Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 33
Văn bản gốc(Tây Tạng)
Trang 5 / 14 (50.000 ký tự/trang)
།ལས་ནི་གཉིས་གཉིས་འགྲུབ་པར་འགྱུར། །གཡས་པ་ལ་ནི་འོད་འབྱུང་བ། །མེ་ཡི་དཀྱིལ་འཁོར་དེ་ཡིན་ནོ། །ཞེས་བྱ་བ་ལ་སོགས་པ་འབྱུང་ངོ་། །འདིར་ལས་དང་པོ་པ་རྣམས་ཀྱི་ཐུན་མོང་མ་ཡིན་པའི་དེ་ཁོ་ན་ཉིད་དོ་ཞེས་པ་ནི་བསྐྱེད་པའི་རིམ་ པའི་རྣལ་འབྱོར་པ་རྣམས་ལ་བསྟན་པར་མི་བྱའོ། །ལས་རྣམ་པ་བཞིའི་ནང་ནས་ཞེས་པ་ནས་དེའི་ཕྱིར་ཏིང་ངེ་འཛིན་འདི་ལ་ཞེས་པའི་བར་དུའོ། །དཔལ་མི་བསྐྱོད་པའི་རྣལ་འབྱོར་པས་བདག་ཉིད་ཞེ་སྡང་རྡོ་རྗེ་བསྒོམས་ལ། དེའི་གཡས་ཕྱོགས་སུ་དེ་བཞིན་གཤེགས་པ་དང་བྱང་ཆུབ་སེམས་ དཔའ་ཁྲོ་བོ་རྣམས་བསམས་ལ། གཡོན་ཕྱོགས་སུ་སྤྱན་མ་ལ་སོགས་པའི་གཟུགས་རྡོ་རྗེ་མ་ལ་སོགས་པ་དང་། རྡོ་རྗེ་རོ་ལངས་མ་ལ་སོགས་པ་བསམས་ཏེ་ཡེ་ཤེས་སེམས་དཔའི་ཐུགས་ཀའི་འོད་ཀྱིས་བཀུག་པ་དེ་བཞིན་གཤེགས་པ་ཐམས་ཅད་རང་གི་སྙིང་ག་ལ་འཇུག་ཅིང་། ཡང་ གཤིན་རྗེའི་གཤེད་ལ་སོགས་པ་ཁྲོ་བོའི་རྣམ་པ་ཤིན་ཏུ་ཁྲོས་པ་འཇིགས་པའི་ཆ་ལུགས་དང་ལྡན་པ་དེ་རྣམས་སྤྲོས་ལ། དེ་རྣམས་ཀྱིས་ཀྱང་བསྒྲུབ་བྱ་རླུང་དང་མེའི་དཀྱིལ་འཁོར་གྱི་སྟེང་དུ་གནས་པ་གཅེར་བུ་ཏིལ་མར་གྱིས་ལུས་བྱུགས་པ་སྐྱབས་མེད་པ་མཁའ་སྤྱོད་དང་ས་སྤྱོད་དང་ཐད་ སྤྱོད་དང་ཕྱོགས་སྤྱོད་ལ་སོགས་པ་སྲོག་ཆགས་ཀྱི་ཁྱད་པར་གྱིས་སྐྲག་པར་བྱེད་ལ། ཁ་སྦྱོར་དབྱེ་བ་བསམས་ཏེ་དེ་རྣམས་ཀྱིས་བརྡེག་ཅིང་ཇི་སྲིད་མཚོན་ཆ་སྣ་ཚོགས་པས་ཏིལ་ཙམ་དུམ་བུར་བཅད་པར་བྱས་ལ། སྲོག་དབྱུང་བ་བསྒོམས་ཏེ་དེའི་རྣམ་པར་ཤེས་པ་ཡང་ དྲི་མ་མེད་པ་རླུང་མེད་པའི་མར་མེ་དང་འདྲ་བ་བསམས་ལ། དེ་ཡོངས་སུ་གྱུར་པ་ལས་བཅོམ་ལྡན་འདས་མི་བསྐྱོད་པ་ཞལ་གསུམ་ལ་སོགས་པའི་རྣམ་པ་དེ་ལྟ་བུ་འོད་ཟེར་གྱིས་སྦྱོར་བས་སངས་རྒྱས་ཀྱི་ཞིང་ལ་གནས་པ་ཆོས་སྟོན་པ་ལ་བརྩོན་པ། དེ་བཞིན་གཤེགས་པ་རྣམས་ཀྱིས་ བསྐོར་བ་བསྒོམ་པར་བྱའོ། །འདིར་དཀོན་མཆོག་གསུམ་ཞེས་བྱ་བ་ནི་ཉེ་བར་མཚོན་པ་སྟེ་བླ་མ་ལ་སྨོད་པར་བྱེད་པ་ལ་སོགས་པ་རྣམས་ཀྱང་ངོ་། །བླ་མ་ནི་དབང་གི་བླ་མའོ། །རྡོ་རྗེ་སློབ་དཔོན་ནི་གང་ཞིག་ཆོས་སྟོན་པའོ། །མ་གསོད་པ་ལ་སོགས་པ་མཚམས་མེད་པ་ལྔ་པོ་བྱེད་པའོ། ། ཆེ་གེ་མོ་སོད་ཅིག་ཅེས་བྱ་བ་ལ་སོགས་པ་ནི་སྙིང་རྗེ་སྔོན་དུ་འགྲོ་བའི་བསྐུལ་བའི་ཚིག་གོ། །འདོད་པ་ལ་སོགས་པས་སྐྱེ་བ་བཞི་དང་ལྡན་པའི་སེམས་ཅན་གྱི་ཁམས་དེ་བཞིན་གཤེགས་པ་དང་འདྲ་བར་བསམས་ཏེ་འདུག་པ་དེ་གསོད་པར་བསྒོམ་པར་བྱའོ་ཞེས་བྱ་བ་འདིས་དེ་ཤིན་ཏུ་ནོངས་ པར་བྱས་པ་ཉིད་བསྟན་ཏོ། །དེ་ནས་ཞེས་བྱ་བ་ལ་སོགས་པས་གནོད་པ་བྱས་པའི་སྡིག་པ་ཆེན་པོ་དང་ལྡན་པ་དེ་རྟོགས་ཤིང་དེ་ནས་དྲག་པོའི་ལས་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །སྡིག་པ་ཉེ་བར་བསྒྲགས་པ་ཞེས་པ་ནི་ཁ་ན་མ་ཐོ་བ་བསགས་པའོ། །ཁ་སྦྱོར་དབྱེ་བ་ནི་ཁ་དང་བཤང་སྒོ་ནི་ཁ་སྦྱོར་ རོ། །ཡང་ཚངས་པའི་སྒོ་དང་། ལྟེ་བ་ནི་ཁ་སྦྱོར་རོ། །དེ་དག་དབྱེ་བ་ནི་གསང་བའོ། །ཡང་ན་སྙིང་ག་ཉིད་ཁ་སྦྱོར་ཏེ་སྟེང་དང་འོག་གི་པདྨ་དང་འབྲེལ་པའི་ཕྱིར་རོ། །དེའི་ཕྱེ་བ་ནི་དབྱེ་བ་ཞེས་བྱའོ། །ཆད་པས་གཅད་པར་བྱ་བ་ནི་ཚར་གཅོད་པར་བྱེད་པའོ། །དེ་ཉིད་ནམ་མཁའི་ཁམས་ཞེས་བྱ་བ་ ལ་སོགས་པས་བསྟན་ཏོ། །རྡོ་རྗེ་སེམས་དཔའ་ནི་མི་བསྐྱོད་པ་སྟེ། ཁྲོ་བོ་ཞེ་སྡང་གནས་ལས་སྐྱེས། །ཞེས་བཤད་པའི་ཕྱིར་རོ། །དྲག་ཤུལ་གྱི་ལས་ཀྱང་མི་བསྐྱོད་པའི་ཏིང་ངེ་འཛིན་གྱི་བྱ་བ་ཡིན་གྱི་གཞན་དུ་ནི་མ་ཡིན་ནོ། །གཡས་དང་གཡོན་གྱི་ཕྱོགས་སུ་སངས་རྒྱས་ཀྱི་ཚོགས་དང་ལྷ་ མོའི་ཚོགས་བསྒོམ་པར་བྱ་བ་འདིས་ཐབས་དང་ཤེས་རབ་ཀྱི་ངོ་བོ་ཉིད་བསྟན་པའི་ཕྱིར། གཡས་ཕྱོགས་སུ་ཞེས་བྱ་བ་ལ་སོགས་པ་བསྟན་ཏོ། །ཇི་སྐད་དུ། །སྐྱེ་གནས་དབུས་སུ་རྩ་གཉིས་ཏེ། །གཡོན་པ་དང་ནི་གཡས་པ་གཉིས། །གཡོན་པ་ཁུ་བ་ཞེས་བྱ་བ། །གཡས་པ་ལ་ནི་ ཁྲག་ཉིད་དེ། །དེ་དག་སྡུད་པར་བྱེད་པ་གཅིག །དེ་ནི་ཆོས་ཀྱི་དབྱིངས་བསྡུ་བའོ། །དེ་ཉིད་ཀྱི་ཕྱིར་མན་ངག་གོ། །བླ་མའི་བཀའ་ལུང་ངོ་། །ཕྱོགས་བཅུ་ན་བཞུགས་པ་ཞེས་པ་ནི་ཁམས་གསུམ་ན་བཞུགས་པའོ། །རྣམ་པར་སྣང་མཛད་ལ་སོགས་པའི་རིགས་ཀྱི་བྱེ་བྲག་གིས་སོ་ཞེས་ པ་ནི་སྐུ་རྡོ་རྗེ་ལ་སོགས་པའི་བྱེ་བྲག་གིས་སོ། །རང་གི་ཕྱག་རྒྱ་ཆེན་པོའི་གཟུགས། །ཞེས་པ་ནི་རང་གི་རིགས་ཀྱི་སྐུ་དང་ལྡན་པ་བྱས་ནས་སོ། །གཟུགས་ཀྱི་ཕུང་པོ་ལ་སོགས་པའི་ཚུལ་གྱིས་ཞེས་པ་ནི་རྡོ་རྗེ་ཕྲེང་བ་ལས་གསུངས་པའི་དོན་དམ་པའི་དཀྱིལ་འཁོར་གྱི་རིམ་པས་སོ། །གཟུང་བར་བྱ་ བ་ནི་ཁ་སྦྱར་བར་བྱ་བའོ། །ཡང་ཞེས་བྱ་བ་ལ་སོགས་པས་དེ་རྣམས་སྤྲོ་བར་བྱའོ་ཞེས་བསྟན་ཏོ། །ཁྲོས་པས་ཞེས་བྱ་བ་ལ་སོགས་པས་སྤྲོ་བའི་ཁྱད་པར་བསྟན་ཏོ། །ཡིད་དང་ལུས་ཀྱིས་ཞེས་བྱ་བ་ལ་སོགས་པས་དེ་རྣམས་འཇིགས་སུ་རུང་བ་ཉིད་དུ་བསྟན་ཏོ། །སྦྲུལ་སྐེ་རགས་སུ་བཅིངས་པ་ལ་ སོགས་པས་བརྒྱན་པས་ཞེས་པ་ནི་རིགས་ཀྱི་ཀླུ་བརྒྱད་ཀྱིས་རྒྱན་བྱས་པའོ། །དགྲ་སྟ་དང་ཞེས་བྱ་བ་ལ་སོགས་པས་མཚོན་ཆའི་ཁྱད་པར་དང་ལྡན་པ་ཉིད་དུ་བསྟན་ཏོ། །རྡོ་རྗེ་འཆང་ཆེན་པོ་ཞེས་པ་ནི། རྡོ་རྗེ་འཆང་ཆེན་པོ་ཡོངས་སུ་གྱུར་པའི་མི་བསྐྱོད་པའོ། །ཆེ་གེ་མོ་སོད་ཅིག་ཅེས་བྱ་བ་ནི་ བཀའི་བྱེ་བྲག་གོ། །འཇོམས་པའོ་ཞེས་པ་ནི་གསོད་པར་བྱེད་པའོ། །གལ་ཏེ་ཞེས་བྱ་བ་ལ་སོགས་པས་ཕལ་ཆེར་གྱི་ཚིག་གི་སྒོ་ནས་ཡིད་ཆེས་པ་བསྟན་ཏོ། །སྒྱུ་མ་ལྟ་བུའི་ནུས་པ་སྟོན་པ་ཡིན་ནོ་ཞེས་པ་ནི། རྡོ་རྗེ་སེམས་དཔའི་རྣམ་པས་རྡོ་རྗེ་སེམས་དཔའ་ཡང་གསོད་པར་འགྱུར་རོ་ཞེས་སྒྱུ་ མའོ། །སངས་རྒྱས་ཞེས་བྱ་བ་ལ་སོགས་པས་ལས་འདི་ཉིད་ཀྱིས་ཐེ་ཚོམ་མེད་པར་འགྱུར་རོ་ཞེས་བསྟན་ཏོ། །དྲག་པོའི་ཚིག་གི་ཞེས་བྱ་བ་ལ་སོགས་པས་ཞག་བདུན་གྱིས་ཉུང་བའམ་ལྷག་པ་ཉིད་བཀག་པ་སྟེ། བློ་བརྟན་པས་དུས་དེ་ཙམ་གྱིས་འགྲུབ་པའི་ཕྱིར་རོ། །དེ་ལྟར་སྦྱོར་བ་འདི་ཡིན་ཏེ། ། ཞེས་བྱ་བ་ལ་སོགས་པས་སྔར་བཤད་པའི་ཏིང་ངེ་འཛིན་ཉིད་དུ་བསྟན་ཏོ། །རྡོ་རྗེ་དམ་ཚིག་ནི་ཞེས་པ་ལ་སོགས་པས་ཏིང་ངེ་འཛིན་བསྡུས་པའོ། །དེ་ལྟར་ཞེས་བྱ་བ་ལ་སོགས་པས་རྣམ་པར་སྣང་མཛད་ལ་སོགས་པའི་རྣལ་འབྱོར་པ་རྣམས་ཀྱིས་དང་པོ་བསྐྱེད་པའི་རིམ་པས་ བདག་ཉིད་རྣམ་པར་སྣང་མཛད་ལ་སོགས་པའི་སྐུ་དེ་བསྒོམས་ལ་དེ་རྣམས་ཡོངས་སུ་གྱུར་པ་ལས་རྡོ་རྗེ་སེམས་དཔའ་བསྒོམ་ཞིང་། བསྐལ་པའི་མཐའི་མེ་ལྟར་སྤྲོ་བ་རང་གི་ལག་པ་གནས་པའི་དྲག་པོའི་རྡོ་རྗེ་དམིགས་ལ་རང་གི་ལུས་ལས་དཀྱིལ་འཁོར་པ་སྤྲོ་ཞིང་ཁྲོ་བོའི་རྣམ་པར་བྱས་ལ་ཉོན་ ཅིག་ཅེས་བྱ་བ་ལ་སོགས་པས་དེ་རྣམས་ལ་བཀའ་སྦྱིན་ཏེ། བཀའ་ཉན་པ་དེ་རྣམས་ཀྱིས་གདུག་པ་གསད་ཅིང་སྲོག་དང་བྲལ་བར་བསམ་པར་བྱའོ་ཞེས་བསྟན་ཏོ། །དེ་བཞིན་དུ་རིན་ཆེན་འབྱུང་ལྡན་ལ་སོགས་པའི་ཞེས་པ་ནི་རིན་ཆེན་འབྱུང་ལྡན་དང་འོད་དཔག་ཏུ་མེད་པ་དང་དོན་ཡོད་གྲུབ་པའོ། །ཡོངས་ སུ་གྱུར་པར་ཞེས་པ་ནི་རྡོ་རྗེ་སེམས་དཔའི་གཟུགས་སུ་འགྱུར་བར་སྦྱར་བའོ། །དེའི་འཁོར་རྣམས་ཀྱིས་ཞེས་པ་ནས་ཏིང་ངེ་འཛིན་དེ་ལ་ཡང་དེ་སྐད་ཅེས་བྱའོ་ཞེས་པའི་བར་དུ་ནི་བསྐྱེད་པའི་རིམ་པས་གཤིན་རྗེ་མཐར་བྱེད་དུ་བདག་ཉིད་བསམས་ལ། རྣམ་པར་སྣང་མཛད་ལ་སོགས་པའི་དཀྱིལ་ འཁོར་པ་རྣམས་རང་གི་ལུས་ལ་འཇུག་སྟེ། ཡང་གཤིན་རྗེ་མཐར་བྱེད་ཀྱི་རྣམ་པ་དང་ལྡན་པ་སྤྲོ་ཞིང་བཀའ་ཉན་པ་དེ་རྣམས་ཀྱིས་དཀོན་མཆོག་གསུམ་ལ་སོགས་པ་ལ་གནོད་པ་རྣམས་གསོད་པར་བྱེད་པ་བསམ་པར་བྱའོ་ཞེས་བསྟན་ཏོ། །དེ་ཡང་ཉེ་བར་མཚོན་པ་ཙམ་ཡིན་ཏེ་འཕགས་པ་རྣམས་ གཞན་གྱིས་མི་ཐུབ་པ་དང་རྟ་མགྲིན་དང་བདུད་རྩི་འཁྱིལ་པ་ལ་སོགས་པས་ཀྱང་ངོ་། །ལྷའི་ཐམས་ཅད་ཀྱི་ཐུན་མོང་གི་ཞེས་པ་ནི་མོས་པའི་དབྱེ་བས་སོ། །རྣམ་པར་སྣང་མཛད་ལ་སོགས་པ་རྣམས་ཀྱིས་ཞེས་པ་ནི་དེ་བཞིན་གཤེགས་པ་རྣམས་ཀྱིས་སོ། །དེའི་ལྷ་མོ་རྣམས་ཀྱིས་ཞེས་པ་ནི་ སྤྱན་མ་ལ་སོགས་པ་དང་དེའི་རིགས་དང་ལྡན་པ་གཟུགས་རྡོ་རྗེ་མ་ལ་སོགས་པ་རྣམས་ཀྱིས་ཀྱང་ངོ་། །བྱམས་པ་ལ་སོགས་པའོ་ཞེས་པ་ནི་བྱམས་པ་ལ་སོགས་པ་བྱང་ཆུབ་སེམས་དཔའ་བརྒྱད་ཀྱིས་སོ། །གཙུག་ཏོར་ཞེས་བྱ་བ་ལ་སོགས་པས་ཁྲོ་བོའི་རྒྱལ་པོ་བཅུ་པོས་ཀྱང་བཀའི་འཁོར་ལོ་ སྦྱར་བར་བྱའོ་ཞེས་བསྟན་ཏོ། །དེ་ལྟར་སུམ་ཅུ་རྩ་གཉིས་ཀྱི་བདག་ཉིད་ལྷ་སུམ་ཅུ་རྩ་གཉིས་ཀྱི་བཀའི་འཁོར་ལོའི་དགོས་པ་བཤད་ནས། དགོས་པ་གཞན་དག་ཅེས་པ་ནི་ཕྱོགས་བཅུ་ལ་གནས་པའི་བགེགས་བསྐྲད་པ་དང་ཕུར་བུས་གདབ་པ་དང་བརྡུང་བ་བསྟན་པའི་ཕྱིར་བཤད་པར་བྱ་སྟེ། དབང་པོ་ ལ་སོགས་པ་ཕྱོགས་སྐྱོང་རྣམས་ཞེས་པ་ནི་ཤར་ལ་སོགས་པར་གནས་པའི་ལྷའི་དབང་པོ་ཞེས་བྱ་བ་ལ་སོགས་པ་ཞེས་བྱ་བའོ། །བགེགས་བྱེད་པ་ནི་ཏིང་ངེ་འཛིན་གྱི་བར་ཆོད་བྱེད་པའོ། །སྒྲུབ་པ་པོས་བྱའོ་ཞེས་པ་ནི་གནས་གཟུང་བ་ལས་འོག་ཏུ་བྱའོ། །སེམས་རྣམ་པར་གཡེང་བར་བྱེད་པ་ ཞེས་པ་ནི་བརྒྱ་བྱིན་ལ་སོགས་པ་ལས་སྲུང་བའི་དོན་དུ་ནི་བཟློག་པའི་དོན་དུའོ། །སྒྲ་ཇི་བཞིན་པའོ་ཞེས་པ་ནི། དང་པོ་སྦྱོར་བའི་ཡན་ལག་ཏུ་གྱུར་པའི་རྣལ་འབྱོར་གྱི་ཕྱོགས་གཅིག་བགེགས་བསྐྲད་པ་འཆད་པར་འདོད་པའི་ཕྱིར་རོ། །ད་ནི་ཞེས་པ་ནས་དགོངས་པས་བཤད་པའི་བར་ དུ་ནི་རྫོགས་པའི་རིམ་པའི་རྣལ་འབྱོར་པས་སེམས་རྣམ་པར་དག་པའི་རིམ་པས་བསྒྲུབ་བྱ་མི་སྣང་བར་བྱས་ལ་ནམ་མཁའི་ཁམས་དང་འདྲ་བར་བསྒོམ་ཞིང་དེའི་ནམ་མཁའ་ཁ་དོག་ལྔའི་འོད་ཟེར་གྱི་ཚོགས་ཀྱིས་མནན་པར་བྱས་ལ་དེའི་སྟེང་དུ་ཅིག་ཅར་དུ་སྒྱུ་མ་ལྟ་བུའི་སྐུར་བདག་ཉིད་ དམིགས་ལ། རྟེན་དུ་གྱུར་པའི་བསྒྲུབ་བྱའི་འོད་ཟེར་གྱི་འཁོར་ལོ་ཡང་རང་གི་བདག་ཉིད་ལ་འཇུག་སྟེ། སྐུ་གསུང་ཐུགས་ནི་སྒྱུ་མའི་ངོ་བོར་བསམས་ལ་གདུག་པ་གསད་པར་བྱའོ་ཞེས་བསྟན་ཏོ། །དགོངས་པས་བཤད་པའོ་ཞེས་པ་ནི་འགལ་བའི་སྒྲའི་སྒོ་ནས་རྫོགས་པའི་རིམ་པ་བསྟན་ པས་སོ། །རེངས་པར་བྱ་བའི་ཞེས་པ་ནས་བརྩམས་ཏེ་སྒྲ་ཇི་བཞིན་པའོ་ཞེས་པའི་བར་དུ་ཆུ་རེངས་པ་བསྟན་ཏོ། །དེ་ལ་ནམ་མཁའ་ནི་གཞིའོ། །དེ་ནས་རླུང་གིས་བུས་ལ་མེས་ཆུ་རྣམས་བསྐམ་པར་འགྱུར་རོ། །དེའི་སྟེང་དུ་ས་བསྒོམ་ཞིང་ཆུའི་སྟེང་དུ་འགྲོ་བ་དང་འོང་བ་བྱས་པས་ནུབ་པར་མི་འགྱུར་ ཏེ། ཆུ་ནི་ཁམས་བཞི་པོས་ནུས་པ་བཅོམ་པའི་ཕྱིར་རོ། །རྫོགས་པའི་རིམ་པའི་ཏིང་ངེ་འཛིན་ནས་ཞེས་པ་ནས་དགོངས་པས་བཤད་པའོ་ཞེས་པའི་བར་དུ་ནི་ཟུང་དུ་འཇུག་པའི་རིམ་པས་རྡོ་རྗེའི་སྐུ་སྤྲོས་ལ། རྣམ་པར་མི་རྟོག་པར་གྱུར་ཅིང་ཆུའི་སྟེང་དུ་འགྲོ་བར་བྱའོ་ཞེས་བསྟན་ཏོ། །རྫོགས་པའི་རིམ་པ་ལ་ གནས་པས་དངོས་གྲུབ་ཐམས་ཅད་མངོན་དུ་འགྱུར་བའི་ཕྱིར་རོ། །དགོངས་པས་བཤད་པའོ་ཞེས་པ་ནི་འགལ་བའི་སྒྲའི་སྒོ་ནས་དེ་ཁོ་ན་ཉིད་སོ་སོར་བསྟན་པས་སོ། །དབང་ཆེན་ཞེས་བྱ་བ་ལ་སོགས་པ་ནས་དེ་སྐད་ཅེས་བྱའོ་ཞེས་པའི་བར་དུ་ནི་ཕ་རོལ་རྒོལ་བའི་ཁའི་ནང་དུ་ཡི་གེ་ལཾ་ ལས་བྱུང་བ་ཁ་དོག་སེར་པོ་དང་དབང་ཆེན་གྱི་དཀྱིལ་འཁོར་ལྕེ་མནན་པ་ཕྱོགས་གཉིས་སུ་རྡོ་རྗེ་གཉིས་ཀྱིས་མཚན་པ་དེས་འགྲམ་པ་གཉིས་ཕྱེ་བ་དེའི་སྟེང་དུ་ཡི་གེ་ཧཱུྃ་ལས་བྱུང་བའི་རྡོ་རྗེས་རྐན་དང་ཀོསྐོ་འབུགས་པས་སྤྱི་བོར་ཧཱུྃ་ལས་སྐྱེས་པའི་སྣ་ཚོགས་རྡོ་རྗེའི་ཆང་གཟུངས་ཀྱི་སྟེང་དུ་སྡིགས་མཛུབ་དང་ རྡོ་རྗེ་གསོར་བར་བྱེད་པ་གཡོན་བརྐྱང་བའི་གར་སྟབས་ཀྱིས་བཞུགས་པ་བདུད་རྩི་འཁྱིལ་པ་བསམས་ལ་མུ་སྟེགས་པ་རྣམས་ཀྱི་ངག་རེངས་པར་བྱའོ་ཞེས་བསྟན་ཏོ། །ཕ་རོལ་གྱི་འཁྲུལ་འཁོར་འཇོམས་པའི་ཕྱིར་བདུད་རྩི་འཁྱིལ་པ་བསྒོམ་པ་ཡིན་ནོ། །སྒྲུབ་པ་པོ་ཞེས་བྱ་བ་ནས་དྲུག་པས་ དེ་སྐད་ཅེས་བཀའ་སྩལ་ཏོ་ཞེས་པའི་བར་དུ་ནི་བསྐྱེད་པའི་རིམ་པས་རྡོ་རྗེ་འཆང་ཆེན་པོ་ལ་སོགས་པ་གང་ཡང་རུང་བའི་རྣལ་འབྱོར་དང་ལྡན་པའི་དཀྱིལ་འཁོར་པ་རྣམས་ཀྱང་ཁ་དོག་སེར་པོ་རི་རབ་ཀྱི་ཚད་ཙམ་དགྲའི་དཔུང་གི་སྟེང་དུ་བཞག་པས་ས་འོག་བདུན་གྱི་བར་དུ་སོན་པར་བསམས་ལ་ སངས་རྒྱས་ཀྱི་དཔུང་ཡང་རེངས་པར་བྱའོ་ཞེས་ངེས་པར་འགྲུབ་པའི་ཚིག་བསྟན་ཏོ། །དགྲ་བོ་སྐྲག་པ་ཞེས་བྱ་བ་ནས་ཏིང་ངེ་འཛིན་གང་དུ་དེ་སྟོན་པ་དེ་ལ་དེ་སྐད་ཅེས་བྱའོ་ཞེས་པའི་བར་དུ་ནི་རྡོ་རྗེ་སེམས་དཔའ་ལ་སོགས་པ་གང་ཡང་རུང་བའི་རྣལ་འབྱོར་དང་ལྡན་པས་རང་གི་སྙིང་ག་ནས་འོད་ ཟེར་གྱི་སྦྱོར་བས་ཡི་གེ་ཧཱུྃ་སྤྲོས་ལ། རྡོ་རྗེའི་རྣམ་པ་དེ་ཡོངས་སུ་གྱུར་པ་ལས་བདུད་རྩི་འཁྱིལ་པ་སྟོད་ཞལ་གསུམ་ཕྱག་དྲུག་པ་ལྟ་བུ། སྨད་རྡོ་རྗེ་རྩེ་གཅིག་པའི་རྣམ་པ་ཅན་བསམས་ལ་བསྒྲུབ་བྱའི་ངག་གི་ལམ་ནས་ཞུགས་ནས་སྙིང་གར་བཀོད་པ་དེའི་སྙིང་དེ་དུམ་བུར་གྱུར་པར་བསམས་ ལ་སྔགས་དང་རྒྱུད་དང་སྦྱོར་བ་ལ་མཁས་པ་རྣམས་ཀྱང་ཕུར་བུས་གདབ་པར་བྱའོ་ཞེས་བསྟན་ཏོ། །དེས་ནི་ཕུར་བུས་གདབ་པ་ཡང་དག་གསོད་པའི་དོན་དུ་ཡང་བྱའོ་ཞེས་བསྟན་ཏོ། །བདུད་ལ་སོགས་པའི་རྣམ་པར་འཚེ་བ་རྣམས་ཀྱི་ཞེས་པ་ནི་དུས་མ་ཡིན་པར་འཆི་བའི་འཇིགས་པའི་ཉེ་བར་ འཚེ་བ་དང་ལྡན་པ་རྣམས་ཀྱིའོ། །གྲོང་ཁྱེར་ཞེས་པ་ནས་ཏིང་ངེ་འཛིན་དེ་ལ་ཡང་དེ་སྐད་ཅེས་བྱའོ་ཞེས་པའི་བར་དུ་ནི་གྲོང་ངམ་གྲོང་ཁྱེར་རམ་གྲོང་རྡལ་ལམ་སྐྱེ་བོའི་གནས་སམ་ཡུལ་འཁོར་རམ་རྒྱལ་ས་རྣམས་སུ་ཇི་སྲིད་ནམ་མཁའ་ལ་ཡོད་པ་དེ་སྲིད་ཀྱི་ཚད་ཙམ་གྱི་རྡོ་རྗེ་འཆང་ཆེན་པོ་རྣམ་པར་ བསྒོམས་ལ། དེ་ལས་བྱུང་བའི་འོད་ཟེར་འབར་བའི་ཚོགས་ཀྱིས་ནད་པ་རྣམས་ཀྱི་ནད་བསྲེག་པར་བྱས་ལ་དེ་རྣམས་ཀྱང་དེའི་ནང་དུ་འཇུག་ལ་སླར་ཡང་སྤྲོས་ཏེ། རང་རང་གི་གནས་ལ་གནས་པར་བྱས་ལ་རྡོ་རྗེའི་སྟེང་ནས་འབྱུང་བའི་རྣམ་པར་སྣང་མཛད་དང་སྤྱན་མའི་ཚོགས་སྙོམས་པར་ཞུགས་པ་ དང་ལྡན་པར་བསམས་ལ་ནམ་མཁའི་ཁམས་ལ་ཞུགས་པ་དེས་ཤིན་ཏུ་དཀར་བ་འོ་མའི་རྒྱ་མཚོའི་དབའ་རླབས་དང་འདྲ་བ་བྱང་ཆུབ་ཀྱི་སེམས་ཀྱི་རྒྱུན་གྱིས་ལུས་པོ་ཐམས་ཅད་དབང་བསྐུར་ཞིང་ཡོངས་སུ་ཚིམ་པར་གྱུར་པ། ཡིད་བཞིན་གྱི་ནོར་བུ་དང་འདྲ་བར་ཕ་རོལ་རྣམས་ལ་ཡང་བསམ་པ་ ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པར་བསམས་ལ། དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་ལ་སོགས་པ་དེ་རྣམས་ཀྱི་གྲོང་ལ་སོགས་པའི་གནས་དེ་ཡང་བྱིན་གྱིས་བརླབ་པ་རྣམ་པར་བསྒོམས་པས་ཞི་བ་ཆེན་པོ་བྱས་པར་འགྱུར་རོ་ཞེས་བསྟན་ཏོ། །དེ་ཡང་སྙིང་རྗེ་ཆེན་པོ་མངོན་དུ་གྱུར་ པ་སྔོན་དུ་འགྲོ་བར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །ལས་དང་པོ་པའི་ཞེས་བྱ་བ་ནས་དེ་ཡང་དེ་སྐད་ཅེས་བྱའོ་ཞེས་བྱ་བའི་བར་དུ་ནི་རེ་ཞིག་དང་པོར་རྣལ་འབྱོར་པས་ཞེ་སྡང་རྡོ་རྗེའི་ཏིང་ངེ་འཛིན་སྔོན་དུ་བྱས་ལ། རེག་བྱ་རྡོ་རྗེ་མའི་ཆོས་འབྱུང་གི་ནང་ན་སྣ་ཚོགས་པདྨ་དང་ཉི་མའི་དཀྱིལ་འཁོར་གྱི་ སྟེང་དུ་ཁྲོ་བོ་ཐམས་ཅད་འཇུག་པ་སྔོན་དུ་འགྲོ་བར་རྡོ་རྗེའི་ལམ་ནས་ཡི་གེ་ཧཱུྃ་ཡོངས་སུ་གྱུར་པ་ལས་བསྐྱེད་པ་ཞལ་གསུམ་ཕྱག་དྲུག་པ། སྤྱན་གསུམ་པ། རིགས་ཀྱི་ཀླུ་བརྒྱད་ཀྱིས་རྒྱན་བྱས་པ། ཁ་དོག་སྔོན་པོ་དང་དཀར་པོ་དང་དམར་པོའི་ཞལ་མངའ་བ། གཡོན་བརྐྱང་བ་ལ་གནས་པ་རྩ་བའི་ ཕྱག་གཉིས་ཀྱིས་རྡོ་རྗེ་དང་དྲིལ་བུ་འབྲེལ་པའི་ཕྱག་གིས་སྙོམས་པར་ཞུགས་པ་ལྷག་མ་རྣམས་ཀྱིས་ལྕགས་ཀྱུ་དང་ཞགས་པ་དང་རལ་གྲི་དང་ཐོ་བ་ཐོགས་པ་ཞེ་སྡང་རྡོ་རྗེའི་ཅོད་པན་ཅན། སྨིན་མ་ཁམ་པ་ཧ་ཧ་དང་ཧི་ཧིའི་སྒྲ་སྒྲོགས་པ་གནོད་མཛེས་ཀྱི་རྒྱལ་པོ་བསྒོམས་ལ། རྡོ་རྗེ་དང་པདྨའི་བར་ ནས་ཕྱི་རོལ་དུ་བྱུང་ཞིང་ཉི་མའི་དཀྱིལ་འཁོར་ལ་གནས་པ། བཀའ་ཉན་པར་བསམས་ཏེ་དེའི་འོག་ཏུ་སྔ་མ་བཞིན་དུ་རེག་བྱ་རྡོ་རྗེ་མའི་ཆོས་འབྱུང་གི་ནང་ན་ཡི་གེ་ཧཱུྃ་བཅུ་ཡོངས་སུ་གྱུར་ནས། གཤིན་རྗེ་གཤེད་ལ་སོགས་པའི་ཁྲོ་བོ་བཅུ་འོག་ནས་འཆད་པའི་དབྱིབས་དང་ཁ་དོག་ དང་ཕྱག་མཚན་འཛིན་པ་སྤྲོས་ཏེ། རིམ་པ་ཇི་ལྟ་བ་བཞིན་དུ་ཤར་ལ་སོགས་པའི་ཕྱོགས་དང་མཚམས་རྣམས་སུ་དགོད་པར་བསམ་པར་བྱའོ། །ཁྲོ་བོ་དེ་རྣམས་ཀྱང་སྟོད་འཕགས་པ་བདུད་རྩི་འཁྱིལ་པའི་ཁྲོ་བོའི་དབྱིབས་དང་འདྲ་བ། སྨད་རྡོ་རྗེ་རྩེ་གཅིག་པའི་ཕུར་བུའི་རྣམ་པ་ལྟ་བུ་སྤྲོ་བར་བྱའོ། ། དེའི་འོག་ཏུ་དབུས་ཀྱི་གཙོ་བོའི་བདག་ཉིད་ཀྱི་ངོ་བོའི་སྔགས་འདིས་གནོད་མཛེས་ལ་བཀའ་བསྒོ་བར་བྱ་སྟེ། ཨོཾ་སུམྦྷ་ནི་སུམྦྷ་ཧཱུྃ་ཧཱུྃ་ཕཊ། ཨོཾ་གྲྀ་ཧྞ་གྲྀ་ཧྞ་ཧཱུྃ་ཧཱུྃ་ཕཊ། ཨོཾ་གྲྀཧྞཱ་པ་ཡ་གྲྀཧྞཱ་པ་ཡ་ཧཱུྃ་ཧཱུྃ་ཕཊ། ཨོཾ་ཨཱ་ན་ཡ་ཧོ་བྷ་ག་བཱན་བཛྲ་ཧཱུྃ་ཧཱུྃ་ཕཊ་ཅེས་བྱ་བ་འདིས་ཕྱོགས་བཅུ་ལ་གནས་པ་བརྒྱ་བྱིན་ལ་ སོགས་པ་འཇིག་རྟེན་སྐྱོང་བ་རྣམས་འགུགས་པའི་དོན་དུ་བཀའ་སྦྱིན་པར་བྱའོ། །དེ་ཐོས་པས་དེ་མ་ཐག་ཏུ་གནོད་མཛེས་ཀྱི་རྒྱལ་པོས་ལྕགས་ཀྱུ་དང་ཞགས་པ་ཕྱོགས་བཅུར་སྤྲོ་ཞིང་ལྷའི་དབང་པོ་ལ་སོགས་པ་འཇིག་རྟེན་སྐྱོང་བ་རྣམས་ཞགས་པས་མགུལ་བ་བཅིངས་ཤིང་། ལྕགས་ཀྱུས་སྤྱི་ བོར་བཏབ་ལ་ཤར་ལ་སོགས་པའི་ཕྱོགས་དང་མཚམས་རྣམས་སུ་འགོད་པར་བྱེད་པར་བསམ་པར་བྱའོ། །དེ་ནས་གནོད་མཛེས་ཀྱི་རྒྱལ་པོས་རྡོ་རྗེའི་ཕུར་བུ་དེ་རྣམས་ཀྱིས་མགོ་བོ་ནས་རྐང་པའི་མཐིལ་གྱི་བར་དུ་འཇུག་པར་བྱེད་པ་བསམ་པར་བྱའོ། །ཨོཾ་གྷ་གྷ་ཞེས་བྱ་བ་ལ་སོགས་པའི་ སྔགས་ཀྱིས་ཕུར་བུ་བཏབ་ཅིང་བརྡུངས་ལ། ས་འོག་ཆེན་པོ་བདུན་གྱི་བར་དུ་སོན་པར་བསྒོམས་ལ་ཁྲོ་བོའི་རྒྱལ་པོའི་ལུས་ལས་འབྱུང་བའི་འབར་བའི་ཚོགས་ཀྱིས་དེའི་འཁོར་མཐའ་ཡས་པ་ཐལ་བར་འགྱུར་བར་བསམ་པར་བྱའོ་ཞེས་བསྟན་ཏོ། །དེ་ནི་དང་པོ་སྦྱོར་བའི་ཡན་ལག་ཏུ་གྱུར་པ་ རྣལ་འབྱོར་གྱི་ཕྱོགས་གཅིག་གི་བགེགས་བསྐྲད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །ནམ་མཁའི་དབྱིངས་ཀྱི་དབུས་ཏེ་ཞེས་བྱ་བ་ནས་ཏིང་ངེ་འཛིན་ལ་ཡང་དེ་སྐད་ཅེས་བྱའོ་ཞེས་པའི་བར་དུ་ནི་སྟོང་པ་ཉིད་བསྒོམ་པ་སྔོན་དུ་འགྲོ་བར་ཡི་གེ་ཨོཾ་ཡོངས་སུ་གྱུར་པའི་འཁོར་ལོ་ལས་འབྱུང་བ་བདག་ ཉིད་རྣམ་པར་སྣང་མཛད་སེམས་དཔའ་གསུམ་གྱི་བདག་ཉིད་ཕྱག་རྒྱ་དང་སྙོམས་པར་ཞུགས་པ་དང་ལྡན་པར་བསམས་ཏེ། ནམ་མཁའི་དབྱིངས་ཀྱང་དེ་བཞིན་དུ་སྤྱན་མ་དང་སྙོམས་པར་ཞུགས་པའི་རྣམ་པར་སྣང་མཛད་ཀྱི་ཚོགས་ཀྱིས་ཏིལ་གྱི་གང་བུ་དང་འདྲ་བར་ཡོངས་སུ་རྫོགས་པར་ བསྒོམས་ལ། ཡེ་ཤེས་སེམས་དཔའི་སྙིང་གའི་འོད་ཟེར་གྱི་སྦྱོར་བས་བཀུག་ཅིང་སྙོམས་པར་ཞུགས་པའི་བདེ་བས་ཐིམ་པར་འགྱུར་བར་ཞུགས་ཤིང་ཡེ་ཤེས་སེམས་དཔའི་སྙིང་གར་བསྒྲུབ་བྱ་བཅུག་ལ། དེ་ལ་དེས་དབང་བསྐུར་བྱིན་ཏེ་ནད་ཐམས་ཅད་ཟད་པར་བྱས་ལ་སླར་ཡང་ནད་པ་རང་གི་སྙིང་ ག་ནས་སྤྲོ་ཞིང་མདུན་དུ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་རྣམ་པར་སྣང་མཛད་ཀྱི་གཟུགས་སུ་རྣམ་པར་བཀོད་ལ་དེ་བཞིན་གཤེགས་པ་ཐམས་ཅད་སྤྱན་མའི་ཆོས་འབྱུང་གི་ནང་ན་སྔར་བཅུག་པ་ཡང་རྡོ་རྗེའི་རྩེ་མོ་ནས་ཕྱུང་ཞིང་ཕྱི་རོལ་དུ་སྤྲོས་ལ། ནམ་མཁའི་ཁམས་ལ་གནས་པ་དེ་རྣམས་ཀྱིས་སྙོམས་པར་ཞུགས་པ་ལས་བྱུང་ བའི་བྱང་ཆུབ་ཀྱི་སེམས་ཀྱི་དབའ་རླབས་ཀྱིས་དབང་བསྐུར་བར་བྱ་བས་ཡན་ལག་རྫོགས་པ་ནོར་གྱི་ཕུན་སུམ་ཚོགས་པ་དང་ལྡན་པར་འགྱུར་བར་ནད་པ་བསམ་པར་བྱའོ་ཞེས་བསྟན་ཏོ། །དེ་ནི་ཐབས་དང་ཤེས་རབ་སྙོམས་པར་ཞུགས་པའི་རིམ་པས་ཞི་བའི་ལས་ཀྱི་སྦྱོར་བའོ། །ཟླ་བའི་དཀྱིལ་འཁོར་ཞེས་བྱ་ བ་ནས་ཏིང་ངེ་འཛིན་གོང་དུ་སྟོན་པ་དེ་ལ་དེ་སྐད་ཅེས་བྱའོ་ཞེས་བྱ་བའི་བར་དུ་ནི་འོད་དཔག་ཏུ་མེད་པ་དང་རིན་ཆེན་འབྱུང་ལྡན་དང་དོན་ཡོད་གྲུབ་པ་དང་མི་བསྐྱོད་པ་རྣམས་ཀྱིས་སྔ་མ་བཞིན་དུ་འོད་དཔག་ཏུ་མེད་པ་ལ་སོགས་པའི་གཟུགས་ཀྱིས་རང་གི་ཕྱག་རྒྱ་དང་སྙོམས་པར་ཞུགས་པའི་བདག་ཉིད་ བསྒོམས་ལ། རང་གི་ཕྱག་རྒྱའི་ཆོས་འབྱུང་གི་ནང་ན་མེ་དང་དབང་ཆེན་དང་རླུང་དང་མེའི་དཀྱིལ་འཁོར་བསྒོམས་ལ་དེ་རྣམས་སུ་འོད་དཔག་ཏུ་མེད་པ་ལ་སོགས་པའི་གཟུགས་བརྙན་དུ་བདག་ཉིད་བསམས་ལ། རང་གི་སྙིང་གར་བསྒྲུབ་བྱ་འཇུག་ཅིང་སྔ་མ་བཞིན་དུ་ནམ་མཁའི་ཁམས་ ནས་འོད་དཔག་དུ་མེད་པ་ལ་སོགས་པའི་ཚོགས་རང་གི་ཕྱག་རྒྱ་དང་སྙོམས་པར་ཞུགས་པ་དགུག་ཅིང་། སྙོམས་པར་ཞུགས་པའི་དབང་གིས་ཞུ་བ་སྙིང་གར་བཅུག་པ། དེས་བསྒྲུབ་བྱ་དབང་བསྐུར་ཞིང་མདུན་དུ་སྔར་བཤད་པའི་དཀྱིལ་འཁོར་རྣམས་ལ་དགོད་ཅིང་སྙོམས་པར་ཞུགས་པའི་ དབང་གིས་རྡོ་རྗེའི་རྩེ་མོ་ནས་སྤྲོས་པའི་ནམ་མཁའི་ཁམས་ལ་གནས་པ་དེ་རྣམས་ཀྱིས་སྙོམས་པར་ཞུགས་པ་ལས་བྱུང་བའི་བྱང་ཆུབ་ཀྱི་སེམས་ཀྱི་དབའ་རླབས་ཀྱིས་དབང་བསྐུར་བར་བྱ་བ་བསམ་པར་བྱའོ། །དེའི་ཚེ་དབང་དང་རྒྱས་པ་དང་མངོན་སྤྱོད་འགྲུབ་པར་འགྱུར་རོ་ ཞེས་བསྟན་ཏོ། །འདིར་མི་བསྐྱོད་པའི་ཏིང་ངེ་འཛིན་གྱི་མངོན་པར་སྤྱོད་པའི་ཁྱད་པར་བསྟན་པར་བྱ་བའི་ཕྱིར། རྡོ་རྗེ་ནམ་མཁའ་ཞེས་བྱ་བ་ལ་སོགས་པ་བསྟན་ཏེ། མི་བསྐྱོད་པའི་རྣལ་འབྱོར་པས་བསྐྱེད་པའི་རིམ་པའི་བདག་ཉིད་ཞེ་སྡང་རྡོ་རྗེར་བསམས་ལ། རང་གི་སྙིང་ག་ལས་སྲིན་པོ་ལ་ སོགས་པ་སྤྲོས་པས་ནམ་མཁའ་གང་བར་བྱས་ལ་བསྒྲུབ་བྱ་ཡང་མེའི་དཀྱིལ་འཁོར་ལ་གནས་པ་སྐྱབས་མེད་པ་བསྒོམས་ཏེ། སྲིན་པོ་ལ་སོགས་པ་དེ་རྣམས་ཀྱིས་ཟ་བར་གྱུར་པ་སྲོག་དང་བྲལ་བ་དེའི་རྣམ་པར་ཤེས་པ་ཡང་སྔ་མ་བཞིན་དུ་མི་བསྐྱོད་པའི་གཟུགས་ཅན་བསྒོམ་པར་བྱའོ། །དེའི་ཚེ་ མངོན་སྤྱོད་འགྲུབ་པར་འགྱུར་རོ་ཞེས་བསྟན་ཏོ། །གཞན་ཡང་ཞེས་བྱ་བ་ལ་སོགས་པ་ནས་གྲངས་མེད་པ་ཉིད་དུ་བཤད་པ་ཡིན་ནོ་ཞེས་བྱ་བའི་བར་དུ་ནི་སྔར་བཤད་པའི་རྣམ་པར་སྣང་མཛད་ལ་སོགས་པའི་སྐུ་མདོག་ལ་སོགས་པ་བསྟན་པར་བྱ་བའི་ཕྱིར་བཤད་པར་བྱ་སྟེ། སྤྲིན་དཀར་པོ་ལྟར་ཞེས་ པ་ནི་རྣམ་པར་སྣང་མཛད་ཞི་བའི་རང་བཞིན་ཡིན་པའི་ཕྱིར་དང་། མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་རང་བཞིན་ཡིན་པས་སོ། །ཞལ་བར་མ་ནི་དཀར་པོ་ཞེས་པ་ནི་སྐུའི་མདོག་ཀྱང་ཡིན་ཏེ། སྐུའི་རང་བཞིན་ཡིན་པས་སོ། །གཡས་པ་ནག་པོའོ་ཞེས་པ་ནི་ཐུགས་ཀྱི་རང་བཞིན་ཡིན་པས་སོ། །མེ་ ཏོག་ཀུ་མུ་ཏ་ཞེས་པ་ནི་པདྨའི་མེ་ཏོག་གོ། །དེ་དང་འདྲ་བ་གཡོན་པ་ནི་འོད་དཔག་ཏུ་མེད་པའི་རང་བཞིན་ཡིན་པས་སོ། །དེ་བཞིན་དུ་གཞན་རྣམས་ཀྱི་ཡང་ཞལ་གྱི་རྣམ་པར་དག་པ་ཤེས་པར་བྱའོ། །དེ་བཞིན་དུ་ཞེས་བྱ་བ་ལ་སོགས་པས་མི་བསྐྱོད་པའི་སྐུ་མདོག་ལ་སོགས་པ་བསྟན་ཏོ། །དེ་བཞིན་ འདོད་ཆགས་ཅན་ཞེས་བྱ་བ་ལ་སོགས་པས་འོད་དཔག་ཏུ་མེད་པའོ། །དེ་ལྟར་ཞེས་བྱ་བ་ལ་སོགས་པས་ཞི་བ་ལ་སོགས་པ་ལས་གང་ཡིན་པ་དེ་ལ་གསུམ་བསྒོམས་པས་སྒྲུབ་ཅིང་རྫོགས་པར་འགྱུར་རོ་ཞེས་བསྟན་ཏོ། །འཁོར་ལོ་དང་རྡོ་རྗེ་དང་པདྨ་ཞེས་བྱ་བ་ནི་ཕྱག་མཚན་གཙོ་བོར་བསྟན་ཏོ། །སྒྲུབ་པའི་ཐབས་ལས་ བཤད་པའི་རིམ་གྱིས་ཞེས་པ་ནི་སྔར་བཤད་པའི་སྒྲུབ་ཐབས་ཀྱི་རིམ་པས་སོ། །འདོད་པའི་དོན་ཞེས་པ་ནི་ཞི་བ་ལ་སོགས་པའོ། །དེ་རྫོགས་པ་ནི་སྒྲུབ་པར་བྱེད་པས་སོ། །དེ་བཞིན་དུ་རིན་ཆེན་ལ་སོགས་པ་རྣམས་ཀྱི་ཡང་ཞེས་པ་ནི་རིན་ཆེན་འབྱུང་ལྡན་དང་དོན་ཡོད་གྲུབ་པ་དང་བྱམས་པ་ལ་སོགས་པ་ རྣམས་ཀྱིའོ། །རྣམ་པར་སྣང་མཛད་ཀྱི་ཕྱག་རྒྱ་ཞེས་བྱ་བ་ལ་སོགས་པས་སྤྱན་མའི་ཁ་དོག་ལ་སོགས་པ་ཡང་རྣམ་པར་སྣང་མཛད་དང་འདྲ་བར་བསྟན་ཏོ། །མི་བསྐྱོད་པ་ལ་སོགས་པས་བདག་པོ་དང་འདྲ་བར་མཱ་མ་ཀཱི་བསྟན་ཏོ། །གསུང་རྡོ་རྗེ་ནི་འོད་དཔག་ཏུ་མེད་པ་ཞེས་བྱ་བ་ལ་སོགས་པས་ གོས་དཀར་མོ་དང་སྒྲོལ་མ་ནི་བདག་པོ་དང་འདྲ་བར་བསྟན་ཏོ། །དེ་རྣམས་ཀྱང་ནད་ལ་སོགས་པ་རབ་ཏུ་ཞི་བའི་ངོ་བོ་ཞི་བ་ལ་སོགས་པའི་ལས་མཛད་པའི་ལྷ་མོ་ཡིན་ནོ། །གོ་སླ་སྟེ་ཞེས་པ་ནི་ཁྲོ་བོའི་རྒྱལ་པོའི་དཀྱིལ་འཁོར་གྱི་ཇི་ལྟར་གསུངས་པའི་ཁ་དོག་དང་དབྱིབས་ལ་སོགས་པ་གོ་སླ་བས་ མ་བཤད་དོ། །དེ་རྣམས་ཀྱང་དད་པ་ལ་སོགས་པའི་དབང་པོ་བཞི་དང་རྣམ་པར་ཤེས་པ་ཚོགས་དྲུག་གི་ངོ་བོ་ཡིན་ནོ། །བཀའི་འཁོར་ལོ་ཞེས་པ་ནི་བགེགས་བསྐྲད་པའི་དོན་ཏུ་བསྐུལ་བར་བྱས་པས་སོ། །གཟི་བརྗིད་ཕུང་པོ་ཞེས་བྱ་བ་ལ་སོགས་པ་ནི་གཟི་བརྗིད་ཀྱི་ཕུང་པོ་དང་། རྒྱལ་ བའི་གཙུག་ཏོར་དང་རྣམ་པར་རྒྱལ་བའི་གཙུག་ཏོར་དང་བཞིན་བཟངས་དང་བཞིན་མི་བཟང་བ་དང་ཞེས་བྱ་བ་ལ་སོགས་པ་དཔལ་དེ་ཁོ་ན་ཉིད་ལས་བསྡུས་པ་དང་སྒྱུ་འཕྲུལ་དྲ་བ་ལ་སོགས་པ་ལས་གསུངས་པའི་ཁྲོ་བོ་རྣམས་དང་། དེ་བཞིན་དུ་བྱམས་པ་ལ་སོགས་པའི་བྱང་ཆུབ་སེམས་ དཔའ་བརྒྱད་དང་། སྤོས་ཀྱི་གླང་པོ་ལ་སོགས་པའི་བསྐལ་པ་བཟང་པོའི་བྱང་ཆུབ་སེམས་དཔའ་བཅུ་དྲུག་པོ་དེ་རྣམས་རྡོ་རྗེ་ལ་སོགས་པའི་ཕྱག་མཚན་རང་རང་གི་རིགས་དང་མཐུན་པས་སོ་སོར་བསྒོམ་པར་བྱའོ། །འདི་ཉིད་ཀྱི་གཏན་ཚིགས་བསྟན་པར་བྱ་བའི་ཕྱིར། ལྷ་རྣམས་ཀྱིས་ ཞེས་བྱ་བ་ལ་སོགས་པས་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཏིང་ངེ་འཛིན་ནི་དཔག་ཏུ་མེད་པ་ཡོད་དེ། རྣམ་པ་སྣ་ཚོགས་ཀྱི་རིགས་དང་བག་ཆགས་ཀྱི་དབྱེ་བས་སེམས་ཅན་གྱི་ཁམས་ཀྱང་ནམ་མཁའ་དང་འདྲ་བར་མཐའ་ཡས་པའོ། །དེ་རྗེས་སུ་གཟུང་བའི་དོན་དུ་ཡང་བཅོམ་ ལྡན་འདས་དེ་བཞིན་གཤེགས་པ་རྣམས་ཀྱིས་སྤྲུལ་པའི་སྐུ་ཡང་མཐའ་ཡས་པའོ། །དེ་རྣམས་ཀྱང་ཕོ་ཉ་ལ་སོགས་པའི་དབྱེ་བས་དཔག་ཏུ་མེད་པ་སྟེ། གལ་ཏེ་ནམ་མཁའི་ཁམས་ལ་འདི་ཙམ་ཞེས་ཚད་ཡོད་ན་དེའི་ཚེ་དེ་གང་བར་བྱས་ནས་ལོགས་སུ་དེ་དམིགས་པར་འགྱུར་ བ་སྲིད་དོ། །དེ་བས་ན་དེ་རྣམས་མ་གསུངས་པ་ཡང་རིགས་དང་རྗེས་སུ་མཐུན་པའི་ཕྱག་མཚན་ལ་སོགས་པའི་དབང་གིས་རྗེས་སུ་དཔག་པར་བྱའོ། །དེ་ནི་ཞེས་པ་ལ་སོགས་པའི་སེམས་རྣམ་པར་དག་པའི་རིམ་པས་འོད་གསལ་བ་ལ་འཇུག་ཅིང་། དེ་ལས་བྱུང་བའི་སྒྱུ་མ་ལྟ་བུའི་སྐུ་དང་ལྡན་པ་ རྣམ་པར་སྣང་མཛད་ལ་སོགས་པའི་བསྐྱེད་པ་བསྟན་ཏོ། །ནམ་མཁའི་དབྱིངས་ནི་འོད་གསལ་བའོ་ཞེས་པ་ནི་སེམས་རྣམ་པར་དག་པའི་རིམ་པས་ཐོབ་པར་བྱའོ། །སྣང་བ་གསུམ་མོ་ཞེས་པ་ནི་སྣང་བ་ཉེ་བར་ཐོབ་པ་ལ་སོགས་པ་གསུམ་མཚམས་དང་ཉི་མ་དང་ཟླ་བའི་སྣང་བ་དང་འདྲ་བའོ། ། དེ་ཉིད་ཀྱི་ཕྱིར་བསྐྱེད་པའི་རིམ་པའི་ཡན་ལག་དང་འདྲ་བར་ཟླ་བ་དང་རྡོ་རྗེ་ལ་སོགས་པ་ནི་མངོན་པར་བྱང་ཆུབ་པའི་རྣམ་པ་ལྔ་ལྟོས་པ་མེད་པ་ནི་མི་བརྟེན་པའི་ཕྱིར་རོ། །རྡོ་རྗེ་འཆང་ཆེན་པོའི་གཟུགས་ཞེས་པ་ནི་དང་པོ་བདག་ཉིད་བསྒོམས་ལ་ཡང་དེ་ཉིད་རྣམ་པར་སྣང་མཛད་ལ་སོགས་པའི་ གཟུགས་སུ་ཡོངས་སུ་འགྱུར་བ་སྤྲོ་བར་བྱའོ་ཞེས་བྱ་བ་འདིས་ཕྱག་རྒྱ་ཆེན་པོ་ཡོངས་སུ་འགྱུར་བ་བསྟན་ཏོ། །ཁུག་རྣ་ལ་སོགས་པའི་ཉེས་པ་དང་བྲལ་བ་ཞེས་བྱ་བ་ལ་སོགས་པས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་སྐུ་མདོག་དཀར་བ་དང་ཞི་བ་དང་འོད་ཟེར་ལྔས་མཛེས་པ་དང་མེ་ ལོང་ལྟ་བུའི་ཡེ་ཤེས་ཀྱི་ངོ་བོ་དང་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པ་ཉིད་བསྟན་ཏོ། །བསྒོམ་པའི་རིམ་པ་འདིས་མངོན་པར་བྱང་ཆུབ་བསྒོམས་ནས་རིམ་གྱིས་མི་གནས་པའི་མྱ་ངན་ལས་འདས་པ་ནི་ཟུང་དུ་འཇུག་པའི་ཏིང་ངེ་འཛིན་མཐོང་བ་ནི་ཐོབ་པར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་ གོ། །སངས་རྒྱས་ཀྱི་དབང་ཕྱུག་ཅེས་བྱ་བ་ལ་སོགས་པས་ཕན་ཡོན་བསྟན་ཏོ། །སྐུའི་དབང་ཕྱུག་ལ་སོགས་པ་བརྒྱད་པོ་ནི་སངས་རྒྱས་རྣམས་ཀྱི་དབང་ཕྱུག་གོ། །ཉན་ཐོས་ལ་སོགས་པ་འདུད་པར་བྱེད་པའོ་ཞེས་པ་ནི་འདུད་པའི་ངོ་བོར་བྱེད་པའོ། །གང་གི་ཕྱིར་ཡང་དག་པར་རྫོགས་ པའི་སངས་རྒྱས་ཀྱི་ཆོ་འཕྲུལ་དང་ཉན་ཐོས་ལ་སོགས་པའི་ཆོ་འཕྲུལ་ནི་མཚུངས་པ་མ་ཡིན་ཏེ། དེ་རྣམས་མ་དག་པའི་ཕྱིར་རོ། །ཡང་སྐྲའི་རྩེ་མོའི་བྱེ་བ་འབུམ་གྱི་གྲངས་ཀྱིས་ཀྱང་མཚུངས་པ་མ་ཡིན་ཏེ། འཁོར་ལོས་སྒྱུར་བ་དང་དེ་བཞིན་གཤེགས་པ་དག་གི་མཚན་དང་དཔེ་བྱད་བཞིན་ནོ། ། ལུས་འདི་ཉིད་ལ་ནི་མཐོང་བའི་ཆོས་ལའོ། །དེས་ནི་ཕ་རོལ་ཏུ་ཕྱིན་པའི་རྣལ་འབྱོར་པ་ལས་ལྡོག་པ་བསྟན་ཏེ། བསྐལ་པ་གྲངས་མེད་པ་གསུམ་གྱིས་བྱང་ཆུབ་ཐོབ་པའི་ཕྱིར་རོ། །རྣམ་པར་སྣང་མཛད་ཀྱིས་ཞེས་པ་ལ་སོགས་པས་ཏིང་ངེ་འཛིན་ཉེ་བར་བསྡུས་པའོ། །རྡོ་རྗེའི་དཀྱིལ་འཁོར་ཞེས་ བྱ་བ་ནས་ཏིང་ངེ་འཛིན་དེ་ལ་དེ་སྐད་ཅེས་བྱའོ་ཞེས་པའི་བར་དུ་ནི་མི་བསྐྱོད་པ་དང་འོད་དཔག་ཏུ་མེད་པ་དང་རིན་ཆེན་འབྱུང་ལྡན་དང་དོན་ཡོད་གྲུབ་པ་དང་། སྤྱན་མ་དང་མཱ་མ་ཀཱི་དང་གོས་དཀར་མོ་དང་དམ་ཚིག་སྒྲོལ་མ་དང་། གཤིན་རྗེ་མཐར་བྱེད་དང་ཤེས་རབ་མཐར་བྱེད་དང་པདྨ་མཐར་བྱེད་དང་ བགེགས་མཐར་བྱེད་དང་མི་གཡོ་བ་དང་དབྱུག་སྔོན་ཅན་དང་འདོད་པའི་རྒྱལ་པོ་དང་སྟོབས་པོ་ཆེ་དང་གཙུག་ཏོར་འཁོར་ལོས་སྒྱུར་བ་དང་། གནོད་མཛེས་ཀྱི་རྒྱལ་པོ་སེམས་རྣམ་པར་དག་པའི་རིམ་པས་འོད་གསལ་བ་ལ་འཇུག་ཅིང་སླར་ཡང་སྣང་བ་ཉེ་བར་ཐོབ་པ་ལ་སོགས་པའི་རིམ་པས་ འཇུག་ཅིང་མངོན་པར་བྱང་ཆུབ་པ་མངོན་དུ་བྱས་ལ་ཟུང་དུ་འཇུག་པའི་ཏིང་ངེ་འཛིན་ཐོབ་པར་འགྱུར་རོ་ཞེས་བསྟན་ཏོ། །འདིར་ནི་དྲུག་པ་རྡོ་རྗེ་འཆང་ངོ་། །དེ་ཡོངས་སུ་གྱུར་པ་ལས་དཀྱིལ་འཁོར་ཐམས་ཅད་བསྒོམ་པར་བྱའོ་ཞེས་མན་ངག་གོ། །སྣང་བ་གསུམ་ཞེས་བྱ་བ་ནི་སྣང་བ་ལ་སོགས་ པ་ཡེ་ཤེས་གསུམ་མོ། །སྟོང་པ་ཉིད་གསུམ་མོ་ཞེས་པ་ནི་སྟོང་པ་དང་ཤིན་ཏུ་སྟོང་པ་དང་སྟོང་པ་ཆེན་པོའོ། །སྒྱུ་མའི་མཚན་མའི་ཕྱིར་ཞེས་པ་ནི་བུད་མེད་ཀྱི་སྒྱུ་མས་ཐོབ་པར་འགྱུར་བའོ། །སྒྱུ་མ་དག་ནི་ཐམས་ཅད་ལས། །བུད་མེད་སྒྱུ་མ་ཁྱད་པར་འཕགས། །ཡེ་ཤེས་གསུམ་གྱི་དབྱེ་བ་ ནི། །འདི་ཉིད་ལས་ནི་མཚོན་པར་འགྱུར། །ཞེས་འབྱུང་བས་སོ། །དོན་དམ་པའི་བདེན་པ་ནི་འོད་གསལ་བའོ། །ཤེས་རབ་དང་ཐབས་ཉེ་བར་ཐོབ་པ་ཞེས་པ་ནི་སྣང་བ་ལ་སོགས་པའི་ཡེ་ཤེས་གསུམ་དང་འཇུག་པ་ལ་སོགས་པའི་རྣམ་པར་ཤེས་པ་གསུམ་སྤོང་བར་བྱེད་པའོ། །སྣང་བ་ ཆེན་པོ་ཞེས་པ་ལ་སོགས་པ་ནི་ཡེ་ཤེས་གསུམ་ཉེ་བར་སྡུད་པར་བྱེད་པའི་འོད་གསལ་བའོ། །བསྟན་པ་ལ་གནོད་པར་བྱེད་པ་ཞེས་པ་ལ་སོགས་པ་འདིས་གཤིན་རྗེ་མཐར་བྱེད་ཀྱིས་གདུལ་བར་དཀའ་བ་འདུལ་བ་ཉིད་བསྟན་ཏོ། །རྡོ་རྗེ་གསུམ་གྱི་གནས་ནི་འོད་གསལ་ བའོ་ཞེས་པ་ནི་ཡེ་ཤེས་གསུམ་ཉེ་བར་སྡུད་པར་བྱེད་པའི་ཕྱིར་རོ། །རྡོ་རྗེ་ནམ་མཁའ་ནི་ཀུན་དུ་སྣང་བ་གསུམ་གྱི་ཞེས་པ་ནི་སྣང་བ་ལ་སོགས་པ་གསུམ་མོ། །དེ་ཉེ་བར་སྡུད་པའི་བདག་ཉིད་འཛིན་པ་འམ་ཐིམ་པས་ན་དབྱིབས་ནི་འོད་གསལ་བ་ཉིད་དོ། །ནམ་མཁའ་ལ་སྤྱོད་པ་རྣམས་སོ་ ཞེས་པ་ནི་གྲུབ་པ་དང་རིག་པ་འཛིན་པ་ལ་སོགས་པའོ། །སྒྲ་ཇི་བཞིན་པའོ་ཞེས་པ་ནི་དཀྱིལ་འཁོར་གྱི་འཁོར་ལོ་བསྟན་པས་སོ། །འགོག་པ་ནི་གསོད་པ་ཞེས་བྱ་བ་ལ་སོགས་པས་བསྐྱེད་པའི་རིམ་པའི་རྣལ་འབྱོར་པས་ཡན་ལག་བཞི་པ་དང་པོར་སྦྱོར་བ་སྒོམ་ཞིང་། དབུས་ཀྱི་ གཙོ་བོའི་གཟུགས་ཀྱིས་བཀའ་སྦྱིན་ཏེ་ཁྲོ་བོའི་འཁོར་ལོའི་སྒོ་ནས་གདུག་པ་ཅན་ཚར་གཅོད་པའི་ཐབས་བསྟན་ཏོ། །རྫོགས་པའི་རིམ་པའི་རྣལ་འབྱོར་པས་སེམས་རྣམ་པར་དག་པའི་རིམ་པས་འོད་གསལ་བ་འཇུག་སྟེ། ཡང་བདག་ལ་བྱིན་གྱིས་བརླབ་པའི་རིམ་པས་ལངས་ལ་སྒྱུ་ མ་ལྟ་བུའི་ཏིང་ངེ་འཛིན་གྱིས་ཕྲིན་ལས་ཐམས་ཅད་འགྲུབ་པར་བྱེད་དོ་ཞེས་བསྟན་ཏོ། །གཤིན་རྗེ་གཤེད་ལ་སོགས་པའི་ཏིང་ངེ་འཛིན་གྱིས་ཞེས་པ་ནི་ཁྲོ་བོའི་རང་བཞིན་ཡིན་པས་སོ། །ལྷ་རྣམས་ཀྱི་འཁོར་ལོ་བསྟེན་ཅིང་དམིགས་པས་སོ་ཞེས་པ་ནི་བསྐྱེད་པའི་རིམ་པས་དཀྱིལ་ འཁོར་སྤྲོ་བར་བྱས་པས་སོ། །དེ་ཁོ་ན་ཉིད་ལ་དམིགས་པ་སྔོན་དུ་འགྲོ་བ་ཞེས་པ་ནི་བགེགས་བསྐྲད་པ་ནས་བརྩམས་ཏེ་ཆོས་ཀྱི་དབྱིངས་ཀྱི་སྔགས་སྔོན་དུ་འགྲོ་བས་སོ། །ས་བོན་དགོད་པ་སྔོན་དུ་འགྲོ་བས་ཞེས་པ་ནི་ཡི་གེ་གསུམ་དགོད་པ་སྔོན་དུ་འགྲོ་བའོ། །རྡོ་རྗེ་ལ་སོགས་པ་ དམིགས་པ་དང་ཞེས་པ་ནི་ཡིག་འབྲུ་ཡོངས་སུ་གྱུར་པ་ལས་མཚན་མ་ལ་སོགས་པ་དམིགས་པའོ། །དེ་ཡོངས་སུ་གྱུར་པ་ལས་ཞེས་པ་ནི་ཕྱག་མཚན་ཡོངས་སུ་གྱུར་པ་ལས་བྱུང་བའི་རྡོ་རྗེ་འཆང་ལ་སོགས་པའི་ལྷའི་སྐུའོ། །དེ་དག་ནི་སྐུ་རྣམས་སོ། །དཀའ་ཡེ་འཁོར་ལོ་ལ་དམིགས་པ། ། ཞེས་པ་ནི་ཁྲོ་བོའི་འཁོར་ལོ་སྤྲོ་བས་འགྲུབ་པར་འགྱུར་ཏེ། དེས་གདུག་པ་རྣམས་སེལ་བར་བྱེད་པའི་ཕྱིར་རོ། །དྲང་བའི་དོན་ཏོ་ཞེས་པ་ནི་བསྐྱེད་པའི་རིམ་པ་བསྟན་པས་སོ། །གཟུགས་ཀྱི་ཕུང་པོ་ལ་སོགས་པའོ་ཞེས་པ་ནི་ཐ་མལ་པའི་ཉེ་བར་ལེན་པའི་ཕུང་པོ་ལྔའི་མཚན་ཉིད་དོ། །དེ་ རྣམས་སྔགས་དང་ཕྱག་རྒྱའི་རིམ་པས་འགུགས་པ་ནི་དོན་དམ་པའི་བདེན་པ་ལ་འཇུག་པའོ། །རང་བཞིན་གྱི་ནི་བརྒྱ་དྲུག་ཅུའོ། །ལུས་ལྟར་སྣང་བའི་ཡེ་ཤེས་གསུམ་ནི་ལུས་སོ། །རྒྱབ་ཀྱིས་ཕྱོགས་པའོ་ཞེས་པ་ནི་དེ་ཟློག་པར་བྱེད་པ་རྫོགས་པའི་རིམ་པའི་ཏིང་ངེ་འཛིན་ལ་གནས་ པའོ་ཞེས་པ་ནི་འོད་གསལ་བ་ལ་འཇུག་པའོ་ཞེས་བྱའོ། །ཏིང་ངེ་འཛིན་གྱི་བདག་ཉིད་ཅེས་པ་ནི་བདེ་བ་ཆེན་པོའི་ཏིང་ངེ་འཛིན་གྱི་རང་བཞིན་ནོ། །རྡོ་རྗེ་ཡེ་ཤེས་ནི་དེ་བཞིན་གཤེགས་པའི་སྐུ་རྣམས་སོ། །དོན་དམ་པའི་དཀྱིལ་འཁོར་ནི་འོད་གསལ་བ་ལས་ལྡང་བར་གྱུར་པ་ལ་ཞེས་པ་ནི་ བདག་ལ་བྱིན་གྱིས་བརླབ་པའི་རིམ་པས་སྤྲུལ་པའི་སྐུ་བླངས་པས་འགྲུབ་པར་འགྱུར་བ་ནི་རྫོགས་པར་འགྱུར་རོ། །ངེས་པའི་དོན་ཏོ་ཞེས་པ་ནི་སེམས་རྣམ་པར་དག་པ་དང་བདག་ལ་བྱིན་གྱིས་བརླབ་པའི་རིམ་པ་བསྟན་པའི་ཕྱིར་རོ། །དེ་བཞིན་གཤེགས་པ་ཞེས་བྱ་བ་ལ་སོགས་པས་ རིམ་པ་གཉིས་ཀྱིས་ཕྱག་རྒྱ་ཆེན་པོའི་སྐུ་བསྐྱེད་པ་ལས་ཀྱི་ཚོགས་བསྒྲུབ་པའི་སྒོ་ནས་ལེའུའི་མིང་དོན་དང་ལྡན་པ་བསྟན་ཏོ། །ལེའུའི་དོན་ནི་སྔར་བཤད་ཟིན་ཏོ། །སྒྲོན་མ་གསལ་བར་བྱེད་པའི་འགྲེལ་པའི་ཊཱི་ཀཱ་ལས་ལེའུ་བཅུ་གསུམ་པའི་རྒྱ་ཆེར་བཤད་པའོ།། །།ད་ ནི་ཞེས་བྱ་བ་ལ་སོགས་པས་ལེའུ་བཅུ་བཞི་པའི་བཤད་པ་བརྩམ་པར་བྱ་སྟེ། སྔགས་སྨྲ་བ་རྣམ་པ་བཞི་ནི་ཞི་བ་ལ་སོགས་པའི་མཚན་ཉིད་དོ། །རྗེས་སུ་འབྲངས་ནས་ཞེས་པ་ནི་དེ་དང་རྗེས་སུ་མཐུན་པའི་སྔགས་འབྲངས་ནས་སོ། །གང་གི་ཕྱིར་སྦྲུལ་ལ་སོགས་པའི་སྔགས་རྣམས་ནི་ཞི་བ་ལ་ སོགས་པའི་ལས་བྱེད་པ་ཡིན་ནོ་ཞེས་རྡོ་རྗེ་གཙུག་ཏོར་ལ་སོགས་པ་ལས་བསྟན་པས་སོ། །དེ་བསྟན་པར་བྱ་བའི་ཕྱིར་ཞེས་པ་ནི་སྔགས་ཀྱི་སྒོ་ནས་ཞི་བ་ལ་སོགས་པ་འགྲུབ་པའི་ཕྱིར་རོ། །དགོངས་པ་ནི་འདི་ཡིན་ཏེ་ལེའུ་བཅུ་གསུམ་པ་ནས་ལས་ཀྱི་ཚོགས་བསྟན་མོད་ཀྱི་འོན་ཀྱང་དེ་ རྣམས་བསྒོམ་པ་སྔོན་དུ་འགྲོ་བ་ཡིན་ནོ། །ལེའུ་བཅུ་བཞི་པ་ལས་སྔགས་དང་བསྒོམ་པ་དང་རྫས་ཀྱིས་དེ་རྣམས་བསྒྲུབ་པར་བྱའོ་ཞེས་བསྟན་ཏོ། །གོ་རིམས་ཞེས་པ་ནི་རིམ་པའོ། །བཤད་པའི་རྒྱུད་ནི་རྡོ་རྗེ་ཕྲེང་བ་ལས་སོ། །ཞི་བ་དང་ནི་རྒྱས་པ་དག །ཟླ་བ་ཡར་གྱི་ངོ་ ལ་བྱ། །ཞེས་བྱ་བ་ལ་སོགས་པ་ནི་ཞི་བ་ནི་ནད་ཀྱི་ཟིལ་གྱིས་ནོན་པ་ལ་ནད་དང་བྲལ་བའོ། །རྒྱས་པ་ནི་ནོར་མེད་པ་འམ་ནོར་ཆུང་བའི་འབྲུ་དང་གསེར་ལ་སོགས་པ་བྱེད་པའོ། །དེ་དག་ཡར་གྱི་ངོ་ལ་ཞེས་པ་ནི་རིམ་གྱིས་ཟླ་བ་འཕེལ་བའི་བདག་ཉིད་ཀྱི་དུས་སུ་བྱའོ། །ཟླ་བ་ནི་གདུང་བ་ཞི་ བ་དང་འཕེལ་བར་འགྲོ་བས་སོ། །དབང་ནི་བསྟན་པ་ལ་མི་འཇུག་པ་འཇུག་པར་བྱེད་པའོ། །མངོན་སྤྱོད་ནི་སྙིང་རྗེས་གདུལ་དཀའ་གསོད་པའོ། །སོགས་པའི་སྒྲས་ནི་གཞན་དག་ཀྱང་རེངས་པ་དང་དགར་བ་དང་དགུག་པ་དང་སྡང་བ་ལ་སོགས་པ་དྲག་ཤུལ་གྱི་ལས་རྣམས་སོ། །མར་གྱི་དོ་ནི་ གོ་རིམས་ཀྱིས་ཟླ་བ་ནུབ་པའི་དུས་སུ་བྱ་བ་སྟེ་འཁྲུལ་པ་བསྐྱེད་པའི་ཕྱིར་དང་། རྨོངས་པར་བྱེད་པའི་ཕྱིར་དང་། འཇིགས་པར་བྱེད་པ་སྟེ་དུས་ཀྱི་ངེས་པའོ། །བྱང་དུ་ཁ་བལྟས་ལ་ཞི་བ་བྱ་སྟེ། རྣམ་ཐོས་སྲས་ཀྱིས་ནད་བཅོམ་པར་བྱེད་པས་སོ། །ཤར་དུ་ཁ་བལྟ་བ་ནི་རྒྱས་པར་བྱ་སྟེ་བརྒྱ་བྱིན་གྱིས་དུས་ཐམས་ ཅད་དུ་རྒྱས་པར་བྱེད་པའོ། །ལྷོ་ཕྱོགས་ནི་ལྷོ་ཕྱོགས་སུ་དྲག་པོའི་ལས་བྱས་ཏེ་གཤིན་རྗེས་ནི་འཇིག་རྟེན་པ་མཐར་བྱེད་པས་སོ། །དབང་དང་དགུག་པ་ནུབ་ཀྱི་ཕྱོགས་སུ་བྱ་སྟེ། ཆུ་ལྷས་ནི་སྦྲུལ་གྱི་ཞགས་པས་དགུག་ཅིང་དབང་བྱེད་པས་སོ། །མེའི་ཕྱོགས་ནི་ཤར་ལྷོའི་མཚམས་ སུའོ། །གསོད་པ་ནི་སྲོག་དང་བྲལ་བར་བྱ་སྟེ་མེས་བསྲེག་པ་ཉིད་ཀྱིས་གསོད་པར་བྱེད་པས་སོ། །བདེན་བྲལ་ནི་ལྷོ་ནུབ་ཀྱི་མཚམས་སུའོ། །སྡང་བར་བྱ་བ་ནི་བྱམས་པ་གཉི་ག་ལ་དབྱེ་བར་བྱ་སྟེ། བདེན་བྲལ་ནི་ཞེ་སྡང་གི་རང་བཞིན་ཡིན་པས་སོ། །གནས་ལས་བསྐྲད་པ་ནི་དགར་ བ་སྟེ་དེ་རླུང་གི་ཕྱོགས་སུ་ནི་ནུབ་བྱང་གི་མཚམས་སུ་བྱ་སྟེ། རླུང་ནི་གཡོ་བའི་ངོ་བོ་ཡིན་པས་སོ། །དེ་ནི་ཕྱོགས་དང་མཚམས་ཀྱི་དབྱེ་བའོ། །དེ་བཞིན་དུ་སྒོམ་པའི་གནས་སྐབས་སུ་ཞི་བའི་ལས་བྱེད་ན་ཁ་དོག་དཀར་པོའི་བདག་ཉིད་དུ་བསྒོམ་པར་བྱ་སྟེ། ཟླ་བའི་ཁ་དོག་ནི་ཚིམ་ པར་བྱེད་པ་དང་། ཚ་བ་ལ་སོགས་པ་ཞི་བར་བྱེད་པས་སོ། །རྒྱས་པའི་ལས་བྱེད་ན་ཁ་དོག་སེར་པོའི་བདག་ཉིད་བསྒོམ་པར་བྱ་སྟེ། གསེར་ནི་རྒྱས་པར་བྱེད་པས་སོ། །དབང་དང་འགུགས་པར་བྱེད་ན་ཁ་དོག་དམར་པོའི་བདག་ཉིད་བསྒོམ་པར་བྱ་སྟེ། པདྨ་ལ་སོགས་པས་སྙིང་ འཕྲོག་པར་བྱེད་པའི་ཕྱིར་རོ། །གསོད་པའི་ལས་ལ་ཁ་དོག་ནག་པོ་བསྒོམ་པར་བྱ་སྟེ། མུན་པས་འཇིག་རྟེན་པ་ཐམས་ཅད་སྒྲིབ་པར་བྱེད་པས་སོ། །དེ་ནི་ཁ་དོག་གི་དབྱེ་བའོ། །བྱམས་པའི་བདེ་བ་དང་ལྡན་པ་ནི་འདོད་པའོ། །དེ་གཙོ་བོར་གྱུར་པའི་སེམས་ཀྱིས་ཞི་བའི་ལས་བྱ་སྟེ་ གཞན་གྱི་སྡུག་བསྔལ་བཟློག་པའི་མཚན་ཉིད་ཡིན་པས་སོ། །དེ་བཞིན་དུ་དགའ་བའི་སེམས་ཀྱིས་རྒྱས་པའི་ལས་བྱ་སྟེ། དགའ་བས་ནི་གཞན་ལ་ཕུན་སུམ་ཚོགས་པའི་འདོད་པའི་བདག་ཉིད་ཡིན་པས་སོ། །དེ་བཞིན་དུ་ཆགས་པའི་སེམས་ཀྱིས་དབང་གི་ལས་བྱ་སྟེ། ཆགས་པ་དང་ བཅས་པས་གཞན་ལ་དབང་བྱེད་པ་ཡིན་གྱི་ཆགས་པ་དང་བྲལ་བས་མ་ཡིན་པས་སོ། །དེ་བཞིན་དུ་ཁྲོ་བོའི་སེམས་ནི་ཞེ་སྡང་དང་ལྡན་པའི་ཡིད་ཀྱིས་གསོད་པའི་ལས་བྱ་སྟེ། ཁྲོས་པས་གཞན་གྱི་གནོད་པ་ལ་ནུས་པ་དང་ལྡན་པས་སོ། །དེས་ནི་སེམས་ཀྱི་སྐབས་ཀྱི་ཁྱད་པར་གྱི་དབྱེ་བ་བསྟན་ ཏོ། །དེ་བཞིན་དུ་ནི་སྲོད་ནི་མཚམས་ཀྱི་དུས་སུ་ཞི་བའི་ལས་བྱ་སྟེ་ཉི་མ་ནུབ་ནས་ཟླ་བ་ཤར་བས་སོ། །གང་གི་ཕྱིར་ཟླ་བ་དང་ཉི་མ་ནི་ཞི་བ་དང་དྲག་པོ་སྟེ་དེ་དག་གི་རྗེས་སུ་མཐུན་པའི་ལས་བྱེད་པས་སོ། །སྔ་གྲོ་ནི་ནང་པར་དེ་ཐམས་ཅད་སད་པའི་དུས་སུ་རྒྱས་པའི་ལས་བྱ་སྟེ། ནང་པར་གྱི་ཉི་མ་ འཕེལ་བར་བྱེད་པས་སོ། །དབང་གི་ལས་དང་མངོན་སྤྱོད་ཀྱི་ལས་ནི་ཉི་མ་ཕྱེད་དང་མཚན་ཕྱེད་ཀྱི་དུས་སུ་བྱ་སྟེ། ཉི་མ་ཕྱེད་པའི་དུས་སུ་ནི་རྣོ་བ་ཡིན་པ་དང་། མཚན་ཕྱེད་ཀྱི་དུས་སུ་ཐམས་ཅད་གཉིད་ལོག་པས་དྲན་པ་མེད་པས་སོ། །དེ་ནི་དུས་ཀྱི་ཁྱད་པར་གྱི་དབྱེ་བའོ། །རྫོགས་པའི་རིམ་པ་ལ་གནས་པ། ། ཞེས་བྱ་བ་ནི་དེའི་ཚེ་དྲག་པོའི་ལས་བྱའོ་ཞེས་པའི་བར་དུ་ནི་རྡོ་རྗེ་འཆང་ཆེན་པོ་ལ་སོགས་པའི་གང་ཡང་རུང་བའི་རྣལ་འབྱོར་པས་ལྐོག་མ་ལ་སོགས་པའི་གནས་བཞི་ལ་མེ་ལ་སོགས་པའི་དཀྱིལ་འཁོར་བཞི་བསྒོམས་ལ། དེ་རྣམས་སུ་ཡི་གེ་གསུམ་དམིགས་ནས་དེ་ལ་འཇུག་པ་ལ་ སོགས་པའི་རིམ་པས་བཟླས་པ་བྱ་སྟེ། གཡས་དང་གཡོན་དང་གཉིས་ཀ་དང་དལ་བུས་དམན་པར་རྒྱུ་བའི་དམར་པོ་ལ་སོགས་པའི་འོད་ཟེར་སྤྲོ་ཞིང་སྣའི་རྩེ་མོར་ཐུན་ཕྱེད་ཕྱེད་ཀྱི་དུས་སུ་དེ་ཉིད་འཛིན་པས་སླར་ཡང་བསྡུས་ལ་དེའི་ཚེ་འབད་རྩོལ་མེད་པས་ཞི་བ་ལ་ སོགས་པ་བྱའོ་ཞེས་བསྟན་ཏོ། །བཤད་པའི་རྒྱུད་ལས་ཞེས་པ་ནི་དགོངས་པ་ལུང་བསྟན་པ་ལས་སོ། །ནང་གི་བདག་ཉིད་ཅན་གྱི་དུས། །ཞེས་པ་ནི་ཕྱི་མ་ཡིན་པའོ། །གསང་བ་ཆེན་པོ་ནི་བསྐྱེད་པའི་རིམ་པའོ། །དེ་ལས་ཤིན་ཏུ་གསང་བ་ནི་རྫོགས་པའི་རིམ་པའོ། །ཤིན་ཏུ་ཕྲ་བ་ནི་རྣལ་འབྱོར་ གྱི་མངོན་གསུམ་གྱིས་རྟོགས་པར་བྱའོ། །བྱང་ཆུབ་སེམས་ཀྱི་བྱིན་གྱིས་བརླབས་པ་ཡིན་ཏེ་ཞེས་པ་ནི་བྱང་ཆུབ་སེམས་ཀྱི་ངོ་བོ་རྡོ་རྗེ་འཆང་ཆེན་པོས་བྱིན་གྱིས་བརླབས་པའོ། །འོད་གསལ་བའི་ངོ་བོ་ཡིན་པས་ན་ཡེ་ཤེས་སོ། །དེ་བཞིན་དུ་རིམ་པ་འདི་ཉིད་ཀྱིས་སེམས་ཅན་གྲོལ་ བར་འགྱུར་བ་དང་སྔགས་རྣམས་འགྲུབ་པར་འགྱུར་ཏེ་རང་བཞིན་ཡོངས་སུ་ཤེས་པས་སོ། །དེ་བཞིན་དུ་ཞི་བ་ལ་སོགས་པའི་ལས་རྣམས་སུ་དེ་ཉིད་སེམས་ཀྱི་དབྱིངས་ནི་ཕྲ་མོའི་རྣལ་འབྱོར་གྱི་མཚན་ཉིད་རྟོག་པ་མ་ལུས་པ་སྲེག་པར་བྱེད་པས་ནི་ཞི་བ། གཟུང་བ་ནི་བསྟེན་པར་བྱ་ བའོ། །བསྐྱེད་པའི་རིམ་པ་ནི་གཟུང་བར་བྱ་བ་མ་ཡིན་ཏེ་སྤྲོས་པ་དང་བཅས་པས་སོ། །དཔེ་བསྟན་པར་བྱ་བའི་ཕྱིར་མེ་ཏོག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། ཇི་ལྟར་མེ་ཏོག་ཟད་ན་ཡང་དེའི་དྲི་སྣོད་ལ་སོགས་པའམ་ཏིལ་ལ་སོགས་པ་ལས་ཚོར་བར་འགྱུར་བ་དེ་བཞིན་དུ་ཁོ་ན་ཉིད་ མངོན་དུ་མ་གྱུར་ན་ཡང་སེམས་ཅན་སོ་སོའི་སྐྱེ་བོ་རྣམས་ཀྱི་སྙིང་གར་གནས་ཏེ། བསམ་གཏན་ཁ་ཐོན་མེད་པས་ཀྱང་། །མི་ཤེས་སྔགས་ཀྱི་རྒྱལ་པོ་བཟླ། །ཞེས་འབྱུང་བས་སོ། །དུས་ཀྱི་དབྱེ་བ་བཤད་པར་བྱ་སྟེ་ཉིན་མོ་དང་མཚན་མོ་ཆུ་ཚོད་དྲུག་ཅུ་རྩ་བཞིའི་ཚད་དང་ལྡན་པའི་ཐུན་ནི་བརྒྱད་དེ། ཉིན་ མོ་བཞི་དང་མཚན་མོ་བཞིའོ། །དེ་ལ་ཆུ་ཚོད་བརྒྱད་ནི་ཐུན་གཅིག་གོ། །དེའི་ཕྱེད་ནི་ཆུ་ཚོད་བཞིའོ། །དེའི་ཕྱེད་ནི་ཆུ་ཚོད་གཉིས་སོ། །དེས་ན་དོན་འདི་ཡིན་ཏེ། ཉིན་མོར་ཆུ་ཚོད་གཉིས་གཉིས་དང་། །མཚན་མོར་ཆུ་ཚོད་གཉིས་གཉིས་སུ། སྣའི་རྩེ་མོར་ཐུན་བརྒྱད་ཀྱི་ནང་ན་ཐིག་ ལེ་བཟུང་ནས་འོད་གསལ་བ་རྟོགས་པའི་བདག་ཉིད་ཀྱི་སེམས་རྩེ་གཅིག་པ་ཉིད་ཐོབ་པར་འགྱུར་རོ། །རིམ་ནི་ཞེས་བྱ་བ་གཡས་པ་ལ་སོགས་པའི་དབྱེ་བས་སོ། །གོ་རིམས་ཇི་བཞིན་ནི་མེའི་དཀྱིལ་འཁོར་ལ་སོགས་པའི་དབྱེ་བས་དམར་པོ་ལ་སོགས་པའི་ཁ་དོག་གི་བྱེ་བྲག་གིས་སོ། ། དེ་ཉིད་བསྟན་པའི་ཕྱིར། མེ་ལ་སོགས་པ་ནི་མདོར་བསྟན་པའོ། །ཆུའི་དཀྱིལ་འཁོར་ཞེས་བྱ་བ་ལ་སོགས་པ་རྒྱས་པར་བསྟན་པ་སྟེ་གོ་སླའོ། །དེ་རྣམས་ཀྱི་བདག་པོ་ནི་གཙོ་བོ་སྟེ་སྤྲོ་བ་དང་། བསྡུ་བར་བྱེད་པའི་བདག་ཉིད་ཡིན་པས་སོ། །རིམས་ལ་སོགས་པ་ཉེ་བར་ཞི་བ་ལ་སོགས་ པ་ཞེས་པ་ནི་རླུང་དང་མཁྲིས་པ་ལ་སོགས་པའི་རྣམ་པ་ལས་བྱུང་བའི་ནད་ཐམས་ཅད་ཞི་བར་བྱེད་པས་སོ། །དེ་ཞི་བར་བྱེད་པས་ན་ཞེས་པ་ནི་དེ་འཇོམས་པར་བྱེད་པའོ། །ཁྱད་པར་གྱུར་པས་ན་ཞེས་པ་ནི་ནད་བཅོམ་པའི་ཁྱད་པར་དུ་གྱུར་པས་སོ། །སྒྲུབ་པ་པོ་ནི་རྣལ་འབྱོར་པ་རྣམས་ཏེ་དེ་བཞིན་ གཤེགས་པ་ཐམས་ཅད་ཀྱི་དངོས་གྲུབ་འདོད་པས་སོ། །དེ་རྣམས་ཀྱི་གཟུང་བར་བྱ་བ་ཡིན་པས་ན་ཞེས་པ་ནི་སེམས་ཅན་གྱི་དོན་བྱ་བའི་ཕྱིར་ཡིད་ཀྱིས་གཟུང་བར་བྱ་བའོ། །མཉམ་པར་བྱུང་བ་ལས་ཞེས་པ་ནི་ལུས་ལ་སོགས་པ་ཕན་ཚུན་དབྱེར་མེད་པའི་ཕྱིར་རོ། །བཀའ་སྩལ་ པའོ་ཞེས་པ་ནི་གསུངས་པའོ། །ཨོཾ་ཞེས་བྱ་བ་ལ་སོགས་པ་ནི་སྭཱ་ཧཱའི་བར་དུའོ། །སྦས་ནས་བརྗོད་པས་ན་སྔགས་སོ། །སྦྲུལ་ཞེས་བྱ་བ་སྟེ་ཞེས་པ་ནི་མགོ་བོ་དང་མཇུག་མ་དང་ལྡན་པས་སོ། །རྡོ་རྗེ་གཙུག་ཏོར་ཞེས་བྱ་བ་ལ་སོགས་པས་ལུང་ཚད་མ་ཉིད་དུ་བསྟན་ཏོ། །ཐོག་མ་དང་ ཞེས་བྱ་བ་ལ་སོགས་པས་ཨོཾ་དང་སྭཱ་ཧཱ་དག་གིས་ཐོག་མ་དང་ཐ་མར་བརྒྱན་པ་ཞི་བའི་དོན་དུ་སྦྲུལ་ཞེས་བྱའོ། །སྔགས་ཀྱི་མིང་ཞེས་བྱ་བ་འདིས་སྔགས་རྣམས་ཀྱི་བརྡ་བསྟན་ཏོ། །སྔགས་ཀྱི་དོན་ནི་དེའི་བརྗོད་བྱའོ། །འདི་ལྟ་སྟེ་ཞེས་བྱ་བ་ནི་ཚིག་ཕྲད་སྡུད་པས་ན་སྔགས་བསྟན་ པར་བྱ་བའི་ཕྱིར་རོ། །དེ་ལ་ཡི་གེ་ཨ་ནི་བཅོམ་ལྡན་འདས་མི་བསྐྱོད་པའོ། །ཨོ་ནི་འོད་དཔག་ཏུ་མེད་པའོ། །མ་ནི་རྣམ་པར་སྣང་མཛད་ཆེན་པོ་སྟེ་དེ་ཉིད་རྗེས་སུ་འཇུག་པའི་དབྱངས་སོ། །དེ་ལྟར་ཐུགས་རྡོ་རྗེ་ལ་སོགས་པའི་ཡི་གེ་གསུམ་གྱི་བདག་ཉིད་ནི་ཡི་གེ་ཨོཾ་མོ། །བསོད་ ནམས་ལེན་པའོ་ཞེས་པ་ནི་བཀྲ་ཤིས་རྟོགས་པར་བྱེད་པའོ། །ལྷག་མ་ནི་འགྲེལ་པ་མཁན་པོས་ལེགས་པར་བཤད་པས་ནི་འདིར་མ་བཤད་དོ། །འདིར་ཞེས་བྱ་བ་ལ་སོགས་པས་འདིར་བཟླས་པའི་དུས་སུ་སྔགས་ཀྱི་ཡི་གེ་ཁ་དོག་དཀར་པོ་དང་དེའི་མཆོད་པའི་དུས་སུ་མེ་ ཏོག་ལ་སོགས་པ་གང་ཡིན་པ་དེ་རྣམས་ཀྱང་ཁ་དོག་དཀར་པོར་བསམ་པར་བྱའོ་ཞེས་བསྟན་ཏོ། །གཟུངས་འདིས་ཞེས་བྱ་བ་ནས་ཐོབ་པར་འགྱུར་རོ་ཞེས་པའི་བར་དུ་གཟུངས་འདི་ཐོས་པ་ཙམ་གྱིས་ནད་པ་རྣམས་དགའ་བར་འགྱུར་བ་དང་། རྣམ་པར་སྣང་མཛད་རྗེས་སུ་དྲན་པར་འགྱུར་རོ་ཞེས་ བསྟན་ཏོ། །སྒྲུབ་པ་པོ་མངོན་པར་འདོད་པ་རྣམས་སོ་ཞེས་པ་ནི་ཞི་བའི་དོན་གཉེར་བའོ། །དེ་རྣམས་ལ་རྣམ་པར་སྣང་མཛད་ཀྱི་རིགས་ཡིན་པས་ན་རེ་ཞིག་ཞི་བ་འབྱུང་བར་མ་ཟད་ཀྱི་འོན་ཀྱང་བསྐུལ་བ་ནི་བཽ་ཥཊ་ལ་སོགས་པའོ། །ཁ་དོག་ནི་སེར་པོ་ལ་སོགས་པའོ། །བསམ་པ་ནི་དགའ་བ་ དང་ཆགས་པ་དང་ཁྲོས་པ་ལ་སོགས་པའོ། །དེའི་བྱེ་བྲག་གིས་ཀྱང་ལས་ཐམས་ཅད་རྒྱས་པ་ལ་སོགས་པ་བྱེད་པའོ། །དེས་ནི་སྔགས་རེ་རེས་ལས་ཐམས་ཅད་བྱེད་པ་ཡིན་ན་ཡང་ཁ་ཅིག་གཙོ་བོ་ཡིན་ནོ་ཞེས་བསྟན་ཏེ་རབ་ཏུ་གྲགས་པའི་ཕྱིར་རོ། །ལས་གཞན་བསྟན་པར་བྱ་བའི་ཕྱིར། ཤི་བ་སློང་བར་བྱེད་པས་ན། །ཞེས་བསྟན་ཏོ། །དེ་དག་ནི་དེ་དང་འདྲ་བའི་སྔགས་ནི་སྤྱན་མའི་སྔགས་ཏེ་མཐུ་ནི་དེའི་ནུས་པ་བསྟན་ཏོ། །དེ་བཞིན་དུ་རྡོ་རྗེ་དམ་ཚིག་ཅེས་བྱ་བ་ལ་སོགས་པས་རྣམ་པར་སྣང་མཛད་ལ་སྐུལ་བར་བྱེད་པ་ཉིད་ཀྱང་བསྟན་ཏོ། །གསུངས་སོ་ཞེས་བྱ་བ་ལ་སོགས་ པས་ཉེ་བར་བསྡུས་པའོ། །འདིར་མན་ངག་འདི་ཡིན་ཏེ་རྣམ་པར་སྣང་མཛད་ཀྱི་རྣལ་འབྱོར་དང་ལྡན་པས་མདུན་དུ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་བསྒྲུབ་བྱ་ནད་པ་བཀོད་ལ་དེའི་སྟེང་གི་ཕྱོགས་སུ་ཡི་གེ་ཧཱུཾ་ལས་བྱུང་བའི་རྡོ་རྗེ་གནོད་སྦྱིན་གྱི་ཁྲོ་བོ་བསམས་ལ། ལག་པར་རྡོ་རྗེ་ཐོགས་པ་དེས་ ཡི་གེ་ཀཾ་ཡོངས་སུ་གྱུར་པ་ལས། སྤྲེལ་ལ་སོགས་པའི་གཟུགས་ཅན་ནད་པའི་སྙིང་ག་ནས་ངག་གི་ལམ་ནས་བྱུང་བ་བརླག་པར་བྱས་པ་རང་གི་ལག་པའི་འཁོར་ལོ་འབར་བས་ཀྱང་བསྲེགས་པར་གྱུར་པར་བསམས་ཏེ། རང་གི་སྙིང་ག་ལས་སྤྱན་མའི་ཚོགས་སྤྲོས་ལ་དེ་རྣམས་ཀྱིས་ཁ་ དོག་དཀར་པོ་བུམ་པའི་ཆུས་དབང་བསྐུར་ཏེ་མེ་ཏོག་དང་སྤོས་ལ་སོགས་པ་ཁ་དོག་དཀར་པོས་མཆོད་ལ་རྣམ་པར་སྣང་མཛད་ཀྱི་གཟུགས་སུ་བསྐྱེད་ཅིང་སྤྱི་བོ་དང་སྙིང་ག་དང་ལྟེ་བ་དང་གསང་བ་རྣམས་ལ་སྔགས་འདིས་རེག་ཅིང་སོས་པར་འགྱུར་རོ། །དེའི་འོག་ཏུ་ནི་རིག་མེད་པའི་གྲོ་ག་འམ་ ཏ་ལར་གུར་གུམ་མམ་གི་ཝང་དག་གིས་པདྨ་འདབ་མ་བརྒྱད་པ་བྲིས་ལ། དེའི་ཕྱི་རོལ་དུ་རྩིབས་བཅུ་གཉིས་པའི་འཁོར་ལོ་བྲིས་ཏེ། དབུས་ཀྱི་ལྟེ་བ་ལ་ཡི་གེ་ཨོཾ་དང་ཆེ་གེ་མོ་ལ་ཤཱིནྟིཾ་ཀུ་རུ་སྭཱ་ཧཱ་ཞེས་བྱ་བ་བྲིས་ནས་ལྷག་མའི་ཡི་གེ་རྣམས་འདབ་མ་རེ་རེ་ལ་དགོད་ཅིང་རྩིབས་རྣམས་ཀྱི་ཕྱི་རོལ་ ཡི་གེ་ཧས་བསྐོར་ཞིང་སྐུད་པ་དཀར་པོས་བཅིང་ལ་བླག་ཤ་དང་རྒྱ་སྐྱེགས་དང་ལྕགས་གསུམ་གྱིས་སྦྱར་ཏེ། ཙནྡན་གྱིས་བྱུགས་པའི་སྲད་བུ་དཀར་པོས་ཕྱོགས་གཅིག་ཏུ་བཅིངས་ལ། ཟ་མ་ཏོག་གི་ནང་དུ་བཞག་སྟེ་བསྐྱེད་པའི་རིམ་པས་སྤྱན་མའི་རྣམ་པ་བསྐྱེད་ལ། དཀྱིལ་འཁོར་ གྱི་དབུས་སུ་ཁ་དོག་དཀར་པོ་མེ་ཏོག་ལ་སོགས་པས་མཆོད་པ་དེ་ལས་ལངས་ཏེ་དེའི་དཔུང་པ་གཡས་པ་ལ་བཅིང་བར་བྱའོ་ཞེས་བྱ་བས་ཞི་བ་བསྐྱེད་པ་ཡིན་ནོ། །དེ་བཞིན་དུ་དེའི་ཞག་ཏུ་ཤི་བའི་མི་རོ་བླངས་ལ་བ་ཡུ་རྣམ་པ་ལྔས་སྦྱང་ཞིང་སྐུ་ཁྲུས་ཀྱི་ཆོ་གས་བཀྲུས་ལ། སྐུའི་དཀྱིལ་འཁོར་ གྱི་དབུས་སུ་རྡོ་རྗེ་སྐྱིལ་མོ་ཀྲུང་གིས་བཞག་ལ་གོས་དང་རྒྱན་ལ་སོགས་པ་དང་ལྡན་པ་དྲིས་བྱུགས་ལ་ལེགས་པར་བདུག་པར་བྱས་ལ། སྤྱན་མའི་སྔགས་ཀྱིས་མགོ་བོ་ལ་སོགས་པར་རེག་ཅིང་ནམ་མཁའི་ཕྱོགས་ལ་གནས་པའི་ཡི་གེ་གསུམ་གྱི་རྣམ་པ་ཅན་སྲིད་པ་བར་མ་དོ་ཁ་དོག་ དཀར་པོ་བསམས་ལ། དེ་ཡོངས་སུ་གྱུར་པ་ལས་རྣམ་པར་སྣང་མཛད་ཆེན་པོ་སེམས་དཔའ་གསུམ་གྱི་བདག་ཉིད་དེའི་སྙིང་གར་བཅུག་ལ་མཆོད་པ་རྣམ་པ་ལྔས་མཆོད་ལ་ནམ་མཁའི་དབྱིངས་ལ་བཞུགས་པའི་སངས་རྒྱས་སྤྱན་མའི་ཚོགས་ཀྱིས་བདུད་རྩིའི་བུམ་པའི་ཆུ་རྒྱུན་གྱིས་ དབང་བསྐུར་ཞིང་དེའི་དྲུང་དུ་གྲུ་བཞི་པ་ཁྲུ་ཉི་ཤུའི་ཚད་དང་ལྡན་པ་འོ་མས་གང་བའི་རྫིང་བུའི་འགྲམ་དུ་ཞི་བའི་སྦྱིན་སྲེག་བྱས་ལ་སྦྱིན་སྲེག་གི་མཐར་དེ་ལས་བླངས་པ་འོ་མས་གང་བའི་བུམ་པ་བརྒྱ་རྩ་བརྒྱད་ཀྱིས་བཀྲུས་ལ་སངས་རྒྱས་སྤྱན་མའི་སྔགས་ཀྱིས་རེག་ཅིང་བཀྲ་ཤིས་ཀྱི་ཚིགས་ སུ་བཅད་པ་བརྗོད་ལ་དགེ་སློང་གི་དགེ་འདུན་ལ་བཞེས་པ་དྲང་ཞིང་དེའི་ཚེ་རོ་དེ་འཚོ་བར་འགྱུར་རོ་ཞེས་བསྟན་ཏོ། །དེ་ཉིད་ཀྱི་ཕྱིར་ཤི་བ་སློང་བར་བྱེད་པ་ཞེས་བསྟན་ཏོ། །དེ་ནས་ཞེས་བྱ་བ་ནས་བརྩམས་ཏེ་དམིགས་པའོ་ཞེས་པའི་བར་དུ་ནི་བགེགས་ཐམས་ཅད་འཇོམས་ པར་བྱེད་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པ་ཉིད་བསྟན་ཏོ། །དངོས་པོ་ནི་བགེགས་རྣམས་སོ་ཞེས་བྱ་བ་ལ་དགེ་བའི་ཕྱོགས་བཅོམ་པར་བྱེད་པའི་ཕྱིར་འབྱུང་ཞིང་མཐུ་དང་ལྡན་པས་སོ། །བཙུན་མོ་མཆོག་ལྟར་ཞེས་པ་ནི་ཇི་ལྟར་རྒྱལ་པོའི་བཙུན་མོ་ཐམས་ཅད་ཀྱི་མཆོག་ཏུ་གྱུར་པ་ དེ་བཞིན་དུ་གཟུངས་སྔགས་རྣམས་ཀྱི་འདི་ཡང་གཙོ་བོར་གྱུར་པའོ། །ཨོཾ་ཞེས་བྱ་བ་ལ་སོགས་པའི་སྔགས་ཀྱི་བཤད་པ་ནི་གོ་སླའོ། །དེ་རྣམས་ཀྱིས་མི་ཕྱེད་པ་ཞེས་པ་ནི་ངོ་བོ་གཅིག་གིས་ལུས་གང་ལ་ཡོད་པ་དེ། སྒྲུབ་པ་པོ་ནི་མཱ་མ་ཀཱིའི་རྣལ་འབྱོར་པ་རྣམས་སོ། །སྔགས་ཐོས་པས་ དགའ་ནས་སྤྱན་གྱི་ཨུཏྤ་ལ་གདངས་པར་གྱུར་ཏོ། །ཕྲིན་ལས་བཤད་པར་བྱ་སྟེ། བདུད་ལ་སོགས་པ་ཞེས་པ་ནི་དུས་མ་ཡིན་པའི་འཆི་བ་ལས་སྲུང་བར་མཛད་པའོ། །དེ་བཞིན་དུ་བགེགས་དང་ལོག་འདྲེན་ཞེས་པ་ནི་འཇིག་རྟེན་སྐྱོང་བ་རྣམས་ཀྱི་འཇིགས་པ་དེས་གཟིར་བ་ནི་མནན་པ་རྣམས་ ཀྱིས་བགེགས་འཇོམས་པར་མཛད་པའོ། །མཱ་མ་ཀཱི་ནི་མི་བསྐྱོད་པའི་རིགས་འབའ་ཞིག་ཏུ་མ་ཟད་ཀྱི་རིན་ཆེན་འབྱུང་ལྡན་གྱི་རིགས་ཅན་ཡང་ཡིན་ཏེ། གཉིས་ཀའི་རིགས་ཀྱི་ཐུན་མོང་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །འདིར་རིག་པ་ནི་སྔར་བཤད་ཟིན་ཏོ། །འདིར་མན་ངག་ནི་མཱ་མ་ཀཱིའི་རྣལ་ འབྱོར་དང་ལྡན་པས་དུས་མ་ཡིན་པའི་འཆི་བའི་འཇིགས་པས་གདུང་བ་འམ་འཇིག་རྟེན་སྐྱོང་བ་ལ་སོགས་པ་ཟིལ་གྱིས་གནོན་པའི་བསྒྲུབ་བྱ་མདུན་དུ་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་གནས་པའི་སྡིག་པ་སྦྱང་བར་བྱས་ལ་སྔ་མ་བཞིན་དུ་མཱ་མ་ཀཱིའི་ཚོགས་ཀྱིས་དབང་བསྐུར་ལ་མི་བསྐྱོད་པའི་ གཟུགས་སུ་བསྐྱེད་ཅིང་། སྔགས་བྲིས་པའི་སྲུང་བའི་འཁོར་ལོ་དཔུང་པ་གཡས་པ་ལ་བཅིང་བར་བྱའོ། །དེའི་ཚེ་ཇི་ལྟར་བཤད་པའི་ལས་འགྲུབ་པར་འགྱུར་རོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་རྒྱས་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པ་ཉིད་དུ་བསྟན་ཏོ། །ཨོཾ་ཞེས་བྱ་བ་ལ་ སོགས་པའི་སྔགས་ཀྱི་དོན་ནི་གོ་སླའོ། །པདྨའི་རིགས་ལ་ལྷག་པར་མོས་པས་རྣམས་སོ་ཞེས་བྱ་བ་ལ་སོགས་པས་སྔགས་ཐོབ་པས་དེའི་སྒྲུབ་པ་པོའོ། །དགའ་ཞིང་རང་གི་བདག་པོ་ལ་བསྟན་པར་འགྱུར་རོ་ཞེས་བསྟན་ཏོ། །ཆེད་དུ་བརྗོད་པ་ལ་སོགས་པའོ་ཞེས་པ་ནི་ངག་ལ་འཇུག་པའི་མཚན་ ཉིད་ཀྱི་རྒྱས་པའོ། །ལུས་རྒྱས་པ་ནི་སྟོབས་ཡིན་ནོ། །དེ་ཉིད་བསྟན་པའི་ཕྱིར། །བྱ་བ་རྣམས་ལ་སྤྲོ་བའོ་ཞེས་པ་ནི་བྱ་བ་བྱེད་པ་ལ་ནུས་པའོ། །ནོར་དང་འབྲུ་ལ་སོགས་པ་ནི་ཕྱིའི་རྒྱས་པའོ། །དེ་དག་ཐམས་ཅད་ནི་གསུམ་པོ་ཡང་ངོ་། །རྡོ་རྗེ་གསུམ་ཞེས་བྱ་བ་ལ་སོགས་པས་དཔེའི་སྒོ་ནས་ སྒྲུབ་པ་པོ་དེའི་ངོ་བོ་ཉིད་དུ་འགྲུབ་པར་འགྱུར་རོ་ཞེས་བསྟན་ཏོ། །བཏོན་པ་ཙམ་གྱིས་ཞེས་བྱ་བ་ལ་སོགས་པས་རེ་ཞིག་སྒྲུབ་པ་པོ་ནི་བཞག་ན་རྟོག་པ་ལས་གསུངས་པའི་བཟླས་པའི་ཆོ་གས་འགྲུབ་པར་འགྱུར་ན་ལས་ཐམས་ཅད་ཀྱང་འགྲུབ་པར་འགྱུར་རོ་ཞེས་བསྟན་ཏོ། །འདིར་སྦྱར་ བ་ནི་རེ་ཞིག་དང་པོ་རྣལ་འབྱོར་པས་གོས་དཀར་མོའི་རྣལ་འབྱོར་དང་ལྡན་པ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་བསྒྲུབ་བྱ་མདུན་དུ་བསྒོམས་ལ་རང་གི་སྙིང་ག་ནས་སྤྲོས་པའི་གོས་དཀར་མོའི་ཚོགས་ཕྱུང་ནས་དབང་བསྐུར་ཞིང་། འོད་དཔག་ཏུ་མེད་པའི་གཟུགས་སུ་བསྐྱེད་ལ། དེའི་ དཔུང་པ་ལ་སྔགས་བྲིས་པའི་སྲུང་བའི་འཁོར་ལོ་བཅིང་བར་བྱས་ན་དེའི་ཚེ་ནོར་དང་འབྲུ་ལ་སོགས་པ་རྒྱས་པར་འགྱུར་རོ། །དེ་ནས་ཞེས་བྱ་བ་ལ་སོགས་པས་དབང་གི་ཏིང་ངེ་འཛིན་དུ་སྙོམས་པར་ཞུགས་པ་ཉིད་དུ་བསྟན་ཏོ། །ཨོཾ་ཞེས་བྱ་བ་ལ་སོགས་པའི་སྔགས་ཀྱི་དོན་ནི་གོ་སླའོ། ། སངས་རྒྱས་ཐམས་ཅད་ཀྱི་བྱ་བ་བྱེད་པས་སངས་རྒྱས་ཀུན་ནི་དོན་ཡོད་པར་གྲུབ་པའོ། །དེ་ལ་ལྷག་པར་མོས་པ་རྣམས་སོ་ཞེས་པ་ནི་དོན་ཡོད་གྲུབ་པའི་དངོས་གྲུབ་དོན་དུ་གཉེར་བའོ། །མགུ་བར་གྱུར་པ་ནི་སྔགས་དང་དེའི་མཐུ་ཐོས་པས་ནང་གི་བདག་ཉིད་རབ་ཏུ་དགའ་བར་གྱུར་པའོ། ། སྐྱེས་བུ་གཙོ་བོ་ཞེས་པ་ནི་བྲམ་ཟེ་དང་རྒྱལ་རིགས་དང་དམངས་རིགས་དང་རྗེའུ་རིགས་ཀྱི་ཁྱིམ་བདག་རྣམས་སོ། །སྙིང་སྲ་བ་རྣམས་སོ་ཞེས་པ་ནི་གདུལ་བར་བྱ་དཀའ་བ་ཆོམ་རྐུན་ལ་སོགས་པའོ། །རྒྱལ་པོ་རྣམས་སོ་ཞེས་པ་ནི་ས་བདག་རྣམས་སོ། །དེ་རྣམས་དང་ཇི་སྲིད་གཞན་ རྣམས་ཀྱང་འཇིག་རྟེན་ཐ་མལ་པ་ཞེས་པ་ནི་ཚོང་དཔོན་དང་ཚོང་པ་དང་མཐོ་བའི་རིགས་སོ། །རྣམ་པ་ཐམས་ཅད་དུ་ནི་ལུས་ངག་ཡིད་ཀྱིས་སོ། །བྲན་བཞིན་དུ་ནི་འབངས་བཞིན་ནོ། །དབང་དུ་འགྱུར་ཞིང་ཞེས་པ་ནི་སྒྲུབ་པ་པོའི་ཞལ་བལྟ་བ་དང་དེའི་བཀའ་ཡང་ ཉན་པར་འགྱུར་རོ། །དེ་ཉིད་བསྟན་པའི་ཕྱིར་ཐམས་ཅད་སྒྲུབ་པ་པོའི་དབང་དུ་གྱུར་པས་སྔར་བཤད་པའི་བསྒྲུབ་བྱ་དབང་དུ་གྱུར་པས་སོ། །གཡོ་མེད་པ་སྟེ་ཞེས་པ་ནི་བྱ་བ་གཞན་མེད་པའོ། །དེ་ཉིད་ཀྱི་ཕྱིར་གཞན་གྱི་དབང་དུ་གྱུར་པ་ནི་རྣལ་འབྱོར་པ་ལ་རག་ལུས་པ་གཟུངས་སྔགས་ འདིས་བྱེད་པའོ། །འདིར་སྦྱོར་བ་ནི་སྒྲོལ་མའི་རྣལ་འབྱོར་དང་ལྡན་པའི་སྒྲུབ་པ་པོས་སྔོན་གྱི་བསྙེན་པས་དེའི་སྔགས་འབུམ་ཕྲག་གཅིག་བཟླས་ཤིང་དེ་ཉིད་ཀྱིས་མངོན་པར་བཟླས་པའི་ཆུས་མིག་ལ་ཉེ་བར་རེག་ཅིང་གང་མཐོང་བ་དང་གང་གིས་མཐོང་བ་དེ་ཉིད་དབང་དུ་འགྱུར་རོ། །དེ་བཞིན་ དུ་ལམ་དུ་འགྲོ་བར་འདོད་པས་གོས་ཀྱི་མཐར་ལན་བདུན་བཟླས་ཤིང་བཅིངས་ལ་མཐོང་བ་ཙམ་གྱིས་སྒྲ་མི་གཡོ་བར་འགྱུར་རོ། །སྦྱོར་བ་གཞན་ཡང་དཔལ་སྒྲོལ་མ་འབྱུང་བའི་རྒྱུད་ལས་རྗེས་སུ་འབྲང་བར་བྱའོ། །འོད་ཟེར་དཀར་པོའི་ཚོགས་ཞེས་བྱ་བ་ནི་རྣམ་པར་སྣང་མཛད་ཀྱི་འབྲེལ་པ་ དང་ལྡན་པའོ། །རིགས་དང་རིགས་ཅན་དབྱེར་མེད་པས་ཏིང་ངེ་འཛིན་དང་ཡང་དེ་སྐད་ཅེས་བྱའོ། །རྡོ་རྗེ་ལྟར་མི་ཕྱེད་པའི་གཤིན་རྗེ་གཤེད་པོ་དབྱེར་མེད་པས་དེའི་སྔགས་ལ་ཡང་དེ་སྐད་ཅེས་བྱའོ། །ན་མ་ཞེས་བྱ་བ་ལ་སོགས་པས་སྐུ་རྡོ་རྗེ་ལ་སོགས་པ་དང་པོ་རྗེས་སུ་དྲན་པར་བྱས་ཏེ། ཁྲོ་བོ་ ཐམས་ཅད་དེ་ལས་འབྱུང་བའི་ཕྱིར་རོ། །དེའི་ཕྱིར་སྔགས་འདོན་པའི་དུས་སུ་ནི་ཁྲོ་བོ་ཐམས་ཅད་ཀྱི་སྔགས་བཟླས་པའི་དུས་སུའོ། །ཨོཾ་ཞེས་བྱ་བ་ལ་སོགས་པས་སྔགས་ཀྱི་དོན་བཤད་པ་ནི་གོ་སླའོ། །འདིར་བཅོམ་ལྡན་འདས་ཞལ་གསུམ་ཕྱག་དྲུག་པ་ཡིན་ན་ཡང་། ཞལ་བཞི་པ་ཕྱག་བཞི་ པ་ལྷག་པའམ་ཉུང་བ་ཉེ་བར་བླང་བ་ནི་མོས་པའི་དབྱེ་བས་སོ། །དེ་ཉིད་ཀྱི་ཕྱིར་བཅོམ་ལྡན་འདས་ཞབས་གཉིས་པ་ཡིན་ན་ཡང་ཞབས་དྲུག་ཏུ་བསྟན་ཏེ། རྒྱུད་གཞན་ལས་ཞལ་དྲུག་པ་དང་ཕྱག་དྲུག་པ་དང་ཞབས་དྲུག་པ་གསུངས་པས་སོ། །དེ་གསུངས་པ་ཡང་གདུལ་བྱའི་འདོད་པའི་དབྱེ་བས་ སོ། །མ་ཧཱ་བིགྷྣཱན་ནི་གཤིན་རྗེའོ། །ཨཱ་ཀཪྵ་ཡ་ཞེས་བྱ་བ་འདིས་དགུག་པ་ལ་སྔགས་ཀྱི་མཐུ་བསྟན་ཏོ། །དེ་ནས་ཞེས་བྱ་བ་ལ་སོགས་པས་བརྒྱ་བྱིན་ལ་སོགས་པ་འཇིག་རྟེན་སྐྱོང་བ་རྣམས་སྔགས་ཐོས་པས་འཇིག་པ་དང་རྡོ་རྗེ་འཆང་ཆེན་པོ་རྗེས་སུ་དྲན་པ་ཉིད་དུ་བསྟན་ཏོ། །རྣམ་པར་སྣང་མཛད་ ཀྱི་སྦྱོར་བ་དང་ལྡན་པས་ཞེས་བྱ་བ་ལ་སོགས་པས་འདི་སྐད་བསྟན་པ་ཡིན་ཏེ། ཇི་ལྟར་མངོན་པར་འདོད་པའི་སྐྱེས་པའམ་བུད་མེད་མངོན་པར་དགུག་པར་འདོད་པའི་རྣལ་འབྱོར་པས་དེའི་རོ་ལངས་ཀྱི་ཆོ་གས་མ་ཉམས་པའི་ཐོད་པ་བླངས་ལ་སྔགས་ཀྱིས་བྱིན་གྱིས་བརླབས་པའི་རྒྱ་སྐྱེགས་ཀྱི་ཁུ་ བས་དེའི་གཟུགས་དེ་ལ་བྲིས་ཏེ་དེ་དག་ལ་ཆེ་གེ་མོ་ཨཱ་ཀཪྵ་ཡ་ཞེས་བྱ་བ་སྙིང་གར་བྲིས་ལ་རཾ་ལས་སྐྱེས་པའི་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་ལས་སྐྱེས་པའི་སྣ་ཚོགས་རྡོ་རྗེས་མཚན་པའི་རྐང་པ་གཡོན་པས་དེ་དག་ལ་མནན་ཞིང་ལྕགས་ཀྱུ་དེ་ཉིད་ཀྱིས་སྙིང་གར་བརྡེག་ལ་སྐྱབས་མེད་ པ་གཞན་དབང་དུ་གྱུར་པ་བུད་མེད་དང་སྐྱེས་པ་རྣམས་དགུག་པར་བྱའོ། །ཞག་བདུན་ཞེས་བྱ་བ་འདིས་དུས་ཀྱི་ངེས་པ་བསྟན་ཏོ། །དགོས་པ་ནི་འདི་ཡིན་ཏེ་སྔོན་དུ་བསྙེན་པ་བྱས་པ་དམ་བཅའ་བ་བསྟན་པའི་སྒྲུབ་པ་པོས་གལ་ཏེ་ཞག་བདུན་སྦྱོར་བ་འདི་བསླབས་ན་དེའི་ཚེ་སྔར་བཤད་པའི་སྐྱེས་པ་ འམ་བུད་མེད་རྣམས་དགུག་པར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ནས་ཞེས་བྱ་བ་ལ་སོགས་པས་དོན་ཡོད་གྲུབ་པའི་རིགས་ཅན་གྱི་བདུད་རྩི་འཁྱིལ་པའི་ཏིང་ངེ་འཛིན་དུ་ཞུགས་པ་ཉིད་བསྟན་ཏོ། །དེ་ལས་བྱུང་བའི་སྔགས་ཀྱི་བདག་ཉིད་ཀྱི་ཁྲོ་བོ་ཞེས་པ་ནི་བདུད་རྩི་འཁྱིལ་པ་དོན་ཡོད་གྲུབ་ པའི་རིགས་ཡིན་པས་སོ། །ན་མ་ཞེས་བྱ་བ་ལ་སོགས་པ་དོན་བཤད་ཟིན་པའོ་ཞེས་པ་ནི་ངེས་པའི་ཚིག་སྔར་བཤད་པའོ། །ཨོཾ་ཞེས་བྱ་བ་ལ་སོགས་པའི་སྔགས་ཀྱི་དོན་བཤད་པ་ནི་གོ་སླའོ། །མ་ཧཱ་ག་ན་ཛི་བི་ཏཱནྟཱ་ཀ་ར་ཡ་ཞེས་བྱ་བ་ནི་བགེགས་ཀྱི་བདག་པོའི་སྲོག་འཕྲོག་པ་ཞེས་བྱ་བའི་ དོན་ཏོ། །དེ་ཉིད་ཀྱི་ཕྱིར་བཅོམ་ལྡན་འདས་འཕགས་པ་བདུད་རྩི་འཁྱིལ་པའི་བགེགས་ཀྱི་བདག་པོ་ནི་གདན་ཡིན་ནོ། །སྭཱ་ཧཱ་ཞེས་བྱ་བ་ལས་གོང་དུ་ནི་སྭཱ་ཧཱ་སྔོན་དུའོ། །དེ་ནས་ཞེས་བྱ་བ་ལ་སོགས་པས་དོན་ཡོད་གྲུབ་པའི་རྣལ་འབྱོར་པས་སྔགས་འབུམ་ཕྲག་གཅིག་བཟླ་ཞིང་འཆད་པར་ འགྱུར་བའི་སྦྱོར་བས་སྤོང་བའི་ཆོ་ག་བསྟན་ཏོ། །རིམ་པ་ནི་འདིས་ཞེས་བྱ་བ་ལ་སོགས་པས་སྐེ་ཚེ་དང་རྫས་དྲག་པོ་ཁུ་བ་ཆེན་པོ་དང་ལྡན་པས་དུར་ཁྲོད་ཀྱི་གོས་ལ་གཞུའི་དབྱིབས་ཅན་རླུང་གི་དཀྱིལ་འཁོར་བྲིས་ལ་ཕྱོགས་གཉིས་སུ་རྡོ་རྗེས་མཚན་པ་བྱས་ཏེ། དེའི་དབུས་སུ་ ཆེ་གེ་མོ་ཨུ་ཙ་ཏ་ཡ་ཧྲི་ཞེས་བྱ་བ་བྲིས་ལ་བསྒྲུབ་བྱའི་རྣམ་པར་ཤེས་པ་དགུག་ཅིང་དེ་ལ་གཞུག་སྟེ། བདུད་རྩི་འཁྱིལ་པའི་སྔགས་བརྗོད་ཅིང་སོར་བརྒྱད་པ་མིའི་རྗེ་ངར་གྱི་ཁོང་སྟོང་ལ་འཇུག་ན་དེ་ཉིད་དུར་ཁྲོད་ཀྱི་ས་རུ་བརྐོས་ནས་སྦས་ན་དེའི་ཚེ་ཞག་བདུན་གྱིས་དགྲ་གནས་ལས་སྤོ་བར་འགྱུར་རོ། ། དགྲའི་སྒོ་རུ་བརྐོས་ནས་སྦས་ན་དེ་མ་ཐག་ཏུ་གནས་ལས་སྤོ་བར་འགྱུར་རོ་ཞེས་བསྟན་ཏོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། དེ་ཁོ་ན་ཉིད་ཀྱི་རིན་པོ་ཆེ་ཞེས་པ་ནི་འོད་གསལ་བའམ་ཟུང་དུ་འཇུག་པའི་རང་བཞིན་ནོ། །དེ་ཉིད་རྟོག་ནི་མཚན་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །སངས་ རྒྱས་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་ནང་ན་འོད་ཟེར་ནི་ནམ་མཁའ་མཛོད་ཀྱི་ཏིང་ངེ་འཛིན་གྱིས་བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་གང་ལ་ཡོད་པ་དེ་ནི་སངས་རྒྱས་འོད་ཟེར་ཏེ་རིན་ཆེན་འབྱུང་ལྡན་ནོ། །དེའི་བདག་ཉིད་ཀྱི་ཏིང་ངེ་འཛིན་ལ་ཞུགས་ནས་འདི་སྐད་བཀའ་སྩལ་ཏོ། །གཞན་ གྱིས་མི་ཐུབ་པའི་ཁྲོ་བོ་ཆེན་པོ་ཞེས་པ་ནི་སྲིན་པོ་ལ་སོགས་པ་ལས་རྒྱལ་བས་ཁྲོ་བོའི་རྒྱལ་པོ་ཞེས་བྱའོ། །སྔགས་ཀྱི་བདག་ཉིད་ཅེས་བྱ་བ་འདིས་སྔགས་དང་ལྷ་རྗོད་པར་བྱེད་པ་དང་བརྗོད་པར་བྱ་བ་དབྱེར་མེད་པར་བསྟན་ཏོ། །ན་མ་ཞེས་བྱ་བ་ལ་སྔགས་ཀྱི་དོན་བཤད་པ་ནི་གོ་སླའོ། །རཀྵ་ ས་ཏི་བྷྱོ་བི་མོ་ཙ་ཡ་ཧྲི་ཞེས་བྱ་བ་འདིས་གདུག་པ་རྣམས་གསོད་པར་བྱེད་པའི་བདག་ཉིད་བསྟན་པ་དང་། ནད་པ་རྣམས་སོས་པས་ཤི་བར་བྱེད་པ་ཡང་འདི་ཡིན་ནོ་ཞེས་བསྟན་ཏོ། །དེ་ནས་ཞེས་བྱ་བ་ལ་སོགས་པས་སྔགས་དྲན་པ་དང་ཐོས་པ་དེའི་སྒྲུབ་པ་པོས་དེ་བསྟེན་པ་དང་དེ་ལ་བརྩོན་པའི་ཕྱིར་ དགའ་བ་དང་རིན་ཆེན་འབྱུང་ལྡན་ལ་སྐྱབས་སུ་འགྲོ་བ་ཉིད་བསྟན་ཏོ། །ཤ་ཟའོ་ཞེས་པ་ནི་ཤ་ཟ་བའི་འབྱུང་པོའི་རིགས་སོ། །ཉེ་བར་མཚོན་པ་ཡིན་ཏེ་གནོད་སྦྱིན་དང་སྲིན་པོ་དང་འབྱུང་པོ་དང་ཡི་དགས་དང་སྨྱོ་བྱེད་དང་བརྗེད་བྱེད་དང་། མཁའ་འགྲོ་དང་མཁའ་འགྲོ་མ་ལ་སོགས་པ་ཡང་གཟུང་ ངོ་། །སེང་གེ་ལ་སོགས་པ་ཞེས་པ་ནི་ནགས་ཚལ་ལ་སྤྱོད་པའི་སྲོག་ཆགས་དྲག་པོའོ། །ཕྱིར་རྒོལ་བ་ཞེས་པ་ནི་ཕ་རོལ་རྒོལ་བའི་དགྲ་རྣམས་ཏེ། འཇིག་རྟེན་པའི་ལྷ་དྲག་པོ་དང་ཁྱབ་འཇུག་དང་དབྱིག་གི་སྙིང་པོ་ལ་སོགས་པའོ། །གནོད་པར་བྱེད་པ་ཞེས་པ་ནི་རྣམ་པར་འཚེ་བར་བྱེད་པའོ། ། མེ་དང་སྦྲུལ་ཞེས་པ་ལ་སོགས་པ་ནི་སྲོག་ཆགས་དྲག་པོས་ཁྱབ་པའི་ནགས་ཚལ་ལ་སོགས་པ་ལའོ། །རྡོ་རྗེ་འཆང་ཆེན་པོའི་ཞེས་པ་ནི་ཐུགས་རྡོ་རྗེ་ཉེ་བར་སྡུད་པར་བྱེད་པས་སོ། །དེས་གསོད་པས་ན་ཞེས་པ་ནི་དེས་སྤྲོས་པ་སྟེ་རྡོ་རྗེ་འཆང་ལས་བསྐྱེད་པའི་རིན་ཆེན་འབྱུང་ལྡན་ཞེས་བྱ་བའོ། ། རིན་ཆེན་འབྱུང་ལྡན་གྱི་ཏིང་ངེ་འཛིན་ལ་དམིགས་པ་ཞེས་པ་ནི་ཤེས་རབ་མཐར་བྱེད་ལ་བཀའ་སྦྱིན་པར་བྱའོ་ཞེས་དགོངས་པ་ནི་མན་ངག་ཅེས་བྱ་བའོ། །སྲུང་བ་ལ་སོགས་པའི་ལས་ནི་སྲིན་པོ་ལ་སོགས་པའི་ལས་བསྲུང་བའི་ཆོ་གའོ། །རྟོག་པ་ལས་བྱུང་བའི་ཆོ་ག་ཞེས་པ་ནི་གཞན་གྱིས་ མི་ཐུབ་པའི་ལས་ཀྱི་རྟོག་པ་ལས་གསུངས་པའི་ཆོ་གས་སོ། །དེ་ལ་འདིར་ཆོ་ག་ནི་འདི་ཡིན་ཏེ་ཞེས་བྱ་བ་ལ་སོགས་པས་དཔལ་རིན་ཆེན་འབྱུང་ལྡན་གྱི་རྣལ་འབྱོར་པས་ཡི་གེ་ཧཱུྃ་གཉིས་ཡོངས་སུ་གྱུར་པ་ལས་ལག་པ་གཉིས་ལ་ཉི་མའི་དཀྱིལ་འཁོར་གཉིས་བསྒོམས་ཏེ་མདུན་དུ་སྲིན་ པོ་ལ་སོགས་པའི་གདོན་གྱིས་བཟུང་བའི་བསྒྲུབ་བྱ་བཞག་ནས་དེའི་འོད་ཟེར་སྤྲོས་པས་བསྒྲུབ་བྱའི་ལུས་ལས་སྲིན་པོ་ལ་སོགས་པ་བཀུག་ཅིང་ལག་པ་གཉིས་ཀྱིས་ཉི་མའི་དཀྱིལ་འཁོར་གྱི་དབུས་སུ་སོན་པར་བྱས་ལ་དེའི་འབར་བས་བསྲེགས་ཤིང་ཐལ་བར་གྱུར་པར་བསམ་པར་ བྱའོ། །དེའི་ཚེ་བསྒྲུབ་བྱ་སྲིན་པོ་ལ་སོགས་པས་བཀྲོལ་བར་འགྱུར་རོ། །ཁ་ཅིག་ན་རེ་ཤེས་རབ་མཐར་བྱེད་ཀྱི་སྔགས་ཀྱིས་ཟངས་གྲི་བྱིན་གྱིས་བརླབས་ལ་ཤ་ཟ་ལ་སོགས་པས་བཟུང་བའི་བསྒྲུབ་བྱའི་གྲིབ་མ་སྔགས་བརྗོད་པ་སྔོན་དུ་འགྲོ་བས་དེ་གཅོད་ལ། ཤ་ཟ་ལ་སོགས་པ་ ཡང་གཅོད་པར་འགྱུར་རོ། །དེའི་ས་གཞིའི་རྡུལ་དང་ཡུངས་ཀར་དང་བཅས་པས་བསྲེགས་ལ། ལས་ཐམས་ཅད་པའི་གཏོར་མའི་རིམ་པའི་ཆོ་གས་ཤེས་རབ་མཐར་བྱེད་ཀྱི་སྔགས་བྲིས་པའི་སྲུང་བའི་འཁོར་ལོ་གསུངས་པས་བཅིང་བར་བྱའོ། །དེའི་ཚེ་བསྒྲུབ་བྱ་སོས་པར་ འགྱུར་རོ་ཞེས་བསྟན་ཏོ། །དེ་ནས་ཞེས་བྱ་བ་ལ་སོགས་པས་ཚེ་དཔག་ཏུ་མེད་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པ་ཉིད་བསྟན་ཏེ། དེ་ལས་བྱུང་བའི་ཁྲོ་བོ་རྟ་མགྲིན་ཞེས་པ་ནི་འོད་དཔག་ཏུ་མེད་པ་སྟེ་སྤྲུལ་པ་ཡིན་པའི་ཕྱིར་རོ། །སྔགས་ཀྱི་བདག་ཉིད་དུ་ཞེས་པ་ནི་ སྐུ་དང་སྔགས་དེའི་བདག་ཉིད་ཡིན་པས་སོ། །ན་མ་ཞེས་བྱ་བ་ལ་སོགས་པའི་དོན་བཤད་པ་ནི་རྡོ་རྗེ་འཆང་ཆེན་པོ་གསུམ་པོའི་ཕྱག་འཚལ་བའི་དོན་ཅེས་བྱ་བའི་ཐ་ཚིག་གོ། །ཨོཾ་ཞེས་བྱ་བ་ལ་སོགས་པའི་སྔགས་ཀྱི་དོན་བཤད་པ་ནི་གོ་སླའོ། །ཧ་ཡ་གྲཱི་བ་ཡ་ཕཊ་ཅེས་བྱ་བ་ལ་སོགས་པས་ ཕཊ་གྱི་མཐའ་ཅན་གྱི་ཚིག་བཅུ་ནི་ཕྱོགས་བཅུ་ལ་གནས་པའི་བགེགས་བསྐྲད་པའི་དོན་ཏོ། །ཡི་གེ་ཧཱུྃ་གསུམ་ནི་ལུས་ལ་སོགས་པ་འཇིག་པའི་ཕྱིར་རོ། །དབུགས་དབྱུང་བ་དེ་ཉིད་ལ་ཞི་བའི་ཕྱིར་རོ། །དངོས་གྲུབ་ཐམས་ཅད་རབ་སྟེར་བ། །ཞེས་པ་ནི་ཞི་བའི་ཕྲིན་ལས་འགྲུབ་པར་བྱེད་པའོ། ། དེ་ནས་ཞེས་བྱ་བ་ལ་སོགས་པས་ཐོས་པ་དང་དྲན་པའི་སྒོ་ནས་འོད་དཔག་ཏུ་མེད་པའི་སྒྲུབ་པ་པོ་རྣམས་མགུ་བར་འགྱུར་རོ་ཞེས་བསྟན་ཏོ། །ནམ་མཁའི་དབྱིངས་ཞེས་བྱ་བ་ལ་སོགས་པས་ཧ་ལ་ཧ་ལ་དང་། ཀ་ལ་ཀུ་ཏ་ལ་སོགས་པའི་དུག་གི་ཁྱད་པར་སྔགས་འདིས་ཞི་བར་འགྱུར་རོ་ཞེས་བསྟན་ ཏོ། །འདིར་མན་ངག་འདི་ཡིན་ཏེ་ཞེས་བྱ་བ་ལ་སོགས་པས་པདྨ་མཐར་བྱེད་ཀྱི་རྣལ་འབྱོར་པས་སེམས་དཔའ་གསུམ་གྱི་བདག་ཉིད་ཀྱི་བསྒྲུབ་བྱ་བསྒོམས་ལ། དེའི་སྙིང་གའི་པདྨར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་བདུད་རྩིའི་ས་བོན་ཡི་གེ་ཧཾ་བཀོད་ལ་དེའི་འོད་ཟེར་གྱིས་མ་ལུས་པའི་ལུས་ཁྱབ་ཅིང་ ལག་པ་གཡས་པའི་མཐིལ་ལ་བཀོད་པའི་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཡི་གེ་ཧཾ་འོད་ཟེར་གྱི་འཁོར་ལོ་སྤྲོ་བར་བྱེད་པ་བཀོད་ལ། སོར་མོ་རྣམས་ལ་རིམ་པ་ཇི་ལྟ་བ་བཞིན་དུ་ཁྲི་ལ་སོགས་པ་བདུད་རྩིའི་ས་བོན་ལྔ་བཀོད་ཅིང་དེ་ལས་བྱུང་བའི་འོད་ཟེར་གྱི་ཚོགས་ཀྱིས་དུག་འོག་ཏུ་སོང་ བས་ལུས་ཀྱང་བདུད་རྩིས་གང་བ་བསྒོམ་པར་བྱའོ་ཞེས་བསྟན་ཏོ། །གཞན་དག་ན་རེ་ལག་པ་གཡོན་པའི་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཨོཾ་བཀོད་ལ་སྔགས་ཀྱིས་བཟླས་པའི་ཆུ་བླངས་ནས་དེ་བཏུང་བས་དུག་ཞི་བར་འགྱུར་རོ། །ཡང་ན་རྟ་མགྲིན་དང་ལྡན་པའི་རྣལ་འབྱོར་པས་བསྒྲུབ་བྱའི་ མགོ་བོ་ལ་སོགས་པར་ཀུ་རུ་ཀུལླེའི་སྔགས་བཀོད་ལ་དེ་ལས་བྱུང་བའི་འོད་ཟེར་གྱི་ཚོགས་ཀྱིས་ནང་ནས་དུག་བཀུག་ཅིང་འོག་ཏུ་སོན་པར་བསྒོམས་ཏེ། རྟ་མགྲིན་གྱི་སྔགས་ཀྱིས་གནས་དེར་རེག་པས་དུག་ཞི་བར་འགྱུར་རོ། །ཇི་སྐད་དུ། ཀུ་རུ་ཀུལླེ་སྭཱ་ཧཱའི་མཐའ། །རིག་པ་ཐོག་མར་ ཨོཾ་དང་ལྡན། །མགོ་བོ་ཁ་དང་ལྐོག་མ་དང་། །སྙིང་དང་གསང་བ་རྐང་པར་དགོད། །ཅེས་འབྱུང་བའོ། །དོན་ཡོད་གྲུབ་པའི་དངོས་གྲུབ་ནི་ཞི་བ་ལ་སོགས་པའི་ལས་ཐམས་ཅད་ཀྱི་དངོས་གྲུབ་པོ། །དེ་གཙོ་བོ་ཡིན་པས་དོན་ཡོད་གྲུབ་པ་ལ་ཡང་དེ་སྐད་ཅེས་བྱའོ། །དོན་ཡོད་དམ་ཚིག་ ཅེས་བྱ་བ་ལ་སོགས་པས་དོན་ཡོད་གྲུབ་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པ་ཉིད་དུ་བསྟན་ཏོ། །ཨོཾ་ཞེས་བྱ་བ་ལ་སོགས་པས་སྔགས་ཀྱི་དོན་བཤད་པ་ནི་གོ་སླའོ། །འདིར་སརྦ་བིགྷྣཱ་ནི་ཁྱབ་འཇུག་དང་། དྲག་པོ་དང་དབྱིག་གི་སྙིང་པོ་ལ་སོགས་པའོ། །སརྦ་བིདྱ་ནི་ཕ་རོལ་གྱིས་བརྗོད་པའི་ གཟུངས་སྔགས་སོ། །སརྦ་མནྟྲ་ནི་ཞི་བ་ལ་སོགས་པའི་སྙིང་པོ་དང་ཉེ་བའི་སྙིང་པོ་ལ་སོགས་པའོ། །སརྦ་མཱུ་ལ་ཀརྨ་ནི་གཞན་གྱིས་བསྟན་པ་ལས་ཕྲན་ཚེགས་སོ། །ཀེ་ཏྲེ་ཙེ་ཤ་དི་ཞེས་པ་ནི་སྦྱར་ནས་བྱས་པའམ་སྡིག་པའི་དུག་གོ། །སརྦ་གྲ་ཧན་ནི་ཟ་བྱེད་ཀྱི་གདོན་ནམ་བརྗེད་བྱེད་ཀྱི་ གདོན་ནམ་བྱའི་གདོན་ལ་སོགས་པའོ། །བགེགས་མཆོག་རྣམས་ནི་བདུད་ཀྱི་གཙོ་བོ་སྟེ་བརྒྱ་བྱིན་ལ་སོགས་པའོ། །བརྒྱ་རྩ་བརྒྱད་ཅེས་བྱ་བས་སྦྱོར་བའི་དུས་སུ་བརྒྱ་རྩ་བརྒྱད་བཟླས་པས་འགྲུབ་སྟེ། བསྙེན་པའི་དུས་སུ་འབུམ་ཕྲག་གཅིག་བཟླས་པས་སྔགས་འགྲུབ་པོ། །སྔགས་ ཀྱི་དོན་ཡོངས་སུ་ཤེས་པས་ལྷ་རྣམས་ལ་སྤོང་བའོ་ཞེས་པ་ནི་དགོངས་པ་ནི་འདི་ཡིན་ཏེ། བརྗོད་པར་བྱ་བ་དང་རྗོད་པར་བྱེད་པའི་དབྱེ་བས་སྔགས་ནི་རྣམ་པ་གཉིས་ཏེ། དེ་ལ་རྗོད་པར་བྱེད་པ་ཙམ་གྱིས་སྔགས་ནི་དངོས་གྲུབ་སྟེར་བར་བྱེད་པ་མ་ཡིན་ཏེ། རང་བཞིན་རྟོགས་པར་མི་འགྱུར་ བས་ཁ་སྐད་བཞིན་ནོ། །སྔགས་ཀྱི་བརྗོད་པར་བྱ་བ་ཡོངས་སུ་ཤེས་ན་དེ་ཡིས་ལྷའི་དེ་ཁོ་ན་ཉིད་རྟོགས་པས་སྔགས་རྣམས་དངོས་གྲུབ་སྟེར་བར་འགྱུར་རོ། །འདིར་ནི་ཆོ་ག་འདི་ཡིན་ཏེ་ཞེས་བྱ་བ་ལ་སོགས་པས་འཁྲུལ་འཁོར་གྱི་སྦྱོར་བས་གསོད་པ་བསྟན་ཏོ། །འདིར་ཉིན་ཕྱེད་དང་ མཚན་ཕྱེད་ནི་དྲག་ཤུལ་གྱི་ལས་ཀྱི་དུས་སུའོ། །ཐོད་པ་གསུམ་གྱི་སྒྱེད་པུ་བྱས་ལ་རོ་ལངས་ཀྱི་ཆོ་གས་སམ་རང་གིས་བྱས་པས་སོ། །སྒྱེད་པུས་ནི་དུར་ཁྲོད་ལ་སོགས་པའི་རྟེན་བྱས་ནས་སོ། །དེའི་སྟེང་དུ་གཟུགས་བརྙན་བཞག་ལ་ཞེས་པ་ནི་སྔར་བཤད་པའི་ཁ་སྦྱར་ བཞག་ནས་སོ། །དུར་ཁྲོད་ཀྱི་མེས་ཞེས་བྱ་བ་ནི་རོ་ཕྱེད་བསྲེགས་པའི་མེས་སོ། །འཕྲལ་དུ་འཆི་བར་འགྱུར་རོ་ཞེས་པས་སྦྱོར་བའི་མཐུ་བསྟན་ཏོ། །དེ་ནས་ཞེས་བྱ་བ་ལ་སོགས་པས་ཆར་འབེབས་པའི་ཆོ་ག་མཛད་པ་སྟོབས་པོ་ཆེའི་ཏིང་ངེ་འཛིན་དང་སྙོམས་པར་ཞུགས་པ་བསྟན་ཏོ། །དབྱེར་ མེད་པས་སྟོབས་པོ་ཆེའི་སྔགས་ཀྱང་སྟོབས་པོ་ཆེ་ཞེས་བྱའོ། །ཨོཾ་ཞེས་བྱ་བ་ལ་སོགས་པའི་སྔགས་ཀྱི་དོན་བཤད་པ་ནི་གོ་སླའོ། །ཐོག་ནི་གློག་གོ། །དེ་བཞིན་དུ་སྒྲ་གང་ལ་ཡོད་པ་ཞེས་བྱ་བ་འདིས་སྤྲིན་གྱི་འབྲུག་སྒྲ་དང་འདྲ་བ་ཉིད་དུ་བསྟན་ཏོ། །བརྒྱ་རྩ་བརྒྱད་བཟླས་པ་ཞེས་བྱ་བ་ལ་ སོགས་པས་ལས་ཀྱི་དུས་སུ་བཟླས་པའི་གྲངས་བསྟན་ཏོ། །སྔོན་གྱི་བསྙེན་པ་ནི་འབུམ་ཕྲག་གཅིག་ཁོ་ནའོ། །ཆར་ཆད་པ་ཞེས་པ་ནི་བཟའ་བ་ལ་སོགས་པའི་ཉེས་པས་ཆར་མི་འབབ་པའོ། །དེ་ཞི་བར་བྱས་ནས་ཆར་གྱི་རྒྱུན་ནི་ཆར་གྱི་ཚོགས་སོ། །ཀླུ་ནི་འཇོག་པོ་ལ་སོགས་པའོ། ། འབེབས་པ་ནི་འབབ་པར་འགྱུར་བའོ། །འདིར་རིམ་པ་འདི་ཡིན་ཏེ་ཞེས་བྱ་བ་ལ་སོགས་པས་ཆར་འབེབས་པའི་ཆོ་ག་བསྟན་ཏེ། མངོན་སྤྱོད་ཀྱི་རྫས་ནི་ལན་ཚྭ་དང་སྐེ་ཚེ་དང་དུག་དང་ལོང་ཏང་གི་ཁུ་བའོ། །དེ་རྣམས་ཀྱིས་པདྨ་འདབ་མ་བརྒྱད་པ་བྲིས་ལ་འདབ་མ་རེ་རེ་ལ་ཀླུ་ཆེན་པོ་བརྒྱད་བྲིས་ ལ་ཀླུ་དེ་རྣམས་ཀྱི་སྙིང་ག་དང་མགོ་བོར་ཧཱུྃ་ཎཾ་ཧཱུྃ་ཞེས་བྱ་བ་རྡོ་རྗེ་གདན་བཞིའི་རྒྱུད་ལས་གསུངས་པའི་སྔགས་སྤེལ་ལ་སྦྱར་བའོ། །ལྟེ་བའི་དབུས་སུ་ནི་པདྨའི་ཟེའུ་འབྲུ་ལའོ། །ཨོཾ་ཞེས་བྱ་བ་ལ་སོགས་པས་ཡི་གེ་གསུམ་དང་བཅས་པས་བཛྲ་དྷ་རོ་ཨཛྙཱ་པ་ཡ་ཏི་ཞེས་བྱ་བ་ལ་སོགས་པ་ བཀོད་ནས་སོ། །ཡང་འཁོར་ལོ་གཉིས་པ་དེ་བཞིན་དུ་ནི་དེ་དང་འདྲ་བའི་འཁྲུལ་འཁོར་གཉིས་པ་བྲིས་ནས་སོ། །ཁ་སྦྱར་བྱས་ཏེ་ཞེས་པ་ནི་འཁྲུལ་འཁོར་གཉིས་སྦྱར་ནས་སོ། །དགུག་པ་སྔོན་དུ་འགྲོ་བ་ཞེས་པ་ནི་སྟོབས་པོ་ཆེའི་སྔགས་བརྗོད་པ་སྔོན་དུ་འགྲོ་བས་དེ་དགུག་པའོ། །གཟུགས་བརྙན་ ནི་བསྒྲུབ་བྱའི་གཟུགས་བརྙན་གྱིའོ། །སྙིང་གར་གཞུག་གོ་ཞེས་པ་ནི་སྙིང་གའི་ནང་དུ་གཞུག་པར་བྱའོ། །གཟུགས་བརྙན་ནི་ཞེས་བྱ་བ་ལ་སོགས་པས་ཀླུའི་གཟུགས་བརྙན་བྱ་བའི་ཐབས་བསྟན་ཏེ། ཆུ་བོའི་ངོས་གཉིས་ཀྱི་ཞེས་པ་ནི་འགྲམ་གཉིས་ཀྱིའོ། །ས་ནི་དེའི་འབྲེལ་པ་དང་ལྡན་པའི་ སའོ། །བདུད་རྩི་ལྔ་དང་ལྡན་པ་ནི་དེ་དང་འདྲེས་པའོ། །དེ་བཞིན་དུ་སྔར་བཤད་པའི་མངོན་སྤྱོད་ཀྱི་རྫས་ནི་ལན་ཚྭ་ལ་སོགས་པ་དང་འདྲེས་པའོ། །དུར་ཁྲོད་ཀྱི་མེ་ནི་དུར་ཁྲོད་ཀྱི་མེའི་འོབས་ལའོ། །གདུང་བ་ནི་གདུང་པར་བྱའོ། །དེ་ལྟར་བྱས་ན་ཀླུ་ནི་འཇོག་པོ་ལ་སོགས་པའོ། །ཆར་འབེབས་ པར་འགྱུར་རོ་ཞེས་པ་ནི་ཆར་ཆེན་པོ་འབབ་པར་འགྱུར་རོ། །ཀུན་དུ་ངེས་པར་སྒྲོགས་པའོ་ཞེས་པ་ནི་ནམ་མཁའ་མ་ལུས་ཁྱབ་པའོ། །རྡོ་རྗེའི་སྒྲ་ནི་མི་ཕྱེད་པའི་ཧ་ཧ་དགོད་པ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ་ཞེས་བྱ་བ་འདིས་ནི་འདོད་པའི་རྒྱལ་པོའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པ་ཉིད་ བསྟན་ཏོ། །མཐུ་ཆེན་པོ་དང་ལྡན་པའི་བགེགས་རྣམས་སོ་ཞེས་བྱ་བ་འདིས་ནི་མིག་འཕྲུལ་དང་ལྡན་པ་ཁྱབ་འཇུག་དང་དྲག་པོ་ལ་སོགས་པ་ཕྱོགས་སྐྱོང་བ་རྣམས་སོ། །དེ་འཆིང་བར་བྱེད་པས་ན་འགུགས་པར་བྱེད་པ་སྟེ་བཅིངས་པའི་དོན་བསྟན་ཏོ། །དེ་ཉིད་གཙོ་བོ་ཡིན་པས་ན་ཞེས་པ་ལ་ ཐུན་མོང་ཡིན་པའི་ལས་བྱེད་པས་སོ། །སྔགས་ཀྱི་བདག་ཉིད་ཅན་ཞེས་པ་ནི་བརྗོད་པར་བྱ་བ་དང་རྗོད་པར་བྱེད་པ་དབྱེར་མེད་པས་ཁྲོ་བོ་ནི་སྔགས་ཀྱི་བདག་ཉིད་ཅེས་བྱའོ། །ན་མ་ཞེས་བྱ་བ་ལ་སོགས་པའི་སྔགས་ཀྱི་དོན་བཤད་པ་ནི་གོ་སླའོ། །མིང་བཏུས་པ་ཞེས་པ་ནི་སྔགས་ཀྱི་ བརྡའོ། །དེ་ཡང་ཞེས་བྱ་བ་ལ་སོགས་པས་རྡོ་རྗེ་གཙུག་ཏོར་གྱི་རྒྱུད་ཚད་མ་ཉིད་དུ་བསྟན་ཏོ། །དེ་ནས་ཞེས་བྱ་བ་ལ་སོགས་པས་སྔགས་བཟླས་པ་དང་ཐོས་པ་ཙམ་གྱིས་གདུག་པ་རྣམས་འཇིགས་པ་དང་བཅས་པ་དང་། རྡོ་རྗེ་འཆང་ཆེན་པོ་རྗེས་སུ་དྲན་པར་འགྱུར་རོ་ཞེས་བསྟན་ཏོ། །རྡོ་རྗེ་སེམས་ དཔའ་ཞེས་བྱ་བ་ལ་སོགས་པས་གང་ཡང་རུང་བའི་རྫས་ཀྱིས་ལ་སོགས་པས་བསྒྲུབ་བྱའི་གཟུགས་བརྙན་བྲིས་ལ་དེའི་སྙིང་གའི་ཕྱོགས་སུ་མིང་སྤེལ་ནས། རྒྱལ་པོ་ལ་སོགས་པའ