Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 30

Văn bản gốc(Tây Tạng)

Trang 15 / 15 (50.000 ký tự/trang)
་ལ་དམིགས་པ་དང་། རྡོ་རྗེ་འཆང་ཆེན་པོ་བསྐྱེད་པ་དང་། སྔགས་ཀྱིས་བྱིན་གྱིས་བརླབ་པ་དང་། ཕུང་པོ་ལ་སོགས་པ་དག་པ་དང་། སྐུ་གསུང་ཐུགས་བྱིན་གྱིས་བརླབ་པ་དང་། སེམས་དཔའ་སུམ་བརྩེགས་བསྒོམ་པ་དང་། རྡོ་རྗེ་པདྨ་འདུས་
བྱས་ཏེ་བྱིན་གྱིས་བརླབ་པ་དང་། རྗེས་སུ་ཆགས་པ་དང་། མཆོད་པའི་སྔགས་དང་། ནང་གི་དཀྱིལ་འཁོར་དང་། ཕྱུང་བའི་དཀྱིལ་འཁོར་དང་། ངག་གི་བཟླས་པ་དང་། རྡོ་རྗེའི་བཟླས་པ་དང་། དོན་དམ་པ་ཞུགས་པ་དང་། བསྐུལ་བ་དང་། བསྟོད་པ་དང་། ཉེ་བར་བསྡུ་བ་དང་།
སྔགས་ལ་མཆོག་ཏུ་གཞོལ་བའི་ལས་དང་། ནང་ལ་མཆོག་ཏུ་གཞོལ་བའི་ལས་དང་། ཁ་ཟས་ཀྱི་བསམ་གཏན་དང་། ཐུན་མོང་གི་དངོས་གྲུབ་བརྒྱད་བསྒྲུབ་པ་རྣམས་ནི་བསྐྱེད་པའི་རིམ་པའོ། །དེ་བཞིན་རྫོགས་པའི་རིམ་པའོ། །ཞེས་པ་ནི་སྔགས་ཀྱི་དེ་ཁོ་ན་ཉིད་དང་།
ཕྱག་རྒྱའི་དེ་ཁོ་ན་ཉིད་དང་། བདག་གི་དེ་ཁོ་ན་ཉིད་དང་། ཡེ་ཤེས་ཀྱི་དེ་ཁོ་ན་ཉིད་དོ། །སྒྲུབ་པ་ཡིན་ཞེས་པ་ནི། དཀྱིལ་འཁོར་བྲིས་པ་ལས་ཀྱི་ཚོགས་དང་། གྲུབ་པ་བརྒྱད་དང་། སངས་རྒྱས་ཉིད་སྒྲུབ་པའོ། །ནན་ཏན་ཞེས་པ་ནི་མངོན་པར་འདོད་པའི་དངོས་གྲུབ་མངོན་དུ་
བྱ་བའི་ཕྱིར། ཕྱི་དང་ནང་གི་བདག་ཉིད་ཅན་གྱི་རང་གི་ལྷ་ལ་སྙིང་པོ་བསྐུལ་བའོ། །དེ་བཞིན་ཞེས་པ་ནི། རྩ་བའི་རྒྱུད་ལེའུ་ལྔ་པ་དང་། བདུན་པ་དང་། དགུ་པ་དང་། བཅུ་བདུན་པའོ། །དམ་ཚིག་སྡོམ་པ་ནི། རྣལ་འབྱོར་གྱི་སྤྱོད་པ་དང་། རྨད་དུ་བྱུང་བའི་སྤྱོད་པ་དང་།

དམ་ཚིག་དང་སྡོམ་པ་རྣམས། སྔར་ནི་དེ་ཀུན་རྒྱས་པར་ནི། །རིམ་པའི་དབྱེ་བས་ཕྱེ་བ་ཡིན། །ཞེས་པ་ནི། སྔར་རྩ་བའི་ལེའུ་དེ་དག་ཏུ་གསལ་བར་བཤད་པའོ། །འདི་སྐད་སྟོན་ཏེ། རྒྱུད་ཀྱི་སྡོམ་ནི། བསྐྱེད་པའི་རིམ་པ་དང་། རྫོགས་པའི་རིམ་པ་དང་། དཀྱིལ་འཁོར་
དུ་སྒྲུབ་པ་དང་། ནན་ཏན་གྱིས་སྙིང་པོ་བསྐུལ་བ་དང་། རྣལ་འབྱོར་གྱི་སྤྱོད་པ་དང་། རྨད་དུ་བྱུང་བའི་སྤྱོད་པ་དང་། དམ་ཚིག་དང་། སྡོམ་པ་རྣམས་ཀྱི་རིམ་པའི་དབྱེ་བས་ཕྱེ་བ་དེ་རྣམས་སྔར་རྩ་བའི་རྒྱུད་དུ་བསྟན་པ་ཡིན་ནོ་ཞེས་པ་ནི། རྒྱུད་ཀྱི་དོན་བསྡུས་པའི་སྡོམ་ཡིན་ནོ། །
འདོད་ཆགས་ཞེ་སྡང་གཏི་མུག་གསུམ་གྱི་བསམ་གཏན་བསྟན་པའི་ཕྱིར། གཟུགས་དང་སྒྲ་སོགས་འདོད་པ་ནི། །ཞེས་པ་ལ་སོགས་པ་གསུངས་ཏེ། བདེ་བ་ནི་འདོད་ཆགས་སོ། །སྡུག་བསྔལ་ནི་ཞེ་སྡང་ངོ་། །འདོད་པ་དེ་རྣམས་དམ་ཚིག་མཚུངས། །ཞེས་པ་ནི། ཐམས་
ཅད་སྟོང་པ་འོད་གསལ་བར་དང་དམ་ཚིག་གསུངས་ཞེས་པའོ། །ད་ནི་རྣམ་པ་བདེན་པ་དང་། རྣམ་པ་བརྫུན་པ་དང་གཉིས་བསྟན་པའི་ཕྱིར། རྣམ་བཅས་དང་ནི་རྣམ་པ་མེད། །ཅེས་པའོ། །ཡི་གེ་གསུམ་ནི་ཨོཾ་ཨཱཿཧཱུཾ་གསུམ་མོ། །ས་གསུམ་ནི་སྐུ་གསུངས་ཐུགས་སོ། །
གསང་བ་དག་པ་ཞེས་པ་ནི་རིགས་གསུམ་མོ། །དེ་ལྟར་གསུམ་གྱིས་ཏིང་ངེ་འཛིན་མདོར་བསྟན་ནས། ད་ནི་དེ་དག་ཉིད་རྒྱས་པས་བཤད་པའི་ཕྱིར། ཞེ་སྡང་སྦྱོར་བས་རྣལ་འབྱོར་པ། །ཞེས་བྱ་བ་ལ། རྡོ་རྗེ་འཆང་ཆེན་པོ་ཡོངས་སུ་གྱུར་པ་ལས་མི་བསྐྱོད་པ་བསྐྱེད་
ན། །རྡོ་རྗེ་ལ་སོགས་པ་ཕྱག་ཏུ་བསྒོམས་ནས། དཀྱིལ་འཁོར་པ་རྣམས་བསྐྱེད་དེ། ཕྱག་གི་རྡོ་རྗེ་ལས་འོད་ཟེར་འཕྲོ་བ་བསྒོམས་ཏེ། དེ་དུས་གསུམ་དུ་བྱུང་བའི་དེ་བཞིན་གཤེགས་པ་དམིགས་ཏེ། དེས་ཕྱེ་མར་བརླགས་ཤིང་འཇིག་པར་འགྱུར་བ་སྟེ། དེ་ལྟ་བུའི་སྤྲོ་བ་དང་བསྡུ་
བ་དེས་ནི་ལས་ཀྱི་ཚོགས་དྲག་པོ་ནུས་པར་འགྱུར་ཞིང་། སེམས་ཀྱི་དབང་ཕྱུག་འཐོབ་པར་འགྱུར་རོ། །གཏི་མུག་སྦྱོར་བས་རྣལ་འབྱོར་པས། །གཏི་མུག་འཁོར་ལོ་བསྐྱེད་ནས་ནི། །ཞེས་པ་རྣམ་པར་སྣང་མཛད་དཀྱིལ་འཁོར་གྱི་གཙོ་བོར་བསྒོམས་ལ། མི་བསྐྱོད་པ་

ལ་སོགས་པའི་འཁོར་རྣམས་སྤྲོས་ཏེ། རྒྱན་རིན་པོ་ཆེ་ལ་སོགས་པ་གང་དང་གང་དེ་བཞིན་གཤེགས་པ་གང་དང་གང་མདོག་མཐུན་པ་དེ་དང་དེ་འདོན་ཞིང་བསྐུལ་བར་བྱའོ། །དེ་ལྟར་དེ་བཞིན་གཤེགས་པ་ཐམས་ཅད་ཡང་དག་པར་བཏང་ནས་སྒྲུབ་པ་པོས་འོད་ཟེར་
དཀར་པོ་ལ་སོགས་པའི་ཞགས་པས་མངོན་པར་འདོད་པའི་རིན་པོ་ཆེའི་རིགས་བཅིངས་ལ་མི་གཡོ་བར་བྱའོ། །དེ་ནས་རང་གི་ལྕེའི་པདྨ་ལས་བྱུང་བའི་ཡི་གེ་ཧྲིའི་ལྕགས་ཀྱུས་དྲངས་ནས་རང་གི་ཁྱིམ་དུ་གཞག་པར་བྱ་བའི་ཕྱིར། རིན་ཆེན་ཀུན་གྱིས་རབ་ཏུ་གང་། །ཞེས་པའོ། །དེ་སེར་
སྣའི་ཉོན་མོངས་པའི་དྲི་མ་རྣམ་པར་དག་པའི་ཕྱིར། གཏི་མུག་སེམས་ཀྱི་རྒྱ་མཚོ་བསྒོམ། །ཞེས་པའོ། །སྦྱིན་པའི་ཆར་ནི་རབ་ཏུ་འབེབས། །ཞེས་པ་ནི། དེ་ནས་ཕོངས་པ་རྣམས་ལ་སྦྱིན་པའི་ཆར་དབབ་ཅིང་སྦྱིན་པར་བྱའོ། །འདོད་ཆགས་འཁོར་ལོ་བསྐྱེད་ནས་ནི། །ཞེས་པ་ནི། རྡོ་རྗེ་
འཆང་ཆེན་པོ་ཡོངས་སུ་གྱུར་པ་ལས་འོད་དཔག་མེད་བསྐྱེད་ལ། དཀྱིལ་འཁོར་པའི་ལྷ་རྣམས་ཀྱི་གཞལ་ཡས་ཁང་གི་ནང་ཐམས་ཅད་དུ་དག་ཅིང་སྤྲོས་པའོ། །ལྷ་མོ་ཐམས་ཅད་ཕྲོགས་པས་སུ། །ཞེས་པ་ནི། དཀྱིལ་འཁོར་གྱི་ལྷ་ཡབ་ཡུམ་རྣམས་རྗེས་སུ་མཉེས་པ་ལ་སོགས་པ་
སྔོན་དུ་འགྲོ་བའི། རྡོ་རྗེ་དང་པདྨ་མཉམ་པར་སྦྱར་ལ་དགའ་བ་སྤྱད་ཅིང་། བདག་ཉིད་རོལ་པར་བྱ་བ་དག་གིས་སྐད་ཅིག་ཉེ་བར་སྤྱད་པར་བྱའོ། །དེ་ཡི་ཡོན་ཏན་བསྟན་པའི་ཕྱིར། །ཁམས་གསུམ་དག་དུ་འབྱུང་བ་ཡི། །ཞེས་པ་ལ་སོགས་པས་བསྟན་ཏོ། །ད་ནི་སྤྱོད་པ་དེ་སྤྱོད་པའི་
དགོས་པ་བསྟན་པའི་ཕྱིར། དཀྱིལ་འཁོར་དང་ནི་ཞེས་པ་ནི། བསྐྱེད་པའི་རིམ་པ་ཕྱུང་བའི་དཀྱིལ་འཁོར་དང་། རྫོགས་པའི་རིམ་པ་སྤྲོས་པའི་ཟུང་འཇུག་གི་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་རོ། །དབང་བསྐུར་དང་ཞེས་པ་ནི། གསང་བ་དང་། ཤེས་རབ་ཡེ་ཤེས་དང་། བཞི་པའོ། །
ལམ་མཆོག་ནི་ཚོགས་རྣམས་ཞེས་པ་ནི། ནང་ལ་མཆོག་ཏུ་གཞོལ་བའི་ཚོགས། གྲུབ་པའི་བགྲོད་པ་ཞེས་པ་ནི། དེ་རྣམས་ཕྱག་རྒྱ་ལ་བརྟེན་ནས་གྲུབ་པར་གྱུར་ཏོ། །དྲང་བའི་དོན་ཏོ། །ངེས་པའི་དོན་ནི་དགོངས་པ་ལུང་སྟོན་གྱི་ལེའུ་དགུ་པ་ལས་བཤད་དོ། །འདི་སྐད་སྟོན་པར་འགྱུར་

ཏེ། །ཞེ་སྡང་གི་དམ་ཚིག་ནི་མ་རིག་པ་འོད་གསལ་བར་འགྱུར་ཏེ། ཡེ་ཤེས་ཀྱི་རང་བཞིན་གྱི་སྐུར་གྱུར་པའོ། །གཏི་མུག་གི་དམ་ཚིག་ནི་རྫོགས་པའི་བྱང་ཆུབ་སྒྲུབ་པར་བྱེད་པའོ། །འདོད་ཆགས་ཀྱི་དམ་ཚིག་ནི་སྟོང་པ་བཞི་དང་མཉམ་པར་སྦྱར་ནས། བདེན་པ་གཉིས་ཀྱི་དབང་པོ་ཟུང་
འཇུག་དུ་སྦྱར་ནས་སྦྱོར་བའི་ཞེས་སྟོན་ཏོ། །རྡོ་རྗེ་དྲ་བ་རིན་ཆེན་འབྱུང་། །ཞེས་པ་ནི། རྡོ་རྗེ་འཆང་ཆེན་པོ་ཡོངས་སུ་གྱུར་པ་ལས། དཀོན་མཆོག་དཔལ་བསྒོམས་ལ། གཞལ་ཡས་ཁང་གི་ནང་དུ་དཀྱིལ་འཁོར་པས་གང་བར་སྤྲོ་སྟེ། བརྩེ་བ་མེད་པའི་རྩུབ་པའི་ངག་གིས་བསྡུས་པའི་དོན་ཐམས་
ཅད་འབྱུང་བའི་ཕྱིར་སྨྲ་བར་བྱ་སྟེ་དྲང་བའི་དོན་ཏོ། །ཕུང་པོ་ལ་སོགས་མེད་སྟོན་ཚིག །ཡང་དག་དོན་གྱི་བརྫུན་ངག་སོགས། །བརླབ་ན་བྱང་ཆུབ་འཐོབ་པར་འགྱུར། །ཞེས་བྱ་བ་སྟེ། དེ་བཞིན་གཤེགས་པའི་དོན་ཏོ། །རིན་ཆེན་བཞིན་དུ་དམ་ཚིག་ཅེས། །ཞེས་པ་ནི། རྡོ་རྗེ་
འཆང་ཆེན་པོ་ཡོངས་སུ་གྱུར་པ་ལས་དོན་ཡོད་གྲུབ་པ་བསྒོམས་ལ། དེའི་འོག་ཏུ་དཀྱིལ་འཁོར་ཐམས་ཅད་བསྒོམ་པར་བྱའོ། །དེ་ནས་སེམས་ཅན་ཐམས་ཅད་ཀྱང་། དེ་ཉིད་དུ་གནས་པར་བསྒོམ་ཞིང་། དེ་རྣམས་ལ་ཆོས་ཐམས་ཅད་སྒྱུ་མ་ལྟ་བུ་ཡིན་པས། ཆོས་ཐམས་ཅད་བརྫུན་
པའོ་ཞེས་རྡོ་རྗེའི་ཚིག་དོན་ལ་གནས་པ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་དང་སེམས་ཅན་ཐམས་ཅད་ལ་སླུ་བ་པོ་ལྟ་བུའི་ངོ་བོ་ཉིད་ཀྱིས་ཚིག་བརྗོད་པར་བསྒོམ་པ་ནི་དྲང་བའི་དོན་ཏོ། །གང་ཞིག་ཕྱི་ནང་བདག་ཉིད་ཆེ། །འདི་དག་ཐམས་ཅད་བརྫུན་པར་འདོད། །རྣམ་
རྟོག་འཆིང་ལས་གྲོལ་བྱང་ཆུབ། །འདི་ནི་དོན་ཡོད་དམ་ཚིག་གོ། །ཞེས་པ་ནི་ངེས་པའི་དོན་ཏོ། །དཀྱིལ་འཁོར་གྱི་དོན་བསྟན་པའི་ཕྱིར། བྷ་ག་དཀྱིལ་འཁོར་ཞེས་གྲགས་དང་། །ཞེས་པ་ནི། ནང་དུ་གནས་པ་དང་། ཕྱིར་ཕྱུང་བའི་དཀྱིལ་འཁོར་རོ། །བྱང་ཆུབ་སེམས་ཀྱི་དཀྱིལ་
འཁོར་རོ། །ཞེས་པ་ནི། དོན་དམ་པའི་དཀྱིལ་འཁོར་རོ། །ལུས་ཀྱི་དཀྱིལ་འཁོར་ཞེས་བྱ་དང་། །ཞེས་པ་ནི། སྐུའི་དཀྱིལ་འཁོར་ཏེ་རྡོ་རྗེ་འཆང་གི་སྐུ་ལ་ལྷ་སུམ་ཅུ་རྩ་གཉིས་བཀོད་པའོ། །ཕྱག་རྒྱ་དགོད་པའི་དོན་བསྟན་པའི་ཕྱིར། ཕུང་པོ་ཁམས་དང་སྐྱེ་མཆེད་རྣམས། །ཞེས་པ་ནི་

གོང་གི་ལུས་ཀྱི་དཀྱིལ་འཁོར་རྒྱས་པ་བསྟན་པའི་ཕྱིར། ལུས་ལ་ལྷ་དགོད་པ་དེ་ཉིད་ཕྱག་རྒྱ་དགོད་པ་ཞེས་བྱའོ། །ད་ནི་གོང་དུ་དཀྱིལ་འཁོར་གྱི་ལྷ་བསྟན་པ་དེ་རྣམས་དཀྱིལ་འཁོར་དུ་དགོད་པའི་ཕྱིར། ཕྱག་རྒྱ་བརྟན་དགོས་པའོ། །ལྷ་བཅུ་གསུམ་ནི་ལེའུ་བཞི་པར་
བསྟན་ལ། དེའི་ལྷག་མ་རྣམས་ཀྱི་ཕྱག་རྒྱ་བསྟན་པའི་ཕྱིར། ལྕགས་ཀྱུ་དབྱུག་ཏོ་ཞེས་པ་ལ་སོགས་པ་ཁྲོ་བོ་དྲུག་དང་། བྱང་ཆུབ་སེམས་དཔའ་བརྒྱད་དང་། ལྷ་མོ་ལྔ་དང་། ཡུམ་བཞི་རྣམས་ཀྱི་ཕྱག་རྒྱ་བསྟན་པ་ཡིན་ནོ། །མེ་ཏོག་ཅེས་པའི་དོན་བསྟན་པའི་ཕྱིར། ལྷ་མོ་དགུ་
དང་ཞེས་པ་ནི། སྲོག་ཅེས་པའི་རླུང་དང་། ཐུར་དུ་སེལ་བའི་རླུང་དང་། གྱེན་དུ་རྒྱུ་བའི་རླུང་དང་། རྒྱུ་བ་དང་། ཡང་དག་པར་རྒྱུ་བ་དང་། རབ་ཏུ་རྒྱུ་བ་དང་། ངེས་པར་རྒྱུ་བ་དང་། ཀུན་དུ་རྒྱུ་བའོ། །ནམ་མཁའི་ཁམས་ཞེས་པ་ནི་ཁྱབ་བྱེད་ཀྱི་རླུང་ངོ་། །སྐུ་གསུང་ཐུགས་ཞེས་པ་ནི། འཇུག་
པ་དང་། གནས་པ་དང་ལྡང་བའི་མཚན་ཉིད་ཀྱི་རླུང་ངོ་། །རིགས་ཀྱི་རིམ་པ་ཞེས་པ་ནི། དེ་ཉིད་ཡི་གེ་གསུམ་དུ་ཤེས་པར་བྱ་ཞིང་རིགས་གསུམ་གྱི་སྔགས་སྟོན་པར་རིག་པར་བྱའོ། །མཆོད་རྟེན་ཞེས་པའི་དོན་བསྟན་པའི་ཕྱིར། རིན་ཆེན་སྣ་བཞིའི་བདག་ཉིད་ཅན་གྱི་དཀྱིལ་འཁོར་གྱི་
གཞལ་ཡས་ཁང་ནི་མཆོད་རྟེན་དང་འདྲ་བས་ན་དེ་ཉིད་ལ། མཆོད་རྟེན་སངས་རྒྱས་ཐམས་ཅད་ཀྱི། །བཞུགས་གནས་ཕོ་བྲང་ཡིན་པར་བཤད། །ཅེས་བྱའོ། །ཡེ་ཤེས་འཁོར་ལོའི་དོན་བསྟན་པའི་ཕྱིར། ཡེ་ཤེས་སེམས་དཔའ་གང་རེག་པ། །ཞེས་པ་ནི། དེ་བཞིན་གཤེགས་པ་
ཐམས་ཅད་ཀྱི་འཁོར་ལོ་ཐུགས་ཀའི་ས་བོན་གྱི་འོད་ཟེར་གྱིས་ཡེ་ཤེས་དཀྱིལ་འཁོར་ལ་རེག་པར་བྱེད་པའོ། །དེ་ཉིད་ས་བོན་གང་ཡིན་པ་བསྟན་པའི་ཕྱིར། མི་འགྱུར་རྡོ་རྗེ་གསུམ་ཡི་གེ །ཞེས་པ་ནི། ཨོཾ་ཨཱཿཧཱུཾ་བསྟན་པ་ཡིན་ནོ། །བསྐུལ་བ་ལ་སོགས་པ་བཞི་བསྟན་པའི་ཕྱིར། སྐུ་
གསུང་ཐུགས་ཀྱི་དེ་ཉིད་ནི། ཡི་གེ་གསུམ་མོ། །སད་པར་བྱ་བ་ནི། རྡོ་རྗེ་འཆང་ཆེན་པོའི་བཀས་གསོལ་བ་གདབ་ཅིང་བསྐུལ་བར་བྱ་སྟེ། གཤིན་རྗེ་གཤེད་ཀྱིས་སོ། །ཕྱོགས་བཅུའི་འཇིག་རྟེན་ཁམས་རྣམས་སུ། །ཞེས་པ་ནི། དམ་ཚིག་དེ་ཉིད་ཀྱིས་དམ་པ་རྣམས་ལ་སྦྱར་ཞིང་

དམ་ཚིག་གི་དོན་སྒྲུབ་པ་ནི། བདུད་རྩི་འཁྱིལ་པ་དང་དམ་ཚིག་སྟོང་པའོ། །རྡོ་རྗེ་ཅན་ཀུན་སྤྱན་འདྲེན་པ། །ཞེས་པ་ནི། དམ་ཚིག་བོད་པ་སྟེ། དམ་ཚིག་དེ་ལས་བོད་ཅིང་མིང་དང་སྦྱར་ནས། གཞན་གྱིས་མི་ཐུབ་པས་དམ་ཚིག་ཏུ་བྱེད་པའོ། །རྡོ་རྗེ་ཅན་གྱི་གནས་དེ་ཡི། །ཞེས་པ་ནི། དམ་
ཚིག་འཆིང་བ་སྟེ་རྟ་མགྲིན་གྱིས་དེ་ལ་འཆིང་ཞིང་དྲག་པོས་ངེས་པར་སྦྱོར་ཏེ་བཅིངས་པའོ། །དབང་བསྐུར་བའི་དོན་བསྟན་པའི་ཕྱིར། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཡིས། །སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་དུ། །ཞེས་པ་ནི། རྣམ་པར་སྣང་མཛད་དང་། སྣང་བ་མཐའ་ཡས་དང་། མི་
བསྐྱོད་པའི་དཀྱིལ་འཁོར་རོ། །དབང་བསྐུར་དབྱེ་བ་རྣམ་གསུམ་མོ། །རྒྱུད་འདི་ལ་ནི་རབ་ཏུ་བརྟག །ཅེས་པ་ནི་བསྡུས་པའོ། །བུམ་པའི་དབང་བསྐུར་དང་པོ་སྟེ། །ཞེས་པ་ནི། རིག་པའི་དབང་བསྐུར་བྱིན་ནས་སློབ་དཔོན་གྱི་དབང་བསྐུར་བར་བྱ་སྟེ། དེ་ཡང་བླ་མའི་མན་ངག་
གིས། སློབ་མ་གཞུག་པའི་ཆོ་ག་སྔོན་དུ་འགྲོ་བས། བཅས་པའི་ལྷ་དེ་ཉིད་ཀྱི་མགོ་ལ་བཅིང་བ། གདོང་གཡོགས་བཀྲོལ་བ་སྟེ་དཀྱིལ་འཁོར་བསྟན་པ་དང་། བུམ་པ་ལ་མི་བསྐྱོད་པར་གྱུར་པས་ཁྲུས་བྱ་བ་དང་། དབུ་རྒྱན་ལ་རིན་ཆེན་འབྱུང་ལྡན་བསྒོམས་པས་དབང་བསྐུར་བ་དང་།
རྡོ་རྗེ་ལ་འོད་དཔག་མེད་དུ་བསྒོམས་པས་དབང་བསྐུར་བ་དང་། དྲིལ་བུ་ལ་དོན་ཡོད་གྲུབ་པར་བསྒོམས་པས་དབང་བསྐུར་བ་དང་། མེ་ལོང་བསྟན་པ་དང་། སྤྱི་བོར་རྣམ་པར་སྣང་མཛད་བསྒོམས་ལ་དབང་བསྐུར་བ་དང་། རིགས་ལྔའི་དམ་ཚིག་སྦྱིན་པ་དང་། སློབ་དཔོན་གྱི་དབང་
བསྐུར་བ་བྱས་ནས། སློབ་མ་དེ་ལ་དཀྱིལ་འཁོར་དང་། ལྷའི་དེ་ཁོ་ན་ཉིད་བསྟན་ཏེ། བརྟུལ་ཞུགས་དང་། ཤཱཀྱ་ཐུབ་པར་ལུང་བསྟན་པ་དང་། རྡོ་རྗེ་འཛིན་པས་དབུགས་དབྱུང་བ་དང་། རྗེས་སུ་གནང་བ་ལ་སོགས་ཏེ་དབང་དགུ་པོ་རྡོ་རྗེ་འཆང་ཆེན་པོར་སྤྲུལ་པའི་དཀྱིལ་འཁོར་དུ་རིག་
པའི་དབང་བསྐུར་པ་ནི་བུམ་པའི་དབང་གི་ཆོ་ག་ཡིན་ནོ། །གཉིས་པ་ལ་ནི་གསང་བའི་དབང་། །ཞེས་བྱ་བ་རྒྱས་པར་བསྟན་པའི་ཕྱིར། མིག་ཡངས་སྔགས་ཀྱི་སྣོད་དུ་རུང་། །ཞེས་པ་ལ་སོགས་པས་བསྟན་ཏེ། སྔགས་ཀྱི་སྣོད་དུ་རུང་བས་ཕྱག་རྒྱ་མོ་གཉིས་སུ་མེད་པའི་མིག་

ཡངས་པའོ། །མེ་ཏོག་ཅེས་པ་ནི་རང་བྱུང་བའོ། །ས་བོན་ཞེས་པ་ནི་ཁུ་བའོ། །གསང་བའི་དབང་ཞེས་པ་ནི། ཐབས་དང་ཤེས་རབ་ཀྱི་སྙོམས་པར་འཇུག་པའི་མཚན་ཉིད་ཀྱི་ཆོ་ག་འདི་ནི་དེ་ཁོ་ན་ཉིད་གསང་བའི་མཆོད་པ་ཞེས་བྱ་སྟེ། འདི་འདོད་ཆགས་དང་། འདོད་
ཆགས་དང་བྲལ་བ་དང་། འདོད་ཆགས་བར་མའི་རིགས་ཀྱི་ཉོན་མོངས་པའི་གནས་རྣམ་པར་དག་པ་མངོན་སུམ་དུ་བྱེད་པའི་ཕྱིར་རོ། །སྔགས་པ་ནི་སློབ་དཔོན་ནོ། །སློབ་མ་དག་ལ་སྦྱིན་ཞེས་པ་ནི་འོག་ནས་འབྱུང་བ་བཞིན་དུའོ། །ནམ་མཁའི་དབྱིངས་ཞེས་པ་ནི། སློབ་དཔོན་ཡབ་
ཡུམ་རྡོ་རྗེ་དང་པདྨའི་ནམ་མཁའི་ཁམས་སུ་ཕྲད་པ་ལས། དྲི་ཆུ་དང་ནི་རྐང་སྟེ་ས་བོན་དང་། ཡང་དག་ལྡན་ཞེས་པ། བདུད་རྩི་ཕྱི་མ་རྣམས་སྦྱར་བའོ། །འདི་སྐད་སྟོན་ཏོ། །སློབ་མས་བསྟབས་པའི་ཆོ་ག་བཞིན། མཛེས་པའི་ལུས་ལ་གནས་པ་ཇི་ལྟ་བ་བཞིན་དུ། ཨོཾ་ལ་སོགས་པའི་ས་བོན་རྣམས་ལ།
རྣམ་པར་སྣང་མཛད་ལ་སོགས་པའི་རིགས་ལྔར་བྱིན་གྱིས་བརླབ་པ་བྱས་ལ། སྙོམས་པར་འཇུག་པའི་ཆོ་གས་བྱང་ཆུབ་སེམས་དུང་ཕོར་ལ་སོགས་པར་བཞག་ལ། དྲི་ཆུ་དང་བསྲེས་ཏེ། བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་ལ་སོགས་པ་སྔོན་དུ་འགྲོ་བས་སློབ་མ་དབང་བསྐུར་བར་བྱ་སྟེ། བྱང་ཆུབ་
སེམས་ནི་རིན་ཆེན་འབར་ཕྱུང་བ། །མ་ལུས་རྒྱལ་བ་རྣམས་ཀྱིས་ལུས་སྐམས་ལ། །རྣམ་དག་རྡོ་རྗེ་ལས་བྱུང་ཡེ་ཤེས་ཆུ། །དྲི་མེད་རིན་ཆེན་སྤྱི་དབབ་དབང་བསྐུར་རོ། །སློབ་མས་ཀྱང་བྱང་ཆུབ་ལས་མི་གཡོ་བའི་བསམ་པས་བཟའ་བ་དང་། རང་གི་ལུས་ལ་གནས་པའི་དེ་བཞིན་གཤེགས་
པ་རྣམས་ཚིམ་པར་བྱའོ་ཞེས་བསམས་ནས་བཟའ་ཞེས་སྤྱད་པར་བྱ་སྟེ་མྱང་ངོ་། །བླ་མས་ཀྱང་སངས་རྒྱས་ཐམས་ཅད་མན་ངག་བླ་མ་བརྒྱུད་པ་ལས་འོངས་པ་སྒྱུ་མའི་དཔེ་བཅུ་གཉིས་ཉེ་བར་མཚོན་པ་ཀུན་རྫོབ་ཀྱི་མན་ངག་ཇི་ལྟ་བ་བཞིན་དུ་བསྟན་ཏོ། །དེ་ལྟར་གསང་བའི་དབང་བསྐུར་བ་བསྟན་ནས།
ད་ནི་མཆོག་ཏུ་གསང་བའི་དབང་བསྐུར་བ་བསྟན་པའི་ཕྱིར། རྡོ་རྗེ་པདྨ་སྦྱོར་བ་ཡིས། །རྡོ་རྗེ་ཅན་ཀུན་ཡང་དག་བསྡུ། །ཞེས་པ་ནི་རྡོ་རྗེ་ཧཱུཾ་ལས་སྐྱེས་པ་དང་། པདྨ་ཨ་ལས་བསྐྱེད་ནས། རྡོ་རྗེ་པདྨའི་མཚམས་སུ་འོད་ཟེར་སྤྲོས་ཏེ། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་འདུས་པ་ལྷ་སུམ་ཅུ་རྩ་གཉིས་རང་

གི་སྐུ་བཞིའི་དཀྱིལ་འཁོར་ལ་གནས་པ་རྣམས་རང་གི་སྙིང་གར་བསྡུས་ཏེ། ས་བོན་གྱི་གཟུགས་སུ་རྡོ་རྗེའི་ལམ་ནས་ཕྱུང་ལ་སློབ་མའི་ཁར་དབབ་པར་བྱའོ། །དབང་བསྐུར་བ་ཡི་གོ་འཕང་མཆོག །ཅེས་པ་ནི། མཆོག་ཏུ་འང་གསང་བའི་དབང་བསྐུར་བའི་ཆོ་ག་འདི་ཡིན་ཏེ། འདིའི་ཡོན་ཏན་
ནི་ལས་རྒྱལ་མཆོག་ཅེས་པ་ལ་སོགས་པས་སྟོན་ཏེ། དེ་ཡང་ཟླ་གསང་ཐིག་ལེ་ལས། །རྡོ་རྗེ་པདྨོ་ལས་དྲངས་པ། །སྦོམ་པོ་དང་ནི་དབང་གི་བླ། །རྡོ་རྗེ་ཅན་དུ་གཞག་བྱ་སྟེ། །རྟག་པ་དགའ་བ་བདེ་བ་ཆེ། །ཀྱེ་མ་དམ་ཚིག་འདི་བརྗོད་ཅིང་། །ཀྱེ་མ་རྡོ་རྗེ་བླང་བར་བྱ། །དེ་ནི་གསང་བ་ཞེས་བྱ་སྟེ། །
དབང་བསྐུར་བ་ཡི་ཐབས་མཆོག་གོ། །རྡོ་རྗེ་སློབ་དཔོན་བདག་ཉིད་ཆེ། །རང་གི་ཁར་ནི་རྡོ་རྗེ་བཞག །སེམས་དཔའ་ཆེན་པོས་དྲངས་བྱས་ན། །སེམས་ཀྱི་བྱང་ཆུབ་བདེ་བ་འཐོབ། །འདི་ནི་མཆོག་ཏུ་གསང་བ་སྟེ། །དབང་བསྐུར་བ་ཡི་བདེ་བའོ། །སློབ་མ་མི་ཤེས་པ་རྣམས་ལ། །འདི་དག་ཐམས་ཅད་
བསྒྲག་མི་བྱ། །རྡོ་རྗེ་སློབ་དཔོན་གྱིས་བྱ་བ། །ཡང་ནས་ཡང་དུ་བརྟགས་ཏེ་བྱ། །འདི་ཡིས་དབང་ནི་བསྐུར་མ་ཐག །སློབ་མ་ཚོགས་ཀྱི་བདག་པོར་འགྱུར། །སངས་རྒྱས་རྡོ་རྗེ་འཛིན་པ་ཡི། །སློབ་དཔོན་ཉིད་དུ་བདེ་བར་འགྱུར། །གཟུངས་མ་རྣམས་ཀྱི་དག་པའི་བདག །སངས་རྒྱས་
རྣམས་ཀྱི་རྡོ་རྗེར་བཤད། །མཁའ་ལ་འགྲོ་བའི་སྤྱོད་འགྱུར་ཏེ། །རི་དང་འགྲོ་བ་ཀུན་གྱི་བདག །དེས་ན་ཤེས་རབ་ཡེ་ཤེས་དབང་། །སློབ་མ་མཆོག་ལ་སྦྱིན་པར་བྱའོ། །ཞེས་འབྱུང་ངོ་། །དེ་ལྟར་གསང་བའི་དབང་བསྐུར་ནས། ད་ནི་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བའི་ཕྱིར། མཆོག་ཏུ་དད་
ཅིང་ཤེས་རབ་ཆེ། །ཞེས་པ་ལ་སོགས་པས་སྟོན་ཏེ། ཤེས་རབ་ཀྱི་མཚན་ཉིད་དད་པ་ཆེ་བ་དང་། ཤེས་རབ་ཆེ་བ་དང་། གཟུགས་བཟང་བ་དང་། སྒྲུབ་པ་པོ་ལ་མོས་པ་དང་། རྣལ་འབྱོར་ལ་གོམས་པ་དང་། དམ་ཚིག་ལྡན་པ་སྟེ་བླ་མ་ལ་དབུལ་སྟེ། བླ་མས་འོག་ནས་འབྱུང་བ་བཞིན་བྱིན་
གྱིས་བརླབས་ཏེ། སྒྲུབ་པ་པོ་ལ་འོག་ནས་འབྱུང་བའི་ཆོ་གས་སྦྱིན་པར་བྱའོ། །བྱིན་གྱིས་བརླབ་པའི་ཐབས་རྒྱས་པར་བསྟན་པ་ནི། རྨོངས་པས་བདག་ཉིད་གཏི་མུག་སྦྱར། །ཞེས་པ་ནི། རྣལ་འབྱོར་པས་གཏི་མུག་རྣམ་པར་སྣང་མཛད་དུ་བསྒོམས་ལ། རིག་མ་གཏི་མུག་དགའ་

མར་བྱིན་གྱིས་བརླབས་ལ། རྣམ་པར་སྣང་མཛད་ཀྱི་ཡེ་ཤེས་ཀྱི་རྒྱུན་ལ་གནས་པའི་དབང་བསྐུར་ན་རྣམ་པར་སྣང་མཛད་དུ་འགྱུར་རོ། །རིག་པའི་བརྟུལ་ཞུགས་བསྟན་པའི་ཕྱིར། སློབ་མ་ལ་ཤེས་རབ་སྦྱིན་པའི་ཆོ་ག་བསྟན་པ་ནི། རིག་པའི་ལྷ་མོ་དེ་ཉིད་ནི། །ཞེས་པ་ནི། གོང་དུ་བྱིན་
གྱིས་བརླབས་པའི་ཡུམ་གང་ཡང་རུང་བ་དེ་ཉིད་དོ། །ལག་པར་ཞེས་པ་ནི། སློབ་མའི་ལག་པར་རིག་མའི་ལག་པ་བཞག་ལ། སློབ་དཔོན་གྱི་ལག་པ་སློབ་མའི་མགོར་བཞག་ལ། སློབ་མ་ལ་བསྒོ་བའི་ཚིགས་སུ་བཅད་པ་ནི། ཐབས་གཞན་གྱིས་ནི་སངས་མི་རྒྱ། །ཞེས་པ་ལ་སོགས་པས་
བསྟན་ཏོ། །དེའི་དོན་ནི་འདི་སྐད་དེ། སློབ་མས་ཕྱིས་མངོན་པར་བྱང་ཆུབ་པ་དང་། ནང་གི་མངོན་པར་བྱང་ཆུབ་པའི་རིམ་གྱིས་འདོད་ཆགས་དང་། ཆགས་བྲལ་དང་། འདོད་ཆགས་བར་མའི་རིམ་གྱིས་འོད་གསལ་བའི་ཡེ་ཤེས་མངོན་དུ་བྱས་ལ་ཕྱག་རྒྱ་ཆེན་པོ་བསྒྲུབ་པར་བྱ་བ་ནི། ཤེས་རབ་
ཡེ་ཤེས་ཀྱི་དབང་ཐོབ་པར་བྱའོ། །བཞི་པ་ནི་བདག་གིས་མ་བཤད་དོ། །ད་ནི་བདུད་རྩི་ཟ་བའི་ཐབས་བསྟན་པའི་ཕྱིར། ཐ་མལ་ལུས་ཀྱི་ཆོས་ལ་ནི། །ཞེས་པ་ལ། རང་ལས་བྱུང་བའི་རྫས། བཤང་བ་དང་། གཅི་བ་དང་། ས་བོན་དང་། ཁྲག་དང་། མཆིལ་མ་ལྔ་པོ་རྣམས་ཡེ་ཤེས་ལྔར་བྱིན་གྱིས་
བརླབས་ལ་བཟའ་བར་བྱའོ། །སྦར་དང་དེ་བཞིན་བསྲེག་ཅེས་པ་ནི། ཡཾ་ལས་རླུང་གི་དཀྱིལ་འཁོར་གྱི་སྟེང་དུ། རཾ་ལས་མེའི་དཀྱིལ་འཁོར་བསམས་ཏེ། ཨ་ལས་པདྨ་ཀ་པཱ་ལར་བསྒོམ་མོ། །དེ་ནས་རླུང་གིས་མེ་འབར། མེས་བདུད་རྩི་བསྐོལ་བས་བདུད་རྩིའི་གཟུགས་སུ་བྱའོ། །རྡོ་རྗེ་
ཧཱུཾ་ལས་བྱུང་བ་ཞེས་པ། བར་སྣང་དུ་ཉི་མའི་སྟེང་དུ་ཧཱུཾ་ལས་རྡོ་རྗེ་རྩེ་ལྔ་པ་ཧཱུཾ་གིས་མཚན་པ་དང་། བདུད་རྩི་ཉིད་ཡི་གེ་ཨོཾ་གྱིས་མཚན་པར་བསྒོམས་ལ། ཨོཾ་གྱི་འོད་ཟེར་གྱིས་བསྡུས་པ་དང་། ཧཱུཾ་གི་འོད་ཟེར་གྱིས་བདུད་རྩིར་གྱུར་པའོ། །བདག་ཡབ་ཡུམ་གྱི་སྦྱོར་མཚམས་ལས་ཀྱང་འོད་ཟེར་དང་
མཚུངས་པ་སྤྲོས་པས་ཕྱོགས་བཅུའི་ཡེ་ཤེས་ཀྱི་བདུད་རྩི་ལྕགས་ཀྱུས་དྲངས་ནས་བདུད་རྩིར་བབ་པ་ལ་བཟའ་བར་བྱའོ། །བཟའ་བའི་སྦྱོར་བས་བཟའ་བར་བྱ། །ཞེས་པ་ནི། རང་གི་ལྷའི་རྣལ་འབྱོར་དང་ལྡན་པས་ལྐོག་མ་དང་མགྲིན་པ་སྦྱང་བ་བྱས་ལ། དཔའ་བོ་ལྔ་བསྟན་པའི་ཕྱིར།

བསྒྲུབ་བྱའི་དངོས་གྲུབ་ཆོ་ག་ཡིས། །ཞེས་པ་ནི། བདུད་རྩི་ལྔའི་ཆོ་ག་གོང་དུ་བསྟན། ཆོ་གས་དཔའ་བོ་ལྔ་སྟེ། ཤ་ལྔ་ཨོཾ་ཨཱཿཧཱུཾ་དུ་བསམས་ལ་བཟའ་བར་བྱའོ། །དངོས་གྲུབ་ཐ་མ་ལ་ཇི་ལྟ་བུ། །ཞེས་པ་ནི་དོན་བསྟན་པའི་ཕྱིར། མི་སྣང་བ་ལ་སོགས་པའི་དངོས་གྲུབ་ནི་ཞེས་པ་ལ་མི་སྣང་བ་དང་། མངོན་པར་ཤེས་
བ་དང་། རིག་འཛིན་དང་མངག་གཞུག་པ་དང་། ལས་ཀྱི་ཚོགས་རྣམས་ནི་ཐ་མལ་པའི་དངོས་གྲུབ་སྟེ། ལྷ་དང་མི་དང་གནོད་སྦྱིན་ལ་སོགས་པ་དང་ཐུན་མོང་དུ་གྱུར་པའོ། །བཤད་པའི་རྒྱུད་ལྷ་མོ་བཞིས་ཞུས་པ་ལས། རི་ལུ་མིག་སྨན་དངོས་གྲུབ་དང་། །ས་འོག་རལ་གྲིའི་དངོས་གྲུབ་དང་། །ནམ་
མཁར་འཕུར་དང་མིག་སྨན་དང་། །འཆི་བ་མེད་དང་ནད་འཇོམས་དང་། །གྲུབ་པ་བརྒྱད་ཅེས་གྲགས་པ་ཡིན། །ཞེས་བཤད་དོ། །དངོས་གྲུབ་མཆོག་བསྟན་པའི་ཕྱིར། སངས་རྒྱས་ཉིད་འགྲུབ་ཅེས་པ་ནི། ཕྱག་རྒྱ་ཆེན་པོའི་དངོས་གྲུབ་གཉིས་སུ་མེད་པའི་ཡེ་ཤེས་ཟུང་དུ་
འཇུག་པའི་མཚན་ཉིད་ཡན་ལག་ཉི་ཤུ་རྩ་གཅིག་དང་ལྡན་པ་དེ་ནི། སངས་རྒྱས་རྣམས་ཀྱི་དངོས་གྲུབ་མཆོག །ཅེས་བྱ་བའོ། །འབྲས་བུའི་རྒྱུད་མི་འཕྲོགས་པ་ཞེས་བྱ་བར་གསུངས་སོ་ཞེས་བཤད་དོ། །རྒྱུད་གསང་བ་འདུས་པ་ལ་ཐབས་ཀྱི་རྒྱུད་དུ་ཡོད་ཅེས་བྱ་བར་གྲགས་པའི་
ཕྱིར། ཐབས་ནི་རྣམ་པ་བཞི་པོ་དག །ཅེས་བྱ་བ་ལ། རྣལ་འབྱོར་རྒྱུད་ནི་ཐམས་ཅད་དུ། །ཞེས་བྱ་བ་ནི། གཉིས་སུ་མེད་པར་སྟོན་པའི་རྒྱུད་ཐམས་ཅད་དོ། །བསྙེན་པའི་ཆོ་ག་དང་པོ་སྟེ། །ཞེས་པ་ལ་སོགས་པ་ནི། བསྐྱེད་པའི་རིམ་པ་དང་། རྫོགས་པའི་རིམ་པ་གཉིས་ཀྱི་རྣལ་འབྱོར་
བསྙེན་སྒྲུབ་བཞིར་འདུས་པར་བྱང་སེམས་རྡོ་རྗེ་ཅན་གྱིས་གསུངས་སོ། །རིམ་པ་གཉིས་ཀྱི་ཚུལ་དུ་བསྙེན་སྒྲུབ་བཞི་རྒྱས་པར་བཤད་པའི་ཕྱིར། ཐུན་མོང་མཆོག་གི་བྱེ་བྲག་གིས། །བསྙེན་པ་རྣམ་པ་གཉིས་སུ་གསུངས། །ཞེས་པ་ལ། སྦྱོར་བ་བཞིའི་རིམ་གྱིས་རྡོ་རྗེ་སེམས་
དཔའ་མཉེས་པར་བྱ་བ་བསྐྱེད་པས་ཐུན་མོང་གི་དངོས་གྲུབ་སྒྲུབ་པར་བྱེད་པ་དང་། ཡན་ལག་དྲུག་གིས་རྡོ་རྗེ་འཆང་ཆེན་པོ་རྫོགས་པའི་རིམ་པ་བསྐྱེད་པས་མཆོག་གི་དངོས་གྲུབ་སྒྲུབ་པར་བྱེད་པས་གཉིས་སུ་འགྱུར་ཞེས་བྱའོ། །དེ་ལ་བསྐྱེད་པའི་རིམ་པ་བསྙེན་སྒྲུབ་

བཞི་དང་། རྫོགས་པའི་རིམ་པ་བསྙེན་སྒྲུབ་བཞིར་རྒྱུད་འདི་ལས་སྟོན་པ་ལ། དང་པོར་རྫོགས་པའི་བསྙེན་སྒྲུབ་བསྟན་ཏོ། །དང་པོར་བསྙེན་པ་ལ་གཉིས་ཏེ། ཐུན་མོང་གི་བསྙེན་པ་རྡོ་རྗེ་འཆང་གི་བཞི་དང་། མཆོག་གི་བསྙེན་པ་ཡེ་ཤེས་བདུད་རྩི་མཆོག་
སྟོན་པའོ། །རྡོ་རྗེ་བཞི་བསྟན་པའི་ཕྱིར། དང་པོ་སྟོང་ཉིད་བྱང་ཆུབ་སྟེ། །ཞེས་པ་ལ། དངོས་པོ་མེད་པར་བསྒོམ་པ་ལ་སོགས་པའི་སྟོང་པ་ཉིད་དུ་བསྒོམ་པ་དང་། ཡི་གེ་གསུམ་བཀོད་པ་ལ་སོགས་པའི་ཡི་གེ་བཀོད་པ་ཕྱག་རྒྱ་ཆེན་པོའི་གཟུགས་བསྐྱེད་ནས། སྐྱེ་མཆེད་ལ་ཡི་གེ་
བཀོད་པ་དང་། སྐུ་གསུང་ཐུགས་ཀྱི་ཡི་གེ་དང་། ཏིང་ངེ་འཛིན་སེམས་དཔའ་དང་། རིག་མའི་ལུས་དང་། རྡོ་རྗེ་པདྨའི་ཡི་གེ་དང་། འབྱིན་པའི་ཡི་གེ་ལ་སོགས་པས་ལྷ་རྣམས་བསྐྱེད་པ་སྟེ་དྲང་བའི་དོན་ཏོ། །མཆོག་གི་སྒྲུབ་པ་ལ་གནས་པ་རྣམས་ཀྱིས་ཀྱང་། རྡོ་རྗེ་རྣམ་
པ་བཞི་ནི་སྟོང་པ་ཉིད་རྣམ་པ་བཞི་ཡིན་ཏེ། དེས་བསྙེན་པ་བྱ་ཞིང་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་ཐོབ་པར་བྱ་བའི་ཕྱིར་འབད་པར་བྱའོ། །ཡེ་ཤེས་བདུད་རྩི་མཆོག་བསྟན་པའི་ཕྱིར། མཆོག་གི་ཡེ་ཤེས་བདུད་རྩི་ཉིད། །ཅེས་པ་ལ་སོགས་པས་བསྟན་ཏེ། མཆོག་
གི་ཡེ་ཤེས་ནི་འོད་གསལ་བའི་ཡེ་ཤེས་སོ། །བདུད་རྩི་ཉིད་ཅེས་པ་ནི་ས་བོན་གྱི་ཐིག་ལེས་བསྒྲུབ་པའོ། །དེའི་ཐབས་ནི་སྦྱོར་བ་ཡན་ལག་དྲུག་གིས་འགྲུབ་པར་འགྱུར་གྱི། གཞན་གྱིས་མི་འགྲུབ་ཅེས་སྟོན་ཏོ། །སྦྱོར་བ་ཡན་ལག་དྲུག་བསྟན་པའི་ཕྱིར། སོ་སོར་སྡུད་
དང་ཞེས་པ་སོགས་ནི་མདོར་བསྟན་པའོ། །རྒྱས་པར་བསྟན་པའི་ཕྱིར། དབང་པོ་བཅུ་པོ་རྣམས་ཞེས་བྱ་བ་ནི། དབང་པོ་ལྔ་དང་དབང་པོའི་ཡུལ་ཏེ། གཉིས་ཀ་ལ་དབང་པོ་ཞེས་བྱའོ། །རང་གི་འཇུག་གནས་ཞེས་བྱ་བ་ནི། དབང་པོ་བཅུའི་ཡུལ་དང་ཡུལ་ཅན་
རྣམས་ཀྱིས་གཟུང་བ་དང་འཛིན་པའི་རང་བཞིན་གྱིས་འཇུག་པའོ། །དེར་འཇུག་པས་ན་རང་གི་འཇུག་གནས་སོ། །ཐམས་ཅད་ཅེས་པ་ནི་དམན་པ་དང་བར་མ་དག་མཆོག་གི་བྱེ་བྲག་གིས་སོ། །འདོད་པས་ཞེས་པ་ནི། འདོད་ཅིང་ཆགས་པར་བྱ་བ་ཡིན་པས་ན་

འདོད་པས་ཏེ་གཟུགས་ལ་སོགས་པའོ། །སོ་སོར་སྡུད་པ་ནི་ཞེས་པ་ལ། དེ་རྣམས་ལ་དབང་པོ་རྣམས་ཀྱིས་གང་སོ་སོར་ཡང་དང་ཡང་དུ་སྡུད་ཅིང་ལེན་པས་ན་སོ་སོར་སྡུད་པ་ཞེས་བྱ་སྟེ། ཡན་ལག་དང་པོའི་བཤད་པའོ། །སོ་སོར་སྡུད་པ་རྣམ་པར་སྦྱང་བའི་ཆེད་དུ་ཡན་ལག་
གཉིས་པ་བསྟན་པའི་ཕྱིར། འདོད་པ་ལྔ་པོ་ཞེས་བྱ་བ་གསུངས་ཏེ། འདོད་པ་ལྔ་པོ་དབང་པོ་ལྔའི་ཡུལ་དུ་གྱུར་པ། གཟུགས་ལ་སོགས་པའོ། །མདོར་བསྡུ་ན་ཞེས་པ་ནི་དབང་པོ་ལྔ་དང་གཅིག་ཏུ་གྱུར་ནས་སོ། །སངས་རྒྱས་ལྔ་རུ་སྦྱོར་བ་ཡིས། །ཞེས་པ་ནི། མིག་ལ་
སོགས་པ་སྟེ། དེ་རྣམས་ཀྱི་སྦྱོར་བ་ནི་ཡང་དག་པར་སྦྱོར་བས་སངས་རྒྱས་ལྔ་རུ་སྦྱོར་བ་ཡིན་ཏེ། དེ་བས་ན་གཟུགས་ལ་སོགས་པ་རྣམས་ཀྱང་སངས་རྒྱས་ཡིན་ནོ། །བརྟག་པ་བསམ་གཏན་ཞེས་བཤད་དོ། །ཞེས་བཤད་དོ་ཞེས་པ་ནི། དེ་ལྟར་གྱུར་པའི་ཡོངས་སུ་
དག་པའི་བསམ་གཏན་ཞེས་བཤད་དོ། །དེ་ཡང་རྟོག་པ་ལ་སོགས་པའི་དབྱེ་བས་རྣམ་པ་ལྔ་རུ་འགྱུར་ཏེ། རྟོག་དང་ཞེས་པ་ལ་སོགས་པ་མདོར་བསྟན་པའོ། །རྒྱས་པར་དབྱེ་བ་བསྟན་པའི་ཕྱིར། གསང་བ་གསུམ་བྱུང་བརྟག་པ་སྟེ། །ཞེས་པ་ལ། གསང་བ་
གསུམ་ནི། དབང་པོ་ལྔ་དང་། ཡུལ་དང་དབང་པོའི་ཤེས་པ་ནི་གསང་བ་གསུམ་མོ། །བརྟག་པ་ནི་དབང་པོ་ལྔ་དང་། དབང་པོའི་ཤེས་པ་དང་། དེའི་ཡུལ་རྣམས་ནི། དེ་བཞིན་གཤེགས་པ་ལྔའི་བདག་ཉིད་ཡིན་ནོ་ཞེས་གང་བརྟག་པའོ། །དེ་ཡི་ལོངས་སྤྱོད་པའི་ཞེས་པ་ནི། དེ་ཉིད་
རྣམ་པར་སྤྱོད་པ་ནི་གནས་པ་ལ་སྤྱོད་པའོ། །དེ་ལྟར་སྤྱད་ནས་དེ་ཁོ་ན་ཉིད་ལ་འཇུག་པ་ལ་མངོན་པར་ཕྱོགས་པ་གང་ཡིན་པ་བདེ་བའི་མཚན་ཉིད་ཅན་གང་ཡིན་པ་དེ་ནི་དེ་དང་འདྲ་བའོ། །དེ་ཁོ་ན་ཉིད་ལ་མངོན་པར་ཞུགས་པས་ལུས་ཡོངས་སུ་དག་པ་ལ་སོགས་པའི་མཚན་ཉིད་
ཅན་གྱི་བདེ་བ་གང་ཐོབ་དེ་ནི་བདེ་བས་བསྡུས་པའོ། །དེ་ལྟར་སྦྱང་བ་ལ་སོགས་པ་རབ་ཀྱི་མཐར་སོན་པའི་ཕྱིར། ཤེས་དང་ཤེས་བྱ་བྱུང་ཟད་པའི། །ཞེས་པ་ལ། ཤེས་པ་ནི། མིག་ལ་སོགས་པ་དྲུག་གི་འཇུག་པའི་རྣམ་པར་ཤེས་པ་དང་། ཤེས་བྱ་སྟེ། གཟུགས་ལ་སོགས་པ་ནས།

ཆོས་ཀྱི་ཁམས་ཀྱི་བར་དུ་བྱུང་བ་ནི་ཤེས་བྱ་ཤེས་པ་ལས་བྱུང་བའོ། །ཟད་པའོ་ཞེས་པ་ནི་སེམས་ཀྱིས་གཟུང་བ་དང་འཛིན་པ་སྟོང་པ་ཉིད་དེ། དེ་བས་ན་ཡེ་ཤེས་མཚན་ཉིད་སེམས་རྩེ་གཅིག་པ་ལ་ནི་རང་སེམས་རྣམ་པར་ཤེས་པར་བྱ་གསུངས་སོ། །དེ་ལྟ་བུའི་
སེམས་ནི། སངས་རྒྱས་ཀུན་དངོས་བཞི་པ་ནི། །ཞེས་པ་ལ། སྣང་བ་ཙམ་དང་། ཐམས་ཅད་སྟོང་པར་གཅིག་པར་མཐར་ཐུག་པར་འགྱུར་ཏེ། ཡན་ལག་གཉིས་པའི་དབྱེ་བ་རྣམ་པ་ལྔའོ། །རྡོ་རྗེ་བཟླས་པ་བསྟན་པའི་ཕྱིར། ཡེ་ཤེས་ལྔ་ཡི་རང་བཞིན་དབུགས། །ཞེས་པ་ལ་སོགས་པ་
གསུངས་ཏེ། མེ་ལོང་ལྟ་བུ་ལ་སོགས་པ་ཡེ་ཤེས་ལྔའི་རང་གི་དབུགས་ཏེ། དེ་ཉིད་གཡས་པ་མེ་ལོང་ལ་སོགས་པ་ཡིན་པས་ན། འབྱུང་བ་ལྔ་ཡི་ངོ་བོ་ཉིད། །ཅེས་གསུངས་སོ། །གོང་བུའི་གཟུགས་ཀྱིས་ཕྱུང་ཞེས་པ་ནི། ཡང་དེ་ཉིད་ལ་སོགས་པའི་བདག་ཉིད་ཅན་རང་རང་གི་
རྡོ་རྗེའི་བུ་ག་ལས་ཕྱུང་པདྨའི་སྣའི་རྩེ་མོར་གོང་བུའི་གཟུགས་ཀྱིས་ཏེ། བྱང་ཆུབ་སེམས་ཐིག་ལེའི་གཟུགས་ཀྱིས་བསྒོམ་པར་བྱའོ། །རིན་ཆེན་ཁ་དོག་སྣ་ལྔ་པ། །ཞེས་པ་ནི། དེ་ཉིད་གྱེན་དུ་འགྲོ་བའི་དབུགས་ནི་ཁ་དོག་ལྔ་སྟེ། དེ་བཞིན་གཤེགས་པ་ལྔའི་བདག་ཉིད་ཅན་ནོ། །དེ་ཉིད་ཀྱིས་
རིན་པོ་ཆེའི་སྲོག་དང་རྩོལ་བ་ཞེས་པ་ནི། རང་གི་སྙིང་གའི་པདྨ་ལས་ཨ་ཐུང་ངུ་བསམས་ཏེ། སྲོག་ནི་ཐིག་ལེར་གྱུར་པར་གཞག །ཅེས་པ་ནི། མི་ཤིགས་པར་རྟོག་པར་བཀོད་པ་སྟེ། ཡན་ལག་བཞི་པའོ། །རང་དབང་ཞེས་པ་ནི་རང་གི་གཟུགས་ལ་སོགས་པའོ། །དབང་པོ་ནི་མིག་
ལ་སོགས་པའོ། །དེ་ལ་དབང་པོ་གཉིས་དགག་ཅིང་ངེས་པར་དེའི་རླུང་ཐིམ་ནས་སོ། །རིན་ཆེན་དགག་ཅེས་པ་ནི། དེའི་འོག་ཏུ་ཡུལ་དང་དབང་པོའི་རྟེན་དུ་གྱུར་པའི་རིན་པོ་ཆེ་སྟེ། སེམས་ཀྱི་རིན་པོ་ཆེ་སྲོག་དང་རྩོལ་བ་དང་བཅས་པར་བཀག་ཅིང་ནུབ་པར་གྱུར་པའི་གཟུང་བ་
གང་ཡིན་པ་དེ་ནི་འཛིན་པར་བཤད། དེ་གང་ཡིན་ཞེ་ན། ཡང་དག་པའི་མཐའ་སྟེ། དེ་དག་ནི་འཛིན་པ་ཞེས་བྱ་བའི་ཡན་ལག་བཞི་བསྟན་པའོ། །སེམས་ནི་འགོག་པའི་རྡོ་རྗེར་འགྱུར། །ཞེས་པ་ནི། འགོག་པའི་རྡོ་རྗེ་ནི་འོད་གསལ་བའོ། །དེར་གྱུར་པ་ནི་སེམས་དེར་གྱུར་པའོ། །མཚན་

མ་ཉེར་འཛིན་འབྱུང་བར་འགྱུར། །ཞེས་པ་ནི་མཚན་མ་རྣམས་ནི་ཉེར་འཛིན་པ་ནི། མཚན་མ་ཉེ་བར་འཛིན་ཏེ། མཚན་མར་སྣང་བའོ། །འབྱུང་བར་འགྱུར་བ་ནི་སྐྱེ་བར་འགྱུར་བའོ། །མཚན་མའི་ཁམས་ནི་རྣམ་པ་ལྔར། །བྱང་ཆུབ་རྡོ་རྗེས་གསུངས་པ་ཡིན། ས་ཆུ་ལ་ཐིམ་པར་གྱུར་པ་ལས་
སྨིག་རྒྱུ་འདྲ་བར་གྱུར་པ་ནི་མཚན་མ་དང་པོའོ། །དེ་བཞིན་དུ་ཆུ་མེ་ལ་ཐིམ་པར་གྱུར་པ་ལས་དུ་བ་ལྟ་བུ་སྟེ་གཉིས་པའོ། །མེ་རླུང་ལ་ཐིམ་པར་གྱུར་པ་ལས་ནམ་མཁའ་སྣང་བར་གྱུར་པ་ལྟ་བུ་སྟེ་གསུམ་པའོ། །ཁམས་ཕྲ་བ་ཀུན་ཏུ་སྣང་བ་གསུམ་དུ་ཡོད་པ་ལས་མར་མེ་ལྟར་སྣང་བའི་
ཚོགས་ཀྱི་ངོ་བོ་ཉིད་ནི་བཞི་པའོ། །རང་གཞན་ཀུན་དུ་སྣང་བ་ལ་ཐིམ་པར་གྱུར་པ་ལས། སྤྲིན་མེད་ནམ་མཁའི་རང་བཞིན་རྟག་ཏུ་སྣང་བ་འོད་གསལ་ཙམ་དུ་གྱུར་པ་ནི་ལྔ་པའོ། །མཚན་མ་ལྔ་པོ་དེ་དག་གིས་ནི་མྱ་ངན་ལས་འདས་པ་ཐོབ་པར་འགྱུར་རོ། །དེ་སྐད་དུ་ལས་ཀྱི་མཐའ་རྣམ་པར་
འབྱེད་པ་ལས། ས་ནི་དང་པོ་ཆུ་ལ་ཐིམ། །ཆུ་ནི་མེ་ལ་ཐིམ་པར་གྱུར། །མེ་ནི་རླུང་ལ་ཐིམ་པར་གྱུར། །རླུང་ཡང་རྣམ་པར་ཤེས་ལ་འཇུག །རྣམ་ཤེས་གཟུང་བ་དེ་ཉིད་ནི། །འོད་གསལ་བར་ཡང་འཇུག་པ་ཡིན། །ཞེས་གསུངས་སོ། །རྗེས་སུ་དྲན་པ་བསྟན་པའི་ཕྱིར། བརྟན་པར་གྱུར་ཅིང་རྣམ་པར་དག་པར་གྱུར་
ནས་སོ། །རྡོ་རྗེའི་ལམ་ནས་འདས་པར་མི་བྱ་བའི་མཚན་མ་ལྔའི་རིམ་གྱིས་འོད་གསལ་བར་འཇུག་པས། ནམ་མཁའི་ཁམས་སུ་སྤྲོ་བར་བྱ། །ཞེས་པ་ནི། འཇིག་རྟེན་གྱི་ཁམས་སུ་སྤྲོ་བར་བྱ་ཞིང་ཆོས་ཀྱི་སྐུའི་ཚུལ་གྱིས་ཁྱབ་པར་བྱའོ། །རྗེས་དྲན་གང་ཞིག་རྣམ་བསྒོམ་པ། །ཞེས་
པ་ནི། དེ་ལྟར་གསལ་བར་སོང་བ་རྣམ་པར་བསྒོམ་ཞིང་མངོན་དུ་བྱས་ནས་ཞེས་པའོ། །དེ་དང་འདྲ་བར་སྤྲོ་བར་བྱ། །ཞེས་པ་ནི། གང་སྔོན་དུ་རྗེས་སུ་དྲན་པ་སྨིག་རྒྱུ་དང་འདྲ་བ་ལ་སོགས་པའི་རྣམ་པས་ཡང་དག་པའི་མཐའ་ཐོབ་པ་དེ་འདྲ་ཞིང་དེ་ཉིད་ཀྱི་རིམ་གྱིས་སྤྲོ་བར་བྱ་ཞིང་བསྐྱེད་
པར་བྱ་སྟེ། བཤད་མ་ཐག་པ་དེ་དག་ནི་རྗེས་སུ་དྲན་པ་ཞེས་བཤད་པར་བྱ་ཞིང་ཁོང་དུ་ཆུད་པར་བྱའོ། །སོ་སོར་སྣང་བ་དེ་ལས་སྐྱེ། །ཞེས་པ་དེ་ནི། སོ་སོར་སྣང་བ་ནི། ཀུན་རྫོབ་དེ་ལ་རྗེས་སུ་དྲན་པའི་ཡན་ལག་སྐྱེ་བར་འགྱུར་གྱི་གཞན་དུ་མ་ཡིན་ནོ། །ཏིང་ངེ་འཛིན་བསྟན་པའི་

ཕྱིར། །ཐབས་དང་ཤེས་རབ་ཅེས་གསུངས་ཏེ། ཀུན་རྫོབ་དང་དོན་དམ་པའི་སྦྱོར་བས་སོ། །དངོས་པོ་ཐམས་ཅད་མདོར་ཞེས་པ་ནི་རྒྱུ་བ་དང་མི་རྒྱུ་བས་གནས་པའོ། །གོང་བུའི་ཚུལ་གྱིས་ཞེས་པ་ནི། ཕྱག་རྒྱ་ཆེན་པོའི་གཟུགས་ཀྱིས་གཅིག་ཏུ་བྱས་ནས་རྒྱུ་བ་དང་མི་རྒྱུ་བ་དེའི་
དབུས་སུ་ཟུང་དུ་འཇུག་པའི་བདག་ཉིད་ཅན་རྡོ་རྗེ་འཆང་ཆེན་པོའི་གཟུགས་རྣམ་པར་བསྒོམ་པར་ཤེས་པར་བྱའོ། །རིམ་པ་འདི་ཉིད་ཀྱིས་ཡུད་ཙམ་ཞེས་པ་ནི་སྐད་ཅིག་ཙམ་གྱིས་སོ། །ཡེ་ཤེས་རྫོགས་བྱེད་པ་ནི་ཡེ་ཤེས་ཀྱི་སྐུ་རྫོགས་པར་བྱེད་པ་ནི་ཏིང་ངེ་འཛིན་ཏེ། ཡན་ལག་དྲུག་པའོ། །
ད་ནི་སྦྱོར་བ་ཡན་ལག་དྲུག་གི་ཡོན་ཏན་བསྟན་པའི་ཕྱིར། སོ་སོར་སྡུད་ལ་སྙོམས་ཞུགས་ན། །སྔགས་རྣམས་ཐམས་ཅད་བྱིན་གྱིས་བརླབས། །ཞེས་པ་ལ་སོགས་པ་སྟེ་གོ་སླའོ། །དེ་ལྟར་བསྙེན་པ་བསྟན་ནས། ད་ནི་ཉེ་བར་སྒྲུབ་པ་ལ། སྙིང་པོ་དེ་ནི་ཐུགས་ཀ་རུ། །ཞེས་པ་
ལ་སོགས་པས་སྟོན་ཏེ། དེ་ལ་སྙིང་པོ་ཞེས་པ་ནི། དཀྱིལ་འཁོར་པའི་ལྷ་རྣམས་རེ་རེའི་སྙིང་གའི་དབུས་སུ་ཆུད་པའི་ཐུགས་ཀར་ཟླ་བ་དང་། གནས་པའི་ཡེ་ཤེས་སེམས་དཔའ་བསྒོམ་པར་བྱའོ། །ཟླ་བ་རྡོ་རྗེའི་སྦྱོར་བ་ལྟ། །ཞེས་པ་ནི། ཡེ་ཤེས་སེམས་དཔའ་དེ་རྣམས་
ཀྱི་ཐུགས་ཀའི་ཟླ་བར་ཆུད་པར་རང་རང་གི་ཕྱག་མཚན་ལ་བརྟེན་ནས་བྱའོ། །སེམས་ནི་སྔགས་ཀྱི་དངོས་པོ་བྱས། །ཞེས་པ་ནི། ཕྱག་མཚན་བུམ་པ་ལ་རང་གི་སེམས་ཡི་གེ་མཆོག་ཏུ་མི་འགྱུར་བའི་ཚིག་བསམ་མོ། །མཚོན་ཆ་མཆོག་གིས་དྲངས་ནས་སུ། །ཞེས་པ་ནི། དེ་ནས་
བདག་པོ་ལ་སོགས་པ་སེམས་དཔའ་གསུམ་གྱི་བདག་ཉིད་ཅན་གྱིས་དཀྱིལ་འཁོར་པ་རྣམས་གཅིག་ཏུ་གྱུར་པའི་འོད་ཟེར་གྱི་ཚོགས་ལྕགས་ཀྱུ་ལྟ་བུར་གྱུར་པས། བསྒྲུབ་བྱའི་ཐུགས་ཀའི་སེམས་དཔའ་གསུམ་དུ་གྲགས་པ་བསྐུལ་བར་བྱའོ། །དེ་ལྟར་རྡོ་རྗེ་
ལྕགས་ཀྱུས་བཏབ་པས་སྒྲུབ་པ་པོ་ལ་བཀོད་པར་བྱ་བའི་སྐྱེད་པའི་འོག་ནས་གནོད་མཛེས་ལ་བཀའ་བསྒོ་བའི་ཕྱིར། སྔགས་ཀྱི་གཟུགས་ཀྱི་ཚུལ་གྱིས་སུ། །ཞེས་པ་ནི། གནོད་མཛེས་རྒྱལ་པོ་མདུན་དུ་བཀུག་སྟེ་བཀའ་ལུང་ནོད་པར་བསམས་ལ། བྱང་ཆུབ་ཚིགས་

བཅད་བརྗོད་པར་བྱ། །ཞེས་པ་ནི། གནོད་མཛེས་ཀྱིས་འདི་སྐད་དུ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྒྲུབ་པ་པོ་ལ་བྱང་ཆུབ་ཀྱི་དངོས་གྲུབ་ཁྱད་པར་མྱུར་དུ་སྩོལ་ཞེས་བཀའ་བསྒོ་བའི་ཆོ་ག་ཞེས་པ་ནི་གོང་གི་ཆོ་གའོ། །རང་གི་དཀྱིལ་འཁོར་ཞེས་པ་ནི། རང་གི་ལྷག་པའི་
ལྷའོ། །སེམས་དེ་ཡེ་ཤེས་གཟུགས་ཞེས་པ་ནི། རྫོགས་པའི་རིམ་པས་རང་གི་ལྟ་བསྐུལ་བ་སྟོན་ཏོ། །ཕུང་པོ་ལ་སོགས་པ་རྣམས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་མི་སྣང་བར་བྱས་ནས། ཐ་མར་ཀུན་རྫོབ་དང་དོན་དམ་པའི་བདེན་པས་གཅིག་ཏུ་བྱས་ལ་ཟུང་དུ་འཇུག་པ་
བསྒོམ་པར་བྱ་བ་ནི་ཉེ་བར་སྒྲུབ་པ་སྟེ། ལེའུ་བཅུ་པའི་དོན་སྟོན་པ་ཡིན་ནོ།། །།ད་ནི་སྒྲུབ་པ་བསྟན་པའི་ཕྱིར། ཇི་སྲིད་མཐོང་བ་དེ་སྲིད་དུ། །ཞེས་པ་ལ་སོགས་པ་གསུངས་ཏེ། བསྡུས་པའི་དོན་ནི་འདོད་པ་ལ་ལོངས་སྤྱོད་པའི་ཏིང་ངེ་འཛིན་དང་། སྤོགས་
པའི་ཆོ་ག་དང་དྲག་ཤུལ་གྱི་ཆོ་གའོ། །དེ་ལ་འདོད་པ་ལ་ལོངས་སྤྱོད་པའི་ཏིང་ངེ་འཛིན་མདོར་བསྟན་པའི་ཕྱིར། ཇི་སྲིད་མཐོང་བ་ཞེས་པ་ནི། དངོས་གྲུབ་ཐུན་མོང་དང་མཆོག་གོ། །ཟླ་བ་དྲུག་ཅེས་པ་ནི། འོག་ནས་འབྱུང་བའི་ཏིང་ངེ་འཛིན་གྱིས་ཟླ་བ་དྲུག་ཏུ་འདོད་པ་སྤྱད་པར་
བྱ་སྟེ། འཇིག་རྟེན་གྱི་ཁམས་མཐའ་ཡས་ཤིང་མུ་མེད་པ་ཐམས་ཅད་ན། རབ་དང་འབྲིང་དང་ཐ་མས་ཕྱེ་བའི་བདུད་རྩི་ཇི་སྙེད་ཡོད་པར་གྲགས་པ་རྣམས་གཟུགས་རྡོ་རྗེ་ལ་སོགས་པར་ཡོངས་སུ་བརྟགས་ལ། སྔགས་ཀྱི་སྐུ་དང་ཡེ་ཤེས་ཀྱི་སྐུས་སྤྲོས་པ་གསུམ་གྱིས་སྤྱོད་
པ་བྱའོ། །གལ་ཏེ་ཟླ་བ་དྲུག་གིས་ནི། །ཞེས་པ་ལ། ཟླ་བ་དྲུག་རིག་པའི་བརྟུལ་ཞུགས་ཆད་པས་དངོས་གྲུབ་མ་ཐོབ་ན་ཞེས་པའོ། །སྤོགས་པའི་ཆོ་ག་བསྟན་པའི་ཕྱིར། སྡོམ་པ་ལན་གསུམ་བརྩམ་པར་བྱ། །ཞེས་པ་ནི། ཟླ་བ་བཅོ་བརྒྱད་དུ་སྤྲོས་པ་གསུམ་གྱི་སྤྱོད་པ་
སྤྱད་པར་བྱའོ། །དེས་ཀྱང་བླ་ན་མེད་པའི་བྱང་ཆུབ་མ་གྲུབ་ན། དྲག་ཤུལ་གྱི་ཆོ་ག་བསྟན་པའི་ཕྱིར། དྲག་ཤུལ་སྦྱོར་བ་བསྒྲུབ་པར་བྱ། །ཞེས་པ་ནི། རིགས་ཀྱི་དབྱེ་བའི་སྦྱོར་བ་ཡིས། །རྡོ་རྗེ་ཕུར་བུ་ཕུར་བུས་གདབ། །ཅེས་པས་བསྟན་པ་ཡིན་ཏེ། རྡོ་རྗེ་དང་པདྨ་

མཉམ་པར་སྦྱར་བས་ཕུར་བུས་གདབ་པར་བྱའོ། །འདི་སྐད་སྟོན་ཏེ། རྣམ་པར་སྣང་མཛད་ཀྱི་སྦྱོར་བ་དང་ལྡན་པས། སངས་རྒྱས་སྤྱན་མདུན་དུ་བཞག་ལ། ལག་པ་ཕན་ཚུན་འཁྱུད་པ་དང་དཀྲི་བ་ལ་སོགས་པ་བྱ་བ་ནི་སྐུའི་ཆོ་གའོ། །སྣང་བ་མཐའ་ཡས་ཀྱི་སྦྱོར་བ་
དང་ལྡན་པས། གོས་དཀར་མོ་མདུན་དུ་བཞག་ལ། སྣང་བ་དང་། སྣང་བ་མཆེད་པ་དང་། སྣང་བ་ཐོབ་པ་གསུམ་འབྱུང་བའི་པདྨ་ལྷ་མོའི་བྷ་ག་ལ་རྡོ་རྗེ་རྩེ་ལྔ་པ་བསྒོམས་ལ། ཆོས་འབྱུང་ཡོད་པའི་ནང་དུ་ཆུད་པར་བྱའོ། །མི་བསྐྱོད་པའི་སྦྱོར་བ་དང་ལྡན་པས་མཱ་མཱ་ཀཱི་མདུན་དུ་བཞག་
ལ། རང་གི་རྡོ་རྗེ་རྩེ་མོ་ལྔ་པར་བསྒོམས་ལ། རང་གི་ཕྱག་རྒྱའི་ཆོས་འབྱུང་གི་ནང་དུ་ཆུད་པའི་མེའི་དཀྱིལ་འཁོར་དང་ལྡན་པར་རང་གི་རྡོ་རྗེས་གདན་བརྡབ་ཅིང་བརྡུང་ན་འོད་གསལ་ཐོབ་པར་འགྱུར་རོ། །འདོད་པ་ལོངས་སྤྱོད་པའི་ཏིང་ངེ་འཛིན་བསྟན་པའི་ཕྱིར། འདོད་ཆགས་ཆེན་
པོའི་ཚུལ་གྱིས་ཞེས་པ་ནི། འདོད་ཆགས་ཀྱིས་འདོད་ཆགས་སྤང་བར་བྱ་བའི་ཕྱིར་འདོད་ཆགས་དང་བྲལ་བའི་སྐུ་སྤངས་ནས། རྡོ་རྗེ་འཆང་ཆེན་པོའི་སྐུར་བདག་ཉིད་སྤྲུལ་པར་མཛད་པའོ། །དེར་ཡང་སེམས་ཅན་སྨིན་ཅིང་གྲོལ་བར་མཛད་པས་ཡུལ་རྣམས་ལ་ཆགས་པར་མཛད་པ་སྟེ།
དེའི་ཚུལ་དང་ལྡན་པའི་ཏིང་ངེ་འཛིན་ཏོ། །ཡེ་ཤེས་འཁོར་ལོ་ཅན་རྣམས་བསྡུ། །ཞེས་པ་ནི། རང་གི་ས་བོན་གྱི་འོད་ཟེར་གྱི་ལྕགས་ཀྱུས་རང་གི་དཀྱིལ་འཁོར་པ་དྲངས་ནས་ཉིད་ཀྱི་སྐུ་ལས་ཕུང་པོ་དང་ཁམས་ལ་སོགས་པའི་ངོ་བོ་ཉིད་ཀྱིས་ཞུགས་པར་གྱུར་པའོ་ཞེས་པའོ། །
ལྷ་མོ་དགུ་ནི་སྤྲོས་ནས་སུ། །ཞེས་པ་ནི། བཅོམ་ལྡན་འདས་མཆོག་ཏུ་དགའ་བའི་སྒྲས་ཚིམ་པར་བྱེད་པའི་ཕྱིར་གནས་སྐབས་སྔ་མ་སྤངས་ཏེ། ལྷའི་བུ་མོའི་ལུས་སུ་མངོན་པར་སྤྲུལ་ནས་བཅོམ་ལྡན་འདས་ཀྱི་སྐུ་ལས་བྱུང་བར་གྱུར་ཏོ། །ལྷ་མོ་དགུ་ནི་སའི་ཁམས་ནི་སངས་
རྒྱས་སྤྱན་ལྟ་བུ་དང་། ཆུའི་ཁམས་ནི་མཱ་མ་ཀཱི་ལྟ་བུ་དང་། མེའི་ཁམས་ནི་གོས་དཀར་མོ་ལྟ་བུ་དང་། རླུང་གི་ཁམས་ནི་སྒྲོལ་མ་ལྟ་བུ་དང་། རྣམ་པར་སྣང་མཛད་ནི་གཟུགས་ཀྱི་ངོ་བོ་ལྟ་བུ་དང་། རིན་ཆེན་འབྱུང་ལྡན་ནི་སྒྲའི་ངོ་བོ་ལྟ་བུ་དང་། སྣང་བ་མཐའ་ཡས་ནི་

དྲིའི་ངོ་བོ་ལྟ་བུ་དང་། དོན་ཡོད་གྲུབ་པ་ནི་རོའི་ངོ་བོ་ལྟ་བུ་དང་། མི་བསྐྱོད་པ་ནི་རེག་བྱའི་ངོ་བོ་ལྟ་བུར་སྤྲོས་ནས་ཞེས་བྱ་སྟེ་དྲང་བའི་དོན་ཏོ། །འདོད་ཆགས་ཆེན་པོའི་ཚུལ་གྱིས་ཞེས་པ་ནི། འདོད་ཆགས་དང་། འདོད་ཆགས་བར་མ་ལ་སོགས་པའི་རིམ་གྱིས་རྣམ་པར་དག་པ་མངོན་དུ་
འབྱིན་པའི་ཐབས་དེའི་ཏིང་ངེ་འཛིན་ཏོ། །ཡེ་ཤེས་འཁོར་ལོ་ཅན་རྣམས་བསྡུ། །ཞེས་པ་ནི། ཕྱི་རོལ་གྱི་དེ་བཞིན་གཤེགས་པའི་འཁོར་ལོ་དེ་དག་དུ་དམིགས་པའི་མངོན་པར་ཞེན་པ་སྤངས་ནས། དེས་ཐམས་ཅད་ལ་སྒྲུབ་པའི་སྐུ་ནི་བདག་ཡིན་ནོ་ཞེས་བྱིན་གྱིས་བརླབས་པ་དང་
ལྡན་པ་སྟེ། ལྷ་མོ་དགུ་ནི་སྔ་མ་དང་འདྲ་སྟེ་ངེས་པའི་དོན་ཏོ། །དེ་ལྟར་གཟུགས་ཀྱི་དཀྱིལ་འཁོར་དྲུག་སྤྲུལ་པས་འདོད་པའི་དབང་ཕྱུག་དུ་བསྟན་ནས། ད་ནི་རྒྱུད་འདི་ལ་སེམས་གཙོ་བོ་ཡིན་པས་མི་བསྐྱོད་པས་བསྡུས་པའི་དཀྱིལ་འཁོར་གྱི་བྱ་བ་བསྟན་པའི་ཕྱིར། ཡོངས་
སུ་གྱུར་ལས་ཕྱག་རྒྱ་བཞི། །ཞེས་པས་སྟོན་ཏེ། ལྷ་མོ་རྣམས་ལུས་ལ་བཀོད་ནས། ཡོངས་སུ་གྱུར་པ་ལས། ཤེས་རབ་ཀྱི་གནས་དེར་ཕྱག་རྒྱ་བཞིའི་དཀྱིལ་འཁོར་གྲུ་བཞི་པ་རྡུལ་མེད་པ་དམ་ཚིག་ཆེན་པོའི་དཀྱིལ་འཁོར་བྱིན་གྱིས་བརླབས་ཏེ། སྤྲུལ་པར་མཛད་པའོ། །བདག་
ཉིད་དབུས་སུ་གནས་བྱས་ལ། །ཞེས་པ་ནི། རྡོ་རྗེ་འཆང་ཆེན་པོ་དེ་བཤད་མ་ཐག་པའི་དམ་ཚིག་ཆེན་པོའི་དཀྱིལ་འཁོར་གྱི་དབུས་སུ་བདག་ཉིད་བཞག་པར་གྱུར་ཏོ། །འཁོར་ལོ་ཅན་ཀུན་བསྡུ་བར་བྱ། །ཞེས་པ་ནི། རིག་སྔགས་བསྡུས་པའི་འཁོར་ལོ་སླར་ཡང་བྱང་ཆུབ་ཀྱི་སེམས་
རྡོ་རྗེའི་སྐུ་ལ་ཞུགས་པར་གྱུར་ཏོ་ཞེས་བྱའོ། །ཐམས་ཅད་རྡོ་རྗེའི་དངོས་བྱས་ལ། །ཐམས་ཅད་བྱང་ཆུབ་བསྒོམ་པར་བྱ། །ཞེས་པ་ནི། བྱང་ཆུབ་ཀྱི་སེམས་རྡོ་རྗེ་སྟེ་དྲང་བའི་དོན་ཏོ། །ཕྱག་རྒྱ་བཞིའི་དཀྱིལ་འཁོར་ཞེས་པ་ནི། གཟུགས་ཀྱི་ཕུང་པོ་ཡིན་ལ། དེ་རྣམས་
ཀྱིས་གང་བསྟན་ཅིང་བཞུགས་པའི་གནས་སུ་མཛད་པའི་བཙུན་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །དེ་ཉིད་ནི་དཀྱིལ་འཁོར་ཏེ། སངས་རྒྱས་བསྐྱེད་པའི་རྒྱུར་གྱུར་པས་ན་སྐྱེ་གནས་ཡིན་ཏེ། དགོངས་པ་ལུང་བསྟན་པའི་རྒྱུད་ལས་ཀྱང་། སངས་རྒྱས་ཀུན་གྱིས་གང་བསྟན་པའི། །

ས་གྱུར་དེ་ནི་བཅུ་གསུམ་པ། །དེ་ནི་བཙུན་མོར་ཡང་དག་བཤད། །དམ་ཆོས་བྷ་ག་ཞེས་བརྗོད་དོ། །ཞེས་པ་ངེས་པའི་དོན་ཏོ། །བདག་ཉིད་དབུས་སུ་གནས་བྱས་ལ། །ཞེས་པ་ནི། དམ་ཚིག་ཆེན་པོ་འདི་ལ་དྲི་མ་མེད་པ་དེར་བདག་ཉིད་གནས་པར་གྱུར་པ་ནི་འཇོག་
པར་མཛད་པའོ། །འཁོར་ལོ་ཅན་ཀུན་བསྡུ་བར་བྱ། །ཞེས་པ་ནི། དམ་ཚིག་ཆེན་པོའི་དཀྱིལ་འཁོར་འོད་གསལ་བར་རབ་ཏུ་གྱུར་པའོ། །ཐམས་ཅད་རྡོ་རྗེ་དངོས་བྱས་ལ། །དེའི་ཚེ་བྱང་ཆུབ་བསྒོམ་པར་བྱ། །ཞེས་པ་ནི། དེ་ནས་འོད་གསལ་བ་ལ་ཞུགས་པའི་འོག་ཏུ་བཅོམ་ལྡན་
འདས་རྡོ་རྗེ་འཆང་ཆེན་པོ་རིགས་ཐམས་ཅད་ཀྱི་བདག་ཉིད་ཅན། བདག་ཉིད་དོན་དམ་པའི་བདེན་པ་ལས་བཞེངས་ནས་སྲིད་པ་དང་མྱ་ངན་ལས་འདས་པ་རོ་གཅིག་པའི་ངོ་བོ་ཉིད་ཀྱིས། དམ་ཚིག་ཆེན་པོའི་དཀྱིལ་འཁོར་གྱི་དབུས་སུ་འཇིག་རྟེན་གསུམ་བདག་ཉིད་དུ་བཞག་པར་
གྱུར་ཏོ་ཞེས་བྱ་བའི་དོན་ཏོ། །དེ་ཡང་། ནམ་མཁའ་ཀུན་གྱི་སྐབས་ན་དཔལ། །རྡོ་རྗེ་སེམས་དཔའ་རབ་ཏུ་བཞུགས། །ཞེས་བདེ་བ་མཆོག་གིས་བཤད་དོ། །དེ་ལྟར་དེ་བཞིན་གཤེགས་པ་ལྔ་པོ་དྲུག་པའི་བདག་ཉིད་དུ་གྱུར་པ་བསྟན་ནས། དེ་ནི་རྡོ་རྗེ་འཆང་ཆེན་པོ་ལ་བཙུན་
མོ་བཞི་དེ་ལ་དད་ཅིང་འདུན་པའི་ཡིད་ཀྱིས་ལྟ་བར་འདོད་པའི་ཕྱིར་སྙིང་རྗེ་དང་བཅས་པས་སྨྲ་བ་བསྟན་པའི་ཕྱིར། བསྐུལ་བའི་གླུ་དབྱངས་བཞི་ཡིས་ནི། །ཞེས་པ་དྲུག་ལྡན་ལ་སོགས་པའི་སྒེག་ཅིང་སྙན་པའི་གླུ་དབྱངས་ཀྱིས་སྤྱན་ལ་སོགས་པ་བཞིས་བསྟོད་པ་སྔོན་དུ་འགྲོ་བས་
སྐུལ་བར་བྱེད་དོ། །དེ་ཡང་། སེམས་ཅན་ཁམས་ན་གནས་ཀྱི་དབང་ཕྱུག་ཁྱོད་ནི་རྡོ་རྗེའི་ཐུགས། །ཞེས་པ་ལ་སོགས་པའོ། །ལྷ་མོས་སྙིང་པོ་བསྐུལ་བ་ཡིས། །ཞེས་པ་ནི། དེ་ལྟར་ཚངས་པའི་གནས་པ་བཞིའི་རང་བཞིན་དང་ལྷ་མོ་རྣམས་ཀྱིས་ཡང་དག་པར་བསྐུལ་བར་གྱུར་
པའོ། །དུས་གསུམ་རྡོ་རྗེའི་རང་བཞིན་སེམས། །ཞེས་པ་ནི། བསྐུལ་བར་གྱུར་པའོ། །སྔོན་གྱི་སྨོན་ལམ་གྱི་ཤུགས་ཀྱིས་སྟོང་པ་ཉིད་ཀྱི་རྣལ་འབྱོར་བཞེངས་ནས། དཔལ་ཤིན་ཏུ་དགའ་བའི་བདེ་བས་འདོད་ཆགས་ལ་སྤྱོད་པ་བསྟན་པ་ཡིན་ཏེ། དེ་ཡང་གཟུགས་ལ་སོགས་

པའི་ཡུལ་རྣམས་ཀྱི་ངོ་བོ་ཉིད་ཡོངས་སུ་ཤེས་པས་མིག་ལ་སོགས་པ་གཅིག་ཏུ་བྱས་ཏེ། ཀུན་དུ་དགའ་བའི་བདེ་བའི་གནས་སྐབས་ཀྱི་སྤྱན་ལ་སོགས་པ་ལ་རོལ་པ་མཛད་ནས་ཅང་མི་གསུང་བར་གྱུར་པའོ། །ཡེ་ཤེས་ལྟ་བུར་ལུས་བསྒོམ་མོ། །ཞེས་པ་ནི། ཉོན་མོངས་པ་ལ་སོགས་པའི་བྱ་བ་དང་
བྲལ་ཞིང་། ཡེ་ཤེས་ཕྱག་རྒྱ་དང་ལྷན་ཅིག་སྙོམས་པར་འཇུག་ནས་བཞུགས་སོ་ཞེས་བྱ་བའི་བར་དུའོ། །དེ་ནས་རྫོགས་རིམ་གྱི་སྒོ་ནས་ཡེ་ཤེས་ཀྱི་ཕྱག་རྒྱ་ལ་སྙོམས་པར་ཞུགས་པའི་འོག་ཏུ། ནམ་མཁའི་གཏོས་འདི་རྡོ་རྗེ་འཆང་བའི་ངོ་བོ་ཉིད་རྡོ་རྗེ་གསུམ་དང་ཡང་དག་པར་ལྡན་པ་
རྣམ་པར་སྣང་མཛད་ལ་སོགས་པ། དེ་བཞིན་གཤེགས་པའི་ཚོགས་ཀྱིས་གང་ཞིང་ཏིལ་གྱི་གང་བུ་བཞིན་དུ་བར་མཚམས་མེད་པར་གྱུར་ལ། མཆོག་ཏུ་དགའ་བའི་བུམ་པ་བཞིན་དུ་གནས་ཤིང་མི་གཡོ་བར་གྱུར་ཏོ། །དེ་ལྟར་བཅོམ་ལྡན་འདས་ཀྱིས་སྙོམས་པར་ཞུགས་པ་བསྟན་
ནས། དེ་ནི་དེས་འགྲོ་བའི་དོན་མཛད་པ་བསྟན་པའི་ཕྱིར། བཞི་ཡིས་ཁ་དོག་རྣམ་པར་དབྱེ། །ཞེས་པ་ནི། ཁམས་གསུམ་ན་གནས་པའི་སེམས་ཅན་རྣམས་རྡོ་རྗེ་འཆང་ཆེན་པོའི་དཔལ་གྱིས་རེག་སྟེ་རྡོ་རྗེའི་འོད་ཟེར་གྱིས་དབང་བསྐུར་ནས། དེས་རེག་ཅིང་ཡུལ་དུ་བྱས་པ་
ཐམས་ཅད་ཀྱིས་དེ་བཞིན་གཤེགས་པ་ཉིད་ཐོབ་པོ། །དེ་བཞིན་རོ་ཡི་སྙིང་པོ་སྟེ། །ཞེས་པ་ནི། རྡོ་རྗེའི་འོད་ཟེར་གྱིས་དབང་བསྐུར། རྡོ་རྗེ་ཡེ་ཤེས་ཀྱི་སྤྱོད་པ་སྟེ། རང་གིས་སྙོམས་པར་ཞུགས་པའི་བདེ་བ་ཉམས་སུ་མྱོང་བའི་སེམས་ཅན་ཐམས་ཅད་ཀྱི་སྙོམས་པར་ཞུགས་
པའི་བདེ་བ་བདག་གིར་མཛད་པའོ། །དབང་བསྐུར་པ་ནི་རང་གི་རྒྱུད། །ཅེས་པ་ནི། རྡོ་རྗེ་འོད་ཟེར་གྱིས་དབང་བསྐུར་བ་ནས་བརྩམས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱིས་དབང་བསྐུར་བར་གྱུར་ནས། ཀུན་དུ་བཟང་པོ་ཀུན་དུ་
བཟང་། །ཞེས་སྔོན་མ་བྱུང་བའི་དོན་གྱིས་མིང་ཅན་དུ་གྱུར་ཏོ། །རང་གི་རྒྱུད་ཅེས་པ་ནི། བཞི་ཡིན་ཏེ་རྡོ་རྗེའི་འོད་ཀྱིས་དབང་བསྐུར་བས་འབྲས་བུ་ཀུན་དུ་བཟང་པོར་གྱུར་པའོ། །སྔགས་ཀྱི་ཆོས་ནི་དབྱེ་བར་འགྱུར། །ཞེས་པ་ནི། འདོད་ཆགས་ཀྱིས་སྤྱོད་པའི་ཡི་གེའི་ཚོགས་

ལས་རྡོ་རྗེ་འཆང་ཆེན་པོ་ཉིད་རྗེས་སུ་ཆུད་ཅིང་འཐོབ་པ་སྟེ། འདོད་ཆགས་ལ་སོགས་པ་དག་པར་བྱེད་ཅིང་སོམ་ཉི་མེད་པར་སྟོན་པའོ། །རིག་པའང་ཆོས་ཀྱི་ཕྱག་རྒྱས་སོ། །ཞེས་པ་ནི། ཡེ་ཤེས་ཀྱི་ཕྱག་རྒྱ་ཡང་མིང་གཞན། ཆོས་ཀྱི་ཕྱག་རྒྱ་ཞེས་བྱ་བས་བསྟན་ཏོ་ཞེས་
བྱ་བའམ། ཡང་ན་ཡེ་ཤེས་ཀྱི་ཕྱག་རྒྱ་དེ་ཉིད་རྣམ་པར་དག་པ་ཐམས་ཅད་སྟོང་པར་ཆུད་པས་ཐབས་མང་ཞེས་བྱའོ། །ཁམས་གསུམ་གྱི་སེམས་ཅན་དབང་བསྐུར་བས་ཀུན་དུ་བཟང་པོར་གྱུར་པའི་འབྲས་བུ་དེ་རྣམ་པར་ཕྱེ་བ་བསྟན་པའི་ཕྱིར། འཁོར་ལོས་སྒྱུར་བའི་རྒྱལ་པོ་དྲུག །
ཅེས་པ་ནི། རིགས་ལྔ་དང་རྡོ་རྗེ་འཆང་ཆེན་པོའོ། །གཙུག་ཏོར་ནི་རིགས་ཀྱི་བདག་པོས་རྒྱས་གདབ་པའི་ཕྱིར། བདུད་རྩི་བརྟན་པའི་བདེ་བ་མི་འགྱུར་བར་གནས་པའོ། །ལོངས་སྤྱོད་བཞི་ཞེས་པ་ནི་སྤྱན་ལ་སོགས་པའོ། །རྡོ་རྗེ་བདག་པོ་ཞེས་པ་ནི་འདོད་པ་ལྔའི་ལྷ་མོའོ། །
བསམ་གཏན་རྡོ་རྗེ་ཞེས་པ་ནི། ལྷ་དེ་རྣམས་ཀྱི་ངོ་བོ་ཉིད་ཀྱི་འོད་ཟེར་གྱིས་སེམས་ཅན་རྣམས་ལ་དབང་བསྐུར་བའི་ཆོ་ག་དེས་ཉེ་བར་བསྒྲུབ་པའོ། །ཡེ་ཤེས་ལུས་དང་ལྷན་ཅིག་ཅེས་པ་ནི་ཡེ་ཤེས་ཀྱི་ཕྱག་རྒྱའོ། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ནི། །ཞེས་པ་ནི། འདོད་ཆགས་ཀྱི་
སྤྱོད་པས་ཐམས་ཅད་སྟོང་པ་དང་གཉིས་སུ་མེད་པ་ཟུང་འཇུག་བསྒྲུབ་པ་ནི། སྒྲུབ་པ་ཞེས་བྱ་བའི་དོན་ཏོ། །ད་ནི་སྒྲུབ་པ་ཆེན་པོ་བསྟན་པའི་ཕྱིར། སྔར་བཤད་པའི་རིམ་གྱིས་ནི་ཞེས་པ་རྩ་བའི་རྒྱུད་ཀྱི་ལེའུ་དང་པོར་བསྟན་པའི་རིམ་གྱིས། རིག་པའི་སྐྱེས་བུ་རྡོ་རྗེ་ཅན། །ཞེས་པ་
ནི། རྡོ་རྗེ་འཆང་གོང་དུ་བསྐྱེད་པ་ནས། རིག་པའི་སྐྱེས་བུ་བདག་དང་འདྲ་བར་དཀྱིལ་འཁོར་བསྐྱེད་ཅེས་པ་ནི། རང་བཞིན་གྱིས་འོད་གསལ་བའི་ཏིང་ངེ་འཛིན་ལས་བཞེངས་ནས། ཉོན་མོངས་པ་ལྔས་ཁྱབ་པའི་སེམས་ཅན་གྱི་ཁམས་ལ་གཟིགས་ནས། ཉོན་མོངས་པའི་རང་
བཞིན་ཡོངས་སུ་ཤེས་པ་ཉིད་ནི་བྱང་ཆུབ་ཡིན་ལ། དེའི་ངོ་བོ་ཉིད་ནི་བདག་ཡིན་ནོ་ཞེས། མཁྱེན་ནས་གདུལ་བྱ་རྣམས་ཀྱིས་ཉོན་མོངས་པ་ཞེ་སྡང་ལ་སོགས་པ་སྦྱང་བའི་ཕྱིར་རིགས་ལྔ་དབྱུང་བའི་ཕྱིར། ཡང་རྣམ་པར་སྣང་མཛད་ལ་སོགས་པ་ལོངས་སྤྱོད་ཀྱི་ཕྱིར་ལྷ་མོ་བཞི་ཕྱུང་བ་དང་།

དེ་བཞིན་དུ་ལྷ་མོ་ལྔ་དང་། བྱང་ཆུབ་སེམས་དཔའ་བརྒྱད་དང་། ཁྲོ་བོ་བཅུ་ཕྱུང་བའི་དཀྱིལ་འཁོར་དུ་བསྐྱེད་པ་ནི་སྒྲུབ་པ་ཆེན་པོ་ཞེས་བྱའོ། །དེ་ལྟར་རྫོགས་པའི་རིམ་པ་བསྙེན་སྒྲུབ་བཞི་བསྟན་ནས། ད་ནི་བསྐྱེད་པའི་རིམ་པ་བསྙེན་སྒྲུབ་བསྟན་པའི་ཕྱིར། བསྙེན་པའི་དུས་
སུ་གཙུག་ཏོར་ཆེ། །ཞེས་པ་ལ་སོགས་པ་གསུངས་ཏེ། བསྙེན་པ་ཞེས་པ་ནི། བྱང་ཆུབ་སེམས་ལ་དམིགས་པ་རྩེ་གཅིག་ཏུ་འཇོག་པ་སྟེ་དེ་བཞིན་དེ་ཉིད་ཡིན་ལ། དེ་ལ་བསྙེན་ཅིང་དམིགས་པར་བྱ་བ་ཡིན་པས་ན་བསྙེན་པའོ། །གཙུག་ཏོར་ཆེ་བའི་སྦྱོར་བ་ཉིད། །ཅེས་པ་ནི་ཡང་དག་
པར་སྦྱོར་བའོ། །དེ་གང་ཞེ་ན། སའི་ཆ་ལ་སོགས་པ་ནས་གཙུག་ཏོར་གྱི་ཡི་གེ་བྷྲཱུཾ་ལས་གཞལ་ཡས་ཁང་བསྐྱེད་པའོ། །གཟུགས་སུ་དམིགས་ཞེས་པ་ནི། དཀྱིལ་འཁོར་འཁོར་ལོ་ལྷག་པར་མོས་པ་བསྐྱེད་པའོ། །དེ་བྱས་ལ། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ་ཞེས་བྱ་བའི་
སྔགས་ཀྱི་དོན་རྣམ་པར་དཔྱད་ནས། དོན་དམ་པའི་བྱང་ཆུབ་ཀྱི་སེམས་ཀྱིས་མཚན་ཅན་བསྒོམ་མོ། །ཉེ་བར་སྒྲུབ་པའི་དུས་སུ་ནི། །ཞེས་པ་ནི་སྟོང་པ་ཉིད་ལ་དམིགས་ནས། ཉི་མ་དང་ཟླ་བ་དང་པདྨ་ལ་སོགས་པ་རིམ་གྱིས་གོང་ནས་གང་དུ་བཞག་ལ། དེའི་སྟེང་དུ་ཡི་གེ་རྣམ་པར་
དགོད་དེ། ཐམས་ཅད་བསྡུས་པ་ལ་ཟླ་བའི་དཀྱིལ་འཁོར་བསམ་ཞིང་། དེའི་སྟེང་དུ་ཡང་ཡི་གེ་གསུམ་བཀོད་ལ། དེ་ཡོངས་སུ་གྱུར་པ་ལས་ཕྱག་མཚན། ཕྱག་མཚན་ཡོངས་སུ་གྱུར་པ་ལས་ཕྱག་རྒྱ་ཆེན་པོའི་གཟུགས་བསྐྱེད་པ་ནི། ཉེ་བར་གཏད་དེ་གནད་དུ་བསྒྲུབ་ཅིང་བསྐྱེད་
པ་ནི་ཉེ་བར་སྒྲུབ་པའོ། །བདུད་རྩི་འཁྱིལ་པའི་གཟུགས་ཀྱི་བར། །ཞེས་པ་ནི། ཕྱག་རྒྱ་ཆེན་པོའི་གཟུགས་དེ་ལ། རྣམ་པར་སྣང་མཛད་ལ་སོགས་པ་ནས་བྱང་གི་སྒོའི་བདུད་རྩི་འཁྱིལ་པའི་བར་དུ་ལྷ་རྣམས་ཀྱི་སྔགས་ཀྱི་ཡི་གེ་མ་ལུས་པར་བཀོད་ལ། གཟུགས་ཀྱི་ཕུང་པོ་ལ་སོགས་པའི་
རྒྱུ་འབྲས་ཡོངས་སུ་ཤེས་པས་བསྒོམ་པར་བྱའོ། །སྔགས་པ་མཆོག་ཤེས་པ་ནི། མགོ་བོ་དང་མགྲིན་པ་དང་སྙིང་གར་ཟླ་བ་དང་ཉི་མ་དང་ཉི་མ་ལ་ཨོཾ་ཨཱཿཧཱུཾ་གསུམ་དེ་ལས་བྱུང་བའི་སྤྱན་དང་གོས་དཀར་མོ་དང་། མཱ་མ་ཀཱི་ཕྱུང་ལ། སྐུ་རྡོ་རྗེ་དང་། གསུང་རྡོ་རྗེ་དང་། ཐུགས་རྡོ་རྗེ་སྤྲོ་བ་དང་།

བསྡུ་བ་དང་བསྐུལ་བ་དང་། སྨོན་ལམ་དང་སྔགས་བརྗོད་པ་ནི་སྐུ་དང་གསུང་དང་ཐུགས་བྱིན་གྱིས་བརླབ་པའི་ཆོ་གའོ། །སྒྲུབ་པ་ཞེས་པ་ནི། སྒྲུབ་པ་ཉེ་བར་བཞག་པའི་དོན་དུ་གསོལ་བ་འདེབས་པའོ། །རང་ལྷའི་སྦྱོར་བས་ཞེས་པ་ནི། དམ་ཚིག་སེམས་དཔའ་དང་
ཡེ་ཤེས་སེམས་དཔའ་དང་ཏིང་ངེ་འཛིན་སེམས་དཔའ་སྒྲུབ་པའོ། །སྒྲུབ་པ་ཆེན་པོ་ཞེས་པ་ནི། དཀྱིལ་འཁོར་རྒྱལ་པོ་མཆོག་དང་ལས་རྒྱལ་པོ་མཆོག་གི་མཐར་ཐུག་པ་ནི། གཞན་གྱི་དོན་ཆེན་པོ་སྒྲུབ་པས་ན་སྒྲུབ་པ་ཆེན་པོའོ། །གཙོ་བོ་སངས་རྒྱས་བདག་པོའི་སྐུ། །ཞེས་པ་ནི་སྒྲུབ་པ་ཆེན་པོ་དེ་སྐྱེད་པར་བྱེད་པའི་ཚེ་
ན། རྡོ་རྗེ་ཅན་ཀུན་ཞེས་པ་ནི། རྡོ་རྗེ་ཅན་གྱིས་ཏེ་རང་གི་ལྷག་པའི་ལྷའི་སྦྱོར་བ་དང་ལྡན་པའི་སྔགས་པས། རྡོ་རྗེ་པདྨ་མངོན་པར་འཇུག་པ་བྱས་ལ། བཛྲ་དྷྲྀཀ་ཅེས་པ་ལ་སོགས་པས་དེ་ལས་བྱུང་བའི་རྡོ་རྗེ་ཅན་དེ། དེ་བཞིན་གཤེགས་པ་རྣམས་ནི་རྣལ་འབྱོར་མཆོག་གི་གསང་སྔགས་ཆེན་པོའོ། །དེ་ལྟར་རྣམ་ཕྱེ་ཤེས་
བྱས་ནས། །ཞེས་པ་ནི། དེ་རྣམས་ཀྱི་ཕྱག་རྒྱ་ཆེན་པོའི་གཟུགས་རྣམ་པར་ཕྱེ་སྟེ་སོ་སོར་བསྒོམས་ནས། དབུ་རྒྱན་གྱི་རིགས་རྣམ་པར་ཕྱེ་བར་བྱའོ། །དེ་ཡང་དེ་བཞིན་གཤེགས་པ་ལྔའི་ཕྱག་རྒྱ་ཆེན་པོའི་གཟུགས་ཀྱི་རལ་པ་དང་དབུ་རྒྱན་ལ་བདག་པོ་རྡོ་རྗེ་འཆང་ཆེན་པོ་བསམས་ལ། དེའི་རིགས་
ལྷག་མ་རྣམས་ཀྱིས་དབུ་བརྒྱན་པ་ནི་རྣམ་པར་སྣང་མཛད་ལ་སོགས་པས་རྣམ་པར་ཕྱེ་བར་ཤེས་པར་བྱས་ནས་དངོས་གྲུབ་འགྲུབ་པར་འགྱུར་གྱི། ཆོ་ག་ཉམས་པས་ནི་བསྐལ་པ་བྱེ་བ་སྙེད་དུ་སངས་རྒྱས་ཀྱིས་ཀྱང་མི་འགྲུབ་ན་གཞན་ལྟ་ཅི་སྨོས་ཞེས་པའི་དོན་ཏོ། །ད་ནི་འདོད་ཆགས་ཀྱི་ཆོས་ཀྱིས་
མངོན་པར་བྱང་ཆུབ་པའི་ཐབས་བསྟན་པའི་ཕྱིར། བསྒྲུབ་བྱ་སྒྲུབ་པ་ཡང་དག་སྦྱོར། །ཞེས་པ་ལ་སོགས་པ་གསུངས་ཏེ། བསྒྲུབ་བྱ་ཞེས་པ་ནི་གཉིས་སུ་མེད་པའི་ཡེ་ཤེས་སོ། །སྒྲུབ་པ་ཞེས་པ་ནི་འོད་གསལ་བའོ། །ཡང་དག་པར་སྦྱོར་བ་ནི་ཀུན་རྫོབ་ཀྱི་བདེན་པ་སྟེ། གསུམ་མི་དམིགས་པ་
ནི་བསྒོམ་པའི་རྣམ་པར་དག་པ་སྟེ་བསྙེན་པའོ། །རྡོ་རྗེ་ཞེས་པ་ནི་ཐབས་ཀྱི་ཡེ་ཤེས་སྙོམས་པར་འཇུག་པའི་མཚན་ཉིད་བྱུང་བར་གྱུར་ནས། པདྨ་ཞེས་པ་ནི། ཤེས་རབ་ཀྱི་ངོ་བོ་ཉིད་དུ་གྱུར་པས་ངེས་པར་འགགས་པས་ཞེས་པའོ། །དེ་ནི་ཉེ་བར་སྒྲུབ་པའོ། །ཡི་གེ་ཧཱུཾ་དང་ཕཊ་ལྡན་པའི། །ཞེས་

པ་ནི། སྔོན་དུ་འགྲོ་བས་འོད་གསལ་སྒྲུབ་ཅིང་ཀུན་དུ་སྣང་བ་ཉེ་བར་ཐོབ་པས་འབྱུང་བར་འགྱུར་རོ། །སྒྲུབ་པས་བསྒྲུབ་པ་ཞེས་པ་ནི། མ་རིག་པའི་སྐད་ཅིག་མ་དེས་འདས་ཤིང་སྤོང་བར་གྱུར་པའི་དུས་སུ་འགྲུབ་སྟེ། སྟོང་པ་ཉིད་དང་། ཤིན་ཏུ་སྟོང་པ་ཉིད་དང་། ཆེན་པོ་སྟོང་པ་ཉིད་ཀྱི་རྒྱུ་
རྐྱེན་གྱིས་འགྲུབ་པར་འགྱུར་རོ། །དེ་གང་ཞེ་ན། ངོ་བོ་ཉིད་ནི་ཞི་བདེ་བ། །སྒྲུབ་པ་ཆེན་པོ་ཞེས་པ་ནི་འོད་གསལ་བ་མངོན་དུ་བྱེད་པས་ཕྱག་རྒྱ་ཆེན་པོ་འགྲུབ་པར་འགྱུར་བ་ནི། སྒྲུབ་པ་ཆེན་པོར་བཤད་དེ། ཐབས་ལས་བྱུང་བ་བསྟན་པའི་ཕྱིར། །དཔལ་ལྡན་སངས་རྒྱས་ཀུན་གྱི་བདག །
ཅེས་པ་ལ། སངས་རྒྱས་ཀུན་གྱི་བདག་ཅེས་པ་ནི་སྐུའི་དབང་ཕྱུག་གོ། །རྡོ་རྗེ་འཆང་ཆེན་པོ་ནི་ཐུགས་ཀྱི་དབང་ཕྱུག་གོ། །དེ་ཉིད་ཆོས་རྣམས་ཆོས་ཉིད་དོ། །ཞེས་པ་ནི་གསུང་གི་དབང་ཕྱུག་གོ། །སངས་རྒྱས་ཀུན་གྱི་ཐབས་ལས་ཕྱུང་། །ཞེས་པ་ནི། དབང་ཕྱུག་བརྒྱད་འཐོབ་པར་
འགྱུར་བ་ནི། ཐབས་དེའི་འབྲས་བུ་ཐབས་ལས་བྱུང་བ་སྟེ། རྩ་བའི་རྒྱུད་ཀྱི་ལེའུ་བཅུ་གསུམ་པ་ལས་གསུངས་པ། སྟོན་པ་ཕྱག་ན་རྡོ་རྗེས་དེ་བཞིན་གཤེགས་པ་ཐམས་ཅད་ལ་འདི་སྐད་ཅེས་གསུངས་སོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཡི་གེ་གསུམ་དང་
ལྡན་ན། བྱང་ཆུབ་སེམས་དཔའ་དེ་དག་ཐམས་ཅད་གང་འདི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྤྱོད་པའི་རྡོ་རྗེ་འདི་ལ་དད་ཅིང་བསྒོམ་པར་འགྱུར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གསོལ་པ། གསུམ་པོ་གང་ཞིག་ལགས། རྡོ་རྗེ་འཛིན་པས་བཀའ་སྩལ་པ། དེ་བཞིན་
གཤེགས་པ་ཐམས་ཅད་ཀྱི་སྐུ་རྡོ་རྗེ་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསུང་རྡོ་རྗེ་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་རྡོ་རྗེ་སྟེ། འདི་གསུམ་མོ་ཞེས་གསུངས་སོ། །སློབ་དཔོན་ཟླ་བ་གྲགས་པས་ཀྱང་། ཇི་སྲིད་ཡ་ར་ལ་ཧའི་བར། །ཀ་ཁ་གྷ་མཐའ་
མེད་ཛའི་མཐའ། །ད་དྷའི་མཐའ་དང་མ་མཐར་བཅས། །དེ་དེའི་རྩ་བ་ཡི་གེ་གསུམ། །ཞེས་མཐའ་ཅན་གྱི་རྒྱུད་ཐམས་ཅད་ཀྱི་ཐབས་ལས་བྱུང་བ་སྐུ་གསུང་ཐུགས་རྡོ་རྗེ་དབང་ཕྱུག་ཐོབ་པ་ལ་བཤད་དོ། །སྐུ་གསུང་ཐུགས་ནི་མཚོན་པ་ཙམ་སྟེ། ཇི་སྲིད་རྡོ་རྗེ་དཔལ་

མཆོག་ཆེན་པོ་ལས། །སྐུ་ཡི་དབང་ཕྱུག་གསུང་གི་དབང་ཕྱུག་དང་། །དེ་བཞིན་དུ་ནི་ཐུགས་ཀྱི་དབང་ཕྱུག་དང་། །རྫུ་འཕྲུལ་ཀུན་དུ་འགྲོ་བའི་དབང་ཕྱུག་དང་། །ཅི་འདོད་སྐྱེད་དང་དབང་ཕྱུག་དོན་བརྒྱད་དོ། །ཞེས་པ་ནི། རྫུ་འཕྲུལ་གྱི་དབང་ཕྱུག་དང་། ཐམས་
ཅད་དུ་སོན་པའི་དབང་ཕྱུག་དང་། འདོད་པའི་དབང་ཕྱུག་དང་། གནས་ཀྱི་དབང་ཕྱུག་དང་། འཁོར་གྱི་དབང་ཕྱུག་སྟེ་དེ་འཐོབ་པར་འགྱུར་རོ་ཞེས་པའི་དོན་ཏོ། །དཀྱིལ་འཁོར་སོ་སོའི་རྣལ་འབྱོར་པས་ལས་ཀྱི་ཚོགས་བྱེད་པའི་དུས་སུ་དཀའ་བ་བསྟན་པའི་ཕྱིར། ལས་དང་རྗེས་མཐུན་
གང་གང་གིས། །ཞེས་པ་ལ་སོགས་པ་གསུངས་ཏེ། ལས་དང་རྗེས་མཐུན་ཞེས་པ་ནི། །ཞི་བ་ལ་སོགས་པའི་སྒྲུབ་པར་ནུས་པའི་ལྷ་ཐ་དད་པའོ། །རྣལ་འབྱོར་ཞེས་པ་ནི་ཞི་བ་ལ་རྣམ་པར་སྣང་མཛད་ཀྱི་སྦྱོར་བ་དམིགས་པ་ལ་སོགས་པའི་དཀྱིལ་འཁོར་དང་བཅས་པ་ཞེས་པ་ནི། ཞི་བ་ལ་
རྣམ་པར་སྣང་མཛད་བསྐྱེད་ནས། དེས་བསྐྱེད་ཅེས་པ་ནི། སྤྱན་མ་མདུན་དུ་བསྐྱེད་ལ། དམ་ཚིག་མི་བཟད་ཅེས་པ་ནི། ཨོཾ་རུ་རུ་སྥུ་རུ་ཞེས་པ་ལ་སོགས་པའི་གསང་སྔགས་ཀྱིས་བཀའ་བསྒོ་སྟེ་ལས་སོ་སོར་བསྒྲུབ་པར་བྱའོ། །སྐུ་གསུང་ཐུགས་རྡོ་རྗེ་ཞེས་པ་ནི། རིགས་གསུམ་གྱི་སངས་
རྒྱས་སོ། །གཙུག་ཏོར་དམ་ཚིག་ཅེས་པ་ནི་རྡོ་རྗེ་འཆང་ཆེན་པོའོ། །དེ་ཡང་ལས་ཞི་བ་ལ་སོགས་པ་བསྒྲུབ་པའི་དུས་སུ་བཀའ་བསྒོ་བ་དང་། བཀའི་འཁོར་ལོས་བགེགས་བསྐྲད་པའི་ཚེ་བཀའ་བསྒོ་བ་གཉིས་སུ་རིག་པར་བྱའོ། །ད་ནི་ལས་ཀྱི་སྣ་ཚོགས་པ་ཇི་ལྟར་བྱ་བ་བསྟན་པའི་
ཕྱིར། བསྒྲུབ་བྱའི་ལུས་གང་ཡིན་པ་ལ། །ཞེས་པ་ནི། དགྲ་བོ་དེ་སྟ་རེ་དང་ཐོ་བ་ལག་ཏུ་བཟུང་སྟེ། སེམས་ཁྲོས་པར་གྱུར་པས། ནམ་མཁའི་གཏོས་འདི། ཉན་ཐོས་དང་རང་སངས་རྒྱས་དང་། ཡང་དག་པར་རྫོགས་པའི་སངས་རྒྱས་དང་། དེ་བཞིན་དུ་སངས་རྒྱས་ཀྱི་བསྟན་པ་ལ་གནས་
ཤིང་ཚུལ་ཁྲིམས་ལ་སོགས་པའི་ཡོན་ཏན་དང་ལྡན་པའི་དགེ་སློང་དང་། བསླབ་པ་ལྔ་དང་ལྡན་པའི་དགེ་བསྙེན་རྣམས་དང་། ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་ཀྱིས་གང་བར་བསམས་པ་དེ་རྣམས། དགྲ་བོས་དེ་རྣམས་ཐོ་བས་བརྡུངས་ཤིང་སྟ་རེས་བཅད་པར་བསམས་ཏེ་

གསོད་པར་བསྒོམས་ལ། ཡང་དགྲ་བོའི་ལུས་ལ་གསང་བ་འདུས་པའི་དཀྱིལ་འཁོར་རྣམ་པར་བསྒོམས་ནས། དགྲ་བོ་དེའི་ལུས་ལ་གནས་པའི་དཀྱིལ་འཁོར་པ་རྣམས་ལ་དེའི་ཉེས་པ་བསྒྲག་པར་བྱའོ། །དེ་ནས་དེ་རྣམས་དེ་བཅོམ་ནས། །ཞེས་པ་ནི། དགྲ་བོའི་ལུས་ཀྱི་ལྷ་རྣམས་ཁྲོས་ཏེ། དགྲ་བོ་བཅོམ་
ཞིང་བསད་ནས་ཕྱུང་བར་འགྱུར་རོ། །དངོས་པོ་ཀུན་གྱིས་ཞེས་པ་ནི། རང་གི་ལྷ་ལ་དགྲ་བོའི་ལྷ་དྲངས་ཏེ། རང་གི་འཁོར་ལོ་ལ་དགྲ་བོ་ལྷ་རྣམས་གཞུག་པར་བྱའོ། །ཇི་སྐད་གསུངས་པའི་རྫས་རྣམས་ཀྱིས། །ཞེས་པ་ནི། ལེའུ་བཅོ་ལྔ་པ་དང་བཅུ་བཞི་པ་ལས་སོ། །ཁྲོ་བས་ཁྱབ་ཅེས་པ་
ནི། །རང་ཁྲོ་བོར་བསྒོམ་པའོ། །དེ་ནས་བཀའ་མནོས་ཁྲོ་བོ་ཞེས་པ་ནི། ལེའུ་བཅོ་ལྔ་པ་དང་། བཅུ་གསུམ་པ་ལས་བསྟན་པ་བཞིན་དུ། རང་གི་འཁོར་ཁྲོ་བོ་དང་། སྲིན་པོ་དང་། བྱ་དང་ཅེ་སྤྱང་དང་། སྦྲུལ་ལ་སོགས་པ་རྦད་ཅིང་། དེ་རྣམས་ཀྱིས་བཀུག་ལ་གཟུགས་ལ་དབབ་པར་བྱའོ། །སྤྱི་བོ་
མགྲིན་པ་སྙིང་ག་རུ། །ཞེས་པ་ནི། ལེའུ་བཅུ་གསུམ་པ་དང་། བཅུ་བཞི་པ་ལས་གསུངས་པ་བཞིན་དུ་ཕུར་བུའི་ཆོ་གའོ། །ཡམས་དང་ཉེ་བར་འཚེ་བ་ཞེས་པ། ལེའུ་བཅུ་གསུམ་པ་ལས་འབྱུང་བ་བཞིན་དུ། ཧཱུཾ་ལས་རྡོ་རྗེ་རྩེ་ལྔ་པའི་ཕུར་བུས་གདབ་པར་བའོ། །དེ་རྣམས་སྦྱོར་བ་ཐམས་ཅད་ཅེས་
པ་ནི། འཁྲུལ་འཁོར་དང་། སྔགས་ཀྱི་བཟླས་བརྗོད་དང་སྦྱར་བའོ། །བསམ་གཏན་ལ་སོགས་པ་དང་། སྦྱིན་སྲེག་དང་། མཚན་མ་མནན་པ་ལ་སོགས་པའི་ལས་ཀྱི་ཚོགས་ཅན་ཞེས་པའི་དོན་ཏོ། །ལས་སོ་སོའི་གསུངས་པ་ནི། ཞི་ལ་ཞི་བའི་སེམས་ཀྱིས་ཀྱང་། །ཞེས་པ་ལ་སོགས་པ་སྟེ་གོ་སླའོ། །
ད་ནི་ཐེ་ཚོམ་ཆོད་པའི་སྒོ་ནས་བསྟོད་པ་བསྟན་པའི་ཕྱིར། དེ་ནས་བཅོམ་ལྡན་འདས་ཞེས་པ་ལ་སོགས་པ་གསུངས་ཏེ། རྡོ་རྗེ་འཆང་ཆེན་པོ་འོད་གསལ་ལ་ཞུགས་པ་ལ་བསྟོད་པའི་རྒྱལ་པོས་བསྟོད་དོ། །སངས་རྒྱས་ཐམས་ཅད་གསོད་པ་ཞེས་པ་ནི། འདས་མ་ཐག་ཏུ་དྲག་པོའི་ལས་གསུངས་
པའི་ཐེ་ཚོམ་ཞུས་པའོ། །དེའི་ལན་གསུངས་པ། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཅེས་པ་ལ་སོགས་པ་སྟེ། སློབ་དཔོན་བྱང་ཆུབ་རྡོ་རྗེ་ཅན། །ཞེས་པ་ནི། དོན་དམ་པའི་བྱང་ཆུབ་རྟོགས་པའོ། །དངོས་རྣམས་ཐམས་ཅད་སྒྱུ་མ་བཞིན། །ཞེས་པ་ནི། ཟུང་འཇུག་གི་སྐུ་བསྒོམས་པས་སྒྱུ་མ་

དང་འདྲ་བའོ། །དེ་བས་ན་སྡིག་པས་ངན་སོང་དུ་མི་འགྲོ་ལ། བསོད་ནམས་ཀྱིས་མཐོ་རིས་སུ་མི་འགྲོ་སྟེ། འབྲས་བུ་བྱང་ཆུབ་ཡིན་ཞེས་གསུངས་སོ། །བྱང་ཆུབ་རྡོ་རྗེ་ཞེས་པ་ནི་ཐམས་ཅད་སྟོང་པའོ། །ཡེ་ཤེས་ཀྱིས་ནི་རྒྱས་བཏབ་ཅེས་པ་ནི། བདེན་པ་གཉིས་དབྱེར་མེད་པར་བསྒོམ་པའོ། །སྒྲུབ་
པ་ཆེན་པོའི་མཐར་ཐུག་པར་བྱས་ནས། ལས་རྣམས་བརྩམ་པར་བྱ་ཞེས་པ་ནི། བསྐྱེད་པའི་རིམ་པ་ལ་གནས་པས་ཕྲ་མོ་ལ་སེམས་བརྟན་པར་གྱུར་ཏེ། བཟླས་བརྗོད་ཀྱི་ཆོ་གས་གྲངས་ཚང་བར་གྱུར་པས་སྔགས་ལ་མཆོག་ཏུ་གཞོལ་བའི་ལས་རྣམས་བརྩམ་པར་བྱའོ། །རྫོགས་པའི་རིམ་པ་ལ་གནས་
པས་སྤྲོས་པ་གསུམ་གྱི་སྤྱོད་པས་སེམས་བརྟན་ནས། རྡོ་རྗེ་བཟླས་པ་ལ་མངོན་དུ་གྱུར་པས་ནང་ལ་མཆོག་ཏུ་གཞོལ་བའི་ལས་རྣམས་བརྩམ་པར་བྱའོ་ཞེས་སྟོན་ཏོ། །དེའི་དོན་ལ་བྱང་ཆུབ་སེམས་དཔའ་རྣམས་ལེགས་སོ་ཞེས་གསོལ་ཏོ། །དེ་ནས་བྱང་ཆུབ་སེམས་དཔའ་ཞེས་པ་ལ་སོགས་པའོ། །
དེ་བཞིན་གཤེགས་པ་རྣམས་གསང་བ་འདུས་པའི་དབང་བསྐུར་བ་ཐོབ་ཅིང་། ཟུང་དུ་འཇུག་པ་ལ་གནས་པ་ཅི་ལ་ཡང་འཇིགས་པ་མེད་པར་བསྟན་པ་ནི། དེ་ནས་དེ་བཞིན་གཤེགས་པ་དེ་དག་ཅེས་པ་ལ་སོགས་པ་གསུངས་པའོ། །ད་ནི་བསྟོད་པ་གསུམ་པ་རྒྱུད་གསང་བ་འདུས་པའི་དོན་ཐམས་
ཅད་བསྡུས་པའི་སྒོ་ནས་བསྟོད་པ་གསུངས་པ་བསྟན་པའི་ཕྱིར། དེ་ནས་བྱང་ཆུབ་སེམས་དཔའ་ཆེན་པོ་ཞེས་པ་ལ་སོགས་པ་གསུངས་ཏེ། དང་པོ་སངས་རྒྱས་དཀོན་མཆོག་གསང་བ་འདུས་པའི་ལྷ་སུམ་ཅུ་རྩ་གཉིས་ཀྱི་སྒོ་ནས་བསྟོད་པ་ནི། དུས་གསུམ་རྡོ་རྗེའི་ཐུགས་ཡིན་ཞེས་པ་ནི། རྡོ་རྗེ་
འཆང་ཆེན་པོ་སྟེ། དེ་ཉིད་སྲིད་པ་འཁོར་བ་དང་། ཐར་པ་མྱ་ངན་ལས་འདས་པ་གཉི་ག་ཞི་ཞིང་། སྒྲིབ་པ་ཐམས་ཅད་སྤངས་ཏེ། ནམ་མཁའི་འོད་གསལ་རྟོགས་ནས་སངས་རྒྱས་ཏེ། རྣམ་པར་སྣང་མཛད་ལ་སོགས་པས་ཟུང་འཇུག་གི་སྐུ་དབང་ཕྱུག་བརྒྱད་དང་ལྡན་པའི་བྱང་ཆུབ་ཀྱི་སེམས་རིག་
པའི་སྐྱེས་བུ་རྡོ་རྗེ་འཆང་ཡིན་ཞེས་པ་དེ་ལ་ཕྱག་འཚལ་བའོ། །གཟུགས་དང་ཚོར་བ་ཞེས་པ་ནི་རིགས་ལྔའོ། །རྣམ་པར་ཤེས་པ་དྲུག་ནི། ཁྲོ་བོ་འདོད་པའི་རྒྱལ་པོ་ལ་སོགས་པའོ། །སྐྱེ་མཆེད་ནི་ལྷ་མོ་ལྔའོ། །ཆོས་ཀྱི་སྐྱེ་མཆེད་ནི་ཀུན་དུ་བཟང་པོའོ། །དབང་པོ་དྲུག་ནི་སའི་སྙིང་

པོ་ལ་སོགས་པ་དྲུག་གོ། །ས་ལ་སོགས་པ་ནི་ཡུམ་བཞིའོ། །ནམ་མཁའ་རྡོ་རྗེ་ནི་འཇམ་དཔལ་ལོ། །ཁྲོ་བོ་སྒོ་སྲུང་བ་བཞི་བསྟན་པའི་ཕྱིར། གཏི་མུག་སྟེ་ཞེས་པ་ལ་སོགས་པའོ། །འདོད་པའི་རྒྱལ་པོ་ལ་སོགས་པའི་ཁྲོ་བོ་དྲུག་བསྟན་པའི་ཕྱིར། སྤྲོ་དང་དགའ་དང་རྣམ་པ་ཞེས་
པ་ལ་སོགས་པའོ། །དེ་ལྟར་དཀྱིལ་འཁོར་པའི་ལྷའི་སྒོ་ནས་བསྟོད་ནས། ད་ནི་ཆོས་དཀོན་མཆོག་གསང་བ་འདུས་པའི་རྒྱུད་ཀྱི་སྒོ་ནས་བསྟོད་པ་གསུངས་པ། གང་ཞིག་ཐོག་མེད་དངོས་རྣམ་དག །ཅེས་པ་ལ་སོགས་པས་སྟོན་ཏེ། བུམ་པའི་དབང་དང་། གསང་བའི་དབང་དང་། བརྟུལ་
ཞུགས་དང་སྟེ། ཤེས་རབ་ཡེ་ཤེས་དབང་། སྤྲོ་དང་བྲལ་ཞེས་པས། དབང་བཞི་པ་རྣམས་ལ་ཕྱག་འཚལ་ཞེས་པའོ། །གང་ཞིག་དངོས་གྲུབ་མཆོག་གི་ཐབས་ནི་འདི་བསྒོམ་ཞིང་། །ཞེས་པ་ནི། རིམ་པ་གཉིས་ཀྱི་བསྙེན་སྒྲུབ་ཡན་ལག་བཞི་རྣམས་ལ་ཕྱག་འཚལ་བའོ། །མི་སྣང་ལ་སོགས་
ཞེས་པ་ནི། ཐུན་མོང་གི་དངོས་གྲུབ་རྡོ་རྗེ་མཆོག་བཞིའི་སྒོ་ནས་བསྒྲུབ་པ་དང་། ཕྱག་རྒྱ་ཆེན་པོའི་དངོས་གྲུབ་མ་ནོར་བར་རྟོགས་པའི་ཐབས་དང་ཐབས་ལས་བྱུང་བ་དེ་ལ་ཕྱག་འཚལ་ལོ་ཞེས་པའོ། །ད་ནི་དགེ་འདུན་དཀོན་མཆོག་རྣལ་འབྱོར་པ་གསང་བ་འདུས་པ་ལ་འཇུག་པ་རྣམས་ཀྱང་འབྲས་བུ་
རྡོ་རྗེ་འཆང་ཆེན་པོ་འདྲ་བར་བསྟན་པའི་ཕྱིར། གང་ཞིག་རབ་གསང་འདུས་པའི་རྒྱུད་ནི་ཉན་པ་དང་། །ཞེས་པ་ལ་སོགས་པའི་རྒྱུད་གསུངས་ཏེ། རྒྱུད་ཁྱད་པར་དུ་གྱུར་པའི་དཀྱིལ་འཁོར་ཉན་པ་དང་། བསམས་པ་ལས་ཡོན་ཏན་ཡོད་པར་བསྟན་པ་ནི། བསྒོམ་པ་ལ་གནས་པ་རྣམས་ཀྱི་ཡོན་ཏན་བསྟན་
པའི་ཕྱིར། གང་ཞིག་གསང་བ་སྤྱོད་པ་ཡིས། །ཞེས་པ་ནི། བསྒོམ་པའི་ཡོན་ཏན་དང་པོར་ལས་ཀྱི་ཚོགས་འཁྲུལ་འཁོར་ནུས་པར་སྟོན་པའོ། །ཅིའི་ཕྱིར་ཞེ་ན། དེ་ཡང་དང་པོར་སྒྲུབ་སླ་བས་སོ། །བསྒོམ་པ་ནི་གོམས་ནས་སྒྲུབ་པ་པོ་དེ་ཉིད། རྡོ་རྗེ་འཆང་ཆེན་པོ་དང་མཚུངས་པར་ཡོན་ཏན་ཡོད་པར་བསྟན་
པའི་ཕྱིར། གང་ཞིག་གཙོ་བོ་སྒྲུབ་པ་པོ། །མཐོ་རིས་ཞེས་པ་ལ་སོགས་པ་གསུངས་ཏེ། ད་ནི་བསྟོད་པ་དེའི་ཕན་ཡོན་བསྟན་པའི་ཕྱིར། བསྟོད་པའི་ཚིག་ནི་ཞི་བ་འདིས། །ཞེས་པ་ལ་སོགས་པའོ། །དེ་ལྟར་བསྟོད་པ་བྱས་པས་རྒྱུད་རྫོགས་པར་གྱུར་པ་ལ་དེ་བཞིན་གཤེགས་པ་

རྣམས་རྗེས་སུ་ཡི་རང་བར་བསྟོད་པའི་ཕྱིར། བྱང་ཆུབ་སེམས་དཔའ་གྲགས་ཆེན་ཞེས་པ་ལ་སོགས་པའོ། །རྒྱུད་ཀྱི་རྒྱལ་པོ་དཔལ་གསང་བ་འདུས་པ་རྫོགས་པར་ཕྱེ་བའི་ཕྱིར། འདུས་པ་གསང་བ་ལས་བྱུང་བ། །ཞེས་པ་ལ་སོགས་པའོ། །ཕྱི་རྒྱུད་བཤད་
པ་རྫོགས་ནས་ཀྱང་། རྩ་བའི་རྒྱུད་རྫོགས་པ་བཞིན་དུ་སྐུ་གསུང་ཐུགས་མཉམ་པ་ཉིད་ལ་ཞུགས་པ་བསྟན་པའི་ཕྱིར། དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་ཅེས་པ་ལ་སོགས་པ་གསུངས་སོ། །གསང་བ་ཐམས་ཅད་སྟོན་པ་རྡོ་རྗེ་ཡེ་ཤེས་བྱིན་གྱིས་བརླབ་པ་ཞེས་བྱ་བའི་ལེའུ་བཅོ་བརྒྱད་
པ་རྫོགས་སོ་ཞེས་བྱ་བ་ལ། གསང་བ་ཐམས་ཅད་ནི་རྩ་བའི་རྒྱུད་ཀྱི་དོན་གསང་བ་རྣམས་འདིར་སྟོན་པས་དེ་སྐད་ཅེས་བྱའོ། །རྡོ་རྗེ་ནི་ཐམས་ཅད་སྟོང་པའོ། །ཡེ་ཤེས་ནི་གཉིས་སུ་མེད་པའི་ཡེ་ཤེས་ཏེ། རྡོ་རྗེ་འཆང་ཆེན་པོས་བརྒྱུད་པ་འདི་བྱིན་གྱིས་བརླབས་པ་ཡིན་ནོ་ཞེས་བྱ་
བའི་དོན་ཏོ། །ལེའུ་ནི་གོང་དང་འདྲ་བར་ཉོན་མོངས་པའི་འཚེ་བ་ཟློག་པར་བྱེད་པའོ། །བཅོ་བརྒྱད་པ་ཞེས་པ་ནི། ལེའུ་དང་པོར་རིམ་པ་གཉིས་ཀྱི་གཞི་སྟོན་པ་དང་། ལེའུ་བཅུ་དྲུག་པ་ལས་བསྙེན་སྒྲུབ་བཞིའི་དོན་སྟོན་པ་དང་། བཅོ་བརྒྱད་པ་དེ་ཐམས་ཅད་ཀྱིས་གསང་བའི་མན་
ངག་སྟོན་པ་འདི་རྫོགས་སོ་ཞེས་བྱའོ།། །།དཔལ་ལྡན་འདུས་པ་ཡོངས་གསལ་བའི། །ཕྱི་མའི་རྒྱུད་ཀྱི་དོན་གསལ་འདི། །སྒྲོན་མ་གསལ་བའི་རྗེས་འབྲངས་ནས། །ཀླུ་སྒྲུབ་མན་ངག་བཤད་པ་འདི། །གསང་བ་ཐམས་ཅད་པ་ཡི་འགྲེལ། །གསང་བའི་སྒྲོན་མ་ཞེས་བྱ་
བ། །སློབ་དཔོན་ཀླུ་སྒྲུབ་འཕགས་པའི་ལྷ། །ཀླུ་ཡི་བྱང་ཆུབ་ཤཱཀྱའི་བཤེས། །ཟླ་བ་གྲགས་པ་ལ་སོགས་པའི། །མན་ངག་རིམ་པ་ལ་བརྟེན་ནས། །བདག་གིས་བྲིས་པའི་དགེ་བ་ཡིས། །འགྲོ་ཀུན་བྱང་ཆུབ་ཐོབ་པར་ཤོག །དཔལ་གསང་བ་འདུས་པའི་རྒྱུད་ཕྱི་མ་
གསང་བ་ཐམས་ཅད་སྟོན་པ་ཞེས་བྱ་བའི་རྒྱ་ཆེར་འགྲེལ་པ་གསང་བའི་སྒྲོན་མ་ཞེས་བྱ་བ། སྙན་གྲགས་བཟང་པོའི་ཞལ་སྔ་ནས་མཛད་པ་རྫོགས་སོ།། །།པཎྜི་ཏ་སྨྲྀ་ཏི་ཛྙཱ་ན་ཀཱི་རྟིས་རང་འགྱུར་བྱས་པའོ།། །།