར་ཡོད་པའི་ཆོས་ཏེ་འདི་ལྟར་རླུང་ལས་ནི་རྣམ་པར་ཤེས་པ་ཞེས་བྱ་བའི་བཤད་པ། བློ་གྲོས་ཆེན་པོ་ཤིང་ཨ་མྲའི་འབྲས་བུ་ནི་རིམ་གྱིས་ སྐྱེའི་ཅིག་ཅར་ནི་མ་ཡིན་ནོ་ཞེས་བྱ་བ་འདི་དང་། གཞན་ཡང་། བསྐྱེད་པའི་རིམ་ལ་ལེགས་གནས་ཤིང་། །རྫོགས་པའི་རིམ་པ་འདོད་རྣམས་ལ། །ཐབས་འདི་རྫོགས་པའི་སངས་རྒྱས་ཀྱིས། །སྐས་ཀྱི་རིམ་པ་ལྟ་བུར་གསུངས། །ཞེས་བྱ་བ་ལ་སོགས་པའི་སྒྲའི་རྗེས་སུ་འབྲངས་ཏེ་གསུངས་ པ་ཤེས་པར་བྱའོ། །འོད་གསལ་བ་ལས་ནི་སྣང་བ་ཐོབ་པ་འབྱུང་ངོ་ཞེས་བྱ་བ་ལ་སོགས་པས་ནི་མཐར་ཕྱིན་པའི་གོ་རིམས་བསྟན་ཏོ། །དེ་བས་ན་གང་གིས་གང་ཞིག་ལེགས་པར་རྟོགས་པར་འདོད་པ་དང་མྱུར་དུ་རྟོགས་པར་འདོད་པ་དང་། ཐབས་སླ་བ་རྟོགས་པར་འདོད་པས་ནི་ཇི་སྐད་དུ་ གསུངས་པ་དང་བཤད་པའི་གོ་རིམས་ལ་མཁས་པར་བྱའོ། །དེ་བས་ན་སྣང་བ་གསུམ་པ་འདིས་ནི་སེམས་ཅན་ཐམས་ཅད་འཕེལ་བ་དང་འགྲིབ་པར་བྱེད་དོ་ཞེས་བྱ་བ་རྟོགས་པར་བྱ་བའི་ཕྱིར། སྣང་བ་གསུམ་གྱི་མཚན་ཉིད་ཅན། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་སྣང་བའི་ མཚན་ཉིད་གང་ཞེ་ན་རྣམ་པ་མེད་པའི་རང་བཞིན་རང་རིག་པ་ལུས་དང་ངག་མེད་པ་སྟེ། ཇི་ལྟར་སྟོན་ཀའི་དུས་སུ་ནམ་མཁའ་དྲི་མ་མེད་པ་ལ་ཟླ་བའི་འོད་ཟེར་གྱིས་རབ་ཏུ་སྣང་ཞིང་ཀུན་དུ་སྣང་བ་དང་། ཁྱབ་པར་བྱེད་པ་དེ་བཞིན་དུ་རང་བཞིན་གྱིས་གསལ་བའི་རྣམ་པ་དངོས་པོ་མ་ལུས་པ་ཐམས་ ཅད་ལ་དམིགས་པས་ན། སྣང་བ་སྟེ། དོན་དམ་པ་བྱང་ཆུབ་ཀྱི་སེམས་ཤེས་རབ་ཀྱི་སྣང་བ་སྟོང་པ་དང་པོ་སྟེ། ཨོཾ་ཞེས་བྱ་བའི་ངག་གི་སྒོ་ལ་བརྟེན་ནས་རང་གི་ས་བོན་སྟོན་པར་བྱེད་པ་སྟེ། མོས་པ་དམན་པའི་སེམས་ཅན་རྣམས་ཀྱིས་དེ་བཞིན་གཤེགས་པས་དགོངས་ཏེ་གསུངས་པ་ རྟོགས་པར་མི་འགྱུར་བས་ཟླ་བའི་དཀྱིལ་འཁོར་གྱི་གཟུགས་སོ་ཞེས་དམིགས་པར་བྱེད་ཅིང་པདྨའམ་བུད་མེད་ཀྱི་གཟུགས་ལ་སོགས་པས་ཡོངས་སུ་གསལ་བར་བརྗོད་པ་འཇུག་པར་འགྱུར་རོ། །སྣང་བ་མཆེད་པའི་མཚན་ཉིད་ཇི་ལྟ་བུ་ཞེ་ན་གཟུང་བ་དང་འཛིན་པ་དང་བྲལ་བ་ལུས་དང་ངག་མེད་པ་ སྟེ། དཔེར་ན་སྟོན་ཀའི་དུས་སུ་ཉི་མའི་འོད་ཟེར་གྱིས་ཁྱབ་པ་བཞིན་དུ་ཤིན་ཏུ་གསལ་ཞིང་དྲི་མ་མེད་པའི་ངོ་བོ་ཉིད་དུ་དངོས་པོ་མ་ལུས་པ་དམིགས་པ་བྱང་ཆུབ་ཀྱི་སེམས་ཀུན་དུ་བཟང་པོའི་རིམ་པ་གཉིས་པ་ཤིན་ཏུ་སྟོང་པའི་མཚན་ཉིད་ཅན། ཨཱཿཞེས་བྱ་བའི་ངག་གི་སྒོ་ལ་རྟེན་པར་བྱེད་པའི་ས་ བོན་བསྟན་པར་བྱ་བའི་རྒྱུ་སྟེ། མོས་པ་ཆུང་བའི་སེམས་ཅན་རྣམས་ཀྱིས་དེ་བཞིན་གཤེགས་པས་དགོངས་ཏེ་གསུངས་པ་རྟོགས་པར་མི་འགྱུར་བས་ཉི་མའི་དཀྱིལ་འཁོར་ལ་བརྟེན་ནས་དམིགས་པར་བྱེད་ཅིང་རྡོ་རྗེ་རྩེ་ལྔ་པའམ་རིན་པོ་ཆེ་འམ། ཉིན་མོ་འམ། གཡས་པ་ཞེས་བྱ་སྟེ་སྲ་བའི་རྣམ་པ་དང་། ཀུན་དུ་རྒྱས་པའི་རྣམ་པ་ནི་སེམས་ལས་བྱུང་བ་ཀུན་རྫོབ་ཀྱི་གཟུགས་སོ། །སྣང་བ་ཐོབ་པའི་མཚན་ཉིད་གང་ཞེ་ན་ནམ་མཁའི་མཚན་ཉིད་དངོས་པོ་ཐམས་ཅད་དང་བྲལ་བ་ལུས་དང་ངག་མེད་པ་སྟེ། ཇི་ལྟར་མཚམས་ཀྱི་སྨག་ལ་བབ་པ་ངོ་བོ་ཁྱབ་པ་བཞིན་དུ་ཕྲ་ཞིང་བདག་མེད་པ་སྣང་བ་མེད་པ་ཀུན་དུ་ ཉེ་བར་སྣང་བ་མེད་པ་སྟེ་སྲོག་དང་རྩོལ་བ་མི་རྒྱུ་བས་སེམས་མེད་པ་མི་གཡོ་བ། ཨཱཿཞེས་བྱ་བ་ངག་གི་ས་བོན་ལ་བརྟེན་པའི་སྒོ་ཡོངས་སུ་གྲུབ་པ་བླུན་པ། ཞེན་པ་གང་གིས་གང་ལ་གཡོ་བ་མེད་པ་མ་རིག་པ་འདི་ནི་སྣང་བ་ཐོབ་པ་ཞེས་བྱའོ། །འདི་དག་གིས་ལས་ཅི་བྱེད་ཅེ་ན། །སེམས་ཅན་ ཁམས་ནི་མ་ལུས་པའི། །རང་བཞིན་རྩ་བ་ཉིད་ཡིན་ནོ། །ཞེས་པ། སེམས་ཅན་ཐམས་ཅད་ཡོངས་སུ་སྐྱེ་བ་དང་ཀུན་དུ་འཆི་བ་ལ་སོགས་པ་བྱེད་པ་སྟེ། བྱམས་པའི་གསུང་གིས་ཇི་ལྟ་བུར་ཡོངས་སུ་བཤད་པ་ལྟ་བུའོ། །དེས་ན་ཡུལ་འདི་དག་ལ་ནི་ཤེས་པས་སོ་སོར་ངེས་པར་འཛིན་ཏེ་དེའི་ རླུང་གིས་ཉེ་བར་བླངས་པ་ཉིད་དོ་ཞེས་བྱ་བ་འདི་བསྟན་ལ། དེ་ནི་རེ་རེའི་དོན་སྣང་བ། །ཞེས་པ་ནི་གཟུགས་དང་སྒྲ་ལ་སོགས་པས་ཤེས་པ་སོ་སོར་ངེས་པར་འགྱུར་རོ། །དེ་བས་ན་ཞེས་བྱ་བ་ལ་སོགས་པར་སྣང་བའོ། །གང་གི་སྟོབས་ཀྱིས་འབྱུང་ཞེ་ན། དེ་ནི་རེ་རེའི་དོན་སྣང་བ། །རླུང་གིས་བླངས་ནས་ འཛིན་བྱེད་ལ། །ཞེས་པ་རླུང་གིས་ཤེས་པ་ཀུན་དུ་གཡོ་བར་འགྱུར་རོ། །ཤེས་པས་ནི་ཡུལ་འཛིན་པར་འགྱུར་རོ། །རླུང་དང་རྣམ་ཤེས་ནི་རླུང་དང་རྣམ་ཤེས་ཏེ་ལྷན་ཅིག་ཏུ་འབྱུང་ཞིང་མཚུངས་པར་ལྡན་པའི་ཕྱིར་དེ་ལ་དེ་སྐད་ཅེས་བྱའོ། །དེ་གང་ལ་གནས་ཤེ་ན། རླུང་དང་ལྡན་པའི་རྣམ་ཤེས་ནི། ། རྟག་ཏུ་འགྲོ་ལ་གནས་པར་འགྱུར། །ཞེས་པ་སྟེ་རླུང་དང་ཤེས་པ་གཉིས་ནི་འགྲོ་བ་ཐམས་ཅད་ལ་གནས་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དེ་དག་གི་དོན་ནི་འདི་སྐད་དུ་སྟོན་ཏོ། །ཤེས་པ་བེམས་པོའི་ངོ་བོ་ལས་ལོག་ཅིང་རང་རིག་པ་ནི་སེམས་ཅན་ཐམས་ཅད་ལ་རང་བཞིན་གྱིས་གནས་ཏེ་ ཀུན་དུ་གཡོ་བ་དང་རབ་ཏུ་འཁྲུལ་པའི་བྱ་བ་བྱེད་པར་འགྱུར་བ་མེད་དོ། །གང་ཞིག་ཏུ་འདི་དག་རླུང་གིས་བསྐུལ་ནས་མིག་ལ་སོགས་པ་ལ་བརྟེན་ཏེ་གཟུགས་ལ་སོགས་པ་ལ་དམིགས་ནས་སོ་སོར་རྣམ་པར་རིག་པར་འགྱུར་རོ། །གང་རྣམ་པར་རིག་པ་དེ་ནི་གཙོ་བོ་ཡིན་པར་འགྱུར་རོ། །གང་ གཙོ་བོ་ཡིན་པ་དེ་ནི་ངེས་པར་གཟུང་བ་ཉིད་དང་ལྡན་པར་འགྱུར་རོ། །གང་ངེས་པར་གཟུང་བ་གཉིས་ལྡན་པ་དེ་ནི་ངེས་པའི་ཤེས་པ་མྱུར་དུ་སྐྱེ་བར་འགྱུར་རོ། །དེ་བས་ན་གང་དང་གང་ལྡན་པ་དེ་ལ་དེ་དང་དེས་གང་དུ་ངེས་པར་རྟོགས་པ་དེ་ནི་དཀའ་བ་མ་ཡིན་ཏེ་བཤད་པར་བྱའོ། ། སེམས་དེ་ལས་ཀྱང་། རང་བཞིན་ཇི་ལྟར་འབྱུང་བར་འགྱུར། །ཞེས་ཉེ་བར་རྟོག་པ་གང་དག་ལ་རབ་ཏུ་གསལ་བར་བཤད་པ། ཨེ་འདི་ནི་རླུང་ཁམས་ཆེན་པོ་སྟེ་ཞེས་པ་ཁམས་ཕྲ་བར་གྱུར་པ་ཉིད་དོ། །རྣམ་ཤེས་གསུམ་གྱི་བཞོན་པ་ཡིན། །ཞེས་པ་སྣང་བ་ལ་སོགས་པའི་ཤེས་པའི་ བཞོན་པར་གྱུར་པ་ཉིད་དོ། །དེ་ཡི་རང་བཞིན་རྟག་ཏུ་ནི། །ཇི་ལྟ་ཇི་ལྟར་འགྲོ་བར་འགྱུར། །ཞེས་པ་ཤེས་པ་པོ་ལ་ཡུལ་ལ་དམིགས་པ་ལས་རང་བཞིན་དེ་དང་དེའི་རྣམ་པ་མ་ལུས་པ་དུས་ཐམས་ཅད་དུ་འབྱུང་བར་འགྱུར་རོ། །ཇི་སྐད་དུ་བཅོམ་ལྡན་འདས་ཀྱིས་ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་པ་ ཞེས་བྱ་བ་ལས་གསུངས་ཏེ། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་སྟན་ལས་ལངས་ཏེ། བཅོམ་ལྡན་འདས་ཀྱི་ཞབས་ལ་སྤྱི་བོས་ཕྱག་འཚལ་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །ཨེ་མའོ་སྟོན་པ་རྣམ་པར་ཤེས་པ་གསུམ་པོ་རྟོགས་པར་ དཀའ་བ་མཆོག་ཏུ་རྟོགས་པར་དཀའ་བ་སྟེ། རྣམ་པར་ཤེས་པ་གསུམ་གྱི་དབྱེ་བ་བསྟན་དུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྣམ་པར་ཤེས་པ་ནི་འོད་གསལ་བ་ལས་འབྱུང་ངོ་། །དེ་ནི་སེམས་དང་ཡིད་ཅེས་བྱ་སྟེ་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་དང་དེའི་ བདག་ཉིད་ཅན་གྱི་ཆོས་ཐམས་ཅད་ཀྱི་རྩ་བ་ཡིན་ནོ། །དེ་ལས་བདག་དང་གཞན་དུ་རྟོག་པ་འབྱུང་བར་འགྱུར་རོ། །རྣམ་པར་ཤེས་པ་དེ་རླུང་ལ་ཞོན་ཏེ་རླུང་ལས་ནི་མེའོ། །མེ་ལས་ནི་ཆུའོ། །ཆུ་ལས་ནི་སའོ། །དེ་དག་ལས་ནི་ཕུང་པོ་ལྔ་དང་། སྐྱེ་མཆེད་དྲུག་དང་། དབང་པོ་ལྔ་རྣམས་ཏེ་དེ་ དག་ཐམས་ཅད་ནི་རླུང་དང་འདྲེས་པར་འགྱུར་རོ་ཞེས་བྱ་བ་ལ་སོགས་པ་རྒྱས་པར་གསུངས་སོ། །དེ་ནས་ཡེ་ཤེས་ཀྱི་ཕུང་པོ་ལྔ་ཡང་ཉེ་བར་ཐོབ་པར་བྱ་བའི་ཕྱིར། འདི་ནི་ཕུང་པོ་ལྔ་རྣམས་སུ། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ་ཕུང་པོ་ལྔ་ཉིད་ཀྱང་སེམས་ལས་འབྱུང་བར་བསྟན་ཏོ། །དེ་ཡང་ གང་ཞེ་ན་གཟུགས་ཚོར་བ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གཟུགས་ནི་གཟུགས་ཀྱི་ཕུང་པོ་སྟེ་གཞིག་ཅིང་གཞོམ་དུ་རུང་བ་ལ་སོགས་པའི་ཕྱིར་རོ། །ཚོར་བ་ནི་མྱོང་བའོ། །འདུ་ཤེས་ནི་མཚན་མར་འཛིན་པ་ཉིད་དོ། །འདུ་བྱེད་ནི་མངོན་པར་འདུ་བྱེད་པ་ཉིད་དོ། །རྣམ་པར་ཤེས་པ་ནི་རྣམ་པར་ ཤེས་པའི་ཕུང་པོ་སྟེ་དམིགས་པ་སོ་སོར་རྣམ་པར་རིག་པའི་ཕྱིར་རོ། །འདི་དག་གིས་ནི་སེམས་ཉིད་གཟུགས་སུ་སྣང་བ་ཉིད་དུ་བསྟན་ཏོ། །གལ་ཏེ་དེ་ལྟ་ན་ནི་གཟུགས་མེད་པ་ལས་ནི་གཟུགས་སུ་སྣང་བས་རྒྱུའི་བྱེད་པ་དང་། འབྲས་བུའི་བྱེད་པ་གཞན་དུ་ཉེ་བར་སྦྱར་བར་འགྱུར་རོ། །འདི་ གཉིས་ནི་ངོ་བོ་གཅིག་པ་ཡང་མ་ཡིན་ཏེ། གཟུགས་དང་གཟུགས་མེད་པ་གཅིག་གིས་གཅིག་སྤངས་པ་ཡིན་པའི་ཕྱིར་རོ། །འབྲེལ་པ་ཡོད་པར་ངེས་པ་མེད་དེ། གང་གིས་གང་གི་དུས་ན་རག་ལས་པར་འགྱུར་བ་དང་མེད་ན་མི་འབྱུང་བ་འགྱུར་བའི་ངེས་པ་མེད་དོ་ཞེ་ན་མ་ཡིན་ཏེ། རྣམ་པར་ཤེས་ པ་འཕོ་བའི་མདོ་ལས་འདི་ཉིད་རྒྱས་པར་གསུངས་ཏེ། བཟང་སྐྱོང་དཔེར་ན། རླུང་གི་ཁམས་གཟུགས་ཅན་མ་ཡིན་པ་ཡང་བསྟན་དུ་ཡོད་ཅིང་གཟུང་དུ་མེད་པ་ལས་གཟུགས་སུ་སྣང་ངོ་། །དེ་ལ་བསྟན་དུ་ཡོད་པ་ནི་ཤིང་འགུལ་ཞིང་གཡོ་བ་དང་སྒྲ་འུར་འུར་པོའི་སྐད་འབྱིན་པ་དང་། གྲང་བ་ དང་དྲོ་བའི་རེག་པས་ཚོར་བ་སྐྱེད་པ་ཡིན་ཡང་རྐང་ལག་དང་གདོང་དང་མིག་ལ་སོགས་པར་དམིགས་པར་མི་འགྱུར་ཏེ། སྔོ་བསངས་དང་དཀར་བ་དང་། དམར་བ་ཞེས་བྱ་བ་ལ་སོགས་པའི་ཁ་དོག་ཡོངས་སུ་གསལ་བ་མི་དམིགས་སོ། །བཟང་སྐྱོད་དེ་བཞིན་དུ་རྣམ་པར་ཤེས་པའི་ཁམས་འདི་ཡང་ གཟུགས་སུ་མི་དམིགས་ཤིང་གཟུགས་སུ་སྣང་བར་མི་འགྱུར་ཏེ་འོན་ཀྱང་གང་ལ་གནས་ཀྱང་འབྱུང་བར་འགྱུར་རོ། །དེ་བས་ན་ཁྱོད་ཀྱི་བྱེ་བྲག་དེ་དག་གིས་རྣམ་པར་ཤེས་པའི་ཁམས་རྟོགས་པར་བྱའོ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེའི་ཕྱིར་རླུང་དང་རྣམ་པར་ཤེས་པ་ གཟུགས་མེད་པས་རྣམ་པ་གསུམ་མར་གྱི་ནང་དུ་མར་བཅུག་པ་དང་འདྲ་བར་འདྲེས་པར་གྱུར་ནས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་བྱ་བ་ཐམས་ཅད་རྫོགས་པར་བྱེད་དོ། །གཞན་ཡང་། རང་རིག་ཙམ་གྱི་ཡེ་ཤེས་ནི། །ནམ་མཁའ་འདྲ་བར་མཚན་ཉིད་མེད། །འོན་ཀྱང་ དེ་ལ་དབྱེ་བ་ཡོད། །མཚན་མོ་ཉིན་མོ་མཚམས་བདག་ཉིད། །སྣང་བ་དང་ནི་སྣང་བ་མཆེད། །དེ་བཞིན་སྣང་བ་ཐོབ་པ་དེ། །སེམས་ནི་རྣམ་པ་གསུམ་དུ་བཤད། །དེ་ཡི་གཞི་ནི་བཤད་པར་བྱ། །ཕྲ་བའི་གཟུགས་ཅན་རླུང་དང་ནི། །ཡེ་ཤེས་དག་ནི་འདྲེས་འགྱུར་པ། །དབང་ པོའི་ལམ་ནས་བྱུང་ནས་ནི། །ཡུལ་རྣམས་ལ་ནི་དམིགས་པར་བྱེད། །གང་ཚེ་སྣང་བ་ལྡན་གྱུར་པ། །རླུང་ནི་བཞོན་པར་གྱུར་པ་ཡིན། །དེ་ཚེ་རང་བཞིན་དེ་ཐམས་ཅད། །མ་ལུས་ལུས་པ་མེད་པར་འབྱུང་། །རླུང་ནི་གང་དང་གང་དུ་གནས། །དེ་དང་དེ་ནི་རང་བཞིན་འབྱུང་། །ཞེས་བྱ་བ་ལ་སོགས་ པ་རྒྱ་ཆེར་གསུངས་སོ། །གཞུང་གཞན་དག་ལས་ཀྱང་རྣམ་པར་ཤེས་པ་འདིས་ནི་ཇི་སྲིད་དུ་ལུས་སྐྱེ་བར་བྱེད། འཆི་བར་བྱེད་ཅིང་ཉིང་མཚམས་སྦྱོར་བར་བྱེད་ཀྱི། །རྣམ་པར་ཤེས་པ་ལ་ནི་སྐྱེ་བ་དང་འཆི་བ་ཡོད་པ་མ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་རྒྱ་ཆེར་གསུངས་སོ། །དེ་ནས་ཡེ་ཤེས་ ལྔའི་མཚན་ཉིད་རྒྱས་པར་བཤད་པར་བྱ་སྟེ་དེའི་ཕྱིར། མཉམ་ཉིད་སོ་སོར་རྟོག་པ་དང་། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་མཉམ་པ་ཉིད་ཅེས་བྱ་བ་ནི་རྐང་མེད་དང་། རྐང་གཉིས་དང་རྐང་བཞི་དང་། རྐང་མངས་དང་། འཇིག་རྟེན་གྱི་ཆོས་བརྒྱད་ལ་སོགས་པ་རང་བཞིན་གྱི་ སེམས་ཙམ་དང་རང་བཞིན་མེད་པར་གཅིག་པར་རྟོགས་པས་ནི་མཉམ་པ་ཉིད་དོ། །གང་གིས་གང་གི་དེ་ཉིད་ཡོངས་སུ་ཤེས་པར་གྱུར་པ་དེ་ནི་དེའི་ཡེ་ཤེས་ཡིན་པའི་ཕྱིར་དེ་ལ་དེ་སྐད་ཅེས་བྱའོ། །གང་གི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་དང་། ཕྱི་དང་ ནང་གི་ཆོས་ཐམས་ཅད་སོ་སོར་རྣམ་པར་ཕྱེ་སྟེ་རྣམ་པར་བརྟགས་ན་ཐམས་ཅད་སངས་རྒྱས་ཀྱི་རང་བཞིན་ནོ། །ཆོས་ཐམས་ཅད་ཀྱི་ཆ་ཤས་ནི་འདི་དག་གོ་ཞེས་པདྨའི་འདབ་མ་ལྟར་སོ་སོར་རྟོག་པ་སྟེ་གང་ལ་གང་གིས་ཆོས་ཡོད་པར་གྱུར་པ་གང་དང་གང་ཡིན་པ་དེ་དང་དེའི་ཇི་ལྟར་གྱུར་ པ་ཤེས་པ་དེ་ལ་དེ་སྐད་ཅེས་བྱའོ། །བྱ་བ་གྲུབ་པས་ན་བྱ་བ་གྲུབ་པ་ཉིད་དེ། བདག་དང་གཞན་གྱི་བྱ་བ་ལུས་དང་ངག་དང་ཡིད་ཀྱི་ལས་ཡོངས་སུ་རྫོགས་པར་གྱུར་པ་ཉིད་གང་ལ་གང་གིས་ཇི་ལྟར་ཡོངས་སུ་བྱེད་པ་དེ་ལ་དེ་སྐད་ཅེས་བྱའོ། །མེ་ལོང་ནི་མེ་ལོང་ལྟ་བུའི་ཡེ་ཤེས་ཏེ། ཕྱི་དང་ནང་གི་ ཆོས་ཐམས་ཅད་མེ་ལོང་གི་གཟུགས་བརྙན་སྣང་བ་བཞིན་དུ་སྣང་བ་སྟེ། ཆོས་གང་ཞིག་གང་གིས་ཇི་ལྟར་ཡོངས་སུ་ཤེས་པར་གྱུར་པ་དེ་ལ་དེ་སྐད་ཅེས་བྱའོ། །ཆོས་ཀྱི་དབྱིངས་ནི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཏེ་ལུས་དང་ངག་དང་ཡིད་ཀྱི་སྒྲིབ་པ་དག་ཅིང་ལས་དང་ཉོན་མོངས་པ་ལས་གྲོལ་ ཏེ། དགེ་བ་དང་མི་དགེ་བའི་བག་ཆགས་ཕྲ་རྒྱས་མ་ལུས་པ་ཐམས་ཅད་སྤངས་ནས་གནས་པ་ནི་ཆོས་ཀྱི་དབྱིངས་སྤྲོས་པ་ཐམས་ཅད་དང་བྲལ་བའི་ཡེ་ཤེས་ཏེ། འདི་དག་གི་དོན་ནི་སེམས་ཉིད་ཐོག་མ་ལ་སོགས་པ་དང་བྲལ་ཡང་ཡེ་ཤེས་སུ་ཡང་འགྱུར་བ་སྟེ་གོང་དུ་བརྗོད་པའི་ལུང་ཉིད་ བཞིན་ནོ། །དེ་ནས་སེམས་དེ་ཉིད་སྐྱེ་མཆེད་ཀྱི་ངོ་བོར་ཡང་འགྱུར་རོ་ཞེས་བྱ་བ་དེ་ཉིད་བསྟན་པའི་ཕྱིར། ཡིད་ཀྱི་སྐྱེ་མཆེད་ཉིད་དང་ནི། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ་ཆོས་ལ་དམིགས་པ་དང་། བདག་དང་གཞན་གྱི་ཡུལ་རིག་པ་དང་། སྤྱི་དང་བྱེ་བྲག་ལ་སོགས་པ་རིག་པར་བྱེད་པ་ནི་ཡིད་ཀྱི་ སྐྱེ་མཆེད་དེ་དུས་གཅིག་པ་ཉིད་དོ། །མིག་དང་ཞེས་བྱ་བ་ལ་སོགས་པ་ནི་ཡུལ་གཅིག་པ་ཉིད་དེ་རང་གི་ཡུལ་ལ་དམིགས་པ་དང་། རང་གི་མཚན་ཉིད་རིག་པ་ལ་སོགས་པའོ། །དེའི་སེམས་ལ་དམིགས་པ་ནི་གནས་པའི་རླུང་ལ་དབང་ཐོབ་ནས་འབྱུང་ངོ་། །གང་གིས་གནས་པ་ནི་གང་ ཞིག་གང་དུ་བྱས་པ་དེ་ལ་རག་ལས་པར་འགྱུར་རོ་ཞེས་བསྟན་པའི་ཕྱིར། གང་ཡང་ཁམས་གསུམ་སེམས་ཅན་རྣམས། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཐེག་པ་ཆེན་པོའི་རིགས་ཅན་ནོ། །སྲོག་དང་རྩོལ་བ་ནི་སྲོག་དང་རྩོལ་བ་སྟེ་རྩ་བ་དང་ཡན་ལག་གི་རླུང་ངོ་། །འདི་ལ་བརྟེན་ ནས་ཅི་བྱེད་ཅེ་ན། གསང་སྔགས་རྒྱལ་པོ་སྟེ། རྡོ་རྗེ་བཟླས་པ་ཞེས་བྱ་བའི་དོན་ཏོ། །འདི་དག་ནི་འོག་ནས། །སྣ་ཡི་རྩེ་མོར་ཡུངས་ཀར་བསམ། །ཞེས་བྱ་བ་ལ་སོགས་པས་ཀྱང་སྟོན་ལ། འདི་དག་རྒྱས་པར་ནི་བཤད་པའི་རྒྱུད་ལས་གསུངས་ཏེ། སངས་རྒྱས་ལྔ་ཡི་རིགས་ གནས་པ། །སྣ་རྩེའི་བུ་ག་ལས་བྱུང་ཞིང་། །རླུང་ལྔ་སྟེང་དུ་ཡང་དག་རྒྱུ། །ལུས་ལ་རྟག་ཏུ་སྤྱོད་པར་འགྱུར། །ཀུན་རྫོབ་སྣར་ནི་སྤྱོད་པར་ནི། །སྒོ་དེ་ལས་ནི་རྣམ་པར་འབྱུང་། །གཡོན་དང་གཡས་དང་གཉི་ག་དང་། །དལ་བར་རྒྱུ་དང་རྣམ་པ་བཞི། །ཞེས་བྱ་བ་ལ་སོགས་པ་གསུངས་ ཏེ་འདི་དག་གིས་རྒྱས་པར་ཤེས་པར་བྱའོ། །འོག་ནས་སོ་སོར་སྡུད་དང་ཞེས་བྱ་བ་ལ་སོགས་པའི་སྐབས་སུ་ཡང་འཆད་པར་འགྱུར་རོ། །མི་ཤེས་བསམ་གཏན་ཀློག་པ་སྤངས། །ཞེས་པ་འདིས་ནི་སློང་མོ་ཟ་ཞིང་མི་བཟླས་ཏེ་ཞེས་བྱ་བ་ལ་སོགས་པ་བསྟན་ཏོ། །འདིར་ནི་སྒོམ་ པའི་རྟེན་དང་ཐབས་སྤང་བར་བྱ་བ་ཙམ་ཞིག་དངོས་སུ་བསྟན་ལ། ཡོན་ཏན་དང་ལས་དང་འབྲས་བུ་ཤུགས་ཉིད་ཀྱིས་བསྟན་པས་དེ་ལས་གཞན་གྱི་སྤྲོས་པ་དང་བཅས་པའི་བཤད་པ་ཐམས་ཅད་ནི་ཤུགས་ཀྱིས་འདིར་ཤེས་པར་བྱའོ། །རྒྱས་པར་ནི་འོག་ནས་ཤེས་པར་བྱའོ། །དེ་ནས་ དགེ་བ་དང་མི་དགེ་བའི་ལས་དང་འབྲས་བུ་སེམས་ལས་འབྱུང་ངོ་ཞེས་བསྟན་པའི་ཕྱིར། འབྱུང་བ་འདི་ལས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་འབྱུང་བ་ནི་སྣང་བ་གསུམ་རྐྱེན་དང་བཅས་པའོ། །རང་བཞིན་ནི་བཤད་ཟིན་ཏོ། །དགེ་དང་མི་དགེ་བའི་ལས་ཞེས་པ་ནི་འདི་ལས་དགེ་བ་དང་མི་དགེ་ བའི་ལས་བྱུང་ཞེའོ། །དེ་ལས་སྐྱེ་བ་འབྱུང་བ་ཡིན། ཞེས་བྱ་བ་ནི་བཟང་པོ་དང་ངན་པ་དང་འདོད་པ་དང་མི་འདོད་པ་ལ་སོགས་པ་འབྱུང་བར་འགྱུར་ཞེས་པའོ། །འདི་དག་རྒྱས་པར་ནི་བཅོམ་ལྡན་འདས་ཀྱིས་རྡོ་རྗེ་གཙུག་ཏོར་གྱི་རྒྱུད་ལས་གསུངས་ཏེ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ པ་གསང་བའི་བདག་པོ་ཉོན་ཅིག །ལུས་ཀྱི་ཉེས་པར་སྤྱོད་པ་ནི་རྣམ་པ་གསུམ་མོ། །ངག་གི་ཉེས་པར་སྤྱོད་པ་ནི་རྣམ་པ་བཞིའོ། །ཡིད་ཀྱི་ཉེས་པར་སྤྱོད་པ་ནི་རྣམ་པ་གསུམ་སྟེ་དེ་དག་གིས་སེམས་ཅན་དམྱལ་བར་ལྟུང་བར་འགྱུར་རོ། །ཕྱག་ན་རྡོ་རྗེས་གསོལ་བ་ལུས་ཀྱི་ ཉེས་པར་སྤྱོད་པ་དང་ངག་གི་ཉེས་པར་སྤྱོད་པ་དང་། ཡིད་ཀྱི་ཉེས་པར་སྤྱོད་པ་ནི་དུ་ཞིག་མཆིས། བཅོམ་ལྡན་འདས་ཀྱིས་བཤད་དུ་གསོལ། །བདེ་བར་གཤེགས་པས་བཤད་དུ་གསོལ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གསང་བའི་བདག་པོ་ཉེས་པར་སྤྱོད་པ་དེ་ཉིད་ནི་ ཐ་མལ་པ་རྣམས་ཏེ། དེ་ལ་ཕ་མ་དང་བླ་མར་གྱུར་པ་ལ་སོགས་པ་གསོད་པ་དང་། བརྡེག་པར་སྤྱོད་པ་ནི་ཉེས་པར་སྤྱོད་པ་ལྕི་བའོ། །སྲོག་གཅོད་པ་ལ་སོགས་པ་མི་དགེ་བའི་ལས་ཀྱི་ལམ་རྣམས་ནི་ཉེས་པར་སྤྱོད་པ་ཐ་མལ་པའོ་ཞེས་བྱ་བ་ལ་སོགས་པ་རྒྱས་པར་གསུངས་སོ། ། དེ་ནས་ཕུང་པོ་ལྔ་ནི་ཡོངས་སུ་དག་པའི་རིགས་ལྔར་བསྐྱེད་པའི་རིམ་པར་འགྱུར་ལ། དེ་དག་སྒྱུ་མའི་དཔེ་བཅུ་གཉིས་ཀྱིས་ཉེ་བར་མཚོན་པས་སྒྱུ་མ་ལྟ་བུའི་སྐུར་འགྱུར་རོ་ཞེས་བསྟན་པའི་ཕྱིར། འགྲོ་བར་འབྱུང་བའི་ཕུང་པོ་ཡང་། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། །འགྲོ་བར་འབྱུང་བའི་ཕུང་པོ་ནི་ གཟུགས་ལ་སོགས་པའོ། །སངས་རྒྱས་ལྔ་ཡི་བདག་ཉིད་དེ། །ཞེས་བྱ་བ་ནི་རྣམ་པར་སྣང་མཛད་ལ་སོགས་པ་སངས་རྒྱས་ཀྱི་རང་བཞིན་ཏེ། མདོར་ན་ཕུང་པོ་ལྔ་རྣམས་ནི། །ཞེས་བྱ་བ་ལ་སོགས་པས་རྒྱས་པར་བསྟན་ཏོ། །མངོན་པར་བྱང་ཆུབ་པ་རྣམ་པ་ལྔ་ནི་ས་བོན་ཡོངས་སུ་རྫོགས་ པར་འདོད་པས་ཟླ་བ་ལ་སོགས་པ་ཡོངས་སུ་སྒྲུབ་པའོ། །མིང་གིས་བསྐུལ་བ་ནི་མིང་གིས་བསྐུལ་བ་སྟེ་རང་གི་རྐྱེན་གྱིས་བསྐུལ་བའོ། །ཡང་ན་མིང་གིས་བསྐུལ་བ་ནི་སེ་གོལ་གྱི་སྒྲས་བསླངས་ཏེ་གང་གིས་དེ་ཁོ་ན་ཉིད་གསལ་བ་ཡོངས་སུ་རྫོགས་པར་འགྱུར་བའོ། །དེ་ནས་ས་ལ་སོགས་ པ་འབྱུང་བ་ལྔ་པོ་འདི་དག་ནི་སྤྱན་མ་ལ་སོགས་པ་ཡུལ་གྱི་རང་བཞིན་ནོ་ཞེས་བསྟན་པར་བྱ་བའི་ཕྱིར། རླུང་དང་མེ་དང་ཆུ་དང་ས། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ་ཕྱི་དང་ནང་གི་སྲ་བའི་དངོས་པོར་གྱུར་པ་དང་། རྟེན་པར་བྱེད་པའི་ས་ནི་སྤྱན་མའི་རང་བཞིན་ནོ། །གཤེར་བ་དང་སྡུད་པར་ བྱེད་པའི་ཆུ་ནི་མཱ་མ་ཀཱིའི་རང་བཞིན་ནོ། །ཚ་བ་དང་སྨིན་པར་བྱེད་པའི་རང་བཞིན་མེ་ནི་གོས་དཀར་མོའི་རང་བཞིན་ནོ། །ཡང་ཞིང་གཡོ་བའི་རླུང་ནི་སྒྲོལ་མའི་རང་བཞིན་ནོ། །ཡེ་ཤེས་བདག་ཉིད་སྤྱན་གསུམ་ནི། གང་ལ་གང་དུ་ཇི་ལྟར་གནས་པ་དེ་དང་དེ་ལ་དེ་སྐད་ཅེས་བྱའོ། །ལྷག་མས་ནི་ ཡོན་ཏན་བསྟན་པ་ཉིད་དོ། །དེ་ནས་སྐུ་དང་གསུང་དང་ཐུགས་བྱིན་གྱིས་བརླབ་པ་བསྟན་པར་བྱའོ་ཞེས་བྱ་བ་འབྱུང་བས་དེ་བཤད་པའི་ཕྱིར། ཐམས་ཅད་དེ་བཞིན་གཤེགས་པའི་ལུས། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ནི་རྡོ་རྗེ་འཆང་ཆེན་པོ་ལ་སོགས་པ་སྟེ། དེའི་ལུས་ཇི་ལྟར་བྱ་ཞེ་ན། ཕྱག་རྒྱ་བཞིས་ནི་རྒྱས་བཏབ་ཅིང་། །ཞེས་བྱ་བ་ནི་ཆོས་དང་ལས་དང་དམ་ཚིག་དང་ཕྱག་རྒྱ་ཆེན་པོས་ཐོབ་པར་བྱ་བའོ། །མིག་ལ་སོགས་པའི་བདག་ཉིད་དེར། །ཞེས་བྱ་བ་ནི་མིག་དང་རྣ་བ་ལ་སོགས་པའི་ནང་ལ་སོགས་པའོ། །ཅི་བྱ་ཞེ་ན་ས་སྙིང་ལ་སོགས་རབ་ ཏུ་བརྟག །ཅེས་པ་སྟེ་མིག་ལ་སོགས་པར་སའི་སྙིང་པོ་ལ་སོགས་པ་བསྒོམ་པར་བྱའོ་ཞེས་བྱ་བའི་དོན་ཏོ། །དེ་ནས་བདུད་ཐམས་ཅད་དང་བར་དུ་གཅོད་པ་ཐམས་ཅད་སྤང་བར་བྱ་བའི་ཕྱིར་ལུས་འདི་ནི་ཁྲོ་བོ་བདུད་ཐམས་ཅད་ངེས་པར་འཇོམས་པའོ་ཞེས་བསྟན་པར་འགྱུར་ བས་རོལ་བའི་དགའ་བ་ནི་རོལ་པའི་དགའ་བ་སྟེ་སྙོམས་པར་འཇུག་པའི་བདག་ཉིད་ཅན་ནོ། །ཁྲོ་བོའི་རྒྱལ་པོ་ནི་ཁྲོ་བོའི་རྒྱལ་པོ་སྟེ། གང་ཞིག་གང་ལས་གང་དུ་གྱུར་པ་དེ་ལ་དེ་སྐད་ཅེས་བྱའོ། །དེ་ཉིད་ནི་སྟོབས་ཆེན་ཏེ་གདུག་པ་ཐམས་ཅད་འདུལ་བའི་སྟོབས་ཆེན་པོ་དང་ལྡན་པ་གང་ཡིན་ པ་དེ་ལ་དེ་སྐད་ཅེས་བྱའོ། །དགོད་པའི་གནས་བསྟན་པ་གསུངས་པ། །དེ་ནི་ཕྱོགས་མཚམས་ངོ་བོ་རུ། །དཔུང་པ་ཡན་ལག་རྣམས་སུ་བརྟག །ཅེས་པ་ནི་ཕྱི་རོལ་གྱི་ཕྱོགས་དང་མཚམས་ཀྱི་ངོ་བོ་དང་ནང་གི་དཔུང་པ་ལ་སོགས་པར་གང་གིས་སྒོམ་པར་གྱུར་པ་དེ་ལ་དེ་སྐད་ཅེས་བྱའོ། ། འདི་དག་གིས་ནི་སྤྲུལ་པའི་དཀྱིལ་འཁོར་སྦྱོར་བ་གསུམ་ཡང་གསུངས་ལ། སྦྱོར་བ་གཅིག་ཀྱང་གསུངས་སོ། །འདི་དག་རྒྱས་པར་ནི། །སེམས་ཀྱིས་གཞན་ནི་མི་བསམ་པར། །སེམས་དཔའ་ཆེན་པོས་མཉན་པར་གྱིས། །རྡོ་རྗེ་སློབ་དཔོན་ལུས་འདི་ལ། །རྒྱལ་བའི་སྐུ་ནི་རིམ་བཞིན་ གནས། །དང་པོ་སྐུ་ཡི་རྡོ་རྗེ་ནི། །ཞེས་བྱ་བ་འོག་ནས་འཆད་དོ། །ཡང་འདི་སྐད་དུ། གང་གི་ཕྱིར་སྤྲུལ་པའི་སྐུ་གསང་བ་འདི་དངོས་སུ་ཐ་དད་པའམ། ཐ་མི་དད་པའམ་བསྟན་ནས་སྣང་ངམ་འོན་ཏེ་མ་བསྟན་ན་སྣང་དེ་ལས་ཅིར་འབྱུང་། གལ་ཏེ་ཐ་དད་ན་ནི་གཅིག་པ་ཉིད་དུ་བཤད་ པར་མི་འགྱུར། གང་ཞིག་གང་ལས་གྱུར་པ་དེ་ཡང་འདི་ལས་མ་གྱུར་པ་མེད་པ་དང་འགལ་བར་གནས་པ་དང་རྣམ་པར་བཤད་པ་མི་རིགས་སོ་ཞེས་པ་དེ་གསལ་བར་བཤད་པའི་ཕྱིར། །དེ་དང་དེ་ཡི་རིགས་བྱུང་བ། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་དང་དེ་ནི་རྡོ་རྗེའི་རིགས་ལ་ སོགས་པ་སྟེ་གང་དང་གང་ཞེ་ན་ལྷ་དང་ལྷ་མོ་སྟེ། རིགས་ཅན་རྣམས་སྨིན་པ་དང་གྲོལ་བར་བྱ་བའི་ཕྱིར་སྣང་ཞེའོ། །འདི་དག་གིས་ཀྱང་འདི་སྐད་དུ་སྟོན་པར་འགྱུར་ཏེ། གང་གི་ཕྱིར་དེ་བཞིན་གཤེགས་པ་ཐམས་ཅད་ནི་ཐུགས་རྗེ་དང་སྨོན་ལམ་གྱི་དབང་གིས་སེམས་ཅན་གྱི་དོན་དུ་མི་ འགྱུར་བ་ནམ་ཡང་མི་མཛད་ལ། སངས་རྒྱས་ཀྱི་རོལ་མོ་འདིས་ཀྱང་སེམས་ཅན་ཐམས་ཅད་སྨིན་ཅིང་གྲོལ་བར་འགྱུར་བས་ན་དེ་ལ་དེ་བསྟན་ཏོ་ཞེའོ། །འདི་དག་གིས་ནི་ལྷའི་སྐུ་སྣ་ཚོགས་པར་སྣང་བ་དྲང་བའི་དོན་ཡིན་ཞེས་པའོ། །འོ་ན་ངེས་པའི་དོན་གང་ཡིན་ཇི་ལྟར་མཐོང་ཞེ་ན། གཉིས་སུ་མེད་ཅིང་དབྱེར་མེད་པ་རང་བཞིན་གྱིས་འོད་གསལ་བ་ཡིན་ནོ་ཞེས་རྟོགས་པར་བྱ་བའི་ཕྱིར། དེ་བས་གཉིས་མེད་མཐོང་བ་ཡི། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ་དེ་བས་ན་ཞེས་པ་ནི་ཚིགས་སུ་བཅད་པ་གོང་མ་གཏན་ཚིགས་ཉིད་ཡིན་པར་བསྟན་ཏོ། །གཉིས་མེད་མཐོང་བ་ ནི་གཉིས་མེད་མཐོང་བ་སྟེ་གང་གིས་འོད་གསལ་བ་མཐོང་བའོ། །དེས་ཅིར་འགྱུར་ཞེ་ན། ཡེ་ཤེས་གསུམ་མཐོང་ཕྱིར་ཞེས་པ་སྣང་བ་གསུམ་གྱི་དེ་བཞིན་ཉིད་གང་དུ་མཐོང་བར་འགྱུར་བ་དེ་ལ་དེ་སྐད་ཅེས་བྱའོ། །འདི་དག་གིས་ནི་དེ་ཁོ་ན་ཉིད་གང་ཡིན་པ་འདི་ཉིད་ངེས་པའི་དོན་ཡིན་ལ་བླང་ བར་བྱ་བ་ཡང་ཡིན་པས་ཐབས་གཞན་གྱིས་ཀྱང་རྙེད་པ་མ་ཡིན་པར་བསྟན་ཏོ། །འོ་ན་ཅི་རྙེད་པར་འགྱུར་ཞེ་ན། སྣང་བ་ལ་སོགས་པས་རྙེད་པར་འགྱུར་བའི་ཕྱིར། དམན་དང་བར་མ་མཆོག་དང་ནི། །དམ་པའི་ཡུལ་ལ་གཞག་པར་བྱ། །ཞེས་པ་སྣང་བ་དང་སྣང་བ་མཆེད་པ་དང་། སྣང་ བ་ཐོབ་པ་ལ་གནས་པར་བྱ་ཞེས་པའི་དོན་ཏོ། །དེ་ནས་ལངས་པའི་དུས་སུ་སྤྱོད་ལམ་ལ་མི་གནས་ན་ཡོངས་སུ་གྲོལ་བར་མི་འགྱུར་བས་མཐོང་བ་ལ་སོགས་པ་འདི་གང་དང་གང་དུ་བརྟག་ཅེ་ན། དེ་བསྟན་པའི་ཕྱིར་དབང་པོ་རང་ཉིད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། མིག་གི་དབང་པོ་ལ་ སོགས་པ་གང་ཞིག་གཟུགས་ལ་སོགས་པ་གང་དག་ལ་དམིགས་པར་གྱུར་པ་སྟེ། དེ་ཅི་ལྟར་བྱ་ཞེ་ན། དབང་པོ་གང་དང་གང་སྤྱོད་ཡུལ། དེ་དེ་སྣང་བ་ཅན་ཉིད་ཙམ། །ཞེས་པ་གཟུགས་ལ་སོགས་པ་འདི་དག་སེམས་ཀྱི་སྣང་བ་ཙམ་ཡིན་གྱི་ཕྱི་རོལ་ན་ནི་མ་ཡིན་ནོ། །དེ་ཅིའི་ ཕྱིར་ཞེ་ན། ཡུལ་གཅིག་ལ་འདོད་པའི་དབང་གིས་ཐ་དད་དུ་གནས་པའི་ཕྱིར་རོ། །ཡང་ཡུལ་འདི་དག་ནི་སེམས་ཙམ་ཉིད་ཡིན་ཏེ། ཡོད་པ་མ་ཡིན་པ་ལ་དོན་དུ་སྣང་བ་ཉིད་དེ་རབ་རིབ་ཅན་གྱི་ཤེས་པ་བཞིན་ནོ་ཞེས་པ་དང་། ཇི་ལྟར་བྱིས་པས་རྣམ་བརྟགས་པའི། །ཕྱི་རོལ་དོན་ནི་ ཡོད་མ་ཡིན། །བག་ཆགས་ཀྱིས་ནི་དཀྲུགས་པའི་སེམས། །དོན་དུ་སྣང་བར་རབ་ཏུ་འབྱུང་། །ཞེས་པ་ལ་སོགས་པའི་ལུང་དང་རིགས་པ་དག་གིས་ཕྱི་རོལ་གྱི་ཆོས་ཐམས་ཅད་སེམས་ཙམ་ཉིད་དུ་བསྟན་པ་ནི་གོང་དུ་བཤད་པ་ཉིད་དོ། །དེ་བས་ན་ཕྱག་ན་རྡོ་རྗེས་བཤད་པ། ཐབས་ཀྱི་རྒྱུད་དུ་ནི་ཤེས་རབ་ཀྱི་རྒྱུད་ཤེས་པར་བྱའོ། །ཤེས་རབ་ཀྱི་རྒྱུད་དུ་ནི་ཐབས་ཀྱི་རྒྱུད་ཤེས་པར་བྱ་བ་ལ་སོགས་པ་གསུངས་པས་འདི་ནི་འདི་ལྟར་ཤེས་པར་བྱའོ། །དེ་བས་ན་བདག་ཉིད་ཀྱི་སྤྱོད་ལམ་འདི་ནི་བསྟན་པར་འགྱུར་བས་ཀུན་རྟོག་ལ་སོགས་པ་ཉེ་བར་དགག་པར་དགོངས་སོ། །དེ་ནི་ དབང་པོས་གཟུགས་ལ་སོགས་པའི་ཞེན་པ་བཟློག་ནས་བདག་ཉིད་ཚིམ་པར་བྱའོ་ཞེས་འབྱུང་བས་དེ་བསྟན་པར་བྱ་བའི་ཕྱིར་གསུངས་པ། དབང་པོ་དེ་དེའི་ལམ་ནས་ནི། །ཞེས་བྱ་བ་དབང་པོ་ལ་བརྟེན་ནས་གཟུགས་ཡོངས་སུ་མཐོང་བར་གྱུར་པའོ། །ཅིར་འགྱུར་ཞེ་ན། སྒྲུབ་པ་པོས་ནི་ཡུལ་ ཐོབ་པ། །ཞེས་པ། སྒྲུབ་པ་པོ་བདག་ཉིད་ཀྱིས་ལྷ་དང་ལྷ་མོར་བྱས་པ་དེ་ནི་ཡུལ་ལ་དབང་ཐོབ་པར་གྱུར་པའོ། །དེ་ཇི་ལྟར་བྱ་ཞེ་ན། དེ་ནས་དེ་རྣམས་མ་ལུས་པར། །ཚིམ་པར་བྱ་ཕྱིར་དབུལ་བར་བྱ། །ཞེས་པ་གང་གིས་བདག་ཉིད་ཕྱག་རྒྱ་ཆེན་པོར་ཡོངས་སུ་རྫོགས་པར་བྱ་སྟེ་བདག་ ཉིད་ལ་ཀུན་དུ་དབུལ་ཞེས་པའི་དོན་ཏོ། །དེ་དག་གི་དོན་ཡང་འདི་སྐད་དུ་སྟོན་པར་འགྱུར་ཏེ། གང་གིས་རང་ཉིད་ལྷའི་ཆོ་ག་ཡོངས་སུ་རྫོགས་པར་བྱ་སྟེ། རྣལ་འབྱོར་མ་དང་ཐམས་ཅད་ཀུན་དུ་གང་གིས་ལེགས་པར་གནས་ནས་ལ་ལ་ནི་གཟུགས་ཀྱི་ལྷ་མོར་གྱུར་ཏེ་བདག་ཉིད་ཀུན་དུ་མཉེས་ པར་གྱུར་ཏོ། །ལ་ལ་ནི་སྒྲའི་ལྷ་མོར་གྱུར་ཏེ་བདག་ཉིད་ཀུན་དུ་མཉེས་པར་གྱུར་ཏོ། །ལ་ལ་ནི་དྲིའི་ལྷ་མོར་གྱུར་ཏེ་བདག་ཉིད་ཀུན་དུ་མཉེས་པར་གྱུར་ཏོ། །ལ་ལ་ནི་རོའི་ལྷ་མོར་གྱུར་ཏེ་བདག་ཉིད་ཀུན་དུ་མཉེས་པར་གྱུར་ཏོ། །ལ་ལ་ནི་རེག་བྱའི་ལྷ་མོར་གྱུར་ཏེ་བདག་ཉིད་ཀུན་དུ་ མཉེས་པར་གྱུར་ཏོ། །ལ་ལ་ནི་སྙོམས་པར་ཞུགས་པའི་ཡུམ་དུ་གྱུར་ཏེ་བདག་ཉིད་ཀུན་དུ་མཉེས་པར་གྱུར་ཏོ། །འདི་དག་གི་དུས་སུ་ཡང་རོལ་པ་སྣ་ཚོགས་ཀྱི་གླུ་དང་རོལ་མོ་སྣ་ཚོགས་ཀྱི་གར་དང་། རོལ་པ་སྣ་ཚོགས་ཀྱིས་འཕྱང་བ་དང་། རོལ་པ་སྣ་ཚོགས་ཀྱིས་སྒེག་པ་དང་། རོལ་པ་སྣ་ཚོགས་ཀྱིས་རྩེ་བ་ལ་སོགས་པ་ལ་ཀུན་དུ་སྤྱོད་པ་ཡོངས་སུ་སྤྱོད་དོ། །ད་ནི་སྐུ་གསུམ་ཡང་བཤད་པར་བྱ་སྟེ། ཆོས་ཀྱི་སྐུ་ལ་སོགས་པ་འདི་གཅིག་པའམ་ཐ་དད་པར་འགྱུར། དེ་ལས་ཅིར་འགྱུར་གལ་ཏེ་གཅིག་པ་ཡིན་ན་ནི་སྣང་བ་ཉིད་དང་འགལ་བར་འགྱུར་ལ། ཐ་དད་ན་ནི་རིགས་པས་ འཁྲུགས་སོ་ཞེ་ན་མ་ཡིན་པའི་ཕྱིར། སྐུ་གསུམ་དག་ནི་ཞེས་པ་ཆོས་ཀྱི་སྐུ་དང་ལོངས་སྤྱོད་རྫོགས་པའི་སྐུ་དང་སྤྲུལ་པའི་སྐུའོ། །ཐ་དད་ན་ནི་འགལ་བར་གནས་སོ། །དེ་སུས་བསྟན་ཞེ་ན། སྐྱོབ་པས་བསྟན་ཏེ་སེམས་ཅན་ཐ་དད་པ་ལ་གཞོལ་བའི་དབང་དུ་བྱ་སྟེ་བཅོམ་ལྡན་འདས་ཀྱིས་སྐུ་གསུམ་ཐ་ དད་པར་བསྟན་ཏོ་ཞེས་བྱ་བ་དྲང་བའི་དོན་ཏོ། །འོ་ན་ངེས་པའི་དོན་དུ་ཇི་ལྟར་བསྟན་ཞེ་ན། རྫོགས་པའི་རིམ་གྱི་སྦྱོར་བ་ཡིས། །ཞེས་པ་ནི་ཆོས་ཀྱི་སྐུ་ལ་སོགས་པའི་ཟུང་འཇུག་སློབ་པའི་རིམ་པས་སོ། །ཅིར་འགྱུར་ཞེ་ན། གཅིག་ཏུ་ཡང་ནི་འགྱུར་བ་ཡིན། །ཞེས་པ་དབྱེར་མེད་དོ་ཞེས་པ་སྟེ། གང་ ཞིག་གང་དང་གང་དུ་གཉིས་སུ་མེད་ཅིང་གཉིས་སུ་དབྱེར་མེད་པའི་རང་བཞིན་ཅན་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །གང་ཞིག་སངས་རྒྱས་སྐུའི་མཚན་ཉིད། །ཅེས་པ་ནི་སྒྱུ་མ་ལྟ་བུའི་སྐུའོ། །ཀུན་རྫོབ་ཀྱི་བདེན་པ་ནི་སྣང་བ་ཙམ་དུ་མི་སླུ་བ་སྟེ་རིམ་པ་གསུམ་པའོ། །དེ་ཉིད་རྫོགས་པའི་སྦྱོར་ གྱུར་པས། །ཞེས་པ་ནི་རིལ་པོར་འཛིན་པ་དང་རྗེས་སུ་གཞིག་པའི་སྦྱོར་བས་སོ། །ཅིར་འགྱུར་ཞེ་ན། འོད་གསལ་པས་ནི་རྣམ་པར་དག །ཅེས་པ། གཅིག་དང་དུ་མ་དང་བྲལ་བར་གྱུར་ཞེས་པའོ། །འདིས་ནི་སྒྱུ་མ་ལྟ་བུ་དེ་ཉིད་འོད་གསལ་བར་འགྱུར་བ་བསྟན་ཏོ། །དེ་ནས་གང་ གིས་སྣང་བ་འདི་ཉིད་ཡོངས་སུ་དག་པས་ལྷ་དང་ལྷ་མོར་འགྱུར་རོ་ཞེས་བསྟན་པའི་ཕྱིར། ཚིག་གི་ལམ་གྱི་ཡུལ་འདི་ཉིད། །ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། ཚིག་གི་ལམ་ནི་ཚིག་གི་བརྗོད་པའི་ཡུལ་ཏེ་སྣོད་དང་བཅུད་ཀྱི་འཇིག་རྟེན་ནོ། །གཙོ་བོ་ནི་ཡབ་རྣམས་སོ། །གཙོ་མོ་ནི་ཤེས་ རབ་ཉིད་དེ་དེའི་སྐུར་སྣང་བ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །སེམས་ཅན་ཀུན་ལ་ཕན་བྱའི་ཕྱིར། །ཞེས་པ་ནི་སེམས་ཅན་རྣམས་བྱང་ཆུབ་ལ་སོགས་པའི་ལམ་ལ་དགོད་པའོ། །འཇའ་ཚོན་བཞིན་དུ་སྣང་བ་ཡིན། །ཞེས་པ་ནི་ཕྱོགས་གཅིག་གི་དཔེ་ཉེ་བར་བསྒྲུབས་པའོ། །དེ་ནས་ སེམས་གསུམ་གྱི་མིང་གི་རྣམ་གྲངས་བསྟན་པ་ནི། །སེམས་དང་སེམས་འབྱུང་མ་རིག་པ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་འདི་དག་ནི་ཤེས་པ་གསལ་བའི་བྱེ་བྲག་གིས་རྣམ་པར་གནས་པར་འགྱུར་བའོ། །ཤེས་རབ་ཐབས་དང་ཞེས་བྱ་བས་ནི་བྱེད་པ་ལ་ལྟོས་ཏེ་རྣམ་པར་ གཞག་གོ། །སྟོང་དང་ཞེས་བྱ་བ་བརྗོད་པ་བཤད་པར་བྱ་བའི་ཕྱིར། རང་བཞིན་སྣང་བ་དབྱེ་ཤེས་ནས། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རང་བཞིན་ནི་འཁྲུལ་བ་ཉིད་དེ་གང་ཞིག་གང་དང་བྲལ་བའི་དུས་ན་འབྱུང་བ་དེ་ལ་དེ་སྐད་ཅེས་བྱའོ་སྣང་བ་ནི་བཤད་ཟིན་ཏོ། །དེ་ཤེས་ནས་ཅི་བྱེད་ཅེ་ན། དེ་ནས་སྤྱོད་པ་རབ་ཏུ་བྱ། །ཞེས་པ་གང་ཞིག་གང་གིས་དུས་སུ་གནས་པ་དེ་ལ་དེ་སྐད་ཅེས་བྱའོ། །དེ་ཅིར་འགྱུར་ཞེ་ན། ལས་ཀྱི་ལུས་ནི་ཡོངས་སྤངས་ནས། །ཞེས་པ་ནི་ཐ་མལ་པའི་ལུས་སྤངས་པའོ། །རྡོ་རྗེའི་སྐུ་ནི་རྡོ་རྗེ་འཆང་ཆེན་པོའི་སྐུ་སྟེ། གང་གིས་གང་ལ་གནས་ན་གང་ ཞིག་གང་དུ་འགྱུར་བ་དེ་ལ་དེ་སྐད་ཅེས་བྱའོ། །ད་ནི་གང་ཞིག་གང་གིས་དུས་སུ་ཇི་ལྟར་བྱ་ཞེ་ན། ཐུགས་ལ་འཇིག་རྟེན་པ་རྣམས་ཀྱི། །དོན་སྤྱོད་བཞག་ནས་ཞེས་པ་སེམས་ཅན་ཐམས་ཅད་ཀྱི་དོན་བྱའོ་ཞེས་བསམ་པར་བྱའོ། །ཇི་ལྟར་བྱ་ཞེ་ན། དེ་བཞིན་གཤེགས་པ་ཀུན་རྫོབ་ཏུ། ། སྐུ་སྤྲུལ་ནས་ཞེས་སྟོང་པ་ཉིད་ཀྱི་ངང་ལ་སྣང་བ་ལ་སོགས་པ་རིམ་གྱིས་ལྷའི་སྐུར་ལྡང་བའོ། །ཇི་ལྟ་ཇི་ལྟར་འདོད་ལ་སྤྱོད། །ཅེས་པ་ནི་འདོད་པའི་ཡོན་ཏན་ལྔ་ལ་ཇི་ལྟར་འདོད་པ་བཞིན་སྤྱོད་པའོ། །དེ་ཅིར་འགྱུར་ཞེ་ན། ཡིད་བཞིན་ནོར་བུ་མཆོག་བཞིན་དུ། །ཞེས་པ་ནི་དཔེ་བསྟན་ པའོ། །འདོད་པ་ཐམས་ཅད་སྟེར་བར་འགྱུར། །ཞེས་པ་ནི་རང་གང་འདོད་པའི་ཡོན་ཏན་ཐམས་ཅད་འབྱུང་བའོ། །སངས་རྒྱས་རྣམས་ཀྱི་ཕུན་ཚོགས་ཀྱང་། །ཞེས་པ་ནི་སངས་རྒྱས་ཀྱི་ཡོན་ཏན་མ་ལུས་པའོ། །སྟོབས་ཀྱི་བླངས་ནས་སྤྱོད་པར་འགྱུར། །ཞེས་པ་ནི་གོང་དང་འབྲེལ་པ་ ཉིད་དོ། །ད་ནི་གང་ཞིག་གིས་སྤྱོད་པ་ལ་བསླབ་པའི་ཆོ་ག་ཇི་ལྟར་བྱ། དེ་ལས་ཅིར་འགྱུར་ཞེ་ན། རྣལ་འབྱོར་དབང་པོ་གང་གང་འདོད། །ཅེས་པ་ནི་གཟུགས་ལ་སོགས་པའོ། །དེ་དེ་ཐོགས་པ་མེད་པར་བྱ། །ཞེས་པ་ནི་དགག་པར་མི་བྱ་ཞེས་པའོ། །ཅིར་འགྱུར་ཞེ་ན། མཉམ་པར་ མ་བཞག་རྣལ་འབྱོར་པ། །རྟག་ཏུ་མཉམ་པར་འཇོག་པར་འགྱུར། །ཞེས་པ་ནི་དེའི་ཡོན་ཏན་བསྟན་ཏོ། །འདི་ཡང་ཁ་ཅིག་འདི་སྐད་ཅེས་ཀྱེ་མ་འདི་ཅི་གང་གིས་གང་ལ་གནས་པ་དེའི་དེར་འགྱུར་བ་ཞིག་གམ། དེ་ལས་གཞན་པས་ཀྱང་འགྱུར། དང་པོ་ལྟར་ན་ནི་གང་ཞིག་བྱེད་པ་གང་ཞིག་ཀྱང་ བྱེད་པར་འགྱུར་བས་དེས་ཀྱང་དེ་ལྟར་འགྱུར་རོ། །དེ་ལས་གཞན་དུ་ནི་འདི་ལ་ཡང་གནོད་པར་འགྱུར་རོ། །ཕྱི་མ་ལྟར་ན་ཡང་རང་གི་འདོད་པ་ལས་གཞན་དུ་གྱུར་པ་ཉིད་དོ་ཞེ་ན་འདི་ཡང་གོང་དུ་བསྟན་པ་ཉིད་དོ། །ཆགས་པ་ལ་དགའ་བའི་རྣལ་འབྱོར་པ་གང་ཞིག་གིས་གང་དུ་ཇི་ལྟར་ གནས་པར་ཇི་ལྟར་འགྱུར་ཞེ་ན། རྡོ་རྗེ་པདྨོ་མཉམ་སྦྱོར་བས། །ཞེས་བྱ་ནི་ཕོ་དང་མོའི་དབང་པོ་གཉིས་སྙོམས་པར་འཇུག་པའི་ཕྱིར་རོ། །ཡེ་ཤེས་གསུམ་གྱི་ཆ་རིག་པ། །ཞེས་བྱ་བ་ནི་རང་བཞིན་མེད་པའི་སྐྱེ་བ་དང་འགག་པའི་བྱེ་བྲག་གི་ཡེ་ཤེས་གསུམ་རིག་པའོ། །བློ་ལ་གོས་དང་མ་གོས་ པ། །ཞེས་པ་ནི་གཟུང་བ་དང་འཛིན་པའོ། །དེར་ནི་བདེ་བར་རྟག་ཏུ་གནས། །ཞེས་པ་ནི་བདེ་བ་ཉིད་ལ་གནས་པའོ་ཞེའོ། །འདི་དག་གི་དོན་ཡང་གང་གིས་རང་གི་བདག་ཉིད་ཀུན་དུ་གནས་པར་གྱུར་ནས་གང་དུ་གང་དང་འབྲེལ་པར་བྱས་ནས་ཀུན་དུ་བདེ་བའི་རྣམ་པ་ཅན་གྱི་སེམས་དང་པོ་ནི་དེའི་སྐུར་ པ་ལ་གཟུང་ངོ་། །དེར་ནི་དང་པོ་འཕེལ་བར་འགྱུར་རོ། །དེ་ནས་ནི་འགག་པར་འགྱུར་རོ། །ས་པི་ཏིའི་གནས་སུ་ནི་རང་གི་རྣམ་གྲངས་ལ་དང་པོ་ནི་འཕེལ་བར་འགྱུར་རོ། །དེ་ནས་ནི་འགག་པར་འགྱུར་རོ། །དེ་ནས་ནི་སྨད་པའི་གནས་སུ་ནི་དང་པོ་ནི་འཕེལ་བར་འགྱུར་རོ། །དེ་ནས་ནི་འགག་ པར་འགྱུར་རོ། །གང་གིས་གང་ནི་ལོག་པའི་དུས་སུ་ཡང་འདི་དག་ནི་སྦྱོར་བ་རབ་ཏུ་གནས་པར་འགྱུར་རོ། །སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ནི་བཤད་ཟིན་ཏོ། །དངོས་བདག་ཀུན་ལ་རྣམ་པར་རོལ། །ཞེས་པ་ནི་སྙོམས་པར་འཇུག་པའོ། །སངས་རྒྱས་མཛད་པ་ནི་འོག་ནས་སྟོན་ཏེ་སྤྱན་མར་ འགྱུར་རོ་ཞེས་བྱ་བ་ལ་སོགས་པ་དང་དུས་སོ་ཞེས་བྱ་བ་ལ་སོགས་པས་བསྟན་ཏོ། །གཏན་ལ་དབབ་པའི་བཞི་ལ་གནས། །ཞེས་པ་ནི་བསམ་གཏན་ལ་གནས་པའོ། །རྣལ་འབྱོར་ལྷག་པའི་རྣལ་འབྱོར་དང་། །ཞེས་པ་ལ་སོགས་པ་ལ་ཏིང་ངེ་འཛིན་གང་གིས་བསྐྱེད་པ་དང་རྫོགས་པའི་རིམ་ པ་རྒྱན་དང་བཅས་པ་ལ་རྩེ་གཅིག་པའོ། །དེས་ཅིར་འགྱུར་ཞེ་ན། རྣལ་འབྱོར་ཆེན་པོར་རང་ཉིད་འགྱུར་རོ། །རྡོ་རྗེ་ཅན་ནི་གཙོ་བོ་ལ་སོགས་པའོ། །མཁའ་འགྲོ་ནི་མཁའ་འགྲོ་མའོ། །གང་ཡང་རྣལ་འབྱོར་དེ་རང་ཉིད། །ཅེས་པ་ནི་གང་རྡོ་རྗེ་ཅན་ལ་སོགས་པ་ཡང་དེ་ཉིད་དོ་ ཞེས་པས་ཐ་དད་པ་མ་ཡིན་པར་བསྟན་ཏོ། །ཀུན་རྫོབ་ཀྱི་བདེན་པ་ལ་གང་ཞིག་གིས་གནས་པས་ཅིར་འགྱུར་ཞེ་ན། བཀག་པ་དག་ཀྱང་བྱེད་པས་ན། །ཞེས་པ་ནི་རྟོག་པའི་དྲ་བ་དང་བྲལ་བའི་ཕྱིར་རོ། །བྱ་དང་བྱ་མིན་རྣམ་སྤངས་ཏེ། །ཞེས་པ་ནི་ཕུང་པོ་ལ་སོགས་པ་བླང་དོར་གྱི་ཆོས་སྤངས་པའོ། ། དེ་ལྟར་ཤེས་པས་ཅིར་འགྱུར་ཞེ་ན། པདྨ་ལ་ནི་འདམ་གྱིས་བཞིན། །ངོ་བོ་ཉིད་ཤེས་གོས་མི་འགྱུར། །ཞེས་པ་ནི་ཆོས་ཐམས་ཅད་ཀྱི་རང་བཞིན་ཤེས་པས་འཁོར་བའི་ཉེས་པས་མི་གོས་ཞེས་པའོ། །ཡོན་ཏན་བརྒྱད་ནི་དབང་དང་ལྡན་པ་ལ་སོགས་པའོ། །སེམས་ཅན་ཐམས་ཅད་ རིགས་འགྱུར་ཞིང་། །ཞེས་པ་ནི་དེ་ལྟ་བུའི་ཆོས་དང་ལྡན་པའི་ཕྱིར་རོ། །འཇིག་རྟེན་ཁམས་རྣམས་མ་ལུས་པར། །བདག་ཉིད་ཡེ་ཤེས་ལུས་ཀྱིས་སྤྱོད། །ཅེས་པ་ནི་དེ་ལྟ་བུའི་ནུས་པ་དང་ལྡན་པའི་ཕྱིར་དེ་ལ་དེ་སྐད་ཅེས་བྱའོ། །གཙོ་བོ་གང་དུ་སྤྱོད་འགྱུར་བ། །ཞེས་པ་ནི་གཙོ་བོ་གང་དང་ གང་དུ་གནས་པའོ། །དེ་ཡི་ཁྱིམ་ནི་ནམ་མཁའ་ཉིད། །ཅེས་པ་ནི་གང་གིས་སྟོང་པ་ཉིད་ཀྱི་ངང་ལ་གནས་པའི་ཕྱིར་རོ། །བདེ་བ་ཆེན་པོའི་ཡུལ་དུ་བྱེད་པ་ནི་བདེ་བ་ཆེན་པོའི་ཏིང་ངེ་འཛིན་ཏོ། །རྟག་ཏུ་དགྱེས་པ་ནི་རྟག་ཏུ་དགྱེས་པ་སྟེ། རང་བཞིན་གྱིས་དགའ་ཞེས་པའི་དོན་ཏོ། །འདི་ལ་ སྣང་བ་དབྱེ་བ་ལ། །ཞེས་པ་ནི་ཐུན་མཚམས་ཉིན་མོ་མཚན་མོ་ཡི། །ཞེས་པ་སྟེ་གང་གི་མཚམས་ལ་སོགས་པར་རང་གི་ཡེ་ཤེས་སྐྱེ་བ་དེ་ལ་དེ་སྐད་ཅེས་བྱའོ། །སྣ་ཚོགས་པ་ཡི་ཐ་སྙད་དག །འཇིག་རྟེན་པས་ནི་ཡོངས་བརྟགས་པ། །ཞེས་པ་ནི་བདག་ལ་སོགས་པ་དང་ས་ལ་སོགས་ པར་བརྟགས་པའོ། །ལམ་གསུམ་གྱི་ནི་དབྱེ་བ་ཡིས། །ཡེ་ཤེས་གསུམ་དུ་རབ་ཏུ་འགྱུར། །ཞེས་པ་ནི་གང་གིས་ལམ་གསུམ་ལ་བརྟེན་པས་འགག་པ་དང་སྐྱེ་བར་འགྱུར་ཞེས་པའོ། །སྐྱེ་དང་གནས་དང་ཞེས་བྱ་བའི་དོན་ནི་བཤད་ཟིན་ཏོ། །དགོད་དང་རྩེད་མོ་བྱེད་པ་དང་། །ཞེས་བྱ་བ་ལ་ སོགས་པ་འདི་དག་ཀྱང་སྤྲོས་པ་དང་བཅས་པ་ལ་སོགས་པའི་སྤྱོད་པ་སྟེ་བཅོམ་ལྡན་འདས་ཀྱིས་ཀྱང་སངས་རྒྱས་ཐམས་ཅད་དང་མཉམ་པར་སྦྱོར་བ་ཞེས་པ་ལས་ཇི་སྐད་དུ་གསུངས་པ་བཞིན་ནོ། །བདག་བྱིན་བརླབ་ཆེན་མ་གཏོགས་པ། །ཞེས་བྱ་བ་ལ་སོགས་པའི་ཚིག་འདི་དག་གི་དོན་ཡང་བདག་ བྱིན་གྱིས་བརླབ་པ་མེད་ན་ནམ་ཡང་འབྲས་བུ་དམ་པ་མི་འཐོབ་ཅེས་བྱ་བའི་དོན་ཏོ། །གཞན་ཡང་ཨེ། ཞེས་བྱ་བ་ནི་བདག་གོ། །བཾ་ནི་བསྐྱེད་པའོ། །མ་ནི་རྩ་བོ། །ཡ་ནི་དང་པོའོ། །ཤྲུ་ནི་རྩ་བོ། །ཏཾ་ནི་གནས་པའོ། །ཨེ་ནི་འགྲོ་བའོ། །ཀ་ནི་སྐྱེ་བའོ། །སྨིན་ནི་འབྱུང་བའོ། །ས་ནི་དེ་ཉིད་དེ་རིག་པའོ། །མ་ནི་འབྱུང་བའོ། །ཡེ་ནི་སྤོང་ བའོ། །བྷ་ནི་འབྱུང་བའོ། །ག་ནི་འགྲོ་བའོ། །བཱན་ནི་སྟེར་བའོ། །ས་ནི་བཏབ་པའོ། །རྦ་ནི་རྟག་པའོ། །ཏ་ནི་སྟོན་པའོ། །ཐཱ་ནི་གཞག་པའོ། །ག་ནི་ལྷག་མ་འགོག་པའོ། །ཏ་ནི་འབུལ་བའོ། །ཀཱ་ནི་གྱུར་པའོ། །ཡ་ནི་དག་པའོ། །བཱ་ཀ་ནི་སྣང་བའོ། །ཙི་ཏ་ནི་བརྗོད་པའོ། །ཏ་ནི་ཐོབ་པའོ། །ཧྲྀ་ནི་སྤྱོད་པའོ། །ད་ནི་སྟེར་བའོ། །ཡ་ནི་གཞག་ པའོ། །བ་ནི་གནས་པའོ། །ཛྲེ་ནི་རོལ་པའོ། །ཡོ་ནི་འགྱུར་བའོ། །ཥི་ཏ་ནི་མི་འགྱུར་བའོ། །བྷ་ནི་སྤྱོད་པའོ། །གེ་ནི་དགོས་པའོ། །ཥུ་ནི་མཐོར་བའོ། །བི་ནི་འབྱུང་བའོ། །ཛ་ནི་འཕྲུལ་པའོ། །ཧ་ནི་སྤྱོད་པའོ། །ར་ནི་མེད་པའོ། །འདི་དག་ཀྱང་སྒྲའི་རྣམ་པ་ལ་མ་རྨོངས་པས་གང་གི་དུས་སུ་སྒྲ་གཏན་ལ་ཕབ་ ནས་ཕྱིས་དོན་གཞན་དུ་གཏན་ལ་འབེབས་པའི་དུས་སུ་གང་གང་ལ་ཞེས་བྱ་བ་ལ་སོགས་པ་དེ་དེ་ལ་ཞེས་བྱ་བ་ལ་སོགས་པས་ཀུན་དུ་གཏན་ལ་དབབ་པར་བྱའོ། །འདི་དག་གིས་ནི་སྦས་པའི་དོན་བསྟན་ཏོ། །ཡང་ལུང་གིས་བཤད་པ་ཞེས་པ་ནི་མཐར་ཐུག་པའི་དོན་བཤད་པར་འདོད་པས་སོ། ། དེ་ཅིའི་ཕྱིར་ཞེ་ན། གང་གིས་གང་དུ་བརྟག་པར་བྱ་བ་དང་བྲལ་བར་བྱ་བའི་ཕྱིར། རྒྱུད་ནི་འདི་སྐད་བདག་གིས་ཐོས། །ཞེས་པ་ནི་སྤྲོས་པ་ཐམས་ཅད་དང་བྲལ་བའི་དེ་ཁོ་ན་ཉིད་དོ། །གསལ་བ་འགའ་ཞིག་དུས་ཡིན་ཏེ། །ཞེས་པ་ནི་གང་གིས་གང་ཞིག་ཡོངས་སུ་གསལ་བར་གྱུར་པ་དེ་ལ་དེ་སྐད་ཅེས་བྱའོ། །རྡོ་རྗེ་ གསང་བ་ནི་སེམས་གསུམ་ཉིད་དེ། སློབ་མའི་ལུགས་སུ་འབྱུང་བའོ། །རྡོ་རྗེ་དམ་ཚིག་ནི་གསང་བ་གསུམ་ལུགས་ལས་བཟློག་པ་དང་ལྡན་པ་ཉིད་དེ། ཡེ་ཤེས་ཉིད་དེ་དེ་བཞིན་གཤེགས་པས་ན་ཡེ་ཤེས་དེ་བཞིན་གཤེགས་པའོ། །ཡེ་ཤེས་ཕུན་ཚོགས་བསམ་མི་ཁྱབ། །ཅེས་པ་ནི་སངས་ རྒྱས་ཀྱི་ཡོན་ཏན་དཔག་ཏུ་མེད་པའོ། །ཡོད་མེད་གཉི་ག་ལས་འདས་པ། །ཞེས་པ་ནི་གང་གིས་གང་ཞིག་སྤངས་པར་གྱུར་པ་དེའི་ཕྱིར་དེ་ལ་རག་ལས་པར་གྱུར་པའི་ཆོས་དེ་ཡང་ཡོངས་སུ་སྤངས་པའོ། །དེ་ལ་གནས་མེད་གནས་པ་ནི་གནས་དང་གནས་པའི་རྟོག་པ་དང་བྲལ་བའོ། །ནམ་ མཁའི་རང་བཞིན་ནི་འདུས་མ་བྱས་པ་སྟེ་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་དོ། །ཐམས་ཅད་མཁྱེན་པ་ནི་སངས་རྒྱས་ཏེ་དེའི་ཡེ་ཤེས་ནི་སངས་རྒྱས་ཀྱི་ཡེ་ཤེས་སོ། །དེས་འདི་ཡུལ་དུ་བྱེད་པ་ནི་སྒོམ་པའོ། །བཞུགས་པ་ཞེས་བྱ་བ་ཡང་ཇི་ལྟ་བུ་ཡིན་ཞེ་ན། འགྲོ་སྙིང་རྣམ་དག་སྟེ་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ལ་བཞུགས་པ་ནི་ གནས་པར་མཛད་པའོ། །དེ་བས་ན་བཞུགས་ཞེས་བྱ་བ་ལ་སོགས་པའི་ཐ་སྙད་ཐམས་ཅད་ཀྱང་དོན་དམ་པ་ལ་འཇུག་པར་བྱ་བ་ཡིན་གྱི་དོན་དམ་པར་བརྗོད་པའི་ཕྱིར་ནི་མ་ཡིན་ནོ་ཞེས་བཤད་དོ། །གཞན་གོང་དུ་བཤད་པའོ། །དེ་ལྟར་ཞེས་བྱ་བ་ནི་དེའི་ཕྱིར་ཏེ། འདི་སྐད་ཅེས་བྱ་བ་ལ་སོགས་པ་ནི་གང་གིས་ ཇི་ལྟར་ཡོངས་སུ་བསྟན་པའི་ཕྱིར་ཞེས་པའོ། །ཞུགས་པའི་ཚིག་ཉིད་ཀྱིས་ཞེས་བྱ་བ་ནི་ཐ་མ་སྨོས་པ་ཉིད་དོ། །རྒྱུད་མ་ལུས་པའི་དགོངས་པ་བསྟན་པ་ནི་རྒྱུད་མ་ལུས་པའི་དོན་བསྟན་པས་ཏེ་འདིས་མཇུག་བསྡུ་བ་བསྟན་ཏོ། །དེའི་འོག་ཏུ་ཞེས་བྱ་བ་ལ་སོགས་པས་ནི་འདི་ཉིད་ཀྱི་ཡན་ལག་བསྟན་པར་ བྱའོ། །འཁོར་ཕུན་སུམ་ཚོགས་པ་ཡང་གྲངས་ཇི་ལྟ་ཙམ་ཞེ་ན། བརྗོད་ཀྱིས་མི་ལང་བ་ཞེས་བྱའོ། །དེ་བཤད་པ་བགྲང་བ་ལས་འདས་པ་ནི་བགྲང་དུ་མེད་པའོ། །གང་ཞིག་ཀུན་དུ་བསམ་གྱིས་མི་ཁྱབ་པར་གྱུར་པ་དེ་ལ་དེ་སྐད་ཅེས་བྱའོ། །འོ་ན་ལན་གཉིས་སྨོས་པས་ཅི་ཞིག་བྱེད་ཅེ་ན། གཟུགས་དང་ཡོན་ཏན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ་འདི་དག་དཔག་ཏུ་མེད་པའོ། །དེས་ནི་བྱེད་ཅེ་ན། གང་གིས་གང་ཞིག་ཀུན་དུ་སྣང་བར་གྱུར་པ་དེ་ལ་དེ་སྐད་ཅེས་བྱའོ། །གཞན་ནི་གོ་སླའོ། །དེ་ནས་གང་གིས་གང་ཞིག་ཡོངས་སུ་རྫོགས་པར་བསྟན་པ་ནི། གང་གིས་ལྷའི་འཁོར་ལོ་ཡོངས་སུ་ རྫོགས་པ་སྟེ་དེ་ཉིད་དོ། །དམ་ཚིག་རྡོ་རྗེ་ཞེས་བྱ་བ་གང་ཞིག་ཡིན་ཞེ་ན་དོན་ཡོད་པར་གྲུབ་པའོ་ཞེས་གང་ཞིག་ཡོངས་སུ་གྲུབ་པ་དེ་ལ་དེ་སྐད་ཅེས་བྱའོ། །འོ་ན་སྒྲིབ་པ་རྣམ་པར་སེལ་བ་ལ་ཅིའི་ཕྱིར་དམ་ཚིག་རྡོ་རྗེའི་སྒྲར་བརྗོད་ཅེ་ན། འདིར་དེའི་རིགས་དང་ལྡན་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདིར་དོན་ཡོད་གྲུབ་པའི་ རིགས་དང་ལྡན་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །དེ་བས་ན་གཅིག་ནི་དངོས་སུ་བརྗོད་པ་ཉིད་དོ། །གཅིག་ནི་བཏགས་ནས་བསྟན་པ་ཉིད་དོ། །རིགས་གཞན་ཡང་དེ་བཞིན་དུ་ཤེས་པར་བྱའོ། །འདི་དག་གིས་ནི་བྱང་ཆུབ་སེམས་དཔའི་འཁོར་བསྟན་ཏོ། །བྱང་ཆུབ་སེམས་དཔའི་འཁོར་ཁོ་ན་ལས་མ་གསུངས་སམ་ཞེ་ན་ མ་ཡིན་པའི་ཕྱིར། བྱང་ཆུབ་སེམས་དཔའི་ཚོགས་འབའ་ཞིག་དང་ལྷན་ཅིག་བཞུགས་པར་མ་ཟད་ཀྱི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འོ་ན་གང་དང་བཞུགས་ཤེ་ན། དེ་བཞིན་གཤེགས་པ་རྣམས་དང་ཡང་ལྷན་ཅིག་ཏུ་བཞུགས་པ་སྟེ་བགྲང་བ་ལས་འདས་ཞེས་བྱ་བ་ལྷག་མ་རྣམས་སོ། །གཞན་ནི་གོ་སླའོ། ། རྡོ་རྗེ་འཆང་ཆེན་པོ་ཉིད་ཀྱི་ཡན་ལག་གི་ཆ་ཤས་སུ་གྱུར་པ་ཞེས་པ་ནི་འཁོར་ཐམས་ཅད་གཙོ་བོ་ལས་ཐ་དད་དུ་འཇུག་པར་མི་འགྱུར་ཏེ། གང་གི་ཕྱིར་གང་ཞིག་གང་ལས་ཐ་དད་དུ་མེད་པར་འགྱུར་བ་དེའི་ཕྱིར་དེ་ལ་དེ་སྐད་ཅེས་བྱའོ། །གང་ལས་ཤེས་ཤེ་ན། འདི་ཉིད་ལས་ཞེས་པ་གསང་བ་ འདུས་པའོ། །མདོར་ན་ཞེས་བྱ་བ་ལ་སོགས་པ་བཤད་ཟིན་ཏོ། །དེ་བས་ན་ཞེས་པ་ནི་དེའི་ཕྱིར་ཞེས་པའོ། །བཅོམ་ལྡན་འདས་དེ་ཉིད་ཀྱི་ཞེས་པ་ནི་རྡོ་རྗེ་འཆང་ཆེན་པོ་ཞེས་བྱ་བའི་དོན་ཏོ། །རང་གི་སྐུའི་དཀྱིལ་འཁོར་སྤྲོས་ནས་ཞེས་པ་ནི་རང་གི་འཁོར་ཡོངས་སུ་རྫོགས་པའོ། །དེས་ཅི་བྱེད་ཅེ་ན། དཀྱིལ་འཁོར་ འཁོར་ལོ་ལྟ་བུས་འདུལ་བའི་སྐྱེ་བོ་རྣམས་དགའ་བར་བྱ་བའི་ཕྱིར་ཞེས་པའོ། །གཞལ་ཡས་ཁང་གི་དབུས་སུ་བཞུགས། །ཞེས་པ་ནི་གོ་བར་མཛད་དོ། །དེ་ལྟར་ཞེས་པ་ནི་མཇུག་བསྡུ་བའི་ཐ་ཚིག་གོ། །ད་ནི་ཞེས་བྱ་བ་ལ་སོགས་པས་ནི་འདོད་ཆགས་ཆེན་པོའི་སྤྱོད་པ་ཡོངས་སུ་རྫོགས་པར་བསྟན་པར་བྱ་བའི་ཕྱིར་རོ། ། འདོད་ཆགས་ཀྱིས་འདོད་ཆགས་རབ་ཏུ་སྤང་བར་བྱ་བའི་ཕྱིར་ཞེས་བྱ་བ་ལ་སོགས་པ་ནི་བཤད་ཟིན་ཏོ། །བཤད་མ་ཐག་པ་ནི་གོང་དུ་བཤད་པ་ཉིད་དོ། །རང་གི་ས་བོན་གྱི་འོད་ཟེར་གྱི་ལྕགས་ཀྱུས་དྲངས་ཞེས་པ་ནི་སྙིང་ག་ནས་ཕྱུང་སྟེ་སླར་བསྡུ་བས་བསྡུས་ཞེས་པའི་དོན་ཏོ། །འདི་ཡང་གང་གི་ཕྱིར་གང་ཞིག་ལ་བྱུང་ ནས་གང་དུ་གནས་པར་འགྱུར་བ་དེ་ལ་དེ་སྐད་ཅེས་བྱའོ། །དེ་ནས་ཅི་བྱེད་ཅེ་ན་བཅོམ་ལྡན་འདས་མཆོག་ཏུ་དགའ་བའི་བདེ་བས་ཚིམ་པར་བྱ་བའི་ཕྱིར་ཞེས་པ་ནི་གང་གི་བདེ་བས་གང་ཞིག་གང་དུ་གནས་པར་འགྱུར་བ་དེ་ལ་དེ་སྐད་ཅེས་བྱའོ། །དེ་ཅིའི་ཕྱིར་ཞེ་ན། གནས་སྐབས་སྔ་མ་ནི་སངས་རྒྱས་དང་བྱང་ཆུབ་སེམས་ དཔའི་དཀྱིལ་འཁོར་ཏེ་གང་གིས་དེ་ཡོངས་སུ་སྤངས་པ་དེ་ལ་དེ་སྐད་ཅེས་བྱའོ། །འོ་ན་གང་དུ་འགྱུར་ཞེ་ན། ལྷའི་བུ་མོའི་གཟུགས་སུ་མངོན་པར་སྤྲུལ་ནས་ཞེས་པ་ནི་གང་གིས་ལྷའི་བུ་མོ་གང་དང་འདྲ་བར་ཀུན་དུ་མཛེས་པར་གྱུར་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །ལྷའི་བུ་མོའི་གཟུགས་སྣང་བ་ཡང་ གང་དང་གང་ཡིན་ཞེ་ན་སའི་ཁམས་ནི་སངས་རྒྱས་སྤྱན་ལྟ་བུའོ་ཞེས་པ་ནི་ས་རྡོ་རྗེ་ལས་ཐ་དད་དུ་གནས་པའོ། །འདིར་སའི་ཁམས་ཉིད་སངས་རྒྱས་སྤྱན་ལྟ་བུའོ་ཞེས་པ་ནི་གང་ཞིག་གང་ལས་ཐ་དད་དུ་གྱུར་པའོ། །ཡང་ན་འདིར་སའི་ཁམས་ནི་སངས་རྒྱས་སྤྱན་ཉིད་ཅེས་པ་ནི་གང་ཞིག་དང་འབྲེལ་པ་དེ་ལ་དེ་སྐད་ཅེས་ ཅེས་བྱའོ། །གཞན་ཡང་དེ་བཞིན་ནོ། །འདོད་ཆགས་ཀྱང་ཡིན་ལ་ཆེན་པོ་ཡང་ཡིན་པས་གང་ཞིག་ཉོན་མོངས་པ་དང་བྲལ་བ་གང་ཡིན་པའི་ཆོས་ཉིད་དོ། །འདོད་ཆགས་དང་བྲལ་བ་ལ་སོགས་པ་ཡང་གང་ཡིན་ཞེ་ན་ཉོན་མོངས་པ་དང་བྲལ་བའོ། །གཞན་གོ་སླའོ། །གཞན་ཡང་གང་ཞིག་ཕྱི་རོལ་གྱི་དེ་བཞིན་ གཤེགས་པའི་འཁོར་དེ་དག་ཏུ་དམིགས་ཞེས་པ་ལ་སོགས་པའི་དོན་ནི། གང་གིས་གང་ཞིག་གང་དུ་འཛིན་པ་དེ་དང་དེ་སྤང་བར་བྱ་བའི་ཕྱིར་ཞེས་པའོ། །བདག་ཉིད་སངས་རྒྱས་ཐམས་ཅད་དེ། །ཞེས་པ་ནི་རྡོ་རྗེ་འཆང་ཆེན་པོ་དང་སངས་རྒྱས་ཐམས་ཅད་ཐ་དད་དུ་མེད་ཅེས་པའོ། །རྒྱལ་སྲས་ཐམས་ཅད་ཉིད་ཀྱང་ཡིན། ། ཞེས་པ་ནི་བྱང་ཆུབ་སེམས་དཔའི་བདག་པོར་གྱུར་པ་ཡང་ཡིན་ཞེས་པ་སྟེ་ཐ་དད་དུ་མེད་པ་ཡིན་ནོ། །ངེས་པ་ནི་མ་ནོར་བའོ། །ད་ནི་དེ་ནས་ཞེས་བྱ་བ་ལ་སོགས་པའི་དགོས་པ་བཤད་པའི་ཕྱིར། ད་ནི་རྒྱུད་འདི་ལ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སེམས་གཙོ་བོ་ཡིན་པ་ནི་ཏིང་ངེ་འཛིན་གཙོ་བོ་ཡིན་པའི་ཕྱིར་རོ། ། མི་བསྐྱོད་པ་ནི་ཐུགས་ཀྱི་ངོ་བོའི་ཕྱིར་རོ། །འདི་སྐད་དུ་སྟོན་ཏོ། །སེམས་སྣང་བ་དང་བཅས་པ་གང་གི་ཏིང་ངེ་འཛིན་གྱི་ཡན་ལག་གིས་སྦྱངས་པས་ཐོབ་པ་དེ་ནི་དེའི་རིགས་ཏེ་དེ་བས་ན་དེ་གཙོ་བོར་གྱུར་པ་ཉིད་དོ། །དེ་བཞིན་གཤེགས་པ་ཞེས་བྱ་བ་ལ་སོགས་པའི་དོན་ནི་གང་གིས་ཆོས་ཀྱི་འབྱུང་གནས་ཀྱི་ནང་དུ་བྷྲཱུཾ་ལ་སོགས་ པའི་དེ་བཞིན་གཤེགས་པའི་གཞལ་ཡས་ཁང་ཕྱི་དང་ནང་ཤིན་ཏུ་གསལ་བ་ཇི་ལྟར་སྨོས་པའི་རྒྱན་ཐམས་ཅད་དང་ལྡན་པ་ཤིན་ཏུ་མཛེས་པ་བལྟ་ན་སྡུག་པའི་ངོ་བོ་ཉིད་དོ་ཞེས་བསྟན་ཏོ། །དེ་ལྟ་བུའི་གཞལ་ཡས་ཁང་གི་དབུས་སུ་ལྷག་པར་མོས་པ་ལྷ་ལྔའི་རྣམ་པར་བསྒོམས་ཏེ་སླར་རང་ལ་གཞུག་གོ། །ལུང་ལས་ཀྱང་། པདྨ་འདབ་མ་བཞིར་ལྡན་པའི། །རིགས་ལྔ་བསྐྱེད་པ་ཡང་དག་བསྒོམ། །ཞེའོ། །ངེས་པའི་དོན་དུ་བཤད་པ། རྣམ་པར་ཤེས་པའི་བདག་ཉིད་ཅན། །ཞེས་པ་ནི་དེའི་ངོ་བོ་ཉིད་དག་པས་དེར་གྱུར་པའོ། །གཟུགས་ཀྱི་ཕུང་པོ་ལ་སོགས་པ་རྣམ་པར་ཤེས་པའི་བར་དུ་སྟེ་འདི་ལྟར་ཕུང་པོ་དང་། ཁམས་དང་སྐྱེ་མཆེད་ཐམས་ཅད་ རང་གི་ཤེས་པའི་རང་བཞིན་ཏེ། དེ་ཉིད་ཡེ་ནས་སྤྲོས་པ་དང་བྲལ་ཞིང་མ་སྐྱེས་པའི་རང་བཞིན་ཐོགས་པ་མེད་པས་སངས་རྒྱས་ཐམས་ཅད་ཀྱིས་བསྟེན་པར་བྱ་བའི་ཕྱིར་བཙུན་མོའོ། །ཡོངས་སུ་དག་ཕྱིར་གསལ་བའོ། །འོད་ཟེར་ཐམས་ཅད་ཀྱི་རང་བཞིན་པས་ན་སྣ་ཚོགས་ཀུན་དུ་རྒྱས་སོ། །དེ་བཞིན་གཤེགས་པ་ཐམས་ ཅད་ཀྱི་རང་བཞིན་པས་ན་དེའི་ངོ་བོ་ཉིད་དོ། །སྣང་བ་ལས་བྱུང་བ་དང་། དེའི་རང་བཞིན་པས་ན་གསལ་བ་ལ་སོགས་པ་སྟེ། འདིས་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ཀྱི་ཡེ་ཤེས་ཀྱི་སྐུར་བཤད་ནས། དེ་ནས་སེམས་ཅན་ཐམས་ཅད་དང་བྱང་ཆུབ་སེམས་དཔའ་ལ་ཇི་སྐད་དུ་བཤད་པའི་སྐུ་ཉིད་གསལ་བར་སྣང་བར་འགྱུར་ རོ་ཞེས་བྱ་བའི་དོན་ཏོ། །ནམ་མཁའ་ཀུན་ནི་དོན་དམ་པའི་དེ་བཞིན་ཉིད་དོ། །དེའི་ངང་ལ་རྡོ་རྗེ་སེམས་དཔའ་རབ་ཏུ་བཞུགས་པ་ནི་ཡང་དག་པའི་ཡེ་ཤེས་ཀྱི་ཡུལ་དང་བྲལ་བའི་ཚུལ་དུ་བྱས་པའོ། །དོན་འདི་ཉིད་ནི་བསྐྱེད་པའི་རིམ་པ་ཉིད་དོ། །དེ་གསལ་བར་བྱ་བ་ནི་བསྟན་པ་དང་བཤད་པའི་རིམ་པས་སོ། །འདས་པ་དང་ ཞེས་བྱ་བ་ལ་སོགས་པ་བཤད་པའི་དོན་ནི་གང་གིས་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་འདུས་པའི་བདག་ཉིད་ཅན་རྡོ་རྗེ་སེམས་དཔའ་ས་བོན་ལ་སོགས་པའི་གཟུགས་ཀྱིས་སྐྱེ་བ་དང་སྡུད་པའི་ཚུལ་བསྟན་པ་ཉིད་དོ། །རྡོ་རྗེ་འཆང་ཆེན་པོ་ཞེས་བྱ་བ་ལ་སོགས་པ་འདིས་ནི་དེའི་དགོས་པ་བསྟན་ཏོ། མ་འོངས་ པའི་གང་ཟག་གིས་བསྐྱེད་པའི་རིམ་པ་བསྒོམས་ན་ཞེས་བྱ་བ་ཉིད་དོ། །རྡོ་རྗེ་སེམས་དཔའ་དང་འདྲ་བར་འགྱུར་བར་དགོངས་སོ། །ཕུང་པོ་ལ་སོགས་པ་ནི་ཡུལ་དང་དབང་པོ་ཐམས་ཅད་དོ། །ཀུན་རྫོབ་བྱང་ཆུབ་སེམས་ནི་ཁུ་བ་སྟེ་ཟག་པ་མེད་པའི་བདེ་བ་སྐྱེད་པའི་ཕྱིར་རོ། །གཅིག་ཏུ་མཛད་པ་ནི་དེས་མི་རྟོག་ པའི་ཡེ་ཤེས་སྐྱེད་པའི་ཕྱིར་རོ། །དེ་ཉིད་བཤད་པ། ནམ་མཁའི་དབྱིངས་ཞེས་བྱ་བ་ལ་སོགས་པ་ལ། རྩ་ཕྲན་སྟོང་ཕྲག་བདུན་ཅུ་རྩ་གཉིས་ནི་བྱང་ཆུབ་ཀྱི་སེམས་ཀྱི་ས་བོན་གནས་པའི་རྩ་སྟེ། དེ་རླུང་ལ་སོགས་པའི་རིམ་པས་བྱང་ཆུབ་ཀྱི་སེམས་ཕབ་པས་ཟག་པ་མེད་པའི་བདེ་བ་ཡོངས་སུ་རྒྱས་པར་འགྱུར་རོ། ། དབང་པོ་གཉིས་ནི་རྡོ་རྗེ་དང་པདྨ་སྟེ་སྐྱེ་བ་ལ་དབང་བའི་ཕྱིར་རོ། །དེས་ཅིར་འགྱུར་ཞེ་ན། འདོད་ཆགས་ཆེན་པོའི་མེ་སྟེ་གང་ལ་སེམས་ཆེན་པོ་དང་ཏིང་ངེ་འཛིན་དུ་ལྡན་པ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །མཆོག་ཏུ་དགའ་བ་ནི་ཉོན་མོངས་པ་དང་བྲལ་བའི་དགའ་བའོ། །འདི་ནི་དབང་པོ་གཉིས་སྦྱོར་བའི་ སྣང་བ་གསུམ་མོ། །དོན་དམ་པའི་བདེན་པས་གཅིག་ཏུ་མཛད་པ་ནི་སྤྲོས་པ་ཐམས་ཅད་དང་བྲལ་བའི་ཡེ་ཤེས་ཀྱི་རང་བཞིན་མེད་པར་གྱུར་པའོ། །སྟོང་པ་ཉིད་གསུམ་ནི་གོང་དུ་བཤད་པའོ། །ཐམས་ཅད་སྟོང་པ་ནི་མཐར་ཐུག་པ་ཉིད་དོ། །དེ་ལྟར་ལྷག་པར་མོས་པས་ཞེས་བྱ་བ་ནི་དྲང་བ་དང་སྤྱིའི་དོན་དུ་བཤད་ པ་ཡིན་གྱི་ཐམས་ཅད་ཀྱི་ནི་མ་ཡིན་ནོ། །ཡོངས་སུ་དག་པ་དང་ཡོངས་སུ་མ་དག་པ་ནི་སློབ་པ་དང་མི་སློབ་པ་དང་། ཤེས་བྱའི་སྒྲིབ་པ་མཐའ་དག་སྤངས་པ་དང་མ་སྤངས་པའི་ཕྱིར་རོ། །དེ་ལ་གཙོ་བོ་ནི་ཡོངས་སུ་དག་པའོ། །ལྷག་མ་ནི་ཡོངས་སུ་དག་པ་དང་མ་དག་པ་ཉིད་དོ། །ཡི་གེ་གསུམ་ནི་ཨོཾ་ཨཱཿཧཱུཾ་ གསུམ་མོ། །དེ་ཉིད་ནི་འདའ་བར་མི་བྱ་བ་ནི་ཡོངས་སུ་བླང་བར་བྱ་བ་ཉིད་དོ། །དེ་ལས་བྱུང་བ་ནི་ཡི་གེ་གསུམ་ལས་བྱུང་བ་སྟེ་རིགས་དྲུག་པའོ། །རྣལ་འབྱོར་བཞི་ནི་རྣལ་འབྱོར་དང་། ལྷག་པའི་རྣལ་འབྱོར་དང་། རྣལ་འབྱོར་ཆེན་པོ་དང་། དེ་ཁོ་ན་ཉིད་ཀྱི་རྣལ་འབྱོར་ཏེ་བཤད་ཟིན་ཏོ། །འདི་དག་གི་དོན་ཡང་ ཐོག་མར་སྲུང་བའི་འཁོར་ལོ་སྔོན་དུ་འགྲོ་བས་སྟོང་པ་ཉིད་ཀྱི་ངང་ལས་རྟེན་གྱི་དཀྱིལ་འཁོར་གཞལ་ཡས་ཁང་དང་བཅས་པ་གསལ་བར་བྱས་ནས། དེ་ནས་མོས་པས་རང་བཞིན་གྱི་དཀྱིལ་འཁོར་གསལ་བར་བྱས་པ་སྟེ་སླར་སྟོང་པ་ཉིད་དུ་བྱས་པ་ལས་ཉི་མ་དང་ཟླ་བ་དང་པདྨ་དང་། ཨོཾ་ཨཱཿཧཱུཾ་ཞེས་པ་ནི་ གསལ་བར་བསམ་མོ། །དེ་ནས་དེ་དག་ཟླ་བའི་དཀྱིལ་འཁོར་ལ་འདུས་ཏེ་དེ་ལ་དམིགས་པར་བྱའོ། །དེ་ཡོངས་སུ་གྱུར་པ་ལས་དང་པོའི་མགོན་པོ་ཟླ་བ་ལྟ་བུ་བསམས་ཏེ། དེར་མི་བསྐྱོད་པ་བཞུགས་པས་ཞལ་གསུམ་པའི་རྡོ་རྗེ་སེམས་དཔའ་བསམས་ལ། འོག་ནས་འབྱུང་བའི་རིམ་པས་རྡོ་རྗེ་སེམས་དཔའི་ལུས་ ལ་ལྷ་ཐམས་ཅད་ཀྱི་ཡི་གེ་དགོད་པར་བྱའོ། །དེ་ནས་ནམ་མཁའ་ལ་སངས་རྒྱས་ཐམས་ཅད་བལྟས་ཏེ་ལྷ་མོ་སོ་སོས་མཆོད་པ་སྔོན་དུ་འགྲོ་བས་གསོལ་བ་བཏབ་པས་ཇི་སྐད་དུ་འོག་ནས་འབྱུང་བའི་ཆོ་གས་གནས་གསུམ་བྱིན་གྱིས་བརླབ་པར་བྱའོ། །དེ་ནས་ལེགས་པར་སྦྱངས་པའི་ཤེས་རབ་མ་དང་གཉིས་སུ་མེད་པར་ སྙོམས་པར་འཇུག་པ་ཆོ་ག་འདིས་འོག་ནས་སྟོན་པའི་དཀྱིལ་འཁོར་སྤྲོས་ཏེ་སེམས་ཅན་གྱི་དོན་བྱས་ནས་སླར་འདུས་ནས་རང་གི་དཀྱིལ་འཁོར་ལ་དམིགས་ཏེ་བརྟན་པར་བྱའོ། །དེ་ནས། སྣ་ཡི་རྩེ་མོར་ཡུངས་ཀར་བསམ། །ཞེས་བྱ་བ་ལ་སོགས་པའི་རིམ་པ་འདིས་ཕྲ་མོའི་ཏིང་ངེ་འཛིན་སྣའི་རྩེ་མོར་བརྟན་པར་བྱའོ། ། གཞན་ཡང་འོད་དུ་ཞུ་བ་བསླང་བ་དང་ཟས་ལ་སོགས་པ་ལེགས་པར་བཟའ་བ་དང་། ལྷའི་འཁོར་ལོ་ལ་བསྟོད་པ་ཞེས་བྱ་བ་ལ་སོགས་པའི་ཡན་ལག་ཐམས་ཅད་ཡོངས་སུ་རྫོགས་པར་བྱའོ། །འོད་གསལ་བ་ནི་སངས་རྒྱས་ཐམས་ཅད་ཀྱིས་འདའ་བར་བྱ་བ་མ་ཡིན་པ་སྟེ་ཆོས་ཀྱི་སྐུའོ། །དེ་ལས་བྱུང་བ་ནི་རྡོ་རྗེ་ འཆང་ཆེན་པོ་སྟེ། ཅིའི་ཕྱིར་ཞེ་ན། མཁས་བརྩོན་ཞེས་བྱ་བ་ལ་སོགས་པ་སྟེ། མཁས་པ་ཆེ་བ་དང་། བརྩོན་པ་ཆེ་བ་དང་། རྩོམ་པ་ཆེ་བ་ཞེས་པ་སྟེ། འདི་དག་གིས་རང་དང་གཞན་གྱི་དོན་ཕུན་སུམ་ཚོགས་པ་བསྟན་ཏོ། །གཞན་ནི་གོ་སླའོ། །ཐེ་ཚོམ་སྐྱེ་བར་བྱེད་པ་ཞེས་བྱ་བ་ལ་སོགས་པ་རིགས་པ་འདི་བླ་མ་ལས་ བྱུང་གི་གཞན་དུ་རྟོག་གེ་པས་ནམ་ཡང་རྙེད་པར་མི་འགྱུར་ཞེས་ངེས་པར་སྟོན་པར་བྱེད་དོ་ཞེའོ། །དེ་རྣམས་འབྱུང་བའི་དམ་ཚིག་ནི་དེ་སྐྱེད་པར་བྱེད་པའི་ཞེས་བྱ་བ་ནི་དམ་ལས་མི་འདའ་བ་ཉིད་དོ། །དབང་པོ་གཉིས་ཞེས་བྱ་བ་ལ་སོགས་པས་ནི་གསང་བའི་དབང་བསྐུར་བསྟན་ཏོ། །གདུལ་བྱའི་སྐྱེ་བོ་ནི་སློབ་པ་ཡང་མ་ ཡིན་མི་སློབ་པ་ཡང་མ་ཡིན་པའོ། །སྐུ་རྣམ་པ་གཉིས་ནི་ལོངས་སྤྱོད་རྫོགས་དང་སྤྲུལ་པའི་སྐུའོ། །ཡང་དག་པར་སྟོན་པ་ནི་སྐུ་དང་གསུང་གི་ཆོས་སྟོན་པ་སྟེ་དེས་སྨིན་པ་དང་གྲོལ་བར་བྱེད་པས་དེ་ལ་དེ་སྐད་ཅེས་བྱའོ། །ཡེ་ཤེས་ཉིད་ཅེས་པ་ནི་གཞན་དང་ལྡན་པ་རྣམ་པར་གཅོད་པའོ། །སེམས་ཅན་རྣམས་ཀྱི་རྒྱུད་ལ་ཞེས་བྱ་ བས་ནི་གསལ་བར་བྱ་བའི་ཡུལ་བསྟན་ཏོ། །མི་བསྐྱོད་པ་ནི་གསལ་བར་བྱེད་པའོ། །རྣམ་པར་ཤེས་པ་གསུམ་གྱི་སྣང་བ་ཞེས་པ་ནི་ཤེས་པའི་སྣང་བ་ཉིད་དོ། །དོན་དམ་པའི་བདེན་པ་ནི་ཡང་དག་པའི་ཤེས་པ་དང་ལྡན་པ་ལ་བདེན་པས་སོ། །བརྗོད་དུ་མེད་པས་ནི་དེའི་མཚན་ཉིད་བསྟན་ཏོ། །རྣམ་པ་མ་ལུས་པ་ཟིལ་གྱིས་ མནན་པས་ནི་དེའི་ལས་བསྟན་ཏོ། །རང་བཞིན་གྱིས་འོད་གསལ་བའི་ཏིང་ངེ་འཛིན་ནི་ཆོས་ཀྱི་སྐུ་སྟེ་དེ་ལས་ཆུ་ལས་ཉའི་ཚུལ་དུ་རང་གི་སྐུར་བཞེངས་པའོ། །དེས་ཅི་བྱེད་ཅེ་ན། ཉོན་མོངས་པ་ལྔས་ཁྱབ་པའི་ཞེས་པ་ལ་སོགས་པ་ནི་སྤྱིར་སྙིང་རྗེའི་ཡུལ་དུ་བསྟན་ཏོ། །དེ་ལྟ་ན་ཡང་ཅིའི་ཕྱིར་སྙིང་རྗེ་སྐྱེ་ཞེ་ན། ཉོན་མོངས་ པའི་རང་བཞིན་ནི་ཡེ་ནས་རྣམ་པར་དག་པ་སྟེ་དེ་ཡོངས་སུ་ཤེས་པ་ཉིད་ནི་བྱང་ཆུབ་ཡིན་ལ་དེའི་ངོ་བོ་ཉིད་ནི་བདག་ཡིན་ནོ་ཞེས་པ་འདིས་ནི་ཉོན་མོངས་པ་དང་རྡོ་རྗེ་འཆང་དང་། དེ་བཞིན་གཤེགས་པ་ནི་གཉིས་སུ་མེད་ཅིང་གཉིས་སུ་དབྱེར་མེད་དོ་ཞེས་དགོངས་པ་ཉིད་དོ། །བྱེ་བྲག་ཏུ་བསྟན་པ། ཉོན་མོངས་པ་ ཞེ་སྡང་ནི་སེམས་ཁོང་དུ་འཁྲུགས་པ་སྟེ། དེ་དང་གང་ལྡན་པ་དེ་ལ་དེ་སྐད་ཅེས་བྱའོ། །དེ་སྦྱང་བ་ནི་ཡོངས་སུ་དག་པར་བྱ་བའི་ཕྱིར་རོ། །ཞེ་སྡང་ཞེས་པའི་བཤད་པ་ཐུགས་རྗེ་ཆེན་པོའི་ཐབས་ཀྱི་ཁྲོ་བ་ནི་ཐུགས་རྗེ་ཆེན་པོས་སྤྲུལ་པའོ། །དེ་ཡང་རབ་ཏུ་ཁྲོས་པའི་ཆོས་དང་ལྡན་པས་ནི་ཞེ་སྡང་སྟེ། གང་ལ་ཞེ་སྡང་དང་འདྲ་ བའི་ཆོས་ཡོད་པའི་ཕྱིར་དེ་ལ་དེ་སྐད་ཅེས་བྱའོ། །དེའི་རིགས་ནི་དེའི་རིགས་སུ་སྐྱེད་པའོ། །འདོད་པའི་འབྲས་བུ་སྐྱེད་པ་ནི་སྔགས་དང་མཐུན་པའི་ལུས་སྐྱེད་པའོ། །ཇི་ལྟར་སྐྱེ་ཞེ་ན། སྐུ་དང་ཞེས་བྱ་བ་ལ་སོགས་པའི་བཤད་པ་སྙོམས་པར་ཞུགས་པ་ཞེས་པ་ནི་ཡབ་ཡུམ་སྦྱོར་བ་ལས་ཏེ་མངལ་ནས་སྐྱེས་ པའི་ཚུལ་ཅན་ནོ། །བཛྲ་དྷྲྀཀ་ཅེས་པས་ནི་དབྱུང་བའི་སྔགས་བསྟན་ཏོ། །དེའི་དོན་ཅི་ཞེ་ན་རྡོ་རྗེ་འཆང་ཞེས་པའོ། །དེ་ཉིད་བཤད་པ། མངོན་པར་བྱང་ཆུབ་པ་ནི་བསྐྱེད་པའི་རིམ་པའི་ས་བོན་ལ་སོགས་པའོ། །དེ་མཚོན་པའི་རྡོ་རྗེ་རྩེ་ལྔ་པ་གང་གིས་འཛིན་པ་དེ་ལ་དེ་སྐད་ཅེས་བྱའོ། །བདེན་པ་གཉིས་ནི་དོན་དམ་པ་ དང་ཀུན་རྫོབ་སྟེ་གཉིས་སུ་མེད་པ་ནི་སྤྲོས་པ་ཐམས་ཅད་དང་བྲལ་བའོ། །དེ་ཉིད་རྡོ་རྗེ་སྟེ་རྣམ་པར་རྟོག་པའི་རི་བོ་གཅོད་པ་སྟེ། དེ་གང་དང་ལྡན་པ་དེ་ལ་དེ་སྐད་ཅེས་བྱའོ། །དེ་སྤྲོས་ནས་ཕྱི་རོལ་གྱི་སེམས་ཅན་ཐམས་ཅད་ཀྱི་ཞེ་སྡང་རྣམ་པར་སྦྱངས་ཏེ། སླར་ལོག་ནས་གཙོ་བོའི་མདུན་དུ་བཞུགས་སོ་ཞེས་ བྱའོ། །ཇི་ལྟ་བུའི་རྣམ་པར་བཞུགས་ཤེ་ན། མི་བསྐྱོད་པའི་ཕྱག་རྒྱ་ཆེན་པོའི་ངོ་བོར་བཞུགས་སོ་ཞེའོ། །དེ་ལྟར་སྦྱོར་བ་དང་པོ་ནི་ཏིང་ངེ་འཛིན་དང་པོ་ཉིད་དོ། །སེམས་ཅན་རྨོངས་པ་ནི་རྒྱུ་དང་འབྲས་བུ་དང་དེ་ཁོ་ན་ཉིད་ཀྱི་དོན་མི་ཤེས་པའོ། །དེ་སྦྱང་བ་ནི་དེའི་ཉེས་པ་སེལ་བའོ། །གཞན་ནི་གོ་སླའོ། །དབྱུང་བའི་ སྔགས་ནི་ཛི་ན་ཛིཀ་ཅེས་པའོ། །རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ནི་སྐད་ཅིག་མ་གཅིག་གིས་སྒྲིབ་པ་ཐམས་ཅད་དང་བྲལ་བར་བྱེད་པའི་ཏིང་ངེ་འཛིན་ཏོ། །ཀུན་རྫོབ་ཀྱི་བྱང་ཆུབ་སེམས་ནི་བཤད་ཟིན་ཏོ། །འདི་ནི་གཞན་དུ་ཡང་སྟེ། གང་གི་ཏིང་ངེ་འཛིན་གྱིས་གང་ཤེས་པའི་ཏིང་ངེ་འཛིན་གྱིས་དེ་ཡང་ཤེས་པ་ཉིད་དོ། །ཡང་དག་པའི་ མཐའ་ནི་དེ་བཞིན་ཉིད་དེ་དེ་ཡེ་ཤེས་གང་གིས་ཡུལ་དུ་བྱས་པ་དེ་ལ་དེ་སྐད་ཅེས་བྱའོ། །ནོར་གྱིས་དྲེགས་པ་ནི་ནོར་ལ་དགའ་བར་བྱེད་པའོ། །ཁེངས་པ་ནི་ང་རྒྱལ་ཆེན་པོ་ཉིད་དང་ལྡན་པར་གྱུར་པ་ཉིད་དོ། །སྦྱིན་པས་འདུལ་བ་ནི་ནོར་བུ་རིན་པོ་ཆེའི་སྤྲིན་གྱིས་ང་རྒྱལ་རབ་ཏུ་ཞི་བར་བྱེད་པའོ། །ང་རྒྱལ་རྣམ་པར་དག་པའི་གནས་ ལ་ཡང་དག་གཞག་པ་ནི་དེས་ང་རྒྱལ་གྱི་རང་བཞིན་དང་བྲལ་བའི་དོན་དམ་པའོ། །གཞན་ནི་གོ་སླའོ། །འདོད་ཆགས་ནི་འཁྲིག་པ་དང་ཡུལ་ལ་ཆགས་པའོ། །དེ་ཡང་གང་གིས་སྤོང་ཞེ་ན་བཅོམ་ལྡན་འདས་འོད་དཔག་ཏུ་མེད་པའི་རྣལ་འབྱོར་ཏེ། ཏིང་ངེ་འཛིན་གང་གིས་དེ་ཡུལ་དུ་བྱས་པ་དེ་ལ་དེ་སྐད་ཅེས་བྱའོ། །གང་ གིས་དེ་ལྟ་བུའི་རང་བཞིན་ཡོངས་སུ་ཤེས་པར་བྱ་བའི་ཕྱིར་གསུངས་སོ་ཞེས་སྦྱར་རོ། །འདོད་ཆགས་ཆེན་པོ་ཡང་གང་ཡིན་ཞེ་ན། མཆོག་ཏུ་དགའ་བས་ཏེ། དྲི་མ་མེད་པའི་དགའ་བའོ། །དེའི་རྒྱུ་ནི་དེ་འཕེལ་བར་བྱེད་པའི་རྒྱུ་སྟེ་ཁུ་བ་བྱང་ཆུབ་ཀྱི་སེམས་སོ། །དེ་ལས་བྱུང་བ་ནི་རྒྱུ་དེ་ལས་སྐྱེས་པ་སྟེ། འོད་དཔག་ཏུ་མེད་ པའོ། །ངེས་པའི་དོན་དུ་གང་ཡིན་ཞེ་ན་འོད་གསལ་བ་སྟེ་སྟོང་པ་ཉིད་དོ། །དེ་ལས་བྱུང་བ་ནི་སེམས་ཅན་དེ་ལྟ་བུ་གདུལ་བའི་དོན་དུ་དེའི་སྐུར་སྤྲུལ་པའོ། །སོ་སོར་རྟོག་པའི་ཡེ་ཤེས་ནི་ཆོས་ཐམས་ཅད་མ་འདྲེས་པར་མཁྱེན་པ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །དེ་ལ་ཆགས་པ་ནི་དེ་ཡང་དག་པར་ངེས་པའི་ཚུལ་ དུ་འཛིན་པའོ། །འཁོར་བ་མ་ལུས་པར་འཇོམས་པ་ནི་གང་གིས་འཁོར་བ་མ་ལུས་པའི་རྟོག་པ་འཇོམས་པའོ། །གཞན་ཡང་དེ་བཞིན་ནོ། །དོན་ཡོད་པ་གྲུབ་པ་ནི་ཅིའི་ཕྱིར་ཞེ་ན་བྱ་བ་གྲུབ་པའི་ཞེས་བྱ་བ་ལ་སོགས་པས་བསྟན་ཏོ། །འོད་གསལ་བ་ལ་ཅིའི་ཕྱིར་ཞེ་ན་མཚན་མ་མེད་པའི་འབྲས་བུ་སྟེར་བ་སྟེ་དེ་ལ་དམིགས་པས་དེ་འགྲུབ་པའི་ ཕྱིར་རོ། །ཕྲག་དོག་ནི་གཞན་གྱི་ཡོན་ཏན་ལ་སེམས་ཁོང་ནས་འཁྲུགས་པ་སྟེ། གང་གིས་དེ་དང་ལྡན་པའི་སེམས་ཅན་འདུལ་བར་བྱེད་པ་དེའི་ཕྱིར་དེ་ལ་དེ་སྐད་ཅེས་བྱའོ། །ཁམས་ཕྲ་བ་ནི་ལྟེ་བ་ལ་གནས་པའི་རླུང་སྟེ། དེས་ཐབས་ཀྱི་ཡེ་ཤེས་བྱང་ཆུབ་ཀྱི་སེམས་བཀུག་ནས་མཆོག་ཏུ་དགའ་བ་སྐྱེད་པ་སྟེ་དེ་ལས་བྱུང་བའི་ ཕྱིར་རོ། །རབ་ཏུ་རྣམ་པར་འབྱེད་པ་ནི་རྟོག་པ་དང་དཔྱོད་པ་དང་། ངེས་པར་འབྱེད་པ་སྟེ། རྒྱུ་དེ་ལས་བྱུང་བའི་ཕྱིར་རོ། །འཛིན་པ་ནི་དེ་དང་ལྡན་པའོ། །ཟླ་བ་ནི་བྱང་ཆུབ་ཀྱི་སེམས་སོ། །རླུང་གིས་འཛིན་པ་ནི་དེ་མི་གཏོང་བའོ། །གདུལ་བྱ་ནི་ཁམས་གསུམ་གྱི་སེམས་ཅན་ནོ། །དེའི་མངོན་པར་འདོད་པ་ནི་དེའི་བླང་བར་བྱ་བའོ། །ཟག་པ་མེད་ པའི་བདེ་བ་ཆེན་པོ་ནི་ཆོས་ཀྱི་སྐུའོ། །རིགས་འདི་རྣམས་ཞེས་པ་ནི་འོག་ནས་སྟོན་ཏོ། །ཕུང་པོ་འདི་དག་ནི་གཟུགས་ལ་སོགས་པ་སྟེ་དེ་ཉིད་དོན་དམ་པར་སངས་རྒྱས་དང་ངོ་བོ་གཅིག་པའི་ཚུལ་གྱིས་སོ། །དེ་ལྟ་བུའི་དབུས་སུ་མ་ཡིན་ནམ་སྙམ་པ་ལ། རྫོགས་པའི་བྱང་ཆུབ་རྐྱེན་དུ་བྱུང་། །ཞེས་པ་ནི་འདི་ ལ་བརྟེན་ནས་བླ་ན་མེད་པའི་བྱང་ཆུབ་སྒྲུབ་པ་ཉིད་དོ། །དེའི་ཕྱིར་ནི་ཐ་དད་དོ་ཞེ་ན། དེ་བཞིན་ཉིད་དུ་གཉིས་མེད་པ། །ཞེས་དོན་དམ་པར་གཉིས་སུ་མེད་ཅིང་དབྱེར་མེད་པའོ། །ཡང་རྣམ་པར་སྣང་མཛད་ཅེས་བྱ་བ་ལ་སོགས་པའི་དོན་ནི། །རྫོགས་སངས་རྒྱས་ནི་ཆགས་པ་བྲལ། །འདོད་ཆགས་ཅན་ལ་དེ་ཉིད་དོ། །ཞེས་ པ་ལྟ་བུའོ། །མཱ་མ་ཀཱི་ནི་འཁྲིག་པ་ཡི། །རེག་བྱས་མཉེས་པར་བྱེད་པའི་ཕྱིར། །འདའ་བར་བྱ་བ་མ་ཡིན་ནོ། །ཞེས་བསྟན་པར་འགྱུར་རོ། །ཞེ་སྡང་ནི་མི་བསྐྱོད་པ་སྟེ་ཞེ་སྡང་ཅན་གྱིས་འགྲོ་བ་འདུལ་བར་བྱེད་པའི་ཕྱིར་རོ། །དེ་དགའ་བ་ནི་དེ་མཉེས་པར་བྱེད་པའི་ཚུལ་གྱིས་སོ། །ཞེ་སྡང་རྣམ་པར་དག་པ་ནི་དེ་བཞིན་ ཉིད་དེ་རྒྱུ་དང་ངོ་བོ་ལ་སོགས་པ་མ་གྲུབ་པའི་ཕྱིར་རོ། །དེ་ལ་དགའ་བ་ནི་དེ་དང་དབྱེར་མེད་པའི་ཚུལ་གྱིས་ཏེ་ཡང་དག་པའི་ཡེ་ཤེས་སོ། །བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོ་དེ་ཉིད་ཅེས་བྱ་བ་ལ་སོགས་པའི་དོན་ནི་དེ་དག་ཀྱང་རྡོ་རྗེ་འཆང་གིས་སེམས་ཅན་གྱི་དོན་དུ་དེ་ལྟར་བསྟན་གྱི་དོན་དམ་པར་ནི་མ་ཡིན་ནོ་ ཞེའོ། །གཞན་ལ་ཡང་དེ་ལྟར་ཤེས་པར་བྱའོ། །སྐུ་དང་གསུང་དང་ཐུགས་མི་རྟག་པ་ནི་སྐད་ཅིག་གཉིས་པ་ལ་སོགས་པར་མི་གནས་པའོ། །སླུ་བ་ནི་རྟག་པར་སེམས་པ་ལའོ། །ཆོས་ཐམས་ཅད་སྟོང་པ་ནི་ཇི་ལྟར་བརྟག་པ་དང་བྲལ་བའོ། །སླུ་བ་ནི་ཡོད་པར་འཛིན་པའི་གང་ཟག་ལའོ། །སྣང་བ་གསུམ་ནི་བཤད་ ཟིན་ཏོ། །སླར་ཡང་དངོས་པོ་མེད་པར་བྱས་པ་ནི་འོད་གསལ་བའི་ངང་དུ་སྟེ་དེ་ཉིད་ཡོད་པར་འཛིན་པ་ནི་གང་ཟག་ལའོ། །ཕུང་པོ་ལ་སོགས་པ་ནི་སྦྱང་བར་བྱའོ། །རིལ་པོར་འཛིན་པ་ལ་སོགས་པ་ནི་སྦྱོར་བའི་ཐབས་སོ། །དེ་ཐམས་ཅད་དབྱེ་བ་མེད་པར་གྱུར་པ་ནི་དེའི་འབྲས་བུའོ། །འདི་ནི་ཐམས་ཅད་རང་གིས་བརྟགས་ པས་སླུ་བ་སྟེ། བདེན་པར་གྱུར་པའི་དོན་མཐོང་བས། །དམན་ལ་བདེན་པར་གྱུར་པ་སླུ། །ཞེས་འབྱུང་བ་ལྟ་བུའོ། །གཞན་ནི་སྔ་མ་བཞིན་ནོ། །གཤིན་རྗེ་ནི་དམྱལ་བའི་སྲུང་མ་དང་བཅས་པ་སྟེ་དེ་ན་དབང་ཆེ་བར་སྣང་བའི་ཕྱིར་རོ། །ཁྲོ་བོ་ཆེན་པོ་ནི་དེ་དག་འཇིགས་པར་སྣང་བའོ། །མཐར་ཐུག་མཛད་ཅིང་འཇིགས་པ་ནི་ གཏུམ་པོའི་ལས་ཀྱི་དོན་ཆེན་པོ་དང་ལྡན་པར་བྱེད་པའོ། །རྨོངས་པའི་མུན་པ་ཉིད་མ་རིག་པ་སྟེ་དམན་པར་གྱུར་པའི་ཕྱིར་སྡུག་བསྔལ་སྣ་ཚོགས་ཉམས་སུ་མྱོང་བར་བྱེད་པས་གཤིན་རྗེའོ། །དོན་དམ་པའི་བདེན་པས་མཐར་ཐུག་པར་མཛད་པ་ནི་རང་བཞིན་གྱིས་བག་ཆགས་དང་བཅས་ཏེ་རྩད་ནས་གདོན་པའི་ཕྱིར་རོ། །དེ་བཞིན་ གཤེགས་པ་ཐམས་ཅད་ཀྱི་མངོན་པར་བྱང་ཆུབ་པ་ཡང་གང་ཞེ་ན་རིན་ཆེན་འབྱུང་ལྡན་ནོ། །འོད་གསལ་བ་ནི་མངོན་པར་བྱང་ཆུབ་པ