Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 33
Văn bản gốc(Tây Tạng)
Trang 14 / 14 (50.000 ký tự/trang)
་ལས་བྱུང་བ་དང་། དེའི་ངོ་བོ་ཉིད་ཀྱི་ཕྱིར་རོ། །དེ་ཉིད་ནི་མི་ཕྱེད་པས་རྡོ་རྗེའོ། །རྣམ་པར་རྟོག་པའི་བདག་ཉིད་ཅན་ནི་ཡིད་ཀྱི་རྣམ་པར་ཤེས་པ་དང་མཚུངས་པར་ལྡན་པའོ། །དེ་འོད་གསལ་བར་ འཇུག་པ་ནི་སྟོང་པ་ཉིད་དུ་བྱས་པའོ། །རྡོ་རྗེའི་དམ་ཚིག་ནི་གང་ཞིག་དེས་གང་བསྙེངས་པར་བྱ་ཞེ་ན་རྡོ་རྗེ་ནི་དེ་བཞིན་གཤེགས་པའི་ཁྲོ་བོའི་ཚུལ་ཅན་ཏེ་དེས་གདུག་པ་ཅན་སློབ་དཔོན་ལ་སྡང་བ་ལ་སོགས་པ་བསྲེགས་པ་ནི་དོན་ཆེན་པོ་དང་ལྡན་པར་བྱ་བའི་ཕྱིར་རོ། །ཡང་བྱེ་བྲག་བསྡུ་བ་སྟེ། རྡོ་རྗེ་དམ་ཚིག་ཉིད་སྲེག་ པའོ། །འོད་དཔག་ཏུ་མེད་པ་ནི་ཆོས་རིན་པོ་ཆེ་སྟེ་ཆོས་ཐམས་ཅད་ཀྱི་འབྱུང་གནས་སུ་གྱུར་པའི་ཕྱིར་རོ། །རྟ་མགྲིན་ཡང་འོད་དཔག་ཏུ་མེད་པ་སྟེ་དེའི་རིགས་སུ་གྱུར་པའི་ཕྱིར་རོ། །འོད་གསལ་བ་ནི་ཆོས་རིན་པོ་ཆེ་སྟེ་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ཀྱི་ཕྱིར་རོ། །རྟ་མགྲིན་ཡང་དེ་ལས་བྱུང་བའི་ཕྱིར་དེ་སྐད་ཅེས་བྱའོ། །ཉོན་མོངས་ པ་རྣམས་ཀྱིས་མ་གོས་པ་ནི་དེའི་རང་བཞིན་ཡིན་པའི་ཕྱིར་རོ། །དེ་ཉིད་འཇིགས་པར་མཛད་པ་ནི་དེ་དང་ལྷན་ཅིག་པར་འགལ་བའི་ཕྱིར་རོ། །པདྨ་ནི་སྐྱེ་གནས་སོ་ཞེས་པ་ལ་སོགས་པའི་དོན་ནི་རྡོ་རྗེ་པདྨ་སྙོམས་པར་ཞུགས་པས་བྱང་ཆུབ་སེམས་ཕབ་སྟེ་དེས་བདེ་བ་དང་བདེ་བ་དམ་པ་སྐྱེ་བར་འགྱུར་རོ་ཞེས་པའི་དོན་ ཏོ། །རྣམ་པར་དག་པའི་གནས་ནི་རྣམ་པར་དག་པར་བྱེད་པའི་རྟེན་ཏེ་གང་ཡིན་ཞེ་ན་འོད་གསལ་བའོ། །བགེགས་ནི་བི་ནཱ་ཡ་ག་ལ་སོགས་པ་སྟེ་དེ་མཐར་བྱེད་པ་ནི་ཐབས་གང་གི་སྒོ་ནས་དོན་ཆེན་པོ་ལྡན་པར་བྱེད་པའི་ཕྱིར་དེ་ལ་དེ་སྐད་ཅེས་བྱའོ། །དེས་པའི་དོན་དུ་བགེགས་ཞེས་བྱ་བ་གང་ཞིག་ཅེ་ན། བགེགས་ནི་ ཁམས་བཞི་པོ་སྟེ། ས་དང་ཆུ་དང་མེ་དང་རླུང་རང་གི་ལུས་ཀྱིས་བསྡུས་པའོ། །དེ་ལ་ཡང་ཅིའི་ཕྱིར་ཞེ་ན། དེ་དག་འཕེལ་བ་དང་འགྲིབ་པས་ལུས་གཟིར་བར་བྱེད་པའི་ཕྱིར་རོ། །ཐབས་ཀྱི་ཡེ་ཤེས་ཤར་བས་རྣམ་པར་འཇིག་པ་ནི་གང་གིས་ལུས་ཀྱི་རྒྱུན་ལས་བྱང་ཆུབ་སེམས་ཕབ་སྟེ་དེའི་ཉེས་པ་དང་བྲལ་བར་བྱས་པ་ ཉིད་དོ། །འདི་ལ་ཁ་ཅིག་གིས་འདི་སྐད་ཅེས་དེ་བཞིན་གཤེགས་པའི་གཙོ་བོ་དང་འཁོར་གྱི་རྣམ་པར་སྣང་བ་འདི་ཐ་དད་པའམ་གཅིག་པའམ་དེ་ལས་གཞན་དུ་འགྱུར་ཞེས་རྟོག་དྲང་ན། རེ་ཞིག་དང་པོར་ཐ་དད་པ་ནི་མ་ཡིན་ཏེ་སོ་སོར་མ་འདྲེས་པར་རྣམ་པར་སྣང་བའི་ཕྱིར་དང་གང་གིས་རག་ལས་དེའི་དབང་ གིས་འགྱུར་རོ་ཞེས་བྱ་བར་ཡང་མི་ནུས་ཏེ། དུང་དང་དཀར་པོ་ལྟ་བུའོ། །རང་གི་བློ་དང་འགྱུར་བ་ཡང་མ་ཡིན་ཏེ་བརྟགས་པ་མ་ཡིན་པའི་ཕྱིར་རོ། །གལ་ཏེ་ཡིན་ནོ་ཞེ་ན་ཡང་བླང་བར་བྱ་བ་མ་ཡིན་པ་ཉིད་དོ། །ཕྱོགས་ངེས་པར་འགྲུབ་པར་མི་འགྱུར་ཏེ་དེ་ཉིད་ཀྱི་ཕྱིར་ཐ་དད་པ་ནི་མ་ཡིན་ནོ། །གལ་ཏེ་གཅིག་པ་ཉིད་དོ་ཞེ་ན་ཡང་ཤིན་ཏུ་ རིགས་པ་མ་ཡིན་ཏེ། ཁ་དོག་དང་གནས་ལ་སོགས་པ་ཐ་དད་པའི་ཕྱིར་རོ། །གལ་ཏེ་གནས་གཅིག་པས་གཅིག་པ་ཉིད་དོ་ཞེ་ན་ཡང་རིགས་པ་མ་ཡིན་ཏེ། ཐམས་ཅད་སའི་དཀྱིལ་འཁོར་གཅིག་ལ་བརྟེན་པ་ཉིད་ཀྱི་ཕྱིར་རོ། །གལ་ཏེ་ལུས་འདྲ་བས་གཅིག་པ་ཉིད་དོ་ཞེ་ན་ཡང་མ་ཡིན་ཏེ་གང་གིས་མི་རྣམས་ཀྱི་ལུས་ འདྲ་བས་གཅིག་པ་མ་གྲུབ་པ་བཞིན་ནོ། །གལ་ཏེ་ཡེ་ཤེས་གཅིག་པ་ཉིད་ཀྱིས་གཅིག་པ་ཉིད་དོ་ཞེ་ན་ཡང་མ་ཡིན་ཏེ་མི་རྟག་པ་དང་མི་རྟག་པ་ཅན་ཡང་ཤིན་ཏུ་གཅིག་པར་འགྱུར་རོ། །གལ་ཏེ་རིག་པ་ཙམ་དུ་འདོད་པའོ་ཞེ་ན་ཡང་མ་ཡིན་ཏེ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་སོ་སོའི་སྐྱེ་བོའི་བར་ལ་སོགས་པ་ ཟག་པ་མེད་པའི་ས་བོན་དང་བཅས་པས་བསྡུས་པའི་ཕྱིར་ཐམས་ཅད་ཀྱང་ངོ་། །གལ་ཏེ་ཤེས་པ་ཐ་དད་དུ་གྱུར་པས་ཡིན་ནོ་ཞེ་ན་སོ་སོ་རང་གི་རིག་པས་བརྟགས་ན་དབྱེར་མེད་པའི་ཕྱིར་རོ། །ཡང་སྔ་མའི་ས་ན་འདུག་པ་ཉིད་དོ་ཞེ་ན་ཡང་མ་ཡིན་ཏེ། རང་གི་གདུལ་བྱའི་དབང་གིས་སྣ་ཚོགས་པར་སྣང་བའི་ཕྱིར་རོ། །དེ་བས་ན་འདིར་ཡང་ སངས་རྒྱས་ཐམས་ཅད་དབྱེར་མེད་ཀྱང་རང་གི་གདུལ་བྱའི་དབང་གིས་སྣ་ཚོགས་པར་སྣང་བའི་ཕྱིར་རོ། །གལ་ཏེ་དེ་ལྟ་ན། གཅིག་པར་འགྱུར་རོ་ཞེ་ན་དེ་ནི་འདོད་པ་སྟེ། དེའི་རང་བཞིན་གྱི་ཕྱིར་དུས་ཐམས་ཅད་དུ་གཅིག་པ་ཉིད་ཀྱི་ཕྱིར་རོ། །དེ་ལྟར་ན་སེམས་ཅན་གྱི་འདོད་པས་བྱུང་བའི་ཕྱིར་དུས་ཐམས་ཅད་དུ་འདོད་པས་ཇི་ལྟ་བ་ བཞིན་དུ་འབྱུང་བར་འགྱུར་རོ། །གལ་ཏེ་ནི་རང་གི་རྣམ་པར་རྟོག་པས་བསྒྲིབས་པའི་ཕྱིར་མི་སྣང་ངོ་། །འདོད་པ་ལ་རག་ལས་པའི་དངོས་པོ་ནི་མི་སྣང་བར་མི་འགྱུར་ཏེ་གང་གི་ཕྱིར་རང་གི་འདོད་པ་ཙམ་གཙོ་བོར་བྱེད་པའི་ཕྱིར་རོ། །གལ་ཏེ་རང་གི་འདོད་པ་གཙོ་བོར་མི་བྱེད་ན་ནི་ཐ་དད་པས་སྣང་བར་མི་འགྱུར་ཏེ་བཀབ་པའི་ཕྱིར་རོ། །གལ་ཏེ་སྒྲིབ་ པས་མི་སྣང་ན་སྒྲིབ་པ་དང་བྲལ་བའི་དུས་ན་ཐ་དད་པ་མི་སྣང་སྟེ་དེ་ནི་མེད་པའི་ཕྱིར་རོ། །གང་གི་ཕྱིར་སེམས་ཅན་གྱི་མོས་པ་འབའ་ཞིག་ལས་མ་ཡིན་ཏེ་སྨོན་ལམ་ཆེན་པོའི་འཕེན་པས་ཀྱང་སྣང་ངོ་། །དེ་བས་ན་གཉིས་ཚོགས་ན་འགྱུར་གྱི་གཞན་དུ་ནི་མ་ཡིན་ནོ། །ཡང་ཅི་ཐ་དད་པར་འགྱུར་བའི་སྨོན་ལམ་འགྲུབ་པ་ཅིའི་ཕྱིར་ཞེ་ན། ཐ་དད་ པའི་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་ཏེ་འདི་ལྟར་ཐ་དད་པའི་སེམས་ཅན་རྣམས་ལ་མཐུན་པ་དང་མི་མཐུན་པ་གཅིག་གིས་དོན་བྱེད་པ་ནི་འགལ་བའི་ཕྱིར་རོ། །གལ་ཏེ་དེ་ལྟ་ན་རྒྱུ་གཉིས་ལས་གྲུབ་པའི་ཕྱིར་གཅིག་ལས་སྣ་ཚོགས་སུ་ནི་སྣང་ན། གང་གི་ཕྱིར་ཤེས་པ་སྣ་ཚོགས་པར་གྱུར་པ་ཉིད་དེ་གལ་ཏེ་དེ་ལྟར་མ་གྱུར་ ན་ཐམས་ཅད་མཁྱེན་པ་གྲུབ་པར་མི་འགྱུར་རོ་ཞེ་ན་མ་ཡིན་ཏེ། གང་གི་ཕྱིར་དེའི་རྒྱུ་ཚོགས་པ་དེ་ཙམ་གྱིས་ཤེས་བྱ་ཐམས་ཅད་མཁྱེན་པའི་ཚུལ་དུ་སྣང་གི་དོན་དམ་པར་ནི་མ་ཡིན་ཏེ་སྒྱུ་མའི་རྟ་ལ་སོགས་པ་བཞིན་ནོ། །གལ་ཏེ་དེ་ལྟ་ན་ནི་ང་ནི་ཟག་པ་ཟད་དོ། །ད་ནི་ཆོས་ཐམས་ཅད་ཀྱི་དོན་ཡོངས་སུ་ཤེས་པའོ་ཞེས་བྱ་བ་ལ་ སོགས་པ་འདི་ལེགས་པར་གནས་པར་མི་འགྱུར་རོ་ཞེ་ན། དེ་ནི་དགོངས་པ་སྟེ། འདིར་ཆོས་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་ཀྱི་དོན་ཇི་ལྟ་བ་བཞིན་ལ་དགོངས་པའོ། །གལ་ཏེ་མཚན་མ་ཐམས་ཅད་མཁྱེན་ན་ཅིར་འགྱུར་ཞེ་ན། མཚན་མ་ནི་ཐོག་མ་མེད་པའི་ལས་ཀྱིས་བསྒྲུབས་པས་འཁྲུལ་པའི་ཕྱིར་ལ། འཁྲུལ་པའི་ ཡུལ་ལ་དམིགས་པའི་ཕྱིར་འཁྲུལ་པའི་ཡུལ་ཅན་གྱི་ཤེས་པར་འགྱུར་གྱི་ཡེ་ཤེས་ནི་མ་ཡིན་ནོ། །གལ་ཏེ་དེ་ཉིད་ཡེ་ཤེས་སོ་ཞེ་ན་གང་གི་ཕྱིར་ཇི་ལྟར་གནས་པའི་དོན་ཤེས་པས་ཡེ་ཤེས་ཞེས་བྱ་བ་ནི། དེ་གང་གིས་འགྲུབ་པར་འགྱུར་རོ། །དེ་ནི་སོ་སོར་རྟོག་པའི་ཡེ་ཤེས་སོ་ཞེ་ན། དེ་ནི་ལོངས་སྤྱོད་རྫོགས་པའི་སྐུའི་ཤེས་པ་ ཉིད་སྤྲུལ་པ་ཞེས་བྱ་བར་ཡང་མི་འགྱུར་ཏེ་མེ་ལོང་ལྟ་བུའི་ཡེ་ཤེས་དང་བྲལ་བའི་ཕྱིར་རོ། །དེ་ནི་དེ་ལ་ཡང་མཚུངས་སོ། །དེ་བས་ན་འདིར་འཁོར་གྱི་སྣང་བ་མ་གཏོགས་པ་གཞན་མ་ཡིན་ནོ། །གལ་ཏེ་ལོངས་སྤྱོད་རྫོགས་པའི་སྐུ་སྒྲུབ་པ་ཉིད་དེ། སྤྲུལ་པའི་ལས་བྱེ་བྲག་ཏུ་བྱ་བའི་ཕྱིར་རོ་ཞེ་ན་མ་ཡིན་ཏེ་སྔ་མའི་སྐྱོན་ཉིད་དོ། ། གལ་ཏེ་འཁྲུལ་པ་ནི་འཁྲུལ་པར་མ་འཁྲུལ་པ་ནི་མ་འཁྲུལ་པར་མཁྱེན་ན་ཇི་ལྟར་འཁྲུལ། མཚན་མ་ལ་དམིགས་པའམ་མཚན་མར་སྣང་བ་དེ་མི་འཁྲུལ་པ་མ་ཡིན་པ་དེ་བརྗོད་དགོས་སོ། །གལ་ཏེ་གཟུགས་དང་སེམས་སོ་ཞེ་ན། གཟུགས་ལྟར་སྣང་བའི་ས་བོན་ལས་བྱུང་བའི་ཕྱིར་ལེགས་པར་བཤད་པར་ འགྱུར་རོ། །འདི་ལྟར་ཆོས་འདི་དག་ལས་ཀྱི་འཁྲུལ་འཁོར་གྱིས་བྱུང་བ་སྟེ་དེ་ཉིད་ལས་སྣ་ཚོགས་པར་སྣང་པའི་ཕྱིར་རོ། །གལ་ཏེ་སྣ་ཚོགས་པ་དེ་གཅིག་པའི་རང་བཞིན་ཡིན་ནོ་ཞེ་ན། དེ་ལྟར་སྣང་བར་གྱུར་པའི་ཤེས་པ་སྣང་བ་ཉིད་ལས་མངོན་སུམ་དང་ལྡན་པའི་སྐྱེས་བུ་ས་བོན་སྣ་ ཚོགས་པ་ཉིད་དོ། །དགེ་བའི་ལས་ཀྱིས་བསྒྲུབས་སོ་ཞེ་ན་ཐམས་ཅད་དགེ་བའི་ལས་དང་ལྡན་པ་ཉིད་དུ་འགྱུར་བས་ཅིའི་ཕྱིར་འོག་མ་མི་སྣང་ངོ་། །གལ་ཏེ་ཤེས་པ་ཉིད་དོ་ཞེ་ན། ཐ་དད་པའམ་ཐ་དད་པ་མ་ཡིན་པར་འགྱུར། དེ་ནི་གཅིག་གིས་གཅིག་སྤངས་པའི་ཕྱིར། དེ་ལས་གཞན་པ་བརྗོད་པར་མི་ནུས་སོ། །གང་ གི་ཕྱིར་དེ་དག་རྒྱུ་དང་འབྲས་བུའི་རང་བཞིན་དུ་མ་གྲུབ་ན་ནི་གཅིག་ཡོད་པ་མེད་ན་མེད་པ་མི་འགྲུབ་པའི་ཕྱིར་རོ། །གཞན་ཡང་དོན་དམ་པར་གཉིས་སུ་འགྱུར་བ་འདི་ཡང་མ་བཟློག་པར་འགྱུར་བ་ཉིད་དོ། །དེ་བས་ན་རྫོགས་པའི་སངས་རྒྱས་ཐམས་ཅད་ཆོས་ཐམས་ཅད་ཟིལ་གྱིས་གནོན་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ ལ་སྙོམས་པར་ཞུགས་ཏེ་གཟུགས་མི་དམིགས། གཟུགས་ཀྱི་མཚན་མ་མི་དམིགས། རྣམ་པར་ཤེས་པའི་བར་དུ་མི་དམིགས་རྣམ་པར་ཤེས་པའི་བར་གྱི་མཚན་མར་མི་དམིགས་སོ་ཞེས་བྱ་བ་ལ་སོགས་པ་དང་གཞན་ཡང་སངས་རྒྱས་ཐམས་ཅད་ནི་དོན་དམ་པར་ཡེ་ཤེས་གཅིག་པ་མ་ཡིན་པ་མེད་དོ། །ཆོས་ ཐམས་ཅད་ཀྱི་དེ་ཁོ་ན་ཉིད་ཐུགས་སུ་ཆུད་པའི་ཕྱིར་རོ་ཞེས་འབྱུང་བ་འདི་ལེགས་པར་བཤད་པ་ཡིན་ནོ། །དེ་བས་ན་གང་གིས་སྣང་བ་ཆོས་ཐམས་ཅད་སྤྲོས་པ་མེད་པའི་ཏིང་ངེ་འཛིན་ལ་གནས་བཞིན་དུ་སྨོན་ལམ་ཆེན་པོའི་མཐུས་སེམས་ཅན་གྱི་སྣང་བ་ལ་སྐུ་གཅིག་དང་དུ་མ་དང་། གསུང་དང་ ཐུགས་སྣ་ཚོགས་པ་ཉིད་ཀྱང་རྡོ་རྗེ་འཆང་ཆེན་པོའི་ཡེ་ཤེས་ཀྱི་སྣང་བ་ཙམ་དུ་བལྟའོ། །གཞན་ནི་གོ་སླའོ། །རྡོ་རྗེ་སློབ་དཔོན་ལུས་འདི་ལ། །ཞེས་བྱ་བ་ལ་སོགས་པས་ནི་སྦྱོར་བ་དང་པོའི་ལུས་ཀྱི་དཀྱིལ་འཁོར་ཉིད་དུ་བརྗོད་པ་སྟེ་གང་གིས་རང་གི་གནས་སུ་ལྷ་སོ་སོའི་ཡི་གེ་བསམ་པར་བྱ་བ་ལ་སོགས་ པའོ། །གང་གིས་བློ་དམན་དོན་དུ་རྒྱུད་ཆེན་འགྲེལ། །ལེགས་བརྩམས་དེ་ལས་གསལ་བར་མ་གྱུར་པ། །དེ་འདིར་བདག་གིས་ཅུང་ཟད་ལེགས་པར་བཀྲོལ། །དམན་པ་རྣམས་ཀྱི་དོན་དུ་བལྟ་བར་གྱིས། །སྒྲོན་མ་གསལ་བར་བྱེད་པ་ཞེས་བྱ་བའི་འགྲེལ་བཤད། སློབ་དཔོན་ཨཱརྱ་དེ་བས་མཛད་པ་རྫོགས་སོ།། །།