Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 30

Văn bản gốc(Tây Tạng)

Trang 14 / 15 (50.000 ký tự/trang)
ནི་ཕུང་པོ་ལ་སོགས་པའོ། །གཟིགས་པ་ཞེས་པ་ནི་ཐམས་ཅད་སྟོང་པར་རོ། །དེ་དག་ཐམས་ཅད་ཅེས་པ་ནི་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱི་རང་བཞིན། བསྡུས་པ་རྡོ་རྗེ་འཆང་ཆེན་པོ་ཡིན་པས་དེ་སྐད་ཅེས་བྱའོ། །ད་ནི་བསྟོད་པ་གསུམ་ལས། དང་པོ་
རྩ་བའི་རྒྱུད་རྫོགས་པར་གྱུར་པ་ལ་བསྟོད་པའི་ཕྱིར། ཨེ་མའོ་ཞེས་པ་ལ་སོགས་པ་གསུངས་ཏེ། ཨེ་མའོ་ཞེས་པ་ནི་གསང་བ་འདུས་པའི་རྩ་བའི་རྒྱུད་བཤད་པ་ལ་ངོ་མཚར་དུ་གྱུར་པའོ། །གང་ལ་ངོ་མཚར་ན། ཀུན་དུ་བཟང་པོ་ཞེས་བྱ་བ་ནི་རྣམ་པར་རྟོག་པའི་སྤྲོས་པ་ཐམས་
ཅད་དང་བྲལ་བའི་རྡོ་རྗེ་འཆང་ཆེན་པོ་ལ་བྱ་སྟེ། དེའི་སྐུ་དང་གསུང་དང་ཐུགས་ནི། རྣམ་པར་སྣང་མཛད་དང་། སྣང་བ་མཐའ་ཡས་དང་མི་བསྐྱོད་པའོ། །དེ་གསུམ་ངེས་པའི་རྡོ་རྗེ་གསུམ་གྱིས་ཞེས་པ་ནི། དེ་གསུམ་གྱི་སྐུ་གསུང་ཐུགས་རྡོ་རྗེ་གསུམ་ལ་ཀུན་དུ་བཞུགས་ཞེས་པ་ནི། དེ་
བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་མཉམ་པ་ཉིད་སྒྱུ་མ་ལྟ་བུ་ལ་དམིགས་ནས་ཅང་མི་གསུང་བར་གྱུར་པ་ལ་བྱའོ། །སེམས་ཅན་ཐམས་ཅད་དུས་གསུམ་གྱིས། །རྡོ་རྗེའི་ངོ་བོར་ཡང་དག་བྱུང་། །ཞེས་པ་ནི། སེམས་ཅན་ཐམས་ཅད་ཀྱི་ལུས་དང་རྣམ་པར་སྣང་
མཛད་ནི་རྟེན་དང་བརྟེན་པ་ཉིད་དུ་མེད་ཅིང་དེ་བཞིན་ཉིད་དུ་རྫོགས་པ་དང་། མ་རྫོགས་པའི་ལུས་ངག་དབྱེར་མེད་པར་བསྟན་པ་དང་། དེ་བཞིན་དུ་ཁམས་གསུམ་པའི་ངག་དང་ཡིད་གང་ཡིན་པ་དེ་ནི་སྣང་བ་མཐའ་ཡས་དང་མི་བསྐྱོད་པ་གཅིག་པར་བསྟན་ཏོ། །འདི་སྐད་སྟོན་པར་
འགྱུར་ཏེ། རིགས་ལྔ་དང་ལྡན་པའི་སྤྲུལ་པའི་སྐུ་དཔག་ཏུ་མེད་ཅིང་མཐའ་ཡས་པའི་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་རྣམས་དང་། ཁྲོ་བོའི་རྒྱལ་པོ་ལ་སོགས་པ་ཐམས་ཅད་རྣམ་པར་སྣང་མཛད་དང་འོད་དཔག་མེད་དང་། མི་བསྐྱོད་པ་ཉིད་ཐོབ་པར་འགྱུར་ཏོ་ཞེས་བྱའོ། །
སངས་རྒྱས་ཐམས་ཅད་རྫུ་འཕྲུལ་ཆེ། །ཞེས་པ་ནི་སངས་རྒྱས་ཐམས་ཅད་རིགས་གསུམ་དུ་གྱུར་པས་སོ། །བྱང་ཆུབ་རྡོ་རྗེའི་གནས་ཐོབ་པ། །ཞེས་པ་ནི། ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་ཀྱང་རིགས་གསུམ་དང་རྟེན་དང་བརྟེན་པར་དབྱེར་མེད་པའི་གནས་ཐོབ་པར་གྱུར་

པའོ། །ཨེ་མའོ་འདི་རབ་ངོ་མཚར་ཆེ། །ཨེ་མའོ་ཞི་བ་དབང་པོ་འདས། །ཞེས་པ་ནི། སངས་རྒྱས་ཐམས་ཅད་རིགས་གསུམ་དུ་འདུས་ཤིང་། འོད་གསལ་གྱི་རང་བཞིན་ཅན་དུ་ཅང་མི་གསུང་བར་གྱུར་པས་སོ། །དབང་པོ་སྤྱོད་ཡུལ་ལས་འདས་པ་ནི་ཞི་བ་སྟེ། འདི་ལ་
རབ་ཏུ་ངོ་མཚར་ཆེ། །ཞེས་དགོངས་པའོ། །ཨེ་མའོ་འཁོར་བ་དག་གི་རྒྱུན། །ཞེས་པ་ནི་ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་ཀྱི་ལུས་དང་ངག་དང་སེམས་ཀྱི་རྒྱུན་རིགས་གསུམ་དུ་མཆོག་ཏུ་མྱ་ངན་ལས་འདས་པ་ལ་ངོ་མཚར་བའོ། །དེ་ཡང་ལེའུ་བཅུ་བདུན་པ་ལས། དེ་ནས་དེ་བཞིན་
གཤེགས་པ་སྐུ་རྡོ་རྗེ་རྣམ་པར་སྣང་མཛད་ཁམས་གསུམ་ཐམས་ཅད་ཀྱི་ལུས་ལ་གནས་ཤིང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་མཉམ་པ་ཉིད་ལ་དམིགས་ནས་ཅང་མི་གསུང་བར་གྱུར་ཏོ་ཞེས་བྱ་བ་ལ་བསྟོད་པ་ཡིན་ནོ། །རྡོ་རྗེ་འཆང་ཆེན་པོ་བསྟོད་པ་ལ་དགྱེས་ནས་སྣང་བ་
གསུངས་པ། དེ་ནས་ཞེས་པ་ལ་སོགས་པ་སྟེ། དེ་དེ་བཞིན་ནོ་ཞེས་པ་ནི་སངས་རྒྱས་སུ་གྱུར་པའོ། །དེ་དེ་བཞིན་ཏེ་ཞེས་པ་ནི་ཁམས་གསུམ་ཐམས་ཅད་ཀྱང་རིགས་གསུམ་དུ་སྣང་བའོ། །དེ་ལྟར་བསྟོད་པ་བསྟན་ནས། དེ་ནི་རྒྱུད་ཕྱི་མའི་དོན་ཞུས་པ་བསྟན་པ་ནི། དེ་ནས་བྱང་ཆུབ་སེམས་
དཔའ་ཞེས་པ་ལ་སོགས་པ་བསྟན་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདུས་པར་ཞེས་པ་ནི་བྱམས་པ་ལ་སོགས་པ་བརྗོད་ཀྱིས་མི་ལང་བ་རྣམས་སོ། །གསང་བའི་མཆོད་པ་ཞེས་པ་ལ་སོགས་པ་ནི་ཞུ་བའི་ཕྱིར་སྦྱོར་བ་བསྟན་པ་སྟེ། གསང་བ་ནི་རྡོ་རྗེ་དང་པདྨའི་མཆོད་
པའོ། །ཕྱིའི་མཆོད་པ་ནི་འདོད་པ་ལྔ་དང་། རིན་པོ་ཆེ་སྣ་བདུན་ལ་སོགས་པའོ། །ཕྱག་བྱས་ཏེ་ཞེས་པ་ནི་ལུས་ཀྱི་ཡན་ལག་ལྔ་གཏུགས་པ་སྟེ་དྲང་བའི་དོན་ཏོ། །རང་གི་སེམས་ཀྱི་ཆོས་ཉིད་ཡེ་ཤེས་ཀྱི་རིག་པར་འགྱུར་ལ། དེ་ཉིད་ཕྱག་ཡིན་ཏེ་ངེས་པའི་དོན་ཏོ། །རྒྱུད་ཕྱི་མའི་དོན་སྤྱིར་
ཞུས་པ་བསྟན་པའི་ཕྱིར། ཨེ་མའོ་ཞེས་པ་ལ་སོགས་པ་གསུངས་ཏེ། ཤིན་ཏུ་རྙེད་དཀའ་བ་ཞེས་པ་ནི། དད་པ་འཕེལ་བར་བྱ་བའི་ཕྱིར་རྒྱུད་རྙེད་པར་དཀའ་བ་བསྟན་པ་ཡིན་ཏེ། དེ་ཡང་སངས་རྒྱས་མར་མེ་མཛད་ཀྱིས་ཀྱང་མ་གསུངས་ལ། དེ་བཞིན་གཤེགས་པ་འོད་སྲུངས་

མྱ་ངན་ལས་འདས་ནས་ཡང་མ་བྱུང་བར་བསྟན་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། དུས་དེ་སྲིད་ཀྱི་བར་དུ་ནི་སེམས་ཅན་དམན་པ་ལ་ལྷག་པར་མོས་ཤིང་སྦྱིན་པ་དང་། ཚུལ་ཁྲིམས་ལ་སོགས་པ་འདོད་ཆགས་དང་བྲལ་བའི་ཆོས་ཀྱི་འདུལ་བ་ཟབ་མོ་བསྟན་པས་སྐྲག་པའི་ཡིད་དང་ལྡན་པ་ཡིན་
ཏེ། །དེ་བས་ན་སྐལ་བ་མེད་པས་དེའི་ཚེ་གསང་བ་ཆེན་པོའི་དོན་གྱི་བཤད་པ་མ་གསུངས་ལ། དུས་འདིར་ནི་སེམས་ཅན་འདོད་ཆགས་ལ་སྤྱོད་ཅིང་སྙིགས་མ་ལྔ་བདོ་བའི་སེམས་ཅན་རྣམས་ཀྱི་མོས་པ་མཁྱེན་ནས་བྱོན་ཏེ། རྡོ་རྗེ་འཆང་འབའ་ཞིག་གིས་གསུངས་པ་ཡིན་པའི་ཕྱིར།
ཤིན་ཏུ་རྙེད་དཀའ་བའི་བྱང་ཆུབ་སྒྲུབ་པའི་ཐབས་འདི་ཡིན་ཞེས་པ་ནི། གང་གཱའི་ཀླུང་གི་བྱེ་མ་སྙེད་དཔག་ཏུ་མེད་པ་སྙེད་ཀྱི་བསྐལ་པར་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་འབད་ཅིང་བརྩལ་ཀྱང་བྱང་ཆུབ་ཐོབ་པར་མི་འགྱུར་བ་གང་ཡིན་པ་གསང་བ་འདུས་པ་ལ་དགའ་བའི་བྱང་ཆུབ་
སེམས་དཔའི་ནང་གི་མངོན་པར་བྱང་ཆུབ་པའི་རིམ་པས་དོན་དམ་པའི་བདེན་པ་ལ་ཞུགས་ནས་རྙོག་པའི་དྲི་མ་ཐམས་ཅད་བཀྲུས་ཏེ། སྐད་ཅིག་དང་། ཐང་ཅིག་དང་། ཡུད་ཙམ་དང་། མིག་བཙུམས་པ་ཙམ་གྱིས་བདག་ལ་བྱིན་གྱིས་བརླབ་པའི་རིམ་པ་ལངས་ནས་ཐམས་ཅད་མཁྱེན་
པའི་ཕུན་སུམ་ཚོགས་པ་དང་ལྡན་པར་གྱུར་པས་ནའོ། །རྒྱུ་ནི་མཆོག་གི་མཆོག་གྱུར་ཞེས་པ་ནི་རྒྱུད་ཐམས་ཅད་ཀྱི་རྩ་བའི་རྒྱུད་ནི་དེ་ཁོ་ན་ཉིད་བསྡུས་པ་ཡིན་ལ། དེའི་རྒྱུད་ཕྱི་མ་ནི་གསང་བ་འདུས་པ་ཡིན་ནོ། །དེའི་ཡང་རྒྱུད་ཕྱི་མར་གྱུར་པ་ནི་ལེའུ་བཅོ་བརྒྱད་པོ་འདི་ཡིན་ནོ། །
སྦས་པ་ཞེས་པ་ནི་གཏེར་སྦས་པ་དང་འདྲ་བར་འདོད་ཆགས་ཀྱི་ཆོས་ལ་སོགས་པ་རྩ་བའི་རྒྱུད་དུ་ཚིག་དོན་མི་གསལ་བར་གསུངས་པ་དེ་ནི་རྟོགས་པར་བྱ་བའི་ཕྱིར་རྒྱུད་ཕྱི་མ་ཞུས་ཞེས་པའོ། །དེ་ལྟར་བདག་གི་དོན་ཞུས་ནས་གཞན་གྱི་དོན་གྱི་ཕྱིར་ཞུས་པ་ནི། སེམས་ཅན་
རྣམས་ལ་ཞེས་པའོ། །གང་བཤད་ཅེས་པ་ནི་གོང་དུ་རྩ་བའི་རྒྱུད་དོ། །རྡོ་རྗེ་འཆང་གིས་སྣང་བ་གསུངས་པའི་ཕྱིར། དེ་ནས་ཞེས་པ་ལ་སོགས་པ་གསུངས་ཏེ། ལེགས་སོ་ཞེས་པ་ནི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཞུས་པའི་ཕྱིར་རོ། །རྒྱུད་ཕྱི་མའི་ཐེ་ཚོམ་རྣམས་ཞུ་བ་

བསྟན་པའི་ཕྱིར། དེ་ནས་བྱང་ཆུབ་སེམས་དཔའ་ཀུན། རབ་ཏུ་དགའ་བས་མིག་ཅེས་པ་ལ་སོགས་པ་གསུངས་ཏེ། ཡང་དང་ཡང་དུ་ཞེས་པ་དོན་ཆེན་པོ་ནི་ཞུ་བ་མང་པོས་འཐོབ་པར་བྱེད་པའི་ཕྱིར་རོ། །རྒྱུད་འདི་ཡི་མིང་ཅི་ཡིན་ཞེ་ན། དཔལ་གསང་བ་འདུས་པ་རྣལ་
འབྱོར་གྱི་རྒྱུད་ཅེས་སྟོན་ཏེ། གསང་བ་དང་། འདུས་པ་དང་། དཔལ་གྱི་དོན་འབྲེལ་པ་དང་། རྒྱུད་དང་། རྣལ་འབྱོར་ཞེས་ཐེ་ཚོམ་བཞི་ཞུས་ཏེ། རྒྱུད་ཀྱི་དོན་ཐམས་ཅད་མདོར་བསྡུས་ཏེ་ཞུས་པ་ཡིན་ནོ། །ལེའུ་དང་པོ་ལ་རིགས་ལྔར་བསྟན་པ་ཞུས་པ་ནི། དེ་ཉིད་རྣམས་པ་དུ་རུ་བཤད། །ཅེས་
པའོ། །སྐུ་གསུང་ཐུགས་ཀྱི་ཚུལ་དུ་བསྟན་པའི་ཕྱིར། དེ་བཞིན་གསང་བ་རྣམ་པ་དུ། །ཞེས་པའོ། །རྡོ་རྗེ་འཆང་ཆེན་པོའི་གཅིག་པུའི་དོན་ཞུས་པ་ནི། གསང་ཆེན་ཡང་ནི་གང་ལ་བགྱི། །ཞེས་པའོ། །ལུས་རྣམ་པར་དབེན་པ་རྒྱས་པར་ཞུས་པ་ནི། དམ་པ་རྣམ་པ་དུ་ཞེས་པའོ། །ལེའུ་གཉིས་
པ་ལས། བྱང་ཆུབ་ཀྱི་སེམས་བསྟན་པའི་དོན་ཞུས་པ་ནི། བྱང་ཆུབ་སེམས་ཞེས་གང་ལ་བགྱི། །ཞེས་པའོ། །ལེའུ་དང་པོ་ལས། རིག་པའི་སྐྱེས་བུ་ཆེན་པོའི་གཟུགས་བསྟན་པའི་དོན་ཞུས་པ་ནི། རིག་པའི་སྐྱེས་བུ་ཞེས་པའོ། །ལེའུ་དང་པོ་ལས། ལྷ་བཅུ་གསུམ་གྱི་སྔགས་
བསྟན་པའི་དོན་ལ་ཐེ་ཚོམ་བཅུ་དྲུག་ཞུས་པ་ནི། བཛྲ་དྷྲྀཀ་ཅེས་པ་ནས། དེ་བཞིན་བིགྷྣཱན་ཏ་ཀྲིཏ་ཅེས་པའི་བར་གྱིས་བསྟན་ཏོ། །ལེའུ་དགུ་པ་ལས་བྱང་ཆུབ་སེམས་དཔའི་སྤྱོད་པ་དང་། དེ་བཞིན་གཤེགས་པའི་སྤྱོད་པ་བསྟན་པའི་དོན་ཞུས་པ་ནི། ཀུན་ཏུ་སྤྱོད་པ་གང་ཞིག་
ལགས། །ཞེས་པའོ། །ལེའུ་ལྔ་པ་དང་བདུན་པ་ལས། སྔགས་ཀྱི་སྤྱོད་པ་བསྟན་པའི་དོན་ཞུས་པ་ནི། དེ་བཞིན་སྔགས་ཀྱི་སྤྱོད་པ་གང་། །ཞེས་པ་སྟེ། རྣལ་འབྱོར་གྱི་སྤྱོད་པའོ། །ལེའུ་གསུམ་པ་ལས། བཟླས་བརྗོད་གསུངས་པའི་དོན་ཞུས་པ་ནི། བཟླས་པ་གང་ཞིག་ལགས་ཞེས་
པའོ། །ལེའུ་བཅོ་ལྔ་པ་ལས། ལྷ་དབང་བསྐུར་བའི་དོན་ཞུས་པ་ནི། རྒྱས་གདབ་པ་ཞེས་གང་ལ་བཤད། །ཅེས་པའོ། །ལེའུ་བཅུ་གསུམ་པ་ལས། ཁྲོ་བོ་བཅུའི་བསམ་གཏན་གསུངས་པ་ལ་ཞུས་པ་ནི། ཆོས་ཀྱི་འབྱུང་གནས་ཞེས་པའོ། །ལེའུ་བཅུ་བདུན་པོ་ཐམས་ཅད་ཀྱི་

བསྡུས་པའི་སྡོམ་ཞུས་པ་ནི། སྡོམ་པ་ཇི་ལྟ་བུ་ཞེས་པའོ། །ལེའུ་དགུ་པ་ལས་གསུངས་པའི་ཉོན་མོངས་པ་དབང་དུ་བྱེད་པའི་དོན་ཞུས་པ་ནི། སེམས་ཅན་དོན་མཛད་ཇི་ལྟ་བུ་ཞེས་པའོ། །ལེའུ་བཞི་པ་དང་བཅུ་དྲུག་པ་ལས་གསུངས་པའི་དཀྱིལ་འཁོར་གྱི་དོན་ཞུས་པ་ནི། དཀྱིལ་འཁོར་
ཞེས་ནི་གང་ལ་བགྱི། །ཞེས་པའོ། །ལེའུ་དེ་དག་ཉིད་ཀྱི་དོན་ཞུས་པ་ནི། ཕྱག་རྒྱ་དགོད་པ་ཇི་ལྟ་བུ། །ཞེས་པའོ། །ལེའུ་བརྒྱད་པ་ལས་གསུངས་པའི་དོན་ཞུས་པ་ནི། མེ་ཏོག་ཅེས་པ་དང་། མཆོད་རྟེན་ཞེས་པའོ། །ལེའུ་བཅུ་གསུམ་པ་ལས་གསུངས་པའི་དཀྱིལ་འཁོར་གྱི་དོན་ཞུས་པ་ནི་
ཡེ་ཤེས་དཀྱིལ་འཁོར་ཞེས་པ་དང་། འདིར་ནི་གནས་ཞེས་གང་ལ་བཤད། །ཅེས་པའོ། །ལེའུ་བཅུ་དྲུག་པའི་མངག་གཞུག་པ་གསུངས་པའི་དོན་ཞུས་པ་ནི། མགོན་པོ་བསྐུལ་བ་དང་། གཏོང་བ་དང་། སྤྱན་དྲང་བ་དང་། བཅིང་བའོ། །ལེའུ་བརྒྱད་པ་དང་བཅུ་དྲུག་པའི་དོན་
ཞུས་པ་ནི། དབང་བསྐུར་བ་ནི་ཇི་ལྟར་ལགས། །ཞེས་པའོ། །ལེའུ་བཅུ་དྲུག་པ་ལས་གསུངས་པའོ་ཞུས་པ་ནི། རིག་པའི་བརྟུལ་ཞུགས་ཞེས་པའོ། །ལེའུ་བཞི་པ་དང་ལྔ་པ་དང་དྲུག་པ་དང་བརྒྱད་པ་དང་། བཅུ་གཉིས་པ་དང་བཅོ་ལྔ་པ་དང་བཅུ་དྲུག་པ་དང་བཅུ་བདུན་པ་རྣམས་
ལས་གསུངས་པའི་དོན་ཞུས་པ་ནི། བདུད་རྩི་ལྔ་རྣམས་ཞེས་པ་དང་། དབང་པོ་ལྔ་ཞེས་པའོ། །ལེའུ་བཅུ་གཅིག་པ་དང་བཅུ་བདུན་པའི་དོན་གསུངས་པ་ནི། དངོས་གྲུབ་ཐ་མ་མཆོག་ཇི་ལྟ་བུ་ཞེས་པའོ། །རྒྱུད་ཀྱི་དབུ་ཞབས་ཀྱི་དོན་ཞུས་པ་ནི། དེ་ལ་ཐབས་ནི་རྣམ་པ་དུ། །ཞེས་པ་དང་།
དེ་བཞིན་ཐབས་འབྱུང་ཇི་ལྟ་བུ། །ཞེས་པའོ། །ལེའུ་བཅུ་གསུམ་པ་དང་། བཅུ་བཞི་པ་དང་། བཅོ་ལྔ་པའི་དོན་ལ་བཀའ་ནི་ཇི་ལྟར་བསྒོ་ཞེས་ཞུས་པ་དང་། རྡོ་རྗེ་འཆང་ཆེན་པོས་གནང་བར་བསྟན་པའི་ཕྱིར། འོད་གསལ་ལ་ཞུགས་ཏེ་ཅང་མི་གསུང་བར་བསྟན་པའི་ཕྱིར། དེ་ནས་
དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་ཅེས་པ་ལ་སོགས་པ་གསུངས་ཏེ། རྡོ་རྗེ་འཛིན་པ་ལ་དམིགས་ཞེས་པ་ནི། གཉིས་སུ་མེད་པའི་ཡེ་ཤེས་སོ། །དེ་ནས་རྡོ་རྗེ་འཆང་འོད་གསལ་ལ་ཞུགས་པ་ལས་ཡང་དང་ཡང་དུ་བསྐུལ་བ་བསྟན་པའི་ཕྱིར། དེ་ནས་བྱང་ཆུབ་སེམས་དཔའ་

ཆེ། །ཞེས་པ་ལ་སོགས་པ་སྟེ། སྙིང་རྗེའི་བདག་ཉིད་ཅེས་པ་ནི། བྱང་ཆུབ་སེམས་དཔའ་རྣམས་སྙིང་རྗེས་གཞན་གྱི་དབང་དུ་གྱུར་པའོ། །ཁྱད་པར་གྱི་ཆོས་བཤད་ནས་མཉམ་གཞག་དགོས་པ་བསྟན་པའི་ཕྱིར། དེ་ནས་དེ་བཞིན་གཤེགས་པ་ཞེས་པ་ལ་སོགས་
པ་གསུངས་ཏེ། སྐུ་གསུང་ཐུགས་ནི་རྡོ་རྗེ་ལ། །ཞེས་པ་ནི་ལེའུ་གཉིས་པ་ལས་སྟོན་ཏེ། སེམས་ལུས་ལྟ་བུ་སྐུ་རྡོ་རྗེ་ལྟ་བུ་དང་། ལུས་སེམས་ལྟ་བུ་ཐུགས་རྡོ་རྗེ་ལྟ་བུ་དང་། སེམས་ཚིག་ཏུ་བརྗོད་པ་ལྟ་བུ་གསུང་རྡོ་རྗེ་ལྟ་བུར་བསྐྱེད་ཅིག་ཅེས་པ་སྟེ། རྡོ་རྗེ་གསུམ་མི་ཕྱེད་པའི་ངོ་བོ་ཉིད་
ཀྱིས་བྱང་ཆུབ་སྐྱེད་ཅིག་པའོ། །སྐུ་གསུང་ཐུགས་ནི་རྡོ་རྗེ་ལ། །བཞག་ནས་ཞེས་པ་ནི་སྐུ་གསུང་ཐུགས་རྣམས་ནམ་མཁའ་ལྟ་བུ་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་དུ་ཡང་དག་པར་སྦྱར་ཞིང་གཅིག་ཏུ་གྱིས་ལ་བྱང་ཆུབ་སེམས་དཔའ་དབང་པོ་རྣམས་ལ་ཞུས་པ་ལ་རྒྱ་ཆེར་མཉམ་པར་གྱིས་ཤིག་པས་ཏེ།
དྲང་བའི་དོན་ཏོ། །སྐུ་གསུང་ཐུགས་ནི་རྡོ་རྗེར་གྱིས། །ཞེས་པ་ནི། ཡིད་ཀྱི་རང་བཞིན་གྱིས་ལུས་སྐྱེད་ཅིག་པ་སྟེ། སེམས་ལུས་ལྟ་བུ་སེམས་གསུམ་པོ་ཁམས་ཕྲ་བ་དང་ལྷན་ཅིག་ཏུ་ལོངས་སྤྱོད་རྫོགས་པའི་སྐུ་ལྟ་བུར་ལུས་གང་བསྐྱེད་པ་དང་། ལུས་སེམས་ལྟ་བུ་དང་། སེམས་ཉིད་
ལས་གཞན་ཅི་ཡང་མེད་པ་དང་། སེམས་ཚིག་ཏུ་བརྗོད་པ་ལྟ་བུ་སྟེ་ཚིག་ཏུ་བརྗོད་པ་གང་ཡིན་པ་དེ་དང་། དེའི་ངོ་བོར་སེམས་ཉིད་སྐྱེད་ཅིག་པའོ། །སྐུ་གསུང་ཐུགས་ནི་རྡོ་རྗེ་ལས། །བཞག་ནས་བྱང་ཆུབ་སེམས་དབང་པོ། །ཞེས་པ་ནི། བྱང་ཆུབ་སེམས་དཔའི་དབང་པོ་
ཁྱེད་རྣམས་སྐུ་གསུང་ཐུགས་ནམ་མཁའི་ངོ་བོ་ཉིད་འོད་གསལ་བར་ཡང་དག་པར་སྦྱར་ཞིང་གཅིག་ཏུ་བྱས་ནས་རྡོ་རྗེ་འཆང་ཆེན་པོར་བདག་ཉིད་བསྐྱེད་པར་གྱིས་ཤིག་པའོ། །དོན་དེ་ཉིད་བསྟན་པའི་ཕྱིར། དེ་ནས་ཞེས་བྱ་བ་གསུངས་ཏེ། བཀའ་སྤྱི་བོས་རབ་ཏུ་མནོས་ཏེ། །ཞེས་པ་ནི།
མགུ་བར་གྱུར་ནས། ལེགས་པར་གསོལ་ཏེ། གདམས་པ་བཞིན་དུ་ཏིང་ངེ་འཛིན་ལ་མཉམ་པར་གཞག་པའོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཞུས་པའི་དོན་བསྟན་པ་ནི། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རང་གི་ཐུགས་རྗེ་ཆེན་པོ་ལ་དམིགས་ཞེས་པ་ནི།

སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་རྡོ་རྗེ་འཆང་གི་དོན་ལ་གནས་ནས་ཞུས་པའི་དོན་གསུང་གཅིག་གི་བཀའ་སྩལ་པའོ། །འདི་སྐད་སྟོན་ཏེ། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་གཞལ་ཡས་ཁང་ཆེན་པོར་འདུས་ཏེ། ཏིལ་གྱི་གང་བུ་བཞིན་དུ་གྱུར་ནས། དགོངས་པ་
གཅིག་གིས་དེ་ཁོ་ན་ཉིད་ཀྱིས་དོན་གཅིག་ཏུ་གསུང་གཅིག་གིས་སྟོན་པ་ཡིན་ནོ། །ད་ནི་རྒྱུད་ཀྱི་མཚན་བསྟན་པའི་ཕྱིར། སྐུ་གསུང་ཐུགས་ནི་རྣམ་པ་གསུམ། །གསང་བ་ཞེས་སུ་བསྟན་པ་ཡིན། །ཞེས་བྱ་བ་ལ། དམ་ཚིག་དང་སྡོམ་པ་ལ་སོགས་པ་སྟེ་རིགས་གསུམ་དུ་ཡོངས་
སུ་གྱུར་པ་ནི། ཡི་གེའི་དོན་བཤད་པའོ། །གསང་བ་ནི། ཨོཾ་ཨཱཿཧཱུཾ་ཞེས་བྱ་བའི་ཡི་གེ་གསུམ་སྟེ་སྤྱིའི་དོན་ཏོ། །གསང་བ་ནི་ཡེ་ཤེས་གསུམ་པོ་རང་བཞིན་གྱིས་སྣང་བ་རླུང་གི་བཞོན་པ་དང་ལྡན་པས་ཏེ་སྦས་པའོ། །གསང་བ་ནི་ཡེ་ཤེས་ཀྱི་རང་བཞིན་གྱི་སྐུ་སྟེ་མཐར་ཐུག་
པར་བཤད་པའོ། །འདུས་པ་ཞེས་བྱ་བ་བསྟན་པའི་ཕྱིར། སངས་རྒྱས་ཐམས་ཅད་ཅེས་བྱ་བ། །ཚོགས་པ་འདུས་པ་ཡིན་པར་བཤད། །ཅེས་བྱ་བ་ལ། སངས་རྒྱས་ཐམས་ཅད་ཚོགས་པ་ནི་གཉིས་གཅིག་ཏུ་གྱུར་པ་ནི་འདུས་པ་སྟེ། ཡི་གེའི་དོན་ཏོ། །སངས་རྒྱས་ཐམས་
ཅད་ཅེས་བྱ་བ་ནི་རྡོ་རྗེ་འཆང་ཡབ་ཡུམ་ཡིན་ལ། དེའི་རྡོ་རྗེ་དང་པདྨ་ཡང་དག་པར་སྦྱོར་བ་ནི་ཚོགས་ཤིང་འདུས་པ་སྟེ་སྤྱིའི་དོན་ཏོ། །སངས་རྒྱས་ཐམས་ཅད་ཅེས་བྱ་བ་ནི་ཐབས་དང་ཤེས་རབ་ལ་བྱ་སྟེ། དེ་གཉིས་ཚོགས་ཤིང་ཡང་དག་པར་སྦྱོར་བ་ནི་འདུས་པ་སྟེ་སྦས་
པའོ། །སངས་རྒྱས་ཐམས་ཅད་ཅེས་པ་ནི་ཀུན་རྫོབ་དང་དོན་དམ་པའི་བདེན་པ་སྟེ། དེ་དག་གཉིས་འདུས་ཤིང་ཚོགས་པ་ནི། གཉིས་སུ་མེད་པའི་ཡེ་ཤེས་ཀྱི་བདག་ཉིད་ཅན་རྡོ་རྗེ་འཆང་ཆེན་པོ་ཞེས་བྱ་བ་ནི་འདུས་པ་སྟེ་མཐར་ཐུག་པའི་དོན་ཏེ། འདི་སྐད་སྟོན་ཏེ། དེ་བཞིན་
གཤེགས་པ་དང་། པདྨ་དང་རྡོ་རྗེ་གསུམ་དུ་སྐུ་གསུང་ཐུགས་སྣང་བ་དེ་ཉིད་སངས་རྒྱས་དང་། པདྨ་དང་རྡོ་རྗེ་འཆང་གཅིག་ཏུ་གྱུར་པ་ནི། ཡེ་ཤེས་དོན་གྱི་གསང་བ་འདུས་པའོ། །ཡི་གེ་གསུམ་ལས། རྡོ་རྗེ་འཆང་ཆེན་པོའི་སྐུར་གྱུར་ནས། རིག་མ་དང་རྡོ་རྗེ་པདྨ་འདུས་

བར་གྱུར་པ་ནི། སྤྱི་དོན་གྱི་གསང་བ་འདུས་པ་ཞེས་བྱའོ། །རྣམ་པ་གསུམ་གྱི་རླུང་གི་བཞོན་པ་དང་ལྡན་པ་དེ་ཉིད་ཐབས་དང་ཤེས་རབ་ཀྱི་བདག་ཉིད་སྒྱུ་མ་ལྟ་བུའི་སྐུར་གྱུར་པ་ནི། སྦས་པའི་དོན་གྱིས་གསང་བ་འདུས་པའོ། །བདེན་པ་རྣམ་པ་གཉིས་ཟུང་དུ་འཇུག་
པ་གཉིས་སུ་མེད་པར་གྱུར་པ་ནི། མཐར་ཐུག་པའི་དོན་གྱིས་གསང་བ་འདུས་པ་ཞེས་བྱའོ། །དེས་ནི་རྒྱུད་ཀྱི་དོན་ཐམས་ཅད་སྟོན་པ་ཡིན། རྒྱུད་ཀྱི་འབྲེལ་པ་ནི། དོན་ཐམས་ཅད་ཕུན་སུམ་ཚོགས་པ་དཔལ་གྱི་སྒྲར་བསྟན་པ་ཡིན་ནོ། །སྤྱིར། ལྔ་པ་དགུ་པ་ཉིད་དང་ཡང་། །ཞེས་བྱ་བ་ལ་སོགས་
པ་གསུངས་ཏེ། ལེའུ་ལྔ་པ་ལས་ནི་རྣལ་འབྱོར་གྱི་སྤྱོད་པ་གསུངས་སོ། །ལེའུ་དགུ་པ་ལས་ནི་རྨད་དུ་བྱུང་བའི་ལུང་བསྟན་པ་གསུངས་སོ། །བཅུ་བདུན་པ་དང་བཅུ་གསུམ་པ་ཞེས་བྱ་བ་ལ། ལེའུ་བཅུ་བདུན་པ་ལས་ནི་དམ་ཚིག་དང་སྡོམ་པ་རབ་ཏུ་སྟོན་པ་ཡིན་ནོ། །ལེའུ་བཅུ་གསུམ་པ་
ལས་ནི་ནང་ལ་མཆོག་ཏུ་གཞོལ་བའི་ལས་ཀྱི་ཚོགས་གསུངས་སོ། །སངས་རྒྱས་ཞེས་པ་ནི། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྒྲུབ་པ་ཆེན་པོའི་སྤྱོད་པ་ནི་ལེའུ་འདི་རྣམས་ཀྱིས་བསྟན་པ་ཡིན་ནོ། །འདི་སྐད་སྟོན་ཏེ། ལྔ་པ་ནི་རྣལ་འབྱོར་གྱི་སྤྱོད་པ་གསུམ་སྤྲོས་པ་དང་། སྤྲོས་
པ་མེད་པ་དང་། ཤིན་ཏུ་སྤྲོས་པ་མེད་པ་གསུམ་ལ་སྤྱོད་པ་ཉམས་འོག་ཏུ་ཆུད་ནས། ལེའུ་དགུ་པའི་ཉོན་མོངས་པ་ལྔའི་སྤྱོད་པ་རྨད་དུ་བྱུང་བ་རྩོམ་པར་བྱེད་ལ། དེ་མངོན་དུ་གྱུར་ནས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་སྤྱོད་པ་ཐམས་ཅད་ལ་བཅུ་བདུན་པའི་སྒོ་ནས་སྤྱོད་པར་བྱེད་
དོ། །དེ་ལྟར་བྱང་ཆུབ་སེམས་དཔའི་སྤྱོད་པ་རྣལ་འབྱོར་གྱི་སྤྲོས་པ་གསུམ་རྟོགས་ནས། དེ་བཞིན་གཤེགས་པའི་སྤྱོད་པ་རྨད་དུ་བྱུང་བ་དང་དམ་ཚིག་དང་སྡོམ་པ་སྤྱོད་པས་བདག་གི་དོན་རྫོགས་པར་བྱས་ནས། གཞན་གྱི་དོན་དུ་ནང་མཆོག་ཏུ་གཞོལ་བ་ལས་ལེའུ་བཅུ་གསུམ་པའི་
ལས་ཀྱི་ཚོགས་རྣམས་སྤྱོད་པར་འགྱུར་རོ་ཞེས་སྟོན་ཏེ། བཞི་པ་དང་ནི་བཅུ་དྲུག་པ། །བརྒྱད་པ་དེ་བཞིན་བཅུ་གཉིས་པ། །ཞེས་བྱ་བ་ལ། ལེའུ་བཞི་པ་ལས་ནི་དབང་བསྐུར་བའི་དཀྱིལ་འཁོར་གསུངས་སོ། །ལེའུ་བཅུ་དྲུག་པ་ལས་ནི་བཞི་པའི་རྡུལ་ཚོན་གྱི་དཀྱིལ་འཁོར་སྤྲོས་ཏེ་

རྒྱས་པར་གསུངས་སོ། །དེ་ཡང་བཞི་པ་ནི་སློབ་མའི་དཀྱིལ་འཁོར་ཡིན་ལ། བཅུ་དྲུག་པ་ནི་དངོས་གྲུབ་ཀྱི་དཀྱིལ་འཁོར་ཡིན་ནོ། །ལེའུ་བརྒྱད་པ་ལས་ནི་གསང་བའི་དབང་བསྐུར་བ་གསུངས་སོ། །ལེའུ་བཅུ་གཉིས་པ་ལས་ནི་ཕྱག་རྒྱ་ཆེན་པོ་ཡོངས་སུ་གྱུར་པ་གསུངས་སོ། །སློབ་དཔོན་
སྤྱིའི་ལས་དང་ནི། །ཞེས་པ་ནི། སློབ་དཔོན་ཐམས་ཅད་ཀྱི་ཕྲིན་ལས་ཐམས་ཅད་ནི། དཀྱིལ་འཁོར་བྲིས་ཏེ་བུམ་པ་དང་། །གསང་བ་དང་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བ་ཡིན་ནོ། །དངོས་གྲུབ་བརྟུལ་ཞུགས་སྡོམ་པ་ཡིན། །ཞེས་པ་ནི། དཀྱིལ་འཁོར་བྲིས་ཏེ་རིག་པ་བརྟུལ་ཞུགས་སྔོན་
དུ་སོང་བས། རིག་པ་བརྟུལ་ཞུགས་ཀྱི་ཕྱག་རྒྱའི་སྒོ་ནས་དངོས་གྲུབ་རྣམ་པ་གཉིས་སྒྲུབ་པར་བྱེད་པའོ། །འདི་སྐད་སྟོན་པར་འགྱུར་ཏེ། བདག་གི་དོན་དུ་དཀྱིལ་འཁོར་བྲིས་ཏེ་རིག་པ་བརྟུལ་ཞུགས་ཀྱི་སྤྱོད་པས་དངོས་གྲུབ་བསྒྲུབ་པར་བྱ་ཞིང་། གཞན་གྱི་དོན་དུ་དཀྱིལ་འཁོར་བྲིས་ཏེ་སློབ་མ་
གཞུག་པའི་ཆོ་གས་བཅུག་ལ། དབང་རྣམ་པ་བཞི་བསྐུར་བར་བྱེད་པ་ནི་སྒྲུབ་པ་ཡིན་ནོ་ཞེས་སྟོན་པར་འགྱུར་རོ། །དྲུག་པ་དང་ནི་གཉིས་པ་དང་། །བཅུ་པ་དང་ནི་བཅུ་བཞི་པ། །ཞེས་བྱ་བ་ལ། ལེའུ་དྲུག་པ་ལས་ནི་སྐུ་གསུང་ཐུགས་བྱིན་གྱིས་བརླབ་པ་གསུངས་སོ། །ལེའུ་བཞི་པ་
ལས་ནི་རྫོགས་པའི་རིམ་པ་འབའ་ཞིག་སྟོན་ཏོ། །ལེའུ་བཅུ་པ་ལས་ནི་མངོན་པར་འདོད་པའི་དངོས་གྲུབ་མངོན་དུ་བྱ་བའི་ཕྱིར། ཕྱི་དང་ནང་གི་བདག་ཉིད་ཅན་གྱི་སྙིང་པོ་བསྐུལ་བ་གསུངས་སོ། །ལེའུ་བཅུ་བཞི་པ་ལས་ནི་སྔགས་ལ་མཆོག་ཏུ་གཞོལ་བའི་ལས་ཀྱི་ཚོགས་གསུངས་
སོ། །དྲག་སྤྱོད་རྗེས་སུ་ཆགས་པ་དང་། ཉེ་བར་སྒྲུབ་པའི་སྡོམ་པའོ། །ཞེས་པ་ནི། ལེའུ་བཅུ་པ་དང་བཅུ་བཞི་པ་ལས་ནི་དྲག་པོར་སྤྱོད་པ་ཡིན་ལ། ལེའུ་བཅུ་དྲུག་པ་ལས་ནི་ཐབས་དང་ཤེས་རབ་ཀྱིས་རྗེས་སུ་ཆགས་པ་གསུངས་པ་དེ་དག་ནི་རང་གི་ལྷ་ཉེ་བར་བསྒྲུབ་པའི་སྡོམ་པའོ། །
འདི་སྐད་སྟོན་པར་འགྱུར་ཏེ། ལེའུ་དྲུག་པ་ནི་བསྐྱེད་པའི་རིམ་པ་དང་། ལེའུ་གཉིས་པ་རྫོགས་པའི་རིམ་པ་དང་ལྡན་པའི་རྣལ་འབྱོར་པས་མ་གྲུབ་ན་རང་གི་ལྷ་བསྐུལ་བཅུ་པ་ལྟར་བྱས་ཏེ། བདག་གི་དོན་རྫོགས་ནས་གཞན་གྱི་དོན་སྔགས་ལ་མཆོག་ཏུ་གཞོལ་བའི་སྒོ་ནས། བཅུ་

བཞི་པའི་སྒོ་ནས་མཛད་པར་འགྱུར་རོ་ཞེས་སྟོན་ཏོ། །བདུན་པ་དང་ནི་གསུམ་པ་དང་། །བཅུ་གཅིག་པ་དང་བཅོ་ལྔ་པ། །ཞེས་བྱ་བ་ལ། ལེའུ་བདུན་པ་ལས་ནི་རྣལ་འབྱོར་གྱི་སྤྱོད་པ་སྤྲོས་པ་གསུམ་གསུངས་སོ། །ལེའུ་གསུམ་པ་ལས་ནི་ཡོངས་སུ་དག་པ་དང་། ཡོངས་སུ་མ་དག་
པའི་ལྷའི་རྣལ་འབྱོར་གསུངས་སོ། །ལེའུ་བཅུ་གཅིག་པ་ལས་ནི་བསྐྱེད་པའི་རིམ་པའི་སྔགས་ཀྱི་སྐུ་དང་། རྫོགས་པའི་རིམ་པའི་ཡེ་ཤེས་ཀྱི་སྐུ་བསྐྱེད་པ་སྟོན་ཏོ། །ལེའུ་བཅོ་ལྔ་པ་ལས་ནི་ལས་ཀྱི་ཚོགས་དངོས་གྲུབ་ཐམས་ཅད་རྨི་ལམ་གྱི་ལྟས་དང་། སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་གསུངས་
སོ། །དངོས་གྲུབ་བཞི་ཞེས་པ་ནི། ལེའུ་བཅོ་ལྔ་པའི་ལས་ཀྱི་ཚོགས་དང་། ལེའུ་བཅུ་གཅིག་པའི་ཐུན་མོང་མ་ཡིན་པའི་དངོས་གྲུབ་ཡིན་ནོ། །ལྟས་ཞེས་པ་ནི་ལེའུ་བཅོ་ལྔ་པའི་རྨི་ལམ་གྱི་ལྟས་དང་སྒྱུ་མ་ལྟ་བུའི་ལྟས་སྟོན་ཏེ། དེ་དག་ནི་བསྙེན་པའི་སྡོམ་པ་ཡིན་ནོ། །འདི་སྐད་སྟོན་ཏེ། བདག་
གི་དོན་གསུམ་པ་དང་བཅུ་གཅིག་པ་ལས་འབྱུང་བའི་རིམ་པ་གཉིས་ཀྱི་སྒོ་ནས་བསྒྲུབ་ཅིང་། བདུན་པའི་རྣལ་འབྱོར་གྱི་སྤྱོད་པས་གྲོགས་བྱ་སྟེ་རྫོགས་པར་བྱས་ལ། གཞན་གྱི་དོན་དུ་ལེའུ་བཅོ་ལྔ་པའི་ལས་ཀྱི་ཚོགས་ཀྱིས་སྒྲུབ་པར་བྱེད་དེ་ཞེས་སྟོན་ཏོ། །བསྡུས་པའི་དོན་ནི་བསྙེན་པའི་དངོས་
གྲུབ་ཀྱི་ལྟས་བྱུང་བ་དང་། ཉེ་བར་སྒྲུབ་པས་གཞན་དོན་དུ་ལྷ་བསྐུལ་བ་ལ་ཞུགས་ཏེ། བདག་གི་དོན་རྫོགས་པར་གྱུར་པ་དེས་བསྒྲུབས་པས་གཞན་དོན་དུ་དཀྱིལ་འཁོར་དང་། བདག་དོན་དུ་ཐུན་མོང་གི་དངོས་གྲུབ་སྒྲུབ་པར་བྱེད་ལ། ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ནི། སྒྲུབ་པ་ཆེན་
པོའི་སྒོ་ནས་སྒྲུབ་པར་བྱེད་ཅེས་པ་ནི། ལེའུ་སོ་སོའི་འབྲེལ་བ་དང་། རྒྱུད་ཀྱི་གཞུང་གི་བསྡུས་པའི་དོན་ཡིན་ནོ། །ལེའུ་དང་པོ་ནི་བཅུ་གཅིག་པ་ཞེས་བྱ་བ་ལ། བཅུ་ཞེས་བྱ་བ་ནི་མི་མངོན་པར་བྱས་པའི་ནང་དུ་འདུས་ཏེ། བསྙེན་སྒྲུབ་བཞིའི་མདོར་བསྟན་པའི་ལེའུ་ཡིན་ཏེ། ལེའུ་དེ་ལས་ནི་བརྗོད་
པ་དང་རྗོད་པར་བྱེད་པའི་བདག་ཉིད་རྡོ་རྗེ་འཆང་ཆེན་པོའི་སྒྲུབ་པའི་དཀྱིལ་འཁོར་དུ་ཉན་པའི་སྐལ་བ་དང་ལྡན་པ་རྣམས་ལ་རིག་པའི་དབང་བསྐུར་བ་བྱིན་ནས། དྲང་བ་དང་ངེས་པའི་དོན་གྱི་བྱེ་བྲག་གིས་བརྟགས་པ་དང་། རྫོགས་པའི་རིམ་པའི་སྒྲུབ་པའི་ཐབས་སོ་སོར་སྟོན་ཅིང་འོག་

ནས་འབྱུང་བའི་ལེའུ་བཅུ་དྲུག་པོ་ཀུན་གྱི་དོན་མདོར་བསྡུས་ཏེ་བསྟན་པ་ཡིན་པར་རིག་པར་བྱའོ། །ད་ནི་ལེའུ་དེ་དག་གི་དོན་ཇི་ལྟ་བུ་ཡིན་པ་དེ་གསལ་བར་བསྟན་པའི་ཕྱིར། དེ་བཞིན་གཤེགས་པ་ཀུན་གྱི་ལས། །ཚར་གཅོད་ཕན་འདོགས་བྱེད་པ་དག །ཅེས་པ་ནི། ཉེ་བར་སྒྲུབ་པའི་
ལེའུ་བཞི་པ་ལས་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སེམས་ཅན་དུལ་བ་དང་ཞི་བ་ལ་ཕན་འདོགས་པའི་སྤྱོད་པས་སངས་རྒྱས་ཀྱི་བསྟན་པ་ལ་འཇུག་པར་བྱེད་པ་དང་། སེམས་ཅན་གདུལ་དཀའ་བ་རྣམས་ནི་ཚར་གཅོད་པའི་སྤྱོད་པས་འཇུག་པར་བྱེད་པས་ན། དུལ་དང་གདུལ་
དཀའ་ཞི་བ་ཡི། །སེམས་ཅན་རྣམས་ཀྱི་གཞུག་པའོ། །ཞེས་བྱའོ། །བསྐྱེད་པའི་རིམ་པ་དང་རྫོགས་པའི། །བསྙེན་པ་རྡོ་རྗེ་ཆོ་ག་བཞི། །ཞེས་པའི་བསྙེན་པའི་ལེའུ་བཞི་པ་ལས་ནི། བསྐྱེད་པའི་རིམ་པ་དང་རྫོགས་པའི་རིམ་པ་རྡོ་རྗེ་ཆོ་ག་བཞི་བསྟན་པས། ཐུན་མོང་གི་དངོས་
གྲུབ་སྒྲུབ་པར་བྱེད་པའི་ཕྱིར་རོ། །ཐུན་མོང་དངོས་གྲུབ་འབྲེལ་བ་ཡི། །མཆོག་ཏུ་གྱུར་པའི་གཞུང་ཉིད་དོ། །ཞེས་གསུངས་སོ། །དཀྱིལ་འཁོར་བརྟུལ་ཞུགས་འབྲེལ་པ་ཡི། །ཞེས་པ་ནི། སྒྲུབ་པའི་ལེའུ་བཞི་ལས་ནི། དཀྱིལ་འཁོར་དང་དངོས་གྲུབ་བསྒྲུབ་པའི་ཚེ། རིག་པའི་
བརྟུལ་ཞུགས་དང་འབྲེལ་ལ། དཀྱིལ་འཁོར་དང་སློབ་དཔོན་ལས་ཀྱི་ཚེ་སློབ་མ་ཡོངས་སུ་སྨིན་པ་དང་འབྲེལ་ཏོ། །དེ་ཡང་བླ་མ་སྔགས་ཀྱི་ལམ་གྱིས་ནི། །ཞེས་སྟོན་ཏོ། །བརྟུལ་ཞུགས་བཟང་དང་ཞེས་པ་ནི། སྒྲུབ་པ་ཆེན་པོའི་ལེའུ་བཞི་སྟོན་ཏེ། དབང་བསྐུར་བས། རང་གི་སློབ་མར་
གྱུར་པ་དེས་རྣལ་འབྱོར་གྱི་སྤྱོད་པའི་བརྟུལ་ཞུགས་བཟང་པོ་ལ་སྤྲོས་པའི་སྤྱོད་པ་དང་། བདག་ཉིད་ཆེན་པོའི་སངས་རྒྱས་དང་། བྱང་ཆུབ་སེམས་དཔའི་སྤྱོད་པ་དང་། རྨད་དུ་བྱུང་བ་དང་དམ་ཚིག་དང་སྡོམ་པའི་སྤྱོད་པ་བསྟན་པའི་སྒོར་ཞུགས་པས་རང་སེམས་ཡོངས་སུ་གྲོལ་ཏེ། འོད་
གསལ་བ་ཐོབ་པར་འགྱུར་རོ་ཞེས་སྟོན་ཏོ། །དེ་ལྟར་རྒྱུད་ཀྱི་མཚན་ལ་དཔལ་གསང་བ་འདུས་པ་ཞེས་བྱ་བ་བཤད་ནས། ད་ནི་རྣལ་འབྱོར་གྱི་རྒྱུད་ཅེས་བྱ་བ་བསྟན་པའི་ཕྱིར། རྣལ་འབྱོར་ཞེས་ནི་གང་ལ་བགྱི། །ཞེས་པའི་ལན་དུ། ཐབས་དང་ཤེས་རབ་སྙོམས་འཇུག་པ། །ཞེས་པ་

ལ་སོགས་པས་སྟོན་ཏོ། །ཤེས་རབ་ཅེས་པ་ནི་སྣང་བ་དང་སྟོང་པ་དང་དོན་དམ་པའི་མཚན་ཉིད་ཆོས་ཐམས་ཅད་དངོས་པོ་མེད་པའི་ཤེས་རབ་ལ་བྱའོ། །ཐབས་ཞེས་བྱ་བ་ནི་སྣང་བ་མཆེད་པ་དང་ཤིན་ཏུ་སྟོང་པ་དང་ཐབས་དང་ཀུན་རྫོབ་ཀྱི་མཚན་ཉིད་ཆོས་ཐམས་
ཅད་སྒྱུ་མ་ལྟ་བུའི་དངོས་པོའི་མཚན་ཉིད་ཀྱི་ཐབས་ལ་བྱའོ། །སྙོམས་པར་འཇུག་པ་ཞེས་པ་ནི་སྣང་བ་ཐོབ་པ་དང་། སྟོང་པ་ཆེན་པོ་དང་། ཉེ་བར་ཐོབ་པ་གཉིས་སུ་མེད་པའི་རྣལ་འབྱོར་སྒྱུ་མ་ལྟ་བུ་སྟེ། སྦས་པའི་དོན་ཏོ། །ཤེས་རབ་ཅེས་བྱ་བ་ནི་དོན་དམ་པའི་བདེན་པ་ཆོས་ཐམས་ཅད་
དངོས་པོ་མེད་པའི་ཤེས་རབ་སྟེ། དེ་སྐད་དུ་ཡང་། གང་ཞིག་དམིགས་པ་ཐམས་ཅད་ཀྱི། །གནས་དང་ཚིག་ཏུ་མ་གྱུར་པ། །འཇུག་དང་ཐུགས་ཀྱི་རྡོ་རྗེ་ཡིས། །ཤེས་རབ་ཅེས་སུ་རྣམ་པར་བཤད། །ཅེས་པའོ། །ཐབས་ནི་སྣང་བ་གསུམ་ཀུན་རྫོབ་ཀྱི་དངོས་པོའི་མཚན་ཉིད་ལ་བྱའོ། །དེ་
ཡང་སློབ་དཔོན་ཀླུ་སྒྲུབ་ཀྱིས། སྣང་བ་གསུམ་པོའི་བསྟན་པ་ནི། །ཀུན་རྫོབ་ཅེས་སུ་གྲགས་ཞེས་བཤད། །ཅེས་པས་སོ། །སྙོམས་པར་འཇུག་པ་ཞེས་པ་ནི། ཀུན་རྫོབ་དང་དོན་དམ་པའི་རྣལ་འབྱོར་པས་རྒྱུ་བ་དང་མི་རྒྱུ་བའི་ཆོས་ཐམས་ཅད་ཕྱག་རྒྱ་ཆེན་པོའི་གཟུགས་ཀྱིས་གཅིག་ཏུ་
བྱས་ནས་ཟུང་དུ་འཇུག་པའི་བདག་ཉིད་རྡོ་རྗེ་འཆང་ཆེན་པོའི་གཟུགས་ནི་རྣལ་འབྱོར་ཞེས་བྱ་སྟེ། དོན་གྱི་རྒྱུད་མཐར་ཐུག་པའོ། །རྒྱུད་ཅེས་པའི་དོན་བསྟན་པའི་ཕྱིར། རྒྱུད་ནི་རྒྱུན་ཞེས་བྱ་བར་གྲགས། །ཞེས་པ་ནི། རྒྱུད་ཀྱི་ངེས་པའི་ཚིག་བསྟན་པ་ཡིན་ཏེ། ཏན་ཏྲ་ཞེས་པའི་སྒྲས་བསྙེན་
སྒྲུབ་བཞིའི་དོན་ལེའུ་འཁྲུགས་པར་སྣང་ཡང་དོན་དུ་འབྲེལ་པར་གྱུར་པ་ལ་རྒྱུད་ཅེས་བྱའོ། །ཡང་ན་འོག་ནས་འབྱུང་བའི་རྒྱུད་ཀྱི་རང་གི་ངོ་བོ་གསུམ། རྒྱུན་དུ་འབྲེལ་པར་གྱུར་པ་ལ། རྒྱུད་དམ་རྒྱུན་ཞེས་པར་བཤད་དོ། །ད་ནི་རྒྱུད་ཀྱི་དབྱེ་བས་རྒྱུད་ཀྱི་རང་གི་ངོ་བོ་བཤད་པའི་ཕྱིར། རྒྱུད་སྡེ་
རྣམ་པ་གསུམ་འགྱུར་ཏེ། །བཞི་དང་དེ་བཞིན་རང་བཞིན་དང་། །མི་འཕྲོགས་པ་ཡི་རབ་ཕྱེ་བ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྒྱུའི་རྒྱུད་དང་། རང་བཞིན་ཐབས་ཀྱི་རྒྱུད་དང་། འབྲས་བུའི་རྒྱུད་མི་འཕྲོགས་པ་གསུམ་དུ་རབ་ཏུ་ཕྱེ་བའོ། །དེ་ཡང་རྒྱུ་དང་འབྲས་བུ་གཉིས་སུ་

དབྱེ་བ་ནི། བཞི་དང་རང་བཞིན་རྒྱུ་ཡིན་ཏེ། །དེ་བཞིན་མི་འཕྲོགས་འབྲས་བུའོ། །ཞེས་བྱའོ། །བཞི་གང་ཡིན་པ་བསྟན་པའི་ཕྱིར། བཞི་ནི་ཐབས་ཞེས་བྱ་བ་སྟེ། །ཞེས་པ་ནི་བསྙེན་སྒྲུབ་ཡན་ལག་བཞི་ནི་རྒྱུད་འདིའི་ཐབས་ཀྱི་རྒྱུད་ཡིན་ཏེ། དེ་ཡང་འདི་ཉིད་ལས། ཐབས་ནི་རྣམ་པ་བཞི་པོ་
དག །བྱང་ཆུབ་རྡོ་རྗེ་ཅན་གྱིས་གསུངས། །རྣལ་འབྱོར་རྒྱུད་ནི་ཐམས་ཅད་དུ། །རྣལ་འབྱོར་པ་ཡི་བརྟགས་པར་བསྔགས། །བསྙེན་པའི་ཆོག་དང་པོ་སྟེ། །ཉེ་བར་སྒྲུབ་པ་གཉིས་པ་ཡིན། །སྒྲུབ་པ་ཡང་ནི་གསུམ་པ་ཡིན། །སྒྲུབ་པ་ཆེན་པོ་བཞི་པ་ཡིན། །ཞེས་འབྱུང་བ་ཡིན་ནོ། །
དེ་བས་ན་རྒྱུའི་རྒྱུད་སྒྲུབ་པ་པོ་རིན་པོ་ཆེ་ལྟ་བུའི་གང་ཟག་གི་རང་བཞིན་དང་། ཐབས་ཀྱི་རྒྱུད་བསྙེན་སྒྲུབ་ཡན་ལག་བཞི་དང་། འབྲས་བུའི་རྒྱུད་མི་གནས་པའི་མྱ་ངན་ལས་འདས་པ་རྡོ་རྗེ་འཆང་ཟུང་འཇུག་གི་སྐུ་གང་ཡིན་པ་གཞན་གྱིས་འཕྲོགས་པར་མི་ནུས་པ་དང་། གསུམ་ནི་རྒྱུད་
ཀྱི་རང་གི་ངོ་བོ་སྟེ། དེའི་ཕྱིར་གསུམ་གྱིས་རྒྱུད་ཀྱི་དོན་བསྡུས་པའོ། །ཞེས་པའོ། །ད་ནི་རིགས་དབྱེ་བ་བསྟན་པའི་ཕྱིར། རིགས་ནི་ལྔ་དང་གསུམ་དག་དང་། །ཞེས་པ་ལ་སོགས་པ་གསུངས་ཏེ། རིགས་ནི་ལྔ་ཞེས་པ་མདོར་བསྟན་པ་གསལ་བར་ཕྱེ་བ་ནི། དེ་ཉིད་རྣམ་པ་ལྔ་རུ་བཤད། །
ཅེས་བྱ་བ་ཡིན་ཏེ། ཁམས་བཞི་པོ་དེ་དག་ལས་ལུས་ཀྱི་ཕུང་པོ་མངོན་པར་འགྲུབ་པར་འགྱུར་ཏེ། ཁམས་རྣམས་ཚོགས་ལས་འབྱུང་ཞིང་སྐྱེ་སྟེ། དེ་བས་ན་གང་གཟུགས་ཀྱི་ཕུང་པོ་ལ་སོགས་པ་འབྱུང་བ་ལས་གྱུར་པ་ནི། དེ་བཞིན་གཤེགས་པའི་རིགས་ཅན་ཏེ། དེ་ནི་སའི་
ཁམས་སྡུད་པས་ཉེ་བར་འགྲོའོ། །དེ་བཞིན་དུ་རིན་པོ་ཆེའི་རིགས་ཅན་རྣམས་ནི་ཆུའི་ཁམས་སོ། །པདྨའི་རིགས་ཅན་རྣམས་ནི་མེའི་ཁམས་སོ། །ལས་ཀྱི་རིགས་ཅན་རྣམས་ནི་རླུང་གི་ཁམས་སོ། །རྡོ་རྗེའི་རིགས་ཅན་རྣམས་ནི་རྣམ་པར་ཤེས་པའི་ཁམས་བསྡུས་
པར་གྱུར་པ་ཡིན་ཏེ། ཚུལ་འདི་ནི་རང་གི་ལུས་ཀྱི་དཀྱིལ་འཁོར་འབྱུང་བ་དང་འབྱུང་བ་ལས་གྱུར་པའི་དབྱེ་བས་ཕུང་པོ་རྣམས་གསང་བ་ལྔའི་རང་བཞིན་དུ་འབྱུང་བ་ཆེན་པོ་ལྔའི་ད་ཁོ་ན་ཉིད་དུ་འགྱུར་རོ། །རྩ་བའི་རྒྱུད་ལས་ཀྱང་། མདོར་ན་ཕུང་པོ་ལྔ་རྣམས་ནི། །སངས་རྒྱས་ལྔར་

ནི་རབ་ཏུ་གྲགས། །ཞེས་གསུངས་སོ། །གསུམ་དག་ཅེས་པ་མདོར་བསྟན་པ་གསལ་བར་བཤད་པ་ནི། གསང་བ་རྣམ་པ་གསུམ་དུ་བཤད། །ཅེས་བྱ་བ་ཡིན་ཏེ། དེ་བཞིན་གཤེགས་པ་ལྔ་པོ་ལས་གསུམ་དུ་བསྡུ་བར་བྱ་སྟེ། དེ་ཡང་རིན་ཆེན་འབྱུང་ལྡན་ནི་སྐུ་རྡོ་རྗེ་
དང་ལྷན་ཅིག་གཉིས་སུ་མེད་པར་གྱུར་པའོ། །དོན་ཡོད་གྲུབ་པ་ནི། གསུང་རྡོ་རྗེ་དང་གཉིས་སུ་མེད་པར་གྱུར་པའོ། །མི་བསྐྱོད་པ་ནི་དྲུག་པ་རྡོ་རྗེ་འཆང་དང་ལྷན་ཅིག་ཏུ་གཉིས་སུ་མེད་པར་གྱུར་པའོ། །དེ་ལྟར་ན་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ནི་རང་གི་ལུས་དང་ངག་
དང་ཡིད་ཀྱིས་བསྡུས་པར་གྱུར་པའི་ཕྱིར་གསུམ་དུ་བཤད་དོ། །ཟླ་གསང་ཐིག་ལེ་ལས་ཀྱང་། ལུས་ངག་ཡིད་ཀྱི་སྦྱོར་བ་ཡིས། །གསུམ་དུ་ཡང་ནི་འགྱུར་བ་ཡིན། །ཞེས་གསུངས་སོ། །ངོ་བོ་ཉིད་མདོར་བསྟན་པ་གསལ་བར་བཤད་པ་ནི། ལྷག་པའི་ལྷ་ནི་གསང་ཆེན་ཏེ། །ཞེས་
བྱ་བ་ཡིན་ཏེ། རྡོ་རྗེ་གསུམ་མི་ཕྱེད་པའི་མཚན་ཉིད་རྡོ་རྗེ་འཆང་ཆེན་པོར་ལྷག་པར་མོས་པར་བྱ་བ་ནི། བྱིན་གྱིས་བརླབ་པའི་རྣལ་འབྱོར་ཏེ། རྫོགས་པའི་རིམ་པའི་སྐུར་བྱུང་བ་དང་པོ་དེ་ལ་དེ་སྐད་ཅེས་བྱ་བའམ། ཡང་ན་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱི་བསྡུས་པའི་སྐུ་ནི་རྡོ་རྗེ་
འཆང་ཆེན་པོ་ཡིན་ལ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ལྷ་ཐམས་ཅད་ཀྱི་ངོ་བོ་ཉིད་དུ་སྣང་བའི་སྐུ། ཟུང་དུ་འཇུག་པའི་ཡེ་ཤེས་ཀྱི་སྐུ་དེ་ལ་ལྷག་པའི་ལྷ་ཞེས་བྱ། དེ་ནི་སྐུ་གསུང་ཐུགས་ཀྱི་གསང་བ་འདུས་པ་སྟེ། ཤིན་ཏུ་རྫོགས་པ་ཆེན་པོར་གྱུར་པས་དེ་ལ་དེ་སྐད་ཅེས་བྱའོ། །
བདེ་མཆོག་ལས་ཀྱང་། འདི་ནི་རང་འབྱུང་བཅོམ་ལྡན་འདས། །གཅིག་པུ་རབ་ཏུ་ཆེ་བའི་ལྷ། །ཞེས་གསུངས་སོ། །རིགས་བརྒྱ་ཞེས་མདོར་བསྟན་པ་གསལ་བར་བཤད་པ་ནི། དམ་པའི་རིགས་ནི་རྣམ་པ་བརྒྱ། །ཞེས་བྱ་བ་ཡིན་ཏེ། ཕུང་པོ་ལྔ་དང་འབྱུང་བ་བཞི་ནི། དབང་པོ་
ལྔ་དང་། ཡུལ་ལྔ་རེ་རེ་ལས་རིགས་ལྔ་ལྔའི་དབང་དུ་བྱས་པས་རིགས་བརྒྱར་འགྱུར་ཏེ། དེ་ཡང་གང་ཞེ་ན། རྣམ་པར་སྣང་མཛད་ཀྱི་ཏིང་ངེ་འཛིན་གྱི་དབང་དུ་བྱས་ཏེ་བཤད་པའི། གཟུགས་ཀྱི་ཕུང་པོ་ལ་དེ་བཞིན་གཤེགས་པ་ལྔས་བྱིན་གྱིས་བརླབས་པའི་རིགས་ལྔ་དང་། རིན་ཆེན་

འབྱུང་ལྡན་གྱི་ཏིང་ངེ་འཛིན་གྱི་དབང་དུ་བྱས་ཏེ་བཤད་པའི་ཚོར་བའི་ཕུང་པོ་ལ་དེ་བཞིན་གཤེགས་པ་ལྔས་བྱིན་གྱིས་བརླབས་པའི་རིགས་ལྔ་དང་། སྣང་བ་མཐའ་ཡས་ཀྱི་ཏིང་ངེ་འཛིན་གྱི་དབང་དུ་བྱས་ཏེ་བཤད་པའི། འདུ་ཤེས་ཀྱི་ཕུང་པོ་ལ་དེ་བཞིན་གཤེགས་པ་ལྔས་བྱིན་གྱིས་
བརླབས་པའི་རིགས་ལྔ་དང་། དོན་ཡོད་གྲུབ་པའི་ཏིང་ངེ་འཛིན་གྱི་དབང་དུ་བྱས་ཏེ་བཤད་པའི། འདུ་བྱེད་ཀྱི་ཕུང་པོ་ལ་དེ་བཞིན་གཤེགས་པ་ལྔས་བྱིན་གྱིས་བརླབས་པའི་རིགས་ལྔ་དང་། མི་བསྐྱོད་པའི་ཏིང་ངེ་འཛིན་གྱི་དབང་དུ་བྱས་ཏེ་བཤད་པའི། རྣམ་པར་ཤེས་པའི་ཕུང་པོ་ལ་
དེ་བཞིན་གཤེགས་པ་ལྔས་བྱིན་གྱིས་བརླབས་པའི་རིགས་ལྔ་སྟེ། སྤྱིར་ཕུང་པོ་ལྔའི་དབང་དུ་བྱས་པའི་དམ་པའི་རིགས་ནི་ཉི་ཤུ་རྩ་ལྔའོ། །སའི་ཁམས་ལ་སངས་རྒྱས་སྤྱན་གྱི་ཏིང་ངེ་འཛིན་གྱི་དབང་དུ་བྱས་ཏེ། བཤད་པའི་ཕྱི་དང་ནང་གི་སའི་ཁམས་ལ་དེ་བཞིན་གཤེགས་པ་ལྔས་
བྱིན་གྱིས་བརླབས་པས་བཅུར་འགྱུར་ཡང་རིགས་ལྔར་བགྲང་བ་དང་། མཱ་མ་ཀཱིའི་ཏིང་ངེ་འཛིན་གྱི་དབང་དུ་བྱས་ཏེ་བཤད་པའི། ཕྱི་ནང་གི་ཆུའི་ཁམས་ལ་དེ་བཞིན་གཤེགས་པ་ལྔས་བྱིན་གྱིས་བརླབས་པས་བཅུར་འགྱུར་ཡང་རིགས་ལྔར་བགྲང་བ་དང་། གོས་དཀར་མོའི་ཏིང་
ངེ་འཛིན་གྱི་དབང་དུ་བྱས་ཏེ་བཤད་པའི། ཕྱི་ནང་གི་མེའི་ཁམས་ལ་དེ་བཞིན་གཤེགས་པ་ལྔས་བྱིན་གྱིས་བརླབས་པས་ཕྱི་ནང་གི་དབང་གིས་བཅུར་འགྱུར་ཡང་རིགས་ལྔར་བགྲང་བ་དང་། སྒྲོལ་མའི་ཏིང་ངེ་འཛིན་གྱི་དབང་དུ་བྱས་ཏེ་བཤད་པའི། ཕྱི་ནང་གི་རླུང་གི་ཁམས་ལ་དེ་བཞིན་
གཤེགས་པ་ལྔས་བྱིན་གྱིས་བརླབས་པས་ཕྱི་ནང་གི་དབང་གིས་བཅུར་འགྱུར་ཡང་རླུང་དུ་གཅིག་པས་རིགས་ལྔར་བགྲང་བ་སྟེ། སྤྱིར་དམ་པའི་རིགས་ཉི་ཤུའོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཏིང་ངེ་འཛིན་གྱི་དབང་དུ་བྱས་ཏེ་བཤད་པ་ལས། རིགས་ལྔ་བཅུར་འགྱུར་བ་ནི་འདི་ཡིན་ཏེ།
སའི་སྙིང་པོའི་ཏིང་ངེ་འཛིན་གྱི་དབང་དུ་བྱས་པས་མིག་གི་སྐྱེ་མཆེད་ལ་དེ་བཞིན་གཤེགས་པ་ལྔས་བྱིན་གྱིས་བརླབས་པའི་རིགས་ལྔ་དང་། ཕྱག་ན་རྡོ་རྗེའི་ཏིང་ངེ་འཛིན་གྱི་དབང་དུ་བྱས་པའི་བཤད་པ། རྣ་བའི་སྐྱེ་མཆེད་ལ་དེ་བཞིན་གཤེགས་པ་ལྔས་བྱིན་གྱིས་བརླབས་པའི་རིགས་ལྔ་

དང་། །ནམ་མཁའི་སྙིང་པོའི་ཏིང་ངེ་འཛིན་གྱི་དབང་དུ་བྱས་པའི་སྣའི་སྐྱེ་མཆེད་ལ་དེ་བཞིན་གཤེགས་པ་ལྔས་བྱིན་གྱིས་བརླབས་པའི་རིགས་ལྔ་དང་། འཇིག་རྟེན་དབང་ཕྱུག་གི་ཏིང་ངེ་འཛིན་གྱི་དབང་དུ་བྱས་ཏེ་བཤད་པའི། ལྕེའི་སྐྱེ་མཆེད་ལ་དེ་བཞིན་གཤེགས་པ་ལྔས་བྱིན་
གྱིས་བརླབས་པའི་རིགས་ལྔ་དང་། སྒྲིབ་པ་རྣམ་པར་སེལ་བའི་ཏིང་ངེ་འཛིན་གྱི་དབང་དུ་བྱས་ཏེ་བཤད་པའི། ལུས་ཀྱི་སྐྱེ་མཆེད་ལ་དེ་བཞིན་གཤེགས་པ་ལྔས་བྱིན་གྱིས་བརླབས་པའི་རིགས་ལྔ་དང་། སྤྱིར་དམ་པ་རིགས་བརྒྱ་ཉི་ཤུ་རྩ་ལྔའོ། །ཡུལ་རྣམས་ལྷ་མོའི་ཏིང་ངེ་འཛིན་གྱི་དབང་དུ་
བྱས་ཏེ་བཤད་པའི། རིགས་ལྔ་བཅུར་འགྱུར་བ་ནི་འདི་ཡིན་ཏེ། གཟུགས་རྡོ་རྗེ་མའི་ཏིང་ངེ་འཛིན་གྱི་དབང་དུ་བྱས་ཏེ་བཤད་པའི། གཟུགས་རྣམས་དེ་བཞིན་གཤེགས་པ་ལྔས་བྱིན་གྱིས་བརླབས་པ་ན་དེ་བཞིན་གཤེགས་པ་རིགས་ལྔ་དང་། སྒྲ་རྡོ་རྗེ་མའི་ཏིང་ངེ་འཛིན་གྱི་དབང་དུ་བྱས་ཏེ་
བཤད་པའི། སྒྲ་རྣམས་དེ་བཞིན་གཤེགས་པ་ལྔས་བྱིན་གྱིས་བརླབས་པའི་རིགས་ལྔ་དང་། དྲི་རྡོ་རྗེ་མའི་ཏིང་ངེ་འཛིན་གྱི་དབང་དུ་བྱས་ཏེ་བཤད་པའི་དྲི་རྣམས་དེ་བཞིན་གཤེགས་པ་ལྔས་བྱིན་གྱིས་བརླབས་པའི་རིགས་ལྔ་དང་། རོ་རྡོ་རྗེ་མའི་ཏིང་ངེ་འཛིན་གྱི་དབང་དུ་བྱས་ཏེ་བཤད་པའི། རོ་རྣམས་
དེ་བཞིན་གཤེགས་པ་ལྔས་བྱིན་གྱིས་བརླབས་པའི་རིགས་ལྔ་དང་། རེག་རྡོ་རྗེ་མའི་ཏིང་ངེ་འཛིན་གྱི་དབང་དུ་བྱས་ཏེ་བཤད་པའི། རེག་བྱ་ཐམས་ཅད་དེ་བཞིན་གཤེགས་པ་ལྔས་བྱིན་གྱིས་བརླབས་པའི་རིགས་ལྔ་དང་། སྤྱིར་དམ་པའི་རིགས་བརྒྱ་ཉི་ཤུ་རྩ་ལྔའོ། །རིམ་པ་ལྔ་པོ་ཉིད་ལ་འཇུག་
པའི་ཡེ་ཤེས་ལྔ་དང་། སྤྱིར་དམ་པའི་རིགས་ནི་བརྒྱ་ཡིན་ཏེ། ཟླ་གསང་ཐིག་ལེ་ལས། རིགས་ནི་རྣམ་པ་བརྒྱར་བཤད་པ། །མདོ་རུ་བསྡུ་ན་རྣམ་པ་ལྔ། །ཞེས་འབྱུང་བ་ཡིན་ནོ། །ཡིད་ཀྱི་རྣམ་པར་ཤེས་པའི་དབང་པོ་ལ་གསུམ་སྟེ། དབང་པོ་ཐམས་ཅད་ཀྱི་བདག་པོ་སྟེ། ཕྱིའི་ཡུལ་ནི་མེད་ཀྱི། སོ་
སོ་རང་རིག་པས་ཆོས་ཀྱི་དབྱིངས་ཡུལ་དུ་བྱས་ནས། རྡོ་རྗེ་འཆང་ཆེན་པོའི་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ཞེས་བྱ་སྟེ། རིགས་བརྒྱ་པོ་ཀུན་ལ་ཁྱབ་པར་བྱེད་པ་ཞེས་བཤད་དོ། །བྱང་ཆུབ་རྡོ་རྗེ་བཅས་གསུངས་པ། །ཞེས་པ་ནི། རྡོ་རྗེ་འཆང་ཆེན་པོ་ནི་འདིར་མིང་གཞན་བྱང་ཆུབ་ཀྱི་སེམས་རྡོ་རྗེ་

ཞེས་བྱ་སྟེ། དེ་དང་བཅས་པ་ནི་རིགས་ལྔ་ནས་བརྒྱའི་བར་དུ་སྣང་བ་སྟེ། དེ་དག་ཐམས་ཅད་ཀྱང་རྩ་བའི་རྒྱུད་ཆེན་པོ་ལས་མ་གསུངས་ཤིང་། ཕྱི་མའི་རྒྱུད་འདིར་བཤད་ཅིང་བསྟན་པའི་ཕྱིར་རྒྱུད་ཕྱི་མ་ཞེས་བྱའོ། །དེ་ལྟར་རྒྱུད་ཀྱི་མཚན་བསྟན་ནས། ད་ནི་རྒྱུད་ཀྱི་དོན་སྟོན་པའི་མཚན་བསྟན་པའི་
ཕྱིར། །བྱང་ཆུབ་ཀྱི་སེམས་རིག་པའི་སྐྱེས་བུ་རྡོ་རྗེ་འཆང་ཞེས་བྱ་བ་ནི། ཐོག་མ་ཐ་མ་མེད་ཞི་བ། །དངོས་དང་དངོས་མེད་མི་བཟད་གཙོ། །ཞེས་བྱ་བ་ནི། བྱང་ཆུབ་ཅེས་པ་ལ་ཐོག་མ་ནས་སྣང་བ་སྟེ། ཟླ་བའི་དཀྱིལ་འཁོར་ལྟ་བུའོ། །ཐ་མ་ནི་སྣང་བ་ཐོབ་པ་སྟེ་མུན་པ་ལྟ་བུའོ། །ཤུགས་
ཀྱིས་ན་བར་མ་ནི་སྣང་བ་མཆེད་པ་སྟེ་ཉི་མའི་དཀྱིལ་འཁོར་ལྟ་བུའོ། །མེད་ཅེས་པ་ནི་དེ་ལྟ་བུའི་ཀུན་རྫོབ་ཀྱི་བདེན་པ་སྣང་བ་གསུམ་སྟོང་པར་ཐིམ་ཞིང་། ཞི་བ་ལ་དེ་སྐད་ཅེས་བྱའོ། །དངོས་དང་ཞེས་པ་ནི་ཀུན་རྫོབ་ཀྱི་བདེན་པ་སྣང་བ་གསུམ་མོ། །དངོས་མེད་ཅེས་པ་ནི་ཐམས་ཅད་སྟོང་པ་དོན་
དམ་པའི་བདེན་པའི་ངང་དུ་སྣང་བ་གསུམ་གྱི་དངོས་པོ་མེད་ཅིང་མི་དམིགས་པ་ལ་བྱང་ཆུབ་ཅེས་བྱ་སྟེ། མངོན་པར་བྱང་ཆུབ་པའི་རྒྱུད་ལས་ཀྱང་། བྱང་ཆུབ་ནམ་མཁའི་མཚན་ཉིད་དེ། །ཀུན་དུ་རྟོག་པ་ཐམས་ཅད་སྤངས། །གང་ཞིག་དེར་རྟོགས་འདོད་པ་སྟེ། །བྱང་ཆུབ་སེམས་དཔའ་
ཞེས་བྱའོ། །གསང་བའི་བདག་པོ་དེ་ལ་བྱང་ཆུབ་གང་ཞེ་ན། རང་རང་གི་སེམས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རྟོགས་པ་སྟེ། དེ་ཡང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་པོ་ཞེས་འབྱུང་ངོ་། །མི་བཟད་གཙོ་ཞེས་པ་ནི། ཟུང་འཇུག་གི་སྐུ་ལ་མི་བཟད་པའམ་གཙོ་བོ་ཞེས་བྱ་སྟེ།
སློབ་དཔོན་ཀླུ་སྒྲུབ་ཀྱིས་ཀྱང་། གཙོ་བོ་བདེ་བ་ཀུན་རང་བཞིན། །སེམས་དཔའ་ཆེན་པོ་འགྲོ་དང་འདུག །གནས་དང་ཟས་དང་གོས་ལ་སོགས། །མཁའ་ལས་སྐད་ཅིག་དག་གིས་རྙེད། །ཡེ་ཤེས་རང་བཞིན་མི་ཡི་སེང་གེ་དང་། །མི་བཟད་ལུས་ཐོབ་མ་ལུས་འགྲོ་བའི་རྒྱུ། །ཞེས་གསུངས་
སོ། །སྟོང་ཉིད་སྙིང་རྗེ་མི་ཕྱེད་པ། །བྱང་ཆུབ་སེམས་ཞེས་བྱ་བ་ཡིན། །ཞེས་པ་ནི། གཙོ་བོ་ཟུང་འཇུག་དེ་ཉིད་འོད་གསལ་བ་དང་། སྙིང་རྗེ་ཆེན་པོ་སེམས་ཅན་ཐམས་ཅད་ལ་ཁྱབ་པ་ཐ་མི་དད་ཅིང་དབྱེར་མེད་པ་དེ་ལ་དེ་སྐད་ཅེས་བྱ་སྟེ། དེ་སྐད་དུ་ཡང་། སློབ་དཔོན་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས།

ཤེས་རབ་སྙིང་རྗེ་གཅིག་པར་ནི། །ཤེས་ནས་ཟུང་དུ་འཇུག་གྱུར་པ། །ཟུང་འཇུག་ཅེས་བྱར་བཤད་པ་ཡིན། །རིམ་འདི་སངས་རྒྱས་སྤྱོད་ཡུལ་ལོ། །ཞེས་གསུངས་སོ། །ད་ནི་རིག་པའི་སྐྱེས་བུ་ཞེས་བྱ་བའི་དོན་བཤད་པའི་ཕྱིར། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཡིས། །
མི་ཕྱེད་པ་དང་ཞེས་པ་ནི། །སྐུ་གསུང་ཐུགས་ནི་སྣ་ང་བ་རྣམ་པ་གསུམ་གྱི་བདག་ཉིད་ལ་སྐྱེས་བུ་ཞེས་བྱ་བ་ཡིན་ལ། རྡོ་རྗེ་ཡིས་ཞེས་པ་ནི། རིག་པ་སྟེ་དོན་དམ་པའི་བདེན་པའོ། །མི་ཕྱེད་པ་ཞེས་པ་ནི། དེ་དག་ལས་སྐྱེས་བུ་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པ་ལ་སོགས་པ་
དང་བཅས་པའི། རིག་པའི་སྐྱེས་བུས་ཏེ་ངེས་པའོ། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཡིས། །མི་ཕྱེད་ཕྱེད་པའི་དངོས་པོ་ཉིད། །ཅེས་པ་ལ། སྐུ་གསུང་ཐུགས་ནི་ཡི་གེ་གསུམ་མོ། །རྡོ་རྗེ་ཡིས་ཞེས་པ་ནི་ཟླ་བ་དང་ཉི་མ་དང་པདྨ་དང་། ཡི་གེ་ལས་ཐ་མར་རྡོ་རྗེར་གྱུར་པ་སྟེ། དེ་དག་སོ་སོར་ཕྱེ་
བའི་དངོས་པོ་ལས་སྐྱེས་བུའི་གཟུགས་བསྐྱེད་པ་སྟེ། ཡི་གེ་གསུམ་གྱི་རིག་པ་ལས་སྐྱེས་བུ་བསྐྱེད་ཅེས་བྱ་བའི་དོན་ཏོ། །འདི་སྐད་སྟོན་ཏེ། དྲང་དོན་དུ་སྒྲུབ་ཐབས་བཞིན་དུ་རྣལ་འབྱོར་རྣམ་པ་བཞིའི་རིམ་གྱི་སྔགས་ཐམས་ཅད་ཀྱི་གཟུགས་ཀྱི་སྐུ་རྡོ་རྗེ་འཆང་དུ་བསྐྱེད་པ་དང་། ངེས་པའི་དོན་
དུ་བདེན་པ་གཉིས་ལས་ཟུང་འཇུག་གི་སྐུར་བཞེངས་པར་སྟོན་པ་ཡིན་ནོ། །རྒྱུད་ཀྱི་སྟོན་པའི་མཚན་བྱང་ཆུབ་ཀྱི་སེམས་རིག་པའི་སྐྱེས་བུ་རྡོ་རྗེ་འཆང་ཞེས་བྱ་ལ། ད་ནི་རྡོ་རྗེ་འཆང་ཞེས་བྱ་བའི་དོན་བསྟན་པའི་ཕྱིར། རྒྱུ་ལྔ་དང་ནི་འབྲས་བུ་ལྔ། །རྡོ་རྗེ་ཞེས་ནི་བཤད་པ་ཡིན། །
ཞེས་བྱ་བ་ལ། རྒྱུ་ལྔ་ནི་རྣམ་པར་ཤེས་པ་ལྔའོ། །འབྲས་བུ་ལྔ་ནི་ཡེ་ཤེས་ལྔ་སྟེ། དེ་ཉིད་ཀྱི་མངོན་པར་བྱང་ཆུབ་པ་ལྔ་ཡང་དག་པར་སྟོན་པའི་རྡོ་རྗེ་འཛིན་པར་མཛད་པས་ན་རྡོ་རྗེ་འཆང་སྟེ། དྲང་བའི་དོན་ཏོ། །རྒྱུ་ལྔ་ནི་ཀུན་རྫོབ་ཀྱི་བདེན་པའོ། །འབྲས་བུ་ལྔ་ནི་དོན་དམ་པའི་
བདེན་པའོ། །རྣམ་ཤེས་ཡིད་ཀྱི་སྣང་བ་གསུམ་ཡིན་ལ། རྡོ་རྗེ་ཞེས་པ་ནི་དོན་དམ་པའི་བདེན་པའི་འབྲས་བུ་བསྟན་པའོ། །འཆང་བ་འཛིན་ཞེས་གྲགས་པ་སྟེ། །ཞེས་པ་ནི། བདེན་པ་གཉིས་ཀྱི་བདག་ཉིད་ཅན་གྱི་རྡོ་རྗེའི་ཡེ་ཤེས་འཛིན་པར་མཛད་པས་ན་རྡོ་རྗེ་འཆང་སྟེ།

ངེས་པའི་དོན་ཏོ། །སློབ་དཔོན་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་ཀྱང་། བདག་བྱིན་བརླབ་པའི་ཏིང་ངེ་འཛིན། །དེ་དག་འོད་གསལ་བ་ཡི་གནས། །རྒྱུ་དང་འབྲས་བུའི་ཁྱད་པར་གྱིས། །བདེན་པ་གཉིས་སུ་བསྟན་པ་ཡིན། །ཞེས་གསུངས་སོ། །ཡང་ན་ཕྱོགས་གཞན་བསྟན་པའི་ཕྱིར།
རྒྱུ་ལྔ་དང་ནི་འབྲས་བུ་ལྔ། །རྡོ་རྗེ་ཞེས་སུ་བསྟན་པ་ཡིན། །ཞེས་བྱ་བ་ནི། ཕྱི་དང་ནང་གི་བདག་ཉིད་ཅན་གྱི་རྒྱུ་དང་འབྲས་བུ་སྣང་བའི་ཡུལ་དང་དབང་པོ་འདི་རྣམས་ནི་རང་བཞིན་གྱིས་འོད་གསལ་བའི་ཕྱིར། དངོས་པོ་མེད་པ་སྟེ། དེ་བས་ན་ཆོས་རྣམས་ཀྱང་མེད་ཅིང་དེ་རྣམས་ཀྱི་
ཆོས་ཉིད་ཀྱང་ཡོད་པ་མ་ཡིན་ཏེ། ཆོས་རྣམས་མེད་པའི་ཕྱིར་རོ། །དེ་བས་ན་འདི་ལྟར་ནམ་མཁའ་ལྟ་བུ་བདག་མེད་པའི་བདག་ཉིད་ཅན་རྣམ་པར་ཤེས་པའི་ཡིད་འོང་འོད་གསལ་འདི་ནི་རྡོ་རྗེ་ཞེས་བྱ་བ་ཡིན་ཏེ། དེ་འཛིན་པས་ན་འཆང་ཞེས་བྱའོ། །རྣམ་པར་སྣང་མཛད་ཀྱི་བྱང་
ཆུབ་ཀྱི་སེམས་བསྟན་པའི་ཕྱིར། ཡོད་དང་མེད་དང་དབུས་ལས་འདས། །འབྱུང་དང་འབྱུང་ལས་གྱུར་ལས་བྱུང་། །སེམས་ཅན་ཀུན་གྱི་ལུས་ཡིན་ཏེ། །སྐྱེ་ལས་ཞེས་པ་ནི་སྣོད་དུ་གྱུར་པའི་དངོས་པོ་ཐམས་ཅད་དང་བྲལ་བ་དང་། འབྱུང་དང་འབྱུང་ལས་གྱུར་ལས་བྱུང་། །སེམས་
ཅན་ཀུན་གྱི་ལུས་ཡིན་ཏེ། །ཞེས་པ་ནི། ཡང་ཕུང་པོ་སྟེ། ཁམས་དང་སྐྱེ་མཆེད་ཀྱི་བདག་ཉིད་ཅན་གྱི་གཟུང་བ་དང་འཛིན་པ་རྣམ་པར་སྤངས་པའོ། །ཡོད་དང་མེད་དང་དབུས་ལས་འདས། །ཞེས་པ་ནི། རང་བཞིན་གྱིས་འོད་གསལ་བའི་ཆོས་བདག་མེད་པ་མཉམ་པ་ཉིད་གཉིས་སུ་
མེད་པ་དེ་ནི་ཡོད་པ་སྟེ། རྟག་པ་མ་ཡིན་ཞིང་མེད་པ་སྟེ། ཆད་པ་མ་ཡིན་ཞིང་དེ་ཉིད་ཀྱི་དབུས་ལས་འདས་པའི་ཆོས་མཉམ་པ་ཉིད་ཡིན་ནོ། །སྐྱེ་ལས་རྒྱལ་བཞེས་པ་ནི། རང་གི་སེམས་ཡེ་ནས་མ་སྐྱེས་པ་རྡོ་རྗེ་གསུམ་མི་ཕྱེད་པའི་ལུས་སྟོང་པ་ཉིད་ཀྱི་ངོ་བོ་མིག་གི་སྤྱོད་ཡུལ་ཙམ་
ཡིན་པའི་ཕྱིར་རོ། །ཛི་ན་ཛིཀ་ཅེས་པ་ནི། རྒྱལ་བའི་ངང་ཚུལ་ཅན་ཡིན་པས་ན་རྒྱལ་བ་སྟེ། རྩིབས་བཅུ་གཉིས་པའི་ཆོས་ཀྱི་འཁོར་ལོས་བདུད་རྣམས་ལས་རྒྱལ་བས་ན་རྒྱལ་བ་སྟེ་དྲང་བའི་དོན་ཏོ། །རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་བདུད་བཞི་ཟིལ་གྱིས་གནོན་པས་ན་རྒྱལ་བས་

ན་རྒྱལ་བ་སྟེ། ངེས་པའི་དོན་ཏོ། །རིན་ཆེན་འབྱུང་ལྡན་གྱི་བྱང་ཆུབ་ཀྱི་སེམས་བསྟན་པའི་ཕྱིར། ཚོར་བ་ཡིས་ནི་ཚོར་བས་ཞེས་པ་ལ། ཚོར་བ་ནི་ཟག་པ་དང་བཅས་པ་དང་ཟག་པ་མེད་པ་རྣམས་སོ། །ངེས་པར་ཚོར་བ་དངོས་པོ་མེད་ཅིང་མཚན་མ་མེད་པའི་ཕྱིར། ཆོས་
ཀྱི་མཚན་ཉིད་མ་གྲུབ་པས་ངེས་པར་ཚོར་བ་ཞེས་བྱའོ། །འོ་ན་ལྷའི་སྐུ་ཇི་ལྟར་བསྐྱེད་ཅེ་ན། དོན་རྣམས་ཐམས་ཅད་འབྱུང་བས་ན། །སེམས་ནི་རིན་པོ་ཆེ་ཞེས་བྱ། །ཞེས་བྱ་བ་ནི། བདག་མེད་པའི་ཆོས་དོན་དམ་པའི་བདེན་པ་དེ་ལས་རང་ལ་བྱིན་གྱིས་བརླབ་པའི་རིམ་གྱིས་ཀུན་ཏུ་
འབྱུང་བ་སྟེ། སྔོན་གྱི་འཕེན་པའི་ཤུགས་ཀྱིས་ནོར་བུ་རིན་པོ་ཆེ་ལྟར་འབྱུང་ངོ་། །རཏྣ་དྷྲྀཀ་ཅེས་པ་ནི་བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པའི་རིན་པོ་ཆེ་འཛིན་པར་མཛད་པས་ན། རིན་ཆེན་འཆང་སྟེ། དྲང་བའི་དོན་ཏོ། །ཡང་དག་པའི་མཐའ་རིན་པོ་ཆེ་འཛིན་པར་མཛད་
པས་ན་རིན་ཆེན་འཆང་སྟེ། ངེས་པའི་དོན་ཏོ། །འོད་དཔག་ཏུ་མེད་པའི་བྱང་ཆུབ་ཀྱི་སེམས་བསྟན་པའི་ཕྱིར། མཚན་གཞི་མཚན་ཉིད་དངོས་པོ་ཡིས། །ཞེས་པ་ལ། མཚན་གཞི་ནི་འདུས་བྱས་དང་འདུས་མ་བྱས་རྣམས་སོ། །མཚན་ཉིད་ཅེས་པ་ནི་ཆོས་རྣམས་ཀྱི་ཆོས་ཉིད་མ་གྲུབ་ན་དེ་
རྣམས་ཀྱི་མཚན་ཉིད་གང་ལ་ཡོད་དེ། མོ་གཤམ་བུའི་ཁ་དོག་ལྗང་བ་དང་དཀར་བ་ལ་སོགས་པ་དང་འདྲའོ། །ཀུན་ལ་ཞེས་པ་ནི་བསྒོམ་པར་བྱ་བ་མེད་པའོ། །ཀུན་གྱིས་ཞེས་པ་ནི་བསྒོམ་པ་མེད་པའོ། །ཐམས་ཅད་དུ་ཞེས་པ་ནི་སྒོམ་པ་དང་བསྒོམ་པར་བྱ་བའི་རང་བཞིན་མེད་པའི་
ཕྱིར་རོ། །འོ་ན་ལྷའི་རྣལ་འབྱོར་དུ་ཇི་ལྟར་འགྱུར་ཞེ་ན། དགའ་བའི་མཚན་ཉིད་མཚན་གཞི་ནི། །ཞེས་བྱ་བ་ནི། དགའ་བའི་མཚན་ཉིད་ཅེས་པ་ནི་འདུ་ཤེས་ཀྱི་དགའ་བས་ཏེ་ཀུན་རྫོབ་ཀྱི་བདེན་པའོ། །མཚན་གཞི་ནི་དོན་དམ་པར་འདུས་བྱས་དང་འདུས་མ་བྱས་ཀྱི་ཆོས་རྣམས་
རང་བཞིན་མེད་པའོ། །དེ་གཉིས་གཅིག་ཏུ་སྦྱོར་བ་ལས་ལྷའི་སྐུ་འབྱུང་ངོ་། །ཨཱ་རོ་ལྀཀ་ཅེས་པ་ནི། ཨ་ནི་མ་ལུས་པའོ། །རོ་ནི་འཁོར་བའོ། །ལྀཀ་ནི་དེ་ལས་འདས་པས་ན། ཨཱ་རོ་ལྀཀ་སྟེ་དྲང་བའི་དོན་ཏོ། །ཨ་ནི་མ་ལུས་པའོ། །རོ་ནི་ཡེ་ཤེས་གསུམ་མོ། །དེ་བས་ན་དོན་དམ་

པའི་བདེན་པར་བགྲོད་པར་འགྱུར་བ་སྟེ། ངེས་པའི་དོན་ཏོ། །དོན་ཡོད་གྲུབ་པའི་བྱང་ཆུབ་ཀྱི་སེམས་བསྟན་པའི་ཕྱིར། རྣམ་ཤེས་ཞེས་པ་ནི་ཀུན་རྫོབ་ཀྱི་བདེན་པའོ། །རབ་མཐར་འབྱིན་བྱེད་ཅེས་པ་ནི། དོན་དམ་པའི་བདེན་པ་སྟེ། ཕྱི་ནང་གི་དངོས་པོ་རྣམས་ནི་བདེན་པ་གཉིས་ཀྱི་ངོ་བོ་
ཉིད་གཅིག་ཏུ་འདུ་ཤེས་པ་གང་ཡིན་པ་དེ་ནི་ཤེས་རབ་སྟེ། འདུ་བྱེད་སེམས་དཔའ་འཛིན་པ་ན། །ཞེས་པ་ནི། མངོན་པར་རྟོགས་པའི་རྒྱུད་དང་། འབྲས་བུའི་ངོ་བོ་ཉིད་བྱང་ཆུབ་གཉིས་རྒྱུ་དང་འབྲས་བུ་དབྱེར་མི་ཕྱེད་པར་ཡིད་འདུ་བྱེད་སེམས་དཔའ་རྟོགས་པར་བྱེད་ཅིང་འཛིན་པར་བྱེད་
དེ། རྒྱུ་དང་འབྲས་བུ་མི་ཕྱེད་པར་ཡོངས་སུ་ཤེས་པ་ཉིད་ནི་ཤེས་རབ་འཛིན་ཞེས་བྱའོ། །པྲཛྙཱ་དྷྲཀ་ཅེས་པ་ནི་ཆོས་རབ་ཏུ་འཛིན་པར་བྱེད་པའི་མཚན་ཉིད་དེ་འཛིན་པར་བྱེད་པས་ན་ཤེས་རབ་འཛིན་ཏེ། དྲང་བའི་དོན་ཏོ། །ཤེས་རབ་ནི་ཟླ་བ་སྣང་བ་སྟེ། དེ་ཁམས་ཕྲ་བ་འཛིན་པར་མཛད་
པས་ན་ཤེས་རབ་འཛིན་པ་སྟེ། ངེས་པའི་དོན་ཏོ། །ད་ནི་ཞེ་སྡང་གི་རིགས་ལ་སོགས་པའི་དོན་བསྟན་པ་ལ། དང་པོ་རིགས་ཐམས་ཅད་ཀྱི་གཞི་བསྟན་པའི་ཕྱིར། རིགས་ནི་རྒྱུད་ཅེས་བྱ་བར་བཤད། །རྒྱུད་ནི་ཐོག་མ་ཞེས་བརྗོད་དོ། །ཞེས་པ་ལ། རིགས་ནི་རང་གི་སེམས་ཀྱི་རྒྱུད་ཅེས་བྱ་བ་ཡིན་
ཏེ། རང་གི་སེམས་ཀྱི་རང་བཞིན་དེ་ནི་ཐོག་མ་མེད་པའི་དུས་ནས་ཡང་དག་པའི་ཀུན་རྫོབ་ཏུ་ཡེ་ཤེས་སྒྱུ་མ་སྣང་བ་དེ་ལ་ཐོག་མ་མེད་པ་ཞེས་བྱ་བ་དང་། རིགས་དང་རྒྱུན་དང་རྒྱུད་ཅེས་བྱའོ། །དེ་ཉིད་སེམས་རྣམ་པར་དག་པ་ཡང་དག་པར་རྟོགས་པའི་དུས་ན། ཡང་དག་པའི་རིགས་ཞེས་བྱ་བ་
ཡིན་ནོ། །མི་འཇིག་སྐྱེ་བ་མེད་གང་ཡིན། །ཞེས་པ་ལ། དོན་དམ་པ་སེམས་ཀྱི་རྒྱུན་དེ་སྐྱེ་བ་མེད་པ་གང་ཡིན་པ་དེ། ཀུན་རྫོབ་ཏུ་ནི་སེམས་ཀྱི་རྒྱུད་དེ་སྒྱུ་མ་ལྟ་བུར་སྣང་བས་མི་འཇིག་པ་ཞེས་བྱའོ། །དེ་བས་ན། མི་འཇིག་སྐྱེ་བ་མེད་པའི་སེམས་དེ་ནི་གཙོ་བོའམ་མགོན་པོའམ་རྟེན་ནམ་
རྒྱུའམ་ཐོག་མ་ཞེས་བྱའོ། །འདི་སྐད་སྟོན་ཏེ། རང་གི་སེམས་ཀྱི་རྒྱུན་སྒྱུ་མ་ལྟ་བུར་སྣང་བ་དེ། དོན་དམ་པ་སྐྱེ་འཇིག་མེད་པར་རྟོགས་པ་དེ་ལས་ཡེ་ཤེས་ལྔའི་ཚུལ་དུ་རིགས་ཐམས་ཅད་འབྱུང་བར་འགྱུར་རོ་ཞེས་སྟོན་ཏོ། །ད་ནི་ཞེ་སྡང་གི་རིགས་ཞེས་བྱ་བ་བསྟན་པའི་ཕྱིར། རྒྱུ་འབྲས་

གཉིས་ལ་ཞེས་པ་ནི་རྒྱུ་རྣམ་པར་ཤེས་པ་ལས་འབྲས་བུ་ཞེ་སྡང་སྐྱེ་སྟེ། དེ་གཉིས་ཀྱི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་སྐྱེ་བ་མེད་པར་སྡང་བས་ན་རྣམ་པར་ཤེས་པ་ཉིད་དག་པ་ཞེ་སྡང་ཞེས་བྱའོ། །འདི་སྐད་སྟོན་ཏོ། །ཐུགས་རྗེ་ཆེན་པོའི་ཐབས་ཀྱི་ཁྲོ་བོ་ནི་ཞེ་སྡང་ཡིན་ལ། དེའི་
རིགས་ནི་ཞེ་སྡང་གི་རིགས་སོ། །གཏི་མུག་བསྟན་པའི་ཕྱིར། བེམས་པོ་བཅིངས་པའི་རང་བཞིན་ཅན། །ཞེས་པ་ནི། རང་གི་སེམས་ཀྱི་རྒྱུན་སྟོང་པ་ཉིད་ལས་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་གཟུགས་ཀྱི་སྐུར་སྣང་བ་ནི། གཟུང་འཛིན་གྱི་རྟོག་པ་བེམས་པོ་དང་བྲལ་བས་ན་དེའི་རང་བཞིན་
དེ་ལ་གཏི་མུག་ཅེས་བྱ་སྟེ། ཞི་བའི་ངང་ཚུལ་དེ་ལ་གཟུགས་དང་གཏི་མུག་ཅེས་བྱའོ། །འདི་སྐད་སྟོན་ཏེ། སེམས་རྨོངས་པ་རྣམས་སྦྱང་བའི་ཕྱིར། ཞི་བའི་ངང་ཚུལ་ཅན་གང་ཡིན་པས་ན་གཏི་མུག་སྟེ་དེའི་རིགས་སོ། །ང་རྒྱལ་བསྟན་པའི་ཕྱིར། བདག་ཏུ་སློབ་པའི་ངོ་བོ་ཡིས། །ཚོར་
བ་དྲེགས་པ་ཡིན་པར་བཤད། །ཅེས་པ་ལ། རང་གི་སེམས་ཀྱི་རྒྱུན་སྐྱེ་འཇིག་མེད་པ་དེ་ཉིད་བདག་དང་ཆོས་ཐམས་ཅད་མཉམ་པ་ཉིད་ཀྱི་ཡེ་ཤེས་སུ་སློབ་མའི་ངོ་བོ་ཆེན་པོས་ངེས་པར་དྲེགས་པའོ། །འདི་སྐད་སྟོན་ཏེ། བསམ་པ་ཐམས་ཅད་རྫོགས་པར་བྱེད་པས་ན། ཡང་དག་པའི་ཚོར་
བ་ནི་ཡིད་བཞིན་གྱི་ནོར་བུ་སྟེ་དེའི་རིགས་ཞེས་བྱའོ། །འདོད་ཆགས་བསྟན་པའི་ཕྱིར། དངོས་ལ་ཆགས་པའི་མཚན་ཉིད་ཅན། །འདུ་ཤེས་ཡང་དག་ཆགས་བདག་ཉིད། །ཅེས་བྱ་བ་ལ། རང་གི་སེམས་ཀྱི་རྒྱུན་གཉིས་སུ་མེད་པ་དེ་ཉིད་སོ་སོར་རྟོག་པའི་ཡེ་ཤེས་སུ་སྣང་བས་དངོས་པོ་ཐམས་
ཅད་ལ་ཐུགས་རྗེས་ཆགས་པ་དང་། ཡང་དག་པའི་ཡེ་ཤེས་ཀྱི་འདུ་ཤེས་ཀྱིས་ཡང་དག་པའི་མཐའ་ལ་ཆགས་པའི་བདག་ཉིད་དེ་ལ་དེ་སྐད་ཅེས་བྱའོ། །འདི་སྐད་སྟོན་ཏེ། སོ་སོར་རྟོག་པའི་ཡེ་ཤེས་ཀུན་ཏུ་ཆགས་པ་ནི་འདོད་ཆགས་ཏེ། དེ་ནི་རིགས་སོ་ཞེས་པའོ། །ཕྲག་དོག་བསྟན་
པའི་ཕྱིར། རྐྱེན་གྱིས་དྲང་བའི་བདག་ཉིད་ཅན། །འདུ་ཤེས་རྟག་ཏུ་ཕྲག་དོག་ཡིན། །ཞེས་པ་ནི། སེམས་ཀྱི་རྒྱུན་གཉིས་སུ་མེད་པ་དེ་ཉིད་བྱ་བ་ནན་ཏན་ཀྱི་ཡེ་ཤེས་སུ་སྣང་བས་སྙིང་རྗེ་ཆེན་པོའི་དམ་ཚིག་གི་རྐྱེན་གྱིས་དྲངས་ཏེ་སེམས་ཅན་རྣམས་འདོན་པའི་བདག་ཉིད་ཅན་གྱི་

ཡང་དག་པའི་འདུ་བྱེད་དང་། གཞན་གྱི་འགྲོ་བའི་དོན་བྱེད་པའི་སྐབས་མི་འབྱེད་པའི་ཕྲག་དོག་ལ་དེ་སྐད་ཅེས་བྱའོ། །དེ་ཉིད་ལ་དམ་ཚིག་གི་རིགས་ཞེས་བྱའོ། །ད་ནི་དེ་ལྟར་བསྟན་པའི་དོན་བསྡུ་བའི་ཕྱིར། སྲིད་པ་ཀུན་འབྱུང་ཐམས་ཅད་དུ། །བྱང་ཆུབ་སེམས་ཀྱི་ངོ་བོ་ཉིད། །
ཅེས་པ་ནི། སེམས་ཀྱི་འདོད་པ་ལས་འདོད་ཆགས་ལ་སོགས་པའི་སྲིད་པའི་མཚན་ཉིད་ཐམས་ཅད་འབྱུང་བ་ལྟར་སྣང་ཡང་དོན་དམ་པར་བྱང་ཆུབ་སེམས་ཀྱ་མཚན་ཉིད་སྐྱེ་མེད་དུ་བཤད་པའོ། །དེས་ནི་རིགས་ལྔའི་མཇུག་གི་དོན་བསྡུས་པའོ། །ད་ནི་མོ་ཧ་ར་ཏཱི་ཞེས་བྱ་བ་
ལ་སོགས་པ་སྟེ་ཡུམ་བཞིའི་སྔགས་ཀྱི་དོན་བསྟན་པའི་ཕྱིར། དམ་ཚིག་སྣ་ཚོགས་འདྲ་བ་ཡི། །ཞེས་པ་ལ་སོགས་པ་གསུངས་ཏེ། མོ་ཧ་ར་ཏཱི་ཞེས་པ་ནི་གཏི་མུག་རྣམ་པར་སྣང་མཛད་དོ། །དེ་ལ་དགའ་བས་ན་གཏི་མུག་དགའ་སྟེ་དྲང་བའི་དོན་ཏོ། །གཉིས་མེད་ཡེ་ཤེས་
ཚོགས་རྣམས་ལ། །ང་རྒྱལ་བྱེད་པ་ཞེས་བྱ་བ་ལ་གཉིས་སུ་མེད་པའི་ཡེ་ཤེས་གཏི་མུག་རྣམ་པར་དག་པ་ལ་ཡང་དག་པའི་ང་རྒྱལ་བྱེད་པ་ནི་རྨོངས་པ་སྟེ། དེ་ནི་གཏི་མུག་དགའ་བ་སྟེ་ངེས་པའི་དོན་ཏོ། །དེ་ལ་ཕན་ཚུན་འཛེར་བ་ནི། །ཞེ་སྡང་ཞེས་བྱ་བ་སྟེ་ཞེ་སྡང་ནི་མི་བསྐྱོད་པའོ། །
དེ་ལ་དགའ་བས་ན་ཞེ་སྡང་དགའ་སྟེ་དྲང་བའི་དོན་ཏོ། །ཉོན་མོངས་པ་ཞེ་སྡང་རྣམ་པར་དག་པའི་ངང་དུ་ཕན་ཚུན་འཚེ་བ་ལ་དགའ་བས་ན། ཞེ་སྡང་དགའ་བ་སྟེ་ངེས་པའི་དོན་ཏོ། །མཚན་ཉིད་འདོད་ཆགས་ཞེན་པ་ཡིན། །ཞེས་བྱ་བ་ནི། འདོད་ཆགས་ནི་འོད་དཔག་
ཏུ་མེད་པའོ། །དེ་ལ་ཞེན་ཅིང་རྗེས་སུ་ཆགས་པར་བྱེད་པའི་མཚན་ཉིད་ནི་གོས་དཀར་མོ་སྟེ་དྲང་བའི་དོན་ཏོ། །འདོད་ཆགས་ཀྱི་མཚན་ཉིད་རྣམ་པར་དག་པར་ཞེན་པ་ནི་འདོད་ཆགས་དགའ་བ་སྟེ་ངེས་པའི་དོན་ཏོ། །ཡེ་ཤེས་ཐབས་ནི་རྡོ་རྗེ་བཤད། །ཅེས་པ་ནི། རྡོ་རྗེ་ནི་དོན་ཡོད་པར་
གྲུབ་པའོ། །དེ་ལ་ཡེ་ཤེས་ཀྱི་ཐབས་ཀྱིས་དགའ་བས་ན་རྡོ་རྗེ་དགའ་བ་སྟེ་དྲང་བའི་དོན་ཏོ། །རྡོ་རྗེ་ཡེ་ཤེས་ཐབས་ཀྱི་དགའ་བས་ན་རྡོ་རྗེ་དགའ་བ་སྟེ་ངེས་པའི་དོན་ཏོ། །ཕུན་སུམ་ཚོགས་པའི་དོན་གྱི་ཡུམ་གྱིས་ཉེ་བར་སྡུད་པའི་ཚིག་བསྟན་པའི་ཕྱིར། དགའ་བ་རྫོགས་པའི་

ལོངས་སྤྱོད་མཆོག །ཅེས་པ་ནི། དགའ་བ་སྟེ་ལྷ་མོ་བཞི་པོ་འདི་དག་དང་ལྷན་ཅིག་སྤྱོད་པས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདེ་བའི་ལོངས་སྤྱོད་ཀྱི་མཆོག་སྒྲུབ་པར་བྱེད་པའོ། །བུད་མེད་བདེ་མཆོག་ཕུན་སུམ་ཚོགས། །ཞེས་པ་ནི། འདོད་པའི་དབང་ཕྱུག་
ཁྱད་པར་ཅན་ཡིན་པས་བཙུན་མོའི་མཆོག་དམ་ཚིག་ཕུན་སུམ་ཚོགས་པའི་ཡོན་ཏན་སྒྲུབ་པར་བྱེད་པའོ། །གཏི་མུག་ཅེས་པ་ལ་སོགས་པ་གོང་དུ་བསྟན་པ་རྣམས་སོ། །དེ་རྣམས་ནི་སངས་རྒྱས་རྣམས་ཀྱི་ཐབས་རྡོ་རྗེ་ཐེག་པ་སྟེ། གཉིས་སུ་མེད་པའི་ཐེག་པ་ཞེས་ཀྱང་བྱའོ། །ད་ནི་ཁྲོ་བོ་
ཆེན་པོ་བཞིའི་སྔགས་བསྟན་པའི་ཕྱིར། མི་འཇིག་ཆོས་རྣམས་བདག་ཉིད་ནི། །ཞེས་པ་ལ་སོགས་པ་གསུངས་ཏེ། མི་འཇིག་ཆོས་རྣམས་བདག་ཉིད་ཅེས་པ་ནི། ཀུན་རྫོབ་ཏུ་ལུས་ཀྱི་ཆོས་ཐམས་ཅད་སྒྱུ་མ་ལྟ་བུ་ཡིན་པས་མི་འཇིག་ཅེས་བྱའོ། །མ་སྐྱེས་པ་ཡི་ངོ་བོ་
ཉིད། །ཅེས་པ་ནི། དོན་དམ་པར་ན་དེ་རྣམས་མ་སྐྱེས་ཤིང་སྐྱེ་བ་མེད་པ་སྟེ། དེ་ལྟར་བདེན་པ་གཉིས་སུ་སྣང་བ་ལས་དངོས་པོ་རྣམས་མི་འདའ་བས། དངོས་པོ་ཀུན་གྱི་དམ་ཚིག་ལས། དེ་ཉིད་རྟག་པ་དང་ཆད་པའི་གཤིན་རྗེ་ལས་ཐར་བས་ན་ཡ་མནྟ་ཀྲྀཏ་ཅེས་བྱའོ། །གཞན་གྱིས་མི་
ཐུབ་པའི་སྔགས་བསྟན་པའི་ཕྱིར། རྣམ་ཤེས་མིག་བདག་ཆོས་རྣམས་ནི། །ཞེས་རྣམ་པར་ཤེས་པའི་སེམས་ཀྱི་ཆའི་ཆོས་རྣམས་དེ་ཉིད་ཡང་དག་པ་མ་ཡིན་ཏེ། དོན་དམ་པར་ནི་ཆོས་ཉིད་དུ་མི་འགྱུར་ཞིང་། གཟུང་འཛིན་གྱི་དག་པ་དེ་ནི་སེམས་ཀྱི་དམ་ཚིག་དེ་ལས་མི་འདའ་བ་ལས་ཤེས་
རབ་སྟེ། སེམས་ཡང་དག་པའི་མཐར་ཐར་པ་ཞེས་བྱའོ། །རྟ་མགྲིན་གྱི་སྔགས་བསྟན་པའི་ཕྱིར། བརྗོད་མེད་བདག་ཉིད་ཆོས་རྣམས་ནི། །ཞེས་བྱ་བ་ལ། ངག་གིས་བརྗོད་པའི་མིང་དང་། གཟུགས་ཀྱི་བློའི་རྟོག་པ་རྣམས་བརྗོད་དུ་མེད་པར་དོན་དམ་པར་རྟོགས་པ་ནི། ཆོས་
རྣམས་ཀྱི་དམ་ཚིག་མི་འདའ་བ་ཡིན་པས་ན་ངག་ཡང་དག་པའི་མཐར་ཕྱིན་པའོ། །བདུད་རྩི་འཁྱིལ་པའི་དོན་བསྟན་པའི་ཕྱིར། མི་རྟོག་བདག་ཉིད་ཆོས་རྣམས་ནི། །ཞེས་བྱ་བ་ལ། ལུས་ངག་ཡིད་གསུམ་གྱི་ཆོས་རྣམས་སྟོང་པ་ཞི་བར་རྟོགས་པ་ནི། རྡོ་རྗེ་ཀུན་ཞེས་པ་ནི། སངས་

རྒྱས་ཀུན་གྱི་མི་འདའ་བའི་དམ་ཚིག་ཡིན་ཞེས་བྱའོ། །མི་འཇིག་ཅེས་པ་ལ་སོགས་པ་ནི་རབ་ཏུ་བྱེད་པའི་ཚིག་སྡུད་པའོ། །དེ་ལྟར་ཁྲོ་བོ་བཞིའི་ངེས་པའི་དོན་བསྟན་ནས། ད་ནི་དྲང་བ་དང་ངེས་པའི་དོན་གཉིས་ཀྱིས་ཁྲོ་བོ་བཞི་བསྟན་པའི་ཕྱིར། གཏི་མུག་ཅེས་པ་ནི་རྨོངས་པའི་མུན་པ་སྟེ་
མ་རིག་པའོ། །གཏི་མུག་ལོངས་སྤྱོད་པས་ཞེས་པ་ནི་ཡང་དག་པའི་གཏི་མུག་དོན་དམ་པའི་བདེན་པ་སྟེ། དེ་མཐར་ཐུག་པར་མཛད་ཅིང་འཇིག་པར་མཛད་པས་གཤིན་རྗེ་གཤེད་དེ་དྲང་བའི་དོན་ཏོ། །གཤིན་རྗེ་གཤེད་ཅེས་པ་ནི། གཤིན་རྗེ་ནི་དམྱལ་བ་སྟེ། དེ་བཅོམ་ལྡན་
འདས་ཀྱི་ཁྲོ་བོ་ཆེན་པོའི་ཏིང་ངེ་འཛིན་གྱིས་མཐར་ཐུག་པར་མཛད་ཅིང་འཇིག་པར་མཛད་པ་སྟེ། དེས་ན་ལུས་ངན་སོང་དུ་མི་འགྲོ་བས་ལུས་མཐར་བྱེད་ཅིང་། རྒྱུ་དེས་ན་མ་རིག་པ་དག་པས་ཤེས་བྱའི་སྒྲིབ་པ་དག་ཅིང་མཐར་བྱེད་པར་འགྱུར་ཏེ་ངེས་པའི་དོན་ཏོ། །ཉེས་པ་ཟད་པ་
ལོངས་སྤྱོད་པས། །ཞེས་པ་ནི། ཤེས་རབ་ཀྱི་ཉོན་མོངས་པའི་ཉེས་པ་འཇིག་པར་མཛད་པས་ཉེས་པ་དེ་ཟད་པར་བྱེད་པས་ཤེས་རབ་མཐར་བྱེད་དེ་དྲང་བའི་དོན་ཏོ། །རྣམ་པར་རྟོག་པའི་བདག་ཉིད་ནི། ཤེས་རབ་སྟེ་ཉེས་པའོ། །དེ་འོད་གསལ་བའི་ཉེས་པས་ལོངས་སྤྱོད་པའི་ཉེས་པ་
ཟད་པའི་ཕྱིར། ཤེས་རབ་མཐར་བྱེད་པ། དེས་ན་སེམས་རྣམ་པར་དག་པར་བྱེད་པས། ཉོན་མོངས་པའི་སྒྲིབ་པ་མཐར་བྱེད་པར་འགྱུར་ཏེ་ངེས་པའི་དོན་ཏོ། །འདོད་ཆགས་འདོད་པ་ལོངས་སྤྱོད་པས། །ཞེས་པ་ནི། འདོད་ཆགས་ཀྱི་ཏིང་ངེ་འཛིན་གྱིས་པདྨ་ཆུས་མ་གོས་བཞིན་དུ།
ཉོན་མོངས་པ་རྣམས་ཀྱིས་གོས་པར་མ་གྱུར་ཅིང་ཕྱིན་ཅི་ལོག་ལ་ལོངས་སྤྱོད་པས་དེ་ཉིད་འཇིག་པར་མཛད་པས་ན་པདྨ་མཐར་བྱེད་པ་སྟེ་དྲང་བའི་དོན་ཏེ། པདྨ་ནི་སྐྱེ་གནས་སོ། །མཐའ་ནི་ནང་སྟེ་དེར་འདོད་ཆགས་ཀྱི་དབང་པོ་གཉིས་སྙོམས་པར་འཇུག་པའི་ཕྱིར་བདེ་བའི་ཐབས་
ཀྱི་མཆོག་ཏུ་དགའ་བའི་བདེ་བ་སྐྱེད་པར་མཛད་པས་ཕྱིན་ཅི་ལོག་གི་འདོད་ཆགས་མཐར་བྱེད་དང་། དེས་ན་ཆགས་པ་མཐར་བྱེད་དེ། དེ་བཞིན་སྙོམས་འཇུག་ནི་འདོད་ཆགས་ཡིན་ལ། དེ་མཐར་བྱེད་པར་འགྱུར་ཏེ་ངེས་པའི་དོན་ཏོ། །ཉོན་མོངས་ཀུན་ཟད་གང་ཡིན་དང་། །ཞེས་

པ་ནི། བདུད་རྩི་འཁྱིལ་པའི་ཏིང་ངེ་འཛིན་སྟོན་ཏེ། ཉོན་མོངས་པ་ནི། གཏི་མུག་དང་། ཉེས་པ་དང་། འདོད་ཆགས་སོ། །དེ་དག་ཀུན་ཟད་པ་གང་ཡིན་པ་དང་། དེ་བཞིན་དུ་ལུས་དང་ངག་དང་ཡིད་ཀྱི་ལས་ནི་གང་ཡིན་པ་ཟད་པའི་ཡེ་ཤེས་དང་ཤེས་བྱའི་སྒྲིབ་པ་དང་། ཉོན་
མོངས་པའི་སྒྲིབ་པ་དང་། སྙོམས་པར་འཇུག་པའི་སྒྲིབ་པའི་རྟོག་པ་ཐམས་ཅད་ཟད་པའི་ཡེ་ཤེས་དེ་ལ་དེ་སྐད་ཅེས་བྱའོ། །དེ་ལྟར་ཉོན་མོངས་པ་དང་སྒྲིབ་པ་དང་། ལས་ཐམས་ཅད་རྣམ་པར་དག་པས་ཡེ་ཤེས་ཆེན་པོའི་འབྲས་བུ་ལ་བདུད་རྩི་འཁྱིལ་པ་ཞེས་བྱའོ། །བགེགས་
མཐར་བྱེད་ཅེས་པ་ནི་གདོན་སྟོང་ཕྲག་མང་པོ་རྣམས་མཐར་མཛད་ཅིང་འཇིག་པར་མཛད་པས་ན་བགེགས་མཐར་བྱེད་པ་སྟེ་དྲང་བའི་དོན་ཏོ། །བགེགས་ནི་བཞི་པོ་སྟེ། དེ་དག་འཕེལ་བ་དང་འགྲིབ་པས་ལུས་གཟིར་བས་ན་བགེགས་སོ། །དེ་རྣམས་ཐབས་ཀྱི་ཡེ་ཤེས་ཤར་བས་
རྣམ་པར་འཇིག་པར་མཛད་པས་ན་བགེགས་མཐར་བྱེད་དོ་ངེས་པའི་དོན་ཏོ། །ཁྲོ་བོ་ཆེན་པོ་བཞིའི་ཞར་ལ་ཁྲོ་བོ་དྲུག་བསྟན་པའི་ཕྱིར། གཟུང་དང་ཆགས་པ་ཉིད་དང་ནི། །ཞེས་པ་ལ་སོགས་པ་སྨོས་ཏེ། ཁྲོ་བོ་དྲུག་གང་ཡིན་པ་གསལ་བར་བྱ་བའི་ཕྱིར། འདོད་པའི་རྒྱལ་པོ་ལ་
སོགས་པ་དྲུག །ཅེས་བསྟན་ཏེ། འོག་ནས། འདོད་རྒྱལ་དབྱུག་སྔོན་སྟོབས་མི་གཡོ། །སྟེང་དུ་འཁོར་ལོ་འོག་གནོད་མཛེས། །ཞེས་པ་རིམ་པ་བཞིན་དུ་སྦྱར་རོ། །དྲུག་ལས་ཐུགས་ནི་ཀུན་ཏུ་འབྱུང་། །ཞེས་པ་ནི། ཁྲོ་བོ་དྲུག་གི་རྣམ་པར་ཤེས་པ་ལ་སོགས་པ་ལ། རྣམ་པར་ཤེས་པ་
དྲུག་རིམ་པ་བཞིན་དུ་སྦྱར་རོ། །དེ་ལྟར་གླེང་གཞིའི་ལྷ་བཅུ་གསུམ་དང་ཁྲོ་བོ་དྲུག་བསྟན་ནས། ད་ནི་དཀྱིལ་འཁོར་གཞན་རྣམས་ཞར་ལ་འབྱུང་བ་བསྟན་པའི་ཕྱིར། དམ་ཚིག་རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་ལ། དམ་ཚིག་རྡོ་རྗེ་ཞེས་པ་ནི་སྒྲིབ་པ་རྣམ་པར་སེལ་བའོ། །སོགས་
ཞེས་པ་ནི་སྐུ་རྡོ་རྗེ་ནི་སའི་སྙིང་པོའོ། །གསུང་རྡོ་རྗེ་ནི་འཇིག་རྟེན་དབང་ཕྱུག་གོ། །ཐུགས་རྡོ་རྗེ་ནི་ཕྱག་ན་རྡོ་རྗེའོ། །ཏིང་ངེ་འཛིན་རྡོ་རྗེ་ནི་ནམ་མཁའི་སྙིང་པོའོ། །རྒྱལ་བ་རྡོ་རྗེ་ནི་བྱམས་པ་སྟེ་དྲུག་པའོ། །ས་ནི་སངས་རྒྱས་སྤྱན་ནོ། །སོགས་པས་ནི་ཆུ་མཱ་མ་ཀཱིའོ། །མེ་ནི་གོས་

དཀར་མོའོ། །རླུང་ནི་དམ་ཚིག་སྒྲོལ་མའོ། །ནམ་མཁའ་ནི་འཇམ་དཔལ་ལོ། །འབྱུང་ཞེས་པ་ནི་ཡུམ་བཞིའོ། །འབྱུང་ལས་གྱུར་ནི་དབང་པོ་དྲུག་སྟེ། བྱང་ཆུབ་སེམས་དཔའོ། །རེག་པ་ནི་ལྷ་མོའོ། །རྒྱལ་བ་ནི་བྱང་ཆུབ་སེམས་དཔའོ། །གཟུགས་ཀྱི་རྡོ་རྗེ་ལ་སོགས་གང་། །
ཞེས་པ་ནི་གཟུགས་རྡོ་རྗེ་དང་སྒྲ་རྡོ་རྗེ་དང་། དྲི་རྡོ་རྗེ་དང་རོ་རྡོ་རྗེ་དང་རེག་རྡོ་རྗེ་དང་ཆོས་ཀྱི་དབྱིངས་ཀྱི་རྡོ་རྗེ་དང་ཀུན་ཏུ་བཟང་པོ་དྲུག་སྟེ། དེ་ཡན་ཆད་དུ་དཀྱིལ་འཁོར་ཚང་བར་རྫོགས་པར་བསྟན་ནས། དེ་རྣམས་ཀྱི་བདག་པོ་ནི། རྡོ་རྗེ་འཆང་ཡིན་པའི་ཕྱིར། རྡོ་རྗེའི་བདག་པོ་ཞེས་བཤད་
དོ་ཞེས་བྱའོ། །དེ་བས་ན་རྩ་བའི་རྒྱུད་དུ་ལྷ་བཅུ་གསུམ་བསྟན་པ་ལས། རྒྱུད་ཕྱི་མ་ལས་ལྷ་སུམ་ཅུ་རྩ་གཉིས་ཁ་བསྐང་བ་ཡིན་ནོ། །དེ་ལྟ་བུའི་ལྷ་རྣམས་རྡོ་རྗེ་འཆང་ཆེན་པོ་ལས་སྤྲུལ་པར་བསྟན་ཅིང་ཡི་གེ་གསུམ་ལས་འབྱུང་བར་བསྟན་པའི་ཕྱིར། སྐུ་གསུང་ཐུགས་ཀྱི་
རྡོ་རྗེ་ལས། །བདག་ཉིད་ཆེན་པོས་ལྷ་སུམ་ཅུ་རྩ་གཉིས་ཀུན་ཏུ་འབྱུང་བར་བསྟན་པ་ཡིན་ནོ་ཞེས་བྱའོ། །ད་ནི་རྣལ་འབྱོར་པའི་སྤྱོད་པ་བསྟན་པའི་ཕྱིར། ཐབས་དང་ཤེས་རབ་ལས་བྱུང་བའི། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྣལ་འབྱོར་གྱི་སྤྱོད་པའི་ཐབས་དང་། ཤེས་རབ་
ཀྱི་སྤྱོད་པས་སྤྲོས་པ་དང་བཅས་པ་དང་། སྤྲོས་པ་མེད་པ་དང་། ཤིན་ཏུ་སྤྲོས་པ་མེད་པ་ལས་བྱུང་བའི་སྤྱོད་པ་དང་ལྡན་པས། ཕུང་པོ་ཞེས་པ་ལྷ་སུམ་ཅུ་རྩ་གཉིས། རྫོགས་པའི་རིམ་པར་སྦྱོར་ཞིང་སྦྱོར་བ་དེས། །བྱས་ཞེས་པ་སྣང་བ་གསུམ་དུ་ངེས་པ་དེ་ཉིད་ཐམས་ཅད་དག་པ་ཞེས་པ་འོད་གསལ་
དུ་མོས་པ་བྱས་ལ། རྨད་དུ་བྱུང་བའི་སྤྱོད་པ་བསྟན་པའི་ཕྱིར། འཇིགས་པ་ཐམས་ཅད་སྤངས་ནས་སུ། །ཞེས་པ་ནི་གདོན་དང་ལྷ་ལ་སོགས་པའི་བདུད་དོ། །དོགས་པ་མེད་པའི་ཞེས་པ་ནི་ངན་སོང་ལ་སོགས་པའོ། །སེང་གེ་ཞེས་པ་ནི་སེང་གེ་ལྟ་བུའི་སྤྱོད་པ་སྤྱད་པར་བྱ་
བ་ནི། ཆོས་ཐམས་ཅད་སྒྱུ་མ་ལྟ་བུར་རྟོགས་ཤིང་སྙིང་རྗེ་ཆེན་པོས་འགྲོ་བའི་དོན་རྫོགས་པར་བྱེད་པའོ། །སེང་གེ་ལྟ་བུ་དེ་ཉིད་རྒྱས་པར་བསྟན་པ་ནི། འདི་ལ་མི་བྱ་ཅུང་ཟད་མེད། །ཅེས་པ་ལ་སོགས་པའོ། །མཉམ་པར་གཞག་དང་མ་བཞག་སྦྱོར། །ཞེས་པ་ནི། ཆོས་

ཐམས་ཅད་སྒྱུ་མ་ལྟ་བུར་རྟོགས་པ་ལས། མཉམ་པར་གཞག་པ་དང་། མ་བཞག་པའི་རྟོག་པ་མེད་པ་ནི། ཀུན་དུ་སྨྱོན་པ་ལྟ་བུར་རྒྱུ་བས་ན་ཀུན་དུ་སྤྱོད་པ་ཞེས་བྱའོ། །སྤྱོད་པ་དེ་ལ་ཡང་གཉིས་ཏེ། བྱང་ཆུབ་སེམས་དཔའི་སྤྱོད་པ་ནི་འཇིག་རྟེན་པ་དང་འགལ་ན་ཡང་
རུང་། མི་འགལ་ན་ཡང་རུང་། རྣམ་པ་གང་དང་གང་གིས་སེམས་ཅན་གྱི་དོན་རྫོགས་པར་འགྱུར་བའི་རྣམ་པ་དེ་དང་དེས་སྔགས་པ་རྣམས་ནི་ཅི་ནུས་པར་རབ་ཏུ་འཇུག་པའོ། །དེ་བཞིན་གཤེགས་པའི་སྤྱོད་པ་ནི། སློབ་དཔོན་གང་དག་གིས་དེ་ཁོ་ན་ཉིད་འདོན་ཞིང་ཟློས་པའི་རིན་པོ་ཆེ་ལྟ་བུའི་གང་
ཟག་དེ་རྣམས་ཀྱི་སྤྱོད་པ་ནི། རྫོགས་པའི་གོ་རིམས་བཏགས་ནས། གང་དག་མཉམ་པར་མ་བཞག་པའི་སྦྱོར་བས་སྤྱོད་པ་དེ་ཉིད་ནི། ཚེ་འདི་ཉིད་ལ་རང་གི་ངོ་བོ་ཉིད་ཡོངས་སུ་བརྗེ་བ་ཡིན་པའི་ཕྱིར་རོ། །ད་ནི་སྔགས་ཀྱི་ངེས་པའི་ཚིག་བསྟན་པའི་ཕྱིར། དབང་པོ་དང་ནི་ཡུལ་རྣམས་
ཀྱིས། །ཞེས་པ་ནི། མིག་ལ་སོགས་པའི་དབང་པོ་ལྔ་དང་། གཟུགས་ལ་སོགས་པའི་ཡུལ་ལྔའི་རྐྱེན་གྱིས་སེམས་དང་སེམས་ལས་བྱུང་བ་དང་། མ་རིག་པའི་ཡིད་དེ་ལ། མན་ཞེས་བྱ་བར་བརྗོད་ཅེས་པའོ། །ཏྲ་ནི་སྐྱོབ་པར་བྱེད་པའི་དོན་ཞེས་པ་ནི། དེ་ལྟར་སེམས་དང་
སེམས་ལས་བྱུང་བ་དང་། མ་རིག་པ་དང་གསུམ། སྣང་བ་དང་། སྣང་བ་མཆེད་པ་དང་། སྣང་བ་ཐོབ་པ་དང་། ཤེས་རབ་དང་། ཐབས་དང་། ཉེ་བར་ཐོབ་པ་དང་། སྟོང་པ་ཉིད་དང་། ཤིན་ཏུ་སྟོང་པ་དང་། སྟོང་པ་ཆེན་པོ་གསུམ་དུ་ཀུན་རྫོབ་ཏུ་ཤེས་པར་བྱས་ནས། ཐམས་ཅད་སྟོང་
པ་དོན་དམ་པའི་བདེན་པར་རྟོགས་པའི་དུས་སུ་རང་བཞིན་བརྒྱ་དྲུག་ཅུའི་ཡིད་སྐྱོབ་པར་གྱུར་པས་ན་སྔགས་ཞེས་བྱའོ། །སྔགས་ཀྱི་སྤྱོད་པ་བསྟན་པའི་ཕྱིར། །འཇིག་རྟེན་སྤྱོད་ལས་རྣམ་གྲོལ་བར། །ཞེས་པ་ནི། སྤྱོད་པ་དེ་དང་ལྡན་ནས་འཇིག་རྟེན་པའི་སྤྱོད་པ་སྣ་ཚོགས་པ་
རྣམ་པར་གྲོལ་བར་བྱེད་དོ། །དེ་ཡང་གང་ཡིན་ཞེ་ན། སྔར་བཤད་དམ་ཚིག་སྡོམ་པ་སྟེ། །ཞེས་པ་ནི། སྔར་རྩ་བའི་རྒྱུད་ལེའུ་བཅུ་བདུན་པ་ལས། ལྷ་དང་། ཀླུ་དང་། ལྷ་མ་ཡིན་དང་། སྲིན་པོ་དང་། ཤ་ཟ་དང་། མཁའ་འགྲོ་མ་ལ་སོགས་པའི་དམ་ཚིག་དང་། སྡོམ་པ་བསྟན་པ་དེ་

རྣམས་རྣལ་འབྱོར་པས་སྤྱོད་ཅིང་སྲུང་བ་ནི། སྔགས་ཀྱི་སྤྱོད་པ་ཞེས་བྱའོ། །ད་ནི་བཟླས་བརྗོད་བསྟན་པའི་ཕྱིར། རང་རང་གི་ངོ་བོ་ཉིད་ཅེས་པ་ལ་སོགས་པ་གསུངས་ཏེ། རང་རང་ཞེས་པ་ནི་སྐུ་དང་གསུང་དང་ཐུགས་དང་རིན་པོ་ཆེ་དང་། ཐོགས་མེད་དོ། །ངོ་བོ་ཉིད་ནི་རྡོ་རྗེ་འཛིན་པ་
གཅིག་པུའི་མཐར་ཕྱིན་པའོ། །སྙིང་པོ་ཡིད་ཀྱིས་རྣམ་བསམས་ཏེ། །ཞེས་པ་ནི། ཨོཾ་ཨཱཿཧཱུཾ་གསུམ་འཇུག་པ་དང་གནས་པ་དང་ལྡང་བའི་ངོ་བོར་ཤེས་པར་བྱའོ། །གསང་སྔགས་བཟླས་པའི་དབྱེ་བ་ཡིས། །ཞེས་པ་ནི། ལྷ་རེ་རེའི་སྤྲུལ་པ་ཡང་སྐུ་གསུང་ཐུགས་ཀྱི་དབྱེ་བ་གསུམ་
གྱིས་སོ། །བཟླས་པར་བྱེད་ཅིང་སྤྲོ་ཞིང་བསྡུ། །ཞེས་པ་ནི། སོ་སོ་ཐ་དད་པར་སྤྲོ་ཞིང་། རང་གི་ལུས་ཀྱི་དཀྱིལ་འཁོར་ལས་ཉེ་བར་འབྱིན་པའི་བྱ་བ་བྱེད་པའོ། །ཟུང་དུ་སྦྱར་བ་བསྟན་པའི་ཕྱིར། །སངས་རྒྱས་སྣ་ཚོགས་རྡོ་རྗེའི་བདག །ཡེ་ཤེས་ས་བོན་དག་གིས་བསྡུ། །
ཞེས་པ་ནི། སྤྲུལ་པའི་ལྷའི་སྐུ་བརྗོད་པ་སྟེ། གནས་ནས་བསྐྱོད་ནས་སྤྲོ་བ་སྟེ། ཕུང་པོ་ལ་སོགས་པའི་རང་བཞིན་གྱིས་བདག་ཉིད་དུ་གཞག་པར་བྱ་བ་དང་། ཟུང་དུ་སྦྱར་བའི་གནས་སྐབས་སུ་རབ་ཏུ་བསྡུ་བ་སྟེ། ཏིང་ངེ་འཛིན་གྱི་སེམས་པར་གཞག་པར་བྱའོ། །བྱང་ཆུབ་
བདག་མེད་ས་བོན་གྱི། །བརྟུལ་ཞུགས་ཅན་གྱིས་བདག་མེད་གཟུང་། །ཞེས་པ་ནི། ལུས་ངག་ཡིད་གསུམ་དངོས་པོ་མེད་ཅིང་བདག་མེད་པའི་བྱང་ཆུབ་སྟེ། བརྟུལ་ཞུགས་ཞེས་པ་ནི་སོ་སོར་རྟོག་པའི་བདག་ཉིད་ཅན་གྱི་ཡེ་ཤེས་ཀྱི་ཁྱད་པར་ཅན་བདག་མེད་པར་གཟུང་
ཞིང་སྤྲོ་ཞིང་གསལ་བར་བྱའོ། །སྣ་ཚོགས་དེ་བཞིན་སྣ་ཚོགས་སྤྲོ། །ཞེས་པ་ནི། སྐུ་གསུང་ཐུགས་ཀྱི་དབྱེ་བས་རང་གི་ལུས་ཀྱི་དཀྱིལ་འཁོར་ལས་གོང་མ་བཞིན་དུ་འབྱིན་ཅིང་སྤྲོ་བའོ། །དུས་གསུམ་ས་བོན་དག་གིས་བཟླ། །ཞེས་པ་ནི། སྐུ་རྡོ་རྗེ་ས་བོན་ཨོཾ་ནི་གཟུང་བའི་དངོས་པོ་དང་
འཛིན་པའི་དངོས་པོ་མེད་པར་སྤྱད་པ་ནི་སྐུའི་བཟླས་པའོ། །གསུང་རྡོ་རྗེའི་ས་བོན་ཨཱཿནི་སྒྲ་ཟིན་པ་དང་མ་ཟིན་པ་མངོན་པར་བྱང་ཆུབ་པའོ། །ཐུགས་རྡོ་རྗེའི་ས་བོན་ཧཱུཾ་ནི་ཐུགས་ཇི་ལྟ་བ་བཞིན་དུ་མངོན་པར་བྱང་ཆུབ་པས་ཚོལ་བ་ནི་ཐུགས་ཀྱི་བཟླས་པའོ། །དེ་ལྟར་ཡིད་ཀྱི་

བཟླས་པ་བཤད་ནས། ད་ནི་ངག་གི་བཟླས་པ་བསྟན་པའི་ཕྱིར། བཟླས་པ་སྨྲ་བར་གྲགས་པ་ཡིན། །ཞེས་པ་ནི། ཁྲོ་བོ་གཤིན་རྗེ་གཤེད་ལ་སོགས་པའི་དམ་ཚིག་ལས་བསྐྲད་པ་ལ་སོགས་པའི་དུས་སུ་རང་གི་ལྕེས་སྒྲ་བསྒྲགས་ཤིང་སྨྲ་བ་སྟེ། རང་ངམ་གཞན་གྱིས་
ཐོས་པར་རོ། །ངག་ཀུན་བཟླས་པ་ཞེས་པ་ནི་སྤྲུལ་ཞེས་པ་ལ་སོགས་པའི་སྔགས་ཀྱི་ཚིག་གོ། །སྔགས་ནི་འབོད་པ་ཞེས་པ་ནི། ལྕེས་སྒྲ་བསྒྲགས་ཤིང་སྐད་དུ་འདོན་པའོ། །དེ་ཉིད་བསྐུལ་བར་སྨྲ་བ་ཡི། །ཞེས་པ་ནི། རང་གི་ལྷའི་དཀྱིལ་འཁོར་བསྐུལ་བའོ། །རྒྱས་འདེབས་པའི་
དོན་བསྟན་པའི་ཕྱིར། ཇི་ལྟར་ཐུགས་སོགས་བྱིན་བརླབས་ཏེ། །ཞེས་པ་ནི། སྐུ་གསུང་ཐུགས་བྱིན་གྱིས་བརླབས་ནས་ཡེ་ཤེས་སེམས་དཔའ་བསྐྱེད་པ་དང་། ཏིང་ངེ་འཛིན་སེམས་དཔའ་ཡང་དེ་བཞིན་དུ་རིག་པར་བྱའོ། །དེ་ལྟར་ཕྱག་རྒྱ་བཞིས་རྒྱས་བཏབས་ནས། དབུ་རྒྱན་
ཇི་ལྟར་བྱ་བ་བསྟན་པའི་ཕྱིར། དེ་རྣམས་སྤྱི་བོར་དབང་ཞེས་པ་ནི། ལྷ་སོ་སོ་ལ་སྤྱི་བོར་ལྷ་བཞག་པའོ། །དེ་བཞིན་ཀུན་དུ་མཆོད་པའོ། །ཞེས་པ་ནི། དབང་བསྐུར་བའི་ལྷ་ལ་མཆོད་ནས་གསོལ་བ་གདབ་སྟེ་དབང་བསྐུར་བའོ། །རྡོ་རྗེ་འཆང་བ་གང་ཡིན་པའི། །རིག་པ་ཡོད་
པའི་སྦྱོར་བ་དང་། །བདག་བྱིན་བརླབ་སོགས་དེ་བཞིན་ཏེ། །ཞེས་པ་ནི། དཀྱིལ་འཁོར་པའི་ལྷ་རྣམས་ལ་རྩ་བའི་རྒྱུད་ཀྱི་ལེའུ་བཅོ་ལྔ་པ་ལས་བསྟན་པ་བཞིན་ཏེ། རྡོ་རྗེ་འཆང་བའི་དབུ་ལ་དཔལ་རྡོ་རྗེ་སེམས་དཔས་དབང་བསྐུར་བའོ། །རིག་པ་སྤྱན་མ་ལ་སོགས་པ་སོ་སོ་
ལ་རྣམ་པར་སྣང་མཛད་ལ་སོགས་པས་དབང་བསྐུར་རོ། །དེ་བཞིན་དུ་རྡོ་རྗེའི་རིགས་ལ་མི་བསྐྱོད་པས་དབང་བསྐུར་རོ། །དེ་བཞིན་གཤེགས་པའི་རིགས་ལ་སྐུ་རྡོ་རྗེས་དབང་བསྐུར་རོ། །པདྨའི་རིགས་ལ་གསུང་རྡོ་རྗེས་དབང་བསྐུར་རོ། །རིན་པོ་ཆེའི་རིགས་ལ་རིན་ཆེན་
འབྱུང་ལྡན་གྱིས་དབང་བསྐུར་རོ། །ལས་ཀྱི་རིགས་ལ་དོན་ཡོད་གྲུབ་པས་དབང་བསྐུར་རོ། །དེ་བས་བདག་ལ་དབུ་རྒྱན་གྱི་བྱིན་གྱིས་བརླབས་པ་དེ་བཞིན་དུ་ཤེས་པར་བྱའོ། །དེ་བཞིན་ལོངས་སྤྱོད་བཞིར་ཤེས་བྱ། །ཞེས་པ་ནི་ཕྱག་རྒྱ་བཞིའོ། །དེ་ལྟར་དཀྱིལ་འཁོར་

པའི་དབུ་རྒྱན་བསྟན་ནས། ད་ནི་དཔའ་བོ་གཅིག་པའི་དབུ་རྒྱན་བསྟན་པའི་ཕྱིར། དཔའ་བོ་རྡོ་རྗེ་གཅིག་པུ་ཡི། །ཞེས་པ་ལ་སོགས་པའོ། །དབུ་རྒྱན་གྱི་ཚུལ་ཡང་གསུམ་སྟེ། སྙིང་པོ་ཞེས་པ་ནི། ཨོཾ་ཨཱཿཧཱུཾ་གསུམ་མོ། །ཕྱག་རྒྱ་ནི་ལྷའི་སྐུའི་སྐུའོ། །སྔགས་ནི་བཛྲ་
དྷྲྀ་ཀ་ལ་སོགས་པའོ། །རང་རིག་ཅེས་པ་ནི་བཤད་ཟིན་ཏོ། །འབྲས་བུ་ཞེས་པ་ནི་མི་བསྐྱོད་པ་ལ་སོགས་པའོ། །རྒྱུ་ཞེས་པ་ནི་རྡོ་རྗེ་འཆང་བའོ། །ཆོས་འབྱུང་བ་བསྟན་པའི་ཕྱིར། ལོངས་སྤྱོད་བཞི་དང་ཡང་དག་ལྡན། །ཞེས་པ་ལ་སོགས་པ་སྟེ། ལོངས་སྤྱོད་བཞི་ཞེས་པ་
ནི། །སྐུ་རྡོ་རྗེ་དང་གསུང་རྡོ་རྗེ་དང་ཐུགས་རྡོ་རྗེ་དང་ཡེ་ཤེས་སེམས་དཔའོ། །ཡང་དག་ལྡན་ལ་སོགས་པའོ། །རིག་པའི་སྐྱེས་བུ་ཞེས་པ་ནི་རྡོ་རྗེ་འཆང་བ་ཆེན་པོའོ། །གྲུ་གསུམ་ཞེས་པ་ནི། སྐུ་གསུང་ཐུགས་ཀྱི་དབྱེ་བ་ཆོས་ཀྱི་འབྱུང་གནས་གྲུ་གསུམ་དུ་བསྒོམས་ལ། དེའི་
ཕྱི་རོལ་དུ་བཀའི་འཁོར་ལོ་བསྒོམ་པའི་ཕྱིར། ཀུན་ནས་སེར་པོའི་འཁོར་ལོ་ནི། དབུས་སུ་ཆོས་འབྱུང་བསྒོམས་ལ། དེའི་དབུས་སུ་རིག་པའི་སྐྱེས་བུ་རྡོ་རྗེ་འཆང་བསྒོམ་པའོ། །རྩིབས་ཀུན་ལ་ནི་ཁྲོ་བོ་བཅུ། །ཞེས་པ་ནི། རྩིབས་བཅུ་ལ་ཁྲོ་བོ་གཤིན་རྗེ་གཤེད་ལ་སོགས་
པ་བསམ་གཏན་གྱི་དཀྱིལ་འཁོར་དུ་བསྒོམས་ལ། བཀའ་བསྒོ་བས་དབང་པོ་ལ་སོགས་པའི་ཕྱོགས་སྐྱོང་ལ་བགེགས་བྱེད་པ་རྣམས་བསྲུང་ཞིང་བཟློག་པར་བྱ་བ་དང་། སྒྲུབ་པ་པོ་རྣམས་ཀྱི་སེམས་རྣམ་པར་གཡེང་བ་བསྲུང་བའི་ཕྱིར་རོ། །འགོག་པའི་རྡོ་རྗེ་ཞེས་པ་ནི།
རྩེ་གཅིག་པས་གནས་པ་ནི། མི་གཡོ་བ་དང་མཚུངས་པར་འཁོར། །ཞེས་པ་ནི།ལྷ་རྣམས་མི་གཡོ་བར་འཁོར་ལོ་འཁོར་ཞེས་པའོ། །སངས་རྒྱས་ཞེས་པ་ནི་སངས་རྒྱས་ཀྱི་ཡེ་ཤེས་སོ། །ད་ནི་རྒྱུད་ཀྱི་སྡོམ་པ་བསྟན་པའི་ཕྱིར། རྡོ་རྗེ་འཆང་གི་ཆོས་བསྟན་པ། །ཞེས་པ་ནི།
རྡོ་རྗེ་འཆང་བར་མཛད་པས། རྡོ་རྗེ་འཛིན་པ་སྟེ་ཡི་གེའི་དོན་ཏོ། །མེ་ལོང་ལྟ་བུ་ལ་སོགས་པའི་ཡེ་ཤེས་ལྔ་པོ་དེའི་རང་བཞིན་གྱིས་རྡོ་རྗེ་འཆང་བར་མཛད་པས་ན་རྡོ་རྗེ་འཛིན་པ་སྟེ་སྤྱིའི་དོན་ཏོ། །ཡིད་ཀྱི་རང་བཞིན་གྱི་སྐུ་ལུས་འཛིན་པར་མཛད་པས་ན་རྡོ་རྗེ་འཛིན་པ་སྟེ་སྦས་

པའི་དོན་ཏོ། །རྡོ་རྗེ་ནི་གཉིས་སུ་མེད་པའི་ཡེ་ཤེས་ཏེ། དེའི་ངོ་བོ་ཉིད་ཀྱིས་འཆང་བར་མཛད་པས་ན་རྡོ་རྗེ་འཛིན་པ་སྟེ་མཐར་ཐུག་པའོ། །བསྐྱེད་པ་ཡི་ནི་རིམ་ཉིད་དང་། །ཞེས་པ་ནི། ཐོག་མར་གནས་ཀྱི་ངེས་པ་དང་། སྙིང་རྗེ་ཆེན་པོ་ལ་དམིགས་པ་དང་།
བཀའི་འཁོར་ལོ་དང་། སྲུང་བའི་འཁོར་ལོ་ལ་དམིགས་པ་དང་། སྟོང་པ་ཉིད་ལ་དམིགས་པ་དང་། སའི་ཆ་གཞལ་ཡས་ཁང་བསྐྱེད་པ་དང་། ལྷག་པར་མོས་པས་ལྷ་བསྐྱེད་པ་དང་། དོན་དམ་པའི་དཀྱིལ་འཁོར་ལ་གཞག་པ་དང་། སླར་ཉི་མ་ལ་དམིགས་པ་དང་།
མཐར་ཟླ་བའི་དཀྱིལ་འཁོར