Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 33
Văn bản gốc(Tây Tạng)
Trang 12 / 14 (50.000 ký tự/trang)
ད་པ་ནི་དཔེར་ན་པདྨ་གས་པ་ལྟ་བུའོ་ཞེས་སྦྱར་རོ། །ཙནྡན་ལྟ་བུའི་གང་ཟག་ཅེས་བྱ་བ་འདི་ཡང་གང་ཞིག་ ཡིན་ཞེ་ན། ཐོས་པ་ཉུང་ཞིང་ང་རྒྱལ་ལྡན། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཐོས་པ་ཉུང་བ་ནི་མ་ཐོས་པའོ། །ང་རྒྱལ་ལྡན་པ་ནི་བདག་ཐོས་པ་དང་ལྡན་པ་ཡིན་ཞེས་སྨྲ་བའོ། །རྩ་བ་མེད་པར་མང་དུ་སྨྲ། །ཞེས་པ་ནི་ངེས་པའི་ཤེས་པ་མ་སྐྱེས་པར་སྣ་ཚོགས་པ་སྨྲ་ཞེས་པའི་དོན་ཏོ། ། རྗེས་སུ་གཟུང་བར་མི་ནུས་པ། །ཞེས་པ་ནི་ཕྱིས་རང་གིས་འཛིན་པར་མི་ནུས་པའོ། །དེ་ཉིད་ཀྱི་མིང་ཅི་ཞེ་ན། ཙནྡན་ཞེས་བྱ་བའི་གང་ཟག་གོ་ཞེས་སྨྲ་སྟེ། ཙནྡན་དང་འདྲ་བས་ཙནྡན་ལྟ་བུའི་གང་ཟག་སྟེ། རི་མ་ལ་ཡའི་ཙནྡན་ལྟ་བུའོ། །ང་རྒྱལ་ལྡན་ཞེས་པ་ནི་དབྱར་གྱི་དུས་ཀྱི་ཙནྡན་ལྟ་བུའོ། ། ཞེས་པའོ། །རྩ་བ་མེད་པར་མང་དུ་སྨྲ། །ཞེས་པ་འདིས་ནི་བ་དོ་ལའི་རིའི་ཙནྡན་ལྟ་བུའོ་ཞེས་པའི་དོན་ཏོ། །རྗེས་སུ་གཟུང་བར་མི་ནུས་པ། །ཞེས་པ་ནི་ཙནྡན་སྦྲུལ་གྱི་སྙིང་པོ་ཅན་ལྟ་བུའོ་ཞེས་པའི་དོན་ཏོ། །འདི་དག་གིས་ནི་ཙནྡན་ལྟ་བུའི་གང་ཟག་བསྟན་ཏོ། །དེ་ནས་རིན་པོ་ཆེ་ལྟ་བུའི་གང་ ཟག་བསྟན་ཏེ། ཚུལ་ཁྲིམས་དག་ཅིང་མཁས་ལ་སྒྲིན། །ཞེས་པ་ནི་བསླབ་པ་རྣམ་པ་གསུམ་གྱི་ཚུལ་ཁྲིམས་དང་། དགེ་བའི་ཆོས་སྡུད་པའི་ཚུལ་ཁྲིམས་དང་། སེམས་ཅན་གྱི་དོན་བྱེད་པའི་ཚུལ་ཁྲིམས་དང་། འདི་རྣམས་དང་ལྡན་པ་ནི་ཚུལ་ཁྲིམས་རྣམ་པར་དག་པ་སྟེ། གང་གི་ཚུལ་ ཁྲིམས་ལ་སྐྱོན་མེད་པ་དེ་ལ་དེ་སྐད་ཅེས་བྱའོ། །མཁས་པ་ནི་མཁས་པ་སྟེ། གང་གིས་གང་གི་བྱ་བ་ཐམས་ཅད་ལ་ཐོགས་པ་མེད་པ་དེ་ལ་མཁས་པའོ། །ཤེས་རབ་ལྡན་པ་ནི་ཤེས་རབ་དང་ལྡན་པ་སྟེ་ཤེས་རབ་མཆོག་དང་མ་བྲལ་ཞེས་པའི་ཐ་ཚིག་གོ། །རྒྱུད་གཅིག་ལས་ཐོས་ནས་ལེགས་པར་སྟོན་ པ་ནི་ཡང་དག་པའི་གདམས་ངག་མ་ནོར་བར་ཐོས་ཤིང་དེ་ཉིད་དང་འབྲེལ་པའི་བྱ་བ་བྱེད་པ་དེ་ལ་དེ་སྐད་ཅེས་བྱའོ། །འདི་ཉིད་ཀྱི་མིང་ཅི་ཡིན་ཞེ་ན། རིན་ཆེན་ལྟ་བུའི་གང་ཟག་གོ། །ཞེས་པ་སྟེ་དཔེར་ན་རིན་པོ་ཆེའི་བུམ་པ་ལྟ་བུའོ་ཞེས་པའི་དོན་ཏོ། །གཞན་གོ་སླའོ། །བདེན་གཉིས་རྣམ་པར་ ངེས་བྱས་ཏེ། །ཞེས་པ་ནི་ཐམས་ཅད་ཀྱང་དོན་དམ་པའི་བདེན་པ་དང་ཀུན་རྫོབ་ཀྱི་བདེན་པར་འདུས་པའོ། །འདིར་རྒྱན་བདུན་ཡིན་པས་ན་རྒྱན་བདུན་ནོ། །རྫོགས་པའི་རིམ་པ་སྒྲུབ་པའོ། །ཞེས་པ་འདི་ནི་ཟུང་དུ་འཇུག་པ་འབའ་ཞིག་གི་དབང་དུ་བྱས་པའོ། །བཤད་སྨྲ་ཤིན་ཏུ་རྙེད་པར་ དཀའ། །ཞེས་པ་སྟེ་བཤད་པ་པོ་དང་སྨྲ་བ་པོ་ཤིན་ཏུ་རྙེད་པར་དཀའ་ཞེས་བྱ་བའི་དོན་ཏོ། །རྙེད་པར་དཀའ་བ་ཅིའི་ཕྱིར་ཞེ་ན། རྣལ་འབྱོར་རྒྱུད་ལས་གཞན་དུ་མིན། །ཞེས་བྱ་བ་སྨོས་ཏེ་རྣལ་འབྱོར་གྱི་རྒྱུད་ཁོ་ན་ལས་རྙེད་ཀྱི་གཞན་ལས་རྙེད་པ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་བས་ རྡོ་རྗེ་སློབ་དཔོན་གྱིས། །ཞེས་པ་ནི་གོང་མ་དང་འབྲེལ་ཏོ། །གླེང་གཞི་རིམ་པ་སྦྱོར་བར་བཅས། །ཞེས་པ་ནི་གླེང་བསླང་བ་ལ་སོགས་པའོ། །རྒྱན་རྣམ་པ་བདུན་བཤད་པའི་རིགས་པའོ་ཞེས་པ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྒྱུད་ཐམས་ཅད་ནི་རྒྱན་རྣམ་པ་བདུན་གྱི་འཆིང་ བ་བཅིངས་ལ་རྒྱུད་ཤེས་པར་འདོད་པས་ཀྱང་དེ་ལ་བསླབ་པར་བྱའོ་ཞེས་པའི་དོན་ཏོ། །རྒྱན་རྣམ་པ་བདུན་ཡང་ཡིན་ལ་བཤད་པའི་རིགས་པ་ཡང་ཡིན་ན་དེ་ལ་དེ་སྐད་ཅེས་བྱའོ། །སྒྲོན་མ་གསལ་བ་ཞེས་བྱ་བའི་འགྲེལ་བཤད་ལས་རྒྱན་རྣམ་པ་བདུན་སྤྲོས་པ་དང་བཅས་པའི་ བཤད་པའོ།། །།དེ་ལྟར་རྒྱན་རྣམ་པ་བདུན་གོ་རིམས་བཞིན་དུ་བཤད་ནས། ད་ནི་ལེའུ་བཅུ་བདུན་པོ་ཉིད་ཀྱིས་བསྡུས་པའི་དོན་བཤད་པར་འདོད་ནས་ད་ནི་ཞེས་བྱ་བ་ལ་སོགས་པའི་གཞུང་གི་ཚོགས་གསུངས་ཏེ། ད་ནི་ཞེས་བྱ་བ་ནི་སྐབས་ལ་བབ་པའི་ཚིག་གོ། ། ལེའུ་བཅུ་བདུན་གྱི་བསྡུས་པའི་དོན་བཤད་པར་བྱ་སྟེ་ཞེས་བྱ་བ་ལ་ལེའུ་བཅུ་བདུན་ནི་ལེའུ་བཅུ་བདུན་ཏེ་གཞུང་གི་ཚོགས་ཀྱི་རིམ་པར་ཕྱེ་བ་བཅུ་བདུན་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །ལེའུ་བཅུ་བདུན་ཞེས་པ་ནི་བཅུ་བདུན་ཁོ་ན་སྟེ་འདི་དག་གིས་ནི་མང་བའམ་ཉུང་བ་རྣམ་པར་ བཀག་པ་བསྟན་ཏོ། །ཅིའི་ཕྱིར་ཞེ་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ་འདུས་པའི་ལམ་འབྲས་བུ་དང་བཅས་པ་ནི་འདི་ཉིད་ཀྱིས་སྟོན་པར་འགྱུར་གྱི་གཞན་གྱིས་ནི་མ་ཡིན་ནོ། །འོན་ཏེ་མ་ཡིན་ན་ཡང་ལམ་འབྲས་བུ་དང་བཅས་པར་སྟོན་པར་ནམ་ཡང་མི་འགྱུར་རོ། །འོ་ན་ ལེའུ་དང་པོ་ལས་ནི་ཅི་ཞིག་གང་གི་ཕྱིར་སྟོན་ཞེ་ན། ལེའུ་དང་པོ་ལས་ནི་ཞེས་པ་ལ་སོགས་པ་སྨོས་ཏེ། ལེའུ་དང་པོ་ནི་ཐོག་མ་ཞེས་པའི་དོན་ཏོ། །ཐོག་མའི་རིམ་པ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལས་ཅི་སྟོན་ཞེ་ན་རྗོད་པར་བྱེད་པ་དང་བརྗོད་པར་བྱ་བ་ནི་སྒྲའི་ཚོགས་དང་དོན་གྱི་ཚོགས་སོ། །དེའི་ བདག་ཉིད་ཀྱང་གང་ཡིན་ཞེ་ན། བདག་ཉིད་རྡོ་རྗེ་འཆང་ཆེན་པོ་ཞེས་སྨོས་ཏེ་བརྗོད་པར་བྱ་བའི་བདག་ཉིད་ཀྱང་ཡིན་ལ། རྡོ་རྗེ་འཆང་ཆེན་པོ་ཡང་ཡིན་པས་དེ་ལ་དེ་སྐད་ཅེས་བྱའོ། །དེའི་སྤྲུལ་པའི་དཀྱིལ་འཁོར་ཡང་གང་ཞིག་ཡིན་ཞེ་ན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་ བ་འདུས་པའི་ལྷ་སུམ་ཅུ་རྩ་གཉིས་པའོ། །དེར་ཉན་པའི་སྐལ་བ་དང་ལྡན་པ་ནི་ཚོགས་ཀྱི་གང་ཟག་དང་སློབ་མའི་གང་ཟག་གོ། །དེ་ལ་ཡང་ཅི་བྱེད་ཅེ་ན། རིག་པའི་དབང་བསྐུར་བ་བྱིན་ནས་ཞེས་སྨོས་ཏེ། རིག་པའི་དབང་ནི་རིག་པའི་དབང་སྟེ། སློབ་མའི་རིག་པའི་དབང་ནི་འདི་ལྟར་ ཆུ་ལ་སོགས་པའོ། །ཡང་ན་རིག་པ་དང་བཅས་པ་ལས་བྱུང་བས་རིག་པའི་དབང་སྟེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བའི་དབང་ངོ་། །ཡང་ན་རིག་པའི་ལྷ་མོ་དང་འབྲེལ་པས་རིག་པའི་དབང་སྟེ་ཤེས་རབ་ཡེ་ཤེས་ཀྱི་དབང་ངོ་། །ཡང་ན་རིག་པ་ཐོབ་པས་ན་རིག་པའི་དབང་ སྟེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བའི་དབང་བཞི་པའོ། །དེ་ལ་དང་པོའི་དབང་ནི་ཚོགས་ལ་སྦྱིན་པའོ། །ལྷག་མ་གསུམ་ནི་སློབ་མའི་གང་ཟག་ལ་སྦྱིན་པའོ། །དབང་བྱིན་ནས་ཀྱང་ཅི་བྱེད་ཅེ་ན། དབང་དང་རྗེས་སུ་འབྲེལ་པའི་མན་ངག་སྟོན་པ་སྟེ། དེའི་ཕྱིར་ དྲང་བ་དང་ངེས་པའི་དོན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དྲང་བའི་དོན་དང་ངེས་པའི་དོན་ལ་བརྟག་པ་ནི་གོང་དུ་བསྟན་པ་ཉིད་དོ། །བསྐྱེད་པའི་རིམ་པ་དང་རྫོགས་པའི་རིམ་པའི་སྒྲུབ་པའི་ཐབས་སོ་སོར་སྟོན་ཅིང་ཞེས་པ་ནི་དབང་རྣམ་པ་གཉིས་བསྐུར་བའི་གང་ཟག་དེ་དང་དེ་ལ་བསྐྱེད་ པའི་རིམ་པ་དང་རྫོགས་པའི་རིམ་པའི་སྒྲུབ་པའི་ཐབས་མ་འདྲེས་པར་སྟོན་ཏོ། །འདིར་གང་ལ་བུམ་པའི་དབང་བསྐུར་བ་དེ་དང་དེ་ལ་ནི་བསྐྱེད་པའི་རིམ་པ་འབའ་ཞིག་ཉེ་བར་བསྟན་ཏོ། །གསང་བའི་དབང་བསྐུར་བ་ལ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བའི་སྤྱོད་པ་སྤྲོས་ཏེ་ སྟོན་ཏོ། །དེ་བཞིན་དུ་རྡོ་རྗེ་བཟླས་པ་དང་སེམས་ལ་དམིགས་པ་འབའ་ཞིག་ཀྱང་ཉེ་བར་བསྟན་ཏོ། །དེ་བཞིན་དུ་སྒྱུ་མ་ལྟ་བུའི་སྐུ་ཡང་ཉེ་བར་བསྟན་ཏོ། །ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བ་ལ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འོད་གསལ་བ་དང་ཟུང་དུ་འཇུག་པ་འབའ་ཞིག་ ཉེ་བར་བསྟན་ཏོ། །ལེའུ་དང་པོ་ལས་དེ་ཉིད་སྟོན་ནས་གཞན་དག་ལས་ཀྱང་སྟོན་ཞེ་ན། གཞན་དག་ལས་ཀྱང་སྟོན་པ་བསྟན་པའི་ཕྱིར་འོག་ནས་བཤད་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འོག་ནས་བཤད་པ་ནི་ལེའུ་གཉིས་པ་ལ་སོགས་པ་སྟེ་གོང་མ་མ་ཡིན་པ་ཞེས་པའི་ཐ་ ཚིག་གོ། །ལེའུ་བཅུ་དྲུག་པོ་ནི་དང་པོ་ལས་གཞན་པའི་ལེའུ་བཅུ་དྲུག་པོ་ཁོ་ན་ཞེས་པའི་དོན་ཏོ། །དེའི་དོན་གཞན་དག་ཀྱང་རྙེད་པ་ནི་རྫོགས་པའི་རིམ་པ་དང་ཕྲ་མོའི་ཏིང་ངེ་འཛིན་ལ་སོགས་པ་ཡང་འདིར་རྙེད་ཅེས་སྦྱར་རོ། །དེ་ལ་ཡང་འདི་ལས་གཞན་པ་ཞིག་ཡིན་ནམ་ཞེ་ན་མ་ ཡིན་པའི་ཕྱིར། ལྷའི་རྣལ་འབྱོར་རྣམ་པ་གཉིས་པོ་ཉིད་ལ་འཇུག་ཅིང་ཞེས་པ་སྨོས་ཏེ། ལྷའི་རྣལ་འབྱོར་གཉིས་ནི་བསྐྱེད་པའི་རིམ་པ་དང་རྫོགས་པའི་རིམ་པ་གཉིས་སོ། །འདི་ལ་གང་གིས་ཏིང་ངེ་འཛིན་གྱི་ཡུལ་དུ་བྱེད་པ་དེ་ནི་རྣལ་འབྱོར་པའོ། །རྣལ་འབྱོར་རྣམ་པ་གཉིས་ པོ་འདི་ཉིད་ཀྱང་གང་ལ་ཤེས་ཤིང་བཤད་ཅེ་ན། གསང་བ་འདུས་པའི་རྒྱུད་ཕྱི་མ་ལས་གསུངས་སོ་ཞེས་སྦྱར་རོ། །གསང་བ་འདུས་པའི་དོན་དེ་ཉིད་གཞན་ཡིན་ནོ་ཞེ་ན་མ་ཡིན་པའི་ཕྱིར་དོན་འདི་ཉིད་ཅེས་སྨོས་ཏེ། འདི་ཉིད་ཉེ་བར་སྟོན་ཏེ་གཞན་ནི་མ་ཡིན་ཞེས་ཤུགས་ཀྱིས་ བསྟན་ཏོ། །ཇི་སྐད་བསྟན་ཞེ་ན། སངས་རྒྱས་རྣམས་ཀྱིས་ཆོས་བསྟན་པ། །ཞེས་པ་ནི་དེ་བཞིན་གཤེགས་པ་རྡོ་རྗེ་འཆང་ཆེན་པོ་ལ་སོགས་པ་རྣམས་ཀྱིས་གསུངས་པའི་གཞུང་གི་ཚོགས་རྣམས་སོ། །རིམ་པ་གཉིས་ལ་ཡང་དག་གནས། །ཞེས་པ་ནི་དེ་ ཐམས་ཅད་ཀྱང་རིམ་པ་གཉིས་སུ་འདུས་ཞེས་པའི་དོན་ཏོ། །རིམ་པ་གཉིས་ཉིད་གང་ཡིན་ཞེ་ན། བསྐྱེད་པ་ཡི་ནི་རིམ་པ་དང་། ཞེས་སྨོས་ཏེ་བསྐྱེད་པའི་རིམ་པ་ནི་བསྐྱེད་པའི་རིམ་པ་སྟེ། གང་གིས་བློས་བསྐྱེད་པ་དེ་ལ་དེ་སྐད་ཅེས་བྱའོ། །བསྐྱེད་པའི་རིམ་པ་ཞེས་བྱ་བ་ནི་དེ་ལས་ སྐྱེས་པའི་སྐུའོ། །ཡང་ན་བསྐྱེད་པའི་རིམ་པ་ནི་ལྷའི་རྣལ་འབྱོར་འབའ་ཞིག་པའོ། །རྫོགས་པའི་རིམ་པ་ནི་ཕྲ་མོའི་རྣལ་འབྱོར་འབའ་ཞིག་པའོ། །འདི་ཡང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བའི་མཛོད་ཅེས་བྱ་བ་ལས་གསུངས་ཏེ་བཅོམ་ལྡན་འདས་བསྐྱེད་པའི་རིམ་པ་ ཞེས་བྱ་བ་དེ་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སེམས་དཔའ་ཆེན་པོ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བསྐྱེད་པའི་རིམ་པ་ནི་རྟེན་དུ་གྱུར་པ་ཉིད་དོ། །བཅོམ་ལྡན་འདས་རྟེན་དུ་གྱུར་པ་ཞེས་བྱ་བ་དེ་གང་ལགས། སེམས་དཔའ་ཆེན་པོ་དེ་བཞིན་གཤེགས་ པ་ཐམས་ཅད་ཀྱི་གསང་བ་ཆེན་པོའི་རྟེན་དུ་གྱུར་པའོ། །བཅོམ་ལྡན་འདས་གསང་བ་ཆེན་པོ་ཞེས་བྱ་བ་དེ་གང་ལགས། དེའི་རྟེན་ཞེས་བྱ་བ་དེ་གང་ལགས། སེམས་དཔའ་ཆེན་པོ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ་ཆེན་པོ་ཞེས་བྱ་བ་དེ་ནི་ཉན་ཐོས་དང་རང་སངས་རྒྱས་ ལ་སོགས་པ་རྣམས་ཀྱི་ཡུལ་མ་ཡིན་པ་ཚོགས་ཀྱི་གང་ཟག་གི་ཡང་ཡུལ་མ་ཡིན་པ་ཤིན་ཏུ་རྨད་དུ་བྱུང་བ་ཐེག་པ་ཆེན་པོའི་རིགས་ཅན་གྱི་སྤྱོད་ཡུལ་དུ་གྱུར་པའོ། །སེམས་དཔའ་ཆེན་པོ་དེའི་རྟེན་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྤྲུལ་པའི་སྐུ་ཤིན་ཏུ་རྨད་དུ་བྱུང་བའོ། ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བསྐྱེད་པའི་རིམ་པ་ཞེས་བྱ་བ་དེ་གང་ལགས། སེམས་དཔའ་ཆེན་པོ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བསྐྱེད་པའི་རིམ་པ་ཞེས་བྱ་བ་ནི་གསང་བའི་ཡང་ཤིན་ཏུ་གསང་བ་ཕྲ་མོའི་ཏིང་ངེ་འཛིན་ཏོ་ཞེས་འབྱུང་བ་ལྟ་བུའོ། ། ཉིད་ཅེས་བྱ་བ་ནི་ཁོ་ན་ཞེས་པ་སྟེ། འདིར་གཞན་དང་ལྡན་པ་རྣམ་པར་གཅོད་པའི་དབང་དུ་བྱས་པའོ། །རྒོལ་ཏེ་འོག་ནས་འཆད་པ་ཞེས་བྱ་བ་ཡང་འདི་ཉིད་དམ་འདི་ལས་གཞན་ཞིག་རྟོག་གྲང་ན། འདི་ཉིད་ནི་མ་ཡིན་ཏེ་གྲུབ་པ་ལ་སྒྲུབ་པ་ཉིད་ཀྱི་ཕྱིར་དོན་མེད་པར་འགྱུར་རོ། །མདོར་བསྟན་ པ་ཡང་མ་ཡིན་ཏེ་མིང་ཉིད་ཀྱིས་ཐམས་ཅད་མདོར་བསྟན་པའི་ཕྱིར་རོ། །རྒྱས་པར་བཤད་པ་ཡང་མ་ཡིན་ཏེ། །མིང་ཉིད་དང་འགལ་བའི་ཕྱིར་དང་། གཞུང་རྒྱས་པས་འཇིགས་པའི་ཕྱིར་རོ། །འོག་མ་དང་ཐ་དད་པ་ཡང་མ་ཡིན་ཏེ། ཐ་དད་པ་དང་ཐ་དད་པ་མ་ཡིན་པ་ནི་གཅིག་གིས་གཅིག་ སྤངས་པའི་འགལ་བ་ཡིན་པའི་ཕྱིར་རོ། །དེ་ལྟ་ན་ཡང་འགྱུར་རོ་ཞེ་ན། ཧ་ཅང་ཡང་ཐལ་བར་འགྱུར་རོ། །འོན་ཏེ་ཐ་མི་དད་ན་ནི་སྔ་མའི་སྐྱོན་དུ་འགྱུར་རོ། །རྒྱུ་ཐ་མི་དད་པ་གཅིག་ཡིན་ནོ་ཞེ་ན་ནི་འབྲས་བུ་ཡང་དེ་ལྟར་འགྱུར་རོ། །ཐ་མི་དད་པས་ཐ་དད་པ་སྐྱེད་ན་ནི་ཧ་ཅང་ཡང་ཐལ་བར་ འགྱུར་རོ། །ཐམས་ཅད་ཐ་མི་དད་ཀྱང་ཡིན་ནོ་ཞེ་ན་ནི་གོང་མའི་སྐྱོན་དེ་ཉིད་དུ་འགྱུར་རོ། །གཞན་ཡང་རྒྱུ་ཐ་མི་དད་པས་འབྲས་བུ་ཐ་དད་པ་སྐྱེད་ན་ནི་རྫོགས་པའི་རིམ་པ་ཡང་དོན་མེད་པར་འགྱུར་རོ། །ཅི་སྟེ་གལ་ཏེ་ཉེ་བའི་ཕྱིར་ཡིན་ནོ་ཞེ་ན་དེ་ལྟ་ན་ནི་བསྐྱེད་པའི་རིམ་པ་ཡང་བླང་བྱ་ མ་ཡིན་པར་འགྱུར་རོ། །འདི་ལྟར་རིང་བར་འགྱུར་བ་ཉིད་དང་ཕན་མི་འདོགས་པ་ཉིད་དང་། གནོད་པ་སྒྲུབ་པ་ཉིད་ནི་སྦྲུལ་ནག་པོ་བཞིན་དུ་དོར་བར་བྱ་བ་ཡིན་གྱི་ནོར་བུ་བཞིན་བླང་བར་བྱ་བ་མ་ཡིན་ནོ་ཞེ་ན་དེ་ནི་མ་ཡིན་ཏེ། འདི་ལྟར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་ དང་ཐུགས་གསང་བ་ཆེན་པོ་འདི་ནི་མདོར་བསྟན་པ་དང་རྒྱས་པར་བསྟན་པ་གཉིས་ལ་འཇུག་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ་འདུས་པའི་ལེའུ་དང་པོ་ལས་ནི་མདོར་བསྟན་པ་འབའ་ཞིག་ཉེ་བར་བསྟན་ཏེ། དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པ་ཐམས་ ཅད་ནི་སེམས་ཅན་གྱི་དོན་ཆེན་པོ་ལ་རབ་ཏུ་འཇུག་པའི་ཕྱིར་རོ། །བསྡུས་པ་འདི་ཉིད་ཀྱིས་སེམས་ཅན་གྱི་དོན་དུ་ཇི་ལྟར་འགྱུར་ཞེ་ན། འདི་ནི་སེམས་ཅན་མདོར་བསྡུས་པ་ལ་དགའ་བའི་ཕྱིར་རོ། །ལྷག་མ་ནི་རྒྱས་པར་བསྟན་པ་ལ་དགའ་བའི་ཕྱིར་རོ། །དེ་བས་ན་འདི་ནི་དགོས་ པ་ཆེན་པོ་དང་ལྡན་པའི་ཕྱིར་བླང་བར་བྱ་བ་ཉིད་དོ་ཞེའོ། །ལེའུ་དང་པོ་བསྡུས་པ་བཤད་པའོ།། །།ལེའུ་གཉིས་པ་ལས་ནི་རྫོགས་པའི་རིམ་པ་འབའ་ཞིག་ཉེ་བར་སྟོན་ཏོ་ཞེས་པ་ནི་དང་པོ་ནི་བཤད་ཟིན་ལ་དེ་ལས་གཞན་ནི་མ་བྱུང་བས་དེ་ཉིད་ཀྱི་སྐབས་སུ་བབ་སྟེ། དེ་ལ་དེ་སྐད་ཅེས་བྱའོ། །རྫོགས་པའི་རིམ་པ་ནི་རྫོགས་པའི་རིམ་པ་སྟེ། རྫོགས་པ་ཆེན་པོ་དང་ཤིན་ཏུ་ཉེ་བའི་རྒྱུར་གྱུར་པའི་ཕྱིར་དེ་ལ་དེ་སྐད་ཅེས་བྱའོ། །ཡང་ན་རྫོགས་པ་ནི་རྫོགས་པ་ཆེན་པོ་སྟེ་དེ་ཁོ་ན་ཉིད་ཆོས་ཀྱི་སྐུའོ། །དེའི་རིམ་པ་ནི་རྫོགས་པ་ཐོབ་པའི་ཐབས་ཀྱི་རིམ་པ་ སྟེ་ཕྲ་མོའི་ཏིང་ངེ་འཛིན་ཏོ། །འབའ་ཞིག་ཅེས་བྱ་བ་ནི་ལྷག་མེད་ཅེས་བྱ་བའི་དོན་ཏེ་རྫོགས་པའི་རིམ་པ་འབའ་ཞིག་ཉེ་བར་སྟོན་གྱི་གཞན་མི་སྟོན་ཞེས་བྱ་བའི་ཐ་ཚིག་གོ། །འདིར་ཡང་རྫོགས་པའི་རིམ་པ་འབའ་ཞིག་སྟོན་གྱི་གཞན་མི་སྟོན་པ་ཅིའི་ཕྱིར་ཞེ་ན། འདི་ནི་དེ་བཞིན་གཤེགས་པ་ ཐམས་ཅད་ཀྱིས་ཚོགས་ཀྱི་གང་ཟག་གི་དབང་དུ་བྱས་པ་མ་ཡིན་གྱི་སློབ་མ་འབའ་ཞིག་གི་དབང་དུ་བྱས་པའོ། །དེ་ལྟར་ཡང་ཅི་མངོན་ཞེ་ན། གསང་བ་ལུང་བསྟན་པ་ཞེས་བྱ་བ་ལས་ཀྱང་། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་། གསུང་དང་ཐུགས་གསང་བའི་ ཡང་ཤིན་ཏུ་གསང་བ་མཆོག་ཏུ་གྱུར་པའི་དངོས་ཀྱི་ལམ་དུ་གྱུར་པ་འདི་ནི་ཉན་ཐོས་ཀྱི་ཡུལ་མ་ཡིན་རང་སངས་རྒྱས་ཀྱི་ཡུལ་མ་ཡིན་བྱང་ཆུབ་སེམས་དཔའི་ཡུལ་མ་ཡིན་ནོ། །དེའི་ཕྱིར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ་ཆེན་པོ་འདི་ནི་འདས་པའི་དུས་སུ་ཡང་མ་ གསུངས་སོ། །མ་འོངས་པའི་དུས་སུ་ཡང་གསུང་བར་མི་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་གསང་བ་ཆེན་པོ་དེའི་སྣོད་དུ་མ་གྱུར་པའི་ཕྱིར་རོ། །དེ་བས་ན་དེ་ལ་དེ་སྐད་ཅེས་བྱའོ།། །།ལེའུ་གཉིས་པ་བརྗོད་ཟིན་ནས་གསུམ་པ་བརྗོད་པར་རིགས་པས་དེའི་ཕྱིར་ལེའུ་གསུམ་པ་ ལས་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ལེའུ་གསུམ་པ་ནི་འདིར་གྲངས་ཀྱིས་གསུམ་པ་ཉིད་དོ། །ལས་ཞེས་པ་འདིར་འབྱུང་ཁུངས་ཀྱི་དོན་ཏེ་ལེའུ་གསུམ་པ་ལས་ཡོངས་སུ་གྱུར་པ་དག་པའི་ལྷའི་རྣལ་འབྱོར་གསལ་བར་བྱེད་དོ་ཞེས་བྱ་བ་ནི་ཡོངས་སུ་དག་པའི་ལྷའི་རྣལ་ འབྱོར་གྱི་རྟོག་པ་རྙེད་དོ་ཞེས་བྱ་བའི་དོན་ཏོ། །ལེའུ་གསུམ་པ་ལས་ལྷའི་རྣལ་འབྱོར་དེ་ཉིད་ཀྱང་རྙེད་པ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ་ཆེན་པོ་ནི་འདི་ལ་བསམས་ནས་གསུངས་པའི་ཕྱིར་རོ། །ཡོངས་སུ་དག་པའི་ལྷའི་རྣལ་འབྱོར་ཡང་གང་ཞིག་ཡིན། དེ་ཉིད་ མི་ཤེས་སོ་ཞེ་ན་གང་གིས་མ་དག་པ་རྣམ་པར་བཅད་ནས་གང་ཞིག་དག་པར་གྱུར་པ་ཡོངས་སུ་གཅོད་པ་དེ་ལ་དེ་སྐད་ཅེས་བྱའོ། །ཡོངས་སུ་དག་པ་ཡང་ཡིན་ལ་ལྷའི་རྣལ་འབྱོར་ཡང་ཡིན་པའི་ཕྱིར་ཡོངས་སུ་དག་པ་ལྷའི་རྣལ་འབྱོར་ཏེ་རྣམ་པར་རྟོག་པ་དང་བྲལ་བའི་ལྷ་ལ་དམིགས་པའི་ ཏིང་ངེ་འཛིན་ཞེས་བྱའོ། །ཡོངས་སུ་དག་པ་ལ་སོགས་པ་འདི་ཡང་གང་ཞིག་ཡིན་ཏེ། དེ་ཉིད་མི་ཤེས་སོ་ཞེ་ན་སྤང་བྱས་ཡོངས་སུ་དག་པ་སྟེ། བསྐྱེད་པའི་རིམ་པའི་ལྷའི་རྣལ་འབྱོར་གྱི་ཏིང་ངེ་འཛིན་དང་ལྡན་པ་དེ་ལ་དེ་སྐད་ཅེས་བྱའོ། །ཡང་ན་བྲལ་བའི་དོན་གྱིས་ཡོངས་སུ་དག་པའི་ ལྷའི་རྣལ་འབྱོར་ཏེ་ཞེས་བྱ་བ་སྟེ། རྣམ་པར་རྟོག་པ་རགས་པ་དང་བྲལ་བ་སྒྱུ་མ་ལྟ་བུའི་སྐུ་ལ་དེ་སྐད་ཅེས་བྱའོ། །ཡང་ན་ཉེ་བར་ལོངས་སྤྱོད་པའི་དོན་གྱིས་ཡོངས་སུ་དག་པ་ལྷའི་རྣལ་འབྱོར་ཞེས་བྱ་སྟེ་ལོངས་སྤྱོད་རྫོགས་པའི་སྐུ་དེ་ལ་དེ་སྐད་ཅེས་བྱའོ། །ཡང་ན་སྣ་ཚོགས་པ་དང་། ཐོགས་པ་མེད་པའི་ཕྱིར་ཡོངས་སུ་དག་པ་ལྷའི་རྣལ་འབྱོར་ཏེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྤྲུལ་པའི་སྐུ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །ལེའུ་བཞི་པ་ལས་ནི་དབང་བསྐུར་བའི་དཀྱིལ་འཁོར་སྟོན་ཏོ་ཞེས་བྱ་བ་ནི་སློབ་མ་དབང་བསྐུར་བའི་དཀྱིལ་འཁོར་ཆེན་པོ་ཞེས་བྱ་ བའི་དོན་ཏོ། །འདིར་ཡང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དཀྱིལ་འཁོར་ཆེན་པོ་ནི་རྣམ་པ་གཉིས་སུ་འགྱུར་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དངོས་གྲུབ་ཀྱི་དཀྱིལ་འཁོར་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དབང་བསྐུར་བའི་དཀྱིལ་འཁོར་རོ། །འདིར་ ཡང་དབང་བསྐུར་བ་ཁོ་ནའི་དཀྱིལ་འཁོར་མ་ཡིན་གྱི། དབང་བསྐུར་བ་ཁོ་ན་ཞེས་བྱ་བའི་དོན་ཏོ། །ལེའུ་ལྔ་པ་ལས་ནི་རྣལ་འབྱོར་གྱི་སྤྱོད་པ་གསུངས་སོ་ཞེས་བྱ་བ་ནི་རྣལ་འབྱོར་གྱི་སྤྱོད་པ་ནི། རྣལ་འབྱོར་གྱི་སྤྱོད་པ་སྟེ། ཏིང་ངེ་འཛིན་གྱི་སྤྱོད་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། ། རྣལ་འབྱོར་གྱི་སྤྱོད་པ་ཡང་བསྡུས་པ་དང་རྒྱས་པ་ཞེས་རྟོག་གྲང་ན། རྒྱས་པ་འོག་ནས་སྟོན་པའི་ཕྱིར་འདི་ནི་བསྡུས་པ་ཞེས་བྱའོ། །དེ་གང་ལ་སྟོན་པའི་ལེའུ་ནི་རྣལ་འབྱོར་གྱི་སྤྱོད་པའོ། །ལེའུ་དྲུག་པ་ལས་ནི་ཞེས་བྱ་བ་ལ་སོགས་པ་ནི་སྐུ་དང་གསུང་དང་ཐུགས་བྱིན་གྱིས་ རློབ་པའི་ལེའུ་ནི་སྐུ་དང་གསུང་དང་ཐུགས་བྱིན་གྱིས་རློབ་པའི་ལེའུའོ། །དེ་གང་གིས་གསུངས་པ་དེ་ལ་དེ་སྐད་ཅེས་བྱའོ། །སྐུ་བྱིན་གྱིས་རློབ་པ་ནི་རྣམ་པ་གཉིས་ཏེ་བླངས་པས་བྱིན་གྱིས་རློབ་པ་དང་ཐོབ་པས་བྱིན་གྱིས་རློབ་པའོ། །གསུང་དང་ཐུགས་ལ་ཡང་དེ་བཞིན་དུ་སྦྱར་བར་བྱའོ། །ལེའུ་བདུན་པ་ལས་ནི་ལེའུ་ལྔ་པའི་བཤད་པ་ སྤྱོད་པ་སྤྲོས་ནས་སྟོན་ཏོ་ཞེས་བྱ་བ་ནི་ལེའུ་ལྔ་པ་ལས་བཤད་པའི་སྤྱོད་པ་ཉིད་སྤྲོས་ནས་སྟོན་གྱི་དེ་ལས་གཞན་དུ་བཤད་པའི་སྤྱོད་པ་ནི་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཆོག་གི་སྤྱོད་པ་ནི་ལེའུ་ལྔ་པ་ལས་བཤད་པ་ལས་ནམ་ཡང་གཞན་ནས་འབྱུང་བར་མི་ འགྱུར་བའི་ཕྱིར་རོ། །ལེའུ་བརྒྱད་པ་ལས་ནི་གསང་བའི་དབང་བསྐུར་བ་གསུངས་སོ་ཞེས་པ་ནི། གང་ལ་བྱང་ཆུབ་སེམས་ཀྱི་དབང་བསྐུར་བར་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །ལེའུ་དགུ་པ་ལས་ནི་རྨད་དུ་བྱུང་བའི་ལུང་བསྟན་པ་གསུངས་སོ་ཞེས་པ་ནི་མཆོག་ཏུ་གྱུར་པའི་ལུང་སྟོན་པ་དེ་ལ་ དེ་སྐད་ཅེས་བྱའོ། །ལེའུ་བཅུ་པ་ལས་ནི་མངོན་པར་འདོད་པའི་དངོས་གྲུབ་མངོན་དུ་བྱ་བའི་ཕྱིར་ཕྱི་དང་ནང་གི་བདག་ཉིད་ཅན་གྱི་ལྷའི་སྙིང་པོ་བསྐུལ་བ་གསུངས་སོ་ཞེས་པ་ནི་མངོན་པར་འདོད་པའི་དངོས་གྲུབ་ནི་བླང་བར་བྱ་བའི་དངོས་གྲུབ་སྟེ་ཐུན་མོང་དང་མཆོག་གི་དངོས་གྲུབ་རྣམ་པ་གཉིས་ སོ། །དེ་ཐོབ་པར་བྱེད་པའི་ཐབས་ནི་ལྷའི་སྙིང་པོ་ཡིན་པས་དེ་ལ་དེ་སྐད་ཅེས་བྱའོ། །ལེའུ་བཅུ་གཅིག་པ་ལས་ནི་སྔགས་ཀྱི་སྐུ་བསྐྱེད་པ་དང་ཡེ་ཤེས་ཀྱི་སྐུ་བསྐྱེད་པ་སྟོན་ཏོ་ཞེས་པ་ནི་སྔགས་ཀྱི་སྐུ་བསྐྱེད་པ་ནི་འདིས་བསྐྱེད་པའི་དབང་དུ་གསུངས་སོ། །ཡེ་ཤེས་ཀྱི་སྐུ་བསྐྱེད་པ་ནི་ལོངས་ སྤྱོད་རྫོགས་པའི་སྐུའི་དབང་དུ་བྱས་པའོ། །ཡང་ན་སྔགས་ཀྱི་སྐུ་བསྐྱེད་པ་ནི་བསྐྱེད་པའི་རིམ་པའོ། །ཡེ་ཤེས་ཀྱི་སྐུ་བསྐྱེད་པ་ནི་སྒྱུ་མ་ལྟ་བུའི་སྐུའོ། །ལེའུ་གང་ལ་སྔགས་ཀྱི་སྐུ་བསྐྱེད་པ་དང་ཡེ་ཤེས་ཀྱི་སྐུ་བསྐྱེད་པ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །ལེའུ་བཅུ་གཉིས་པ་ལས་ནི་ ཕྱག་རྒྱ་ཆེན་པོ་ཡོངས་སུ་གྱུར་པ་ཞེས་པ་ནི་ཕྱག་རྒྱ་ཆེན་པོ་ནི་ཕྱག་རྒྱ་རྣམ་པ་བཞི་དང་ལྡན་པའི་སྐུའོ། །དེ་ཐོབ་པའི་ཐབས་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །ལེའུ་བཅུ་གསུམ་པ་དང་བཅུ་བཞི་པ་ལས་ནི་ལས་ཀྱི་ཚོགས་རྣམས་གསུངས་སོ་ཞེས་པ་ནི་ལས་ཀྱི་ཚོགས་མང་བ་གང་ཡིན་པ་དེ་ལ་དེ་སྐད་ ཅེས་བྱའོ། །ལེའུ་བཅོ་ལྔ་པ་ལས་ནི་དངོས་གྲུབ་ཐམས་ཅད་ནི་དེ་ཁོ་ན་ཉིད་རྟོགས་པ་ཉིད་ཀྱིས་འགྲུབ་པར་འགྱུར་རོ་ཞེས་བསྟན་པའི་ཕྱིར་ཞེས་པས་ནི་དེ་ཉིད་ཀྱི་དགོངས་པ་སྟོན་ཏོ། །ཅིའི་ཕྱིར་ཞེ་ན་དེའི་ཕྱིར་ཞེས་པའི་དོན་ཏོ། །དེ་བས་ན་དངོས་གྲུབ་ཐམས་ཅད་ནི་ཞེས་པས་ཐོབ་པར་བྱ་བའི་ ཡུལ་བསྟན་པའོ། །དེ་ཁོ་ན་ཉིད་ཅེས་པ་འདིས་ནི་ཐོབ་པར་བྱེད་པའི་ཐབས་བསྟན་ཏོ། །ཐབས་ཀྱང་ཅི་ཞིག་ཅེ་ན། སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ཞེས་བྱ་བར་སྦྱར་ཏེ་དེ་གང་ལ་སྟོན་པར་འགྱུར་བའི་ཏིང་ངེ་འཛིན་དེ་ལ་དེ་སྐད་ཅེས་བྱའོ། །ལེའུ་བཅུ་དྲུག་པ་ལས་ནི་ལེའུ་བཞི་པ་ལས་གསུངས་ པའི་རྡུལ་ཚོན་གྱི་དཀྱིལ་འཁོར་སྤྲོས་ནས་སྟོན་ཏོ་ཞེས་པ་ནི་ལེའུ་བཞི་པ་ལས་བཤད་པ་དེ་ཉིད་བཤད་ཀྱི་དེ་ལས་གཞན་པ་ནི་མ་ཡིན་ནོ་ཞེས་པའི་དོན་ཏོ། །རྡུལ་ཚོན་གྱི་དཀྱིལ་འཁོར་ཞེས་པ་འདིས་ནི་མ་འབྲེལ་པ་རྣམ་པར་གཅོད་པའོ། །ཡང་ན་ལེའུ་བཞི་པར་ནི་བསྐྱེད་པའི་དཀྱིལ་འཁོར་འབའ་ ཞིག་ཉེ་བར་སྟོན་ཏོ། །འདིར་ནི་རྡུལ་ཚོན་གྱི་དཀྱིལ་འཁོར་དང་བཅས་ནས་སྟོན་ཏོ། །ལེའུ་བཅུ་བདུན་པ་ལས་ནི་དམ་ཚིག་དང་སྡོམ་པ་རབ་ཏུ་སྟོན་པ་ཡིན་ནོ་ཞེས་པ་ནི་དམ་ཚིག་དང་སྡོམ་པ་ནི་དམ་ཚིག་དང་སྡོམ་པ་ཉིད་དོ། །དེ་གང་ལ་སྟོན་པ་དེ་ལ་དེ་སྐད་ཅེས་བྱའོ། །འདི་དག་གིས་ནི་དེ་བཞིན་གཤེགས་ པ་ཐམས་ཅད་ཀྱི་གསང་བ་འདུས་པའི་དོན་མདོར་བསྡུས་པ་བསྟན་ཏོ། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བཤད་པ་མདོར་བསྡུས་པ་བསྟན་པའི་ཕྱིར། འདི་སྐད་བདག་གིས་ཐོས་པ་ཞེས་བྱ་བ་ནས་བྷ་ག་ལ་བཞུགས་སོ་ཞེས་པའི་བར་དུ་ནི་བཤད་པའི་ཚུལ་རྣམ་པ་བཞི་དང་ལྡན་ པར་བཤད་དོ་ཞེས་པ། ཡི་གེ་དང་། སྤྱི་དང་། སྦས་པ་དང་། མཐར་ཐུག་པ་རྣམ་པ་བཞིར་བསྟན་ཏོ། །འདི་སྐད་ཅེས་བྱ་བ་ལ་སོགས་པ་ལ་བཤད་པའི་ཚུལ་རྣམ་པ་བཞིས་བཤད་པ་འདི་ཡང་ཅི་སྒྲའི་འགྲོས་སོ་ཞེ་འམ་ནུས་པ་ཞེས་རྟོག་གྲང་ན། རེ་ཞིག་སྒྲའི་འགྲོས་སོ་ནི་མ་ཡིན་ ཏེ། འབྲེལ་པ་ལ་སོགས་པ་ཡི་གེའི་དོན་ལ་ཚང་བའི་ཕྱིར་རོ། །ནུས་པ་ཞེས་བྱ་བ་ཡང་སྒྲའི་སྒོ་ནས་སམ་དོན་གྱི་སྒོ་ནས་ཞེས་རྟོག་གྲང་ན། རེ་ཞིག་སྒྲའི་སྒོ་ནས་ནི་མ་ཡིན་ཏེ། འདི་ལྟར་ཐམས་ཅད་ལ་བཤད་པ་བཞི་དང་ལྡན་པར་འགྱུར་བའི་ཕྱིར་རོ། །དེ་ལྟ་ན་ཡང་མ་ཡིན་ནོ་ཞེ་ན་ ཧ་ཅང་ཐལ་བར་འགྱུར་རོ། །གལ་ཏེ་དེ་ལྟར་མ་ཡིན་ན་ཡང་ཇི་ལྟར་དེར་འགྱུར། དེ་ལྟ་མ་ཡིན་ཞེས་པའི་ངེས་པར་གཟུང་བ་ཡང་ཅི་ཞིག་ཡོད། གལ་ཏེ་དོན་གྱི་སྒོ་ནས་མ་ཡིན་ནོ་ཞེ་ན་ནི་འདིར་བརྗོད་པའི་སྒོ་ནས་སམ། དེ་ལས་གཞན་ཞིག་ཅེས་རྟོག་གྲང་ན། འདི་ཉིད་ཀྱི་ཡུལ་ནི་མ་ཡིན་ཏེ་ སྦས་པ་དང་མཐར་ཐུག་པ་ལ་སོགས་པ་འདིས་མ་བརྗོད་པའི་ཕྱིར་རོ། །འོན་ཏེ་བརྗོད་ན་ནི་ཧ་ཅང་དོན་མེད་པར་འགྱུར་རོ། །དོན་ཡོད་དོ་ཞེས་པའི་ངེས་པར་གཟུང་བ་ནི་ཅི་ཞིག་ཡོད། རྣམ་པ་གཞན་ཞིག་བརྗོད་པར་གྱུར་ན་ནི་འདི་ཉིད་ཀྱི་བརྗོད་བྱ་མ་ཡིན་པར་འགྱུར་ཏེ། དེ་ལྟ་ན་ནི་འཁྲུལ་ པར་ཡང་འགྱུར་རོ། །ཇི་སྟེ་མ་འཁྲུལ་ན་ནི་གྲང་བའི་རེག་པས་ཀྱང་ཚ་བའི་རེག་པ་རྟོགས་པར་འགྱུར་རོ། །དེ་ལྟ་ན་ནི་དེ་ལས་བྱུང་བའམ། དེའི་བདག་ཉིད་ཀྱི་འབྲེལ་པར་ཡང་འགྱུར་རོ། །ཅི་སྟེ་གལ་ཏེ་ན་འབྲེལ་པ་ཡིན་ནོ་ཞེ་ན་ནི་དེ་ཉིད་འགལ་བར་རྣམ་པར་གནས་པར་ཡང་མི་རུང་སྟེ། མེ་དང་དུ་བ་བཞིན་ནོ། །ཅི་སྟེ་འགལ་བ་ཡིན་ནོ་ཞེ་ན་ནི། དེ་ལྟ་ན་ནི་འདི་ལ་འདུག་ས་གཅིག་པ་ལ་གནོད་པ་ཅི་ཞིག་ཡོད། །གལ་ཏེ་མི་གནོད་པ་ཅི་ཞིག་ཡོད་དོ་ཞེ་ན་མངོན་སུམ་དང་འགལ་བར་འགྱུར་རོ། །དེ་བས་ན་དོན་གཞན་ནི་བརྗོད་བྱ་མ་ཡིན་ནོ། །དོན་གྱི་སྒོ་ནས་ཀྱང་སྒྲ་ལ་བཤད་པར་བྱ་བའི་ཕྱིར་ རིགས་པ་མ་ཡིན་ཏེ་གལ་ཏེ་དེ་ལྟ་ན་ནི་དོན་གོང་དུ་གཏན་ལ་དབབ་པར་འགྱུར་རོ། །དེ་ལྟ་ཡིན་ན་ནི་དོན་མེད་དོ་དེ་ལྟ་མ་ཡིན་ན་ནི་ཇི་ལྟར་དེ་ལས་འགྱུར། ཇི་སྟེ་གལ་ཏེ་ཡིན་ནོ་ཞེ་ན་ནི་ཧ་ཅང་ཡང་ཐལ་བར་འགྱུར་རོ། །དོན་སྔོན་དུ་གཏན་ལ་མི་འབེབས་ན་ནི་ནམ་ཡང་བརྗོད་པར་མི་བྱའོ། ། དེ་ལས་གཞན་ཞིག་བརྗོད་དོ་ཞེ་ན་ནི་བརྗོད་པར་བྱའོ། །གལ་ཏེ་གང་ཟག་གི་དབྱེ་བས་ཡིན་ན་ནི་འདི་ཉིད་ལ་རྣམ་པ་བཞིར་གསུངས་པར་མི་རིགས་ཀྱི་རྣམ་པ་གཞན་ལས་གཞན་དུ་བསྟན་པའི་ཕྱིར་རོ། །གལ་ཏེ་འདི་ནི་ཡིན་ལ་གཞན་ནི་མ་ཡིན་ནོ་ཞེས་པའི་ངེས་པར་གཟུང་བ་ནི་ཅི་ཡང་མེད་དོ། །ཇི་སྟེ་ ཡོད་ན་ནི་ཧ་ཅང་ཡང་མེད་པར་འགྱུར་རོ། །དེ་ལྟ་ཡིན་ན་ནི་རྒྱས་པ་དང་བསྡུས་པ་ཡང་མི་རིགས་སོ། །དེ་ཅིའི་ཕྱིར་ཞེ་ན། དོན་གྱི་རྣམ་པ་གཅིག་ལ་རྒྱ་ཆེ་བ་དང་ཆུང་བའི་བྱེ་བྲག་གིས་བསྡུས་པ་དང་རྒྱས་པར་འགྱུར་གྱི། དོན་ཐ་དད་པ་ལ་ནི་ནམ་ཡང་བསྡུས་པ་དང་རྒྱས་པ་མི་རིགས་སོ། །ཇི་སྟེ་ གལ་ཏེ་ཡིན་ནོ་ཞེ་ན་ནི་ཧ་ཅང་ཡང་ཐལ་བར་འགྱུར་རོ། །མི་རྟོགས་པར་བྱ་བའི་ཕྱིར་ཡིན་ནོ་ཞེ་ན་ནི། འདི་ཅིའི་དབང་པོ་རྣོ་བའི་དབང་དུ་འམ། གདུག་སེམས་ཀྱིས་སྨྲས་ཞེས་རྟོག་གྲང་ན་རེ་ཞིག་དང་པོ་ལྟར་ན་ནི་མ་ཡིན་ཏེ། ཚོགས་ཀྱི་གང་ཟག་ལ་སོགས་པ་གཟུང་བའི་ཕྱིར་རོ། །གཞན་ཡང་ འདི་ཉིད་ལས། ཐུབ་པ་ཆེན་པོས་ཆོས་ཕུང་པོ། །ཞེས་བྱ་བ་ལ་སོགས་པ་གསུངས་པའི་ཕྱིར་རོ། །ཅི་སྟེ་ཕྱི་མ་ལྟར་ན་ཡང་མ་ཡིན་ཏེ། དེ་བཞིན་གཤེགས་པ་རྣམས་ནི་ཐུགས་རྗེ་ཆེན་པོའི་སྟོབས་ཀྱིས་འཇུག་པའི་ཕྱིར་རོ། །གདུག་སེམས་དང་སྙིང་རྗེ་ནི་གཅིག་གིས་གཅིག་སྤངས་པ་ཡིན་པའི་ ཕྱིར་འགལ་བ་ཡིན་ནོ། །ཅི་སྟེ་དེ་ལྟ་ན་ཡང་ཡིན་ནོ་ཞེ་ན་ནི་ཧ་ཅང་ཡང་ཐལ་བར་འགྱུར་རོ་ཞེས་བྱ་བ་འདི་ཡང་བརྗོད་པར་བྱ་སྟེ། རེ་ཞིག་སྒྲ་དངོས་ཀྱི་ནུས་པའམ། དགོངས་ནས་བཤད་པའི་ནུས་པ་ཞེས་རྟོག་གྲང་ན། སྒྲ་དངོས་ཀྱི་ནུས་པ་ལྟར་ན་ནི་བདེན་ཏེ། དེ་ནི་མ་ཡིན་ནོ། །འདི་ ནི་དེ་བཞིན་གཤེགས་པ་རྣམས་ཀྱིས་དགོངས་ནས་སྨྲས་པ་སྟེ་འདི་ཅི་ལ་དགོངས་ཤེ་ན། བཅོམ་ལྡན་འདས་ཉིད་ཀྱིས་ཀྱང་དང་པོ་བཤད་པ་བཞི་ལ་དགོངས་ནས་གསུངས་སོ། །དེས་དེ་ལྟར་འགྱུར་བ་ཡང་མ་ཡིན་ཏེ། ཐུགས་རྗེ་ཆེན་པོའི་དོན་དང་ལྡན་པའི་ཕྱིར་རོ། །དེ་ལྟ་ན་ནི་ཡང་ ཡིན་ནོ་ཞེ་ན་མ་ཡིན་ཏེ། གསང་བ་འདི་ནི་སེམས་ཅན་ཐམས་ཅད་ཀྱི་ཐུན་མོང་དུ་མ་གྱུར་པའི་ཕྱིར་རོ། །ཡང་ན་འདི་ནི་ཕྱི་རབས་པའི་གང་ཟག་སློབ་དཔོན་དང་སློབ་མར་འབྲེལ་པར་བྱ་བའི་ཕྱིར་ཏེ། འོག་ནས་བཤད་པའི་ཕྱིར་རོ། །བླ་མ་ལ་རག་ལས་པ་ཉིད་ཅིའི་ཕྱིར་ཞེ་ན། རྩོད་པའི་ དུས་ན་སེམས་ཅན་ཐམས་ཅད་འདོད་རྒྱལ་གྱི་ཞགས་པས་ཟིན་ཏེ་གཟུ་ལུམ་ལ་མཆོག་ཏུ་གཞོལ་བར་འགྱུར་རོ། །གང་གི་ཚེ་གཟུ་ལུམ་ལ་མཆོག་ཏུ་གཞོལ་བ་དེ་ནི་དེ་བཞིན་གཤེགས་པའི་བཀའ་ཡང་དག་པར་མྱུར་དུ་འཇུག་པར་འགྱུར་རོ། །གང་ཞིག་གང་མྱུར་དུ་ཞུགས་པ་དེས་ནི་ དེ་མ་ཐག་ཏུ་དེ་ལ་སྐྱོ་བར་འགྱུར་རོ། །གང་ཞིག་གང་ལ་མྱུར་དུ་སྐྱོ་བ་སྐྱེ་བར་འགྱུར་བ་དེ་ནི་དེའི་བཀའ་མྱུར་དུ་སྤོང་བར་འགྱུར་རོ། །གང་གིས་གང་ཞིག་མྱུར་དུ་སྤངས་པར་གྱུར་པ་དེ་ནི་བསྟན་པ་ཡུན་རིང་དུ་གནས་པར་མི་བྱེད་དེ་ཡུན་ཐུང་བར་བྱེད་ཅེས་བྱ་བའི་དོན་ཏོ། །དེ་ བས་ན་དེ་བཞིན་གཤེགས་པ་རྣམས་ནི་སློབ་དཔོན་དང་སློབ་མར་འབྲེལ་པར་བྱ་བ་དང་། བསྟན་པ་ཡུན་རིང་དུ་གནས་པར་བྱ་བ་དང་བསྟན་པ་བརྟན་པ་དང་། གང་ཟག་རྣམས་ཀྱི་བློ་ཟབ་ཅིང་རྒྱ་ཆེ་བར་བྱ་བའི་ཕྱིར་བཤད་པ་བཞི་ལ་དགོངས་ནས་གསུངས་པ་ཡིན་ནོ། །འདི་ཉིད་ནི་དེ་བཞིན་གཤེགས་ པ་ཐམས་ཅད་ཀྱི་གསང་བ་མངོན་པར་གྲུབ་པ་ཞེས་བྱ་བའི་རྒྱུད་ལས་ཀྱང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། །གསང་བ་དེ་ཉིད་མངོན་གྲུབ་འདི། །བདེ་གཤེགས་རྣམས་ཀྱིས་བསྟན་པ་རྣམས། །ཡུན་རིང་གནས་པར་བྱ་བའི་ཕྱིར། །བཤད་པའི་མཆོག་ནི་རབ་སྦས་ཏེ། །བླ་མ་ལས་ ནི་རྟོགས་པར་བྱ། །ཞེས་འབྱུང་བ་དང་། སློབ་དཔོན་གྱིས་ཀྱང་། བླ་མ་ལ་བརྙས་སྒྱུ་ཅན་དད་པ་མེད། །ཅེས་བྱ་བ་ལ་སོགས་པ་གསུངས་པའི་ཕྱིར་རོ། །གཞན་ཡང་གསང་བ་ཆེན་པོ་ཞེས་བྱ་བ་རྣལ་འབྱོར་ཆེན་པོའི་རྒྱུད་ལས་ཀྱང་། སེམས་དཔའ་ཆེན་པོ་འཇིག་རྟེན་གྱི་ཁམས་འདིར་རྩོད་ པ་རྒྱས་པའི་དུས་འདིར་སེམས་ཅན་གཟུ་ལུམ་མཁན་བླ་མ་ལ་སྡང་བ་དང་། ཆོག་པར་འཛིན་པ་དང་། དེ་བཞིན་གཤེགས་པའི་བཀའ་ཟབ་མོ་ལ་རང་འདོད་དུ་སྤྱོད་པ་འབྱུང་གི་དེ་ཡིས་དེ་བཞིན་གཤེགས་པའི་བཀའ་ཟབ་ཅིང་རྒྱ་ཆེ་བ་རྟོགས་པར་མི་ནུས་སོ། །དེ་བས་ན་དེ་བཞིན་གཤེགས་ པ་ཐམས་ཅད་ཀྱི་གསང་བ་ཆེན་པོ་འདི་ནི་ཐེག་པ་ཆེན་པོའི་རིགས་ཅན་གྱི་གང་ཟག་རྨད་དུ་བྱུང་བའི་ཡུལ་ཡིན་པར་འགྱུར་རོ། །དེ་ཡང་གང་ལས་ཤེས་ཤེ་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བའི་ལུང་ལས་ཤེས་པར་འགྱུར་ཏེ། ཇི་སྐད་དུ། དེ་བཞིན་གཤེགས་པ་ཐམས་ ཅད་ཀྱི། །གསང་བ་ཆེན་པོའི་བདག་ཉིད་མཆོག །རབ་ཏུ་གསང་བ་ཡིན་པའི་ཕྱིར། །ཐམས་ཅད་ཀུན་གྱིས་གསལ་མ་བྱས། །གང་ཡང་དུས་གསུམ་སངས་རྒྱས་དང་། །རྣལ་འབྱོར་རྣལ་འབྱོར་མ་རྣམས་ཀྱིས། །གང་ཚེ་གསང་བའི་དོན་གསུངས་པ། །ཕྱི་དང་ཤིན་ཏུ་ནང་དག་དང་། ། དེ་བཞིན་བླ་མེད་ལ་དགོངས་ནས། །གསང་བའི་དོན་རྣམས་གསུངས་པ་ཡིན། །དེ་ལས་གཞན་དུ་གསུངས་གྱུར་ན། །ཇི་བཞིན་དོན་དུ་བཟུང་བ་སྟེ། །དེས་ན་ལམ་ངན་དག་ཏུ་ལྟུང་། །ཞེས་པ་ལ་སོགས་པ་འབྱུང་བ་ལྟ་བུའོ། །དེས་ན་དེ་བཞིན་གཤེགས་པའི་གསང་བ་ཆེན་པོ་འདི་ནི་རྣལ་ འབྱོར་གྱི་རྒྱུད་རྣམས་ཀྱིས་ཤིན་ཏུ་རྒྱས་བཏབ་པ་ཡིན་ནོ་ཞེས་བསྟན་པར་བྱའོ། །གཞན་ཡང་གཞན་དུ་ཤེས་པར་བྱའོ། །དེ་ལྟར་ན་བཤད་པ་བསྡུས་པ་དང་། དོན་བསྡུས་པ་བཤད་ནས། ད་ནི་དེ་ཉིད་ཀྱི་དོན་བསྡུས་པ་རྒྱས་པར་བཤད་པར་བྱ་སྟེ། དེའི་ཕྱིར་རིམ་པ་འདི་ཉིད་ཀྱིས་ན་བཞུགས་ པའི་ཚིག་ནས་བརྩམས་ཏེ་ཞེས་བྱ་བ་སྨོས་ཏེ་འདིས་ནི་ཕྱག་རྒྱས་བཏབ་པ་ཡིན་ལ་ཞེས་སྦྱར་རོ། །གང་གིས་རྒྱས་བཏབ་ཅེ་ན། རིམ་པ་འདི་ཉིད་ཀྱིས་རྒྱས་བཏབ་ཅེས་སྨོས་སོ། །ཡང་ན་རིམ་པ་འདི་ཉིད་ཀྱིས་བཤད་པའི་ཕྱིར་རྒྱས་བཏབ་ཅེས་སྦྱར་རོ། །གང་རྒྱས་བཏབ་ཅེ་ན་བཞུགས་པའི་ཚིག་ནས་བརྩམས་ཏེ་ རྗེས་སུ་ཡི་རང་བའི་བར་དུའོ། །མཐའ་རྣམ་པ་དྲུག་ཏུ་བཤད་པ་དང་ཞེས་བྱ་བ་ལ་སོགས་པ་ནི་བཤད་ཟིན་ཏོ། །དེ་ཉིད་ཀྱིས་གསང་བ་འདུས་པའི་དོན་ཕྱག་རྒྱས་བཏབ་ཅེས་སྨོས་པས་ན་སྒྲ་ཕྱག་རྒྱས་བཏབ་པ་ནི་མ་ཡིན་ཏེ། དོན་གསལ་བར་མ་བྱས་ཞེས་བྱ་བའི་དོན་ཏོ། །འདི་དག་ལ་མ་ རྟོགས་པར་ཅིར་འགྱུར་ཞེ་ན། དེ་མ་རྟོགས་པར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལ་མ་རྟོགས་པ་ནི་གོང་མ་ཉིད་མ་རྟོགས་པའོ། །འོ་ན་གང་ཞིག་ལ་བརྟེན་ཞེ་ན་སྒྲ་ཇི་བཞིན་པའི་བཤད་པའི་སྒྲའི་དོན་ཙམ་ལ་བརྟེན་ཏེ་ཞེས་སྨོས་སོ། །སྒྲ་ཇི་བཞིན་པར་བཤད་པ་ནི་སྒྲ་ཇི་བཞིན་པ་ ཉིད་དེ་དེ་བཤད་པའི་དོན་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །དེ་ལྟ་བུ་ལ་རྟོག་པའི་སེམས་ཅན་གང་ཞིག་ཡིན་ཞེ་ན། ཡུལ་རྣམས་ལ་ཆགས་པའི་སེམས་ཅན་རྣམས་འགལ་བ་དང་། ཤིན་ཏུ་རྨད་དུ་བྱུང་བའི་བྱ་བ་བྱེད་པས་ལས་ཀྱི་དབང་དུ་འགྱུར་རོ་ཞེས་པ་ནི་ཡུལ་རྣམས་ལ་ཆགས་པ་ ནི་ཡུལ་རྣམས་ལ་ཆགས་པ་སྟེ། ཡུལ་ལ་ཞེན་པར་གྱུར་པའི་ཐ་ཚིག་གོ། །ཡུལ་ལ་ཆགས་པ་ཡང་ཡིན་ལ་སེམས་ཅན་ཡང་ཡིན་པས་ཡུལ་རྣམས་ལ་ཆགས་པའི་སེམས་ཅན་དེ་དེ་ལྟ་བུའི་གང་ཟག་གིས་དེ་ལ་དེ་ལྟར་རྟོག་ཅེས་པའི་ཐ་ཚིག་གོ། །བརྟགས་པས་ཅི་བྱེད་ཅེ་ན་འགལ་བ་ དང་ཤིན་ཏུ་རྨད་དུ་བྱུང་བའི་བྱ་བ་བྱེད་དེ། འདི་ལྟར་མ་བྱིན་པར་ལེན་པ་ལ་སོགས་པའི་བྱ་བ་ལ་འཇུག་པར་འགྱུར་རོ། །དེ་ཅིར་འགྱུར་ཞེ་ན། ལས་ཀྱི་དབང་དུ་འགྱུར་ཏེ། ལས་དེའི་སྟོབས་ཀྱིས་འབྲས་བུ་རྩུབ་མོ་ཉམས་སུ་མྱོང་བར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་ གོ། །འདི་དག་གིས་ནི་འདི་སྐད་དུ་སྟོན་པར་འགྱུར་ཏེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བཀའ་དགོངས་པ་དང་བཅས་ཏེ་བཤད་པར་མ་གྱུར་པ་དེའི་ཚེ་སྒྲ་ཇི་བཞིན་པར་ངེས་པར་འཛིན་པར་འགྱུར་རོ། །གང་གི་ཚེ་སྒྲ་ཇི་བཞིན་པར་ངེས་པར་བཟུང་བར་འགྱུར་བ་དེའི་ཚེ་ཡུལ་ལ་ཆགས་པའི་སེམས་ ཅན་འཇུག་པར་འགྱུར་རོ། །གང་གི་ཚེ་ཡུལ་ལ་ཆགས་པའི་སེམས་ཅན་ཞུགས་པར་གྱུར་པ་དེའི་ཚེ། དེ་བཞིན་གཤེགས་པའི་གདམས་ངག་དང་དུ་མི་ལེན་པར་འགྱུར་རོ། །གང་གི་ཚེ་དེ་བཞིན་གཤེགས་པའི་གདམས་ངག་དང་དུ་མི་ལེན་པར་གྱུར་པ་དེའི་ཚེ་དེ་བཞིན་གཤེགས་པའི་བཀའ་དགོངས་ པ་ཅན་གཞན་ལ་ཡང་སྒྲ་ཇི་བཞིན་པར་འཛིན་པར་འགྱུར་རོ། །གང་གི་ཚེ་སྒྲ་ཇི་བཞིན་པར་བཟུང་བ་དེའི་ཚེ་འགལ་བ་དང་རྨད་དུ་བྱུང་བའི་བྱ་བ་བྱེད་པར་འགྱུར་རོ། །ཤིན་ཏུ་རྨད་དུ་བྱུང་བའི་བྱ་བ་བྱེད་པ་དེའི་ཚེ་སེམས་ཅན་ཐམས་ཅད་ལོག་པའི་ལམ་ལ་གནས་པར་འགྱུར་རོ། །སེམས་ ཅན་ཐམས་ཅད་ལོག་པའི་ལམ་ལ་གནས་པར་གྱུར་པ་དེའི་ཚེ་རྨད་དུ་བྱུང་བའི་བྱ་བ་བྱེད་པའི་ལས་ཀྱི་འབྲས་བུ་སྨིན་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དེ་ཡང་གང་ལས་ཤེས་ཤེ་ན། བཅོམ་ལྡན་འདས་ཀྱིས་དགོངས་པ་ལུང་བསྟན་པ་ཞེས་བྱ་བའི་རྒྱུད་ལས་གསུངས་ཏེ་ཞེས་བྱ་བ་ལ་ སོགས་པ་གསུངས་ཏེ། གསང་བའི་བདག་པོ་ཞེས་བྱ་བ་ནི་བོད་པའོ། །དོན་རྒྱས་པ་ཡི་ཚུལ་ཆེན་འདི་ནི་རྙེད་གྱུར་ནས། །ཞེས་པ་དོན་རྒྱས་པའི་ཚུལ་ཆེན་པོ་ནི་དེ་བཞིན་གཤེགས་པའི་གསང་བ་འདུས་པ་ཉིད་དོ། །ཇི་བཞིན་དོན་ནི་རྙེད་བཟུང་བས། །ཞེས་པ་ནི་སྒྲ་ཇི་བཞིན་པའི་དོན་རྙེད་ པའོ། །དེས་ཇི་ལྟར་གཟུང་བ་ཞེ་ན། གསང་བ་འདུས་པའི་དགོངས་པ་ཅན་ཐམས་ཅད་ཀྱང་སྒྲ་ཇི་བཞིན་པར་བཟུང་ཞེས་བྱ་བའི་དོན་ཏོ། །དེས་ཅིར་འགྱུར་ཞེ་ན། དེས་ན་ལམ་ངན་ངག་ཏུ་ལྟུང་། །ཞེས་པ་ནི་གང་བཟོད་པར་དཀའ་བའི་སྡུག་བསྔལ་དང་ལྡན་པ་དེ་ནི་ལམ་ངན་པ་སྟེ་ གང་ཞིག་གང་དུ་ལྟུང་བ་དེ་ལ་དེ་སྐད་ཅེས་བྱའོ། །དེ་ལྟ་བུར་འཛིན་པར་བྱེད་པའི་གང་ཟག་ཀྱང་ཇི་ལྟ་བུ་ཡིན་ཞེ་ན། མངོན་པའི་ང་རྒྱལ་རྟག་དགའ་བས། །ཞེས་བྱ་བ་ནི་མངོན་པའི་ང་རྒྱལ་གཏོང་བར་མི་བྱེད་པ་སྟེ་གང་ཞིག་གང་ལ་འཕངས་པར་འཛིན་པ་དེ་ལ་དེ་སྐད་ཅེས་བྱའོ། །རྣལ་འབྱོར་པ་ནི་ བདག་ཅེས་སྨྲ། །ཞེས་པ་ནི་རྣལ་འབྱོར་གྱི་དོན་དང་མི་ལྡན་པར་བདག་ཉིད་རྣལ་འབྱོར་པ་ཡིན་ཞེས་ཟེར་བ་ལྟ་བུའོ། །ཆོས་ནི་གཡོ་ཡིས་བྱེད་པར་འགྱུར། །ཞེས་པ་ནི་མ་བྱིན་པར་ལེན་པ་དང་སྲོག་གཅོད་པ་དང་བརྫུན་དང་ཚིག་འཁྱལ་བ་དང་། ངག་རྩུབ་མོ་ལ་སོགས་པས་ཆོས་ཡོངས་ སུ་ཚོལ་བར་བྱེད་པ་དེ་ལ་དེ་སྐད་ཅེས་བྱའོ། །དེས་ནི་འདུས་པ་མི་ཤེས་པར། །ཞེས་པ་ནི་དེ་བཞིན་གཤེགས་པའི་གསང་བ་འདུས་པའི་དགོངས་པ་ལ་སོགས་པ་ལེགས་པར་མི་ཤེས་པའོ། །དམ་ཚིག་ལ་སོགས་སྤྱོད་བྱེད་ལ། །ཞེས་པ་ནི་དམ་ཚིག་དང་སྒྲུབ་པ་ལ་སོགས་པ་ཉེ་བར་སྤྱོད་ པའོ། །གསང་བ་སྲུང་བར་མི་བྱེད་ཅིང་། །ཞེས་པ་ནི། ཐམས་ཅད་དུ་ནི་རབ་ཏུ་སྟོན། །ཞེས་བྱ་བ་དེ་ཉིད་ཀྱིས་བཤད་དོ། །མངོན་སུམ་སངས་རྒྱས་འདྲ་བ་ཡི། །སློབ་དཔོན་སྨོད་ཅིང་བཀུར་མི་བྱེད། །ཞེས་པ་ནི་བླ་མའི་བསྲུང་བར་བྱ་བའི་སྡོམ་པ་ལ་ཕྱལ་བར་གཏོང་བའོ། །སྐད་ཅིག་གིས་ནི་ ཁོང་ཁྲོ་ཞིང་། །ཞེས་པ་ནི་ཉེས་པ་མཐོང་ན་སྐད་ཅིག་ཙམ་གྱིས་ཁྲོ་བར་བྱེད་པའོ། །དེ་བཞིན་སྐད་ཅིག་གིས་རྗེས་ཆགས། །ཞེས་པ་ནི་བདག་ཉིད་དང་རྗེས་སུ་མཐུན་པའི་ལས་བྱུང་ན་ཆགས་པར་བྱེད་པའོ། །འདི་དག་གིས་ནི་བློ་མི་བརྟན་པ་བསྟན་ཏོ། །དེ་ནས་འདོད་པས་ལོག་པར་ གཡེམ་པ་ལ་སོགས་པའི་ཉེས་པ་བསྟན་པའི་ཕྱིར། མ་དང་སྲིང་མོ་བུ་མོ་སྟེ། །ཞེས་པ་ནི་བདག་ཉིད་བསྐྱེད་པ་དང་། བདག་ཉིད་དང་ལྷན་ཅིག་ཏུ་བསྐྱེད་པ་དང་བདག་གིས་བསྐྱེད་པའོ། །དེ་དག་གིས་ནི་བགྲོད་པ་མ་ཡིན་ཏེ་དེ་བཞིན་གཤེགས་པ་རྣམས་ཀྱིས་རྨད་པ་ཡིན་པའི་ཕྱིར་ རོ། །དེ་ལ་བགྲོད་པར་བྱེད་པ་གང་ཡིན་པ་དེ་ནི་ཉེས་པ་མཆོག་དང་ལྡན་པ་ཡིན་ཞེས་སྦྱར་རོ། །ཉེས་པ་གཞན་ཡང་ཡོད་པའི་ཕྱིར། །ཕ་མ་གསོད་ཅིང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་ཕ་མ་གསོད་པ་ནི་ཕ་མ་གསོད་པས་ཏེ། ཕ་མ་ལ་ངན་སེམས་ཀྱིས་ཚོན་རྡེག་པ་གང་ཡིན་པ་དེ་ ལ་དེ་སྐད་ཅེས་བྱའོ། །སྲོག་ཆགས་གཞན་ཡང་གསོད་པར་བྱེད། ཅེས་པ་ནི་འཇིག་རྟེན་གྱི་སྲོག་ཆགས་རགས་པ་དང་ཕྲ་བ་ལ་སོགས་པ་གསོད་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །དེ་བཞིན་བརྫུན་གྱི་ཚིག་སྨྲ་ཞིང་། །ཞེས་པ་ནི་གང་ཞིག་བདེན་པར་སྨྲ་བ་སྤངས་པའོ། ། ཁྱད་པར་དུ་ཡང་རྐུ་བར་བྱེད། །ཅེས་པ་ནི་གང་གིས་མ་བྱིན་པར་ལེན་པར་བྱེད་པ་དེ་ལ་དེ་སྐད་ཅེས་བྱའོ། །གཞན་གྱི་ཆུང་མའི་ཐད་འགྲོ་ཞིང་། །ཞེས་པ་ནི་གཞན་གྱི་ཆུང་མ་ལ་ཉེ་བར་སྦྱོར་བའོ། །སྨད་པ་གཞན་ཡང་བྱེད་པར་འགྱུར། །ཞེས་པ་ནི་བསྟན་བཅོས་ལས་སྨད་པའི་བྱ་བ་གཞན་ ཐམས་ཅད་ལྷུར་ལེན་པར་འགྱུར་ཞེས་པའི་དོན་ཏོ། །དེ་ཉིད་ཡེ་ཤེས་འབྱུང་བ་ཡི། །དམ་ཚིག་རྣམས་ནི་དེས་མི་ཤེས། །ཞེས་པ་ནི་གསང་བ་ཆེན་པོ་མཆོག་གི་དམ་ཚིག་རྒྱས་པ་དེ་ཉིད་ཀྱིས་མི་ཤེས་ཞེས་པའི་དོན་ཏོ། །ཉེས་པ་ཅུང་ཟད་ཙམ་ལ་ཡང་། །མངོན་སྤྱོད་དག་ནི་བྱེད་པར་འགྱུར། ། ཞེས་པ་ནི་ཉེས་པ་ཕྲ་མོ་ཙམ་ལ་ཡང་དྲག་པོའི་ལས་རྩོམ་ཞེས་པའི་དོན་ཏོ། །རྟག་ཏུ་ཕྱི་རོལ་བསྟན་བཅོས་དགའ། །ཞེས་པ་ནི་གཞུང་འདི་པ་མ་ཡིན་པའི་བསྟན་བཅོས་ལ་གཞོལ་བ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །རང་གི་དམ་ཚིག་ཡོངས་སྤངས་ཏེ། །ཞེས་པ་ནི་རང་གི་དམ་ ཚིག་མི་བསྲུང་བའོ། །ལྕགས་ཀྱུ་མེད་པ་བཞིན་དུ་སྤྱོད། །ཅེས་པ་ནི་ཐབས་དང་བྲལ་བ་ཉིད་དོ། །སྔགས་དང་ཕྱག་རྒྱའི་སྦྱོར་བ་ཡི། །འཚོ་བ་དག་ནི་ངེས་སྒྲུབ་བྱེད། །ཅེས་པ་ནི་སྔགས་དང་ཕྱག་རྒྱས་རང་གི་འཚོ་བ་ཡོངས་སུ་ཚོལ་བ་དེ་ལ་དེ་སྐད་ཅེས་བྱའོ། །གང་དུ་རྙེད་པ་ཐོབ་འགྱུར་ བར། །དམ་པའི་ཆོས་ནི་འཆང་བར་འགྱུར། །ཞེས་པ་ནི་ཡུལ་དུ་ཤེས་པ་དང་མི་ལྡན་ཞིང་རྙེད་པ་ཉེ་བར་ཐོབ་པར་འགྱུར་བར་དམ་པའི་ཆོས་འཆད་པར་འགྱུར་ཞེས་བྱ་བའི་དོན་ཏོ། །དེས་ཅིར་འགྱུར་ཞེ་ན། སྔགས་པ་རྣམས་ནི་འགྲུབ་མི་འགྱུར། །ཞེས་སྨོས་ཏེ་དེ་ལྟ་བུའི་གང་ཟག་གིས་ སྔགས་དང་ཕྱག་རྒྱའི་དངོས་གྲུབ་འགྲུབ་པ་མེད་ཀྱི་མནར་མེད་པའི་སྡུག་བསྔལ་ཆེན་པོ་སྐྱེད་ཅེས་པའི་དོན་ཏོ། །དེ་ཅིའི་ཕྱིར་ཞེ་ན། རྣལ་འབྱོར་རབ་སྦྱོར་དམན་པའི་ཕྱིར། །ཞེས་སྨོས་ཏེ། རབ་ཏུ་སྦྱོར་བ་དམན་པ་ནི་རབ་ཏུ་སྦྱོར་བ་ཞན་པ་ཞེས་པའི་དོན་ཏོ། །དེ་རྣམས་གཟུང་བར་བྱ་བའི་ ཕྱིར། །ཞེས་པ་ནི་དེ་རྣམས་ཀྱི་ངན་འགྲོའི་སྲིད་པ་དགག་པའི་ཕྱིར་ཞེས་པའི་དོན་ཏོ། །གསང་བ་དགོངས་པས་བཤད་པ་ཡིན། །ཞེས་བྱ་བ་ནི་བཤད་ཟིན་ཏོ། །འདིས་ནི་བསྡུས་པའི་དོན་བསྟན་ཏོ་ཞེས་པ་ནི་འདི་ཉིད་ཀྱིས་བསྡུས་པའི་དོན་ཡིན་གྱི་རྒྱས་པར་བཤད་པ་ནི་མ་ཡིན་ནོ། །གང་ཞིག་གང་ དུ་གང་གི་ཕྱིར་བསྟན་པ་ཡིན་ཞེ་ན། དེ་བཞིན་གཤེགས་པའི་གསང་བ་འདུས་པའི་དོན་མཐའ་དག་དང་། དེ་བཞིན་གཤེགས་པའི་གསང་བ་འདུས་པའི་བཤད་པ་མཐའ་དག་བསྡུས་པའི་དོན་འདི་ཉིད་ཀྱིས་བསྡུས་པའི་ཕྱིར་དེ་ལ་དེ་སྐད་ཅེས་བྱའོ། །འདིས་ཀྱང་བསྡུས་པ་ལ་དགའ་བ་རྣམས་ འདི་ཙམ་གྱིས་ཚིམ་པར་འགྱུར་ཞེས་བྱ་བའི་དོན་ཏོ། །དེ་ལྟར་བསྡུས་པའི་དོན་བསྟན་ནས་ཞེས་པ་ནི་རྒྱས་པར་བསྟན་པར་བཤད་པར་འདོད་པས་དེ་སྐད་ཅེས་བྱའོ། །ད་ནི་ཞེས་བྱ་བ་ནི་སྐབས་ལ་བབ་པའི་ཚིག་གོ། །ཡན་ལག་གི་དོན་རྣམ་པར་དབྱེ་བའི་ཕྱིར་ཞེས་པ་ནི་རྩ་བའི་དོན་མ་ཡིན་པའི་ ཕྱིར་དེ་སྐད་ཅེས་བྱའོ། །རྒྱུད་ལ་འཇུག་པར་བྱ་སྟེ་ཞེས་པ་ནི་རྒྱུད་ཉིད་བཤད་པར་བྱ་ཞེས་བྱ་བའི་དོན་ཏོ། །འདི་སྐད་བདག་གིས་ཐོས་པ་ཞེས་བྱ་བ་འདི་ཡང་གང་གིས་གང་ལ་བསྟན་ཞེ་ན། འདིར་སྡུད་པར་བྱེད་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ་སྡུད་པར་བྱེད་པ་ནི་སྡུད་པར་བྱེད་པ་སྟེ་དེ་ བཞིན་གཤེགས་པའི་རྒྱུད་ཐོབ་པར་བྱེད་ཅེས་པའི་དོན་ཏོ། །ཐོས་པར་བྱེད་པ་པོ་གང་ཡིན་ཞེ་ན། འཕགས་པ་ཕྱག་ན་རྡོ་རྗེ་ཞེས་པ་སྟེ་དགོངས་པ་ཐམས་ཅད་འབྱུང་བར་བྱེད་པའི་རྡོ་རྗེ་ཐོགས་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །དེས་ཇི་སྐད་དུ་ཐོས་པ་ཐུགས་ལ་བཞག་ནས་ཞེས་ པ་ནི་ལྷག་པ་དང་ཆད་པ་ལ་སོགས་པའི་ཉེས་པ་དང་བྲལ་བར་བྱས་ནས་ཞེས་པའི་དོན་ཏོ། །དེས་ཅི་བྱེད་ཅེ་ན། གདུལ་བྱ་རྣམས་ལ་བསྟན་པའི་ཕྱིར། །ཞེས་སྨོས་ཏེ་རང་གི་གདུལ་བྱ་སྨིན་པ་དང་གྲོལ་བར་བྱེད་པའི་ཕྱིར་དེ་ལ་དེ་སྐད་ཅེས་བྱའོ། །འདི་སྐད་བདག་གིས་ཐོས་པ་ཞེས་བྱ་བ་ ལ་སོགས་པ་གསུངས་པ་ཡིན་ཏེ་ཞེས་བྱ་བ་ནི་སྡུད་པ་པོ་རང་གི་ཚིག་ལེགས་པར་སྟོན་པ་ཡིན་ཏེ། འདི་སྐད་ཐོས་ཞེས་བྱ་བར་སྦྱར་རོ། །འདི་སྐད་ཅེས་བྱ་བ་འདི་ཡང་། ཇི་སྐད་ཅེས་བྱ་བའི་ཚིག་ཡིན་ནོ་ཞེ་ན། དེའི་ཕྱིར་འདི་སྐད་ཅེས་བྱ་བ་ནི་རྒྱུད་ཀྱི་དོན་མ་ལུས་པར་སྟོན་པའི་ཚིག་གི་ཕྲད་ དོ་ཞེས་སྨོས་ཏེ་འདིས་ནི་བཤད་པར་བྱ་བའི་ཆོས་ཕུན་སུམ་ཚོགས་པ་བསྟན་ཏོ། །དེ་ཡང་འདི་ཞེས་བྱ་བ་ཡང་ཉེ་བ་མངོན་སུམ་པའི་ཚིག་གོ། །འདི་ཞེས་བྱ་བ་ཡང་གང་ཡིན་ཞེ་ན། གསལ་བ་དེའི་ཞེས་བྱ་བ་ནས་རྗེས་སུ་ཡི་རང་ངོ་ཞེས་བྱ་བའི་བར་དུའོ། །དེ་བས་ན་ འདི་སྐད་ཅེས་བྱ་བ་འདི་ནི་རྒྱུད་ཀྱི་དོན་ཐམས་ཅད་རྗོད་པར་བྱེད་པའི་ས་བོན་ཅན་ནོ། །གང་གིས་ཐོས་ཤེ་ན་བདག་གིས་ཐོས་ཞེས་བྱ་བར་སྦྱར་ཏེ། བདག་གིས་ཐོས་ཞེས་བྱ་བས་ནི་སྡུད་པ་པོ་ཕུན་སུམ་ཚོགས་པ་སྟོན་ཏེ། བདག་ཉིད་ཀྱིས་མངོན་སུམ་དུ་ཐོས་ཞེས་བྱ་བ་ནི་བདག་ཉིད་ཀྱིས་ཉེ་བར་ ཐོས་ཞེས་བྱ་བའི་ཐ་ཚིག་གོ། །འདི་སྐད་ཐོས་ཞེས་པ་འདིས་ནི་མ་ཐོས་པ་དང་། གཞན་ཐོས་པ་རྣམས་བསལ་བ་ཡིན་ནོ། །བདག་གིས་ཐོས་ཞེས་བྱ་བས་ནི་མ་ཐོས་པ་དང་གཅིག་ནས་གཅིག་ཏུ་བརྒྱུད་དེ་ཐོས་པ་དང་རྟོགས་པ་བསལ་ལོ། །དུས་གཅིག་ན་ཐོས་ཞེས་པ་སྨོས་པས་ནི་དུས་ ཐམས་ཅད་དུ་ཐོས་པ་དང་ཐམས་ཅད་དུ་མ་ཐོས་པ་བསལ་ལོ། །འདི་དག་གི་སྒྲའི་སྦྱོར་བ་ཡང་གཞན་དག་ནི་མ་ཐོས་ཀྱི་འདི་ཁོ་ན་སྐད་ཐོས་ཞེས་པ་དང་། འོངས་པ་དང་། རྟོགས་པ་ནི་མ་ཡིན་ཏེ་བདག་གིས་ཐོས་ཞེས་པ་དང་ཐམས་ཅད་དུ་མ་ཐོས་པ་དང་ཐམས་ཅད་དུ་ཐོས་པ་ནི་མ་ཡིན་ གྱི་དུས་གཅིག་ཁོ་ནར་དེ་ཐོས་ཞེས་བྱའོ། །དུས་ཕུན་སུམ་ཚོགས་པ་དེ་ཉིད་རྒྱས་པར་བཤད་པ་དུས་གཅིག་གི་ཚེ་ན་འདི་ན་འདི་ཐོས་ལ་གཞན་དུ་ནི་གཞན་ཐོས་པའོ་ཞེས་པ་ནི་གསང་བ་འདུས་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གསུངས་པའི་དུས་སུ་ནི་འདི་ཐོས་ཀྱི། ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་ གསུངས་པའི་དུས་སུ་ནི་གཞན་ཐོས་ཤེའོ། །དེ་ཉིད་རྙེད་དཀའ་བར་བསྟན་པ་ཡང་། གཞན་དག་ཏུ་ནི་འདི་མ་ཐོས་པའོ་ཞེས་པ་སྟེ། གཞན་དུ་ནི་འདི་ནམ་ཡང་ཐོས་པར་མི་འགྱུར་བའོ། །དེ་ཅིའི་ཕྱིར་ཞེ་ན། བཅུ་བདུན་པར་གསང་བའི་སྣོད་དུ་མ་གྱུར་པ་ཉིད་ཀྱིས་བསྟན་ཏོ། །བློ་རྣོ་ བ་ནི་སྐད་ཅིག་མ་གཅིག་ལའོ་ཞེས་པས་སྟོན་ཏོ། །སྐད་ཅིག་ལ་སོགས་པས་ནི་ཡུད་ཙམ་ལ་སོགས་པ་མ་ཡིན་པར་བསྟན་ཏོ། །གང་ལས་གང་དུ་ཞེས་བྱ་བ་ལ་སོགས་པ་ནི་འོག་ནས་སྟོན་ཏེ། སྟོན་པ་ཕུན་སུམ་ཚོགས་པ་ནི་སྟོན་པ་ཕུན་སུམ་ཚོགས་པ་སྟེ་ཡོན་ཏན་ཆེན་པོ་དང་ལྡན་ པའི་སྟོན་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །ཡོན་ཏན་གང་ཞིག་དང་ལྡན་ཞེ་ན། སྐལ་བ་ཕུན་སུམ་ཚོགས་པ་ཞེས་བྱ་བ་ལ་སོགས་པ་སྟེ། ཕུན་སུམ་ཚོགས་པ་ནི་ཡང་དག་པའི་དོན་གྱི་སྐལ་བ་ཆེན་པོ་དང་ལྡན་པ་སྟེ། མདོ་དག་ལས་དེ་བཞིན་གཤེགས་པ་ནི་སྒྲིབ་པ་མ་ལུས་པར་བཅོམ་པའི་ ཕྱིར་སྐལ་བ་ཆེན་པོ་དང་ལྡན་པའོ་ཞེའོ། །གཞན་ཡང་གང་གིས་ཚོགས་ཆེན་པོ་ཡོངས་སུ་བསགས་པ་ནི་སྐལ་བ་ཆེན་པོ་དང་ལྡན་པའོ། །སྐལ་བ་ཆེན་པོ་ནི་ཐམས་ཅད་དེ། སྐལ་བ་མ་ལུས་པའི་བདག་ཉིད་ཅན་ནོ། །མི་མཐུན་པའི་ཕྱོགས་མ་ལུས་པར་བཅོམ་པ་ནི་ས་ཐམས་ཅད་ལ་སྒྲིབ་ པ་ཡང་དག་པའི་ཡེ་ཤེས་ཀྱིས་སྤངས་པའོ། །གཞན་ཡང་འདི་དག་གིས་ནི་མི་སློབ་པའི་ཟུང་དུ་འཇུག་པ་བསྟན་ཏོ། །དེ་ལྟ་བུའི་སྟོན་པ་དེས་གནས་གང་དུ་གསུངས་ཤེ་ན་བཤད་པ། དེ་བཞིན་ཉིད་ནི་དེ་བཞིན་ཉིད་དེ་སྤྲོས་པ་དང་བྲལ་ཞིང་རྟོག་པ་ཐམས་ཅད་ལས་ཉེ་བར་གྲོལ་བའོ། །དེར་ གཤེགས་པ་ནི་དེ་ལས་གྲོལ་བ་སྟེ། རྟོག་པ་ཐམས་ཅད་ཡོངས་སུ་སྤངས་པ་དེ་ཉིད་མངོན་སུམ་དུ་གྱུར་པ་དང་ལྷུན་གྱིས་གྲུབ་པ་ཞེས་བྱ་བའི་བར་དུའོ། །དེ་བཞིན་གཤེགས་པ་ཡང་ཡིན་ལ་ཐམས་ཅད་ཀྱང་ཡིན་པ་ནི་སྤྲོས་པའི་མཐའ་གཉིས་བསལ་བ་སྟེ། གྲངས་དང་གྲངས་ཅན་ གཞན་ལ་ཐལ་བ་ཡོངས་སུ་བསལ་བ་གང་ཡིན་པའོ། །བདག་ཉིད་ཅེས་པ་ནི་རང་བཞིན་ནམ་ངོ་བོ་ཉིད་དོ་ཞེས་པའི་དོན་ཏོ། །སྐུ་དང་གསུང་དང་ཐུགས་ཀྱི་སྙིང་པོ་ནི་ཡོངས་སུ་འཛིན་པ་ཞེས་བྱ་བའོ། །དེའི་བཙུན་མོ་ནི་དེས་བསྟེན་པ་སྟེ། གཞལ་ཡས་ཁང་གི་རྣམ་པ་ཉིད་ཡོངས་ སུ་གསལ་བའོ། །དེར་གནས་པ་ནི་དེ་ཉིད་ལ་བསྟེན་པ་ཉིད་དོ། །དེ་བཞིན་ཉིད་དང་ཞེས་བྱ་བ་ལ་སོགས་པས་ནི་གང་གི་དུས་སུ་ཡོངས་སུ་སྣང་བ་ཉིད་དེ། རྣམ་གྲངས་དེས་ན་མ་འོངས་པའི་རྣལ་འབྱོར་པ་རྣམས་ཀྱིས་ཀྱང་ཇི་སྐད་འཆད་པར་འགྱུར་བའི་གཞལ་ཡས་ཁང་དུ་མོས་པའི་དཀྱིལ་ འཁོར་དང་ཡོངས་སུ་བསྡུ་བའི་ཆོ་ག་དང་། རྣལ་འབྱོར་གསུམ་བསྒོམ་པར་བྱའོ་ཞེས་བྱ་བའི་དོན་ཏོ། །ཡི་གེའི་དོན་ནི་སྒྲ་ཙམ་ལ་གཞོལ་བའི་དབང་དུ་བྱས་ཏེ་འདིའི་ཚེ་ཞེས་བྱ་བ་ལ་སོགས་པ་བྱ་བ་བཤད་པ་གོང་མ་ཉིད་དོ། །ཚོགས་ལ་བཤད་པ་ཡང་དེ་ཉིད་དེ་ཟབ་མོའི་དོན་མ་ཡིན་ པ་ཉིད་དོ། །དེ་བས་ན་བཤད་པའི་སྒྲའི་དབང་དུ་བྱ་སྟེ་ཡི་གེའི་དོན་ཏོ། །བསྐྱེད་པའི་རྣལ་འབྱོར་གྱི་དབང་དུ་བྱས་ཏེ་ཚོགས་ལ་བཤད་པའོ། །གང་ཞིག་ལ་གང་ཞིག་གིས་གང་དུ་ཇི་ལྟར་གནས་པར་འགྱུར་བ་དང་། གང་གིས་གང་གི་སྤྱོད་ཡུལ་དུ་གང་བསྟན་པ་དེ་ལ་དེ་ སྐད་ཅེས་བྱའོ། །གཞན་ཡང་གང་གིས་གང་ཞིག་གཏན་ལ་འབེབས་པར་འགྱུར་བ་དང་། གང་གིས་གང་ཞིག་ཉམས་སུ་ལེན་པར་བྱེད་པ་དང་། གང་དང་གང་གིས་ཡུལ་དུ་བྱས་པ་དེ་ལ་དེ་སྐད་ཅེས་བྱའོ། །དེ་ནི་རྫོགས་པའི་དོན་ཏོ། །གང་གིས་གང་གི་རྣམ་པར་བཤད་པ་ཡོངས་སུ་ རྫོགས་པར་གྱུར་པ་དེ་ལ་དེ་སྐད་ཅེས་བྱའོ། །དེ་ནས་སྤྱིའི་དོན་བཤད་པར་འདོད་ནས་སྨྲས་པ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །གང་ལ་གང་གིས་གང་དུ་གང་གི་ཕྱིར་ཞེ་ན། སྒྲའི་ཚོགས་འདི་ཡོངས་སུ་རྒོལ་བ་སྨྲ་བར་འགྱུར་རོ། །གང་དུ་ཞེས་པའི་ལན་དུ་འདི་ལྟ་སྟེ། ཡི་གེའི་ དོན་བཤད་པ་ཡོངས་སུ་རྫོགས་པའི་སྐབས་འདིར་སྨྲས་པ། དགོངས་པ་གང་གིས་ན་སྡུད་པར་བྱེད་པས་གསུང་རབ་ཀྱི་མགོར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་དག་གི་དོན་ཡང་སྡུད་པ་པོས་གསུང་རབ་ཀྱི་སླད་དུ་འདི་སྐད་ཅེས་བསྟན་པ་ཁོ་ན་ལ་དགོངས་པ་ཅི་ཞིག་ཡོད་པར་འགྱུར། བཅོམ་ལྡན་འདས་ཀྱིས་ཅི་ལ་དགོངས་ཏེ་གསུངས། གལ་ཏེ་རྒྱུད་ཀྱི་དོན་མཐའ་དག་བསྡུས་པར་འདོད་པའམ་དེ་ལས་གཞན་དུ་འགྱུར་ཞེས་པ་རྒལ་བའི་དོན་ཏོ། །དེའི་ལན་དུ་གོང་མ་ལྟར་གྱུར་ན་ཅིར་འགྱུར་ཞེ་ན་མ་ངེས་པར་འགྱུར་ཏེ། འདི་དག་བདག་གིས་ཤེའམ། འདིའམ་ འདི་རྣམས་འདི་ཙམ་བདག་གིས་ཐོས་ཞེས་པས་ཀྱང་རྒྱུད་ཀྱི་དོན་མ་ལུས་པར་ཡོངས་སུ་རྫོགས་པར་སྟོན་པར་འགྱུར་ཏེ་དེར་འགྱུར་རོ། །གང་གིས་གང་ཞིག་གང་ལ་ནུས་པ་དེས་ཀྱང་དེའི་དོན་ཡོངས་སུ་རྫོགས་པར་འགྱུར་ན་ནི་ཁོ་ན་ཞེས་བྱ་བ་གཞན་དང་ལྡན་པ་རྣམ་པར་གཅོད་པ་ རྟོགས་པར་འགྱུར་བ་མེད་པ་ཉིད་དོ་ཞེས་བྱ་བའི་དོན་ཏོ། །གང་གིས་གང་ཞིག་གང་ལ་ཡོངས་སུ་མ་སྤངས་པ་དེ་ནི་དེའི་བྱ་བ་ཡོངས་སུ་རྫོགས་པར་འགྱུར་རོ་ཞེ་ན་སྨྲས་པ་ཞེས་པ་དེ་ནི་ལན་སྟོན་པར་འགྱུར་བ་སྟེ། གང་ཡང་གང་ཞིག་ཡོངས་སུ་མ་སྤངས་པ་དེ་ནི་དེའི་ཉེས་པར་འགྱུར་བ་མ་ ཡིན་ཏེ་དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བརྡར་གྱུར་པ་ནི་རྒྱུད་ཀྱི་སྟོན་པ་པོ་ཐམས་ཅད་ཀྱི་བརྡར་གྱུར་པ་ཉིད་དེ། བརྡ་གང་ཞིག་སྟོན་པའི་བརྡ་ཡིན་ཞེ་ན། ཤེས་རབ་དང་ཐབས་སྟོན་པ་ཉིད་དོ། །ཡི་གེ་གཉིས་སུ་གྱུར་པ་འདི་ཁོ་ནས་བརྡར་སྟོན་པར་བྱེད་ཀྱི་གཞན་གྱིས་ནི་ནམ་ ཡང་རྙེད་པར་འགྱུར་བ་མ་ཡིན་ཞེས་བྱ་བའི་དོན་ཏོ། །གསུང་རབ་ཀྱི་དང་པོར་ཞེས་བྱ་བ་ནི་གང་ཞིག་གང་གིས་སྟོན་ནུས་པ་དེའི་ཕྱིར་དེ་ལ་དེ་སྐད་ཅེས་བྱའོ། །གང་གིས་དེ་ཡོངས་སུ་ཤེས་པར་འགྱུར་བ་དེས་ནི་དེ་དང་དེ་དག་ཡོངས་སུ་ཤེས་པར་འགྱུར་བ་ཉིད་དོ་ཞེས་བྱ་བའི་དོན་ཏོ། །གཞན་ ཡང་གང་གིས་དེ་ཉིད་བསྟན་པར་འགྱུར་བ་དེ་ནི་དེའི་གཞུང་ལུགས་ཡོངས་སུ་རྫོགས་པ་མ་ཡིན་ཏེ་ཅིའི་ཕྱིར་ཞེ་ན། སྡུད་པ་པོ་མེད་པར་འགྱུར་བའི་ཕྱིར་ཏེ། འདི་སྐད་ཅེས་བྱ་བ་འདི་སྡུད་པ་པོའི་ཚིག་སྒྲ་ཇི་བཞིན་པ་མ་ཡིན་པར་འགྱུར་ཏེ། དེ་ལྟ་ན་སྡུད་པ་པོ་མེད་དོ་ཞེས་བྱ་བའི་དོན་ཏོ། ། དེས་ཅིར་འགྱུར་ཞེ་ན་བདག་གིས་ཞེས་བྱ་བ་ལ་སོགས་པའི་ཚིག་འབྲེལ་པ་མེད་པར་འགྱུར་ཏེ་དེ་ཅིའི་ཕྱིར་ཞེ་ན། འདི་སྐད་ཅེས་བྱ་བ་ནི་བརྡར་གྱུར་པ་ཉིད་ཡིན་ལ་བདག་གིས་ཞེས་བྱ་བ་ནི་སྡུད་པ་པོ་རང་གི་མིང་བརྗོད་པས་ཐ་དད་པར་འགྱུར་རོ། །ཅིའི་ཕྱིར་ཞེ་ན། གང་ལ་གང་ཞིག་ཡོད་པ་དེ་ ལ་དེ་དང་བྲལ་བར་འགྱུར་བའི་ཕྱིར་གཅིག་གིས་གཅིག་སྤངས་པར་འགྱུར་བ་ཡིན་ནོ། །དེས་ན་སྡུད་པ་པོ་མེད་པར་འགྱུར་རོ་ཞེ་ན། སྡུད་པ་པོ་མེད་པར་ཐལ་བར་འགྲུབ་པ་འདི་ནི་ཐལ་བ་མ་ཡིན་པ་ཉིད་དེ་གསང་བ་འདུས་པའི་དོན་འདིར་སྡུད་པ་པོ་ནི་མེད་དོ། །འོ་ན་ཞེས་བྱ་བ་ནི་མགུ་བ་མ་ ཡིན་པའི་ཚིག་བརྗོད་པ་ཉིད་དོ། །བཙུན་པ་ཀུན་དགའ་བོ་ལ་སོགས་པ་འཇིག་རྟེན་ན་སྡུད་པ་པོར་ཅིའི་ཕྱིར་གྲགས་ཞེས་པ་ནི་ལྔ་སྡེ་བཟང་པོ་ལ་སོགས་པ་གང་ཞིག་གིས་གང་ཞིག་ཡོངས་སུ་བཟུང་བ་དང་སྡུད་པ་གཟིགས་པ་མངོན་སུམ་དང་འགལ་བར་འགྱུར་རོ། །གང་ཞིག་གང་ གིས་ཡོངས་སུ་འདྲི་བ་མེད་ན་དེ་ཡང་མེད་པར་འགྱུར་བས་དེ་རྗེས་སུ་དཔག་པ་དང་ཡང་འགལ་བར་འགྱུར་རོ། །གསུངས་པ་ལན་ལ་སོགས་པ་གང་ཞིག་སྣང་བ་དང་། གང་ཞིག་ཡོངས་སུ་བརྗོད་པ་དང་། གང་དང་ཡོངས་སུ་མཐུན་པར་གྱུར་པ་དེའི་ཕྱིར་དེ་དག་དང་འགལ་བར་ འགྱུར་རོ། །དེས་ན་སྡུད་པ་པོ་ཡོད་པར་སྣང་བ་ཉིད་དེ། འདོད་པ་འདི་ཐམས་ཅད་ཡོངས་སུ་བཤིག་པ་ཡིན་ནོ་ཞེས་སྐྱོན་བརྗོད་པ་དང་སྐྱོན་ཡོངས་སུ་སྤང་བའི་ཕྱིར་སློབ་དཔོན་གྱིས་གང་ལ་ཡོངས་སུ་ལེགས་པར་སྨྲས་པ་དེ་དང་འགལ་བ་ལ་སོགས་པའི་ཉེས་ པ་འདི་སྣང་བའམ་ངེས་པའི་དོན་དུ་འགྱུར། །སྣང་བ་ལ་ནི་ནམ་ཡང་མི་འདོད་པ་མ་ཡིན་པས་ཉེས་པ་མེད་པ་ཉིད་དོ། །ཕྱི་མ་ལྟར་ན་ནི་མི་འདོད་པ་ཉིད་དེ་ཀུན་དགའ་བོ་ནི་འདིར་བྱང་ཆུབ་སེམས་དཔའ་ཀུན་དུ་བཟང་པོ་ཉིད་དེ་ཕྱག་ན་རྡོ་རྗེ་ཡིན་ལ་ཞེས་པ་ནི་ཕྱི་དང་ནང་གི་སྡུད་པ་པོ་གཉིས་སུ་ མེད་པར་བསྟན་ཏོ། །རྡོ་རྗེ་འཆང་ཆེན་པོ་ཡང་དེ་ཉིད་ལས་གཞན་མ་ཡིན་ཏེ་ཞེས་པ་ནི་གང་གིས་རྡོ་རྗེ་འཆང་ཆེན་པོ་དང་སྡུད་པ་པོ་ཐ་དད་དུ་དབྱེ་བ་མེད་པ་ཉིད་དོ། །དེས་ན་སྡུད་པ་པོ་དང་སྟན་པ་ནི་གང་གིས་གང་ཞིག་ཡོངས་སུ་འཛིན་པ་དེ་ཡང་དེ་ཉིད་དོ། །གལ་ཏེ་ཐ་དད་དུ་གནས་ན་ཅིར་འགྱུར་ ཞེ་ན། མདོ་སྡེ་ལ་སོགས་པ་ནི་མདོ་སྡེ་དང་འདུལ་བ་དང་མངོན་པའོ། །ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་ནི་བཤད་ཟིན་ཏོ། །དེ་བཞིན་གཤེགས་པ་ལས་ཕྱག་ན་རྡོ་རྗེས་ལྷག་ཆད་མེད་པར་ལན་གཅིག་གིས་ཐོས་ཤིང་འཛིན་པར་ག་ལ་ནུས་ཞེས་པ་ནི་མི་སྲིད་པར་བསྟན་ཏོ། །འདི་ལྟར་རྫོགས་ པའི་སངས་རྒྱས་མ་ཡིན་པ་ནི་མཐར་ཕྱིན་པའི་ས་ལ་མི་གནས་པར་གྱུར་པ་དེ་ནི་གང་གིས་རྟོག་པ་མ་སྤངས་སོ། །རྟོག་པ་ཐམས་ཅད་སྤངས་པར་མ་གྱུར་པ་དེ་ནི་མཐར་ཕྱིན་པའི་ལམ་ལ་མི་གནས་སོ། །གང་གིས་རྟོག་པ་ཐམས་ཅད་མ་སྤང་བ་དེ་ནི་ཐོགས་པ་མེད་པའི་ཤེས་རབ་དང་མི་ལྡན་ནོ། ། ཐོགས་པ་མེད་པའི་ཤེས་རབ་ཀྱང་རྟོག་པ་སྤངས་པ་ལས་འབྱུང་བར་རིག་པར་བྱའོ། །ཐོགས་པ་མེད་པའི་ཤེས་རབ་མེད་པས་ནི་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་ལྷག་ཆད་མེད་པར་ལན་གཅིག་གིས་འཛིན་པར་མི་ནུས་སོ། །དེ་ཅིའི་ཕྱིར་ཞེ་ན། ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་ཡོངས་སུ་ འཛིན་པ་ནི་ཐོགས་པ་མེད་པའི་ཤེས་རབ་མེད་ན་མེད་པའི་ཕྱིར་རོ་ཞེས་འབྱུང་བས་སྡུད་པ་པོ་ནི་རྫོགས་པའི་སངས་རྒྱས་ལས་ཐ་དད་དུ་མི་འཇུག་གོ། །དེ་ཡང་གང་ལས་ཤེས་ཤེ་ན། བཅོམ་ལྡན་འདས་ཀྱིས་ཀྱང་འདི་ཉིད་དུ་ཐུན་མོང་མ་ཡིན་པའི་གསང་བ་ཞེས་བྱ་བ་རྣལ་འབྱོར་ཆེན་པོའི་རྒྱུད་ ལས་གསུངས་ཞེས་སྨོས་སོ། །ཇི་སྐད་གསུངས་ཤེ་ན་འདི་ལྟ་སྟེ་ཞེས་པ་ནི་ཡོངས་སུ་སྟོན་པའི་དོན་ཏོ། །འཇམ་དཔལ་ནི་ཟས་གཙང་མར་གྱུར་ཏོ་ཞེས་བྱ་བ་ནི་གང་ལ་གང་གིས་འདུལ་བ་དེ་ལ་དེར་བསྟན་ཞེས་པའི་དོན་ཏོ། །འཇིག་རྟེན་དབང་ཕྱུག་ནི་ལྷ་མོ་སྒྱུ་འཕྲུལ་དུ་གྱུར་ཏོ་ཞེས་བྱ་བ་ནི་ལྷ་མོ་ཆེན་མོ་སྒྱུ་ འཕྲུལ་ནི་འཇིག་རྟེན་དབང་ཕྱུག་གོ། །གཞན་ཡང་གང་གི་ཕྱིར་ལྷ་མོ་ཆེན་མོ་སྒྱུ་འཕྲུལ་ཉིད་ཀྱིས་གང་དུ་ཡོངས་སུ་འདུལ་བ་དེའི་ཕྱིར་དེ་ལ་དེ་བསྟན་ཏོ། །བསྟན་པ་འདི་དག་གང་ཞིག་གང་གིས་ཇི་ལྟར་ཡོངས་སུ་སྣང་བ་དེ་ལྟར་གནས་པ་ནི་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། ཐམས་ཅད་རོ་གཅིག་པའི་རང་ བཞིན་ཅན་ཉིད་ཀྱི་ཕྱིར་རོ། །རིགས་པ་འདིས་ནི་ཞེས་པ་ནི་མི་སླུ་བར་བྱེད་པའི་ཚད་མ་དེ་ལྟ་བུ་ཡོད་པའི་ཕྱིར་རོ་ཞེས་སོ། །འོ་ན་དེ་ལྟར་བསྟན་པ་ལ་དགོས་པ་ཅི་ཡོད་ཅེ་ན། ལས་དང་པོ་པའི་སེམས་ཅན་རྣམས་འཇུག་པར་བྱ་བའི་ཕྱིར་ཞེས་པ་ནི་ལས་དང་པོ་པ་ནི་འཇིག་རྟེན་པ་དང་མཐུན་པའི་ ཆོས་ལ་འཇུག་པར་འགྱུར་རོ། །འཇིག་རྟེན་ན་ནི་རྒྱལ་པོ་དང་། འཁོར་དང་ཞུ་བ་པོ་ལ་སོགས་པ་སྣང་བར་བྱ་བ་དང་མི་མཐུན་པར་སྟོན་ཏོ། །བཅོམ་ལྡན་འདས་ཀྱིས་ཀྱང་སྡུད་པ་པོ་ལ་སོགས་པ་ཡོངས་སུ་བསྟན་པ་ཉིད་དོ། །གཞན་ཡང་གང་གི་ཕྱིར་སྟོན་པ་དང་སྡུད་པ་པོ་ལ་སོགས་པ་མ་ བསྟན་ན་མེད་པར་ཡོངས་སུ་རྟོགས་པར་འགྱུར་རོ། །གང་ལ་གང་མེད་པ་དེ་ནི་འཇིག་རྟེན་པའི་བྱ་བ་དང་མི་མཐུན་པར་བསྟན་ཏོ། །གང་ཞིག་གང་དང་མི་མཐུན་པ་དེ་ལ་ནི་གང་ཟག་དད་པའི་རྗེས་སུ་འབྲང་བ་རྣམས་ཡོངས་སུ་ཚོལ་བར་བྱེད་དོ། །གང་ཞིག་གང་ཡོངས་སུ་ཚོལ་བར་བྱེད་པ་དེས་ ནི་སྲིད་པར་འཛིན་པ་ཡོངས་སུ་སྤངས་པར་འགྱུར་རོ། །གང་ཞིག་གང་གིས་ཡོངས་སུ་སྤངས་པ་དེས་ནི་དེའི་དོན་ལ་སོམ་ཉི་ཟ་བར་འགྱུར་རོ། །གང་ལ་གང་གིས་ཇི་ལྟར་སེམས་པ་དེས་ནི་སྐུར་བ་འདེབས་པར་འགྱུར་རོ། །གང་ལ་གང་གིས་གང་ཞིག་བྱས་པ་དེས་ནི་ངན་སོང་གསུམ་པོ་ཡོངས་སུ་བླང་བར་འགྱུར་ཏེ། གསང་བའི་བདག་པོ་དོན་ རྒྱས་པའི་ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་དུ་མ་དག་གིས་ཀྱང་ལེགས་པར་བསྟན་པ་ཡིན་ཏེ། དེའི་ཕྱིར་སངས་རྒྱས་ཀྱི་རོལ་མོ་ཇི་སྐད་དུ་བཤད་པ་འདི་བསྟན་པ་ཡིན་ནོ། །དེ་ཡང་གང་ལས་ཤེས་ཤེ་ན་གསེར་འོད་དམ་པ་ལས། སངས་རྒྱས་མྱ་ངན་མི་འདའ་ཞིང་། །ཞེས་བྱ་བ་ ལ་སོགས་པ་གསུངས་ཏེ་སངས་རྒྱས་མྱ་ངན་མི་འདའ་བ་ནི་རྟག་པ་ཆེན་པོའི་བདག་ཉིད་ཅན་དུ་གྱུར་པའི་ཕྱིར་རོ། །ཆོས་ཀྱང་ནུབ་པར་མི་འགྱུར་ཏེ། །ཞེས་པ་ནི་སེམས་ཅན་ལ་སྣང་བ་འབའ་ཞིག་ཏུ་ཟད་ཀྱིས་ངེས་པར་ཆོས་ནུབ་པ་མེད་པར་འགྱུར་ཞེས་བྱ་བའི་ཐ་ཚིག་གོ། །འོ་ན་གང་ གི་ཕྱིར་འབྱུང་ཞེ་ན། སེམས་ཅན་རྣམས་ནི་གདུལ་བའི་ཕྱིར། །བྱུང་ནས་མྱ་ངན་འདའ་བར་སྟོན། །ཞེས་པ་ནི་དུས་ཉེ་བར་ལེན་པ་ཉིད་དེ་གང་གི་ཕྱིར་སེམས་ཅན་སྒྲིབ་པ་ཐམས་ཅད་དང་ལྡན་ཞིང་བློ་མ་སྨིན་པར་གྱུར་པ་དག་གི་ཕྱིར་དང་པོ་འབྱུང་བ་དང་། མཛད་པ་མཐར་ཕྱིན་པ་ལ་སོགས་པ་ནས་ ཡོངས་སུ་མྱ་ངན་ལས་འདའ་བའི་བར་དུ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་ཀུན་དུ་སྣང་བར་གྱུར་ཏོ། །དེ་བས་ན་ཞེས་པ་ནི་རིགས་པ་དེའི་ཕྱིར་ཞེས་པའོ། །བརྒྱ་བྱིན་གྱིས་གསོལ་བ་ཞེས་པ་ནི་འདི་སྐད་ཅེས་བྱ་བ་ལ་སོགས་པའི་ཡི་གེ་གཉིས་ཡོངས་སུ་མ་ཤེས་ནས་དྲིས་པའོ། །ཅིའི་ཕྱིར་ འདི་སྐད་ཅེས་བྱ་བའི་ཞེས་པ་ནི་འདི་སྐད་ཅེས་བྱ་བ་འདི་ཅིའི་ཕྱིར་སྨོས་ཞེས་པའོ། །གང་གི་ཕྱིར་དང་པོ་རབ་ཏུ་སྦྱར་ཞེས་པ་ནི་བཀའ་དག་ལ་དང་པོར་སྦྱར་བ་ལ་དགོངས་པ་ཅི་ཞིག་ཡོད་ཅེས་པའོ། །གང་འདི་བདེ་གཤེགས་གསུང་ཡིན་ནམ། །ཞེས་པ་ནི་གང་གིས་བདག་གིས་ཞེས་བྱ་བ་དང་ མ་འབྲེལ་པའི་ཉེས་པ་གཟིགས་པའོ། །ཉན་ཐོས་ཀྱི་བཤད་པ་ཡིན་ནམ་ཅི་ཞེས་པ་ནི་བཀའ་མ་ཡིན་པའི་ཉེས་པ་བརྗོད་པའོ། །གཞན་ནི་གོ་སླའོ། །འདི་ནས་མར་ནི་ཡི་གེ་གཉིས་ཆོས་ཐམས་ཅད་ཀྱི་རྒྱུ་འམ་ས་བོན་དུ་བསྟན་པ་ཉིད་དེ། དེ་ལ་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་ཞེས་བྱ་བ་ནི་བཤད་ ཟིན་ཏོ། །དེ་གང་གི་གཞི་ཡི་གེ་གཉིས་ཡིན་པ་ཅིའི་ཕྱིར་ཞེ་ན་ཡི་གེ་ཨེ་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིས་རིམ་པ་དང་པོའི་བསླབ་པ་བཞི་བསྟན་ཏེ། ཨེ་ནི་མར་གྱུར་ལ་འདིས་ནི་བུད་མེད་མཚོན་པར་བྱེད་པ་ཉིད་དེ། གང་གི་ཕྱིར་གང་གིས་གང་ལ་གང་ཞིག་བྱེད་པར་འགྱུར་བ་ དེའི་ཕྱིར་དེ་ལ་དེ་སྐད་ཅེས་བྱའོ། །བ་ནི་ཕ་ཞེས་བྱ་བར་གྲགས། །ཞེས་བྱ་བ་ནི་བ་ཞེས་བྱ་བ་ཕ་མཚོན་པར་བྱེད་པ་ཉིད་ཀྱི་ཕྱིར་རོ། །ཐིག་ལེ་དེར་ནི་སྦྱོར་བ་ཉིད། །ཅེས་པ་ནི་གང་ཞིག་གང་དང་གང་དུ་འབྲེལ་པར་འགྱུར་བ་དེའི་ཕྱིར་དེ་ལ་དེ་སྐད་ཅེས་བྱའོ། །འདི་དག་གིས་ནི་འདི་སྐད་དུ་སྟོན་ པར་འགྱུར་ཏེ། གང་གིས་སེམས་ཅན་སྐྱེ་བ་དང་མཐུན་པར་ལྷའི་སྐུ་རིམ་གྱིས་འབྱུང་བ་ཡབ་དང་ཡུམ་གཉིས་སུ་མེད་པར་སྟོན་པའི་བདག་ཉིད་དོ། །ཡང་ན། ཨེ་ནི་པདྨ་བཞིན་དུ་གསུངས། །ཞེས་པ་ནི་པདྨ་དང་འདྲ་བའི་ཆོས་ཡོངས་སུ་གནས་པར་འགྱུར་བས་དེ་ལ་དེ་སྐད་ཅེས་བྱའོ། །བ་ནི་རྡོ་རྗེ་ཉིད་ ཡིན་ནོ་ཞེས་པ་ནི་རྡོ་རྗེ་ཡོངས་སུ་བསྟན་པའི་བརྡ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །ཐིག་ལེ་དེ་ནི་ས་བོན་ཏེ། །ཞེས་པ་ནི་གང་ལ་བྱང་ཆུབ་སེམས་ཀྱི་ས་བོན་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ་དེས་ཅིར་འགྱུར་ཞེ་ན། དེ་ལས་འགྲོ་བ་གསུམ་པོ་སྐྱེ། །ཞེས་པ་ནི་གང་ལས་གང་གི་སྟོབས་ཀྱིས་ སེམས་ཅན་ཐམས་ཅད་ཡོངས་སུ་སྐྱེ་བར་འགྱུར་བ་དེ་ལ་དེ་སྐད་ཅེས་བྱའོ། །དེ་དག་གིས་ནི་འདི་སྐད་དུ་སྟོན་པར་འགྱུར་ཏེ། གང་ཞིག་གིས་སེམས་ཅན་སྐྱེ་བའི་རིམ་པ་དང་མཐུན་པར་ལྷ་ཡབ་ཡུམ་སྙོམས་པར་ཞུགས་པ་ལས་རང་གིས་སྤྲུལ་པའི་དཀྱིལ་འཁོར་རྒྱལ་པོ་མཆོག་ཡོངས་སུ་སྐྱེ་བར་ འགྱུར་བ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །ཨེ་ནི་ཤེས་རབ་ཉིད་འགྱུར་ལ། །ཞེས་པ་ནི་རླུང་ཉིད་དོ། །བ་ནི་རབ་དགའི་བདག་པོའོ། །ཞེས་པ་ནི་རྣམ་པ་ཤེས་པ་ཉིད་དོ། །ཐིག་ལེ་མི་ཤིགས་དེ་ཉིད་དོ། །ཞེས་པ་ནི་འགྲོ་བ་ཐམས་ཅད་ཀྱི་སྙིང་གི་དབུས་ན་རླུང་མི་ཤིགས་རྒྱལ་པོ་ཨ་ཐུང་ངུའི་ངོ་བོར་སྣང་བའོ། །དེ་ལས་ཡི་གེ་གཉིས་ཀྱང་སྐྱེ། ། ཞེས་པ་ནི་ཨཱ་ལི་ཀཱ་ལིའི་སྡེ་ཚན་གྱི་ཡི་གེ་རྣམས་འབྱུང་བས་ཏེ་གང་ལ་གང་གིས་ཇི་ལྟར་ཡོངས་སུ་བྱེད་པ་དེ་ལ་དེ་སྐད་ཅེས་བྱའོ། །དེ་བས་ན་འདི་དག་གིས་ནི་ཡི་གེ་གཉིས་པོ་ཕོ་དང་མོར་གྱུར་ཏེ། གང་དུ་སྐྱེ་བ་དང་ཡི་གེ་གཉིས་ཕོ་མོའི་མཚན་མར་གྱུར་པས་སེམས་ཅན་རྣམས་རང་གི་ ས་བོན་ལས་སྐྱེ་བ་དང་། ཡི་གེ་གཉིས་ཀྱི་བརྡ་དེ་དག་གིས་བསྐྱེད་པ་གཙོ་བོ་ཡབ་ཡུམ་དང་དཀྱིལ་འཁོར་རྒྱལ་མཆོག་གང་གིས་ཡོངས་སུ་རྫོགས་པ་དང་། གང་གིས་ཡི་གེ་ལས་སྒྲའི་ཚོགས་འབྱུང་ཞིང་འདི་ལས་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་ལ་སོགས་པ་འབྱུང་བའི་ཕྱིར་ ཡི་གེ་གཉིས་ནི་བཞི་དང་ཕ་མ་ཉིད་དོ། །དེས་ཅིར་འགྱུར་ཞེ་ན། ཆོས་ཀྱི་ཕྱག་རྒྱ་ནི་གང་གིས་གང་ཞིག་ཡོངས་སུ་ཤེས་པ་དང་། བརྗོད་པར་རུང་བ་ཉིད་དོ། །དེ་གང་ཡིན་ཞེ་ན་ཡི་གེ་གཉིས་ཏེ་ཨེ་བཾ་ཞེས་བྱ་བའི་དོན་ཏོ། །དེའི་དེ་ཉིད་བརྡའི་དོན་ཡོངས་སུ་ཤེས་པ་གང་དང་གང་ཡིན་ པའོ། །དེས་ནི་སེམས་ཅན་ཐམས་ཅད་ལ། །ཆོས་ཀྱི་འཁོར་ལོ་སྐོར་བྱེད་འགྱུར། །ཞེས་པ་སྟེ་དེའི་དོན་ཡང་གང་ཡིན། ཡི་གེ་གཉིས་ཤེས་པ་དེས་ནི་ཡི་གེའི་བརྡའི་རྣམ་པར་ཤེས་པར་འགྱུར་རོ། །གང་གིས་ཡི་གེ་བརྡའི་རྣམ་པར་ཤེས་པ་དེས་ནི་ཡི་གེའི་དེ་ཁོ་ན་ ཉིད་ཤེས་པར་འགྱུར་རོ། །གང་གིས་ཡི་གེའི་དེ་ཁོ་ན་ཉིད་ཤེས་པ་དེ་ནི་སངས་རྒྱས་ཀྱི་ཆོས་ཡོངས་སུ་ཤེས་པར་འགྱུར་རོ། །དེས་ནི་ཆོས་ཐམས་ཅད་ཀྱི་སྟོན་པ་ཕུན་སུམ་ཚོགས་པ་ཤེས་པ་བསྟན་པ་ཡིན་ནོ། །དེ་ལས་གཞན་དུ་གྱུར་པའི་སྐྱོན་བསྟན་པའི་ཕྱིར། འགྲོ་བ་གང་གིས་ཞེས་ བྱ་བ་ལ་སོགས་པ་སྨོས་ཏེ། ཡི་གེ་གཉིས་ནི་ཨེ་བྃ་ཞེས་པའོ། །མི་ཤེས་པ་ནི་ཡི་གེའི་དེ་ཁོ་ན་ཉིད་མི་ཤེས་པའོ། །རྟག་ཏུ་འདོན་པ་ནི་བརྗོད་པའོ། །ཅིར་འགྱུར་ཞེ་ན། དེ་ནི་སངས་རྒྱས་ཆོས་རྣམས་ཀྱི། །སྦྱོར་སྤངས་ཕྱི་རོལ་དཀའ་ཐུབ་བཞིན། །གྲོལ་བར་མི་འགྱུར་ཞེས་བྱ་བ་ལྷག་མའོ། །འདི་དག་ གིས་ནི་འདི་སྐད་སྟོན་པར་འགྱུར་ཏེ། གང་གིས་ཡི་གེ་གཉིས་མ་མཐོང་བར་བརྡ་ལ་སྤྱོད་པར་མི་འགྱུར་རོ། །གང་གིས་བརྡ་རྣམ་པར་སྤྱད་པར་མ་བྱས་པར་ནི་བརྡ་རྣམ་པར་ཤེས་པར་མི་འགྱུར་རོ། །གང་གིས་བརྡ་མ་ཤེས་པར་ནི་ཡི་གེའི་དེ་ཁོ་ན་ཉིད་ཤེས་པར་མི་འགྱུར་རོ། །གང་གིས་ཡི་གེའི་དེ་ཁོ་ན་ཉིད་ཤེས་པར་མ་གྱུར་ པར་ནི་ཆོས་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་ཤེས་པར་མི་འགྱུར་རོ། །གང་གིས་གང་དུ་གང་ཞིག་ཤེས་པ་མ་གྱུར་པ་དེས་ནི་སྒྲ་ལ་འཇུག་པར་མི་འགྱུར་རོ། །གང་གིས་གང་ཞིག་གང་ལ་ཇི་ལྟར་གྱུར་པ་དེས་ནི་བསམ་གཏན་གྱི་སྦྱོར་བ་སྤངས་པར་འགྱུར་རོ། །གང་གིས་བསམ་གཏན་གྱི་སྦྱོར་བ་སྤངས་ པ་དེས་ནི་ཐམས་ཅད་མཁྱེན་པ་དེ་ཁོ་ན་ཉིད་ཀྱི་དོན་ཡོངས་སུ་ཐོབ་པར་མི་འགྱུར་ཏེ་ཕྱི་རོལ་པའི་དཀའ་ཐུབ་པ་གཞན་དུ་འགྱུར་བ་བཞིན་ནོ། །གཞན་ཡང་འདི་སྐད་དུ། སེམས་དཔའ་ཆེན་པོ་གཞན་ཡང་བྱང་ཆུབ་སེམས་དཔའ་ཆེན་པོས་དེ་ཁོ་ན་ཉིད་ཀྱི་སྦྱོར་བ་དང་བྲལ་ན་ནི་བདག་ཉིད་ཡོངས་ སུ་གྲོལ་བར་མི་འགྱུར་རོ། །གང་གིས་གང་ཡོངས་སུ་གྲོལ་བར་མ་གྱུར་པ་དེས་ནི་སེམས་ཅན་ཐམས་ཅད་འཁོར་བའི་རྒྱ་མཚོ་ལས་གྲོལ་བར་མི་ནུས་སོ། །སེམས་དཔའ་ཆེན་པོ་རྣམ་གྲངས་དེས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་དེ་ཁོ་ན་ཉིད་དང་བྲལ་བར་མི་བྱའོ། ། ཞེས་འབྱུང་བ་ལྟ་བུའོ། །གཞན་དག་ལས་ཀྱང་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་ལ་ལ་བདག་དང་གཞན་གྱི་དོན་ཐམས་ཅད་ཡོངས་སུ་རྫོགས་པར་འདོད་པས་མ་ནོར་བའི་དེ་ཁོ་ན་ཉིད་དང་། གཞན་མ་ཡིན་པའི་དེ་ཁོ་ན་ཉིད་དང་། ཆོས་ཉིད་དང་ཆོས་ཀྱི་དབྱིངས་ཉིད་དང་། ཆོས་གནས་པ་ཉིད་དང་། ཆོས་སྐྱོན་ མེད་པ་ཉིད་དང་། ཡང་དག་པའི་མཐའ་དང་། བསམ་གྱིས་མི་ཁྱབ་པའི་དབྱིངས་ཉིད་ལ་བསླབ་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་གང་གིས་ཚོགས་ཡོངས་སུ་རྫོགས་པར་འདོད་པ་དང་། བདག་དང་གཞན་ལ་ཕན་འདོགས་པར་འདོད་པའི་གང་ཟག་གིས་ལམ་འདི་ལ་མ་བརྟེན་པར་ནམ་ ཡང་ཐོབ་པར་མི་འགྱུར་བའི་ཕྱིར་རོ་ཞེས་བྱ་བ་ལ་སོགས་པ་རྒྱས་པར་གསུངས་སོ། །དེ་བས་ན་འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ལམ་འདི་ལ་གནས་པར་བྱའོ། །ཨེ་ཝཾ་ཡིག་གཉིས་སྒྱུ་མ་ལ། །ཞེས་པ་ནི་ཇི་སྐད་དུ་བཤད་པའི་ཕྱིར་རོ། །ཐམས་ཅད་མཁྱེན་པ་འདིར་ཞུགས་པས་ ཞེས་པ་ནི་ཐམས་ཅད་མཁྱེན་པ་ཐོབ་པའི་རྒྱུའི་གཙོ་བོ་ཡིན་པའི་ཕྱིར་རོ། །དེ་བས་ན་ཞེས་པའི་དོན་ནི་གོ་བར་ཟད་དོ། །བདག་གིས་ཞེས་པ་ལ་སོགས་པ་ནི་འཆང་བར་འགྱུར་བའོ། །རྡོ་རྗེའི་ཚིག་ནི་རྡོ་རྗེ་འཆང་ཆེན་པོའི་ཚིག་ཡིན་པ་དང་། རྟོགས་པར་དཀའ་བ་ཉིད་ཀྱི་ཕྱིར་དེ་སྐད་ཅེས་ བྱའོ། །བཤད་པའི་རྒྱུད་ལས་བསྟན་པ་ཉིད་ལ་འཇུག་པ་ནི་རྩ་བའི་རྒྱུད་ལས་གསལ་བར་མ་གསུངས་པའི་ཕྱིར་རོ། །འཁོར་ལོ་སྤྲུལ་པའི་ངོ་བོ་ལ། །ཞེས་པ་ནི་ལྷའི་འཁོར་ལོ་གཙོ་བོ་དང་འཁོར་གྱི་དཀྱིལ་འཁོར་ལྟ་བུའོ། །བདག་གིས་ཐོས་པ་ཞེས་གསུངས་ཏེ། ཞེས་པ་ནི་གང་ གིས་དྲང་བའི་དོན་དུ་ཡིན་གྱི་ངེས་པའི་དོན་དུ་མ་ཡིན་ཞེས་བྱ་བའི་ཐ་ཚིག་གོ། །ས་བོན་ལས་ནི་གང་སྤྲུལ་པ། །ཞེས་པ་ནི་གང་གིས་ས་བོན་གྱིས་བསྐྱེད་པ་ཉིད་ཀྱི་ཕྱིར་དེ་སྐད་ཅེས་བྱའོ། །ལྷ་རྣམས་ཀྱི་ནི་འཁོར་ལོ་མཆོག །ཅེས་པ་ནི་འདི་དག་གིས་ཡོན་ཏན་ཕུན་སུམ་ཚོགས་པ་ དང་། འདིས་འདོད་ཆགས་ཅན་ལ་སོགས་པའི་སེམས་ཅན་ཡོངས་སུ་འདུལ་བའི་ཕྱིར་རོ། །མཆོག་ཏུ་དགའ་བ་ནི་སྙོམས་པར་ཞུགས་པའི་བདེ་བ་གང་ལ་ཡོད་པ་དེའི་དུས་ལ་དུས་གཅིག་ཅེས་བཤད་པའི་ཕྱིར་རོ། །དབང་ཕྱུག་བརྒྱད་ཀྱིས་བཅོམ་ལྡན་འདས། །ཞེས་པ་ནི་དབང་ ཕྱུག་ཆེ་དང་གཟུགས་བཟང་བ་དང་གྲགས་པ་དང་དཔལ་ལ་སོགས་པའི་ཡོན་ཏན་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །ཁྱད་པར་ཇི་ལྟ་བུ་ཞིག་དང་ལྡན་པའི་བཅོམ་ལྡན་འདས་ཡིན་ཞེ་ན། བདེ་བ་ཆེན་པོའི་བདག་ཉིད་ཅན། །ཞེས་པ་ནི་གང་ཞིག་བདེ་བ་ཆེན་པོའི་ ངོ་བོ་ཉིད་དུ་གྱུར་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཅེས་བྱ་བ་ཇི་ལྟ་བུ་ཡིན་ཞེ་ན། འདི་ཡི་ཕུང་པོ་ལྔ་རྒྱལ་བ། །དེ་བཞིན་གཤེགས་པ་ཐམས་ཅད་ཡིན། །ཞེས་པ་ཕུང་པོ་ལྔ་ཉིད་སངས་རྒྱས་ཏེ། །མདོར་ན་ཕུང་པོ་ལྔ་རྣམས་ནི། །སངས་ ལྔར་ནི་རབ་ཏུ་གྲགས། །ཞེས་བྱ་བ་ལ་སོགས་པ་རྒྱས་པར་གཞུང་འདི་ཉིད་ལས་གསུངས་པའི་ཕྱིར་རོ། །སྐུ་དང་གསུང་དང་ཐུགས་ཞེས་བྱ་བ་ཡང་ཇི་ལྟ་བུ་ཡིན་ཞེ་ན། དེའི་བདག་ཉིད་དེ། གང་ཞིག་གང་དུ་ཐ་དད་དུ་དབྱེར་མེད་པ་དེའི་ཕྱིར་དེ་ལ་དེ་སྐད་ཅེས་བྱའོ། །རྡོ་རྗེ་ཞེས་བྱ་བ་ཡང་གང་ཞིག་ཡིན་ཞེ་ན་ཐུགས་ཏེ་ འདིར་བདེ་བ་ཆེན་པོ་ཞེས་བྱ་བ་བདེ་བ་ཆེན་པོ་རབ་ཏུ་མི་རྟོག་པའི་བདག་ཉིད་ཅན་གང་ཡིན་པ་སྟེ། གང་ཞིག་གང་གིས་གང་དུ་ཡོངས་སུ་མཁྱེན་པར་འགྱུར་བ་དེ་ལ་དེ་སྐད་ཅེས་བྱའོ། །བཙུན་མོ་ཞེས་བྱ་བ་ཡང་གང་ཡིན་ཞེ་ན་ལེགས་སྦྱངས་ཕྱག་རྒྱ་སྟེ་ཞེས་བྱ་བ་སྨོས་ཏེ། རང་བཞིན་གྱིས་ལེགས་ པར་སྦྱངས་པ་ནི་རྟགས་མཆོག་དང་ལྡན་པའོ། །རྙེད་པས་ལེགས་པར་སྦྱངས་པ་ནི་ནན་གྱིས་ལེན་པ་ལ་སོགས་པ་དང་བྲལ་བའོ། །བསམ་པས་ལེགས་པར་སྦྱངས་པ་ནི་ཆགས་པ་དང་བྲལ་བ་དང་རྣམ་པར་འཚེ་བ་དང་བྲལ་བ་ཞེས་བྱ་བ་ལ་སོགས་པའི་བར་དུའོ། །ཐབས་ཀྱིས་ལེགས་པར་ སྦྱངས་པ་ནི་གང་གིས་གསང་བ་བདག་ཉིད་ལེགས་པར་རྙེད་པའོ། །སྔགས་དང་རྒྱུད་ཀྱིས་ལེགས་པར་སྦྱངས་པ་ནི་གང་གི་བདག་ཉིད་དེ་ལས་གཞན་དུ་ཉེ་བར་བྱས་པའོ། །ཀུན་དུ་ཚོགས་པས་ལེགས་པར་སྦྱངས་པ་ནི་དད་པ་ལ་སོགས་པ་དང་ལྡན་པའོ། །ལེགས་པར་སྦྱངས་པ་ཞེས་བྱ་ བ་ཡང་གང་ཞིག་ཡིན་ཞེ་ན། ལེགས་པར་སྦྱངས་པ་ནི་འདིར་སྐྱོན་མེད་པ་ཉིད་དེ། གང་གིས་གང་དུ་ཉེ་བར་གནས་པ་དེའི་ཕྱིར་དེ་ལ་དེ་སྐད་ཅེས་བྱའོ། །བྷ་ག་ཞེས་བྱ་བ་ཡང་གང་ཡིན་ཞེ་ན། ལེགས་སྦྱངས་པདྨ་བྷ་ག་ཡིན། །ཞེས་པ་བཙུན་མོ་དམ་པར་གྱུར་པ་གང་ཡིན་པ་དེའི་པདྨ་སྟེ་ ཡོངས་སུ་དག་པར་གྱུར་པ་དང་གང་དུ་ཀུན་དུ་གནས་པར་འགྱུར་བ་དང་། ཉེ་བར་འཇོམས་པར་འགྱུར་བ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །བཞུགས་སོ་ཞེས་བྱ་བའི་ཐ་ཚིག་གི་དོན་ཇི་ལྟར་གཞག་ཅེ་ན། བཞུགས་པ་རྡོ་རྗེ་འཛིན་པ་དེར། །ཐིག་ལེའི་གཟུགས་ཀྱིས་གནས་པའོ། །ཞེས་གསུངས་ཏེ་རྡོ་རྗེ་ འཛིན་པ་ཡང་ཐིག་ལེའི་གཟུགས་ཉིད་དོ། །འདི་སྐད་དུ་སྟོན་ཏེ། གང་གིས་ཐབས་དང་ཤེས་རབ་གཉིས་སུ་མེད་པར་སྙོམས་པར་ཞུགས་ཏེ། བྱང་ཆུབ་ཀྱི་སེམས་བཙུན་མོའི་བྷ་ག་ལ་གནས་པའོ། །ཡང་ན་གང་གིས་གང་ཞིག་གང་དང་གང་དུ་འགྲུབ་པའི་ཕྱིར་དེ་ལ་དེ་སྐད་ཅེས་བྱའོ། །འདི་དག་ གིས་ཉེ་བར་བཤད་པ་འདིར་བཤད་པ་ནི་སྤྱིའི་དོན་གྱི་སྐབས་འདིར་ཞེས་བྱའོ། །ཆ་གཉིས་པ་ནི་དགུ་པ་ཉིད་ཀྱིས་བཤད། །ཅེས་བྱ་བ་ལ་སོགས་པ་ལ། ཆ་གཉིས་པ་ནི། ཨ་དང་ཨུའོ། །དགུ་པ་ནི་ཨོའོ། །འདི་དག་ལ་གང་གིས་ཡི་གེ་དང་ལྡན་པ་ནི་ཨོཾ་ཞེས་བྱ་བར་འགྱུར་རོ། །སུམ་ ཅུ་པ་ནི་དའོ། །བཅུ་པ་ནི་ཧ་སྟེ་གང་གིས་གང་གི་དོན་དུ་གནས་པ་ཉིད་དོ། །ཡང་ན་སུམ་ཅུ་པ་ནི་ཀྵ་སྟེ། ཆ་གཉིས་པོ་ནི་ཀྵའོ། །དགུ་པ་ནི་དེ་ཉིད་དོ། །བཅུ་པ་ནི་ལའོ། །ལྔ་པ་ནི་ཧའོ། །ཆ་གཉིས་པ་ནི་ཨ་ཨཱ་ཞེས་པ་སྟེ། དེས་དེ་ལྟར་འགྱུར་རོ། །དྲུག་པ་ནི་ཨཱུ་སྟེ། གང་ལ་གང་གིས་ཉེ་བར་ མཛེས་པའོ། །བཅོམ་ལྡན་འདས་ཀྱིས་ཀྱང་ཟབ་པ་དང་མི་ཟབ་པ་གཉིས་ལ་དགོངས་ནས་གསུངས་པར་རིག་པར་བྱའོ། །གང་གིས་འདི་དང་བཅས་པ་དང་ལྡན་པ་ལས་འདིར་གཅིག་གཟུང་བར་བྱའོ། །འདི་དག་ལ་ཡང་ཅིའི་ཕྱིར་སྤྱི་ཞེས་བྱ་ཞེ་ན། གོང་དུ་བཤད་པ་བཞིན་དུ་རིག་པར་ བྱའོ། །སྦས་པའི་དོན་དུ་བཤད་པ་རྒྱས་པར་འདོད་ནས་གསུངས་པ། ལུང་གིས་བཤད་པ་ཞེས་པ་ནི་རིགས་པ་དང་བྲལ་ཞིང་རྟོག་གེ་པ་རྣམས་ཀྱི་ཡུལ་མ་ཡིན་པའི་ཕྱིར་རོ། །ཨེ་ནི་ཤེས་རབ་དམ་པ་སྟེ། །ཞེས་པ་ནི་ཨེ་ནི་ཤེས་རབ་སྣང་བའི་མཚན་ཉིད་དོ། །འདི་ཅིའི་ཕྱིར་བཤད་སྙམ་པ་ ལ། གང་གིས་སེམས་ལ་དམིགས་པ་ལ་སོགས་པ་གང་ཞིག་ཡོངས་སུ་གསལ་བར་བྱ་བའི་ཕྱིར་རོ། །གང་ཡང་སྦས་པ་གསུམ་པོ་ཉིད་འདིས་རྟོགས་པར་བྱ་བའི་ཕྱིར་ཡང་འདི་དག་རྒྱས་པར་འཆད་པར་འགྱུར་རོ། །དེ་བས་ན་གང་གིས་གང་གི་དོན་དུ་གང་ཞིག་བྱེད་པ་དེས་ནི་དེའི་ དེ་དག་ཡོངས་སུ་རྫོགས་པར་འགྱུར་རོ། །བདག་ཉིད་དམ་པ་ཡོངས་སུ་རྫོགས་པར་འདོད་པ་དེས་ཀྱང་འདི་ལ་བརྟེན་ནས་འདི་དག་ཡོངས་སུ་རྫོགས་པར་འགྱུར་རོ། །སྣང་བའི་བྲལ་ཚུལ་དང་རང་བཞིན་གང་ཞེ་ན། འདོད་ཆགས་བྲལ་སོགས་ཞེས་པ་འདོད་ཆགས་ བྲལ་བ་དང་འདོད་ཆགས་དང་བྲལ་བ་བར་མ་དང་། ཤིན་ཏུ་འདོད་ཆགས་དང་བྲལ་བ་དང་། གང་ཡིད་ཀྱིས་འགྲོ་བ་དང་འོང་བ་དང་། མྱ་ངན་དང་མྱ་ངན་བར་མ་དང་། ཤིན་ཏུ་མྱ་ངན་དུ་གྱུར་པ་དང་། ཞི་བ་དང་རྣམ་པར་རྟོག་པ་དང་། འཇིགས་པ་དང་འཇིགས་པ་བར་མ་དང་། ཤིན་ཏུ་ འཇིགས་པ་དང་། སྲེད་པ་དང་། སྲེད་པ་བར་མ་དང་། ཤིན་ཏུ་སྲེད་པ་དང་། ཉེ་བར་ལེན་པ་དང་། མི་དགེ་བ་དང་། བཀྲེས་པ་དང་། སྐོམ་པ་དང་། ཚོར་བ་དང་། ཚོར་བ་བར་མ་དང་། ཤིན་ཏུ་ཚོར་བ་དང་། རིག་པ་པོ་དང་། རིག་པ་དང་། རིག་པ་འཛིན་པའི་གཞི་དང་། སོ་སོར་ རྟོག་པ་དང་། ངོ་ཚ་ཤེས་པ་དང་། སྙིང་རྗེ་བ་དང་། སྙིང་བརྩེ་བ་དང་། བརྩེ་བ་བར་མ་དང་། ཤིན་ཏུ་བརྩེ་བ་དང་། དོགས་པ་དང་བཅས་པ་དང་། སྡུད་པ་དང་། ཕྲག་དོག་སྟེ་འདི་དག་ནི་སྣང་བའི་རང་བཞིན་ནོ། །དེ་ཡང་གང་ཞེ་ན། འདོད་ཆགས་དང་བྲལ་བ་ནི་ཡིད་དུ་འོང་བ་མཐོང་བ་ལ་ མ་ཆགས་པའོ། །བར་མ་ལ་སོགས་པ་ནི་ཅི་རིགས་པའོ། །ཡིད་ཀྱིས་འགྲོ་བ་དང་འོང་བ་གང་ཡིན་ཞེ་ན། འགྲོ་བ་དང་འོང་བ་ལ་སེམས་རྣམ་པར་གཡོ་བའོ། །མྱ་ངན་གང་ཞེ་ན། སྡུག་པ་དང་བྲལ་བར་གྱུར་ནས་སེམས་ཤིན་ཏུ་གདུང་བའོ། །འདི་ཡང་ཅི་རིགས་སུ་སྦྱར་རོ། །ཞི་བ་གང་ ཞེ་ན། སེམས་གཡེང་བ་དང་བྲལ་བའོ། །རྣམ་པར་རྟོག་པ་གང་ཞེ་ན་སེམས་པ་དང་ཤེས་རབ་རྩིང་བའོ། །འཇིགས་པ་གང་ཞེ་ན་ཡིད་དུ་མི་འོང་བ་དང་ཕྲད་ནས་སེམས་སྐྲག་པའོ། །འདི་ལ་ཡང་ཅི་རིགས་སུ་སྦྱར་རོ། །སྲིད་པ་གང་ཞེ་ན། ཕན་འདོགས་པ་དང་ཡིད་དུ་འོང་བ་ལ་ཞེན་ པའི་བདེ་བའི་ཚོར་བ་ལས་བྱུང་བའོ། །འདི་ཡང་ཡུལ་གྱི་བྱེ་བྲག་ལས་ཅི་རིགས་སུ་སྦྱར་རོ། །ཉེ་བར་ལེན་པ་གང་ཞེ་ན། གཞན་གྱི་ནོར་དང་ཡོ་བྱད་ལ་སོགས་པ་གང་ཡིད་ཀྱིས་ལེན་པ་སྟེ་སྲེད་པ་ལས་བྱུང་བའོ། །མི་དགེ་བ་གང་ཞེ་ན་འདོད་ཆགས་ལ་སོགས་པ་དང་། དེ་དང་མཚུངས་པར་ ལྡན་པའི་ལུས་ངག་གི་ལས་སོ། །བཀྲེས་པ་གང་ཞེ་ན་རྒྱུད་པས་ཟས་འདོད་པའོ། །སྐོམ་པ་གང་ཞེ་ན། ཡོངས་སུ་གདུང་བས་སྐོམ་འདོད་པའོ། །ཚོར་བ་གང་ཞེ་ན། བདེ་བ་དང་སྡུག་བསྔལ་བ་དང་གཉི་ག་དང་བྲལ་བའི་རྣམ་པ་ཡོངས་སུ་མྱོང་བའོ། །རིག་པ་པོ་གང་ཞེ་ན། གང་གིས་གང་ གི་རྣམ་པ་འཛིན་པའི་ཤེས་པའོ། །རིག་པ་འཛིན་པ་གང་ཞེ་ན་གང་ཞིག་