Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 33

Văn bản gốc(Tây Tạng)

Trang 2 / 14 (50.000 ký tự/trang)
འགྲོ་བའོ་ཞེས་པ་ནི་སྔགས་དང་ཕྱག་རྒྱའི་རིམ་པས་རང་བཞིན་དང་སྣང་བ་སྤོང་བས་ཟླ་བ་དང་ཉི་མ་དང་

མཚམས་ཀྱི་སྣང་བ་མཐོང་བས་དག་པ་ནམ་མཁའ་དང་འདྲ་བ་འོད་གསལ་བ་ལ་འཇུག་པའོ། །ཡང་བདག་ལ་བྱིན་གྱིས་བརླབ་པའི་རིམ་པས་སྟོང་པ་ཆེན་པོ་ལ་སོགས་པའི་གོ་རིམས་ཀྱིས་འོད་གསལ་བ་ལས་ཅིག་ཅར་དུ་ཡེ་ཤེས་ཀྱི་སྐུ་སྤྲོ་བ་ནི་འོང་བའོ། །
འགྲོ་བ་དང་འོང་བ་མེད་པ་ཞེས་པ་ནི་མངོན་པར་བྱང་ཆུབ་པའི་རིམ་པ་ཁོང་དུ་ཆུད་ནས་ཟུང་དུ་འཇུག་པའི་ཏིང་ངེ་འཛིན་ལ་འགྲོ་བ་དང་འོང་བ་མེད་དེ་རྫོགས་པ་དང་མི་སློབ་པས་སོ། །ཟུང་འཇུག་ཏིང་ངེ་འཛིན་ལ་གནས་པས་སླར་ཞིང་གང་ལའང་མི་སློབ་བོ། །འདི་ནི་རྫོགས་པའི་རྣལ་
འབྱོར་ཞེས། །དེ་ཡང་རྡོ་རྗེ་འཆང་ཆེན་པོ། །རྣམ་པ་ཐམས་ཅད་མཆོག་ལྡན་པ། །ཐམས་ཅད་མཁྱེན་པ་དེ་ལས་འབྱུང་། །ཞེས་བསྟན་པས་སོ། །རྫོགས་པ་ལ་ཞེས་བྱ་བ་ལ་སོགས་པ་ནི་རྫོགས་པའི་རིམ་པ་ཡོངས་སུ་རྫོགས་པ་ལ་ཞེས་བྱ་བའི་དོན་ཏོ། །འདིར་ནི་བསྡུས་པའི་དོན་
འདི་ཡིན་ཏེ། ཇི་ལྟར་གཙུབ་ཤིང་ལ་སོགས་པའི་ཚོགས་པ་ཕྲད་པ་ལས་མེ་བསྐྱེད་དེ། འོན་ཏེ་དེ་རྣམས་རྣམ་པར་དཔྱད་ན་ལོགས་སུ་བསྐྱེད་པར་མི་འགྱུར་བ་དེ་བཞིན་དུ་འགྲོ་བ་དང་འོང་བ་ལ་སོགས་པ་རིམ་གྱིས་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་ཐོབ་པར་ཤེས་པར་བྱའོ། །འགྲོ་བ་ལ་
སོགས་པ་རང་མེད་པས་ཀྱང་རྡོ་རྗེ་འཆང་གི་སྐུ་རྫོགས་པར་བྱེད་དེ། དེ་བས་ན་རྟེན་ཅིང་འབྲེལ་པ་ལས་འབྱུང་བ་འདི་རྣམ་པ་སྣ་ཚོགས་པ་དང་སངས་རྒྱས་ཀྱི་རོལ་མོ་སྣ་ཚོགས་པ་ཡིན་ནོ། །དེ་ལྟར་ཞེས་བྱ་བ་ལ་སོགས་པས་དེ་ཁོ་ན་ཉིད་ཐོབ་ནས་དགའ་བར་འགྱུར་བ་བྱང་ཆུབ་
སེམས་དཔའ་རྣམས་ཀྱིས་ཇི་ལྟར་ཐོབ་པའི་དོན་མཆོག་ཏུ་འཛིན་པས་བསྟོད་པ་དེ་བསྟན་པར་བྱ་བའི་ཕྱིར་བརྩམ་པར་བྱ་སྟེ། དེ་ནས་སྐད་ཅིག་དེ་ཉིད་ལས་ཞེས་པ་ནི་དང་པོ་མྱོང་བའི་སྐད་ཅིག་མ་ལའོ། །སྣང་བ་སྐྱེས་པས་ཞེས་པ་ནི་སྟོང་པ་ལ་སོགས་པའི་རིམ་པས་སྣང་བ་ལ་
སོགས་པའི་ཡེ་ཤེས་གསུམ་བསྐྱེད་པས་སོ། །དེ་ནས་ཆོས་ཉིད་རྟོགས་ནས་ཞེས་པ་ནི་འོད་གསལ་བ་མངོན་དུ་བྱས་ནས་སོ། །ཡང་བདག་ལ་བྱིན་གྱིས་བརླབ་པའི་རིམ་པས་མ་རིག་པ་མྱོང་བའི་འོག་ཏུ་ཐབས་ཀྱི་ཡེ་ཤེས་བསྐྱེད་ཅིང་སྣང་བའི་ཡེ་ཤེས་ཀྱི་མིག་གདངས་པ་ཞེས་པ་ནི་

ཡེ་ཤེས་ཀྱི་སྐུ་དང་ལྡན་པར་འགྱུར་རོ། །དེས་ནི་སྟོང་པ་ལ་སོགས་པའི་རིམ་པས་འོད་གསལ་བ་མྱོང་ཞིང་ཡང་སྟོང་པ་ཆེན་པོ་ལ་སོགས་པའི་རིམ་པས་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཡེ་ཤེས་ཀྱི་སྐུ་གཟུང་བ་ཉེ་བར་བསྟན་ཏོ། །དེ་བས་ན་དེ་བཞིན་གཤེགས་པ་རྣམས་ཀྱིས་ཉེ་བར་
སྟོན་པ་གང་ཡིན་པ་དེ་དག་དབང་པོ་རྣོ་བའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་མངོན་དུ་བྱས་པ་ཡིན་ནོ་ཞེས་བསྟན་ཏོ། །དེ་ནས་དོན་འདི་ཉིད་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བསྟོད་པའི་སྒོ་ནས་བསྟན་པར་བྱ་སྟེ། སོ་སོ་རང་གིས་རིག་པའི་ཆོས་ཉིད་སྟོན་པ་ཞེས་པ་ནི་འོད་
གསལ་བ་ལ་རབ་ཏུ་གསལ་བར་བྱེད་པའོ། །རྨད་བྱུང་ཆེན་པོའི་ཆོས་རྣམས་ནི་དོན་དམ་པའི་བདེན་པའོ་ཞེས་པ་ནི་དངོས་པོ་ཐམས་ཅད་དེ་ཉིད་དུ་ཐིམ་པ་དང་དེ་ལས་བྱུང་བས་སོ། །སྤྱི་ལ་མང་པོའི་ཚིག་གིས་ཞེས་པ་ནི་དངོས་པོ་རེ་རེ་ལ་ཁྱབ་པར་བྱེད་པ་ཞེས་བྱ་བས་གསལ་བའི་
ཕྱོགས་ལ་བརྟེན་ཏེ། དེའི་སྤྱི་ལ་མང་པོའི་ཚིག་བརྟེན་ནས་སྨིན་པ་བཞིན་ནོ། །ཐམས་ཅད་དུ་ཁྱབ་པས་ན་ཞེས་པས་བརྟན་པ་དང་གཡོ་བའི་དངོས་པོའི་ཚོགས་ཁྱབ་པར་བྱེད་པས་སོ། །ཇི་སྐད་དུ། བུ་རམ་མངར་བ་མེ་ཡི་ནི། །ཇི་ལྟར་དྲོ་བའི་རང་བཞིན་ཏེ། །ཆོས་ཀུན་གྱིས་ནི་སྟོང་པ་
ཉིད། །དེ་བཞིན་དུ་ནི་རང་བཞིན་འདོད། །རྣམ་པ་དུ་མས་ཐ་དད་པ། །དངོས་པོ་རྣམས་ནི་གོས་དང་འདྲ། །སྟོང་པ་ཉིད་མེས་བསྲེགས་གྱུར་པའི། །ཐལ་བའི་དབྱེ་བ་གང་ཡང་མེད། །ཅེས་འབྱུང་ངོ་། །རྟོག་གེ་ཞེས་བྱ་བ་ལ་སོགས་པ་ནི་རྟོག་གེ་པ་རྣམས་ཀྱིས་ཕྱོགས་དང་གཏན་
ཚིགས་དང་དཔེའི་སྒོ་ནས་དེ་ཁོ་ན་ཉིད་རྟོགས་པར་མི་ནུས་ཏེ། དེ་སྤྲོས་པ་མེད་པས་སོ། །ཇི་སྐད་དུ། །རྣམ་པར་རྟོག་པ་གཞན་བྱེད་པ། །རྣམ་པར་རྟོག་པ་ཀུན་རྫོབ་བཤད། །དེ་ཉིད་དམ་པའི་དོན་ཡིན་ཏེ། །རྣམ་པར་རྟོག་པ་ལྡོག་པས་སོ། །ཞེས་འབྱུང་ངོ་། །དེ་བཞིན་དུ། རྟེན་ཅིང་
མ་ངེས་མི་ཁྱབ་པ། །ཀུན་རྫོབ་དང་ནི་ཐ་དད་ལྡན། །བྱིས་པས་བརྟེན་པའི་རྟོག་གེ་ནི། །དེ་ཕྱིར་དེ་ཡི་སྤྱོད་ཡུལ་མིན། །ཞེས་བཅོམ་ལྡན་འདས་བྱམས་པས་ཀྱང་གསུངས་སོ། །རྟོག་གེ་པས་ནི་མི་ཤེས་པ། །རྣལ་འབྱོར་བྱིས་པས་རྟོགས་མི་འགྱུར། །ཞེས་དགོངས་པ་ལུང་བསྟན་པ་

ལས་འབྱུང་ངོ་། །སྒྱུ་མ་ལྟ་བུའི་སྐུ་ནི་ཀུན་རྫོབ་ཀྱི་བདེན་པའོ། །ཡོངས་སུ་དག་པས་ན་ཞེས་པ་ནི་རིལ་པོར་འཛིན་པ་དང་རྗེས་སུ་གཞིག་པ་དག་གིས་མི་སྣང་བར་བྱེད་པས་སོ། །མིག་གི་དབང་པོའི་ཡུལ་དུ་གྱུར་པས་ན་ཞེས་པ་ནི་རིམ་པ་བཞི་པ་ལས་ཅིག་ཅར་
དུ་ལངས་ཏེ་གདུལ་བྱ་རྣམས་ལ་སྣང་བར་འགྱུར་རོ། །རྡོ་རྗེ་འཆང་ཆེན་པོའི་སྐུའོ་ཞེས་པ་ནི་ཟུང་དུ་འཇུག་པའི་ཏིང་ངེ་འཛིན་གྱིས་རྡོ་རྗེའི་སྐུར་གྱུར་ཏོ། །དོན་དམ་པའི་བདེན་པ་ནས་བརྩམས་ཏེ་ངོ་མཚར་ཆེའོ་ཞེས་བྱ་བའི་བར་དུའོ་ཞེས་པ་ནི་སྟོང་པར་གྱུར་པས་ཀྱང་སྐུ་གཟུང་བ་འཛིན་པས་
འགྲོ་བའི་དོན་མཛད་པས་ངོ་མཚར་རོ། །འོད་གསལ་བའོ་ཞེས་པ་ནི་རིམ་པ་གཉིས་པ་དང་བཞི་པས་རྟོགས་པར་བྱ་བའོ། །དེས་དག་པས་ནི་རང་བཞིན་དང་སྣང་བ་སྒྱུ་མའི་སྐུ་དག་པས་སོ། །དེ་ཁོ་ན་ཉིད་ཅེས་བྱ་བ་ནི་དོན་དམ་པའི་བདེན་པའོ། །དོན་ནི་ཀུན་རྫོབ་ཀྱི་བདེན་པའོ། །དེ་
དང་དབྱེར་མེད་པའི་ངོ་བོ་ཡིན་པས་དེ་ཁོ་ན་ཉིད་ཀྱི་དོན་ནི་ཟུང་དུ་འཇུག་པའི་རིམ་པས་ཐོབ་པར་བྱ་བ་རྡོ་རྗེའི་སྐུའོ། །དེས་ནི་སེམས་རྣམ་པར་དག་པ་ལ་སོགས་པའི་རིམ་པ་བཞི་པའི་བདག་ཉིད་ཅན་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོས་བསྟན་པ་ཡིན་ནོ། །དེ་ཉིད་བསྟན་པའི་ཕྱིར། རྡོ་རྗེ་
འཆང་ཆེན་པོས་ཞེས་བསྟན་ཏོ། །དེ་ཉིད་ནི་འདའ་བར་མི་བྱ་བས་ན་ཞེས་པ་ནི་རིམ་པ་གཉིས་སྒོམ་པར་བྱེད་པའི་རྣལ་འབྱོར་པས་ངེས་པར་བསྒོམ་པར་བྱ་བས་སོ། །དེ་སྟོན་པའི་ཞེས་བྱ་བ་ལ་སོགས་པས་དེ་ལྟར་གྱུར་པའི་རྡོ་རྗེ་འཆང་ཆེན་པོ་སྟོན་པར་བྱེད་པའི་གཞུང་གི་ཚོགས་གང་ཡིན་
པ་དེ་ནི་ལེའུ་ཞེས་བསྟན་ཏོ། །དགོངས་པས་བཤད་པའོ་ཞེས་པ་ནི་འགལ་བའི་སྒྲའི་སྦྱོར་བས་རྫོགས་པའི་རིམ་པ་སོ་སོར་བསྟན་པས་སོ། །སྒྲོན་མ་གསལ་བར་བྱེད་པའི་འགྲེལ་པའི་ཊཱི་ཀཱ་ལས་ལེའུ་དགུ་པའི་རྒྱ་ཆེར་བཤད་པའོ།། །།སྒྲུབ་པ་མཆོག་དང་ཐ་མལ་པ་
ལ་གནས་ཤིང་ཞེས་བྱ་བ་ལ་སོགས་པས་ལེའུ་བཅུ་པའི་བཤད་པ་བརྩམ་པར་བྱ་སྟེ། དེས་ན་དོན་འདི་ཡིན་ཏེ་རིམ་པ་གཉིས་བསྒོམ་པའི་རྣལ་འབྱོར་པ་ལེའུ་དྲུག་གིས་འགྲུབ་པ་དང་། སྤྲོས་པ་དང་བཅས་པ་ལ་སོགས་པའི་སྤྱོད་པ་རྣམས་སུ་ལེའུ་བདུན་པ་ནས་རྩོལ་བར་བྱས་པ་དང་དེ་བཞིན་

དུ་ལེའུ་བརྒྱད་པ་དང་དགུ་པ་དག་གིས་གསང་བའི་དབང་བསྐུར་དང་དམ་ཚིག་རྣམས་ལ་གཞོལ་བ་བྱས་པས་དེ་བཞིན་གཤེགས་པ་རྣམས་ཀྱིས་མི་གཟིགས་པ་དང་། རིགས་འབྲིང་ཡིན་པས་གང་གི་ཚེ་དངོས་གྲུབ་ཐོབ་པར་མ་གྱུར་པ་དེའི་ཚེ། རང་གི་ལྷའི་དངོས་གྲུབ་བསྒྲུབ་པར་
བྱ་བའི་ཕྱིར་རང་གི་ལྷ་ནི་རྡོ་རྗེ་འཆང་ལ་སོགས་པའི་སྙིང་པོ་བསྐུལ་བ་ནི་དེའི་ཐུགས་ཀའི་ནུས་པ་འགུགས་པ་སྔོན་དུ་འགྲོ་བར་རང་གི་བདག་ཉིད་ལ་འཇུག་པར་བྱའོ་ཞེས་བྱ་བས་ལེའུ་བཅུ་པ་བརྩམ་པར་བྱའོ། །ལེའུ་འདིའི་བསྡུས་པའི་དོན་འདི་ཡིན་ཏེ། བསྐྱེད་པའི་རིམ་པའི་རྣལ་
འབྱོར་པས་ལོ་སྐོར་རམ་ཟླ་བ་དྲུག་གམ་གསུམ་མམ་གཉིས་སམ་ཟླ་བ་ཕྱེད་ཀྱི་བར་དུ་རྒྱུན་མ་ཆད་པའི་སྒོམ་པར་བྱེད་པས་གང་གི་ཚེ་དངོས་གྲུབ་ཐོབ་པར་མི་འགྱུར་ན་དེའི་ཚེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ་བསྐུལ་བས་འགྲུབ་པར་འགྱུར་རོ། །གང་གི་ཕྱིར་བཅོམ་
ལྡན་འདས་མི་བསྐྱོད་པ་ལ་སོགས་པ་དེ་བཞིན་གཤེགས་པ་རྣམས་མངོན་པར་དགའ་བ་ལ་སོགས་པའི་སངས་རྒྱས་ཀྱི་ཞིང་རྣམས་ལ་བདེ་བ་དང་ཐུགས་བདེ་བ་མྱོང་བ་རང་གི་ཕྱག་རྒྱ་དང་ལྷན་ཅིག་ཏུ་རོལ་པར་མཛད་པ་སྤྲོས་པ་མེད་པའི་མཚན་ཉིད་ཅན་གྱི་བདེ་བ་ཆེན་པོ་རིག་
ཅིང་བཞུགས་པས་སྔགས་ཙམ་ལ་གཞོལ་བའི་སྒྲུབ་པ་པོ་ལ་གཟིགས་པར་མི་འགྱུར་རོ། །དེ་མི་གཟིགས་པས་སྒྲུབ་པ་པོས་དངོས་གྲུབ་ཐོབ་པར་མི་འགྱུར་རོ། །དེ་བས་ན་དེ་རྣམས་ཀྱིས་སྒྲུབ་པ་པོ་ལ་གཟིགས་པར་བྱ་བའི་ཕྱིར་སྙིང་པོ་བསྐུལ་བ་བསྒོམ་པར་བྱའོ། །དེའི་ཐབས་ནི་
བཞི་སྟེ། བཟང་བ་དང་། སྦྱིན་པ་དང་། དབྱེ་བ་དང་། འཆད་པའོ། །དེ་ལ་བཟང་གི་རིམ་པ་འདི་ཡིན་ཏེ། དེ་ལ་རེ་ཞིག་དང་པོ་རྣལ་འབྱོར་པས་ཇི་ལྟར་མངོན་པར་འདོད་པའི་ལྷའི་རྣལ་འབྱོར་དང་ལྡན་པས་ཡེ་ཤེས་སེམས་དཔའི་ཐུགས་ཀའི་ས་བོན་གྱི་ཐིག་ལེ་ལས་འོད་ཟེར་
གྱི་ཚོགས་སྤྲོས་ལ། དེ་ཉིད་གཟུགས་རྡོ་རྗེ་མ་ལ་སོགས་པའི་ལྷ་མོའི་གཟུགས་སུ་གྱུར་ནས་ནམ་མཁའི་ཁམས་ཁྱབ་ནས་མངོན་པར་དགའ་བ་ལ་སོགས་པའི་སངས་རྒྱས་ཀྱི་ཞིང་ཁམས་ཐོབ་ནས་ཚིག་སྙན་པ་དང་སྒེག་པའི་ཉམས་དང་ལྡན་པས་གསོལ་བ་གདབ་པར་བྱ་སྟེ།

ཀྱེ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཆེ་གེ་མོ་ཞེས་བྱ་བ་སྒྲུབ་པ་པོ་ཁྱེད་རྣམས་ལ་དད་ཅིང་རྗེས་སུ་ཆགས་པ་དེའི་ཕྱིར་དེ་རྗེས་སུ་གཟུང་བར་བྱ་བའི་དོན་དུ་ཁྱོད་ཀྱིས་མྱུར་དུ་གཟིགས་པར་མཛད་དོ་གསོལ་ཞེས་བྱ་བའི་ཞུ་བ་རྫོགས་ནས་མཆོད་པ་
ཕུལ་ཞིང་སླར་ཡང་བསྡུ་བའི་རིམ་པས་དེ་རྣམ་རང་གི་སྙིང་གའི་ས་བོན་གྱིས་ཡེ་ཤེས་སེམས་དཔའི་སྙིང་གའི་ས་བོན་གྱི་ཐིག་ལེ་ལ་འཇུག་པར་བྱའོ་ཞེས་པ་ནི་བཟང་པོའོ། །དེ་ལྟར་བྱས་ཀྱང་འགྲུབ་པར་མ་གྱུར་ན་དེའི་ཚེ་སྦྱིན་པའི་ཐབས་འདི་ལྟར་བརྩམ་པར་བྱའོ། །དེའི་རིམ་པ་ནི་
སྔ་མ་བཞིན་དུ་རྣལ་འབྱོར་པས་ཡེ་ཤེས་སེམས་དཔའི་ས་བོན་གྱི་ཐིག་ལེ་ལ་འོད་ཀྱི་ཚོགས་སྤྲོས་ལ་དེ་ཉིད་མེ་ཏོག་རྡོ་རྗེ་མ་ལ་སོགས་པའི་མཆོད་པའི་ལྷ་མོའི་གཟུགས་སུ་འགྱུར་ནས་མངོན་པར་དགའ་བ་ལ་སོགས་པ་སངས་རྒྱས་ཀྱི་ཞིང་ལ་བཞུགས་པ་དེ་བཞིན་གཤེགས་པ་ཐུགས་
རྡོ་རྗེ་འཆང་ལ་སོགས་པ་ལ་མཆོད་པ་བྱས་ཏེ། ཚིག་འཇམ་པ་ལ་སོགས་པས་བསྟོད་ཅིང་། །ཕྱི་དང་ནང་དང་གསང་བའི་མཆོད་པ་བྱས་ཏེ་སྒྲུབ་པ་པོའི་མིང་བསྟན་ནས་བཅོམ་ལྡན་འདས་ལ་གསོལ་བ་བཏབ་སྟེ། ལྡོག་པར་གྱུར་པ་བསམ་ཞིང་སླར་ཡང་བསྡུ་བའི་རིམ་པས་རང་གི་ས་
བོན་གྱི་ཐིག་ལེར་འཇུག་པར་བྱའོ་ཞེས་སྦྱིན་པའི་ཐབས་སོ། །དེས་ཀྱང་གལ་ཏེ་དངོས་གྲུབ་མི་གསལ་ན་དེའི་ཚེ་སྔ་མ་བཞིན་དུ་རང་གི་ཐུགས་ཀའི་ཡེ་ཤེས་སེམས་དཔའི་ས་བོན་གྱི་ཐིག་ལེ་ལས་ཁ་དོག་ནག་པོ་ཞལ་གསུམ་ཕྱག་དྲུག་པ་ཞལ་རྣམ་པར་འགྱུར་བ། གཡོན་བརྐྱང་བ་ལ་
ཞགས་པ་དང་ལྕགས་ཀྱུ་དང་ཐོ་བ་དང་རྡོ་རྗེ་དང་དྲིལ་བུ་དང་སྡིགས་མཛུབ་འཛིན་པ་གནོད་མཛེས་ཁྲོ་བོའི་རྒྱལ་པོ་སྤྲོས་ཏེ་བཀའ་ནོད་པར་བསམ་པར་བྱའོ། །དེ་ནས་དེ་ལ་བཀའ་བསྒོ་བར་བྱའོ། །ཀྱེ་མངོན་པར་དགའ་བ་ལ་སོགས་པའི་སངས་རྒྱས་ཀྱི་ཞིང་ལ་བཞུགས་པ་དེ་བཞིན་
གཤེགས་པ་རྣམས་ལ་གསོལ་བ་ཐོབ་ཤིག །དེ་ནས་དེ་སོང་ནས་ནམ་མཁའི་དཀྱིལ་ལ་གནས་པ་སངས་རྒྱས་ཀྱི་ཞིང་ལ་བཞུགས་པ་མི་བསྐྱོད་པ་ལ་སོགས་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པ་མཐོང་ནས་འདི་སྐད་དུ་ཞུ་བར་བསམ་པར་བྱ་སྟེ། ཆེ་གེ་མོ་ཞེས་རྡོ་རྗེ་ཅན། །ཁྱེད་ཀྱི་

བསྟན་པ་ལ་དགའ་བ། །མྱུར་དུ་དངོས་གྲུབ་དོན་གཉེར་བ། །དེ་ལ་དེ་ནི་གསོལ་བར་མཛོད། །ཅེས་པ་ཞུས་ནས་རྡོ་རྗེ་ཐོ་བས་དེ་རྣམས་ཀྱི་ཐུགས་ཀ་ལ་བརྡེག་པར་བསམ་པར་བྱའོ། །དེ་ནས་ཉེ་བར་བསྡུ་ཞིང་རང་གི་སྙིང་གའི་ཐིག་ལེ་དེ་ཉིད་ལ་ཞུགས་པར་བསམ་པར་བྱའོ་ཞེས་དབྱེ་བའི་ཐབས་ཀྱི་
རིམ་པའོ། །དེ་ལྟར་བྱས་ཀྱང་འགྲུབ་པར་མ་གྱུར་ན་དེའི་ཚེ་འཆད་པའི་ཐབས་བསྟན་པར་བྱ་སྟེ། རེ་ཞིག་དང་པོ་རྣལ་འབྱོར་པས་རང་གི་ཕྱག་རྒྱའི་ཆོས་འབྱུང་གི་ཕྱག་རྒྱའི་ནང་དུ་རཾ་ལས་སྐྱེས་པའི་གྲུ་གསུམ་མེའི་དཀྱིལ་འཁོར་བསྒོམས་ལ་རང་གི་སྙིང་ག་ལས་བྱུང་བ་སྔར་བཤད་པའི་དབྱིབས་དང་། ཁ་
དོག་དང་ལྡན་པའི་གནོད་མཛེས་ཀྱི་རྒྱལ་པོས་མངོན་པར་དགའ་བ་ལ་སོགས་པའི་སངས་རྒྱས་ཀྱི་ཞིང་རྣམས་ལས་མགྲིན་པ་ནས་བཏགས་པའི་ཞགས་པས་ཐུགས་རྡོ་རྗེ་འཆང་ལ་སོགས་པ་དེ་བཞིན་གཤེགས་པ་བཀུག་ནས་ལྕགས་ཀྱུས་སྤྱི་བོར་བཏབ་ལ། ཡི་གེ་ཡཾ་ལས་
སྐྱེས་པའི་རླུང་གི་དཀྱིལ་འཁོར་དང་རཾ་ལས་སྐྱེས་པའི་མེའི་དཀྱིལ་འཁོར་གྱི་སྟེང་དུ་བཞུགས་སུ་གསོལ་ཞིང་། རླུང་གི་དཀྱིལ་འཁོར་གྱིས་བསྐུལ་བ་ཁྲོ་བོའི་རྒྱལ་པོས་ཀྱང་རྒྱབ་ཏུ་བརྡེགས་པར་བསམས་ཏེ་མདུན་དུ་གཤེགས་ནས་ཕྱག་རྒྱའི་ཆོས་འབྱུང་གི་ནང་ན་བཞུགས་
པ་དེ་ལ་གནས་པའི་མེའི་དཀྱིལ་འཁོར་གྱིས་བསྲེགས་པས་ཐལ་བར་གྱུར་པར་བསམས་ཏེ། དེའི་རྣམ་པར་ཤེས་པ་ཡང་དངས་ཤིང་མར་མེ་དང་འདྲ་བར་ཡོངས་སུ་གྱུར་ནས་ཡི་གེ་ཧཱུཾ་གི་རྣམ་པར་བསམས་ལ། དེ་ཡོངས་སུ་གྱུར་ནས་རྡོ་རྗེ་ལ་སོགས་པ་ལས་བྱུང་བ་མི་བསྐྱོད་
པ་ལ་སོགས་པ་སེམས་དཔའ་གསུམ་གྱི་བདག་ཉིད་བསྒོམ་ཞིང་ཕྱི་རོལ་དུ་སྤྲོས་ལ། དེ་དང་ལྷན་ཅིག་ཏུ་དབྱེར་མེད་པའི་བདག་ཉིད་བསྒོམས་ན་དེའི་ཚེ་ཞག་བདུན་གྱིས་ངེས་པར་དངོས་གྲུབ་སྩོལ་བར་འགྱུར་ཏེ་འཆད་པའི་ཐབས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་
ཀྱི་སྙིང་པོ་བསྐུལ་བ་དེ་ཉིད་བཤད་པ་ཡིན་ཏེ། དེ་ཉིད་བསྟན་པར་བྱ་བའི་ཕྱིར་ཡང་འདུས་ཏེ་ཞེས་པ་ནི་གསོལ་བ་འདེབས་པའི་དོན་ཏོ། །ལེའུ་དང་པོར་བཤད་པའི་རིམ་གྱིས་ཞེས་པ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཉེ་བར་བསྡུ་བར་མཛད་པ་དཔལ་རྡོ་རྗེ་འཆང་གིས་བཤད་པའི་

རིམ་པས་སོ། །བདེན་པ་གཉིས་གཉིས་སུ་མེད་པར་གྱུར་པའི་མཚན་ཉིད་ཅན་ནོ་ཞེས་པ་ནི་ཟུང་དུ་འཇུག་པའི་ཏིང་ངེ་འཛིན་ལ་བཞུགས་པས་ཞེས་བྱ་བའི་དོན་ཏོ། །སྐུ་དང་གསུང་དང་ཐུགས་ཀྱི་གསང་བ་ཡིན་པས་ཞེས་པའི་སྐུ་ལ་སོགས་པ་རྣམ་པར་སྣང་
མཛད་ལ་སོགས་པའི་མཆོག་ཡིན་ནོ་ཞེས་པ་ནི་དྲང་བའི་དོན་ཏོ། །རུས་སྦལ་མ་དང་ཟླ་བ་མ་དང་འདོད་པའི་གདུགས་གསུམ་བྱང་ཆུབ་ཀྱི་སེམས་ཀྱི་ངོ་བོས་ཁྱབ་པས་ན་ཟབ་པ་སྟེ་ངེས་པའི་དོན་ཏོ། །གདུལ་བྱ་རྣམས་ཞེས་བྱ་བ་ལ་སོགས་པ་ནི་བསམ་པ་ཇི་ལྟ་བའི་དབྱེ་བས་བཟང་བ་
ལ་སོགས་པའི་ཐབས་བཞིའི་རིམ་པས་ཐ་དད་པའི་བསྒོམ་པ་བསྟན་པའོ། །མཁྱེན་པ་ནི་དེ་ལ་བརྟེན་པ་དེའི་ངོ་བོས་སོ། །མི་སླུ་བ་ནི་ཇི་ལྟར་བྱ་བའི་སྙིང་པོ་བསྐུལ་བའི་འབྲས་བུ་སྟེར་བའོ། །ཨཱ་ལི་དང་ཀཱ་ལི་ལས་སྐྱེས་པ་རྣམས་ཏེ། རླུང་བསྐུལ་བས་གནས་བརྒྱད་པོ་ལས་
སྐྱེས་པའི་དབྱངས་དང་གསལ་བྱེད་ལས་བྱུང་བ་ཞེས་བྱ་བའི་དོན་ཏོ། །སྦྲུལ་དང་མགོ་མེད་ཅེས་བྱ་བ་ལ་སོགས་པའོ་ཞེས་པ་ནི་ལེའུ་བཅུ་བཞི་པ་ནས་ངེས་པའི་ཚིག་འཆད་པར་འགྱུར་བའོ། །གཙོ་བོ་སྟེ་ཡི་གེ་ཨོཾ་ལ་སོགས་གསུམ་མོ་ཞེས་པ་ནི་ཕོ་དང་མོ་དང་མ་ནིང་གི་དབྱེ་བས་དེ་རྣམས་
དེ་ཉིད་དུ་བསྡུས་པས་སོ། །གསལ་བར་བྱས་པའོ་ཞེས་པ་ནི་སྙིང་པོ་བསྐུལ་བས་ཡི་གེ་གསུམ་གསལ་བར་འགྱུར་བས་སོ། །དེ་བཞིན་གཤེགས་པ་རྣམས་སོ་ཞེས་པ་ནི་སྐུ་ལ་སོགས་པ་རྣམ་པར་དག་པའི་རང་བཞིན་ཡིན་པས་སོ། །གསང་བའོ་ཞེས་བཏགས་པའི་ཞེས་པ་ནི་དེ་
བཞིན་གཤེགས་པ་ཐམས་ཅད་ཀྱིས་སྦས་པ་ཉིད་དུ་མངོན་པར་བཞེད་པའོ། །དངོས་གྲུབ་ཆེན་པོའི་ཐབས་སོ་ཞེས་པ་ནི་དང་པོ་སྦྱོར་བ་ལ་སོགས་པའོ། །ཕུལ་དུ་བྱུང་བའོ་ཞེས་པ་ནི་སྙིང་པོ་བསྐུལ་བས་མྱུར་དུ་དངོས་གྲུབ་ཐོབ་པར་འགྱུར་བས་སོ། །མི་སླུ་བ་སྟེ་ཞེས་པ་ནི་ཇི་ལྟར་བྱས་
པའི་སྙིང་པོས་བསྐུལ་བའི་དེ་ལྟར་འབྲས་བུ་བསྐྱེད་པའོ། །ཤེས་རབ་དང་ཞེས་པ་ནི་ཤེས་རབ་དང་ཐབས་དང་ཉེ་བར་ཐོབ་པའི་བདག་ཉིད་ཅན་ཡིན་པས་སོ། །ཐབས་ཀྱི་ཡེ་ཤེས་ཀྱི་བདག་ཉིད་ཡིན་པས་ན་ཞེས་པས་ནི་སྣང་བ་མཆེད་པའི་ཡེ་ཤེས་ཀྱི་བདག་ཉིད་དོ། །འདོད་ཆགས་

ལ་སོགས་པའོ་ཞེས་པ་ནི་འདོད་ཆགས་དང་འདོད་ཆགས་དང་བྲལ་བ་དང་འདོད་ཆགས་བར་མའོ། །དེ་རྣམས་ཀྱི་དབྱེ་བ་དང་རྗེས་སུ་དབྱེ་བ་ཞེས་པ་ནི་ཤེས་རབ་ཀྱི་རང་བཞིན་སུམ་ཅུ་རྩ་གསུམ་དང་ཐབས་ཀྱི་རང་བཞིན་བཞི་བཅུ་དང་། མ་རིག་པའི་རང་བཞིན་བདུན་ནོ། །རྗེས་སུ་དབྱེ་བ་ནི་ཉིན་མོ་དང་
མཚན་མོའི་དབྱེ་བས་རྣམ་པ་གཉིས་སུ་འགྱུར་ཏེ། བརྒྱ་དྲུག་ཅུའི་དབྱེ་བའོ། །རྒྱ་མཚོ་དང་མཉམ་པའི་ཕྱིར་རོ་ཞེས་པ་ནི། སོ་སོའི་སྐྱེ་བོ་རྣམས་ཀྱིས་བརྒལ་བར་མི་ནུས་པའི་ཕྱིར་རྒྱ་མཚོ་དང་འདྲ་བའོ། །དེ་རྣམས་ཀྱི་ཞེས་པ་ནི་དེའི་ཡུལ་དུའོ། །སྡུག་བསྔལ་དང་ཡིད་མི་བདེ་
བ་ལ་སོགས་པའི་རང་བཞིན་རྣམས་ནི་སེམས་ལས་བྱུང་བའི་ཆོས་རྣམས་སོ། །ཟིལ་གྱིས་མནན་ནས་ཞེས་པ་ནི་སྣང་བ་ཉེ་བར་ཐོབ་པ་ལ་སོགས་པའི་རིམ་པ་དང་སྔགས་དང་ཕྱག་རྒྱ་ལ་སོགས་པའི་ལམ་གྱིས་སྤངས་ནས་སོ། །མཆོག་ཏུ་དགའ་བའི་ངོ་བོ་ཉིད་ཀྱིས་ཞེས་པ་ནི་འོད་
གསལ་བའི་རང་བཞིན་མངོན་དུ་བྱས་ནས་སོ། །རོལ་བར་མཛད་པས་ན་ཞེས་པ་ནི་སྤྱོད་པར་མཛད་པའོ། །སྡུག་བསྔལ་ཐམས་ཅད་ཅེས་པ་ནི་འཇུག་པའི་རྣམ་པར་ཤེས་པ་ལ་སོགས་པ་སྟེ་སྡུག་བསྔལ་ཐམས་ཅད་ཀྱི་རྒྱུར་གྱུར་པས་སོ། །དེ་རྣམས་བསྲེག་བྱ་ཡིན་པའི་ཕྱིར་
བུད་ཤིང་ངོ་། །དེ་རྣམས་འོད་གསལ་བའི་མེས་སྲེག་པར་མཛད་པས་ན་འབར་བའོ། །དེ་ཉིད་ཀྱིས་ན་དྲག་པོ་སྟེ། །ཞེས་པ་ནི་ཤེས་རབ་ཀྱི་རང་བཞིན་ཡིན་པས་སོ། །ཁྲོ་བོའི་བདག་ཉིད་ཅན་དུ་བྱུང་བའོ་ཞེས་པ་ནི་རྣམ་པར་རྟོག་པ་མ་ལུས་པའི་བག་ཆགས་བཅོམ་པས་བཅོམ་
ལྡན་འདས་རྡོ་རྗེ་འཆང་ངོ་། །ཐ་མལ་པ་བས་ཀྱང་ཞེས་པ་ནི་རྣམ་པར་འབྱེད་པ་མ་སྐྱེས་པའི་སོ་སོའི་སྐྱེ་བོ་རྣམས་ཀྱིས་ཀྱང་ངོ་། །རབ་ཏུ་རྒྱས་པའི་སྤྱན་བགྲད་པར་མཛད་པས་ན་ཞེས་པ་ནི་ཆོག་མི་ཤེས་པས་མི་རྒྱས་པར་བྱེད་པས་སོ། །གསུང་ལ་རྟག་ཏུ་འཇུག་པ་སྟེ། །ཞེས་
པ་ནི་གསུང་འཇུག་པ་དེ་ལ་རག་ལུས་པའི་ཕྱིར་རོ། །དེ་ལ་གཞོལ་བར་མཛད་པ་ཡིན་པའི་ཕྱིར་ཞེས་པ་ནི་འོད་གསལ་བ་ལས་རླུང་བྱུང་ཞིང་དེ་ལ་ཡི་གེ་ལ་སོགས་པ་རབ་ཏུ་འཇུག་གོ། །ནམ་མཁའ་ལས་ནི་རླུང་འབྱུང་ཞེས་བྱ་བ་ལ་སོགས་པ་བཤད་པས་སོ། །སྐུ་དང་གསུང་དང་

ཐུགས་རྡོ་རྗེའི་ཚུལ་གྱིས་བསྒོམ་པ་ཞེས་པ་ནི་ལུས་ལ་སོགས་པའི་ཆོས་ཉིད་རྗེས་སུ་དྲན་ནས་བསྒོམ་པར་བྱའོ། །དེ་ཉིད་བསྟན་པའི་ཕྱིར། ཡོངས་སུ་ཤེས་པས་ཞེས་པ་ནི་དབྱེར་མེད་པས་ཞེས་པའོ། །བསྒོམ་པར་བྱའོ་ཞེས་པ་ནི་ངེས་པར་བསམ་པར་བྱའོ། །
བྱ་བའི་ཁྱད་པར་འདི་ནི་ཞེས་པ་ནི་བསྒོམ་པའི་བྱ་བའི་ཁྱད་པར་རོ། །འདི་ནི་ལུས་སོ་ཞེས་པ་ནི་འབྱུང་བ་ཆེན་པོ་བཞིའི་བདག་ཉིད་དོ། །འདི་ནི་ངག་གོ་ཞེས་པ་ནི་ཨཱ་ལི་ཀཱ་ལི་ངོ་བོ་རྟོག་པ་དང་བཅས་པའོ། །འདི་ནི་ཡིད་དོ་ཞེས་པ་ནི་དངོས་པོ་ཡོངས་སུ་ཤེས་པའི་བདག་ཉིད་རྟོག་པ་དང་བཅས་
པའོ། །དེ་དག་དེ་ཁོ་ན་ཉིད་དུ་བསམ་པར་འགྱུར་ན་ཐ་དད་པར་མི་དམིགས་ཏེ་དབྱེར་མེད་པས་ན་ལོགས་སུ་མི་དམིགས་པའི་ཕྱིར་རོ། །གཟུགས་མེད་པའི་ཁམས་སུ་ཡང་བསམ་གཏན་གྱི་ལུས་ཡོད་པ་དང་། སྲིད་པ་བར་མ་དོར་ཡང་དབང་པོ་ཚང་བས་ཕྲ་མོའི་ལུས་ཅན་ཡིན་པས་སོ། །
དེ་ཉིད་བསྟན་པའི་ཕྱིར། གཅིག་ལ་གཅིག་བརྟེན་པ་མེད་པ་ཞེས་སྨོས་ཏེ་ངག་དང་སེམས་དག་གི་ལུས་ནི་རྟེན་དུ་རིགས་པ་མ་ཡིན་ཏེ་གཟུགས་ཅན་ཡིན་པའི་ཕྱིར་རོ། །ངག་དང་སེམས་ནི་ལུས་ཅན་མ་ཡིན་པའོ། །དེ་བཞིན་དུ་ངག་དང་སེམས་དག་ཀྱང་ལུས་ཀྱི་རྟེན་མ་ཡིན་ནོ་ཞེས་
བཤད་པར་བྱ་སྟེ། སེམས་ལུས་ལྟ་བུ་ཞེས་བྱ་བ་ལ་སོགས་པ་ལེའུ་གཉིས་པ་ལས་གསུངས་པས་སོ། །དབྱེར་མེད་པས་སྐུ་ལ་སོགས་པ་ནི་གསུམ་རོ་གཅིག་པ་སྟེ་མཚུངས་པར་འོད་གསལ་བའི་རང་བཞིན་ནོ། །དེ་ཉིད་ཀྱི་ཕྱིར་གང་ན་ཡང་མི་གནས་པ་ཞེས་པ་ནི་སོ་སོར་ངེས་
པ་མེད་པས་ཀུན་དུ་གནས་པའོ། །དགོངས་པ་མ་ཡིན་པས་བཤད་པ་ཞེས་པ་ནི་ཤིན་ཏུ་གསལ་བའི་དེ་ཁོ་ན་ཉིད་བསྟན་པས་སོ། །དེ་ལྟར་ཞེས་བྱ་བ་ལ་སོགས་པས་དབྱེར་མེད་པའི་ཏིང་ངེ་འཛིན་ཉེ་བར་བསྡུ་བ་བཤད་པར་བྱ་སྟེ། སྡུད་པར་བྱེད་པ་ཞེས་བྱ་བ་ལ་སོགས་པས་སྙིང་པོ་
བསྐུལ་བའི་གནས་སྐབས་བསྟན་ཏེ། དེ་བཞིན་གཤེགས་པ་ཞེས་པ་ནི་རྣམ་པར་མི་རྟོག་པའི་གོ་འཕང་ཐོབ་པས་སོ། །སྤྱན་ལ་སོགས་པ་ཞེས་པ་ནི་འབྱུང་བ་ཆེན་པོ་བཞིའི་རྒྱ་མཚོ་ལས་རྣམ་པར་དག་པའི་གྲུས་ཕ་རོལ་དུ་གཤེགས་སོ། །རྣམ་པར་སྣང་མཛད་ལ་སོགས་པ་སྟེ་

ཞེས་པ་ནི་ཡི་གེ་གསུམ་ལས་འབྱུང་བས་སོ། །དེ་དག་ཕན་ཚུན་ཀུན་དུ་ཆགས་པ་ཞེས་པ་ནི་སྙིང་པོ་བསྐུལ་བའི་རིམ་པ་དང་མཐུན་པས་ཕན་ཚུན་བདེ་བ་ཆེན་པོ་མྱོང་ནས་སོ། །དེ་ཉིད་མི་འཇིག་པ་ཉིད་པས། །ཞེས་པ་ནི་བསྐལ་པ་ལ་སོགས་པའི་བར་དུ་བཞུགས་པས་མི་ཕྱེད་པའོ། །
ཐུགས་རྩེ་གཅིག་ཏུ་བཞག་ཅིང་ཞེས་པ་ནི་ཐབས་དང་ཤེས་རབ་གཉིས་སུ་མེད་པའི་རྒྱུར་གྱུར་པ་སྙིང་པོ་བསྐུལ་བའི་མཚན་ཉིད་ཀྱི་ཏིང་ངེ་འཛིན་གྱི་ཁྱད་པར་ལའོ། །གསོལ་བ་འདེབས་པའི་ཞེས་པ་ནི་སྙིང་པོ་བསྐུལ་བས་དོན་དུ་གཉེར་བའོ། །འདི་སྐད་ཅེས་བྱ་བ་ལ་སོགས་
པས་སྙིང་པོ་བསྐུལ་བར་བྱ་བའི་རྒྱུ་བསྟན་ཏོ། །འདིར་དེ་བཞིན་གཤེགས་པའི་སྒྲ་ནི་བྱེད་ཚིག་དང་པོའི་ཚིག་གི་མཐའ་ཅན་ནོ། །གཅིག་ནི་བོད་པ་དང་གཉིས་ནི་བྱེད་པ་ལའོ། །དེ་ཉིད་བསྟན་པའི་ཕྱིར། དེ་བཞིན་གཤེགས་པ་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་
བསྟན་ཏོ། །བསྟན་པའི་བྱ་བ་ལ་མངོན་པར་སྦྱོར་བ་སྟེ་ཞེས་པ་ནི་བྱེད་པ་པོའི་གསུམ་པ་མི་མངོན་པས་བྱེད་ཚིག་དང་པོའི་མང་པོའི་ཚིག་གོ། །རྫོགས་པའོ་ཞེས་པ་ནི་བྱང་ཆུབ་ཀྱི་ཤིང་དྲུང་ལ་གྲུབ་པའོ། །ལྷ་མོ་རྣམས་ཏེ་ཞེས་པ་ནི་རིགས་ཀྱི་ཡུམ་ལ་སོགས་པའོ། །
དེ་རྣམས་ལན་ཅིག་སྤྱོད་པ་ལ་སོགས་པའི་དབྱེ་བས་ཞེས་པ་ནི་ཕོ་ཉ་མོ་དང་བཀའ་ཉན་མོ་དང་བྲན་མོའི་དབྱེ་བས་སོ། །ཚད་མེད་པ་གཉིས་པས་ཞེས་པ་ནི་སེམས་ཅན་གྱི་བསམ་པའི་དབང་གིས་ལྷ་མོ་རྣམས་ཀྱང་མཐའ་ཡས་པ་ཡིན་པས་སོ། །ཏིང་ངེ་འཛིན་མཐའ་ཡས་པ་ཞེས་
ལེའུ་བཅུ་གསུམ་པ་ལས་འབྱུང་ངོ་། །དེ་ཉིད་བསྟན་པའི་ཕྱིར། ཉེ་བར་མཚོན་པ་ཙམ་དུ་གྱུར་པ་སྟེ་ཞེས་བསྟན་ཏོ། །ཡུལ་ལ་ཉེ་བར་སྤྱོད་པས་ཐར་པ་ཐོབ་པར་འདོད་པའོ་ཞེས་པ་ནི་འདོད་པའི་ཁམས་ལས་བསྐྱེད་པས་ཡུལ་གྱི་བདེ་བ་འདོད་པའི་སྒོ་ནས་ཐར་པར་འདོད་པས་སོ། །
འདུན་པ་དང་རྗེས་སུ་མཐུན་པས་ཞེས་པ་ནི་སྙིགས་མ་ལྔའི་དུས་སུ་ཆགས་པའི་རོལ་པ་ལ་སོགས་པའི་རྒྱ་ཆེ་བའི་མཚན་ཉིད་ཀྱི་སྤྲོས་པ་དང་བཅས་པའི་སྤྱོད་པས་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་ཐོབ་པའོ། །དེའི་ནི་སེམས་ཅན་གྱི་དོན་བྱ་བའིའོ། །བདག་ཉིད་ཅེས་བྱ་བ་ལ་

སོགས་པས་ཇི་ལྟར་གར་མཁན་གཅིག་པུ་གར་གྱི་ས་ལ་ཞུགས་པས་བུད་མེད་དང་སྐྱེས་པའི་དབྱེ་བ་དང་ལྷ་ལ་སོགས་པའི་ཆ་ལུགས་ཀྱི་དབྱེ་བ་བསྟན་པ་དེ་བཞིན་དུ། རྡོ་རྗེ་འཆང་ཆེན་པོ་གཅིག་པུས་འདོད་ཆགས་ལ་སོགས་པའི་རིགས་ཅན་གྱིས་སེམས་ཅན་གྱི་
ཁམས་རྗེས་སུ་གཟུང་བར་བྱ་བའི་ཕྱིར་བུད་མེད་དང་སྐྱེས་པའི་དབྱེ་བ་དང་སྙོམས་པར་ཞུགས་པའི་དབྱེ་བ་རོལ་མོ་དང་འདྲ་བར་བསྟན་པར་མཛད་པ་དེ་ཉིད་ཀྱི་ངོ་བོ་ནི་ཉམས་པར་མི་འགྱུར་ཏེ། རང་བྱུང་ཡིན་པའི་ཕྱིར་རོ་ཞེས་བསྟན་ཏོ། །ཇི་ལྟར་ཞེ་ན་ཞེས་བྱ་བ་ལ་སོགས་པས་མི་བསྐྱོད་
པ་ལ་སོགས་པ་སངས་རྒྱས་ཀྱི་རོལ་མོ་བསྟན་ཏོ། །སེམས་ཅན་རྣམས་སོ་ཞེས་པ་ནི་འགྲོ་བ་རིགས་དྲུག་སྐྱེ་གནས་བཞི་དང་ལྡན་པའོ། །དེ་འཛིན་པར་བྱེད་པས་ན་ཞེས་པ་ནི་རྟེན་གྱི་ཚུལ་གྱིས་སོ། །དེ་ཉིད་བསྟན་པར་བྱ་བའི་ཕྱིར། སྣོད་ཀྱི་འཇིག་རྟེན་ནི་ཞེས་པ་ལ་གླིང་བཞི་དང་རི་
རབ་པོ། །དེ་ཉིད་ཕྱོགས་བཅུ་ཞེས་བྱ་བ་ལ་སོགས་པས་རྒྱས་པར་བཤད་པར་བྱ་སྟེ་མཐར་ཐུག་པ་མེད་པ་ཉིད་མཐར་ཐུག་པ་ཡིན་ལ་ཞེས་བྱ་བ་ནི་སྒྲའི་ནུས་པའི་རང་བཞིན་ཡིན་པས་སོ། །ཕྱོགས་བཅུ་ཞེས་བྱ་བ་ལ་སོགས་པས་དེ་བཞིན་གཤེགས་པ་རྣམས་མཐའ་ཡས་པའི་འཇིག་
རྟེན་གྱི་ཁམས་ལ་བཞུགས་སོ་ཞེས་བསྟན་ཏེ་སེམས་ཅན་རྗེས་སུ་གཟུང་བའི་ཕྱིར་རོ། །རྟག་ཏུ་ཚིམ་པར་བྱེད་པའི་གཟུགས་ལ་སོགས་པ་རྣམས་ཀྱིས་ཞེས་པ་ནི་ཕྱག་རྒྱ་ལ་གནས་པའི་འདོད་པའི་ཡོན་ཏན་ལྔས་སོ། །རྣམ་པར་རོལ་པའོ་ཞེས་པ་ནི་སྤྲོས་དང་བཅས་པའི་སྤྱོད་པས་སོ། །
སྣ་ཚོགས་པའི་དགའ་བས་ལྷ་མོ་རྣམས་དང་ལྷན་ཅིག་དགྱེས་པར་མཛད་པའོ་ཞེས་པ་ནི་བྱེད་པ་དང་ཡན་ལག་གི་བྱ་བ་ལ་སོགས་པས་སོ། །རིགས་པའི་ཚོགས་ཀྱིས་མཆོད་ཅིང་ཞེས་པ་ནི་ཕྱི་དང་ནང་དང་གསང་བའི་མཆོད་པས་མཆོད་པར་བྱའོ། །དེ་ཡང་སླར་མཆོད་པར་མཛད་པ་འདི་ནི་
ཞེས་པ་ལ་ནི་རིགས་པའི་ཚོགས་ལ་དེ་བཞིན་དུ་མཆོད་པར་མཛད་པའོ། །འདི་ནི་ཡོངས་སུ་སྤྱོད་པའོ་ཞེས་པ་ནི་དེ་བཞིན་གཤེགས་པ་དེ་རྣམས་ཀྱིས་དེ་ལྟ་བུའི་སྤྱོད་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་བཞིན་གཤེགས་པ་དེ་རྣམས་ཞེས་པ་ནི་རང་རང་གི་སངས་རྒྱས་ཀྱི་ཞིང་

ལ་བཞུགས་པ་མི་བསྐྱོད་པ་ལ་སོགས་པ་རྣམས་སོ། །དགྱེས་པའི་སྒོ་ནས་ཞེས་པ་ནི་སྔར་བཤད་པའི་སྒོ་ནས་སོ། །མཆོག་ཏུ་དགའ་བའི་བདེ་བ་ཞེས་པ་ནི་ལྷན་ཅིག་སྐྱེས་པའི་དགའ་བའི་བདེ་བ་མྱོང་བར་མཛད་པས་སོ། །སྔགས་སྨྲ་བ་རྣམ་པ་བཞི་སྟེ་ཞེས་པ་ནི་མདོར་བསྟན་པའོ། །
སྔགས་ཀྱི་མིང་ཞེས་བྱ་བ་ལ་སོགས་པས་རྒྱས་པར་བཤད་པའོ། །དེ་ལ་སྔགས་ཀྱི་མིང་ནི་སྦྲུལ་ལ་སོགས་པའོ། །སྔགས་ཀྱི་དོན་ནི་ཡི་གེ་ཨོཾ་ལ་སོགས་པས་རྣམ་པར་སྣང་མཛད་ལ་སོགས་པ་བརྗོད་པར་བྱའོ། །སྔགས་སྤེལ་བ་དང་ཞེས་པ་ནི་ཞི་བ་ལ་སོགས་པའི་ལས་ཀྱི་ཚོགས་
ཀྱི་སྐབས་སུ་བཽ་ཥཊ་ལ་སོགས་པ་དང་ཆེ་གེ་མོ་ལ་སོགས་པ་དང་སྦྱར་བའོ། །ཇི་སྐད་དུ། བཽ་ཥཊ་མཐའ་ཡིས་ཞི་བ་དང་། །ཝ་ཥ་ཊ་ཡིས་རྒྱས་པ་སྟེ། །ཧཱུཾ་ཕཊ་མཐའ་ཡིས་གསོད་པ་དང་། །ཛཿཧྲིས་འགུགས་དང་དབང་དག་ལ། །ཞེས་འབྱུང་ངོ་། །དང་པོ་དང་བར་མ་དང་མཐར་
སྤེལ་བའི་དབྱེ་བས་དེའི་དབྱེ་བ་དུ་མ་རྡོ་རྗེ་གཙུག་ཏོར་གྱི་རྒྱུད་ལ་རྗེས་སུ་འབྲང་བར་བྱའོ། །རྡོ་རྗེའི་ཚིག་སྒྲ་སྤངས་པའོ། །ཞེས་པ་ནི་རྡོ་རྗེ་བཟླས་པའི་དུས་སུ་འཇུག་པ་ལ་སོགས་པའི་རིམ་པས་སློབ་པ་རང་རིག་པས་ཡི་གེ་གསུམ་གྱི་བདག་ཉིད་ཀྱི་ཚིག་ཅེས་བྱ་བའི་དོན་ཏོ། །ཡི་གེ་
ཨོཾ་གྱིས་དབུགས་ནི་ནང་དུ་རྔུབ་པར་བྱེད། །ཡི་གེ་ཨཱཿཡིས་སྔགས་ནི་རབ་ཏུ་གནས་པ་སྟེ། །ཡི་གེ་ཧཱུཾ་གིས་སྔགས་ནི་ལྡང་བར་འགྱུར་བ་ཡི། །མཆུ་དང་རྐན་དང་འབྲེལ་མེད་གསང་སྔགས་བཟླས། །ཞེས་འབྱུང་ངོ་། །དེ་བཞིན་དུ། སོ་མཆུ་རྐན་དང་ལྕེ་རྣམས་ཀྱིས། །གཡོ་བར་གྱུར་པ་གང་ཡིན་པ། །
དེ་ནི་མི་འགྱུར་ག་ལ་སྟེ། །འགྱུར་བ་ཉིད་དུ་དེ་གནས་པས། །ཞེས་འབྱུང་བས་སོ། །ཐབས་དེ་དག་གིས་ཞེས་པ་ནི་དབྱེ་བ་བཞི་དང་ལྡན་པའི་སྔགས་རྣམས་ཀྱིས་སོ། །ཞི་བ་ལ་སོགས་པ་རབ་ཏུ་འཇུག་པ་ནི་ཞེས་པ་ལ་སྦྲུལ་ལ་སོགས་པའི་སྔགས་རྣམས་ཀྱིས་ཞི་བའི་ཕྲིན་
ལས་བྱ་བ་དང་སྔགས་ཀྱི་དོན་རྗེས་སུ་དྲན་ནས་དེ་བཞིན་དུ་དེ་རྣམས་བྱ་བ་དང་། བཽ་ཥཊ་མཐའ་ཡིས་ཞི་བ་ཞེས་བྱ་བ་ལ་སོགས་པ་ལས་དང་རྗེས་སུ་མཐུན་པའི་སྤེལ་པས་དེ་རྣམས་བྱ་བ་དང་། དཀྱིལ་འཁོར་བཞི་ལས་འབྱུང་བའི་གཞལ་ཡས་ཁང་ལ་སོགས་པ་ལས་འབྱུང་

བའི་འོད་ཟེར་དམར་པོ་ལ་སོགས་པའི་སྤྲོ་བས་ཀྱང་དབང་ལ་སོགས་པ་བྱའོ། །ཡ་ཡི་དོན་གྱིས་གང་ཅི་འང་རུང་། །དངོས་གྲུབ་འདོད་པས་བྱ་བ་སྟེ། །ར་ལ་སོགས་པ་གསུམ་གཉིས་ཀྱིས། །འགྲོ་བའི་དོན་ལ་རབ་ཏུ་འཇུག །མེ་དང་རླུང་དང་དབང་ཆེན་
དང་། །ཆུ་ཡི་དཀྱིལ་འཁོར་རེ་རེ་སྟེ། །ཐུན་ནི་ཕྱེད་ཕྱེད་དུས་སུ་ནི། །ལས་ནི་གཉིས་གཉིས་འགྲུབ་པར་འགྱུར། །ཞེས་འབྱུང་ངོ་། །དེ་ལ་མངོན་པར་སེམས་ཞུགས་པ་སྟེ་ཞེས་པ་ནི་རྣམ་པ་བཞིས་སྔགས་ལ་གོམས་པར་བྱས་པའོ། །དེ་ལ་སྤྱན་རས་ཀྱིས་མི་འཚོ་བའོ་ཞེས་པ་ནི་ཐུགས་
ཀྱིས་མི་དགོངས་པའོ། །སྤྱན་རས་ཀྱིས་མི་འཚོ་བའི་ཞེས་པ་ལ་སོགས་པས་སྔགས་ཀྱི་མིང་ལ་སོགས་པ་ལ་གནས་པ་ལ་མངོན་དུ་མི་འགྱུར་བ་བསྟན་ཏོ། །སྔགས་ལ་གཞོལ་བ་རྣམས་ཞེས་པ་ནི་སྔར་བཤད་པའོ། །དུས་གསུམ་དུ་འབྱུང་བ་རྣམས་སོ་ཞེས་པ་ནི་དུས་གསུམ་པའི་སངས་
རྒྱས་རྣམས་སོ། །ཤུབ་བུར་བཟླས་པ་ནི་གསང་བར་བྱ་བ་ཡིན་པས། མི་གསལ་བར་བཟླས་པའོ། །ཡུལ་དེ་ལ་སྤྱོད་པ་ནི་སྔགས་ཀྱི་ཡུལ་ཅན་ནོ། །རྣམ་པ་བདུན་ནི་མདོར་བསྟན་པའོ། །དཀྱིལ་འཁོར་ཞེས་བྱ་བ་ལ་སོགས་པས་རྒྱས་པར་བསྟན་པའོ། །དཀྱིལ་འཁོར་ནི་
ཐུགས་ཀྱི་དཀྱིལ་འཁོར་ལ་སོགས་པའི་གསུམ་སྟེ། རང་གི་མཚན་ཉིད་དང་ལྡན་པ་ཁྲུ་བཅུ་གཉིས་པ་ལ་སོགས་པའི་ཚད་དང་ལྡན་པ། ཕྱག་རྒྱ་ལ་སོགས་པ་བཀོད་པ་བསྟན་པ་ནི་དྲང་བའི་དོན་ཏོ། །ངེས་པའི་དོན་ནི་དཀྱིལ་འཁོར་གསུམ་སྟེ་རྒྱུད་ཕྱི་མ་ལས་ཀྱང་། དཀྱིལ་འཁོར་
སྐུ་ཞེས་བཤད་པ་དང་། བྱང་ཆུབ་ཀྱི་སེམས་དཀྱིལ་འཁོར་དང་། །བྷ་གའི་དཀྱིལ་འཁོར་ཞེས་བྱ་བ། །དཀྱིལ་འཁོར་གསུམ་ནི་རབ་ཏུ་བརྟག །སྙིང་པོ་ལན་པས་དཀྱིལ་འཁོར་རོ། །ཞེས་འབྱུང་བས་སོ། །ཚོགས་ཞེས་པ་ནི་ཚོགས་ཀྱི་འཁོར་ལོའི་ཆོ་ག་སྟེ་དེ་ཡང་སྔར་
བཤད་ཟིན་ཏོ། །ཐབས་དང་ནི་ཞེས་པ་ལ་ཞི་བ་ལ་སོགས་པ་ལ་ལྟོས་པས་མེ་ཐབ་བཞི་དང་ལས་ཐམས་ཅད་པའི་ཐབ་གཅིག་སྟེ་ལྔའོ། །དེ་རྣམས་ཀྱི་ཟླུམ་པོ་ལ་སོགས་པའི་དབྱེ་བ་དང་ཚད་ཀྱང་ལུང་ཇི་ལྟ་བ་བཞིན་དུ་འབྲང་བར་བྱའོ། །གཞན་དག་ན་རེ་མེ་ཐབ་ནི་མཐའ་ཡས་པར་

ཟེར་རོ། །རིགས་ཀྱི་དབྱེ་བ་ཡིས་ནི་ལྔར་རིགས་སོ། །ཞེས་ཁོ་བོ་ཅག་གི་བླ་མའི་ཞལ་ལྔ་ནས་གསུང་ངོ་། །ངེས་པའི་དོན་གྱི་ཕྱོགས་སུ་ཁ་ནི་ཐབ་ཡིན་ནོ་ཞེས་སྔར་བཤད་ཟིན་པས་འདིར་མ་བསྟན་ཏོ། །གཏོར་མ་ནི་ལྷ་དང་ལྷ་མ་ཡིན་པའི་དབྱེ་བས་རྣམ་པ་དུ་མ་སྟེ་མདོར་བསྡུས་ན་
རྣམ་པ་གསུམ་ཡིན་ཏེ། རྒྱལ་པོ་ཆེན་པོ་བཞིའི་གཏོར་མ་དང་། འབྱུང་པོ་ཐམས་ཅད་ཀྱི་གཏོར་མ་དང་། ཁྲོ་བོའི་རྒྱལ་པོའི་གཏོར་མ་སྟེ་སྔར་བཤད་ཟིན་ཏོ། །ངེས་པའི་དོན་གྱི་ཕྱོགས་སུ་ཐབས་དང་ཤེས་རབ་སྙོམས་པར་ཞུགས་པའི་མཚན་ཉིད་དེ་ནང་གི་བདག་ཉིད་ནི་གཏོར་
མའོ། །ལུས་དང་ནི་རྣམ་པ་གཉིས་ཏེ། རྣལ་འབྱོར་པ་དང་རྣལ་འབྱོར་མ་གཉིས་ཀྱིའོ། །དེ་ཡང་ལུས་དང་ངག་གི་བརྡའི་བདག་ཉིད་དོ། །དེ་རྣམས་ལས་རྣལ་འབྱོར་པ་དང་རྣལ་འབྱོར་མ་རྣམས་ཀྱི་དམ་ཚིག་མཐུན་པར་ཤེས་ནས་འདུ་བར་འགྱུར་རོ། །དེ་ལ་ལུས་ཀྱི་བརྡ་ནི་
སོར་མོ་གཅིག་དང་སོར་མོ་གཉིས་རབ་ཏུ་བསྟན་པའི་མཚན་ཉིད་དོ། །ངག་གི་བརྡ་ནི་བྷུ་སུ་ཀུ་ལ་སོགས་པའི་མཚན་ཉིད་དོ། །གོ་རིམས་དང་ཞེས་པ་ནི་རྣམ་པ་ལྔ་སྟེ། རྡོ་རྗེ་བཟླས་པ་དང་། སེམས་རྣམ་པར་དག་པ་དང་། བདག་ལ་བྱིན་གྱིས་བརླབ་པ་དང་། མངོན་པར་བྱང་
ཆུབ་པ་དང་། ཟུང་དུ་འཇུག་པའི་རིམ་པ་སྟེ་དེ་རྣམས་ཀྱིས་ངག་ལ་སོགས་པ་རྣམ་པར་དག་པའི་སྒོ་ནས་དེ་ཁོ་ན་ཉིད་མངོན་དུ་བྱའོ། །དེ་ཉིད་ནི་རྣམ་པ་དྲུག་སྟེ་རླུང་གི་དེ་ཁོ་ན་ཉིད་དང་། སྔགས་ཀྱི་དེ་ཁོ་ན་ཉིད་དང་། ཡེ་ཤེས་ཀྱི་དེ་ཁོ་ན་ཉིད་དང་། ལྷའི་དེ་ཁོ་ན་ཉིད་དང་། དཀྱིལ་
འཁོར་གྱི་དེ་ཁོ་ན་ཉིད་དང་། ཡོངས་སུ་བརྟག་པའི་ལྷའི་དེ་ཁོ་ན་ཉིད་དོ། །དེ་ཡང་ལེའུ་དྲུག་པ་ལས་བཤད་ཟིན་ཏོ། །དེ་ནི་རྣམ་པ་བདུན་གྱི་སྔགས་ཀྱི་ཚུལ་གྲགས་པ་སྟེ་རིམ་པ་གཉིས་རྗོད་པར་བྱེད་པའི་ཕྱིར་རོ། །རྫོགས་པའི་རིམ་པའི་ཏིང་ངེ་འཛིན་ལ་གནས་ནས་ཞེས་པ་ནི་
རྣམ་པར་དག་པ་མངོན་དུ་བྱ་བའོ། །རྣམ་པ་དེ་ལྟ་བུ་ཞེས་བྱ་བ་ལ་སོགས་པས་ཞལ་གྱི་མན་ངག་གི་རིམ་པས་སྔགས་ཀྱི་སྤྱོད་པ་རྣམ་པ་བདུན་འབྱུང་བ་གང་ཡིན་པ་དེའི་ཚུལ་གྱི་ཆོས་ནི་ལམ་གྱི་ཆོས་ཉིད་གང་ཡིན་པ་དེ་ལས་རྫོགས་པ་ནི་འབྱུང་བ་སྟེ་ཕྱི་རོལ་དུ་འབྱུང་བའོ། །

ཚིག་ཕྲད་རྣམས་མངོན་དུ་མ་ཡིན་པས་དེའི་སྒྲས་ནི་མང་དུ་གཅེས་པར་མི་མཛད་པའི་དོན་བསྟན་ཏོ། །དེ་ལྟར་ཞེས་བྱ་བ་ལ་སོགས་པས་ལས་དང་པོ་པ་རྣམས་ལ་དེ་བཞིན་གཤེགས་པ་རྣམས་ཀྱིས་མ་གཟིགས་པ་ཉིད་བསྟན་ཏོ། །དགོངས་པ་ནི་འདི་ཡིན་ཏེ་
ཡན་ལག་དང་ཉིང་ལག་དང་བཅས་པའི་སྔགས་ཀྱི་ཐེག་པ་ཇི་སྲིད་ཡོད་པ་དེ་གཟུང་བའམ་བསྒྲུབ་པར་བྱ་བ་འཇིག་རྟེན་པ་འདིས་མི་ནུས་སོ། །འོན་ཀྱང་སྔགས་ཙམ་ལ་བརྟེན་ཏེ་འབའ་ཞིག་ཏུ་ཟད་པར་འགྱུར་རོ་ཞེས་བྱ་བས་དེ་བཞིན་གཤེགས་པ་རྣམས་ཀྱིས་དེ་རྣམས་མི་
གཟིགས་སོ། །དེ་བཞིན་གཤེགས་པ་རྣམས་ཀྱིས་གཟིགས་པ་མེད་པས་དེ་རྣམས་འགྲུབ་པར་མི་འགྱུར་རོ་ཞེས་བྱ་བས་དེ་རྣམས་ཀྱིས་གཟིགས་པའི་ཐབས་སྙིང་པོ་བསྐུལ་བའི་མཚན་ཉིད་བཤད་པར་བྱ་སྟེ། གང་གི་ཕྱིར་ཞེས་བྱ་བ་ལ་སོགས་པས་དེ་ཉིད་བསྟན་པར་བྱ་སྟེ།
རོལ་པ་ལ་སོགས་པའི་སྒོ་ནས་ཞེས་པ་ནི་སྤྲོས་པ་དང་བཅས་པའི་སྤྱོད་པའི་སྒོ་ནས་སོ། །མཆོག་ཏུ་དགའ་བའི་བདེ་བ་ཞེས་པ་ནི་འོད་གསལ་བའི་བདེ་བའོ། །སྒྲུབ་པ་པོ་ལ་གཟིགས་པར་མི་མཛད་དེ་ཞེས་པ་ནི་དེ་ལ་མངོན་དུ་མི་འགྱུར་རོ། །ཐུགས་རྗེ་ཆེན་པོས་གཞན་དབང་དུ་གྱུར་
པས་སྐྱེས་བུ་ཡང་ཡིན་ལ་ཡེ་ཤེས་ཐོབ་པས་ཆེན་པོ་ཡང་ཡིན་པ་སྟེ། སྐྱེས་བུ་ཆེན་པོ་མི་བསྐྱོད་པ་ལ་སོགས་པའོ། །སྒྲུབ་པ་པོ་ལ་མངོན་སུམ་དུ་མཛད་པས་ཞེས་པ་ནི་སྒྲུབ་པ་པོ་ལ་མངོན་དུ་གྱུར་པས་སོ། །དད་པ་བསྐྱེད་པར་བྱ་བའི་ཕྱིར། །ཞེས་པ་ནི་དངོས་གྲུབ་མཐོང་བས་སྒྲུབ་
པ་པོའི་སེམས་དགའ་བ་དང་ལྡན་པར་བྱ་བའི་ཕྱིར་རོ། །སྐུ་དང་གསུང་དང་ཐུགས་ཀྱི་གསང་བར་འགྱུར་བའི་ཤེས་པ་ནི་སྐུ་རྡོ་རྗེ་ལ་སོགས་པ་དེ་ལས་སྐྱེས་པའི་ཕྱིར་རོ། །སྦྲུལ་ལ་སོགས་པའི་གསང་སྔགས་ཀྱི་ལྷ་རྣམས་སོ་ཞེས་པ་ནི་སྦྲུལ་ལ་སོགས་པ་བྱིན་གྱིས་རློབ་པར་
བྱེད་པ་དེ་བཞིན་གཤེགས་པ་རྣམས་སོ། །སྲོག་གི་ཐུགས་ཡིན་པས་སོ། །རབ་ཏུ་སད་པར་བྱེད་པ་ཞེས་པ་ནི་རང་རང་གི་ཏིང་ངེ་འཛིན་ལ་བཞུགས་པ་དེ་བཞིན་གཤེགས་པ་རྣམས་སྒྲུབ་པ་པོ་གང་གིས་མངོན་དུ་བྱས་པའོ། །སྣོད་མ་ཡིན་པ་རྣམས་ལ་ཞེས་པ་ནི་སྐལ་བ་མེད་པ་ཉན་

ཐོས་པ་ལ་སོགས་པ་རྣམས་ལའོ། །མཆོག་ཏུ་སྦ་བར་བྱའོ་ཞེས་པ་ནི་ཤིན་ཏུ་བསྟན་པར་མི་བྱའོ། །གཏི་མུག་གི་རིགས་ཅན་རྣམས་ཞེས་པ་ནི་རྣམ་པར་སྣང་མཛད་ཀྱི་རིགས་ཅན་ནོ། །དེ་རྣམས་ཀྱི་སྤྱན་མ་ལ་སོགས་པ་རྣམས་ཀྱི་སྐུ་ལ་སོགས་པ་མི་ཕྱེད་པའི་ངོ་བོ་སྟེ་སེམས་དཔའ་གསུམ་
གྱི་བདག་ཉིད་ཅན་སྔགས་གང་གིས་ཡང་དག་པར་བྱོན་ཅིང་ཞེས་པ་ནི་རྣམ་པ་ཐམས་ཅད་མཆོག་དང་ལྡན་པར་འགྱུར་བ་དེ་ནི་དམ་ཚིག་ཅེས་བྱའོ། །དེ་བཞིན་དུ་སྔགས་པ་རྣམས་ཀྱིས་ཞེས་པ་ནི་བསྐྱེད་པའི་རིམ་པའི་རྣལ་འབྱོར་པ་རྣམས་ཀྱིས་སོ། །དམིགས་ཤིང་ནི་གཟུང་བར་བྱ་བའོ། །
ཡིད་ལ་བྱེད་པས་ནི་ཞེས་པ་ནི་ཡིད་ཀྱི་བྱ་བ་བསྒོམ་པའི་བདག་ཉིད་ཀྱིས་དམིགས་པའོ། །ཡི་གེ་ཨོཾ་ནི་ཕྱག་འཚལ་བའོ། །དེ་བཞིན་དུ་ཞེས་བྱ་བ་ལ་སོགས་པས་ཐུགས་རྡོ་རྗེ་འཆང་གི་རྒྱུར་གྱུར་པའི་སྔགས་བསྟན་པར་བྱ་སྟེ། ཡི་གེ་ཧཱུཾ་ནི་སྤྲིན་གྱི་སྒྲའོ། །ཆོས་འཛིན་པ་ཐམས་
ཅད་ཅེས་པ་ནི་འོད་དཔག་ཏུ་མེད་པའི་རིགས་ཅན་རྣམས་ཀྱིའོ། །སྐུ་ལ་སོགས་པ་དམིགས་པ་ཞེས་པ་ནི་སྐུ་ལ་སོགས་པ་རྫོགས་པར་བྱེད་པའོ། །ཡི་གེ་ཨཱཿཞེས་པ་ནི། གསུང་རྡོ་རྗེ་འཆང་གི་ས་བོན་ཞེས་བྱ་བའི་དོན་ཏོ། །རྡོ་རྗེ་འཆང་ཆེན་པོ་ཉིད་དེ་ཞེས་པ་ནི་ཐམས་ཅད་ཀྱི་
ནང་དུ་ཆུད་པས་སོ། །དེའི་སྐུ་ལས་ཡི་གེ་ཨོཾ་ཞེས་པ་ནི་སྐུའི་རང་བཞིན་ཡིན་པས་སོ། །གསུང་ལ་ཡི་གེ་ཨཱཿཞེས་པ་ནི་གསུང་གི་རང་བཞིན་ཡིན་པས་སོ། །ཐུགས་ལ་ཡི་གེ་ཧཱུཾ་ཞེས་པ་ནི་ཐུགས་ཀྱི་རང་བཞིན་ཡིན་པས་སོ། །གོ་རིམས་ཇི་ལྟ་བ་བཞིན་དུ་ཞེས་པ་ནི་སྐུ་གསུང་
ཐུགས་ལས་སོ། །ཚིག་གི་ལམ་ནི་ཁ་སྟེ་ཞེས་པ་ནི་ཞལ་ཞེས་བྱའོ། །སྟོན་པའོ་ཞེས་པ་ནི་གསུང་གིས་ཡི་གེ་གསུམ་སྟོན་པ་ཞེས་བྱའོ། །ཐུགས་དང་སྐུ་དག་ཀྱང་ཞེས་པ་ནི། ཐུགས་དང་སྐུ་ལ་དབྱེར་མེད་པས་སོ། །སེམས་ནི་ལུས་ལྟ་བུ་ཞེས་པ་ལ་སོགས་པ་ལེའུ་
གཉིས་པ་ལས་གསུངས་པའི་ཕྱིར་རོ། །གསལ་བའི་ཚིག་གིས་ཞེས་པ་ནི་ཐུགས་དང་སྐུའི་ངོ་བོར་ཡོངས་སུ་གྱུར་པའི་གསུང་གིས་སོ། །ཇི་ལྟ་བའི་གསུང་ཞེ་ན་ཞེས་པ་ནི་ལས་ཀྱི་ཡུལ་འདྲི་བའོ། །བུད་མེད་དང་སྐྱེས་པ་དང་མ་ནིང་གི་ཡི་གེ་རྣམས་ཏེ་ཞེས་པ་ནི་དེ་ལ་བུད་མེད་ཀྱི་རང་

བཞིན་ཨ་ལ་སོགས་པ་དབྱངས་བཅུ་དྲུག་གོ། །སྐྱེས་པའི་རང་བཞིན་ཀ་ནས་མའི་བར་དུ་གསལ་བྱ་ཉི་ཤུ་རྩ་ལྔའོ། །མ་ནིང་གི་རང་བཞིན་ནི་མཐར་གནས་དང་དྲོད་ཀྱི་ཡི་གེ་བརྒྱད་དོ། །དེ་ཡང་སྔར་བཤད་ཟིན་ཏོ། །གང་དུ་བསྡུས་པར་གྱུར་པ་ཞེས་པ་ནི་ཡི་གེ་
གསུམ་ལའོ། །དེ་ལ་ཤེས་རབ་ཀྱི་རང་བཞིན་དབྱངས་ཀྱི་སྡེ་ཚན་ཡོངས་སུ་གྱུར་པ་ལས་བུད་མེད་ཀྱི་རང་བཞིན་ནི་ཡི་གེ་ཨའོ། །ཐབས་ཀྱི་རང་བཞིན་གསལ་བྱའི་སྡེ་ཚན་ཡོངས་སུ་གྱུར་པ་ལས་ཡི་གེ་ཧཱུཾ་ངོ་། །མ་ནིང་གི་རང་བཞིན་ཡ་ལ་སོགས་པ་ཡོངས་སུ་གྱུར་པ་ལས་ཐབས་
དང་ཤེས་རབ་སྙོམས་པར་ཞུགས་པའི་རང་བཞིན་ནི་ཨོཾ་མོ། །དེ་ཉིད་བསྟན་པའི་ཕྱིར། ཡི་གེ་གསུམ་གསུངས་སོ་ཞེས་སྟོན་ཏོ། །སྔགས་བསྡུས་པ་གསུངས་པ་ཞེས་བྱ་བ་ལ་སོགས་པས་ཡི་གེ་གསུམ་གྱི་ནུས་པ་བཤད་པར་བྱ་སྟེ། ཡི་གེ་གསུམ་པོ་འདི་གསུངས་ཙམ་གྱིས་ཏེ་
ཞེས་པ་ནི་སྒྲུབ་པ་པོས་བརྗོད་པ་ཙམ་གྱིས་སོ། །མི་བསྐྱོད་པ་ལ་སོགས་པ་དང་བྱང་ཆུབ་སེམས་དཔའི་ཚོགས་དང་བཅས་པ་ཞེས་པ་ནི་མངོན་པར་དགའ་བ་ལ་སོགས་པ་སངས་རྒྱས་ཀྱི་ཞིང་དུ་མཆོག་ཏུ་དགའ་བའི་བདེ་བ་མྱོང་བ་སྔོན་དུ་འགྲོ་བར་གནས་པའོ། །རྡོ་རྗེ་འཆང་ཆེན་པོས་
རྗེས་སུ་གཟུང་བར་འོས་པའི་སེམས་ཅན་རྣམས་གཟིགས་པས་ཞེས་པ་ནི་གང་གི་ཕྱིར། རྡོ་རྗེ་འཆང་ཆེན་པོ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་ཁྱབ་པར་བྱེད་པ་ཡིན་པས་སེམས་ཅན་ཐམས་ཅད་རྗེས་སུ་གཟུང་བར་མཛད་དོ། །མི་བསྐྱོད་པ་ལ་སོགས་པ་ཞེ་སྡང་ལ་སོགས་པའི་
སྤྱོད་པ་དང་ལྡན་པ་སོ་སོར་ངེས་པ་དང་ལྡན་པའི་སེམས་ཅན་གྱི་ཁམས་རྗེས་སུ་གཟུང་བར་མཛད་པ་སྟེ། དེ་རྣམས་ཐམས་ཅད་མི་གཟིགས་སོ་ཞེས་དབྱེ་བའོ། །རབ་ཏུ་ཞེས་བྱ་བ་ལ་སོགས་པས་རྡོ་རྗེ་འཆང་ཆེན་པོའི་དམ་ཚིག་བླང་བ་ལ་འཇིགས་པས་མི་བསྐྱོད་པ་ལ་སོགས་པ་
གཟིགས་པར་གྱུར་ཏོ། །རིགས་ཐམས་ཅད་ཀྱི་བདག་པོ་རྡོ་རྗེ་སེམས་དཔའ་ནི་རྡོ་རྗེ་འཆང་ཆེན་པོའོ། །རྗེས་སུ་འཛིན་པར་མཛད་པ་ཞེས་པ་ནི་སེམས་ཅན་ཐམས་ཅད་ལ་ཐུགས་རྗེས་མཛད་པའོ། །དྲན་པས་ནི་བསམ་པའོ། །དགའ་བ་རྒྱ་ཆེན་པོ་ཐོབ་པར་གྱུར་པ་སྟེ་ཞེས་པ་ནི་མི་

བསྐྱོད་པ་ལ་སོགས་པས་སྒྲུབ་པ་པོ་ལ་གཟིགས་པས་རྗེས་སུ་གཟུང་བའི་ཕྱིར་དགའ་བའི་ཚོགས་ཐོབ་པར་གྱུར་ཏོ། །དྲན་པའི་འོག་ཏུ་ཞེས་བྱ་བ་ལ་སོགས་པས་རྡོ་རྗེ་འཆང་ཆེན་པོས་སྔགས་གསུངས་པའི་འོག་ཏུ་སྙིང་པོ་བསྐུལ་བའི་བསྒོམ་པའི་རིམ་པ་བཤད་པར་བྱ་སྟེ་བསྟན་ཏོ། །འདའ་
བར་མི་བྱ་བའི་ངོ་བོ་ཉིད་ཀྱིས་ཞེས་པ་ནི་སྙིང་པོ་བསྐུལ་བའི་རྣལ་འབྱོར་པས་ངེས་པར་བྱ་བའོ། །དེ་བཞིན་ཉིད་དེ་ཞེས་པ་ནི་གནས་གཟུང་བ་དང་བགེགས་བསྐྲད་པ་དང་སྟོང་པ་ཉིད་དང་ཡེ་ཤེས་ཀྱི་ས་གཞི་དང་གཞལ་ཡས་ཁང་པ་དང་ལྷག་པར་མོས་པ་དང་དོན་དམ་པའི་དཀྱིལ་འཁོར་
བསྒོམས་པའི་འོག་ཏུ་གདན་ལ་སོགས་པ་བསྒོམ་པ་སྔོན་དུ་འགྲོ་བར་ཡིག་འབྲུ་དང་ཕྱག་མཚན་ཡོངས་སུ་གྱུར་པ་ལས་འབྱུང་བའི་དམ་ཚིག་སེམས་དཔའ་ནི་རྡོ་རྗེ་འཆང་ཞེས་བྱའོ། །ལུས་ཀྱི་དབུས་ཡིན་པས་ན་དབུས་ནི་སྙིང་ག་ཞེས་བྱའོ། །དེ་ལ་གནས་པར་ཞེས་པ་ནི་སྣ་ཚོགས་པདྨ་
དང་ཟླ་བའི་དཀྱིལ་འཁོར་ལ་གནས་པའོ། །ཡེ་ཤེས་སེམས་དཔའ་བསམ་པར་བྱའོ་ཞེས་པ་ནི། དམ་ཚིག་སེམས་དཔའ་དང་འདྲ་བར་བསྒོམ་པར་བྱའོ། །དེའི་སྟེ་ཞེས་པ་ལ་སོགས་པས་ཡི་གེ་ཧཱུཾ་ཡོངས་སུ་གྱུར་པ་ལས་རྡོ་རྗེའི་ཕྱག་མཚན་དེ་ཉིད་ཀྱིས་མཚན་པ་ཏིང་ངེ་འཛིན་
སེམས་དཔའི་བསྒོམ་པ་བསྟན་ཏོ། །གསུམ་པོ་དེ་དག་ཅེས་པ་ནི་སེམས་དཔའ་གསུམ་གྱི་བདག་ཉིད་ཀྱི་སྐུའོ། །རང་གི་ངོ་བོ་ཉིད་ཀྱིས་ཞེས་པ་ནི་བདག་ཉིད་ཀྱིས་བསྐྱེད་པར་ནི་བསྒོམ་པར་བྱ་བའོ། །དེ་རྣམས་ལས་ཞེས་བྱ་བ་ལ་སོགས་པས་སེམས་དཔའ་གསུམ་གྱི་བདག་ཉིད་བསྐྱེད་
ལ། ཏིང་ངེ་འཛིན་སེམས་དཔའ་ནི་འོད་ཟེར་ལྔས་ཁྱབ་པ་འབར་བ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ་སྐུལ་བར་བྱེད་པ་བསྒོམ་པར་བྱའོ་ཞེས་བསྟན་ཏོ། །རྣམ་པར་སྣང་མཛད་ལ་སོགས་པ་རྫོགས་དང་མ་རྫོགས་པ་ཞེས་བྱ་བ་ལ་སོགས་པ་ནི་མངོན་པར་དགའ་བ་ལ་
སོགས་པ་ལ་བཞུགས་པ་འཁོར་བ་དང་བཅས་པ་མི་བསྐྱོད་པ་ལ་སོགས་པ་རྣམས་ཀྱིའོ། །སྐུ་དང་གསུང་དང་ཐུགས་ཀྱི་ནུས་པ་སྟེ་ཞེས་པ་ནི་སྐུ་རྡོ་རྗེ་ལ་སོགས་པའི་དེ་བཞིན་གཤེགས་པ་རྣམས་ཀྱི་ཐུགས་ཀྱི་ནུས་པའམ། ཡང་ན་གནོད་མཛེས་ཀྱི་རྒྱལ་པོས་བཀུག་པ་དེའི་སྐུའོ། །

ཏིང་ངེ་འཛིན་སེམས་དཔའ་ལས་བྱུང་བའི་དཀར་པོ་ལ་སོགས་པའི་འོད་ཟེར་གྱི་ལྕགས་ཀྱུས་ཞེས་པ་ནི་ཏིང་ངེ་འཛིན་སེམས་དཔའི་ས་བོན་ལས་བྱུང་བ་ལྕགས་ཀྱུ་དང་ཞགས་པ་ལག་ན་ཐོགས་པའི་གནོད་མཛེས་ཀྱི་རྒྱལ་པོས་རླུང་གི་དཀྱིལ་འཁོར་གྱི་སྟེང་དུ་གྲུ་
གསུམ་པའི་མེའི་དཀྱིལ་འཁོར་བཀོད་ནས་དགུག་པའོ། །ཐུགས་ཀ་ནས་དྲངས་པར་བསམ་པར་བྱའོ་ཞེས་པ་ནི་རང་གི་ཕྱག་རྒྱའི་ཆོས་འབྱུང་གི་ནང་དུ་མེའི་དཀྱིལ་འཁོར་གྲུ་གསུམ་པ་ལ་ཞུགས་ནས་ཐལ་བར་གྱུར་པར་བསམ་པར་བྱའོ། །དེ་ལྟར་བསླབ་པའི་སྒྲུབ་པ་པོས་ཞེས་པ་ནི་
དེའི་རྣམ་པར་ཤེས་པ་དྲི་མ་མེད་པ་རླུང་མེད་པའི་ཕྱོགས་སུ་མི་གཡོ་བའི་མར་མེ་དང་འདྲ་བ་ཡོངས་སུ་གྱུར་པའི་མི་བསྐྱོད་པ་ཧཱུཾ་ལས་བྱུང་བ་སེམས་དཔའ་གསུམ་གྱི་བདག་ཉིད་ཅན་བསྒོམ་པར་བྱའོ། །དྲངས་ཤིང་ཞེས་པ་ནི་དེའི་པདྨའི་ནང་ནས་མི་བསྐྱོད་པ་ལ་སོགས་པའི་གཟུགས་ཕྱུང་
ནས་སོ། །ཏིང་ངེ་འཛིན་སེམས་དཔའ་ལ་འཇུག་པ་ཙམ་ཉིད་ཀྱིས་ཞེས་པ་ནི་ཡེ་ཤེས་སེམས་དཔའི་ཐུགས་ཀར་ཡོངས་སུ་ཐིམ་པས་སོ། །ཐམས་ཅད་ཟིལ་གྱིས་མནན་ནས་ཞེས་པ་ནི་ཉོན་མོངས་པ་ལ་སོགས་པའི་སྒྲིབ་པ་བཅོམ་ནས་རྡོ་རྗེ་འཆང་ནི་རྡོ་རྗེ་སེམས་དཔར་འགྱུར་རོ། །སྐུ་
ལ་སོགས་པ་མི་ཕྱེད་པའི་ངོ་བོ་ཡིན་པའི་ཕྱིར་ཞེས་པ་ནི་སྐུ་ལ་སོགས་པ་མི་འཇིགས་པ་ཐོབ་པའི་ཕྱིར་རོ། །དེ་རྣམས་དགྱེས་པར་བྱེད་པས་ཞེས་པ་ནི་དེ་རྣམས་སྤྲོ་བར་མཛད་པས་སོ། །རྒྱུ་བ་དང་མི་རྒྱུ་བ་ཞེས་པ་ནི་སེམས་ཅན་དང་སྣོད་ཀྱི་འཇིག་རྟེན་ནོ། །ཚངས་པ་ལ་སོགས་པའོ་ཞེས་པ་
ནི་དེ་རྣམས་ཀྱི་བདག་པོ་ཡིན་པས་འཇིག་རྟེན་སྐྱོང་བའོ། །དེ་རྣམས་ཀྱང་ཚར་གཅོད་པ་དང་རྗེས་སུ་འཛིན་པར་མཛད་པས་ན་ཞེས་པ་ནི་ཚངས་པ་ལ་སོགས་པ་ལ་ཁྲོ་བ་དང་བཀའ་དྲིན་མཛད་པའི་ཕྱིར་ཁམས་གསུམ་རྣམ་པར་རྒྱལ་བའི་སྐུས་ལྷ་ཆེན་པོ་དང་། ཨུ་མ་མནན་པ་བཞིན་དང་ཐལ་
བ་ཅན་གྱི་འཇིག་རྟེན་གྱི་ཁམས་ལ་བྱང་ཆུབ་ཀྱི་སེམས་ཀྱི་གཟུགས་དེ་ཉིད་གཞག་པ་ཡིན་ནོ། །རྣམ་པ་དེ་ལྟ་བུའི་རྡོ་རྗེ་འཆང་ཆེན་པོར་ཞེས་པ་ནི་དཔལ་རྡོ་རྗེ་འཆང་གི་ཕྱག་རྒྱ་ཆེན་པོའི་སྐུར་བདག་ཉིད་བསྒོམ་པར་བྱའོ། །རང་གི་ལུས་ཀྱི་དཀྱིལ་འཁོར་རོ་ཞེས་པ་ནི་ལྷ་རྣམས་ཐམས་

ཅད་ཀྱི་རང་བཞིན་བདག་ཉིད་ཀྱི་སྐུའི་དཀྱིལ་འཁོར་རོ། །རང་གི་སེམས་ཀྱིས་བསྐྱེད་པའི་ཆོ་ག་འདི་ཉིད་དོ་ཞེས་པ་ནི་རང་གི་སེམས་ཀྱིས་དཔལ་རྡོ་རྗེ་འཆང་གི་སྐུ་བསྐྱེད་པར་བྱའོ། །དུས་གསུམ་དུ་འབྱུང་བ་རྣམས་ཀྱིའོ་ཞེས་པ་ནི་དུས་གསུམ་པའི་སངས་རྒྱས་རྣམས་ཀྱིའོ། །བསྟན་
པར་འགྱུར་བའོ་ཞེས་པ་ནི་ཏིང་ངེ་འཛིན་དེས་བསྟན་པར་གྱུར་པས་དུས་གསུམ་གྱི་སངས་རྒྱས་ཀྱི་དངོས་གྲུབ་ཐོབ་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ནི་མི་ཕྱེད་པའི་ངོ་བོ་ཡིན་པས་སོ། །དེ་རྣམས་བཀུག་ནས་ཞེས་པ་ནི་དེ་བཞིན་
གཤེགས་པ་ཐམས་ཅད་ཀྱི་སྙིང་པོ་བཀུག་པ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལྟར་ཞེས་བྱ་བ་ལ་སོགས་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རང་བཞིན་བདག་ཉིད་བསྐྱེད་ལ། འཁོར་རྣམས་ཀྱང་དེའི་རྣམ་པ་ཉིད་དུ་བསྐྱེད་པར་བྱ་བའི་ཕྱིར་བསྟན་པར་བྱ་སྟེ་རང་སྟེ་ཞེས་བྱ་བ་ལ་
སོགས་པས་དཀྱིལ་འཁོར་རྒྱལ་བ་མཆོག་གི་ཏིང་ངེ་འཛིན་གྱི་རིམ་པས་ཤར་ལ་སོགས་པའི་ཕྱོགས་དང་མཚམས་སུ་དཀྱིལ་འཁོར་པ་རྣམས་སྤྲོ་བར་བསྟན་ཏོ། །ཇི་སྐད་དུ་གསུངས་པའི་སྐུ་མདོག་དང་ཕྱག་མཚན་གྱི་གཟུགས་ཀྱི་ཚུལ་དུའོ་ཞེས་པ་ནི་བསྒྲུབ་ཐབས་ལས་གསུངས་
པའི་རིམ་པས་སོ། །ཆ་འདྲ་ཞིང་གསལ་བར་གཟུང་བ་ཡིན་པས་ན་ཞེས་པ་ནི་རྣམ་པ་སྣ་ཚོགས་པ་ལ་སོགས་པའི་སྐད་ཅིག་མ་རྣམས་ཀྱིས་མཚོན་པར་འགྱུར་བའོ། །འདོད་ཆགས་ལ་སོགས་པ་ཞེས་པ་ནི་འདོད་ཆགས་དང་འདོད་ཆགས་དང་བྲལ་བ་དང་འདོད་ཆགས་བར་མ་རྣམས་
སོ། །དེ་རྣམས་ཀྱིས་སྦྱོར་བས་ན་ཞེས་པ་ནི་ཕྱག་རྒྱ་འདུས་བྱས་པ་སྔོན་དུ་འགྲོ་བར་སྙོམས་པར་ཞུགས་པ་ལས་བྱུང་བའི་སྣང་བ་ལ་སོགས་པའི་ཡེ་ཤེས་སྦྱོར་བའོ། །དེས་ཉེ་བར་མཚོན་པར་བྱས་པའོ་ཞེས་པ་ནི་སྣང་བ་ལ་སོགས་པའི་ཡེ་ཤེས་མཚོན་པར་བྱས་པས་སོ། །ཡི་གེ་
གསུམ་གྱིས་ཞེས་པ་ནི་ཡི་གེ་གསུམ་གྱིས་སྤེལ་བ་ཛི་ན་ཛིཀ་ཅེས་བྱ་བ་ལ་སོགས་པ་ཕྱུང་བའི་སྔགས་ཀྱིས་སོ། །རྣམ་པར་སྣང་མཛད་ལ་སོགས་པ་ཞེས་པ་ནི་སྔགས་ལས་བྱུང་བའི་སྐྱེས་བུ་ནི་སྔགས་ཀྱི་སྐྱེས་བུ་སྟེ་སྔགས་ཀྱི་སྐུ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྣམས་

སོ། །གནས་བཞིར་ནི་ཤར་ལ་སོགས་པ་ལའོ། །རིགས་པ་འདིས་ཞེས་པ་ནི་རྣམ་པར་སྣང་མཛད་ལ་སོགས་པའི་སྤྲོ་བའི་རིམ་པས་སོ། །ཇི་ལྟར་རང་གི་ནི་གནས་ཇི་ལྟ་བ་བཞིན་དུའོ། །རིགས་དང་འབྲེལ་པའི་ལྷ་ཡི་ཚོགས། །ཞེས་པ་ནི་རྣམ་པར་སྣང་མཛད་
ལ་སོགས་པའི་རིགས་ལས་བྱུང་བ་ཁྲོ་བོ་དང་ལྷ་མོ་དང་བྱང་ཆུབ་སེམས་དཔའི་ཚོགས་སོ། །དེ་བཞིན་གཤེགས་པ་བཞིའི་ཉེ་བར་མཚོན་པ་ཉིད་ཀྱིས་སོ་ཞེས་པ་ནི་རྣམ་པར་སྣང་མཛད་ལ་སོགས་པ་གཙོ་བོ་ཡིན་པས་སོ། །གཙོ་བོ་གཟུང་བས་ཡོན་ཏན་ཡོད་པ་ཡང་དོན་གྱིས་གཟུང་བར་
འགྱུར་རོ། །རྡོ་རྗེ་ནི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སོ། །དེ་ཉིད་དམ་ཚིག་གང་ལ་ཡོད་པ་དེ་ནི་རྡོ་རྗེའི་དམ་ཚིག་སྟེ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་རང་བཞིན་ནོ། །རྡོ་རྗེ་འཆང་ཆེན་པོ་སྟེ་ཞེས་པ་ནི་དཔལ་རྡོ་རྗེ་སེམས་དཔའོ། །དེ་ལྟར་ཞེས་པ་ལ་སོགས་པས་དཀྱིལ་འཁོར་རྒྱལ་བ་མཆོག་
གིས་བསྐྱེད་པའི་དཀྱིལ་འཁོར་པ་རྣམས་ཉེ་བར་བསྡུས་པ་བསྟན་ཏོ། །དེ་ལ་ཞེས་བྱ་བ་ལ་སོགས་པས་འཁོར་དང་བཅས་པས་ཀྱང་སྙིང་པོ་བསྐུལ་བར་བྱའོ་ཞེས་བསྟན་ཏོ། །དམ་པ་ནི་བྱ་བའི་རྒྱུད་ལ་སོགས་པ་ལ་ལྟོས་ནས་མཆོག་གོ། །དེ་བཞིན་གཤེགས་པའི་གསང་བ་ཞེས་པ་ནི་
དེ་བཞིན་གཤེགས་པའི་ཐུགས་ཀའི་ནུས་པ་དགུག་པ་གསང་བ་ཡིན་པས་སོ། །དབྱེར་མེད་པས་ཞེས་པ་ནི་རྟེན་དང་བརྟེན་པ་དབྱེར་མེད་པ་ཉེ་བར་བརྟགས་པས་ཚེམ་བུ་དུ་བ་བཞིན་ནོ། །དཀྱིལ་འཁོར་པ་དེ་རྣམས་ཀྱི་རེ་རེའི་ཞེས་པ་ནི་ལྷ་རེ་རེའིའོ། །སྙིང་གའི་ཟླ་བ་ལ་
གནས་ཞེས་པ་ནི་དམ་ཚིག་སེམས་དཔའི་སྙིང་གའི་པདྨ་དང་ཟླ་བ་ལ་གནས་པའོ། །བསྒོམ་པར་བྱ་ཞིང་ཁྱད་པར་དུ། །ཞེས་པ་ནི་མེད་དུ་མི་རུང་བ་དང་འདྲ་བར་ཡང་བསྒོམ་པར་བྱའོ། །ཡེ་ཤེས་ཀྱི་རང་བཞིན་ཡིན་པས་ན་ཞེས་པ་ནི་སེམས་ཀྱི་རྣམ་པ་ཡོངས་སུ་གྱུར་པས་སོ། །ཡེ་
ཤེས་སེམས་དཔའ་བསྒོམ་པར་བྱའོ་ཞེས་པ་ནི་མཐེ་བོང་གི་ཚད་ཙམ་བསམ་པར་བྱའོ། །ཐུགས་ཀྱི་ཟླ་བར་ཆུད་པ་ཞེས་པ་ནི་ཡེ་ཤེས་སེམས་དཔའི་ཐུགས་ཀའི་པདྨ་དང་ཟླ་བ་ལ་གནས་པའོ། །དེ་བཞིན་དུ་དབུས་ཀྱི་གཙོ་བོ་དང་འདྲ་བར་ཁྱད་པར་བསྟན་ཏོ། །སོ་སོའི་ཡི་གེ་

ཞེས་པ་ནི་དཀྱིལ་འཁོར་པ་རེ་རེ་ལ་ཐུགས་རྡོ་རྗེ་འཆང་གི་ས་བོན་དགོད་པར་བྱའོ། །མི་འགྱུར་བའི་ངོ་བོ་ཉིད་ཅེས་པ་ནི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་རང་བཞིན་ཡིན་པས་སོ། །མི་ཤིགས་པ་ལས་བྱུང་བའི་ཕྱིར་རོ་ཞེས་པ་ནི་འོད་གསལ་བ་ལས་འབྱུང་བས་སོ། །ཡི་གེ་ཧཱུཾ་ཞེས་པ་ནི་མི་བསྐྱོད་པ་
ལ་སོགས་པའི་བསྐྱེད་པའི་གནས་ཡིན་པས་སོ། །སྒྲུབ་པ་པོའི་མཆོག་ལ་སྦྱོར་བར་བྱེད་པས་ན་ཞེས་པ་ནི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱིས་རྣལ་འབྱོར་པ་སྦྱོར་བར་བྱེད་པས་སོ། །ཏིང་ངེ་འཛིན་གྱི་སེམས་དཔའོ་ཞེས་པ་ནི་དེ་ཉིད་ཡི་གེ་ཧཱུཾ་ཞེས་བྱའོ། །དེ་ལས་ནི་ཡི་གེ་ཧཱུཾ་ཡོངས་སུ་
གྱུར་པ་ལས་སོ། །ཁ་རྣམ་པར་གྱེས་པ་བསམ་ཞིང་ཞེས་པ་ནི་འབར་བའི་རྡོ་རྗེ་བསྒོམ་པར་བྱའོ། །ཚུལ་འདིས་ན་ཞེས་བྱ་བ་ལ་སོགས་པས་འཁོར་རྣམས་ཀྱང་སེམས་དཔའ་གསུམ་གྱི་བདག་ཉིད་དུ་བསམ་པར་བྱའོ་ཞེས་བསྟན་ཏོ། །དེ་རྣམས་ཀྱི་ལྕགས་ཀྱུ་འདྲ་བས་ནི་ཀྱོ་བ་
སྟེ་ཞེས་པ་ལ་དབང་དུ་བྱེད་པ་དང་མངོན་དུ་གྱུར་པར་བྱས་པས་བསྐུལ་བ་བསྟན་ཏོ། །གླང་པོ་ཆེ་བཞིན་ནོ་ཞེས་པ་ནི་དཔེ་སྟེ་གླང་པོ་ཆེ་ནི་ལྕགས་ཀྱུས་དབང་དུ་འགྱུར་བས་སོ། །དེའི་སྦྱོར་བ་ནི་ཞེས་པ་ལ་དེ་སྤྲོ་བའོ། །རྡོ་རྗེ་གསུམ་གྱིས་ཞེས་པ་ནི་སེམས་དཔའ་གསུམ་གྱི་བདག་ཉིད་ཀྱི་
དཀྱིལ་འཁོར་པ་རྣམས་ཀྱི་སྙིང་ག་དང་དེ་བཞིན་དུ་རང་གི་སྙིང་ག་ལས་སྤྲོས་པའི་གནོད་མཛེས་ཀྱི་རྒྱལ་པོས་ཕྱག་རྒྱ་དང་སྙོམས་པར་ཞུགས་པའི་དབང་གིས་མཆོག་ཏུ་དགའ་བའི་བདེ་བ་མྱོང་བའི་བསྒྲུབ་བྱའི་ལྷ་དང་མི་བསྐྱོད་པ་ལ་སོགས་པའི་ཐུགས་ཀར་བརྡེགས་པ་ནི་གསོལ་བ་
གདབ་པ་སྔོན་དུ་འགྲོ་བར་རྡོ་རྗེའི་ཐོ་བས་ཐུགས་ལ་བརྡེག་པར་བྱའོ། །དེ་ཉིད་བསྟན་པའི་ཕྱིར། བདག་པོ་ལ་སོགས་པ་ཞེས་བྱ་བ་ལ་སོགས་པས་བསྟན་ཏོ། །གཅིག་ཏུ་གྱུར་པའི་འོད་ཟེར་གྱི་ཚོགས་ཀྱིས་ཞེས་པ་ནི་འོད་ཟེར་གྱི་ཚོགས་ཡོངས་སུ་གྱུར་པ་གནོད་མཛེས་ཀྱི་རྒྱལ་
པོ་གང་ཡིན་པ་ལྕགས་ཀྱུ་དང་འདྲ་བ་དེས་སོ། །བསྒྲུབ་པར་བྱ་བའི་ལྷའི་ཞེས་པ་ནི་མི་བསྐྱོད་པ་ལ་སོགས་པའི་རང་བཞིན་སེམས་དཔའ་གསུམ་གྱི་བདག་ཉིད་ཅན་གྱིས་བསྐུལ་བ་ནི་ཐུགས་ལ་བརྡེག་པར་བྱའོ། །རྡོ་རྗེ་ལྕགས་ཀྱུ་ཞེས་བྱ་བ་ལ་སོགས་པས་དོན་འདི་ཉིད་རྒྱས་པར་

བསྟན་ཏོ། །འདི་ནི་ཞེས་པ་ལ་སོགས་པས་ཕན་ཡོན་བསྟན་ཏོ། །དེ་རྣམས་ཀྱི་བྱང་ཆུབ་ཀྱི་སེམས་རབ་ཏུ་བསྒྲུབ་པ་ནི་ཞེས་པ་ལ་བྱང་ཆུབ་ངེས་པར་བྱེད་པའི་བདག་ཉིད་ཀྱི་སེམས་སོ། །འགུགས་པའོ་ཞེས་པ་ནི་དྲངས་པའོ། །བཤད་མ་ཐག་པ་ཞེས་པ་ལ་
སོགས་པས་རྣམ་པར་སྣང་མཛད་ལ་སོགས་པའི་རྣལ་འབྱོར་པ་རྣམས་ཀྱིས་ཀྱང་སྙིང་པོ་བསྐུལ་བར་བྱའོ་ཞེས་བསྟན་ཏོ། །འདི་ནི་ཞེས་བྱ་བ་ལ་སོགས་པས་སྙིང་པོ་བསྐུལ་བའི་ཏིང་ངེ་འཛིན་གྱིས་སྒྱུ་མ་ལྟ་བུ་ཉིད་བསྟན་ཏོ། །དེ་ནི་རོལ་མོ་ལྟར་བྱུང་བས་ན་ཞེས་པ་ནི་དཔེར་མདོར་བསྟན་
པའོ། །ཇི་ལྟར་ཞེས་བྱ་བ་ལ་སོགས་པས་རྒྱས་པར་བསྟན་པའི་དོན་སྔར་གྱི་ལོ་རྒྱུས་བསྟན་པའི་བདག་ཉིད་ཀྱི་རོལ་མོ་ལ་གར་མཁན་གཅིག་པུས་ཀྱང་ལྷའི་དབང་པོ་བརྒྱ་བྱིན་ལ་སོགས་པའི་ཆ་ལུགས་བྱས་ནས་ལྟད་མོ་བ་རྣམས་ལ་དགའ་བར་བྱེད་པ་དེ་བཞིན་དུ། མི་བསྐྱོད་པའི་རྣལ་
འབྱོར་པ་གཅིག་པུས་བསྒྲུབ་བྱ་ལ་སོགས་པའི་ཚུལ་གྱིས་སྙིང་པོ་སྐུལ་བར་བྱེད་དེ་དེ་ལ་མི་བསྐྱོད་པ་ལ་སོགས་པའི་ལྷའི་ཚོགས་ནི་བསྒྲུབ་བྱའོ། །སྒྲུབ་པ་པོ་ནི་རྣལ་འབྱོར་པའོ། །རྡོ་རྗེ་ལྕགས་ཀྱུ་ལ་སོགས་པའི་སྦྱོར་བས་དེ་དགུག་པ་ནི་སྦྱོར་བའོ། །དོན་དམ་པར་རྣམ་པར་དཔྱད་ན་
གསུམ་པོ་ཡང་མི་དམིགས་སོ། །འོན་ཀྱང་དངོས་གྲུབ་དོན་དུ་གཉེར་བའི་སྒྲུབ་པ་པོ་རྣམས་ཀྱིས་བསྒྲུབ་པར་བྱའོ་ཞེས་བསྟན་ཏོ། །དུས་ཀྱི་ཚད་ཅེས་པ་ནི་ཞག་གཅིག་ལ་སོགས་པའི་དབྱེ་བའོ། །རྡོ་རྗེ་ནི་དེ་བཞིན་གཤེགས་པ་རྣམས་ཏེ་ཞེས་པ་ནི་ཐུགས་རྡོ་རྗེ་འཆང་ལ་སོགས་པའོ། །
ཆོ་ག་གང་གིས་ཁྲིད་ཅིང་དྲངས་པ་ཞེས་པ་ནི་རང་གི་སྙིང་ག་ནས་སྤྲོས་པའི་གཟུགས་རྡོ་རྗེ་མ་ལ་སོགས་པ་དེ་བཞིན་གཤེགས་པ་རྣམས་མགུ་བར་བྱེད་པའི་ཚིག་སྙན་པ་དང་སྒེག་པ་ལ་སོགས་པས་དགའ་བར་བྱེད་པ་གང་ཡིན་པ་དེ་རྣམས་སོ། །དེ་ལ་མཆོག་ཏུ་གྱུར་ཅིང་ཕུལ་དུ་
བྱུང་བས་ན་ཞེས་པ་ནི་དེ་བཞིན་གཤེགས་པ་རྣམས་མགུ་བར་བྱེད་པ་སྦྱིན་པ་ལ་སོགས་པ་སྟེ་སྐད་ཅིག་གིས་བསྒྲུབ་བྱ་ཡིན་པས་སོ། །དེའི་ཆོ་ག་རྗེས་སུ་བསྒྲུབ་པར་བྱའོ་ཞེས་པ་ནི་བཟང་བའི་ཐབས་ཀྱིས་དེ་བཞིན་གཤེགས་པ་རྣམས་མགུ་བར་བྱའོ། །དེས་ནི་བཟང་བའི་ཐབས་དང་

སྦྱིན་པའི་ཐབས་བསྟན་ཏོ། །བརྩམ་པའི་ཉིན་མོ་ནས་ཞེས་བྱ་བ་ལ་སོགས་པ་ནི་རྩེ་གཅིག་པ་དང་བརྟན་པ་ངེས་པའི་སེམས་དང་ལྡན་པའི་སྒྲུབ་པ་པོས་ཞག་གང་ནས་བརྩམས་ཏེ་སྙིང་པོ་བསྐུལ་བའི་ཆོ་ག་བསྒོམ་པ་དེ་ནས་ཞག་བདུན་གྱིས་འགྲུབ་པར་འགྱུར་རོ། །གཞུང་དེས་ནི་དབྱེ་བའི་
ཐབས་བསྟན་ཏོ། །ཆོ་གའི་ཕན་ཡོན་གསུངས་པ་ཞེས་པ་ནི་ཐབས་བཞི་དང་ལྡན་པ་དེ་བཞིན་གཤེགས་པའི་སྙིང་པོ་བསྐུལ་བའི་ཕན་ཡོན་གསུངས་པའོ། །བླ་མའི་ལུང་ལས་རྙེད་པ་ཡིན་པས་སོ། །ཞེས་པ་ནི་སྙིང་པོ་བསྐུལ་བ་དེ་ནི་སྦ་བར་བྱ་བ་ཡིན་པས་སོ། །བསྒྲུབ་པར་བྱ་
བའི་ཞེས་བྱ་བ་ལ་སོགས་པས་དེ་བཞིན་གཤེགས་པ་དང་འདྲ་བ་སྒྲུབ་པ་པོའི་སྐུ་ལ་སོགས་པ་འགྲུབ་པར་འགྱུར་རོ་ཞེས་བསྟན་ཏོ། །འདའ་བས་འཇིགས་པའོ་ཞེས་པ་ནི་ཡེ་ཤེས་ཀྱི་དབང་ཐོབ་པས་འཁོར་བའི་འཇིགས་པ་ལས་གྲོལ་བའོ། །དེ་ལྟར་གྱུར་པའི་དེ་བཞིན་
གཤེགས་པ་རྣམས་ཀྱང་ཞེས་པ་ནི་ཐུགས་རྡོ་རྗེ་འཆང་ལ་སོགས་པའོ། །སྐྲག་འགྱུར་ནས་ཞེས་པ་ནི་མདོར་བསྟན་པའོ། །ཐུགས་རྗེའི་དབང་དུ་གྱུར་པས་ཞེས་པ་ནི་རྒྱས་པར་བཤད་པའོ། །ཡིད་ལ་འདོད་པའི་དངོས་གྲུབ་རབ་ཏུ་སྩོལ་བས་ཞེས་པ་ནི་རང་གི་ངོ་བོ་སྒྲུབ་པས་རྣལ་
འབྱོར་པ་རྗེས་སུ་གཟུང་བ་མཛད་པའོ། །འདི་སྐད་བཤད་པ་ཡིན་ཏེ་ཐབས་རྣམ་པ་བཞིས་སྙིང་པོ་བསྐུལ་ན་སངས་རྒྱས་རྣམས་ཀྱིས་ཉིད་དང་འདྲ་བར་སྒྲུབ་པ་པོ་ལ་མཛད་དོ་ཞེས་པ་ཚིག་གི་དོན་ཏོ། །དེ་ཡང་རྗེས་སུ་རྣལ་འབྱོར་གྱི་ཡན་ལག་ཡིན་ནོ་ཞེས་བླ་མ་རྣམས་ཀྱིས་གསུངས་
སོ། །ཁ་ཅིག་ན་རེ་ཏིང་ངེ་འཛིན་གསུམ་གྱི་མཐར་ཞེས་ཟེར་ཏེ་དངོས་གྲུབ་མངོན་དུ་མ་གྱུར་ན་ཞག་བདུན་གྱིས་དེ་འགྲུབ་པའི་ཕྱིར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་དང་འདྲ་བ་ཉིད་ཐོབ་ན་དེ་བཞིན་གཤེགས་པ་རྣམས་ཀྱིས་དངོས་གྲུབ་ཀྱང་སྩོལ་བར་འགྱུར་རོ་ཞེས་བསྟན་པའི་
ཕྱིར། ཡིད་ལ་མངོན་པར་མགུ་བས་ཞེས་པ་ནི་འདོད་པ་དང་རྗེས་སུ་མཐུན་པའོ། །དངོས་གྲུབ་རྒྱ་ཆེ་ཞིང་ཞེས་པ་ནི་ཁམས་གསུམ་གྱི་བདག་པོའི་ཚུལ་ཅན་ནོ། །འཇིག་རྟེན་པ་ནི་ཞི་བ་ལ་སོགས་པ་དང་སྐུའི་དབང་ཕྱུག་ལ་སོགས་པ་དང་ཕྲ་བ་ལ་སོགས་པ་རྣམས་སོ། །འཇིག་

རྟེན་ལས་འདས་པ་ནི་མཁའ་སྤྱོད་པ་ལ་སོགས་པ་དང་རྡོ་རྗེ་འཆང་གི་གོ་འཕང་ཐོབ་པ་ལ་སོགས་པའོ། །སུ་ཞིག་ཅེས་བྱ་བ་ལ་སོགས་པས་སྒྲུབ་པ་པོས་མངོན་པར་འདོད་པའི་བསྒྲུབ་བྱ་རྣམས་ཀྱིས་དངོས་གྲུབ་སྩོལ་བའི་བྱེད་པ་པོ་ཉིད་བསྟན་ཏོ། །བྱམས་པ་ལ་
སོགས་པའི་ཞེས་པ་ནི་སྒྲུབ་པ་པོའི་དགོངས་པས་ཞེས་ཚིག་གི་ལྷག་མའོ། །བྱང་ཆུབ་ཉིད་ལ་སློབ་པའི་ཞེས་པ་ནི་སློབ་བཞིན་པའོ། །གྲུབ་པའི་སྐྱེས་བུ་རྣམས་སོ་ཞེས་པ་ནི་སྤྱོད་པ་རྣམ་པ་གསུམ་གྱི་སྒོ་ནས་དངོས་གྲུབ་ཐོབ་པའི་རྣལ་འབྱོར་པ་གང་ཡིན་པ་དེ་རྣམས་ཞེས་བྱའོ། །དེ་ལྟར་ཞེས་བྱ་བ་ལ་
སོགས་པས་སྙིང་པོ་སྐུལ་བར་མི་བྱེད་པའི་རྣལ་འབྱོར་པ་རྣམས་ལ་དོན་མེད་པར་དུས་ཟད་པར་འགྱུར་རོ་ཞེས་བསྟན་ཏོ། །འདི་ནི་དེ་བཞིན་གཤེགས་པའོ་ཞེས་པ་ནི་ས་ཐོབ་པའི་སངས་རྒྱས་རྣམས་སོ། །བདག་ནི་ཐ་མལ་པའོ་ཞེས་པ་སོ་སོའི་སྐྱེ་བོའི་ས་ལ་གནས་པའོ། །གང་
ཡོངས་སུ་རྟོག་པ་དེ་ནི་ཐ་དད་པའི་རྟོག་པའོ། །དེ་ལྟ་དེ་ལྟ་བུ་ཞེས་བྱ་བ་ལ་སོགས་པས་དེ་བཞིན་གཤེགས་པ་ནི་ཐམས་ཅད་མཁྱེན་པ་ཡིན་ནོ། །བདག་ནི་ཐ་མལ་པ་ཡིན་ནོ་ཞེས་ཐ་དད་པའི་རྟོག་པས་རྣལ་འབྱོར་པས་དངོས་གྲུབ་ཐོབ་པར་མི་འགྱུར་རོ་ཞེས་བསྟན་ཏོ། །སྲོག་གི་ཐ་མ་
ཞེས་པ་ནི་དེའི་ལས་ཙམ་ལ་ཞེན་པ་དེའི་སྲོག་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ཉིད་བསྟན་པའི་ཕྱིར་ལས་གང་གིས་དངོས་གྲུབ་ཏུ་འདོད་པའི་ལས་ཏེ་ཞེས་པ་ནི་དངོས་གྲུབ་ཐོབ་པར་འདོད་པའི་མཚན་ཉིད་ཅན་གྱི་ལས་ཀྱིས་སོ། །སྲོག་ཟད་པར་འགྱུར་གྱི་ཞེས་པ་ནི་དངོས་གྲུབ་མ་ཐོབ་པར་ཤི་
བར་འགྱུར་རོ། །དེ་ཉིད་བསྟན་པའི་ཕྱིར། སྙིང་པོ་ཡང་དག་པར་བསྐུལ་བ་དང་བྲལ་བའི་ཕྱིར་རོ་ཞེས་བྱ་བར་དགོངས་སོ་ཞེས་བསྟན་ཏོ། །སྒྲ་ཇི་བཞིན་པའོ་ཞེས་པ་ནི་སོགས་པའི་སྒྲས་སོ། །དེ་ལྟར་ཞེས་བྱ་བ་ལ་སོགས་པས་བསྐྱེད་པའི་རིམ་པའི་རྣལ་འབྱོར་པ་རྣམས་ཀྱི་སྙིང་པོ་
བསྐུལ་བ་བསྟན་ནས། རྫོགས་པའི་རིམ་པའི་རྣལ་འབྱོར་པ་རྣམས་ལ་ཡང་བཤད་པར་བྱ་སྟེ་ཞེས་བསྟན་ཏོ། །སྔགས་ཀྱི་གསང་བ་ལ་ཞེས་པ་ནི་ཟུང་དུ་འཇུག་པའི་བདག་ཉིད་ཀྱི་ཏིང་ངེ་འཛིན་ཏོ། །ཞུགས་པའི་སྐྱེས་བུ་ཞེས་པ་ནི་སྔགས་ཀྱི་སྐྱེས་བུ་སྟེ་རྫོགས་པའི་རིམ་པ་བསྒོམ་

པའི་སྒྲུབ་པ་པོ་ཞེས་བྱ་བའི་དོན་ཏོ། །དེས་ཡོངས་སུ་གང་བས་ན་ཞེས་པ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་རྡུལ་ཕྲ་རབ་ཀྱི་མཛད་པའི་སྐུ་དང་ལྡན་པའོ། །དངོས་པོ་ཐམས་ཅད་ནི་བཤད་མ་ཐག་དང་འོག་ནས་བཤད་པ་སྟེ་ཞེས་པ་ནི་སྔར་བཤད་ཟིན་པ་དང་ལེའུ་བཅུ་གསུམ་པ་ལ་
སོགས་པས་འཆད་པར་འགྱུར་བའོ། །སྒྲུབ་པ་དང་བསྒྲུབ་པར་བྱ་བ་ལ་སོགས་པའི་རབ་ཏུ་སྦྱོར་བའོ་ཞེས་པ་ནི་སོགས་པའི་སྒྲས་སྒྲུབ་པ་པོའི་ཡང་སྦྱོར་བའོ། །བསྐྱེད་པ་ནི་མངོན་དུ་བྱ་བའོ། །བདེན་པ་གཉིས་ནི་ཀུན་རྫོབ་ཀྱི་དང་དོན་དམ་ལ་སོགས་པའོ། །གཅིག་ཏུ་བསྡུས་པ་དེ་
ཞེས་པ་ནི་བདེན་པ་གཉིས་ལ་སོགས་པ་དབྱེར་མེད་པའི་མཚན་ཉིད་ཀྱི་ཏིང་ངེ་འཛིན་ཏོ། །ངེས་གཟུང་ཞེས་པ་ནི་ངེས་པར་གཟུང་བ་དང་བཅས་པའི་ཚིག་ཡིན་ཏེ་དེ་ཉིད་ཀྱིས་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དེ་བས་ན་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་ནི་སྔར་
བཤད་པའི་མཚན་ཉིད་ཅན་གང་ཡིན་པ་དེ་ནི་དབང་པོ་གཉིས་ཀྱི་སྦྱོར་བ་དང་བྲལ་བས་ཞེས་པ་ནི་ཟུང་དུ་འཇུག་པའི་ཏིང་ངེ་འཛིན་མེད་པས་འགྲུབ་པར་མི་འགྱུར་རོ་ཞེས་བསྟན་ཏོ། །སྒྲུབ་པ་རྫོགས་པར་བྱེད་པ་ཞེས་པ་ནི་བདེན་པ་གཉིས་དབྱེར་མེད་པའི་ཕྱག་རྒྱ་ཆེན་པོའི་
གཟུགས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་དང་འབྲེལ་བའི་ཞེས་པ་ནི་མི་བསྐྱོད་པ་ལ་སོགས་པ་དང་རོ་གཅིག་པར་གྱུར་པ་སྟེ་ཟུང་དུ་འཇུག་པའི་ཏིང་ངེ་འཛིན་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་ཉིད་ཡིན་པས་སོ། །འདའ་བར་མི་བྱ་བ་གང་ཡིན་པ་ཞེས་པ་ནི་
རྣལ་འབྱོར་པ་རྣམས་སོ། །དེ་རྣམས་ཀྱི་བསྒོམ་པའི་ཐབས་སོ་ཞེས་པ་ནི་ཕྱག་རྒྱ་ཆེན་པོའི་ཐབས་འདི་ཉིད་ཡིན་ནོ་ཞེས་བྱ་བའོ། །སྦྱོར་བའི་ཐབས་ཞེས་བྱ་བ་ལ་སོགས་པས་མངོན་པར་བྱང་ཆུབ་པའི་རིམ་པ་བསྒོམ་པ་སྔོན་དུ་འགྲོ་བ་ཟུང་དུ་འཇུག་པའི་ཏིང་ངེ་འཛིན་བསྟན་ཏོ། །
ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ་ཞེས་པ་ནི་ཕྱག་རྒྱ་དང་ཏིང་ངེ་འཛིན་གྱི་རིམ་པའི་སྒོམ་པ་ཐོབ་པར་བྱ་བའི་འོད་གསལ་བའོ། །དེར་ནི་རྒྱུར་འགྱུར་བས་སོ། །ཕུང་པོ་ལ་སོགས་པ་རྣམས་མི་སྣང་བར་བྱས་ནས་ཞེས་པ་ནི་ཐ་མལ་པ་རྣམས་སྟོང་པར་བྱས་ནས་སོ། །ཀུན་རྫོབ་དང་ཞེས་

བྱ་བ་ལ་སོགས་པས་ཆད་པའི་ཕྱོགས་སྤང་བར་བྱ་བའི་ཕྱིར་ཀུན་རྫོབ་དང་དོན་དམ་པའི་སྦྱོར་བའི་ཏིང་ངེ་འཛིན་བསྒོམ་པར་བྱའོ་ཞེས་བསྟན་ཏོ། །དེ་ནས་ཞེས་བྱ་བ་ལ་སོགས་པས་ཟུང་དུ་འཇུག་པའི་ཏིང་ངེ་འཛིན་གྱི་ཕྲིན་ལས་བཤད་པར་བྱ་སྟེ། དོན་དམ་
པའི་བདེན་པ་ལ་ཞུགས་པའི་འོག་ཏུ་ཞེས་པ་ནི་ཕྱག་རྒྱ་དང་ཏིང་ངེ་འཛིན་གྱི་རིམ་པས་ཐོབ་པར་བྱ་བ་མན་ངག་བཞི་པ་ལ་ཞུགས་པའི་འོག་ཏུའོ། །བདེན་པ་གཉིས་ཀྱི་བདག་ཉིད་ཅན་གྱི་ཞེས་པ་ནི་ཀུན་རྫོབ་དང་དོན་དམ་ལ་སོགས་པ་དབྱེར་མེད་པའི་རང་བཞིན་ནོ། །རང་གི་ཕྱག་རྒྱ་
ཆེན་པོ་ཞེས་པ་ནི་རྡོ་རྗེ་འཆང་ཆེན་པོའི་སྐུའི་མཚན་ཉིད་དོ། །བསྐྱེད་པ་ནི་ཅིག་ཅར་དུ་སྤྲོས་ནས་སོ། །དེ་ཁམས་གསུམ་དུ་ཞེས་པ་ནི། ཁམས་གསུམ་གྱི་ནང་ན་གནས་པའི་སེམས་ཅན་གྱི་ཁམས་ལ་སྙིང་རྗེའི་དབང་དུ་གྱུར་པས་ཆགས་པ་དང་དེ་རྣམས་གདོན་པའི་ཕྱིར་ཆོས་སྟོན་པའི་
དམ་བཅའ་བ་ལ་ཞེན་པ་དེ་བཞིན་དུ་དེ་ལ་གནས་པའི་སེམས་ཅན་གྱི་ཚོགས་འཁོར་བའི་འཇིགས་པ་ལས་དགྲོལ་བའི་ཕྱིར་དང་རྡོ་རྗེ་འཆང་ཆེན་པོའི་སྐུ་བསྐྱེད་པའི་ཕྱིར་སྲིད་པའི་སྡུག་བསྔལ་དང་ཡིད་ཀྱི་སྡུག་བསྔལ་གྱིས་ཉེ་བར་འཇོམས་པ་བདག་ཅག་དང་འདྲ་བ་འདི་ཕ་ཡིན་ནོ་ཞེས་ཆགས་པ་དང་
བཅས་པར་དགོངས་པ་དང་བཅས་པ་ཡིད་ཆེས་པ་དང་གུས་པ་དང་བཅས་པར་བལྟ་བར་བྱ་བ་དང་། དད་པའི་བློས་ཡོངས་སུ་བསྙེན་བཀུར་དུ་བྱ་བ་ཤེས་པར་བྱ་བ་ནི་རྟོགས་པར་བྱའོ་ཞེས་བསྟན་ཏོ། །འདི་ཞེས་བྱ་བ་ལ་སོགས་པས་ཕྱག་རྒྱ་ཆེན་པོའི་གཟུགས་དེ་ཉིད་ཉེ་བར་བསྡུས་པ་བསྟན་ཏོ། །དེ་
ལྟར་ཞེས་བྱ་བ་ལ་སོགས་པས་རྒྱུ་དང་འབྲས་བུ་དང་བཅས་པའི་སྙིང་པོས་བསྐུལ་བ་མངོན་པར་བརྗོད་ནས་རྣལ་འབྱོར་པའི་འཇུག་པའི་ཁྱད་པར་བསྟན་པར་བྱ་སྟེ། རྣམ་པར་སྣང་མཛད་ལ་སོགས་པར་ཡོངས་སུ་བརྟགས་པའི་ཞེས་པ་ནི་གཟུགས་ལ་སོགས་པ་ཡེ་ཤེས་ལྔའི་ངོ་བོ་ཡིན་པས་དེ་
བཞིན་གཤེགས་པ་ལྔའི་ངོ་བོ་ཡིན་ནོ། །དེ་རྣམས་ཀྱི་ངོ་བོ་ཉིད་དེ་ཞེས་པ་ནི་ཕུང་པོ་ལ་སོགས་པའི་རང་བཞིན་ནོ། །དོན་དམ་པའི་བདེན་པ་ཞེས་པ་ནི་འོད་གསལ་བའོ། །དེ་ལས་སྐྱེས་པས་ན་ཞེས་པ་ནི་འོད་གསལ་བ་ལས་ཅིག་ཅར་དུ་འབྱུང་བའོ། །དེ་ཉིད་རྡོ་རྗེ་འཆང་ཆེན་པོ་སྟེ་

དཔལ་རྡོ་རྗེ་སེམས་དཔའོ། །སངས་རྒྱས་ཐམས་ཅད་ཀྱི་དབང་བསྐུར་དུ་གྱུར་པ་ཞེས་པ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཅོད་པན་དུ་གྱུར་པའོ། །དེ་ཉིད་ཀྱིས་ན་ཞེས་བྱ་བ་ལ་སོགས་པས་གཏན་ཚིགས་བསྟན་ཏོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དབང་བསྐུར་དུ་གྱུར་པ་དེ་ནི་
སངས་རྒྱས་ཐམས་ཅད་ཀྱི་མཆོག་ཅེས་བྱའོ། །བཀའ་སྩལ་པའོ་ཞེས་པ་ནི་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པའོ། །མཐའ་ཡས་ཤིང་མུ་མེད་པ་ཞེས་པ་ནི་མ་ལུས་པའི་འཇིག་རྟེན་གྱི་ཁམས་ལའོ། །ཐ་མ་ཞེས་བྱ་བ་ལ་སོགས་པ་གཟུགས་རྡོ་རྗེ་མ་ལ་སོགས་པ་ལྷ་མོ་ཇི་སྲིད་
ཡོད་པ་དེ་རྣམས་སྔགས་ཀྱི་སྐུ་དང་ཡེ་ཤེས་ཀྱི་སྐུའི་ཕྱོགས་ལ་དམིགས་ནས་སྤྲོ་བར་བྱའོ། །སྔགས་ཀྱི་སྐུ་ནི་བསྐྱེད་པའི་རིམ་པའི་དཀྱིལ་འཁོར་རྒྱལ་བ་མཆོག་གི་ཏིང་ངེ་འཛིན་གྱིས་དཀྱིལ་འཁོར་པ་རྣམས་སྤྲོ་བ་དང་། ཡེ་ཤེས་ཀྱི་སྐུས་སྐད་ཅིག་མ་གཅིག་གིས་སྤྲོ་བར་བྱའོ་ཞེས་
ཁྱད་པར་རོ་ཞེས་བསྟན་ཏོ། །དེ་ཉིད་བཤད་པར་བྱ་བའི་ཕྱིར། བྱ་བ་གྲངས་མེད་ཅེས་བྱ་བ་ལ་སོགས་པ་བསྟན་ཏོ། །གྲངས་མེད་པ་ནི་སེམས་ཅན་གྱི་ཁམས་མཐའ་ཡས་པ་ཡིན་པས་དེ་རྣམས་སྦྱང་བའི་དོན་དུ་སྤྲུལ་པའི་སྐུ་ཡང་མཐའ་ཡས་པ་བསྟན་ཏོ། །གང་གི་ཕྱིར་སྤྲུལ་པ་
གཅིག་གིས་ཅིག་ཅར་དུ་ཐམས་ཅད་གདོན་པར་མི་ནུས་ཏེ་གདུལ་བྱ་རྣམས་ཀྱི་བསམ་པ་སྣ་ཚོགས་པས་སོ། །རྡོ་རྗེ་ཅན་གྱིས་སྤྲོ་བ་ཞེས་པ་ནི་རྡོ་རྗེ་འཆང་གི་རང་བཞིན་གྱི་རྣལ་འབྱོར་པས་སྤྲོ་བར་བྱའོ། །བྱང་ཆུབ་དམ་ཚིག་སྟེ་ཞེས་པ་ནི་བྱང་ཆུབ་ཐོབ་པའི་དོན་དུ་ལྡང་བར་མི་བྱ་བ་
རྡོ་རྗེ་འཆང་ཆེན་པོ་ཞེས་བྱ་བའི་དོན་ཏོ། །འདིས་ཞེས་བྱ་བ་ལ་སོགས་པས་ཕན་ཡོན་བསྟན་ཏོ། །རང་གི་ངོ་བོ་ཉིད་ཐམས་ཅད་ལ་རྟོགས་པར་མཛད་པས་ན་ཞེས་པ་ནི་ཁམས་གསུམ་ན་གནས་པའི་སེམས་ཅན་ཐམས་ཅད་དང་ངོ་བོ་ཉིད་ཉམས་སུ་མྱོང་བའི་མཚན་ཉིད་ཐོབ་པར་
བྱེད་པའོ། །བྱང་ཆུབ་ནི་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་ངོ་། །སྐུ་རྡོ་རྗེ་ལ་སོགས་པའི་ངོ་བོ་ཉིད་ནི་ཞེས་པ་ནི་རྣམ་པར་སྣང་མཛད་ལ་སོགས་པ་བྱང་ཆུབ་ཀྱི་མཚན་ཉིད་དོ། །རེག་པར་བྱར་མེད་པས་ཞེས་པ་ནི་ནམ་མཁའ་དང་འདྲ་བ་ཉིད་ཐོབ་པར་འགྱུར་ཏེ། འདུས་མ་བྱས་པའི་ཕྱིར་

རོ། །རྫོགས་པའི་རིམ་པའི་རྣལ་འབྱོར་པས་ཞེས་ཚིག་ལྟག་མའོ། །རྫོགས་པའི་རྣལ་འབྱོར་པའི་ཕན་ཡོན་བསྟན་ནས། སློབ་བཞིན་པའི་ཡང་བསྟན་པར་བྱ་བའི་ཕྱིར། སློབ་པ་ལ་གནས་པ་ཞེས་བྱ་བ་ལ་སོགས་པ་སྨོས་པ་སྟེ་སློབ་པ་ལ་གནས་པ་ནི་དེ་
བཞིན་གཤེགས་པའི་སྙིང་པོ་བསྐུལ་བ་ལ་སློབ་བཞིན་པའོ། །ཉེ་བར་བརྟགས་པས་ན་ཞེས་པ་ནི་གཞི་དང་གཞི་ཅན་དབྱེར་མེད་པས་སོ། །ཡོན་ཏན་ཉིད་རྒྱལ་བ་སྟེ་ཞེས་པ་ནི་སྟོབས་བཅུ་དང་མི་འཇིགས་པ་ལ་སོགས་པའོ། །ཇི་ལྟར་རྒྱ་མཚོ་རིན་པོ་ཆེ་ཀུན་གྱི་གནས་སུ་གྱུར་པ་
བཞིན་ཞེས་པ་ནི་སློབ་བཞིན་པ་དེ་ཡང་རིན་པོ་ཆེ་ལྟར་ཡོན་ཏན་དེ་རྣམས་ཀྱི་གཞིར་གྱུར་པའོ། །བདེ་བ་དམ་པ་དང་ཞེས་པ་ནི་ཕྱི་རོལ་གྱི་ལོངས་སྤྱོད་ཀྱི་ཚོགས་ལས་འབྱུང་བ་ལུས་བདེ་བའི་བདག་ཉིད་དོ། །ནད་མེད་པ་ནི་སྐྱེ་འཆི་མེད་པའོ། །སོགས་པའི་སྒྲས་རྒ་བ་དང་གཉེར་མ་
ལ་སོགས་པ་མེད་པ་ཐོབ་པར་འགྱུར་རོ། །ཚེ་རིང་བ་ནི་བསྐལ་པ་སྟོང་གི་བར་དུ་གསོན་ཅིང་གནས་པ་སྟེ་དེ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །དགོངས་པས་བཤད་པའོ་ཞེས་པ་ནི་འགལ་བའི་སྒྲའི་སྦྱོར་བས་དེ་ཁོ་ན་ཉིད་སོ་སོར་བསྟན་པས་སོ། །འཇིག་རྟེན་པའི་དངོས་གྲུབ་
ནི་ཞེས་པ་ནི་ཞི་བ་ལ་སོགས་པའོ། །འཇིག་རྟེན་ལས་འདས་པའི་དངོས་གྲུབ་ནི་དཔལ་རྡོ་རྗེ་སེམས་དཔའི་གོ་འཕང་ཐོབ་པ་ལ་སོགས་པའོ། །དེ་འགྲུབ་པའི་ཕྱིར་ཞེས་པ་ནི་དེ་ཐོབ་པའི་ཕྱིར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ་བསྐུལ་བ་ཞེས་པ་ནི་མི་བསྐྱོད་པ་
ལ་སོགས་པའི་ཐུགས་ཀྱི་ནུས་པ་དགུག་པས་སོ། །སོ་སོར་སྟོན་པར་བྱེད་པའི་ཚིག་གི་ཚོགས་ནི་ལེའུ་ཞེས་བྱའོ། །ལེའུ་དང་པོ་ལས་གཏན་ལ་ཕབ་པའོ། །སྒྲོན་མ་གསལ་བར་བྱེད་པའི་འགྲེལ་པའི་ཊཱི་ཀཱ་ལས་ལེའུ་བཅུ་པའི་རྒྱ་ཆེར་བཤད་པའོ།། །།དེ་ལྟར་ཞེས་
བྱ་བ་ལ་སོགས་པས་ལེའུ་བཅུ་གཅིག་པ་བརྩམ་པར་བྱ་སྟེ། རྣལ་འབྱོར་པ་རྣམ་པ་གཉིས་ཞེས་པ་ནི་བསྐྱེད་པ་དང་རྫོགས་པའི་རྣལ་འབྱོར་རྣམ་པ་གཉིས་སོ། །རྣམ་པ་གཉིས་ནི་བརྟག་པ་དང་རྫོགས་པའི་སྒོམ་པའི་དབྱེ་བས་སོ། །བརྟག་པ་དང་རྫོགས་པའི་རྣལ་འབྱོར་པ་

རྣམས་ཀྱིས་ཞེས་པ་ནི་རིམ་པ་གཉིས་ཀྱི་རྣལ་འབྱོར་པ་རྣམས་ཀྱིའོ། །ལྷའི་སྐུ་རྣམ་པ་གཉིས་པོ་ཞེས་པ་ནི་ཡོངས་སུ་དག་པ་དང་མ་དག་པའི་ལྷའི་སྐུ་དག་གོ། །ལེའུ་དང་པོ་ལས་གསུངས་པ་ཞེས་པ་ནི་མདོར་བསྟན་པ་ཉིད་དུ་གསུངས་སོ། །གསལ་བར་བྱ་བའི་ཕྱིར་ཞེས་པ་ནི་རྒྱས་པར་བཤད་
པའི་ཕྱིར་རོ། །ལེའུ་བཅུ་གཅིག་པ་གསུངས་ཏེ་ཞེས་པ་ནི་སྡུད་པ་པོས་ཞེས་ཚིག་ལྷག་མའོ། འདིར་དགོངས་པ་ནི་ལེའུ་དང་པོ་ནས་ལྷའི་སྐུ་རྣམ་པ་གཉིས་ཀྱི་སྒོམ་པའི་ཁྱད་པར་གསུངས་པ་གང་ཡིན་པ་དེ་ནི་འདིར་རྒྱས་པར་བཤད་པར་བྱ་སྟེ། དེ་བས་ན་ལེའུ་དང་པོའི་ཡན་ལག་ཏུ་གྱུར་པ་ཡང་
ལེའུ་བཅུ་པའི་ཡང་ཡན་ལག་ཏུ་འགྱུར་བ་ཡིན་ཏེ། གང་གི་ཕྱིར་ལྷ་རྣམས་ཀྱི་སྙིང་པོ་བསྐུལ་བའི་སྒོ་ནས་དེ་བཞིན་གཤེགས་པའི་སྐུ་ཐོབ་པ་གང་ཡིན་པ་དེ་ནི་རྣམ་པ་གཉིས་ཏེ། སྔགས་ཀྱི་སྐུ་དང་ཡེ་ཤེས་ཀྱི་སྐུ་སྟེ་དེ་བསྟན་པར་བྱ་བའི་ཕྱིར་ལེའུ་འདི་ཡིན་ཞེས་བྱ་བས་སོ། །དེ་བས་ན་འགྲེལ་
པ་མཁན་གྱིས་ཀྱང་ལེའུ་བཅུ་གཅིག་པ་ནས་བཤད་པའི་ཕྱག་རྒྱ་ཆེན་པོ་ནི་རྣམ་པ་གཉིས་ཏེ། སྔགས་ཀྱི་སྐུ་དང་། ཡེ་ཤེས་ཀྱི་སྐུའོ། །དེ་ལ་བརྟག་པའི་རྣལ་འབྱོར་པ་རྣམས་ལ་སྔགས་ཀྱི་སྐུ་བསྐྱེད་པའི་ཕྱིར་བསྒོམ་པའི་ཐབས་བཤད་པར་བྱ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་
ནི་ཞེས་པ་ལ་རྣམ་པར་སྣང་མཛད་ལ་སོགས་པ་བསྐྱེད་པའི་རྒྱུར་གྱུར་པའོ། །ཨོཾ་ལ་སོགས་པའི་ཡི་གེ་གསུམ་མོ་ཞེས་བྱ་བ་ནི་ཨོཾ་ཨཱཿཧཱུཾ་མཚན་ཉིད་ཅན་གྱི་ཡི་གེ་གསུམ་མོ། །དེས་བསྐྱེད་པར་གྱུར་པའི་ཞེས་པ་ནི་ཡོངས་སུ་གྱུར་པ་ལས་ཕྱག་མཚན་གྱི་ཕྱག་རྒྱ་ལས་འབྱུང་བའོ། །རྣམ་པ་
ཐམས་ཅད་མཆོག་དང་ལྡན་པས་སྐྱེས་བུ་ཡང་ཡིན་ལ་སེམས་པ་གསུམ་གྱི་བདག་ཉིད་ཡིན་པས་མཆོག་ཡིན་ཏེ། སྐྱེས་བུ་མཆོག་གོ། །ལྷ་རྣམས་ཏེ་ནི་རྡོ་རྗེ་འཆང་ལ་སོགས་པ་དེ་བཞིན་གཤེགས་པ་དྲུག་གི་རྫོགས་པ་ནི་སྔགས་ཀྱི་སྐུའོ། །དེ་ལ་ཐུགས་རྩེ་གཅིག་ཏུ་བཞག་ནས་ཞེས་
པ་ནི་དེ་ལྟར་གྱུར་པའི་ཏིང་ངེ་འཛིན་ལ་དམིགས་ནས་སོ། །འདི་གསུངས་ཏེ་ནི་བཀའ་སྩལ་ཏོ། །སྔགས་ནི་སྦས་ནས་སྨྲ་བ་དང་ཡིད་སྐྱོབ་པས་སྔགས་ཀྱང་ཡིན་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ་དང་གསང་བ་ཡིན་པས་རྡོ་རྗེའི་རིགས་པ་ཡིན་ཏེ། དེ་བཞིན་གཤེགས་པ་ཐམས་

ཅད་ཀྱི་སྔགས་ཀྱི་རྡོ་རྗེའི་རིགས་པའི་སྒྲས་ཡི་གེ་གསུམ་བསྟན་ཏོ། །དེ་རྣམས་ཀྱིས་ཞེས་པ་ལ་སོགས་པ་ནི་ཡི་གེ་གསུམ་གྱིས་བསྐྱེད་པ་དང་པོ་སྦྱོར་བ་ལ་སོགས་པའི་རིམ་པས་བྱུང་བ་སྐྱེས་བུའི་ལྷ་སྟེ། དེ་བཞིན་གཤེགས་པའི་སྐུ་གང་དུ་ཡོད་པ་དེ་ནི་དེ་
ལྟར་གྱུར་པའི་ལེའུ་བསྟན་ཏོ། །དེ་ནི་ཉེ་བར་མཚོན་པ་ཙམ་ཡིན་ཏེ། བདག་ལུས་བྱིན་གྱིས་བརླབ་པའི་རིམ་པས་ཀྱང་ཡེ་ཤེས་ཀྱི་སྐུ་བསྒྲུབ་པ་བསྟན་པའོ། །སྡུད་པ་པོ་ཞེས་བྱ་བ་ལ་སོགས་པས་དེ་ཉིད་བསྟན་པར་བྱ་བའི་ཕྱིར་བཤད་པར་བྱ་སྟེ། སྐུ་དང་གསུང་དང་ཐུགས་རྡོ་རྗེའོ་
ཞེས་པ་ནི་རྣམ་པར་སྣང་མཛད་ལ་སོགས་པ་རྫོགས་པར་བྱེད་པའི་ཡི་གེ་རྣམས་ལ་ཡང་དེ་སྐད་ཅེས་བྱ་སྟེ། སྔགས་ཀྱི་དབྱེ་བ་བདུན་ཁྲི་ཉིས་སྟོང་གི་རྒྱུར་གྱུར་པ་དང་དེ་ཉིད་ལ་སྔགས་ཐམས་ཅད་བསྐྱེད་པའི་ཕྱིར་རོ། །ཇི་སྲིད་དུ་ཡ་ར་ལ་ཝའི་བར་ཞེས་འབྱུང་བས་སོ། །དེས་
ཕྱག་རྒྱ་ཆེན་པོ་རྣམ་པར་བསྒོམ་པར་བྱའོ་ཞེས་པ་ནི་ཡི་གེ་གསུམ་གྱིས་བསྐྱེད་པའོ། །ས་འོག་ས་སྟེང་ས་བླ་ནི་ཁམས་གསུམ་མོ། །དེས་མཆོད་པར་བྱའོ་ཞེས་པ་ནི་བཀུར་སྟི་བྱ་བ་ཡིན་པའི་ཕྱིར་རོ། །ཆེ་བའི་དགའ་ཞིང་མགུ་བ་ཞེས་བྱ་བ་ནི་གདུལ་བྱ་རྣམས་ལ་ཆོག་མི་
ཤེས་པའི་གཟུགས་ཀྱིས་སོ། །སོན་པར་གྱུར་པས་ན་ཞེས་པ་ནི་སྟེར་བར་མཛད་པས་སོ། །ཡེ་ཤེས་ལྔའི་རང་བཞིན་གྱི་རྡོ་རྗེ་ལྷའི་སྐུ་སྒྲུབ་པ་ལ་བརྩོན་པས་ན། ཡེ་ཤེས་རྡོ་རྗེ་སྒྲུབ་པ་པོ། །ཞེས་བྱའོ། །མངོན་པར་བྱང་ཆུབ་པ་རྣམ་པ་ལྔ་ནི་ཟླ་བ་དང་ཉི་མ་དང་ཡིག་འབྲུ་དང་ཕྱག་མཚན་དང་
སྤྲོ་བ་དང་བསྡུ་བས་སྐུ་རྫོགས་པའོ། །ཇི་སྐད་དུ། ལེའུ་དང་པོ་ནས་དེ་བཞིན་ཉིད་དང་མཚན་མ་དང་ཡིག་འབྲུ་དང་སྐུའི་རིམ་པ་ཞེས་བྱའོ། །དེས་བྱ་བའོ་ཞེས་པ་ནི་ཡི་གེ་གསུམ་མོ། །བྱ་བ་ནི་ལས་ཞེས་བྱའོ། །དེ་ཉིད་ཨོཾ་ཞེས་བྱ་བ་ལ་སོགས་པས་བསྟན་ཏོ། །གང་གི་ཕྱིར་ཡི་གེ་
ཨོཾ་གྱིས་མི་ཕྱེད་པའི་སྐུ་བསྐྱེད་པ་དེའི་ཕྱིར་དེས་ནི་སྐུ་རྡོ་རྗེ་བསྐྱེད་པའོ། །བྱང་ཆུབ་ནི་དེ་ཁོ་ན་ཉིད་དོ་ཞེས་པ་ནི་སོ་སོར་རྟོག་པའི་ཡེ་ཤེས་སོ། །དེ་ལས་སྤྲུལ་པ་ནི་སོ་སོར་རྟོག་པའི་ཡེ་ཤེས་ཀྱི་བདག་ཉིད་ཅེས་བྱ་བའོ། །དེའི་ངོ་བོ་ཉིད་ནི་བདག་མེད་པ་སྟེ་ཞེས་པ་ནི་དེ་བསྐྱེད་པའི་རྒྱུར་གྱུར་

པའོ། །དེ་ཉིད་བསྟན་པའི་ཕྱིར། ཡི་གེ་ཨཱཿཞེས་གསུངས་སོ། །དེས་མི་ཕྱེད་པའི་ངག་བསྐྱེད་པས་ན་གསུང་རྡོ་རྗེ་སྐྱེད་པར་བྱེད་པའོ། །བརྟེན་པར་གྱུར་པའི་ཞེས་པ་ནི་རྟེན་དང་རྒྱུ་དང་བྱེད་པ་ཞེས་རྣམ་གྲངས་སོ། །མི་བསྐྱོད་པའི་ངོ་བོ་ཉིད་ཀྱི་ཞེས་པ་ནི་ཐུགས་ཞེས་བྱའོ། །རྡོ་རྗེ་གསུམ་
དང་མི་ཕྱེད་པ། །ཞེས་བྱ་བ་ལ་སོགས་པས་ཐུགས་ཀྱི་རང་བཞིན་བསྟན་ཏོ། །སེམས་དེ་རྣལ་འབྱོར་པའི་རྒྱུད་ལ་སྐྱེད་པར་བྱེད་པས་ན་ཞེས་པ་ནི་དེ་ལྟར་གྱུར་པའི་ཐུགས་སྒྲུབ་པ་པོའི་ལུས་ཀྱི་ནང་ན་རྫོགས་པར་བྱེད་པ་གང་ཡིན་པ་དེ་ནི་ཡི་གེ་ཧཱུཾ་ཞེས་བྱའོ། །དེ་བཞིན་གཤེགས་པ་ཞེས་
བྱ་བ་ལ་སོགས་པས་རྡོ་རྗེ་འཆང་ཆེན་པོས་འདི་སྐད་བཀའ་སྩལ་ཏོ་ཞེས་བསྟན་ཏོ། །རིམ་པ་བཞིན་དུ་ཞེས་པ་ནི་སྒྲུབ་ཐབས་ལས་གསུངས་པའི་རིམ་པ་ཞེས་བྱ་བའི་ཐ་ཚིག་གོ། །ནམ་མཁའི་རྡོ་རྗེ་ཞེས་བྱ་བ་ལ་སོགས་པས་སྙིང་རྗེ་ཆེན་པོ་མངོན་དུ་གྱུར་པ་དང་བགེགས་བསྐྲད་པ་དང་།
སྟོང་པ་ཉིད་བསྒོམ་པ་དང་ཡེ་ཤེས་ཀྱི་ས་གཞི་བྱིན་གྱིས་བརླབ་པ་དང་། གཞལ་ཡས་ཁང་པ་དང་ལྷག་པར་མོས་པ་དང་དོན་དམ་པའི་དཀྱིལ་འཁོར་དང་གདན་གྱི་བྱེ་བྲག་དང་། ཆོས་ཀྱི་དབྱིངས་ཀྱི་བདག་ཉིད་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཡི་གེ་གསུམ་ལས་བྱུང་བའི་ཕྱག་
མཚན་ཡོངས་སུ་གྱུར་པ་ལས། རྡོ་རྗེ་འཆང་ལ་སོགས་པ་རྣལ་འབྱོར་བསྒོམ་པར་བྱའོ་ཞེས་བསྟན་ཏོ། །ནམ་མཁའི་རྡོ་རྗེའི་དབུས་སུ་ཞེས་པ་ནི་ཁ