Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 33

Văn bản gốc(Tây Tạng)

Trang 4 / 14 (50.000 ký tự/trang)
་པའོ་ཞེས་བྱ་བའི་དོན་ཏོ། །སྔགས་འདོན་པའོ་
ཞེས་པ་ནི་ཁྲོ་བོའི་ངག་གམ་རྡོ་རྗེའི་ངག་གིས་སྔགས་བརྗོད་པའོ། །ལག་པར་གནས་པའི་ཞེས་པ་ནི་གམ་དུ་གནས་པའོ། །བསྒྲུབ་པར་བྱ་སྟེ་ཞེས་བྱ་བ་ནི་གནོད་སྦྱིན་མོ་ལ་སོགས་པའོ། །བཟླས་པར་བྱ་བ་སྔགས་ཀྱི་དོན། །ཞེས་པ་ནི་རང་གི་སྔགས་དང་ཡི་གེ་ལས་མཐུན་པའོ། །བསམས་
ན་ནི་ཡིད་ཀྱིས་བསམས་པའོ། །རྣམ་པ་ཞེས་བྱ་བ་ལ་སོགས་པས་རྣམ་པར་སྣང་མཛད་ལ་སོགས་པའི་རང་བཞིན་ཡོངས་སུ་ཤེས་ནས་འདི་དག་ཐམས་ཅད་བསྒྲུབ་པར་བྱའོ་ཞེས་བསྟན་ཏོ། །སྐུའི་རང་བཞིན་མི་ཤེས་པས་རང་གི་དོན་ཡང་འགྲུབ་པར་མི་འགྱུར་གྱི་འཇིག་རྟེན་པ་ལ་སོགས་པའི་
དངོས་གྲུབ་འགྲུབ་པར་འགྱུར་རོ་ཞེས་སྨོས་ཅི་དགོས། དེ་ཉིད་ཀྱི་ཕྱིར་རང་བཞིན་ཡོངས་སུ་ཤེས་པ་ཉིད་ཀྱི་མཆོད་པ་ཡིན་གྱི་གཞན་ནི་མ་ཡིན་ནོ་ཞེས་བསྟན་ཏོ། །མཆོད་པས་མཆོད་ནས་ཞེས་པ་ནི། །དངོས་མེད་གོ་འཕང་ལ་གོམས་པས། །ལྷ་ཡི་གཟུགས་ནི་བསྒོམ་པ་སྟེ། །སངས་རྒྱས་

ཐམས་ཅད་རབ་མཉེས་པ། །དེས་ནི་མཆོད་པ་ཆེན་པོར་འདོད། །ཅེས་འབྱུང་ངོ་། །དེ་ལྟ་བུའི་རྣལ་འབྱོར་པས་བཤད་མ་ཐག་དུ་སྦྱོར་བའི་ཞེས་པ་ནི་དགུག་པ་བསྒྲུབ་པར་བྱའོ། །དེ་བཞིན་གཤེགས་པ་ཐམས་ཅད་དང་འབྲེལ་པ་ཞེས་པ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རང་
བཞིན་རྡོ་རྗེ་འཆང་ཆེན་པོས་གསུངས་པའོ། །སྦ་བར་བྱ་བ་དང་ཞེས་པ་ནི་བྱ་བ་ལ་སོགས་པའི་ཚུལ་ལ་བརྟེན་པའོ། །མཆོག་ཏུ་གྱུར་པ་ནི་སྦྱོར་བ་གཞན་ལ་ལྟོས་ནས་ཁྱད་པར་རོ། །བསྡུས་པར་གྱུར་པ་ཞེས་པ་ནི་ལྷ་ལ་སོགས་པ་འགུགས་པར་བྱེད་པས་སོ། །དེ་ཉིད་ཀྱི་ཕྱིར་རྣམ་པར་
སྣང་མཛད་ལ་སོགས་པའི་རྣལ་འབྱོར་པས་འདའ་བར་བྱ་བ་མ་ཡིན་པ་ཞེས་པ་ནི་ངེས་པར་བྱ་བའོ། །སྡུད་པ་པོའི་ཚིག་ཅེས་བྱ་བ་ལ་སོགས་པས་དགུག་པའི་རབ་ཏུ་བྱེད་པ་ཉེ་བར་བསྡུས་པ་བསྟན་ཏོ། །མི་སྟེ་ནི་སྲོག་ཆགས་ཐམས་ཅད་ཀྱི་མཆོག་ཡིན་པས་སོ། །དེ་རྣམས་ཀྱི་
ཞེས་བྱ་བ་ནི་དཔལ་རྡོ་རྗེ་བདུད་རྩི་ལས་གསུངས་པའི་རོ་ལངས་ཀྱི་ཆོ་གའི་སྒོ་ནས་དེ་ཉིད་ཀྱི་རང་གི་ལག་པས་སྦྱིན་པར་ཞེས་བྱའོ། །དེ་ཡང་མི་བསྐྱོད་པའི་རྣལ་འབྱོར་པས་སྔར་བཤད་པའི་ཁྲོ་བོའི་རྒྱལ་པོའི་གཏོར་མའི་ཆོ་གས་ཁྲོ་བོ་རྣམས་ལ་སྦྱིན་པར་བྱའོ། །དེ་ཉིད་བསྟན་པའི་
ཕྱིར། ཤི་བའི་རོ་ལས་བྱུང་བས་ན། །ཞེས་བསྟན་ཏོ། །གཏོར་མའི་ཆོ་ག་འདིས་མཁའ་ལ་སྤྱོད་པའི་དངོས་གྲུབ་ཐོབ་པར་འགྱུར་རོ། །དེ་ཉིད་བསྟན་པའི་ཕྱིར། རང་གི་ལུས་བསྒྲུབ་པར་བྱས་ནས་ནམ་མཁའ་ལ་གནས་པར་ཐོབ་པར་འགྱུར་རོ་ཞེས་བསྟན་ཏོ། །དེ་ཡང་ཁ་ན་མ་ཐོ་བ་
མེད་པ་ཞེས་བྱ་བ་ལ་སོགས་པས་གཏོར་མའི་ཆོ་ག་བསྟན་ཏེ་དེ་ཡང་སྔར་བཤད་ཟིན་ཏོ། །ཤ་ཆེན་ཞེས་བྱ་བ་ལ་སོགས་པས་ལྕགས་ཀྱུ་ལྔ་དང་བདུད་རྩི་ལྔ་འདྲེས་པར་བྱས་ནས་སྔགས་ཀྱིས་བྱིན་གྱིས་བརླབས་ལ་ཁྲོ་བོའི་རྒྱལ་པོ་རྣམས་ལ་གཏོར་མ་བྱིན་ན་རིག་པ་འཛིན་པའི་དངོས་
གྲུབ་ཐོབ་པར་འགྱུར་རོ་ཞེས་བསྟན་ཏོ། །གླང་པོ་ཞེས་བྱ་བ་ལ་སོགས་པས་གླང་པོ་དང་རྟ་དང་བ་ལང་དང་ཁྱིའི་ཤ་སྔར་བཤད་པའི་རིམ་པས་བླངས་ལ་སྔགས་དང་ཕྱག་རྒྱའི་རིམ་པས་སྦྱང་ཞིང་རིགས་པ་དང་མཐུན་པའི་ཁྲོ་བོའི་རྒྱལ་པོ་རྣམས་ལ་གཏོར་མ་བྱིན་ནས་མངོན་པར་ཤེས་

པ་ལྔ་དང་མི་སྣང་བ་དང་རྒྱལ་པོ་ལ་སོགས་པ་དགུག་པ་དང་མཁའ་སྤྱོད་ཀྱི་དངོས་གྲུབ་རྣམས་ཐོབ་པར་འགྱུར་རོ། །ཁ་ན་མ་ཐོ་བའི་ཤ་མེད་ན་ཞེས་བྱ་བ་ལ་སོགས་པས་ཆོ་ག་གཞན་ཡང་བསྟན་པར་བྱ་སྟེ། རྣམ་པར་སྣང་མཛད་ལ་སོགས་པའི་རྣལ་
འབྱོར་པ་རྣམས་ཀྱིས་དེ་མ་ཐག་ཏུ་བཤད་པའི་བག་ཕྱེ་ལ་སོགས་པའི་རང་བཞིན་གྱིས་མི་ལ་སོགས་པའི་གཟུགས་བརྙན་བྱས་ལ་མདུན་དུ་གཞག་སྟེ། རོ་ལངས་ཀྱི་ཆོ་གས་བླངས་ཏེ་དེ་རྣམས་ཀྱི་སྲོག་དང་བསྒྲུབ་བྱའི་སྲོག་གཅིག་ཏུ་བྱས་ཏེ། རང་འཕོ་བའི་རིམ་པས་སྲོག་དང་བྲལ་
བར་གྱུར་པར་བསམས་ལ། དེའི་ཡན་ལག་གིས་སྔར་བཤད་པའི་ཁྲོ་བོ་ལ་དབུལ་བའི་ཆོ་གས་ཁྲོ་བོའི་རྒྱལ་པོ་ལ་གཏོར་མ་བྱིན་ནས་མཁའ་སྤྱོད་ལ་སོགས་པའི་དངོས་གྲུབ་བསྒྲུབ་པར་བྱ་བའོ་ཞེས་བསྟན་ཏོ། །རྡོ་རྗེ་སྦྱོར་བ་ཞེས་བྱ་བ་ལ་སོགས་པས་ཇི་ལྟར་མངོན་པར་འདོད་པའི་
དངོས་གྲུབ་ཐོབ་པར་བསྟན་ཏོ། །ལུས་རྒྱས་པར་བྱ་བའི་ཕྱིར་ཞེས་བྱ་བ་ལ་སོགས་པ་བསྐྱེད་པའི་རིམ་པས་རྡོ་རྗེ་འཆང་ཆེན་པོའི་བསྒོམ་པ་མངོན་དུ་བྱས་ལ་རང་གི་སྤྱི་བོར་ཡི་གེ་ཧཱུཾ་ཡོངས་སུ་གྱུར་པ་ལས་རྡོ་རྗེ་སེམས་དཔའི་སྐུ་རང་གི་ཕྱག་རྒྱ་དང་སྙོམས་པར་ཞུགས་པའི་དབང་གིས་
བདུད་རྩིའི་རྒྱུན་འཛག་པར་བྱེད་པར་བསམས་ལ། དེའི་རྒྱུན་རྒྱུ་བས་སེམས་དཔའ་གསུམ་གྱི་བདག་ཉིད་ཀྱི་རང་གི་ལུས་རྩ་ཀུན་ལ་སྤྱོད་པའི་རིམ་པས་ཚིམ་པར་གྱུར་པར་བསམ་པར་བྱའོ་ཞེས་བསྟན་ཏོ། །ཡེ་ཤེས་ཀྱི་བདག་ཉིད་ཡིན་པས་ཡེ་ཤེས་ཀྱང་དེ་ཡིན་ལ་མི་ཕྱེད་པས་རྡོ་རྗེ་ཡང་
ཡིན་ཏེ། ཡེ་ཤེས་རྡོ་རྗེ་ནི་བྱང་ཆུབ་ཀྱི་སེམས་ཏེ་ཁམས་མཐའ་མའོ། །ཚིམ་པར་ནི་སྤྱོད་པ་ཞེས་བྱ་བ་ལ་སོགས་པས་ཉེ་བར་བསྡུས་པ་བསྟན་ཏོ། །དེ་ནི་ལས་ཀྱི་རྒྱལ་པོ་མཆོག་གི་ཏིང་ངེ་འཛིན་གྱི་ཕྱོགས་གཅིག་གོ། །རིགས་ཀྱི་དབྱེ་བས་ཞེས་བྱ་བ་ལ་སོགས་པས་བཟའ་བའི་བྱ་བ་
བསྟན་པས་ལས་ཀྱི་རྒྱལ་བ་མཆོག་གི་ཕྱོགས་གཅིག་བསྟན་ཏོ། །རིགས་ལྔའི་རྣལ་འབྱོར་པ་རྣམས་སོ་ཞེས་པ་ནི་རྣམ་པར་སྣང་མཛད་ལ་སོགས་པའི་སྒྲུབ་པ་པོ་རྣམས་སོ། །དེ་རྣམས་ཀྱི་ནང་ན་ཐུགས་ཀྱི་རིགས་མཆོག་ཡིན་པས་མཆོག་ནི་མི་བསྐྱོད་པའི་རིགས་ཞེས་བྱའོ། །དེར་གནས་

ནས་ཞེས་པ་ནི་རྣལ་འབྱོར་དེ་ལ་གནས་པའོ། །ཧཱུཾ་ཞེས་བྱ་བ་ལ་སོགས་པས་མི་བསྐྱོད་པའི་རྣལ་འབྱོར་པས་ཡི་གེ་ཧཱུཾ་ཡོངས་སུ་གྱུར་པ་ལས་ལྕེར་བསྒོམས་ལ། དེའི་སྟེང་དུ་ཁ་དོག་དཀར་པོའི་ཡི་གེ་ཧཱུཾ་ཡོངས་སུ་གྱུར་པ་ལས་ཕྲ་མོའི་རྡོ་རྗེ་རྣམ་པར་བསམས་ལ་སྒྲུབ་ཐབས་ལས་བཤད་པའི་
རིམ་པས་ལག་པ་ལ་དགོད་པ་ལྐོག་མ་དག་པ་སྔོན་དུ་འགྲོ་བར་བཟའ་བ་དང་བཏུང་བ་ལ་སོགས་པ་ཁྱད་པར་བྱའོ་ཞེས་ནང་གི་བདག་ཉིད་ཀྱི་སྦྱིན་སྲེག་གི་ཆོ་ག་བསྟན་པ་དང་། དེ་བཞིན་དུ་འོད་དཔག་ཏུ་མེད་པའི་དང་རྣམ་པར་སྣང་མཛད་ཀྱི་རྣལ་འབྱོར་པ་དག་གིས་རང་རང་གི་ཡིག་འབྲུ་
ཡོངས་སུ་གྱུར་པ་ལས་བསྐྱེད་པའི་ལྕེ་ལ་ཡི་གེ་ཨཱཿདང་། ཨོཾ་ཡོངས་སུ་གྱུར་པ་ལས་པདྨ་དང་འཁོར་ལོ་སྔ་མ་བཞིན་དུ་བཀོད་ལ། བཟའ་བ་དང་བཏུང་བ་ལ་སོགས་པ་སྔ་མ་བཞིན་སྤྱོད་པར་བཤད་དོ། །ཟས་སུ་བྱས་པའི་སྦྱོར་བས་ནི། །ཞེས་བྱ་བ་ལ་ནང་གི་བདག་ཉིད་ཀྱི་སྦྱིན་
སྲེག་ཆོ་གའི་མཚན་ཉིད་ཀྱིས་སོ། །ལུས་ལ་སོགས་པའི་ཤིན་ཏུ་སྦྱངས་པ་ཐོབ་ནས་ཞེས་བྱ་བ་ལ་སོགས་པས་ལུས་དང་ངག་དང་སེམས་ཀྱི་བདེ་བ་ཐོབ་ནས་རིམ་གྱིས་རྫོགས་པའི་རིམ་པ་བསྒོམས་པས། རྡོ་རྗེ་འཆང་ཆེན་པོ་དང་འདྲ་བར་འགྱུར་བའོ་ཞེས་སྟོན་ཏོ། །བདུད་རྩིར་
བྱེད་པའི་ཞེས་བྱ་བ་ལ་སོགས་པས་ཚིམ་པར་བྱ་བ་དང་བཟའ་བའི་ཆོ་ག་ཉེ་བར་བསྡུ་བ་བསྟན་ཏོ། །འདི་ཡང་ལས་ཀྱི་རྒྱལ་བ་མཆོག་གི་ཏིང་ངེ་འཛིན་གྱི་ཕྱོགས་གཅིག་བསྟན་ཏོ། །སྒྲ་ཇི་བཞིན་པའོ་ཞེས་པ་ནི་བསྐྱེད་པའི་རིམ་པའི་ཕྱོགས་གཅིག་ཏུ་གྱུར་པ་ལས་ཀྱི་རྒྱལ་བ་མཆོག་གི་
ཏིང་ངེ་འཛིན་སོ་སོར་བསྟན་པས་སོ། །རྣལ་འབྱོར་པའི་བྱ་བའི་ཞེས་བྱ་བ་ལ་སོགས་པས་འཁོར་ལོའི་རིག་པ་འཛིན་པ་ལ་སོགས་པའི་སྒོ་ནས་ཞི་བ་ལ་སོགས་པའི་དངོས་གྲུབ་བསྟན་ནས། །གང་གི་ཚེ་གོ་རིམས་དེ་རྣམས་ཀྱིས་རྫོགས་པའི་རིམ་པ་རྟོགས་པར་འགྱུར་ན། དེའི་ཚེ་
རྫོགས་པའི་རིམ་པ་ལ་གནས་པ་དེ་རྣམས་ཀྱིས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་སྒྲུབ་པའི་ཕྱིར་ཐབས་ནི་རྒྱུ་སྟེ་ལམ་དུ་བསྟན་ཏོ། །སྐུ་དང་གསུང་དང་ཐུགས་ཏེ་ཞེས་པ་ནི་སྣང་བ་ལ་སོགས་པའི་ཡེ་ཤེས་གསུམ་མོ། །དེ་གང་དུ་མཉམ་པར་ཐིམ་པར་གྱུར་པ་ཞེས་བྱ་བ་ནི་སྐད་ཅིག་མ་

གཅིག་གིས་མི་སྣང་བར་འགྱུར་བའོ། །དོན་དམ་པའི་བདེན་པ་ཞེས་པ་ནི་འོད་གསལ་བ་སྟེ་རིམ་པ་གཉིས་པ་དང་བཞི་བ་དག་གིས་ཐོབ་པར་བྱ་བའོ། །དེ་ཉིད་འཇིག་རྟེན་གྱི་དངོས་གྲུབ་ལ་ལྟོས་པས་འཇིག་རྟེན་ལས་འདས་པའི་རང་བཞིན་ཏེ་གྲུབ་མཆོག་གོ་ཞེས་པའོ། །དེར་ནི་
མཚོན་པའི་བདུན་པའོ། །དེས་ན་འོད་གསལ་བ་ཐོབ་པར་གྱུར་ནས་སྣང་བ་ཉེ་བར་ཐོབ་པ་ལ་སོགས་པའི་རིམ་པ་འམ་ཅིག་ཅར་དུ་རྡོ་རྗེའི་སྐུའམ་ཡེ་ཤེས་ཀྱི་སྐུ་བྱུང་བ་གང་ཡིན་པ་དེ་ནི་ཆོས་དང་ལོངས་སྤྱོད་དང་སྤྲུལ་པའི་སྐུའི་མཚན་ཉིད་ཅེས་བྱའོ། །དེ་ཉིད་མི་ཕྱེད་པས་ན་རྡོ་རྗེ་སྟེ་རྣལ་འབྱོར་པ་གང་གིས་
བསྒོམ་པ་དེ་ནི་རྡོ་རྗེ་འཆང་ཆེན་པོར་འགྱུར་རོ་ཞེས་ཕན་ཡོན་བསྟན་ཏོ། །དེས་སེམས་ལ་དམིགས་པ་དང་བདག་ལ་བྱིན་གྱིས་བརླབ་པ་དང་མངོན་པར་བྱང་ཆུབ་པ་དང་ཟུང་དུ་འཇུག་པའི་རིམ་པ་རྣམས་བསྟན་ཏོ། །དེ་ལྟར་ཞེས་བྱ་བ་ལ་སོགས་པ་དེ་ཁོ་ན་ཉིད་ཐོབ་པའི་རྣལ་འབྱོར་པས་
ཆོ་འཕྲུལ་ཐོབ་པར་བསྟན་ཏོ། །ཕྱོགས་བཅུ་ན་གནས་པའི་སེམས་ཅན་ཐམས་ཅད་ཅེས་པ་ནི་དངོས་གྲུབ་ཐོབ་པའི་རིག་པ་འཛིན་པའི་ནང་ནའོ། །ཡིད་བཞིན་ནོར་བུ་རྒྱལ་མཚན་འགྱུར་བས་ན་ཞེས་པ་ནི་བསམ་པ་ཐམས་ཅད་རྫོགས་པར་བྱེད་པའི་ཕྱིར་རོ། །དེ་བཞིན་དུ་འཇིག་རྟེན་
ལས་འདས་པའི་རྣམ་པར་སྨིན་པའི་སྐུ་དང་ལྡན་པས་རྡོ་རྗེའི་སྐུ་ཞེས་པའོ། །སྣང་བར་བྱེད་པ་ཞེས་བྱ་བ་ལ་སོགས་པས་ཟླ་བ་དང་ཉི་མའི་འོད་ལས་ལྷག་པར་གཟི་བརྗིད་དང་ལྡན་པར་འགྱུར་རོ་ཞེས་བསྟན་ཏོ། །དེ་ནི་རྡོ་རྗེ་འཆང་ཆེན་པོའི་དངོས་གྲུབ་ཡིན་ནོ། །རྣམ་པར་སྣང་མཛད་ཅེས་བྱ་བ་ལ་
སོགས་པས་དེ་ཁོ་ན་ཉིད་ཐོབ་པའི་བདག་ཉིད་ཀྱི་ཆེ་བ་བསྟན་པ་དང་། རྣམ་པར་སྣང་མཛད་ལ་སོགས་པའི་འཁོར་ལོའི་རིག་པ་འཛིན་པ་ལ་སོགས་པའི་དངོས་གྲུབ་ཐོབ་ནས་རྣམ་པར་སྣང་མཛད་ལ་སོགས་པ་དང་འདྲ་བའི་སྐུ་གསུང་ཐུགས་དང་ལྡན་པར་འགྱུར་རོ་ཞེས་བསྟན་ཏོ། །བཤད་
མ་ཐག་པའི་དངོས་པོ་ཐམས་ཅད་ནི་རིག་པ་འཛིན་པ་ལ་སོགས་པའི་སྐུ་རྫོགས་པའི་མཚན་ཉིད་ཀྱི་བསྒོམ་པ་གང་ཡིན་པ་རྒྱུ་དེ་རྣམས་ཀྱིས་བསྒྲུབས་པ་ནི་རྫོགས་པའོ། །གང་གཱའི་ཀླུང་གི་ཞེས་བྱ་བ་ལ་སོགས་པས་ཆོ་འཕྲུལ་གྱི་དབང་གིས་ཁམས་གསུམ་པ་མནན་པར་བསྟན་ཏོ། །མཁའ་འགྲོ་མ་

དང་མཁའ་འགྲོ་མ་ལ་སོགས་པའི་དམ་ཚིག་ཅེས་པ་ནི་ཕྱི་རོལ་གྱི་མུ་སྟེགས་པ་ལ་སོགས་པའི་དམ་ཚིག་རྣམས་སོ། །དེ་རྣམས་ཀྱིས་བདག་ཏུ་ལྟ་བ་ལ་སོགས་པ་མེད་པའི་ཕྱིར་དེ་རྣམས་ཀྱི་དམ་པའོ་ཞེས་པ་ནི་དེ་བཞིན་གཤེགས་པའི་དམ་ཚིག་སྟེ་བསྲུང་བར་བྱ་བ་དང་བཟའ་བར་བྱ་བ་ལ་
སོགས་པའོ། །དེ་རྣམས་ཀྱི་སྒྲུབ་པའི་ཞེས་པ་ནི་དེ་རྣམས་སྒྲུབ་པར་བྱེད་པའོ། །སྔགས་ཞེས་པ་ནི་ཡིག་འབྲུ་འམ་ཕྱུང་བའི་སྔགས་རྣམས་སོ། །དེ་འཛིན་པར་བྱེད་པས་ནི་རིག་པ་འཛིན་པ་སྟེ་ཞེས་པ་འདིས་སོ་སོར་རིག་པ་ཐོབ་པ་ཉིད་དུ་བསྟན་ཏོ། །དེ་རྣམས་ཀྱི་ཡང་གཙོ་བོར་འགྱུར་བའོ་
ཞེས་པ་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་མཁའ་འགྲོ་དང་མཁའ་འགྲོ་མ་རྣམས་ཀྱི་བདག་པོར་འགྱུར་ཏེ། སྟོན་པ་ཡིན་པ་དང་སྤྲུལ་པར་མཛད་པ་ཡིན་པའི་ཕྱིར་རོ། །རྡོ་རྗེའི་སྐུ་ནི་ཞེས་བྱ་བ་ལ་སོགས་པས་ཕྱི་དང་ནང་གི་མཁའ་འགྲོ་མ་ལ་སོགས་པའི་དངོས་གྲུབ་ཐོབ་པར་
འགྱུར་ན་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་པར་འགྱུར་བ་དང་། དེ་ཐོབ་པས་ལུས་ལ་སོགས་པ་མི་སྣང་བས་མི་མངོན་པའི་མཚན་ཉིད་ཀྱི་ཆོ་འཕྲུལ་འབྱུང་བ་དང་རང་གི་འོད་ཀྱིས་སྟོང་གསུམ་ལ་སོགས་པའི་འཇིག་རྟེན་གྱི་ཁམས་སྣང་བར་འགྱུར་བ་དང་ཇི་སྲིད་དེ་བཞིན་གཤེགས་པ་ཐམས་
ཅད་ཀྱི་ཡང་ཕུན་སུམ་ཚོགས་པ་ནི་བདག་ཉིད་ཆེ་བའི་ནུས་པ་ལེའུ་བཅུ་པ་ནས་གསུངས་པའི་སྙིང་པོ་བསྐུལ་བའི་རིམ་པས་འཕྲོག་པར་བྱེད་པ་དང་། དེ་བཞིན་དུ་བརྒྱ་བྱིན་ལ་སོགས་པ་ལྷའི་མཆོག་གདུལ་བར་བྱ་བའི་ཕྱིར་དེ་རྣམས་ཀྱི་བཙུན་མོ་སྟོབས་ཀྱིས་བཀུག་ནས་སྤྱོད་པ་དང་
སྙོམས་པར་འཇུག་པའི་རིམ་པས་རྡོ་རྗེ་རྣལ་འབྱོར་མའི་ངོ་བོར་བྱེད་པའོ་ཞེས་བསྟན་ཏོ། །གངྒཱའི་ཞེས་བྱ་བ་ལ་སོགས་པའི་ལྷའི་མིག་གིས་ཡུལ་དང་དུས་དང་རང་བཞིན་གྱིས་བསྐལ་བའི་དངོས་པོ་མཐོང་བར་བསྟན་ཏོ། །གངྒཱའི་ཀླུང་གི་ཞེས་བྱ་བ་ལ་སོགས་པས་ལྷའི་རྣ་བའི་དངོས་གྲུབ་
ཐོབ་པ་བསྟན་ཏོ། །འཇིག་རྟེན་གྱི་ཁམས་ཞེས་བྱ་བ་ལ་སོགས་པས་ཕ་རོལ་གྱི་སེམས་ཤེས་པ་ཉིད་བསྟན་ཏོ། །རང་བཞིན་བརྒྱ་དྲུག་ཅུའི་རྒྱུར་གྱུར་པ་ཞེས་པ་ནི་འདོད་ཆགས་ལ་སོགས་པའི་སེམས་ལས་བྱུང་བ་དང་ལྡན་པ་ཕ་རོལ་གྱི་རྣམ་པར་ཤེས་པ་གསུམ་ཤེས་པར་འགྱུར་རོ། །

དགེ་བ་དང་མི་དགེ་བའི་ལས་ཀྱི་དབང་གིས་ཞེས་བྱ་བ་ལ་སོགས་པས་འཇིག་རྟེན་སྣ་ཚོགས་ལས་བྱུང་ཞེས་བྱ་བའི་རིགས་པས་བདེ་འགྲོ་དང་ངན་འགྲོའི་རང་བཞིན་གྱི་འགྲོ་བ་ལྔའི་འཁོར་བ་དང་འཆི་འཕོ་དང་སྐྱེ་བ་ལ་སོགས་པ་འདས་པའི་ཞག་གསུམ་དང་འདྲ་བར་ཞེས་བྱ་
བའི་ཤིན་ཏུ་ཉེ་བའི་དུས་ཀྱི་དཔེས་སྔོན་གྱི་གནས་རྗེས་སུ་དྲན་པ་བསྟན་ཏོ། །གངྒཱའི་ཀླུང་ཞེས་བྱ་བ་ལ་སོགས་པས་རིགས་ལྔའི་རང་བཞིན་དེ་བཞིན་གཤེགས་པ་སྤྲོས་པས་ཚད་མེད་ཅིང་གྲངས་མེད་པའི་བསྐལ་པ་ལ་གནས་ཏེ་འགྲོ་བའི་དོན་བྱེད་པ་ཞེས་བྱ་བ་འདིས་ཆོ་འཕྲུལ་བསྟན་ཏོ། །འོད་གསལ་
བའི་འབྲེལ་པ་དང་ལྡན་པས་རྡོ་རྗེ་ཆོ་འཕྲུལ་མཆོག་དང་ལྡན་ནོ་ཞེས་བྱ་བ་འདིས་ཟག་པ་ཟད་པ་ཞེས་བྱ་བ་མངོན་པར་ཤེས་པ་དྲུག་པ་བསྟན་ཏོ། །རྡོ་རྗེ་སྤྱན་ཞེས་བྱ་བ་ལ་སོགས་པས་འོད་གསལ་བའི་དེ་ཁོ་ན་ཉིད་རྟོགས་པར་འགྱུར་ན་ལྷའི་མིག་ལ་སོགས་པ་ཐོབ་པར་འགྱུར་རོ་ཞེས་བསྟན་ཏོ། །འདི་
དག་གིས་ཞེས་བྱ་བ་ལ་སོགས་པས་རྩིས་མེད་ཅིང་ཚད་མེད་པའི་སེམས་ཅན་གྱི་ལས་ལ་རྩོལ་བ་དང་ལྡན་པས་གཞན་གྱི་དོན་ཕུན་སུམ་ཚོགས་པ་བསྟན་ཏོ། གངྒཱ་ཞེས་བྱ་བ་ལ་སོགས་པས་གྲངས་ལས་འདས་པ་ཕོ་ཉ་དང་ཕོ་ཉ་མོ་དང་བྲན་དང་བྲན་མོ་དང་བཀའ་ཉན་དང་བཀའ་ཉན་མོ་
ལ་སོགས་པ་མཆོད་པའི་ཡོ་བྱད་དུ་མ་དང་ལྡན་པས་ཡོངས་སུ་བསྐོར་ཞིང་མདུན་དུ་བྱས་པས་ཆོས་བསྟན་པའི་སྒོ་ནས་མཐའ་ཡས་པའི་འཇིག་རྟེན་གྱི་ཁམས་ན་བཞུགས་པར་འགྱུར་རོ་ཞེས་བསྟན་ཏོ། །འབྲས་བུའི་ཕྱོགས་གཅིག་ཅེས་པ་ནི་ཉེ་བར་མཚོན་པ་ཙམ་ཡིན་ཏེ། གཞན་དག་ཀྱང་
གནས་དང་གནས་མ་ཡིན་པའི་མཁྱེན་པའི་སྟོབས་ལ་སོགས་པའི་སྟོབས་བཅུ་དང་ས་བཅུ་དང་ཕ་རོལ་ཏུ་ཕྱིན་པ་དང་དབང་དང་སོ་སོ་ཡང་དག་པར་རིག་པ་དང་གཟུངས་དང་རྣམ་པར་ཐར་པ་དང་མི་འཇིགས་པ་དང་མ་འདྲེས་པའི་སངས་རྒྱས་ཀྱི་ཆོས་དང་ལྡན་པར་འགྱུར་རོ་ཞེས་བརྗོད་པར་
བྱའོ། །བཞུགས་པའི་ཚིག་ཅེས་བྱ་བ་ལ་སོགས་པས་གླེང་གཞིའི་ཚིག་ནས་བརྩམས་ཏེ་ལེའུ་བཅུ་གཉིས་པའི་ཐ་མལ་པའི་བསྒྲུབ་པ་ནི་བསྐྱེད་པའི་རིམ་པ་དང་མཆོག་གི་རྫོགས་པའི་རིམ་པ་སོ་སོར་བསྟན་པ་ནི་ཇི་ལྟར་འབྱུང་བ་བཤད་ནས་བསྐྱེད་པའི་རིམ་པ་ནི་ཏིང་ངེ་འཛིན་གསུམ་གཙོ་

བོར་གྱུར་པ་བསྒྲུབ་པ་ནི་སྐུ་བསྒྲུབ་པའི་དོན་དུ་ཡན་ལག་ནི་བསྙེན་པ་ལ་སོགས་པའི་མཚན་ཉིད་ཀྱི་ཡན་ལག་བཞི་ཡང་གསལ་བར་བྱ་བའི་ཕྱིར་ནི་རྒྱས་པར་བཤད་པའི་ཕྱིར་བསྟན་པར་བྱ་སྟེ། བསྙེན་ཅིང་དམིགས་པར་བྱ་བ་ཡིན་པས་ན་ཞེས་པ་ནི་མདོར་བསྟན་པའོ། །དེ་ལ་བསྡུས་པའི་དོན་ནི་འདི་ཡིན་
ཏེ། སྙིང་རྗེ་ཆེན་པོ་བསྒོམ་པ་སྔོན་དུ་འགྲོ་བར་གནས་གཟུང་བ་དང་བགེགས་བསྐྲད་པ་དང་། སྟོང་པ་ཉིད་བསྒོམ་པ་དང་ཡེ་ཤེས་ཀྱི་ས་གཞི་བསྒོམ་པ་དང་གཞལ་ཡས་ཁང་པ་བསྐྱེད་པ་དང་ལྷག་པར་མོས་པའི་དཀྱིལ་འཁོར་བསྒོམ་པ་དང་། དོན་དམ་པའི་དཀྱིལ་འཁོར་བསྒོམ་པ་སྟེ་བསྙེན་པའོ། །
དེ་ནས་ཡིག་འབྲུ་དགོད་པ་དང་དེ་ཡོངས་སུ་གྱུར་པ་ལས་ཉི་མ་དང་ཟླ་བ་དང་པདྨ་བསྒོམ་པ་དང་ཡི་གེ་གསུམ་དགོད་པ་དང་། དེ་ཡོངས་སུ་གྱུར་པ་ལས་ཟླ་བའི་དཀྱིལ་འཁོར་དང་། དེ་ལ་ཉི་མ་ལ་སོགས་པ་ཞུགས་པ་དང་དེའི་སྟེང་དུ་ཡིག་འབྲུ་དགོད་པ་ཞེས་བྱ་བ་ནི་ཉེ་བར་བསྒྲུབ་པའོ། །ས་བོན་ཡོངས་སུ་
གྱུར་པ་ལས་ཕྱག་མཚན་བསྒོམ་པ་དང་། དེ་ཡོངས་སུ་གྱུར་པ་ལས་སྐུ་རྫོགས་པ་དང་། ཡེ་ཤེས་སེམས་དཔའ་དང་ཏིང་ངེ་འཛིན་སེམས་དཔའ་བསྒོམ་པ་དང་ཕུང་པོ་དང་ཁམས་དང་སྐྱེ་མཆེད་བྱིན་གྱིས་བརླབ་པ་སྐུ་ལ་སོགས་པ་བྱིན་གྱིས་བརླབ་པ་ཞེས་པ་ནི་བསྒྲུབ་པ་སྟེ་དང་པོ་སྦྱོར་བའོ། །ཕྱག་
རྒྱ་ལེགས་པར་སྦྱངས་པ་དང་རྡོ་རྗེ་དང་པདྨ་སྙོམས་པར་ཞུགས་པ་དང་། རྗེས་སུ་ཆགས་པ་དང་མཆོད་པ་དང་བཛྲ་དྷྲྀཀ་ཅེས་བྱ་བ་ལ་སོགས་པས་ཕྱུང་བའི་སྔགས་ཀྱིས་མི་བསྐྱོད་པ་ལ་སོགས་པ་སྤྲོ་བ་དང་དེ་རྣམས་ཀྱིས་ཀྱང་འགྲོ་བའི་དོན་བྱ་བ་དང་། དབང་བསྐུར་བ་དང་རྒྱས་བཏབ་པ་སྟེ་
དཀྱིལ་འཁོར་རྒྱལ་བ་མཆོག་གོ། །ཕྲ་མོའི་རྣལ་འབྱོར་དང་བཟླས་པའི་ཆོ་ག་དང་བྱ་བ་བྱས་ནས་འོད་དུ་ཞུ་བ་དང་ལྷ་མོ་རྣམས་ཀྱིས་བསྐུལ་བ་དང་ལངས་པ་དེ་ལ་དེ་བཞིན་གཤེགས་པ་ལྔས་བསྟོད་པ་དང་ཚིམ་པའི་ཆོ་ག་དང་ནང་གི་སྦྱིན་སྲེག་དང་གཏོར་མ་དང་། མཆོད་པ་དག་དང་གཤེགས་
སུ་གསོལ་བ་དང་ཉལ་བ་སྟེ་བསྒྲུབ་པ་ཆེན་པོ་ནི་ལས་ཀྱི་རྒྱལ་བ་མཆོག་གོ། །དེ་ལྟར་བསྙེན་པ་ལ་སོགས་པའི་ཡན་ལག་བཞི་ཏིང་ངེ་འཛིན་གསུམ་གྱིས་བསྡུས་སོ། །དང་པོ་སྦྱོར་བ་ཡན་ལག་བཞིའི་བདག་ཉིད་ཀྱིས་བསྙེན་པ་དང་ཉེ་བར་བསྙེན་པ་དང་སྒྲུབ་པ་གསུམ་བསྡུས་པས་སོ། །དཀྱིལ་

འཁོར་རྒྱལ་བ་མཆོག་དང་ལས་ཀྱི་རྒྱལ་བ་མཆོག་དག་གིས་སྒྲུབ་པ་ཆེན་པོ་གཅིག་བསྡུས་སོ། །དེ་ཉིད་བསྟན་པའི་ཕྱིར་དེ་བཞིན་ཉིད་ནི་སྙིང་རྗེ་ཆེན་པོ་མངོན་དུ་འགྱུར་བ་སྔོན་དུ་འགྲོ་བས་བགེགས་བསྐྲད་པའི་འོག་ཏུ་སྟོང་པ་ཉིད་བསྒོམ་པ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ནས་
སའི་ཆ་ལ་སོགས་པ་ཡང་དག་པར་སྦྱངས་ཤིང་ཞེས་པ་ནི་ཡེ་ཤེས་ཀྱི་ས་གཞི་བསྐྱེད་པ་དང་གཞལ་ཡས་ཁང་པ་དབྱུང་བ་དང་ལྷག་པར་མོས་པའི་དཀྱིལ་འཁོར་དང་དོན་དམ་པའི་དཀྱིལ་འཁོར་བསྒོམ་པའོ། །ཉེ་བར་བསྡུ་བ་བཤད་པར་བྱ་སྟེ། སྟོང་པ་ཉིད་དམིགས་པ་ཞེས་པ་ནི་དོན་དམ་པའི་
དཀྱིལ་འཁོར་བསྒོམ་པའི་བར་དུ་ཡན་ལག་དང་པོ་སྟེ་བསྙེན་པ་ཞེས་བྱའོ། །ཉི་མ་ལ་སོགས་པ་དམིགས་པ་ཞེས་པ་ནི་དོན་དམ་པའི་དཀྱིལ་འཁོར་བསྒོམ་པའི་འོག་ཏུ་ཡིག་འབྲུ་དགོད་པ་དང་དེ་ཡོངས་སུ་གྱུར་པ་ལས་ཉི་མ་དང་ཟླ་བ་དང་པདྨ་བསྒོམ་པ་དང་། དེའི་སྟེང་དུ་ཡི་གེ་གསུམ་ཡོངས་སུ་
གྱུར་པ་ལས་ཟླ་བའི་དཀྱིལ་འཁོར་བསྒོམ་པ་དང་དེ་ལ་ཉི་མ་ལ་སོགས་པ་འཇུག་པ་དང་ཆོས་ཀྱི་དབྱིངས་ཀྱི་སྔགས་ཀྱིས་རང་གི་སེམས་སོ་སོར་རྟོག་པ་དང་། དེའི་སྟེང་དུ་ཡིག་འབྲུ་དགོད་པའོ། །དེ་ཉིད་བསྟན་པའི་ཕྱིར། དེ་ཉིད་སྔགས་རྣམ་པར་དགོད་པའི་མཐར་ཐུག་པ་འབྱུང་བ་ནི་ཞེས་བསྟན་ཏོ། །
ཉེ་བར་བསྒྲུབ་པ་འབྱུང་བ་སྟེ་གཉིས་པ་ནི་ཡན་ལག་གཉིས་པའོ། །སྒྲུབ་པ་ནི་སྐུ་བསྒྲུབ་པའོ། །ཉེ་བར་གཞག་པ་ནི་དམིགས་པའི་དོན་དུ་ཡིག་འབྲུ་ཡོངས་སུ་གྱུར་པ་ནས་ཕྱག་མཚན་བསྒོམ་པ་དང་སྐུ་བསྒྲུབ་པ་བསྟན་ཏོ། །གསོལ་བ་འདེབས་པ་ནི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་བྱིན་གྱིས་
བརླབ་པ་དང་སྐུ་ལ་སོགས་པ་བྱིན་གྱིས་བརླབ་པའོ། །མཉམ་པར་གྱུར་པ་ནི་མི་འདའ་བའི་ཕྱིར་ཡེ་ཤེས་སེམས་དཔའ་དང་ཏིང་ངེ་འཛིན་སེམས་དཔའི་བསྒོམ་པ་ཞེས་བྱའོ། །དེ་ཉིད་བསྟན་པའི་ཕྱིར། བསྒྲུབ་པའི་དོན་ནི་དབུས་ཀྱི་གཙོ་བོ་བསྐྱེད་པའི་མཚན་ཉིད་ཀྱི་རྣལ་འབྱོར་རོ། །དམ་ཚིག་ནི་
ཏིང་ངེ་འཛིན་སེམས་དཔའ་དང་ཡེ་ཤེས་སེམས་དཔའ་བསྒོམ་པའི་མཚན་ཉིད་དེ་རྗེས་སུ་རྣལ་འབྱོར་རོ། །སྔར་བཤད་པའི་གསོལ་བ་བཏབ་པ་ཡང་ཕུང་པོ་ལ་སོགས་པ་བྱིན་གྱིས་བརླབ་པ་ཤིན་ཏུ་རྣལ་འབྱོར་དང་། སྐུ་ལ་སོགས་པ་བྱིན་གྱིས་བརླབ་པ་ནི་རྣལ་འབྱོར་ཆེན་པོ་ཞེས་བསྟན་ཏོ། །དེ་ལྟར་

རྣལ་འབྱོར་བཞིའི་བདག་ཉིད་ཀྱི་དང་པོ་སྦྱོར་བས་བསྙེན་པ་དང་ཉེ་བར་བསྙེན་པ་དང་སྒྲུབ་པ་གསུམ་བསྡུས་སོ། །དེ་ནི་གསུམ་པ་སྟེ་སྒྲུབ་པའི་ཡན་ལག་གོ། །ལྷག་མ་ཞེས་བྱ་བ་ལ་སོགས་པས་དང་པོ་སྦྱོར་བ་ལ་ལྟོས་ནས་ཏིང་ངེ་འཛིན་གཉིས་པོ་གང་ཡིན་པ་དེ་གཉིས་ཀྱིས་སེམས་ཅན་གྱི་
ཁམས་ལ་དོན་འགྲུབ་པས་ན་སྒྲུབ་པ་ཆེན་པོ་ཞེས་བྱ་བ་ཡན་ལག་བཞི་པ་བསྟན་ཏོ། །དེ་ལྟར་ཡན་ལག་བཞི་པོ་ཞེས་བྱ་བ་ལ་སོགས་པས་དེ་བཞིན་གཤེགས་པ་རིགས་ལྔའི་དབྱེ་བ་བསྒོམས་པས་ཡོངས་སུ་ཤེས་ཏེ་འཆད་པར་འགྱུར་བ་ནི་ལེའུ་བཅུ་གསུམ་པ་ལ་སོགས་པ་ལས་ཞི་བ་ལ་
སོགས་པའི་ལས་ཀྱི་ཚོགས་དང་སྔར་བཤད་པ་ནི་ལེའུ་དགུ་པ་ལ་སོགས་པ་ལས་དམ་ཚིག་ལྔའི་སྒོམ་པ་ལ་སོགས་པ་རྣལ་འབྱོར་པས་བསྒྲུབ་པར་བྱའོ་ཞེས་བསྟན་ཏོ། །མདོར་བསྟན་པའོ་ཞེས་པ་ནི་བསྙེན་པ་ལ་སོགས་པ་མདོར་བསྡུས་པ་བཤད་པའོ། །མདོར་བསྟན་པ་ཞེས་བྱ་བ་ལ་
སོགས་པས་དེ་རྣམས་རྒྱས་པར་བཤད་པ་བསྟན་ཏོ། །བྱང་ཆུབ་ཀྱི་སེམས་ལ་དམིགས་པ་ནི་ཞེས་བྱ་བ་ནས་བསྒོམ་པར་བྱའོ་ཞེས་བྱ་བའི་བར་དུ་ནི་དོན་དམ་པའི་དཀྱིལ་འཁོར་བསྒོམ་པའི་མཐའི་བར་བསྙེན་པ་རབ་ཏུ་བསྟན་ཏོ། །ཉི་མ་ཞེས་པ་ནས་ཕྱག་རྒྱ་ཆེན་པོའི་གཟུགས་སུ་བསྐྱེད་པ་
ནས་ཞེས་པ་ནི་ཉེ་བར་བསྒྲུབ་པ་བསྟན་ཏོ། །ཕྱག་རྒྱ་ཆེན་པོ་གྲུབ་པའོ། །ཞེས་པ་ནས། སྔགས་ཀྱི་བདག་པོ་བསྒོམས་པ་ཡིས། །ཞེས་བྱ་བའི་བར་དུ་ནི་སྒྲུབ་པ་ཞེས་བྱ་བའི་ཡན་ལག་གསུམ་པ་བསྟན་ཏོ། །དེ་ཉིད་བསྟན་པའི་ཕྱིར། སྔགས་ཀྱི་ཡི་གེ་མ་ལུས་པར་བཀོད་ལ་ཞེས་སྨོས་ཏེ། ཕུང་པོ་
དང་ཁམས་དང་སྐྱེ་མཆེད་རྣམས་ལ་སའི་སྙིང་པོ་ལ་སོགས་པའི་ཡིག་འབྲུའི་ཚོགས་རྣམ་པར་བཀོད་ནས་སོ། །རྣམ་པར་སྣང་མཛད་ལ་སོགས་པ་ནས་གནོད་མཛེས་ཀྱི་བར་ཞེས་པ་ནི་སྐུའི་དཀྱིལ་འཁོར་གྱི་རང་བཞིན་ནོ། །དེ་རྣམས་ཀྱི་སྐྱེ་མཆེད་དེ་ཞེས་པ་ནི་གནས་ཏེ་གཞིའོ། །དེ་གང་
ཡིན་ཞེ་ན། གཟུགས་ཀྱི་ཕུང་པོ་ལ་སོགས་པ་ཞེས་བྱ་བ་ནི་དེ་ལ་ཕུང་པོ་རྣམས་ལ་ཨོཾ་ལ་སོགས་པ་ཡི་གེ་ལྔ་དང་སྐྱེ་མཆེད་ལ་ལྷ་ཐམས་ཅད་ལ་སོགས་པ་ཡི་གེ་བརྒྱད་པ་དང་། ཁམས་ལ་སོགས་པའི་ཡི་གེ་བཞི་དང་ཡན་ལག་དང་ཉིང་ལག་ཐམས་ཅད་ལ་གཤིན་རྗེ་མཐར་བྱེད་ལ་སོགས་

པའི་ཡིག་འབྲུ་རྣམས་དགོད་དོ། །རིམ་པ་གསུམ་གྱི་གོ་རིམས་ཀྱིས་ཞེས་པ་ནི་ཤིན་ཏུ་རྣལ་འབྱོར་གྱི་རིམ་པས་སོ། །རྒྱུ་དང་འབྲས་བུ་ཡོངས་སུ་ཤེས་ནས་ཞེས་པ་ནི་རྒྱུ་ནི་ཡིག་འབྲུ་རྣམས་སོ། །འབྲས་བུ་ནི་དེ་ལས་བྱུང་བའི་སྐུ་རྣམས་སོ། །ཡོངས་སུ་ཤེས་པ་
ཞེས་པ་ནི་དེ་ཡོངས་སུ་གྱུར་པ་ལས་མིག་ལ་སོགས་པ་དེ་རྣམས་ཀྱིས་མཚན་པར་ཤེས་ནས་སོ། །ཤིན་ཏུ་རྣལ་འབྱོར་གྱི་འོག་ཏུ་སངས་རྒྱས་སྐུ་འཛིན་ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པའི་སྒོ་ནས་སྤྱན་མ་ལ་སོགས་པས་བཀུག་པའི་རྣམ་པར་སྣང་མཛད་ལ་སོགས་པ་དང་རོ་གཅིག་
པར་གྱུར་པས་སྐུ་ལ་སོགས་པ་བྱིན་གྱིས་བརླབ་པ་སྟེ་རྣལ་འབྱོར་ཆེན་པོ་བསྟན་ཏོ། །དེས་ནི་ཡན་ལག་བཞི་པ་དང་པོ་སྦྱོར་བ་བསྟན་པ་ཡིན་ནོ། །སྒྲུབ་པ་ཆེན་པོ་ཞེས་བྱ་བ་ནས་སྒྲ་ཇི་བཞིན་པའི་བར་དུ་དཀྱིལ་འཁོར་རྒྱལ་བ་མཆོག་དང་ལས་ཀྱི་རྒྱལ་བ་མཆོག་སྟེ་སྒྲུབ་པ་ཆེན་པོ་བསྟན་
ཏོ། །རང་གི་ལྷག་པའི་སྦྱོར་བ་དང་ལྡན་པ་ཞེས་བྱ་བ་ལ་སོགས་པས་ཇི་ལྟར་འདོད་པའི་ལྷ་བསྒོམས་པས་ཡན་ལག་གསུམ་པའི་འོག་ཏུ་སྒྲུབ་ཐབས་ལས་གསུངས་པའི་རིམ་པས་ཕྱག་རྒྱ་ལེགས་པར་སྦྱངས་ཏེ་རྡོ་རྗེ་དང་པདྨ་བྱིན་གྱིས་བརླབས་ནས་སྙོམས་པར་འཇུག་པའི་གོང་དུ་རྗེས་སུ་
ཆགས་པའི་སྔགས་དང་མཆོད་པའི་སྔགས་བརྗོད་ལ་སྙོམས་པར་ཞུགས་པར་བྱ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་འཇུག་པ་སྔོན་དུ་འགྲོ་བ་བཛྲ་དྷྲྀཀ་ཅེས་བྱ་བ་ལ་སོགས་པའི་ཕྱུང་བའི་སྔགས་ཀྱིས་དཀྱིལ་འཁོར་པ་རྣམས་སྤྲུལ་ལ། དབང་བསྐུར་བ་དང་རྒྱས་གདབ་པར་བྱ་སྟེ། དངོས་གྲུབ་ཐོབ་པར་
འགྱུར་རོ་ཞེས་བྱ་བ་འདིས་ཕྲ་མོའི་རྣལ་འབྱོར་བཟླས་པ་དང་འོད་དུ་ཞུ་བ་དང་ལྷ་མོ་རྣམས་ཀྱིས་བསྐུལ་བ་དང་ལྡང་བ་དང་། དེ་བཞིན་གཤེགས་པ་རྣམས་ཀྱིས་བསྟོད་པ་དང་ཚིམ་པ་དང་ནང་གི་སྦྱིན་སྲེག་དང་མཆོད་པ་དང་གཏོར་མ་དང་གཤེགས་སུ་གསོལ་བ་དང་ཉལ་བར་བྱས་ནས་རྡོ་རྗེ་འཆང་
ཆེན་པོ་ཉིད་ཐོབ་པར་འགྱུར་རོ་ཞེས་བྱ་བ་འདིས་ཏིང་ངེ་འཛིན་གཉིས་ཀྱི་བདག་ཉིད་ཀྱི་སྒྲུབ་པ་ཆེན་པོ་བསྟན་ཏོ། །སྒྲ་ཇི་བཞིན་པའོ་ཞེས་པ་ནི་ཏིང་ངེ་འཛིན་གསུམ་གྱི་རང་བཞིན་གྱི་ཡན་ལག་བཞི་བསྟན་པའི་ཕྱིར་རོ། །དེ་ལྟར་ཞེས་བྱ་བ་ལ་སོགས་པས་བསྐྱེད་པའི་རིམ་པས་རྡོ་རྗེ་འཆང་ཆེན་

པོའི་སྐུ་བསྐྱེད་པ་བསྟན་ནས་རྫོགས་པའི་རིམ་པས་ཀྱང་བསྟན་པར་བྱ་སྟེ། གསང་བ་འདུས་པའི་རྒྱུད་ཕྱི་མ་ཞེས་བྱ་བ་ལ་སོགས་པས་རིམ་པ་གཉིས་ཀྱི་དབྱེ་བ་བསྟན་པར་བྱ་སྟེ། ཐུན་མོང་མཆོག་གི་དབྱེ་བ་ཡིས། །ཞེས་པ་ནི་བསྙེན་པ་རྣམ་པ་གཉིས་ཏེ། །ཐུན་མོང་གི་བསྙེན་པ་དང་། །
མཆོག་གི་བསྙེན་པའོ། །དེ་ལ་ཐུན་མོང་གི་བསྙེན་པ་ནི་རྡོ་རྗེ་བཞི་པོ་དེ་སྔར་བཤད་པའོ། །མཆོག་གི་བསྙེན་པ་ནི་ཡན་ལག་དྲུག་པའི་མཚན་ཉིད་དེ། ཡན་ལག་དྲུག་གི་ལ་བརྟེན་ནས་རྡོ་རྗེ་འཆང་ཆེན་པོ་རྫོགས་པར་འགྱུར་བས་སོ། །བསྙེན་ཅིང་ཐར་འདོད་པ་ཞེས་པ་ནི་རྡོ་རྗེ་འཆང་ཆེན་པོ་
རྫོགས་པའི་མཚན་ཉིད་ཀྱི་ཐར་པ་འདོད་པས་སློབ་པས་ན་བསྙེན་པའོ། །ཡོངས་སུ་དག་པའི་ལྷའི་སྐུ་ཞེས་པ་ནི་རྡོ་རྗེ་འཆང་ཆེན་པོའི་སྐུ་སྟེ་ཡེ་ཤེས་ཀྱི་སྐུའམ་རྡོ་རྗེའི་སྐུའོ། །ཡེ་ཤེས་ནི་རྫོགས་པའི་རིམ་པའོ། །དེ་ཉིད་བདུད་རྩི་སྟེ་བཅུད་ཀྱིས་ལེན་ཏེ་ཡན་ལག་དྲུག་གི་སྦྱོར་བའི་མཚན་ཉིད་
དེའི་རྒྱུར་གྱུར་པར་བྱའོ། །རྣམ་པ་ཐམས་ཅད་ཀྱི་བདག་ཉིད་ནི་ལུས་ངག་ཡིད་ཀྱིས་སོ། །དུས་ཐམས་ཅད་དང་ཞེས་པ་ནི་ཐུན་ཐམས་ཅད་དང་ཉིན་མོ་དང་མཚན་མོ་ལའོ། །སྤྱོད་ལམ་ཐམས་ཅད་དུའོ་ཞེས་པ་ནི་ལྡང་བ་འདུག་པ་དང་ཉལ་བའི་སྟེ་འཆག་པ་ཞེས་བྱ་བ་སྟེ་བཞི་ལའོ། །ཇི་སྐད་དུ།
གཅེར་བུའམ་ནི་གཅེར་བུ་མིན། །གང་དང་གང་དུ་ཇི་བཞིན་པས། །རང་གི་ལྷག་པའི་ལྷ་དམིགས་ནས། །དེ་ཉིད་གཅིག་པུ་བསམ་པར་བྱ། །ཞེས་འབྱུང་ངོ་། །འདི་ནི་ཞེས་བྱ་བ་ལ་སོགས་པས་རྣལ་འབྱོར་དྲུག་པོ་དེ་ཉིད་ཀྱིས་བསྙེན་པ་བྱའོ་ཞེས་བསྟན་ཏོ། །སྦྲུལ་ཞེས་བྱ་བ་ལ་སོགས་
པའོ་ཞེས་པ་ནི་སྦྲུལ་དང་མགོ་མེད་དང་མཐའ་མེད་དང་། བསྡུ་བ་ལ་སོགས་པ་སྟེ་མིང་བསྟན་ཏོ། །ལྷའི་དེ་ཁོ་ན་ཉིད་དོ་ཞེས་པ་ནི་སྔགས་ཀྱི་བརྗོད་བྱ་ལྷ་རྣམས་ཏེ་དོན་ཏོ། །དེ་བས་ན་ཡན་ལག་དྲུག་གི་རྣལ་འབྱོར་ཞེས་བྱ་བ་སྟེ་གང་གི་ཕྱིར་སྔགས་དང་ལྷའི་དེ་ཁོ་ན་ཉིད་ཀྱི་རང་བཞིན་དེ་བས་ན་
དེས་ནི་ཡན་ལག་དྲུག་གི་རྣལ་འབྱོར་གྱི་རིམ་པས་བསྙེན་པ་བྱའོ་ཞེས་པ་ནི་མཆོག་གི་བསྙེན་པ་བསྒོམ་པར་བྱའོ། །དེའི་ཞེས་བྱ་བ་ལ་སོགས་པས་རྒྱུད་ཕྱི་མ་ལས་ཚད་མ་ཉིད་དུ་བསྟན་ཏོ། །ཡན་ལག་དྲུག་ནི་སྔར་བཤད་པས་སོ། །བསྙེན་པ་ནི་རྫོགས་པའི་རིམ་པ་བསྒོམ་པར་བྱ་བའོ། །

མཆོག་ཏུ་སྒྲུབ་ནི་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་བསྒྲུབ་པར་བྱ་བའོ། །གཞན་དག་ནི་ཞེས་བྱ་བ་ལ་སོགས་པ་གལ་ཏེ་དེ་ལྟར་མི་ཕྱེད་ན་དེའི་ཚེ་དངོས་གྲུབ་མཆོག་ནི་རྡོ་རྗེ་འཆང་ཆེན་པོའི་དངོས་གྲུབ་ཐོབ་པར་མི་འགྱུར་ཏེ། རྫོགས་པའི་རིམ་པའི་ཐབས་གཞན་མེད་པའི་ཕྱིར་རོ། །སོ་སོར་སྡུད་ཅེས་
བྱ་བ་ལ་སོགས་པས་མདོར་བསྟན་པ་སྟེ། ཡན་ལག་དྲུག་པོ་ནི་དང་པོ་མདོར་བསྡུས་པའི་སྒོ་ནས་གསུངས་པའི་ཕྱིར་རོ། །བཤད་པར་བྱ་བའི་ཕྱིར་ཞེས་བྱ་བ་ལ་སོགས་པ་རྒྱུད་ཕྱི་མའི་ཚད་མས་ཚིགས་སུ་བཅད་པ་བཅུ་གཉིས་ཀྱིས་དེ་རྣམས་རྒྱས་པར་བསྟན་པར་བྱ་སྟེ། བཤད་པར་བྱ་བའི་ཕྱིར་ཞེས་པ་ལ་སོགས་པས་
ཡན་ལག་དྲུག་པོ་དེ་རྣམས་སྤྲོས་ནས་བཤད་པར་བྱ་སྟེ། དབང་པོ་དོན་བཅུ་རྣམས་ཀྱི་ཡང་། །ཞེས་བྱ་བ་ལ་སོགས་པས་དེ་ཉིད་དུ་སྟོན་པར་བྱེད་དེ། རྫོགས་པའི་རིམ་པའི་རྣལ་འབྱོར་པས་ཕྱག་རྒྱ་ཆེན་པོའི་སྐུ་ཅིག་ཅར་དུ་དམིགས་ལ་མིག་ལ་སོགས་པའི་དབང་པོའི་སྒོ་ནས་འདོད་པའི་ཡོན་
ཏན་ལྔ་ངན་པ་དང་འབྲིང་མཆོག་གི་དབྱེ་བས་གཅིག་ཏུ་བརྟགས་ལ་རྣམ་པར་སྣང་མཛད་ལ་སོགས་པ་དེ་བཞིན་གཤེགས་པའི་ཚོགས་རང་གི་ལུས་ཀྱི་དཀྱིལ་འཁོར་ལ་གནས་པ་མཆོད་པར་བྱ་ཞེས་མོས་པ་བྱས་ཏེ། དབང་པོ་གཉིས་སྦྱོར་བའི་ཏིང་ངེ་འཛིན་གྱིས་ཉེ་བར་སྤྱོད་པ་གང་ཡིན་
པ་དེ་ནི་སོ་སོར་སྡུད་པ་ཞེས་བྱ་བ་ཡན་ལག་དང་པོ་ཡིན་ཏེ་གཟུགས་ལ་སོགས་པ་རེ་རེ་སྤྱོད་པའི་ཕྱིར་རོ། །གང་གི་ཕྱིར་ཉན་ཐོས་པ་རྣམས་ཀྱིས་ཡུལ་རྣམས་ལ་སེམས་བཟློག་ཅིང་ནང་དུ་ཆུད་པ་ལ་སོགས་པ་གང་ཡིན་པ་དེ། དེ་རྣམས་ཀྱི་སོ་སོར་སྡུད་པ་ཡིན་ནོ། །དེའི་འོག་ཏུ་ཡུལ་དང་
དབང་པོའི་ཚོགས་དེ་རྣམས་གཅིག་ཏུ་བྱས་ཏེ། ལྔ་ཉིད་དུ་རྣམ་པར་བཞག་ནས་དེ་བཞིན་གཤེགས་པའི་ཡེ་ཤེས་ལྔའི་རང་བཞིན་འདི་དག་ཡིན་ནོ་ཞེས་རྟོགས་པ་གང་ཡིན་པ་དེ་ནི་བསམ་གཏན་ཞེས་བྱ་བ་ཡན་ལག་གཉིས་པའོ། །དེའི་དབྱེ་བ་ལྔ་སྟེ། རྟོག་པ་དང་། དཔྱོད་པ་དང་། དགའ་
བ་དང་། བདེ་བ་དང་། སེམས་རྩེ་གཅིག་པ་ཉིད་ཅེས་བྱའོ། །དེ་ལ་ཡུལ་ཉེ་བར་སྤྱོད་པའི་དུས་སུ་དབང་པོ་དང་ཡུལ་དང་རྣམ་པར་ཤེས་པ་གང་ཡིན་པ་དེ་དག་ཐམས་ཅད་དེ་བཞིན་གཤེགས་པ་ལྔའི་བདག་ཉིད་ཡིན་ནོ་ཞེས་རྟོག་པ་ནི་རྟོག་པ་སྟེ། མངོན་དུ་རྒྱུ་བ་ཡིན་པའི་ཕྱིར་རོ། །དེ་རྣམས་

ཡེ་ཤེས་ལྔའི་རང་བཞིན་ཡིན་ནོ་ཞེས་རྟོག་པ་ནི་དཔྱོད་པ་སྟེ། རགས་པའི་རྣམ་པར་རྟོག་པ་སྤངས་ནས་ཕྲ་བ་ཡིན་པས་སོ། །རྟོག་པ་དང་དཔྱོད་པ་གཉིས་མཆོག་ཏུ་འཛིན་པས་དེ་ཁོ་ན་ཉིད་ལ་མངོན་དུ་གྱུར་པ་ནི་བདག་ཡིན་ནོ་ཞེས་བསམས་ནས་དགའ་བའི་ཁྱད་པར་སྐྱེས་པ་གང་ཡིན་པ་དེ་ནི་
དགའ་བ་ཞེས་བྱ་བ་སྟེ་གསུམ་པ་སྟེ། སེམས་དང་བར་བྱེད་པའི་ཕྱིར་རོ། །སེམས་ཀྱི་བདེ་བ་དེ་ཐོབ་ནས་ལུས་ཀྱང་ཤིན་ཏུ་སྦྱང་བར་གྱུར་པ་གང་ཡིན་པ་དེ་ནི་བདེ་བའོ། །བདེ་བ་དང་ཡིད་བདེ་བ་ཡང་སྤངས་ནས་མིག་ལ་སོགས་པའི་རྣམ་པར་ཤེས་པ་དེ་དང་སྦྱོར་བ་སྟེ། ཤེས་པ་དང་ཤེས་བྱའི་
རང་བཞིན་ལྡོག་པ་རབ་ཏུ་ཞི་བ་ནམ་མཁའ་དང་མཚུངས་པ་འོད་གསལ་བ་ལ་གནས་པ་ཙམ་དུ་འཇུག་པ་གང་ཡིན་པ་དེ་ནི་སེམས་རྩེ་གཅིག་པ་ཞེས་བྱའོ། །དེ་ལ་བསྡུས་པའི་དོན་ནི་འདི་ཡིན་ཏེ་རྟོག་པ་དང་དཔྱོད་པ་ནི་རྟོག་པ་དང་བཅས་པ་ཡིན་པར་སྣང་བའི་ཡེ་ཤེས་སོ། །དགའ་བ་ནི་སྣང་བ་
མཆེད་པའི་ཡེ་ཤེས་སོ། །བདེ་བ་ནི་སྣང་བ་ཐོབ་པའི་ཡེ་ཤེས་སོ། །སེམས་རྩེ་གཅིག་པ་ཉིད་ནི་འོད་གསལ་བ་སྟེ་ཐམས་ཅད་སྟོང་པ་ཞེས་བྱ་བ་སྟེ་དེ་ཁོ་ན་ཉིད་དོ་ཞེས་དགོངས་པའོ། །དེ་ཡང་དམ་ཚིག་གི་ཕྱག་རྒྱ་ལ་སོགས་པ་དང་འབྲེལ་པས་བྱུང་བ་ཡིན་གྱི་གཞན་དུ་ནི་མ་ཡིན་ནོ། །ཐ་
མལ་པའི་ཡུལ་དུ་ཉེ་བར་སྤྱོད་ན་དེ་མི་སྐྱོ་བའི་ཕྱིར་རོ། །ཡུལ་གྱི་ཁྱད་པར་ཉེ་བར་སྤྱོད་པར་འགྱུར་བ་དེ་འབྱུང་བས་སོ། །དེ་ནི་ཡན་ལག་ལྔ་དང་ལྡན་པ་ཡན་ལག་གཉིས་པ་ཞེས་བྱའོ། །དེའི་འོག་ཏུ་ཐབས་དང་ཤེས་རབ་སྙོམས་པར་ཞུགས་པས་ཡན་ལག་ཐམས་ཅད་ཀྱི་ཚིགས་ལས་བྱང་ཆུབ་ཀྱི་
སེམས་ཀྱི་ཐིག་ལེ་སྤྲོས་ཏེ་སྙིང་ག་ལ་སོགས་པ་སྔགས་ཀྱི་ཐིག་ལེ་དེ་ཉིད་དམིགས་ལ་སྣའི་རྩེ་མོར་དཀྱིལ་འཁོར་བཞི་འཆར་བའི་དུས་སུ་གཡས་པ་ལ་སོགས་པའི་སྒོ་ནས་འབྱུང་བར་བསམས་ཏེ། དམར་པོ་ལ་སོགས་པའི་ཁ་དོག་དང་ལྡན་པ་རྒྱུན་མི་འཆད་པ། འཁྲུལ་འཁོར་བཞིན་དུ་
འཇུག་པ་དང་གནས་པ་དང་ལྡང་བའི་བདག་ཉིད་ཡན་ལག་མ་ཉམས་པའི་བཟླས་པ་ལ་སོགས་པ་གང་ཡིན་པ་དེ་ནི་སྲོག་དང་རྩོལ་བ་ཞེས་བྱ་བ་ཡན་ལག་གསུམ་པ་སྟེ། རླུང་གི་དེ་ཁོ་ན་ཉིད་ཀྱི་ངོ་བོ་ཡིན་པས་སོ། །པདྨའི་སྣ་རྩེ་ཞེས་བྱ་བ་ནི་ཉེ་བར་མཚོན་པ་སྟེ་རྡོ་རྗེའི་སྣ་རྩེ་ཡང་གཟུང་བར་

བྱ་སྟེ། སྒོམ་པ་པོ་རྣམས་ནི་བུད་མེད་དང་སྐྱེས་པའི་དབྱེ་བ་དང་ལྡན་པས་སོ། །དེའི་འོག་ཏུ་ཐིག་ལེ་དེ་ཉིད་ཀྱི་གཟུགས་སྲོག་དང་རྩོལ་བའི་རིམ་པ་ཉེ་བར་བསྡུས་པ། འགྲོ་བ་དང་འོང་བ་ཐམས་ཅད་མེད་པ་སྒོ་འགགས་པ་དབུས་མ་ལ་སེམས་ཙམ་ཞུགས་པ་དེ་
ཙམ་གྱི་གནས་སྐབས་ཀྱིས་བསྒོམ་པ་གང་ཡིན་པ་དེ་ནི་རྟོག་པ་དང་བཅས་པའི་རྣམ་པར་ཤེས་པ་འགགས་པ་འཛིན་པས་ནི་འཛིན་པ་ཞེས་བྱ་བ་ཡན་ལག་བཞི་པ་ཞེས་བྱའོ། །འཛིན་པ་ལ་སེམས་འཇུག་ན་ཕྱི་རོལ་གྱི་འབྱུང་བ་ཆེན་པོ་ལྔའི་རྣམ་པར་རྟོག་པ་སྤོང་བས་དེ་ཁོ་ན་ཉིད་ལས་མི་
སླུ་བའི་རྟགས་ལྔ་འབྱུང་བར་འགྱུར་ཏེ་མེའི་དུ་བ་བཞིན་ནོ། །དེ་ལ་ས་ཆུ་ལ་ཐིམ་པར་གྱུར་ན་སྨིག་རྒྱུའི་རྟགས་འབྱུང་བར་འགྱུར་རོ། །ཆུ་ལ་ས་ཐིམ་པ་སྨིག་རྒྱུ་འབྱུང་བ་སྟེ་དངོས་པོའི་ཆོས་ཡིན་ནོ། །མེ་ལ་ཆུ་ཐིམ་པས་དུ་བ་འབྱུང་བ་སྟེ་དངོས་པོའི་ཆོས་ཡིན་པས་སོ། །རླུང་ལ་མེ་ཐིམ་
པས་སྲིན་བུ་མེ་ཁྱེར་དང་འདྲ་བའི་སྣང་བའི་རྟགས་འབྱུང་བའོ། །རླུང་དང་མེ་ཕྲད་པར་འབར་བ་འབྱུང་བ་ཞེས་དངོས་པོའི་ཆོས་ཡིན་ནོ། །སྲིན་བུ་མེ་ཁྱེར་ནི་འབར་བས་གསལ་བའི་གཟུགས་ཅན་སྲིན་བུ་དང་བཅས་པའོ། །རྣམ་པར་ཤེས་པའི་ཁམས་ལ་རླུང་ཐིམ་ན་མར་མེ་ལྟ་བུའི་
རྟགས་འབྱུང་བ་སྟེ། སྣང་བ་གསུམ་ནི་གསལ་བའི་རང་བཞིན་ཡིན་པས་སོ། །རང་བཞིན་དང་སྣང་བ་འོད་གསལ་བ་ལ་ཐིམ་ན་འབའ་ཞིག་དྲི་མ་མེད་པ་མཐའ་ཡས་པ་སྤྲིན་མེད་པའི་ནམ་མཁའ་དང་འདྲ་བ་ཐམས་ཅད་སྟོང་པའི་དེ་ཁོ་ན་ཉིད་འབྱུང་ངོ་ཞེས་རྟགས་ལྔས་མྱ་ངན་ལས་
འདས་པ་འོད་གསལ་བའི་གོ་འཕང་ཐོབ་པར་བྱེད་པའོ། །འདི་ལས་དང་མཐའ་རྣམ་པར་འབྱེད་པའི་ཐེག་པ་ཆེན་པོའི་མདོའི་ཚད་མས། དང་པོ་ས་ནི་ཆུར་ཐིམ་ཞིང་། །ཞེས་བྱ་བ་ལ་སོགས་པས་གསལ་བར་བྱས་སོ། །དེའི་འོག་ཏུ་རྟགས་ལྔ་མཚོན་པར་གྱུར་ན་འོད་གསལ་བ་ལ་
འཇུག་པས་ཆད་པའི་ཕྱོགས་འདི་ཡིན་ཞེས་ཤེས་ནས་དེ་སྤོང་བའི་ཕྱིར་རིམ་པ་འདི་ཉིད་ཀྱིས་ཐིག་ལེ་དེ་ལས་མཐའ་ཡས་པའི་དེ་བཞིན་གཤེགས་པ་སྤྲོས་ཤིང་མཐའ་ཡས་པའི་ནམ་མཁའི་ཁམས་ཁྱབ་པ་གང་ཡིན་པ་དེ་ནི་ཏིང་ངེ་འཛིན་ཞེས་བྱ་བ་རྗེས་སུ་དྲན་པ་ཡན་ལག་ལྔ་པ་སྟེ་འོད་

གསལ་བའི་རྗེས་ལ་དྲན་པའི་ཕྱིར་རོ། །རྟག་པའི་ཕྱོགས་འདི་ཡིན་ནོ་ཞེས་བྱ་བ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རང་བཞིན་མི་གནས་པའི་མྱ་ངན་ལས་འདས་པའི་ངོ་བོ་སྐུ་འཛིན་པ་གང་ཡིན་པ་དེ་ནི་ཏིང་ངེ་འཛིན་ཞེས་བྱ་བ་ཡན་ལག་དྲུག་པ་ཞེས་བྱའོ། །དེས་ན་བསྡུས་པའི་དོན་འདི་ལྟ་སྟེ་
སོ་སོར་བསྡུས་པ་དང་བསམ་གཏན་དག་ནི་སེམས་རྣམ་པར་དག་པའི་རིམ་པས་བསྡུས་སོ། །སྲོག་དང་རྩོལ་བ་ནི་རྡོ་རྗེ་བཟླས་པའི་རིམ་པས་སོ། །འཛིན་པ་ནི་མངོན་པར་བྱང་ཆུབ་པའི་རིམ་པས་སོ། །རྗེས་སུ་དྲན་པ་ནི་བདག་ལ་བྱིན་གྱིས་བརླབ་པའི་རིམ་པས་སོ། །ཏིང་ངེ་འཛིན་ནི་
ཟུང་དུ་འཇུག་པའི་རིམ་པ་བསྡུས་སོ་ཞེས་ཡན་ལག་དྲུག་གི་རྣལ་འབྱོར་ནི་རིམ་པ་ལྔའི་བདག་ཉིད་ཡིན་ནོ་ཞེས་ཤེས་པར་བྱའོ། །དཔལ་སྒྱུ་འཕྲུལ་དྲ་བ་ཞེས་བྱ་བ་ལ་སོགས་པས་ལུང་ཚད་མ་ཉིད་དུ་བསྟན་ཏོ། །རྣལ་འབྱོར་རྣམས་ཞེས་བྱ་བ་ནི་དམ་བཅའ་བའོ། །བྱིན་གྱིས་རླབ་
དང་། ཞེས་བྱ་བ་ལ་སོགས་པ་མདོར་བསྟན་ཏོ། །བྱིན་རླབས་ཙམ་གྱིས་ང་རྒྱལ་བསྐྱེད། །ཅེས་བྱ་བ་ལ་སོགས་པས་རྒྱས་པར་བཤད་པར་བྱ་བའོ། །དེ་ལ་ལྷག་པར་མོས་པའི་དཀྱིལ་འཁོར་དུ་ལྷའི་ང་རྒྱལ་གྱི་སྒོ་ནས་རྡོ་རྗེ་འཆང་ལ་སོགས་པ་བསྒོམ་པ་གང་ཡིན་པ་དེ་ནི་བྱིན་གྱིས་
བརླབ་པའི་རྣལ་འབྱོར་རོ། །ཟླ་བ་དང་རྡོ་རྗེ་ལ་སོགས་པའི་མངོན་པར་བྱང་ཆུབ་པ་ལྔའི་རིམ་པས་སྐུ་བསྐྱེད་པ་ནི་རྟག་པའི་རྣལ་འབྱོར་རོ། །བདག་ལ་བྱིན་གྱིས་བརླབ་པའི་རིམ་པ་འམ་ཟུང་དུ་འཇུག་པའི་རིམ་པས་སྐུ་བྱུང་བ་གང་ཡིན་པ་དེ་ནི་རྫོགས་པའི་རྣལ་འབྱོར་ཞེས་བྱའོ། །
དེ་བས་ན་རྣལ་འབྱོར་གཉིས་ནི་བསྐྱེད་པའི་རིམ་པའི་ཡན་ལག་དང་གཅིག་ནི་རྫོགས་པའི་རིམ་པའི་ཡན་ལག་ཅེས་བྱའོ། །དེ་བཞིན་དུ་རྣམ་པར་སྣང་མཛད་མངོན་པར་བྱང་ཆུབ་པ་ཞེས་བྱ་བའི་ཚད་མས་བརྟགས་པ་དང་ཡོངས་སུ་དག་པའི་དབྱེ་བས་ལྷའི་སྐུ་རྣམ་པ་གཉིས་སུ་བསྟན་ཏོ། །
དེ་ལ་ཞེས་བྱ་བ་ལ་སོགས་པས་ཡེ་ཤེས་ཀྱི་སྐུ་དང་རྡོ་རྗེའི་སྐུ་སྒྱུ་མ་ལ་སོགས་པའི་རང་བཞིན་དང་ཀུན་རྫོབ་དང་དོན་དམ་པ་དབྱེར་མེད་པའི་ངོ་བོ་ཡོངས་སུ་དག་པའི་བདག་ཉིད་རྒྱས་པར་བསྟན་ཏོ། །ཡོངས་སུ་མ་དག་པ་ཞེས་བྱ་བ་ལ་སོགས་པས་མཚན་མ་དང་བཅས་པ་ས་བོན་ཡོངས་

སུ་གྱུར་པ་ལས་སྐྱེས་པ་དབྱིབས་དང་ཁ་དོག་ལ་སོགས་པ་དང་ལྡན་པ་བརྟགས་པའི་རྣལ་འབྱོར་རྒྱས་པ་བསྟན་ཏོ། །དེ་ལ་ཞེས་པ་ནི་ངེས་པར་གཟུང་བ་ལའོ། །རྣམ་པ་གཉིས་ནི་དབྱེ་བ་གཉིས་ཀྱིས་སོ། །ལྷའི་གཟུགས་ནི་རྡོ་རྗེ་འཆང་ལ་སོགས་པའི་གཟུགས་སོ། །
བྱ་བ་གཉིས་ནི་འབྲས་བུ་གཉིས་འགྲུབ་པའོ། །མཚན་མ་བཅས་པས་ཞེས་པ་ནི་རྡོ་རྗེ་དང་ཟླ་བ་ལ་སོགས་པ་ལས་སྐྱེས་པའི་གཟུགས་ཀྱིས་སོ། །མཚན་མ་དང་བཅས་པའོ་ཞེས་པ་ནི་རྟོག་པ་དང་བཅས་པ་སྟེ་ཞི་བ་ལ་སོགས་པའི་མཚན་ཉིད་ཅན་གྱི་དངོས་གྲུབ་སྐྱེ་བར་འགྱུར་རོ། །མཚན་
མ་མེད་པ་ཞེས་པ་ནི་ཡེ་ཤེས་ཀྱི་སྐུའི་མཚན་ཉིད་དམ་རྡོ་རྗེའི་སྐུའི་མཚན་ཉིད་དོ། །མཚན་མ་མེད་པ་ནི་སྒྱུ་མ་ལྟ་བུ་དང་འོད་གསལ་བ་སོ་སོར་རྟོག་པའི་བདག་ཉིད་ཀྱི་དངོས་གྲུབ་འབྱུང་བར་འགྱུར་ཏེ། དེ་བས་མཚན་མ་མེད་པས་ཞེས་པ་ནི་འོད་གསལ་བའི་ཏིང་ངེ་འཛིན་ལ་དམིགས་
ནས་སོ། །མཚན་མ་དང་བཅས་པས་ནི་ཞི་བ་ལ་སོགས་པའི་དངོས་གྲུབ་འབྱུང་བར་འགྱུར་ཏེ། དེ་ཁོ་ན་ཉིད་ལ་འཇུག་པའི་འབད་རྩོལ་མེད་པས་ཞི་བ་ལ་སོགས་པ་འགྲུབ་པའི་ཕྱིར་རོ། །བརྟགས་པའི་རྣལ་འབྱོར་གྱིས་འབད་རྩོལ་གྱིས་འགྲུབ་པོ་ཞེས་བྱ་བའོ། །དེ་བས་ན་རྣམ་པ་
ཐམས་ཅད་དུ་ནི་རྩོལ་བ་ཐམས་ཅད་ཀྱིས་མཚན་མ་མེད་པ་ནི་རྫོགས་པའི་རིམ་པའི་ཏིང་ངེ་འཛིན་བསྟེན་པར་བྱ་བ་ནི་བསླབ་པར་བྱ་བའོ། །དགོངས་པས་བཤད་པ་ཞེས་པ་ནི་ཡེ་ཤེས་བདུད་རྩི་ལ་སོགས་པ་འགལ་བའི་སྒྲའི་སྒོ་ནས་ཡན་ལག་དྲུག་གི་རྣལ་འབྱོར་གྱི་མཚན་ཉིད་ཅན་གྱི་དེ་ཁོ་ན་ཉིད་
སོ་སོར་བསྟན་པས་སོ། །དེ་ལྟར་ཞེས་བྱ་བ་ལ་སོགས་པས་རིམ་པ་གཉིས་སྒོམ་པར་བྱེད་པའི་གནས་ཀྱི་ཕུན་སུམ་ཚོགས་པ་བསྟན་ཏོ། །དྲང་བའི་དོན་ཏོ་ཞེས་པ་ནི་སྐྱེ་བོས་དབེན་པའི་གནས་ཙམ་བསྟན་པས་སོ། །མེ་ལོང་ལྟ་བུ་ལ་སོགས་པ་ཡེ་ཤེས་ལྔའི་དགོན་པ་ཆེན་པོ་ལ་སོགས་པ་
ཡིན་ཏེ། དེ་ལ་གནས་ནས་དེ་ཐོབ་པར་བྱ་བའི་ཕྱིར་བསྒྲུབ་པར་བྱའོ། །དེས་པའི་དོན་ཏོ་ཞེས་པ་ནི་རྫོགས་པའི་རིམ་པ་བསྟན་པས་སོ། །དེ་ལྟར་ཞེས་བྱ་བ་ལ་སོགས་པས་གནས་བསྟན་པར་བྱས་ནས་རིམ་པ་གཉིས་སྒོམ་པར་བྱེད་པའི་སྒྲུབ་པ་བསྟན་པར་བྱ་སྟེ། ཕྱག་རྒྱ་ཆེན་པོའི་གཟུགས་གང་

གིས་སྒྲུབ་པ་དེ་ནི་སྒྲུབ་པ་སྟེ་བསྙེན་པ་ལ་སོགས་པའི་ཡན་ལག་བཞི་དང་སྟོང་པ་བཞིའི་བདག་ཉིད་ཅན་གྱི་སེམས་རྣམ་པར་དག་པའི་རིམ་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཞེས་བྱ་བའི་ཐ་ཚིག་གོ། །འདུས་པའི་རྒྱུད་ཕྱི་མ་ལ་ཞེས་བྱ་བ་ལ་སོགས་པས་ལུང་ཚད་མ་ཉིད་བསྟན་ཏོ། །དང་པོ་སྟོང་ཉིད་བྱང་
ཆུབ་སྟེ་ཞེས་བྱ་བ་ནི་གནས་བཟུང་བ་ནས་དོན་དམ་པའི་དཀྱིལ་འཁོར་བསྒོམ་པའི་བར་དུ་སྟོང་པ་ཞེས་བྱ་བའི་ཡན་ལག་དང་པོ་སྟེ་བསྙེན་པའོ། །གཉིས་པ་ས་བོན་བསྡུས་པའོ། །ཞེས་པ་ནི་དེའི་འོག་ཏུ་ས་བོན་ཡོངས་སུ་གྱུར་པ་ལས་ཉི་མ་ལ་སོགས་པ་ཟླ་བའི་དཀྱིལ་འཁོར་ལ་འཇུག་སྟེ། ཡང་
ཡི་གེ་གསུམ་དགོད་པའི་མཐའི་བར་དུ་གཉིས་པ་སྟེ་ཉེ་བར་སྒྲུབ་པའོ། །ཡིག་འབྲུ་ལས་བྱུང་བའི་ཕྱག་མཚན་ལས་སྐྱེས་པའི་རྡོ་རྗེ་འཆང་གི་ཡེ་ཤེས་སེམས་དཔའ་དང་། ཏིང་ངེ་འཛིན་སེམས་དཔའ་དགོད་པ་དང་མིག་ལ་སོགས་པ་བྱིན་གྱིས་བརླབ་པ་དང་། སྐུ་ལ་སོགས་པ་བྱིན་གྱིས་
བརླབ་པའི་བར་དུ་སྐུ་བསྒྲུབ་པ་ཞེས་བྱ་བ་ཡན་ལག་གསུམ་པ་དེ་སྒྲུབ་པའོ། །དེའི་འོག་ཏུ་ཕྱག་རྒྱ་ལེགས་པར་སྦྱངས་པ་སྔོན་དུ་འགྲོ་བས་བཛྲ་དྷྲྀཀ་ཅེས་བྱ་བ་ལ་སོགས་པས་ཕྱུང་བའི་སྔགས་ཀྱིས་བསྐྱེད་པ་ཐུགས་རྡོ་རྗེ་འཆང་ལ་སོགས་པ་སྤྲོ་བ་ཕྲ་མོའི་རྣལ་འབྱོར་དང་བཟླས་པ་ལ་སོགས་
པའི་མཚན་ཉིད་ལྷག་མ་དཀྱིལ་འཁོར་རྒྱལ་བ་མཆོག་དང་ལས་ཀྱི་རྒྱལ་བ་མཆོག་ཅེས་བྱ་བ། ཡི་གེ་དགོད་པ་སྟེ་ཡན་ལག་བཞི་པ་སྒྲུབ་པ་ཆེན་པོ་ཞེས་བཤད་དོ། །དྲང་བའི་དོན་ཏོ་ཞེས་པ་ནི་རྡོ་རྗེ་བཞིའི་རིམ་པས་དང་པོ་སྦྱོར་བ་ལ་སོགས་པ་དང་ཏིང་ངེ་འཛིན་གསུམ་གྱི་བདག་ཉིད་ཀྱི་
བསྐྱེད་པའི་རིམ་པ་བསྟན་པའི་ཕྱིར་རོ། །མཆོག་གི་སྒྲུབ་པ་ཞེས་བྱ་བ་ལ་སོགས་པས་རྫོགས་པའི་རིམ་པའི་རྣལ་འབྱོར་པ་རྣམས་ཀྱིས་སྟོང་པ་བཞི་ལ་དམིགས་ནས་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་ཐོབ་པར་འགྱུར་རོ་ཞེས་བསྟན་ཏོ། །བརྟུལ་ཞུགས་བརྟན་པ་ཞེས་བྱ་བ་ལ་སོགས་
པའི་མཆོག་གི་སྒྲུབ་པའི་རིམ་པས་རྡོ་རྗེ་བཞི་བསྒོམ་ཞིང་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་པར་འགྱུར་རོ་ཞེས་བསྟན་ཏོ། །ངེས་པའི་དོན་ཏོ་ཞེས་བྱ་བ་ནི་སེམས་རྣམ་པར་དག་པའི་རིམ་པ་བསྟན་ཏོ། །དུས་བཞི་ཞེས་བྱ་བ་ལ་སོགས་པས་སྤྲོས་པ་དང་བཅས་པའི་སྤྱོད་པ་དང་ལྡན་པའི་རྣལ་འབྱོར་

པས་ལྷའི་ཁང་པ་སུམ་བརྩེགས་ཀྱི་འོག་ཏུ་རྣམ་པ་སྣ་ཚོགས་ཀྱི་ཁ་ཟས་ལ་སོགས་པ་བཞག་སྟེ། བར་ཁང་ལ་རྣམ་པ་སྣ་ཚོགས་པའི་རོལ་མོ་མཁན་ལ་སོགས་པ་བཞག་ནས་སྟེང་ཁང་ལ་སྟན་འཇམ་པོ་ལ་འདུག་ལ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་དམ་ཚིག་གི་ཕྱག་
རྒྱ་དགུ་སྤྱན་མ་ལ་སོགས་པ་དང་གཟུགས་རྡོ་རྗེ་མ་ལ་སོགས་པའི་ངང་ཚུལ་ཅན་དུ་བྱས་ནས་ཤར་ལ་སོགས་པའི་ཕྱོགས་བཞི་དང་མཚམས་རྣམས་སུ་གོ་རིམས་ཀྱིས་བཀོད་ལ་རེག་བྱ་རྡོ་རྗེ་མའི་རང་བཞིན་གྱི་དམ་ཚིག་གི་ཕྱག་རྒྱ་རང་གིས་འཁྱུད་ཅིང་རྡོ་རྗེ་དང་པདྨ་ལེགས་པར་སྦྱངས་པ་སྔོན་དུ་འགྲོ་
བས་འདོད་པའི་ཡོན་ཏན་ལྔ་མྱོང་ཞིང་སྙོམས་པར་འཇུག་པའི་དབང་གིས་བདེ་བ་ཆེན་པོ་མངོན་དུ་བྱས་ལ། ཇི་སྲིད་ཚེ་འདི་ཉིད་དུ་ཡུན་རིང་མ་ཡིན་པས་རྡོ་རྗེ་འཆང་ཆེན་པོའི་དངོས་གྲུབ་ཐོབ་པར་འགྱུར་བ་དེ་སྲིད་དུ་གནས་པར་བྱའོ་ཞེས་བསྟན་ཏོ། །དེ་ལྟར་ཞེས་བྱ་བ་ལ་སོགས་པས་ཡོ་བྱད་
ཕུན་སུམ་ཚོགས་པ་དང་བཅས་པའི་ལྷ་མོ་དགུ་ལེགས་པར་བསླབས་པ་དང་ལྷན་ཅིག་ཏུ་སྤྱོད་པ་བརྩོན་པ་དང་ལྡན་པའི་རྣལ་འབྱོར་པས་དུས་ཀྱི་དབྱེ་བས་དངོས་གྲུབ་ཐོབ་པ་བསྟན་ཏོ། །དབང་པོ་རབ་ཀྱིས་ཞེས་པ་ནི་རིན་པོ་ཆེ་ལྟ་བུའི་གང་ཟག་གིས་ཞག་བདུན་གྱིས་དངོས་གྲུབ་ཐོབ་པར་
བསྟན་ཏོ། །དབང་པོ་འབྲིང་ནི་པདྨ་ལྟ་བུ་སྟེ་དེས་ཟླ་ཕྱེད་ཀྱིས་སོ། །དབང་པོ་ཐ་མ་ནི་པདྨ་དཀར་པོ་དང་ཨུཏྤ་ལ་ལྟ་བུ་སྟེ་དེ་དག་གིས་ཟླ་བའམ་ཟླ་བ་ཕྱེད་དང་གཉིས་ཀྱིས་སོ། །བེམས་པོའི་རིགས་ཅན་གྱི་ཙནྡན་གང་ཡིན་པ་དེས་དགེ་བའི་བཤེས་གཉེན་དང་ཕྲད་པའམ་སངས་རྒྱས་ཀྱིས་བྱིན་གྱིས་
བརླབས་པས་དངོས་གྲུབ་ལོ་གཅིག་ལ་སོགས་པས་ཐོབ་པ་ཡིན་གྱི་དེ་མེད་པས་འགྲུབ་པར་མི་འགྱུར་རོ། །ཐོས་པ་ཉུང་བ་ང་རྒྱལ་ཅན། །རྩ་བ་མེད་པར་མང་པོ་སྨྲ། །རྗེས་སུ་གཟུང་བར་མི་ནུས་པ། །ཙནྡན་ཞེས་བྱའི་གང་ཟག་གོ། །ཞེས་འབྱུང་ངོ་། །འོད་གསལ་བ་ཞེས་བྱ་བ་ལ་
སོགས་པས་སྔར་བཤད་པའི་དུས་ཀྱི་དབྱེ་བས་རྡོ་རྗེ་འཆང་ཆེན་པོའི་དངོས་གྲུབ་ཐོབ་པར་འགྱུར་རོ་ཞེས་བསྟན་ཏོ། །རྟོག་པའི་ཏིང་ངེ་འཛིན་ཞེས་བྱ་བ་ལ་སོགས་པས་རྫོགས་པའི་རིམ་པའི་རྣལ་འབྱོར་པ་རྣམས་ལ་དུས་ཀྱི་ངེས་པ་མེད་དོ་ཞེས་བསྟན་ཏོ། །སྒྲ་ཇི་བཞིན་པའོ་ཞེས་པ་ནི་དུས་

ཀྱི་དབྱེ་བས་དངོས་གྲུབ་ཙམ་བསྟན་པའི་ཕྱིར་རོ། །ཀུན་རྫོབ་དང་དོན་དམ་པའི་ཞེས་པ་ནི་རྟག་པ་དང་ཆད་པའི་མཚན་ཉིད་དོ། །དེ་གཉིས་ཀྱི་ནང་ནི་བར་ཏེ་ཞེས་པ་ནི་དེ་དག་གཉིས་སུ་མེད་པའི་མཚན་ཉིད་ཅན་གྱི་ཟུང་དུ་འཇུག་པའི་ཏིང་ངེ་འཛིན་ཏོ། །དེ་དག་ལ་གནས་པའི་རྣལ་འབྱོར་པ་ནི་ཕྱག་རྒྱ་
ཆེན་པོའི་དངོས་གྲུབ་ཐོབ་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དེ་ཡང་དུས་གསུམ་གྱི་དེ་བཞིན་གཤེགས་པས་ནི་མི་བསྐྱོད་པ་ལ་སོགས་པས་གསུངས་སོ། །དགོངས་པས་བཤད་པའོ་ཞེས་པ་ནི་འགལ་བའི་སྒྲའི་སྒོ་ནས་དེ་ཁོ་ན་ཉིད་བསྟན་པའོ། །བཤད་མ་ཐག་པའི་རིམ་པས་ཞེས་བྱ་
བ་ནི་བསྙེན་པ་ལ་སོགས་པ་ཡན་ལག་བཞིའི་བསྒོམ་པའི་རིམ་པས་སོ། །སྒྲུབ་པར་འདོད་པའི་རྩོལ་བ་བྱེད་པས་སོ། །སྐུ་ལ་སོགས་པ་བྱིན་གྱིས་བརླབ་པ་ཞེས་པ་ནི་རྣམ་པར་སྣང་མཛད་ལ་སོགས་པ་ལ་བརྟེན་པའོ། །སྔོན་དུ་འགྲོ་བ་ནི་སྐུ་ལ་སོགས་པ་བྱིན་གྱིས་བརླབ་པ་སྔོན་དུ་འགྲོ་བས་སོ། །
འཇུག་པ་ནི་རྣལ་འབྱོར་ཆེན་པོའི་མཐར་དཀྱིལ་འཁོར་རྒྱལ་བ་མཆོག་དང་ལས་ཀྱི་རྒྱལ་བ་མཆོག་བསྒོམ་པའོ། །དེ་ཉིད་བསྟན་པའི་ཕྱིར། སྒྲུབ་པ་པོ་སྐུ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྡོ་རྗེ་འཆང་ཆེན་པོ་ལ་སོགས་པའི་རྣལ་འབྱོར་པ་རྣམས་ཀྱིས་རྣལ་འབྱོར་དང་རྗེས་སུ་རྣལ་འབྱོར་
དང་ཤིན་ཏུ་རྣལ་འབྱོར་གྱི་མཐར་ལེའུ་དྲུག་པ་ནས་གསུངས་པའི་ཡི་གེ་གསུམ་མགོ་བོ་དང་ལྐོག་མ་དང་སྙིང་གའི་ཕྱོགས་སུ་ཟླ་བ་དང་པདྨ་དང་རྡོ་རྗེའི་སྟེང་དུ་རིམ་པ་ཇི་ལྟ་བ་བཞིན་དུ་བཀོད་ནས། དེ་ལས་བྱུང་བའི་འོད་ཟེར་ཡོངས་སུ་གྱུར་པ་ལས་སྤྱན་མ་ལ་སོགས་པའི་ལྷ་མོའི་ཚོགས་
སྤྲོས་ལ། འོག་མིན་གྱི་གནས་ལ་སོགས་པ་ན་བཞུགས་པའི་རྣམ་པར་སྣང་མཛད་ལ་སོགས་ཚོགས་པའི་ཚིག་སྙན་པས་མགུ་བར་བྱས་ལ་དེས་ཀྱང་ལག་པའི་ཞགས་པས་དགུག་ཅིང་། གཞལ་ཡས་ཁང་པའི་ཤར་ཕྱོགས་ཀྱི་སྒོའི་མདུན་དུ་པདྨ་དང་ཟླ་བའི་དཀྱིལ་འཁོར་གྱི་སྟེང་
དུ་བཞུགས་སུ་གསོལ་ལ། ཚིགས་སུ་བཅད་པ་དྲུག་པོ་འདིས་གསོལ་བ་འདེབས་ཤིང་མཆོད་པར་བྱས་ལ་སྤྱན་མ་ལ་སོགས་པ་དང་དེ་དང་ལྷན་ཅིག་ཏུ་ཨོཾ་ལ་སོགས་པ་ལ་འཇུག་ཅིང་། ལེའུ་བདུན་པ་ལས་གསུངས་པའི། །སངས་རྒྱས་ཀུན་གྱི་སྐུ་གང་ཡིན། །ཞེས་བྱ་བ་ལ་སོགས་

པའི་ཚིགས་སུ་བཅད་པ་གསུམ་གྱིས་ང་རྒྱལ་བྱས་ལ། ལེའུ་དྲུག་པ་ནས་གསུངས་པའི་ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཞེས་བྱ་བ་ལ་སོགས་པ་སྔགས་གསུམ་གྱིས་བརྟན་པར་བྱའོ་ཞེས་དང་པོ་སྦྱོར་བའི་ཏིང་ངེ་འཛིན་གྱི་ཡན་ལག་ཏུ་གྱུར་པས་རྣལ་འབྱོར་
ཆེན་པོ་བསྟན་ཏོ། །ཚིགས་སུ་བཅད་པ་དང་པོས་དབུས་ཀྱི་གཙོ་བོ་ལ་གསོལ་བ་འདེབས་པ་དང་། གཉིས་པས་དེའི་འཁོར་དུ་གྱུར་པ་ཞེས་སྤྲུལ་པའི་སྐུ་ལ་ཁྱད་པར་རོ། །དེ་བཞིན་དུ་གཞན་མ་གཉིས་པོ་ལ་ཡང་ཤེས་པར་བྱའོ། །དེ་ལྟར་ཞེས་བྱ་བ་ལ་སོགས་པས་སྐུ་ལ་སོགས་པ་བྱིན་གྱིས་
བརླབ་པ་ངེས་པར་བྱའོ་ཞེས་བསྟན་ཏོ། །དབྱེར་མེད་པ་ཞེས་པ་ནི་བསྒོམ་པར་བྱ་བ་དང་སྒོམ་པ་དག་དབྱེར་མེད་པས་སོ། །དེ་བཞིན་དུ་ཞེས་བྱ་བ་ལ་སོགས་པས་རྣལ་འབྱོར་པ་གཉིས་པོའི་ཡང་དབྱེར་མེད་པ་བསྟན་ཏོ། །མན་ངག་མ་ཐོབ་པས་ཞེས་པ་ནི་བླ་མའི་ཞལ་གྱི་ལུང་མ་རྙེད་པས་སོ། །
སྐུ་དང་གསུང་དང་ཐུགས་བྱིན་གྱིས་བརླབ་པ་དང་ཐ་དད་པར་རྟོག་ན་ཞེས་བྱ་བ་འདི་སྐུ་རྡོ་རྗེ་ལ་སོགས་པ་འདི་དག་ཐ་དད་པ་ཡིན་ལ་བདག་ཀྱང་ཐ་དད་པ་ཡིན་ནོ་ཞེས་རྟོག་པ་ནི་བསམ་པར་བྱེད་པའོ། །བདག་ནི་དེའི་རང་བཞིན་ཡིན་ནོ་ཞེས་མི་རྟོག་ན་དེའི་ཚེ་རྫོགས་པའི་རིམ་པ་ལས་རིང་དུ་འགྱུར་བ་
ཞེས་པ་ནི་བསྐྱེད་པའི་རིམ་པ་བསྒོམ་པས་དུས་ཟད་ཅིང་ནམ་ཡང་རྫོགས་པའི་རིམ་པ་ཐོབ་པར་མི་འགྱུར་རོ་ཞེས་བྱ་བའི་དོན་ཏེ། རྫོགས་པའི་རིམ་པ་ནི་གཉིས་སུ་མེད་པའི་ངོ་བོ་ཡིན་པས་སོ། །དོན་འདི་ལ་སོམ་ཉི་མ་བྱེད་ཅིག་ཅེས་བྱ་བ་འདིས་ཡང་དག་པར་བསྒྲུབ་པ་བསྟན་ཏོ། །གསུངས་
པའོ་ཞེས་བྱ་བས་ཉེ་བར་བསྡུས་པ་བསྟན་ཏོ། །ལེའུའི་དོན་གྱི་ངེས་པའི་ཚིག་བསྟན་པའི་ཕྱིར་སྐུ་རྡོ་རྗེ་ལ་སོགས་པའོ་ཞེས་སྨོས་ཏེ་རྣམ་པར་སྣང་མཛད་ལ་སོགས་པའོ། །དེ་རྣམས་ཀྱིས་མི་ཕྱེད་པའི་ངོ་བོ་ཉིད་ནི་བསྐྱེད་པའི་རྒྱུར་གྱུར་པའོ། །སྦྱོར་བ་བཞི་ནི་ཞེས་པ་ལ་དང་པོ་སྦྱོར་བའི་མཚན་ཉིད་དོ། །
སྦྱོར་བ་བཞི་པོ་དེ་ཉིད་ཏིང་ངེ་འཛིན་གང་གིས་མཉམ་པར་བྱས་པས་ན་ཞེས་པ་ནི་རྟོགས་པར་འགྱུར་ཞིང་ངེས་པར་བྱས་པ་སྟེ་གཞུང་གི་ཚོགས་སོ། །བསྒྲུབ་པར་བྱ་བའི་ངོ་བོ་ཉིད་ཡིན་པས་ན་ཞེས་པ་ལ་རྣལ་འབྱོར་པ་རྣམས་ཀྱིས་ངེས་པར་བསྒྲུབ་པར་བྱས་པས་སོ། །དེས་ནི་བསྙེན་པ་ལ་སོགས་པའི་

མཚན་ཉིད་ཅན་ལེའུའི་བརྗོད་པར་བྱ་བའི་དོན་བསྟན་ཏོ། །རྫོགས་པའི་རིམ་པ་ཐོབ་པར་བྱེད་པས་ན་ཞེས་བྱ་བ་འདིས་ཕྱག་རྒྱ་ཆེན་པོ་ཡོངས་སུ་འགྱུར་བ་དང་ཡན་ལག་དྲུག་གི་རྣལ་འབྱོར་ཡང་བསྟན་ཏོ། །རབ་ཏུ་བཤད་པའོ་ཞེས་པ་ནི་གསལ་བར་བཤད་པའོ། །གཞུང་གི་ཚོགས་ནི་ཚིག་གི་ཚོགས་ཞེས་
བྱའོ། །འོ་ན་བརྗོད་པར་བྱ་བ་དང་རྗོད་པར་བྱེད་པའི་ལེའུ་ཡིན་ན་ཇི་ལྟར་གཞུང་གི་ཚོགས་སུ་བཤད་ཅེས་སྨྲས་པ། སོ་སོའི་མིང་ལ་ལྟོས་པས་ན། །ཞེས་པ་ནི་རྗོད་པར་བྱེད་པ་ལས་བརྗོད་པར་བྱ་བ་ལོགས་སུ་བརྟགས་ཏེ་གཞུང་གི་ཚོགས་ནི་ལེའུ་ཞེས་བྱའོ། །སྒྲ་ཇི་བཞིན་པ་ཞེས་པ་ནི་སྐུ་ལ་
སོགས་པ་བྱིན་གྱིས་བརླབ་པའི་བདག་ཉིད་ཀྱི་དང་པོ་སྦྱོར་བའི་ཏིང་ངེ་འཛིན་གྱི་ཕྱོགས་གཅིག་རྣལ་འབྱོར་ཆེན་པོ་སོ་སོར་བསྟན་པས་སོ། །སྒྲོན་མ་གསལ་བར་བྱེད་པའི་འགྲེལ་པའི་ཊཱི་ཀཱ་ལས་ལེའུ་བཅུ་གཉིས་པའི་རྒྱ་ཆེར་བཤད་པའོ།། །།རིམ་པ་གཉིས་ལ་བསླབ་པ་ལ། །
ཞེས་བྱ་བ་ལ་སོགས་པས་ལེའུ་བཅུ་གསུམ་པའི་བཤད་པ་བརྩམ་པར་བྱ་སྟེ། དེའི་དོན་རེ་ཞིག་རིམ་པ་གཉིས་པོ་ལེའུ་བཅུ་གཉིས་ཀྱིས་ཁོང་དུ་ཆུད་པར་བྱས་སོ། །དེ་རྟོགས་པས་རང་གི་དོན་ཕུན་སུམ་ཚོགས་པའི་གཙོ་བོར་རྣལ་འབྱོར་པར་འགྱུར་རོ། །དེ་གྲུབ་པས་གཞན་གྱི་དོན་ངེས་
པར་བྱའོ་ཞེས་དེའི་དོན་དུ་ཞི་བ་ལ་སོགས་པའི་ལས་ཀྱི་ཚོགས་སྒྲུབ་པའི་དོན་དང་ལྡན་པའི་ལེའུ་བཅུ་གསུམ་པ་བསྟན་ཏོ། །གདུལ་བྱའི་སྐྱེ་བོ་རྣམས་ཞེས་པ་ནི་ནད་པ་དང་དབུལ་པོ་དང་ཆགས་པ་འདོད་པ་དང་། དཀོན་མཆོག་གསུམ་ལ་གནོད་པ་བྱེད་པ་ལ་སོགས་པའོ། །
དེ་རྣམས་མོས་པར་བྱེད་པའི་ཕྱིར་ནི་དེ་རྣམས་ལ་ཞི་བ་ལ་སོགས་པ་བྱེད་པས་འདུལ་བ་གྲུབ་པའི་ཕྱིར་རོ། །བསྙེན་པ་ལ་སོགས་པའི་ཆོ་གའི་འོག་ཏུའོ་ཞེས་པ་ནི་བསྙེན་པ་ལ་སོགས་པ་ཡན་ལག་བཞི་ནི་བསྐྱེད་པའི་རིམ་པ་དང་། སོ་སོར་སྡུད་པ་ལ་སོགས་པ་ཡན་ལག་དྲུག་ནི་རྫོགས་
པའི་རིམ་པའོ། །དེ་རྣམས་ཀྱི་ཆོ་ག་ནི་ཇི་ལྟ་བ་བཞིན་དུ་བསྒྲུབ་པའོ། །དེའི་འོག་ཏུ་ནི་སོ་སོར་བསྟན་པའི་འོག་ཏུའོ། །འདོད་པའི་དབང་ཕྱུག་ལ་སོགས་པ་ཞེས་པ་ནི་བརྒྱད་དེ་སྔར་བཤད་པའོ། །ལྡན་པ་ནི་དེའི་འབྲེལ་པ་དང་ལྡན་པས་སོ། །མི་བསྐྱོད་པ་ལ་སོགས་པ་ཞེས་པ་ནི་དྲི་བ་པོ་

རྣམས་སོ། །གཉིས་སུ་མེད་པའི་ཡེ་ཤེས་སོ་ཞེས་པ་ནི་ཟུང་དུ་འཇུག་པ་ཞེས་བྱ་བའི་དེ་ཁོ་ན་ཉིད་དོ། །གཙོ་བོ་ཡིན་པས་ན་ཞེས་པ་ནི་རིམ་པ་ཐམས་ཅད་ཀྱི་འབྲས་བུ་ཡིན་པ་སྟེ་དེ་ཐོབ་པའམ་འཛིན་པས་དེ་སྐད་ཅེས་བྱའོ། །ཞི་བ་ལ་སོགས་པ་ཞེས་པ་ནད་པ་ལ་
སོགས་པའི་སེམས་ཅན་རྣམས་ལ་དེ་དག་བསྒྲུབ་པའི་དོན་དུ་བརྩོན་པའོ་ཞེས་པ་ནི་རྩོལ་བ་དང་ལྡན་པ་སྟེ། བཅོམ་ལྡན་འདས་རྣམས་ཐུགས་རྗེ་ཆེན་པོའི་ངོ་བོ་ཡིན་པས་སོ། །སའི་སྙིང་པོ་ཞེས་བྱ་བ་ལ་སོགས་པས་གཟུགས་རྡོ་རྗེ་མ་ལ་སོགས་པ་རང་རང་གི་ཕྱག་རྒྱ་དང་ལྡན་པ་སའི་
སྙིང་པོ་ལ་སོགས་པས་བཅོམ་ལྡན་འདས་རྡོ་རྗེ་འཆང་ལ་མཆོད་པའི་ཚོགས་ཀྱིས་མཆོད་ཅིང་འདི་སྐད་ཅེས་གསོལ་ཏོ་ཞེས་བསྟན་ཏོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ལ་བཞུགས་པས་ནི་ཞེས་པ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རང་བཞིན་སེམས་ཅན་ཐམས་
ཅད་ཀྱི་ཡིད་ལ་ཞུགས་པས་སོ། །འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པ་ནི་ཞི་བ་ལ་སོགས་པ་དང་མཁའ་སྤྱོད་ལ་སོགས་པའོ། །ཡང་དག་པར་སྦྱིན་པ་ཞེས་པ་ནི་དེ་རྣམས་སྟེར་བའོ། །ཐོགས་པ་མེད་པའི་ནུས་པ་དང་ལྡན་པས་ཞེས་པ་ནི་ནུས་པ་མ་ཉམས་པས་སོ། །བདེན་པ་གཉིས་
ཡོངས་སུ་མཁྱེན་པས་ན་ཞེས་པ་ནི་བདེན་པ་གཉིས་ཀྱི་བདག་ཉིད་ཅན་གྱི་ཟུང་དུ་འཇུག་པའི་རིམ་པ་མངོན་དུ་མཛད་པས་སོ། །ཕྱིའི་ནི་མཆོད་པ་རྣམ་པ་ལྔ་ལ་སོགས་པའོ། །ནང་གི་ནི་བདུད་རྩི་ལྔ་དང་ལྕགས་ཀྱུ་ལ་སོགས་པ་དང་སྙོམས་པར་འཇུག་པ་ལ་སོགས་པའོ། །དེ་རྣམས་ཀྱིས་མཆོད་
ནས་ཞེས་བྱ་བའི་ཐ་ཚིག་གོ། །སྒྲ་ཇི་བཞིན་པའོ་ཞེས་པ་ནི་གསོལ་བ་གང་གདབ་པ་ཙམ་བསྟན་པས་སོ། །སོ་སོར་སྡུད་པ་ལ་སོགས་པ་ཡན་ལག་དྲུག་གི་སྦྱོར་བའོ་ཞེས་པ་ནི་ལེའུ་བཅུ་གཉིས་པ་ལས་མཚན་ཉིད་བཤད་པའོ། །རྡོ་རྗེ་བཞི་ལས་འདས་པས་ན། །ཞེས་པ་ནི་བསྐྱེད་པའི་རིམ་
པའི་ཡན་ལག་ཏུ་གྱུར་པ་རྡོ་རྗེ་བཞི་བརྟགས་པ་ཡིན་པས་སོ། །ཡན་ལག་དྲུག་གི་རྣལ་འབྱོར་ནི་དེ་ལས་འདས་པ་སྟེ་རྫོགས་པའི་རིམ་པའི་ཡན་ལག་ཡིན་པས་སོ། །བདེན་པ་གཉིས་བསྲེས་པ་ལ་ཞེས་པ་ནི་དེའི་འབྲས་བུར་གྱུར་པའི་ཏིང་ངེ་འཛིན་ཞེས་བྱ་བ་ཡན་ལག་དྲུག་པ་ཟུང་དུ་འཇུག་

པའི་རང་བཞིན་ལའོ། །ཡན་ལག་དྲུག་གི་རྣལ་འབྱོར་རོ། །ཞེས་པ་ནི་བྱང་ཆུབ་ཐོབ་པར་བྱེད་པས་སོ། །བདེན་པ་གཉིས་ངེས་པར་སྦྱར་རོ་ཞེས་པ་ནི་ཟུང་དུ་འཇུག་པ་ལྔ་སྟེ་རིམ་པ་ཐམས་ཅད་དེ་ཉིད་འདུས་པས་སོ། །ཕུལ་དུ་བྱུང་བ་ནི་འབྲས་བུར་གྱུར་པའོ། །དེ་བཞིན་གཤེགས་པ་
ཐམས་ཅད་ཀྱི་གསུང་ཞེས་པ་ནི་དྲང་བ་དང་ངེས་པའི་དོན་ལ་སོགས་པའི་དབྱེ་བས་གནས་པ་དེ་རྣམས་ཀྱི་དོན་བསྡུས་པ་ནི་ཟུང་དུ་འཇུག་པའི་རིམ་པ་ཡིན་པས་སོ། །རྒྱུའི་ཟུང་དུ་འཇུག་པའི་རིམ་པ་བསྟན་ནས་འབྲས་བུའི་ཟུང་དུ་འཇུག་པ་བསྟན་པར་བྱ་བའི་ཕྱིར། བདེན་པ་གཉིས་ཞེས་སྨོས་
ཏེ། ཆོས་ཅན་དང་ཆོས་ཉིད་ཀྱི་དབྱེ་བས་གནས་པས་སོ། །གཅིག་ཏུ་བྱས་པའོ་ཞེས་པ་ནི་འབྲས་བུའི་ཚུལ་དུ་དབྱེར་མེད་པ་ཡོངས་སུ་ཤེས་པས་སོ། །དེ་བས་ན་མི་སློབ་པའི་ལམ་གྱི་ངོ་བོ་ཡིན་པས་ན་སྤྲོས་པ་རྣམས་དང་བྲལ་བའོ། །དེ་བཞིན་གཤེགས་པ་རྣམས་སོ་ཞེས་པ་ནི་སྔགས་
ཀྱི་སྐུ་ཡིན་པས་སོ། །དེ་བཞིན་དུ་དེ་ལྟར་གྱུར་ན་ཡང་རྣམ་པར་དག་པའི་སྒོ་ནས་བྱང་ཆུབ་ནི་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་ཐོབ་པའི་ཐབས་ནི་རྒྱུར་གྱུར་པ་སྟེ། ཡན་ལག་དྲུག་པའི་རྣལ་འབྱོར་ལ་སོགས་པའོ། །ཉན་ཐོས་པ་ལ་སོགས་པས་མི་ཤིགས་པའི་ཕྱིར་ཏེ་ཞེས་པ་ནི་མི་
བརྟན་པའི་ཕྱིར་དེ་ཉིད་མི་ཕྱེད་པའོ། །དགོངས་པས་བཤད་པའོ་ཞེས་པ་ནི་འགལ་བའི་སྒྲའི་སྒོ་ནས་དེ་ཁོ་ན་ཉིད་སོ་སོར་བསྟན་པས་སོ། །དབྱངས་དེ་ཉིད་བསྟན་པའི་ཕྱིར་སྟོང་པ་ཉིད་ཀྱི་རང་བཞིན་ཡིན་པས་གཟོད་མ་ནས་ཞི་བ་ཞེས་བསྟན་ཏོ། །ཕུང་པོ་ལ་སོགས་པ་ཞེས་པ་ནི་ཕུང་པོ་དང་ཁམས་དང་
སྐྱེ་མཆེད་རྣམས་ལའོ། །དེ་ལྟར་འགྱུར་ན་ཡང་རྣམ་པར་དག་པའི་སྒོ་ནས་བྱང་ཆུབ་ཐོབ་པར་བྱེད་པ་ནི་རྡོ་རྗེ་འཆང་ཐོབ་པའི་རྒྱུར་གྱུར་པས་སོ། །ཕུལ་དུ་བྱུང་ཞིང་ཁྱད་པར་དུ་འཕགས་པར་ཞེས་པ་ནི་རང་བཞིན་གྱིས་དག་པའི་བདག་ཉིད་ཀྱིས་སོ། །བརྟག་པ་དང་བྲལ་བ་ཞེས་པ་ནི་ཕུང་
པོ་ལ་སོགས་པ་འདི་ཡིན་ནོ་ཞེས་རྣམ་པར་རྟོག་པའི་བློ་དང་བྲལ་བའོ། །མ་བརྟགས་ན་ཉམས་དགའ་བ་ཙམ་དུ་ཡོད་པ་ཞེས་བྱ་བ་ནི་དངོས་པོའི་རང་བཞིན་ཡོངས་སུ་མ་དཔྱད་པར་བརྟག་པ་ཡོད་པའི་ཕྱིར་རོ། །ཡན་ལག་དྲུག་གི་སྦྱོར་བའི་ཐབས་ཀྱིས་ནི་མཆོག་གི་བསྙེན་པའི་མཚན་

ཉིད་ཀྱིས་སོ། །རྡོ་རྗེ་སེམས་དཔའ་སྐྱེ་བར་ཞེས་པ་ནི་དཔལ་རྡོ་རྗེ་འཆང་གི་གོ་འཕང་དེའི་དུས་སུ་ཐོབ་པར་གསུངས་པའོ། །ངོ་མཚར་ཆེའོ་ཞེས་པ་ནི་སྤྲོས་པ་མེད་པའི་དེ་ཁོ་ན་ཉིད་ལས་ཀྱང་རྡོ་རྗེ་འཆང་གི་སྐུ་བསྐྱེད་པའི་ཕྱིར་རོ། །དེའང་། ཇི་ལྟར་ཆུ་ཀླུང་དང་བ་ལས། །ཞེས་
པ་ལ་སོགས་པས་གཏན་ལ་ཕབ་པའོ། །དགོངས་པ་མ་ཡིན་པས་བཤད་པའོ་ཞེས་པ་ནི་ཤིན་ཏུ་གསང་བའི་དེ་ཁོ་ན་ཉིད་བསྟན་པས་སོ། །དེ་ལྟར་ཞེས་བྱ་བ་ལ་སོགས་པས་བསྟོད་པའི་འོག་ཏུ་གསོལ་བ་གདབ་པ་བསྟན་ཏེ། ཨཱ་ལི་ཀཱ་ལི་ལས་བྱུང་བ་རྣམས་སོ་ཞེས་པ་ནི་སྔར་བཤད་པའི་རིམ་
པས་དབྱངས་དང་གསལ་བྱེད་ལས་འབྱུང་བ་སྟེ་སྙིང་པོ་ལ་སོགས་པའོ། །དེ་གང་དུ་བསགས་ཤིང་བསྡུས་པ་ནི་ཞེས་པ་ལ་བུད་མེད་ལ་སོགས་པའི་དབྱེ་བས་ཨཱ་ལི་ཀཱ་ལིའི་ཡི་གེ་གསུམ་ལ་བསྡུས་པར་གྱུར་པ་ལའོ། །དོན་ཡོད་གྲུབ་པའི་བཟླས་པའོ། །ཞེས་པ་ནི་འཇུག་པ་ལ་སོགས་པའི་
མཚན་ཉིད་ཀྱི་རྡོ་རྗེ་བཟླས་པའོ། །བླ་ན་མེད་པའི་ཡེ་ཤེས་ཞེས་པ་ནི་འོད་གསལ་བ་སྟེ། དེ་མ་ནིང་གི་བཟླས་པའི་དུས་སུ་ཐོབ་པར་བྱེད་པའོ། །དེ་ཡི་ནི་རྡོ་རྗེ་འཆང་ཆེན་པོའིའོ། །འཇུག་པ་ལ་སོགས་པ་ལྡང་བ་དང་འཇུག་པ་དང་གནས་པའོ། །ཚུལ་གྱིས་ནི་འཇུག་པའི་གནས་དང་རྒྱུ་
བའི་གནས་སོ། །གང་གི་ཕྱིར་འཇུག་པ་ལ་སོགས་པའི་རིམ་པས་སེམས་རྩེ་གཅིག་པ་ཉིད་ཐོབ་པས་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་མངོན་དུ་བྱེད་པར་འགྱུར་རོ། །དེ་ཉིད་ཀྱི་ཁྱད་པར་བསྟན་པ་ནི་ཞེས་པ་ནས། རྡོ་རྗེ་བཟླས་པ་ཡོངས་སུ་ཤེས། །ཞེས་པའི་བར་དུ་སྟོབས་བཅུ་ལ་སོགས་པས་
སངས་རྒྱས་ཀྱི་ཡོན་ཏན་དང་ལྡན་པ་སྒྲུབ་པ་པོ་རྣམས་འགྱུར་བ་དང་དེ་བཞིན་དུ་འཇུག་པ་ལ་སོགས་པའི་རིམ་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་བརླབ་པ་དང་སྦྲུལ་ལ་སོགས་པའི་སྔགས་ཀྱི་ཚོགས་ཀྱིས་བརྗོད་པར་བྱ་བ་སྐུ་རྡོ་རྗེ་ལ་སོགས་པ་དེ་བཞིན་གཤེགས་པའི་རང་བཞིན་
དང་། དེ་སློབ་པར་བྱེད་པ་རྣམས་ཀྱིས་ཀྱང་གཉིས་སུ་མེད་པའི་ཡེ་ཤེས་ཐོབ་པ་ཉིད་དུ་བསྟན་ཏོ། །དོན་དམ་པའི་བདེན་པ་ཞེས་པ་ནི་ནམ་མཁའི་ཁམས་དང་འདྲ་བ་སྒྲིབ་པ་མེད་པས་སོ། །ཀུན་རྫོབ་ཀྱི་བདེན་པའོ་ཞེས་པ་ནི་རྟོག་པ་དང་བཅས་པའོ། །གཉི་ག་དེ་དག་གིས་རྫོགས་པ་ནི་བཅོམ་

ལྡན་འདས་ཟུང་དུ་འཇུག་པའི་རྡོ་རྗེ་སེམས་དཔའ་ཞེས་བྱའོ། །ཞི་བ་ལ་སོགས་པའི་བྱ་བ་ཞེས་པ་ནི་རིམ་པ་གཉིས་ཀྱིས་བཤད་པར་འགྱུར་བ་བསྐྱེད་པ་ནི་དེ་མཛད་པའོ། །དབང་དུ་གྱུར་པ་མ་ཡིན་པའི་ཞེས་པ་ནི་དཀོན་མཆོག་གསུམ་ལ་གནོད་པར་བྱེད་པ་ལ་སོགས་པའོ། །མངོན་སྤྱོད་ལ་
སོགས་པའི་ལས་ཀྱི་སྤྱོད་པ་ནི་ཐུགས་རྗེ་ཆེན་པོས་གསོད་པ་གང་ཡིན་པ་དེ་སྤྲུལ་པར་མཛད་པའོ། །ཚངས་པ་ལ་སོགས་པའོ་ཞེས་བྱ་བ་ལ་སོགས་པས་རྡོ་རྗེ་འཆང་ཆེན་པོ་ཐམས་ཅད་ཀྱི་མཆོག་ཉིད་དུ་བསྟན་ཏོ། །དེ་ལྟར་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ཏོ་ཞེས་སྦྱར་རོ། །སྦྲུལ་
ལ་སོགས་པ་ཞེས་བྱ་བ་ལ་སོགས་པས་སྔགས་ཐམས་ཅད་ཀྱི་སྙིང་པོར་གྱུར་པའི་ཡི་གེ་གསུམ་འཇུག་པ་ལ་སོགས་པ་གསུམ་གྱི་རིམ་པས་བཟླས་པའི་ཆོ་ག་གསུངས་སོ་ཞེས་བསྟན་ཏོ། །དེ་རྣམ་པར་དབྱེ་བའི་ཕྱིར་ཞེས་བྱ་བ་ལ་སོགས་པ་ནས་དགོངས་པས་བཤད་པའི་བར་དུ་རྡོ་རྗེ་
འཆང་ཆེན་པོའི་བཟླས་པ་དང་། སྐུའི་བཟླས་པ་དང་། གསུང་གི་བཟླས་པ་དང་། ཐུགས་ཀྱི་བཟླས་པ་དང་། རིན་པོ་ཆེའི་བཟླས་པ་དང་། དོན་ཡོད་པའི་བཟླས་པ་དང་། འདོད་ཆགས་ཀྱི་བཟླས་པ་དང་། ཞེ་སྡང་གི་བཟླས་པ་དང་། གཏི་མུག་གི་བཟླས་པ་དང་། ཁྲོ་བོའི་བཟླས་པ་དང་། མ་
ནིང་གི་བཟླས་པ་དེ་བཅུ་གཅིག་གི་དབྱེ་བས་རྡོ་རྗེ་བཟླས་པ་བསྟན་ཏོ། །དེའི་རིམ་པས་ནི་རྡོ་རྗེ་འཆང་ཆེན་པོའི་རྣལ་འབྱོར་པས་ཕྱག་རྒྱ་ཆེན་པོའི་སྐུ་ལ་དམིགས་ཏེ། ལྟེ་བ་ལ་གནས་པའི་རྩིབས་བརྒྱད་པའི་ཆོས་ཀྱི་དབྱིངས་ཀྱི་འཁོར་ལོ་དང་པོར་མར་མེ་དང་འདྲ་བ་ཡི་གེ་ཨ་བསམ་ཞིང་དེ་
ལས་འོད་ཟེར་གྱི་སྦྱོར་བ་ཡི་གེ་གསུམ་མགོ་བོ་ལ་སོགས་པར་སྤོས་ལ། དེ་འཇུག་པ་ལ་སོགས་པའི་རིམ་པས་བཟླས་ཤིང་ཡང་ཡི་གེ་གསུམ་པོ་དེ་དག་ཨ་ལ་ཐིམ་ཞིང་དེ་གཅིག་པུ་ལ་སེམས་གནས་པར་བྱ་བ་ནི་རྡོ་རྗེ་འཆང་ཆེན་པོའི་བཟླས་པའོ། །དེའི་འོག་ཏུ་རྣམ་པར་སྣང་མཛད་ཀྱི་
རྣལ་འབྱོར་པས་སྔ་མ་བཞིན་དུ་ཕྱག་རྒྱ་ཆེན་པོའི་གཟུགས་དམིགས་ལ་མགོ་བོ་ལ་སོགས་པ་ལ་ཡི་གེ་གསུམ་བཀོད་ཅིང་། ཡན་ལག་མ་ཉམས་པའི་བཟླས་པ་བྱས་ལ་ཡི་གེ་གཉིས་ཨོཾ་ལ་ཐིམ་ཞིང་ཡི་གེ་ཨོཾ་ཙམ་ལ་དམིགས་ནས་ལུས་ནི་གཅིག་པུ་དང་དུ་མ་དང་ཡོད་པ་དང་མེད་པ་མ་

ཡིན་ནོ་ཞེས་དཔྱད་ནས་སེམས་རྩེ་གཅིག་པ་ཉིད་གང་ཡིན་པ་དེ་ནི་སྐུའི་བཟླས་པའོ། །དེ་བཞིན་དུ་འོད་དཔག་ཏུ་མེད་པའི་རྣལ་འབྱོར་པས་སྔ་མ་བཞིན་དུ་ཕྱག་རྒྱ་ཆེན་པོར་བསྒོམས་པ་ལ་མགོ་བོ་ལ་སོགས་པར་ཡི་གེ་གསུམ་པོ་བཀོད་ལ་ཡན་ལག་མ་ཉམས་པའི་
བཟླས་པ་བྱ་སྟེ་ཡི་གེ་གཉིས་ཨཱཿལ་ཐིམ་ཞིང་ངག་ནི་གཅིག་དང་དུ་མ་དང་ཡོད་པ་དང་མེད་པ་མ་ཡིན་ནོ་ཞེས་ངེས་པར་བྱས་ནས་སེམས་རྩེ་གཅིག་པ་གང་ཡིན་པ་དེ་ནི་གསུང་གི་བཟླས་པའོ། །དེ་བཞིན་དུ་མི་བསྐྱོད་པའི་རྣལ་འབྱོར་པས་སྔ་མ་བཞིན་ཕྱག་རྒྱ་ཆེན་པོའི་གཟུགས་བསམས་ལ།
མགོ་བོ་ལ་སོགས་པར་ཡི་གེ་གསུམ་དམིགས་ནས་ཡན་ལག་མ་ཉམས་པའི་བཟླས་པ་བྱས་ཏེ། ཡི་གེ་གཉིས་ཧཱུྃ་ལ་ཐིམ་ནས་སེམས་ནི་གཅིག་དང་དུ་མ་དང་ཡོད་པ་དང་མེད་པ་མ་ཡིན་ནོ་ཞེས་དམིགས་ལ་སེམས་རྩེ་གཅིག་པ་ཉིད་གང་ཡིན་པ་དེ་ནི་ཐུགས་ཀྱི་བཟླས་པའོ། །དེ་བཞིན་
དུ་རིན་ཆེན་འབྱུང་ལྡན་གྱི་རྣལ་འབྱོར་པས་མགོ་བོ་ལ་སོགས་པ་ཡི་གེ་གསུམ་དམིགས་ལ་ཡན་ལག་མ་ཉམས་པའི་བཟླས་པ་བྱས་ལ་འོད་ཟེར་གྱི་ཚོགས་སྤྲོ་ཞིང་། དེ་བཞིན་གཤེགས་པའི་རྣམ་པ་དང་འདྲ་བ་དེས་སེམས་ཅན་ཐམས་ཅད་ཀྱི་བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་
བྱས་ཏེ། སེམས་རྩེ་གཅིག་པ་དེ་ཉིད་གང་ཡིན་པ་དེ་ནི་རིན་པོ་ཆེའི་བཟླས་པའོ། །དེ་བཞིན་དུ་དོན་ཡོད་གྲུབ་པའི་རྣལ་འབྱོར་པས་སྔ་མ་བཞིན་དུ་ཕྱག་རྒྱ་ཆེན་པོའི་གཟུགས་བསམས་ལ་མགོ་བོ་ལ་སོགས་པར་ཡི་གེ་གསུམ་དམིགས་ལ་ཡན་ལག་མ་ཉམས་པའི་བཟླས་པ་བྱས་ནས་དེ་ལ་འོད་
ཟེར་གྱི་སྦྱོར་བས་གཞལ་ཡས་ཁང་པ་དང་བཅས་པའི་དེ་བཞིན་གཤེགས་པའི་ཚོགས་སྤྲོས་ལ། དེ་རྣམས་ཀྱིས་བསྟན་པ་དང་སྨིན་པ་ལ་སོགས་པའི་རྣམ་པས་འགྲོ་བ་སངས་རྒྱས་སུ་བྱས་ལ། སླར་ཡང་བསྡུས་ཏེ་དེ་ཉིད་དུ་ཐིམ་ཞིང་སེམས་རྩེ་གཅིག་པ་ཉིད་གང་ཡིན་པ་དེ་ནི་བྱ་བ་ནན་
ཏན་གྲུབ་པའི་ཡེ་ཤེས་ཀྱི་རང་བཞིན་དོན་ཡོད་པའི་བཟླས་པ་ཞེས་བྱའོ། །རྣམ་པར་སྣང་མཛད་ལ་སོགས་པའི་རྣལ་འབྱོར་པས་སྔ་མ་བཞིན་དུ་ཕྱག་རྒྱ་ཆེན་པོའི་གཟུགས་དམིགས་ལ། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན་བཞུགས་པའི་དེ་བཞིན་གཤེགས་པ་རྣམས་ངས་བརྗོད་

པའི་སྔགས་ཀྱི་ཡི་གེའི་ཚིག་གསོན་ཅིག །གསན་ནས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་བདག་ལ་སྩོལ་ཅིག་ཅེས་པའི་བསམས་པས། ཤིན་ཏུ་གསལ་བའི་ཡི་གེ་བརྗོད་པ་འམ་གཞན་གྱིས་ཐོས་པ་གང་ཡིན་པ་དེ་ནི་ཁྲོ་བོའི་བཟླས་པ་ཞེས་བྱའོ། །རྣམ་པར་སྣང་མཛད་ཀྱི་རྣལ་འབྱོར་པས་
སྐུའི་བཟླས་པ་བཞིན་དུ་ཐམས་ཅད་བྱས་ལ་གཏི་མུག་གི་རིགས་ཅན་གྱི་སེམས་ཅན་གཏི་མུག་རྣམ་པར་དག་པའི་གནས་ལ་གཞག་པར་བྱའོ་ཞེས་བསམས་པས་ཡི་གེ་ཨོཾ་ལ་ཞུགས་པ་གང་ཡིན་པ་དེ་ནི་གཏི་མུག་གི་བཟླས་པའོ། །དེ་བཞིན་དུ་འོད་དཔག་ཏུ་མེད་པའི་རྣལ་འབྱོར་པས་སྔ་མ་
བཞིན་དུ་ཐམས་ཅད་བྱས་ལ་འདོད་ཆགས་ཀྱི་རིགས་ཅན་གྱི་སེམས་ཅན་རྣམས་ཡི་གེ་ཨཱཿལ་འཇུག་ཅིང་འདོད་ཆགས་རྣམ་པར་དག་པའི་གནས་ལ་གཞག་པར་བྱའོ་ཞེས་པའི་བསམ་པ་གང་ཡིན་པ་དེ་ནི་འདོད་ཆགས་ཀྱི་བཟླས་པའོ། །དེ་བཞིན་དུ་མི་བསྐྱོད་པའི་
རྣལ་འབྱོར་པས་སྔ་མ་བཞིན་དུ་ཐམས་ཅད་བྱས་ལ་ཞེ་སྡང་གི་རིགས་ཅན་ཡི་གེ་ཧཱུྃ་ལ་ཞུགས་ཤིང་ཞེ་སྡང་རྣམ་པར་དག་པའི་གནས་ལ་གཞག་པར་བྱའོ་ཞེས་བསམ་པ་གང་ཡིན་པ་དེ་ནི་ཞེ་སྡང་གི་བཟླས་པའོ། །བཟླས་པ་གསུམ་པོ་དེ་དག་གཏི་མུག་དང་འདོད་ཆགས་དང་ཞེ་སྡང་ཡོད་
པ་དང་མེད་པ་མ་ཡིན་ནོ་ཞེས་རྣམ་པར་དཔྱད་པར་བྱའོ། །རྡོ་རྗེ་འཆང་ཆེན་པོ་ལ་སོགས་པའི་རྣལ་འབྱོར་པས་སྔ་མ་བཞིན་དུ་ཐམས་ཅད་བྱས་ལ། ཡན་ལག་མ་ཉམས་པའི་བཟླས་པའི་མཐར་ཡི་གེ་གསུམ་ཨ་ལ་ཨ་ཆོས་ཀྱི་དབྱིངས་ཀྱི་འཁོར་ལོ་ལ་དེ་ཡང་སྟོང་པ་ལ་ཐིམ་ཞིང་རྣམ་
པར་མི་རྟོག་པར་གནས་པ་གང་ཡིན་པ་དེ་ནི་མ་ནིང་གི་བཟླས་པ་ཞེས་བྱའོ། །རྡོ་རྗེ་བཟླས་པ་རྣམ་པ་བཅུ་གཅིག་པོ་དེ་དག་དབྱེ་བ་རྗོད་པར་བྱེད་པའི་གཞུང་གི་ཚོགས་ནི་གོ་སླའོ། །དགོངས་པས་བཤད་པའོ་ཞེས་པ་ནི་འགལ་བའི་ཚིག་གི་སྦྱོར་བས་རྫོགས་པའི་རིམ་པས་སོ་སོར་བསྟན་
པས་སོ། །ཆགས་པས་མ་ཡིན་ཞེས་པ་ནི་སྣང་བའི་ཡེ་ཤེས་མ་ཡིན་ཞེས་པའོ། །ཆགས་བྲལ་མ་ཡིན་ཞེས་པ་ནི་སྣང་བ་ཐོབ་པའི་ཡེ་ཤེས་མ་ཡིན་ནོ། །དབུ་མ་ནི་སྣང་བ་མཆེད་པའི་ཡེ་ཤེས་ཏེ་དེ་ཡང་གང་དུ་དམིགས་པར་མི་འགྱུར་བ་ནི་མངོན་དུ་མི་འགྱུར་བའོ། །དེ་ནི་འོད་གསལ་བ་ཞེས་

བྱ་བ་འདོད་ཆགས་ཀྱི་དེ་ཁོ་ན་ཉིད་ཅེས་བྱ་སྟེ་སྟོང་པ་གསུམ་དག་པར་བྱེད་པའི་ཕྱིར་རོ། །ཇི་ལྟ་བུ་ཡོངས་སུ་ཤེས་པ་ནི་རང་བཞིན་དང་སྣང་བ་བྲལ་བས་མངོན་དུ་བྱ་བའོ། །དེ་ཤེས་པ་ནི་སྔགས་དང་ཕྱག་རྒྱའི་རིམ་པས་རྟོགས་པར་འགྱུར་རོ། །རྡོ་རྗེ་འཆང་ཆེན་པོ་ཞེས་བྱ་བ་
ནས་སྒྲ་ཇི་བཞིན་གྱི་བར་དུ་བུད་མེད་དང་། སྐྱེས་པའི་དབྱེ་བས་ཕྱེ་བ་རྣམ་པ་གཉིས་ཀྱི་སྒྲུབ་པ་པོས་སྙོམས་པར་ཞུགས་པའི་མཚན་ཉིད་དང་ལྡན་པའི་སྤྲོས་པ་དང་བཅས་པའི་སྤྱོད་པའི་སྒོ་ནས་རྡོ་རྗེ་འཆང་ཉིད་ཐོབ་པར་འགྱུར་རོ་ཞེས་བསྟན་ཏོ། །དེ་བདག་པོར་གྱུར་པ་གང་ཡིན་པ་བསྟེན་པར་བྱ་
བ་ཉིད་ཀྱིས་སོ། །སྒྲུབ་པ་པོ་རྣམ་པ་གཉིས་ནི་སྐྱེས་པ་དང་བུད་མེད་ཀྱི་དབྱེ་བས་སོ། །སེམས་ཅན་ཐམས་ཅད་ལ་བསམ་པ་ཐམས་ཅད་རྫོགས་པར་བྱེད་པས་སོ། །སེམས་ཅན་ཐམས་ཅད་ལ་ཕན་པར་བྱེད་པའི་བྱང་ཆུབ་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་གི་མཚན་ཉིད་དོ། །འདོད་པའི་
ཡོན་ཏན་རྣམ་པ་ལྔ་ཞེས་པ་ནི་སྤྲོས་པ་དང་བཅས་པའི་སྤྱོད་པས་འདོད་པའི་ཡོན་ཏན་ལྔ་ལས་འབྱུང་བའོ། །མཐར་ཕྱིན་པར་མཛད་པའོ་ཞེས་པ་ནི་མངོན་དུ་བྱེད་པའོ། །སྐྱེ་བ་འབའ་ཞིག་ཅེས་བྱ་བ་ལ་སོགས་པས་རྣམ་པ་གཅིག་བཤད་ནས་རྣམ་པ་གཉིས་པ་བསྟན་པའི་ཕྱིར་བུད་མེད་ཀྱང་
སྒྲུབ་པར་བྱེད་དོ་ཞེས་བསྟན་ཏོ། །དེ་རྣམས་ཀྱི་ཁྱད་པར་ནི་པདྨ་ཅན་ལ་སོགས་པའི་ཞེས་བྱ་བ་ནི་སྔར་ངེས་པའི་ཚིག་བཤད་ཟིན་པའོ། །ལེགས་པར་སློབ་པའི་ཕྱག་རྒྱ་རྣམས། །ཞེས་པ་ནི་ཐོས་པ་ལ་སོགས་པའི་རིམ་པས་སློབ་པར་བྱས་པའོ། །གཟུགས་ལ་སོགས་པ་ཞེས་བྱ་བ་ལ་
སོགས་པས་དེ་རྣམས་ཀྱང་རྗེས་སུ་མཐུན་པའི་ཐབས་བསྟེན་པས་འདོད་ཆགས་ལ་སོགས་པ་རྣམ་པར་དག་པར་བྱེད་པ་འོད་གསལ་བ་ཐོབ་པར་འགྱུར་རོ་ཞེས་བསྟན་ཏོ། །སྒྲ་ཇི་བཞིན་པའོ་ཞེས་པ་ནི་སྤྱོད་པ་ཇི་ལྟར་གྱི་བཞིན་ནོ་ཞེས་བཤད་པས་སྤྲོས་པ་དང་བཅས་པའི་སྤྱོད་པ་བསྟན་པའི་
ཕྱིར་རོ། །རྣམ་པར་སྣང་མཛད་དོ་ཞེས་པ་ནས་དྲང་བའི་དོན་གྱི་བར་དུ་ཡི་གེ་ཨོཾ་དང་ཧཱུྃ་གི་ས་བོན་དག་ལས་བསྐྱེད་པ་རྣམ་པར་སྣང་མཛད་ཀྱི་རིགས་ཅན་དང་མི་བསྐྱོད་པའི་རིགས་ཅན་གཤིན་རྗེ་མཐར་བྱེད་ལ་སོགས་པ་གང་ཡིན་པ་དེ་རྣམས་ཀྱིས་ཞི་བ་དང་མངོན་སྤྱོད་ཀྱི་ཕྲིན་ལས་བྱེད་པས་སྒྲུབ་

པ་པོའི་མངོན་པར་འདོད་པའི་དོན་གྲུབ་པར་བྱེད་དོ་ཞེས་བསྟན་ཏོ། །དེ་ནི་ཉེ་བར་མཚོན་པ་ཙམ་ཡིན་ཏེ། གཞན་དག་ཀྱང་རྗེས་སུ་མཐུན་པའི་ས་བོན་ལས་བྱུང་བ་འོད་དཔག་ཏུ་མེད་པ་དང་རིན་ཆེན་འབྱུང་ལྡན་དང་དོན་ཡོད་གྲུབ་པ་རྣམས་སོ། །དབང་དང་རྒྱས་པ་དང་དགུག་པར་མཛད་པས་སྒྲུབ་པ་པོའི་
མངོན་པར་འདོད་པའི་དོན་སྒྲུབ་པར་བྱེད་པའོ། །དེས་ནི་འཆད་པར་འགྱུར་བའི་ཞི་བ་ལ་སོགས་པའི་ལས་རྣམས་ཀྱི་གླེང་གཞི་བསྟན་པ་ཡིན་ནོ། །དྲང་བའི་དོན་ཞེས་པ་ནི་བསྐྱེད་པའི་རིམ་པ་ཞི་བ་ལ་སོགས་པ་བསྟན་པས་སོ། །མ་རིག་པ་ནས་བརྩམས་ཏེ་ངེས་པའི་དོན་གྱི་བར་དུ་སེམས་རྣམ་
པར་དག་པ་དང་བདག་ལ་བྱིན་གྱིས་བརླབ་པ་དང་མངོན་པར་བྱང་ཆུབ་པ་དང་ཟུང་དུ་འཇུག་པ་ཞེས་བྱ་བ་རྫོགས་པའི་རིམ་པ་བསྟན་ཏོ། །དེ་ཉིད་བསྟན་པའི་ཕྱིར་མ་རིག་པ་ནི་ཀུན་གཞི་རྣམ་པར་ཤེས་པའི་བག་ཆགས་སོ། །དེ་ལས་བྱུང་བ་ནི་དེའི་དབང་གིས་སྐྱེས་པ་ཉེ་བར་ལེན་པའི་ཕུང་པོ་
ལྔ་པོ་བླངས་པ་སྐྱེས་པ་དང་བུད་མེད་ཀྱི་རྣམ་པ་གཉིས་ཀྱི་རྣལ་འབྱོར་པ་གང་ཡིན་པ་དེ་རྣམས་མ་རིག་པ་ནི་མ་ནིང་གི་རང་བཞིན་སྣང་བ་ཉེ་བར་ཐོབ་པའི་རང་བཞིན་མྱོང་ཞིང་དེ་ནས་འོད་གསལ་བ་མངོན་དུ་བྱས་ནས། དེ་ལ་ཅིག་ཅར་རམ་སྣང་བ་ཉེ་བར་ཐོབ་པ་ལ་སོགས་པའི་རིམ་གྱིས་རྫོགས་
པ་ནི་ཕྱག་རྒྱ་ཆེན་པོའི་སྐུ་སྤྲོས་ནས་སེམས་ཅན་གྱི་དོན་བྱ་བའི་ཕྱིར་གཞན་རྣམས་ལ་ཡང་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་སྟེར་བར་འགྱུར་རོ། །དེས་ནི་སེམས་ལ་དམིགས་པ་དང་། བདག་ལ་བྱིན་གྱིས་བརླབ་པའི་རིམ་པ་བསྟན་ཏོ། །ཐབས་ཀྱི་རང་བཞིན་ནོ་ཞེས་པ་ནི་བཅུ་བཞིའོ། །ཤེས་
རབ་པོ་ཞེས་པ་ནི་རང་བཞིན་སུམ་ཅུ་རྩ་གསུམ་མོ། །ཆེ་བའི་བདག་ཉིད་ཅན་ནོ་ཞེས་པ་ནི་སེམས་ཅན་རྣམས་ལ་གནོད་པ་བྱེད་པའོ། །རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ཏེ་ཞེས་པ་ནི་རྡོ་རྗེའི་སྐུ་རྫོགས་པར་བྱས་ཏེ་རང་བཞིན་རྣམས་དབང་དུ་བྱས་པའོ། །ཕུང་པོ་ལ་སོགས་པའི་དབང་པོ་མེད་པར་བྱས་པའོ་
ཞེས་པ་ནི་ཕུང་པོ་ལ་སོགས་པའི་རྒྱུར་གྱུར་པའི་རང་བཞིན་རྣམས་མི་སྣང་བར་བྱེད་པའོ། །དེས་ནི་མངོན་པར་བྱང་ཆུབ་པའི་རིམ་པ་བསྟན་ཏོ། །བདེན་པ་གཉིས་གཉིས་སུ་མེད་པར་གྱུར་པ་ལ་སོགས་པས་ཟུང་དུ་འཇུག་པའི་རིམ་པ་བསྟན་ཏོ། །རྡོ་རྗེ་འཆང་ཆེན་པོ་སྟེ་ཞེས་བྱ་བ་ལ་

སོགས་པས་སྡུད་པ་པོའི་ཚིག་གིས་ཉེ་བར་བསྡུས་པ་བསྟན་ཏོ། །ངེས་པའི་དོན་ཏོ་ཞེས་པ་ནི་རིམ་པ་བཞི་སོ་སོར་བསྟན་པས་སོ། །གཞན་ཡང་ཞེས་བྱ་བ་ལ་སོགས་པས་སྔར་མདོར་བསྟན་པའི་ཞི་བ་ལ་སོགས་པས་ཕྲིན་ལས་རྒྱས་པའི་ཏིང་ངེ་འཛིན་བསྟན་པར་
བྱ་བའི་ཕྱིར་བཤད་པར་བྱ་སྟེ་ཡེ་ཤེས་སེམས་དཔའི་ཞེས་པ་ནས་འདོད་པ་ནི་འབྲས་བུ་འགྲུབ་པ་ཐོབ་པར་འགྱུར་རོ་ཞེས་པའི་བར་དུ་རྣམ་པར་སྣང་མཛད་ལ་སོགས་པའི་རྣལ་འབྱོར་པ་རྣམས་ཀྱི་བསྐྱེད་པའི་རིམ་པས་རང་རང་གི་ཕྱག་རྒྱ་ཆེན་པོའི་སྐུ་བསྒོམས་ལ། ཡེ་ཤེས་སེམས་དཔའི་ཐུགས་
ཀར་ཟླ་བ་དང་ཉི་མ་དང་ནོར་བུ་དང་པདྨ་དང་སྣ་ཚོགས་རྡོ་རྗེའི་སྟེང་དུ་འཁོར་ལོ་དང་། རྡོ་རྗེ་དང་རིན་པོ་ཆེ་དང་པདྨ་དང་རལ་གྲི་རྣམས་བསམས་ལ། རང་རང་གི་ས་བོན་གྱི་འོད་ཟེར་གྱིས་ནད་པ་ལ་སོགས་པའི་བསྒྲུབ་བྱ་རྣམས་དེ་རྣམས་སུ་བཅུག་ལ་ཤར་ལ་སོགས་པའི་ཕྱོགས་རྣམས་ལ་བཞུགས་
པའི་དེ་བཞིན་གཤེགས་པའི་འོད་ཟེར་གྱི་ཚོགས་ཀྱིས་སྡིག་པ་སྦྱངས་ཤིང་བསལ་བར་བྱས་ཏེ་དེ་ནས་སྤྲོས་ལ་ཕྱི་རོལ་གྱི་སྔར་བཤད་པའི་གདན་རྣམས་ལ་བཞག་སྟེ། དེ་རྣམས་ལ་སྤྲོས་པའི་སྤྱན་མ་ལ་སོགས་པའི་ལྷ་མོ་རྣམས་ཀྱི་རང་རང་གི་ཁ་དོག་དང་མཐུན་པའི་བུམ་པའི་ཆུས་དབང་
བསྐུར་བར་བྱས་ཏེ། ཞི་བ་ལ་སོགས་པ་དང་ལྡན་པར་བྱའོ་ཞེས་རབ་ཏུ་བསྟན་ཏོ། །ད་ནི་ཞེས་བྱ་བ་ལ་སོགས་པས་ཕྲ་མོའི་རྣལ་འབྱོར་ཡོངས་སུ་རྫོགས་ནས་སེམས་ཅན་གྱི་དོན་བྱ་བའི་ཕྱིར་སྤྲོས་པར་བསྟན་ཏོ། །དེ་ལ་བསྐྱེད་པའི་རིམ་པའི་རྣལ་འབྱོར་པས་ཕྲ་མོའི་རྣལ་འབྱོར་བྱས་ལ། རིགས་
ཀྱི་དབྱེ་བས་དང་པོའི་འོད་ཟེར་གྱི་ཚོགས་སྤྲོ་ཞིང་དེ་ནས་ཕྱག་མཚན་དང་དེ་ནས་རྣམ་པར་སྣང་མཛད་ཀྱི་ཕྱག་རྒྱ་ཆེན་པོ་ཡང་སྤྲོ་བར་བྱའོ། །དེས་ནི་སེམས་ཅན་གྱི་དོན་བྱས་ལ་ཡང་དེ་ཉིད་དུ་བསྡུ་བར་བྱའོ། །ལས་ཀྱི་རྒྱལ་བའི་མཆོག་གི་ཏིང་ངེ་འཛིན་ཏོ། །རྫོགས་པའི་རིམ་པའི་རྣལ་འབྱོར་
པས་ཀྱང་ཅིག་ཅར་དུ་ཕྱག་རྒྱ་ཆེན་པོའི་སྐུ་བསམས་ལ། བ་སྤུའི་བུ་ག་ཐམས་ཅད་ལས་དེ་བཞིན་གཤེགས་པ་ཐམས་ཅད་སྤྲོས་ལ་དེ་རྣམས་ཀྱིས་འགྲོ་བའི་དོན་བྱས་ལ་ཡང་དེ་ཉིད་དུ་བསྡུ་བར་བྱའོ། །དཀྱིལ་འཁོར་ཆེན་པོ་ནི་ཞེས་བྱ་བ་ནས་གསང་བའོ་ཞེས་བྱ་བར་སྦྱར་རོ་ཞེས་བྱ་བའི་བར་དུ་ནི་

ཅིག་ཅར་དུ་བསྐྱེད་པ་རྡོ་རྗེ་འཆང་ཆེན་པོའི་སྐུ་སེམས་དཔའ་གསུམ་གྱི་བདག་ཉིད་ལ་དམིགས་ཏེ་དེའི་ལྐོག་མ་དང་སྙིང་ག་དང་ལྟེ་བ་དང་། གསང་བའི་གནས་སུ་མེ་དང་ཆུ་དང་རླུང་དང་དབང་ཆེན་གྱི་དཀྱིལ་འཁོར་བཞི་གྲུ་གསུམ་དང་ཟླུམ་པོ་དང་གཞུའི་དབྱིབས་ཅན་དང་གྲུ་བཞི་དམར་པོ་དང་དཀར་པོ་དང་
སྔོན་པོ་དང་སེར་པོ་དང་དེ་བཞིན་གཤེགས་པ་དང་། ལྷ་མོ་བཞིའི་རང་བཞིན་དུ་རྣམ་པར་བསམས་ལ། འཇུག་པ་ལ་སོགས་པའི་ཡི་གེ་གསུམ་པོ་རེ་རེ་དགོད་ཅིང་གཡས་པ་དང་གཡོན་པ་དང་གཉི་ག་དང་དལ་བུས་དམན་པར་རྒྱུ་བའི་དབྱེ་བས་དམར་པོ་ལ་སོགས་པའི་འོད་ཟེར་གྱི་ཚོགས་
སྤྲོས་ལ་ཐུན་ཕྱེད་ཕྱེད་ཀྱི་དུས་སུ་བཟུང་ནས་ཞི་བ་ལ་སོགས་པའི་ལས་ཀྱི་ཚོགས་བྱའོ། །ཡ་ཡི་དོན་གྱིས་གང་ཅི་འང་རུང་། །དངོས་གྲུབ་འདོད་པས་བྱ་བ་སྟེ། །ར་ལ་སོགས་པ་གསུམ་ཉིད་ཀྱིས། །འགྲོ་བའི་དོན་ལ་རབ་ཏུ་འཇུག །མེ་དང་རླུང་དང་དབང་ཆེན་དང་། །ཆུ་ཡི་དཀྱིལ་འཁོར་རེ་
རེ་ལ། །ཐུན་ནི་ཕྱེད་ཕྱེད་དུས་སུ་ཡང་།