Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 30

Văn bản gốc(Tây Tạng)

Trang 9 / 15 (50.000 ký tự/trang)
འཆང་གི་བཀའ་རྗེས་སུ་དྲོན་ཅིག་པའོ། །མརྨཱ་ཎི་ནི་ཀྲིནྟ་ཞེས་པ་ནི་
གནད་ཆོད་ཅིག་པའོ། །ཧཱུཾ་ནི་བསྐུལ་བའོ། །ཧ་ན་ཧ་ན། ད་ཧ་ད་ཧ། ཀུ་རུ་ཀུ་རུ། ཏུ་རུ་ཏུ་རུ། ཧུ་རུ་ཧུ་རུ་ཕཊ་ཕཊ་ཧཱུཾ་ཧཱུཾ་ཞེས་པ་ནི་སྔར་བཤད་པར་ཟད་དོ། །ཀྲྀ་ཏཱནྟ་ཡ་ཞེས་པ་ནི་མཐར་བྱེད་པ་སྟེ་གཤིན་རྗེའོ། །དེ་བ་རྀ་ཥྀ་བི་དྲཱ་པ་ཀཱ་ཡ་ཞེས་པ་ནི་ལྷ་དང་དྲང་སྲོང་རྣམ་པར་སྐྲོད་པའོ། །ཧ་ན་ཧ་ན་
བཛྲ་དཎྜེ་ཎ་སྭཱ་ཧཱ་ཞེས་པ་ནི་རྡོ་རྗེའི་དབྱིག་པས་རྒྱོབ་ཅིག་པའོ། །འདིར་སྭཱ་ཧཱའི་སྔོན་དུ་འགྲོ་བའི་ཆེ་གེ་མོ་མཱ་ར་ཡ་ཕཊ་ཕཊ་ཅེས་བྱ་བ་དང་སྔགས་སྤེལ་ལོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། གདུག་པའི་མཆོག་ལས་བྱུང་བ་ཀུན། །ཞེས་བྱ་བ་ནི་བགེགས་ཀྱི་མཆོག་རྣམས་སོ། །གཞན་
དག་ནི་གོ་སླའོ། །ཁྲོ་བོའི་རྒྱལ་པོ་འདིའི་སྔགས་བརྒྱ་རྩ་བརྒྱད་བཟླས་ན་གདུག་པ་ཐམས་ཅད་གསོད་པར་འགྱུར་རོ། །ཆོ་གའི་ཚུལ་བཞིན་ཞེས་བྱ་བ་ནི་རྟོག་པ་ལས་བཤད་པའི་ཆོ་གའི་སྦྱོར་བས་སོ། །བསྐུལ་བ་ཡིས་ཞེས་བྱ་བ་ནི་སྔགས་ཀྱི་དོན་ཡོངས་སུ་ཤེས་པ་ལ་སོགས་པས་ལྷ་
རྣམས་ལ་སྦོད་པའོ། །དེ་ལ་འདིར་ཆོ་ག་ནི་འདི་ཡིན་ཏེ། དུར་ཁྲོད་ཀྱི་རས་ལ་འཁོར་ལོ་རྩིབས་བཅུ་དྲུག་པ་བྲིས་ཏེ། དེའི་སྟེང་དུ་སྣ་ཚོགས་རྡོ་རྗེ་བྲི། དེའི་ལྟེ་བ་ལ་མེའི་དཀྱིལ་འཁོར་སྐེ་ཚེ་དང་། ལན་ཚྭ་དང་ཡུངས་མར་དང་དུག་དང་ད་དུ་རའི་ཁུ་བ་སྟེ། རྫས་འདི་དག་གིས་བསྒྲུབ་
པར་བྱ་བའི་མིང་དང་སྤེལ་ཏེ་བྲིས་ཏེ། དུར་ཁྲོད་ཀྱི་རས་གཉིས་དང་གྲོག་མཁར་གྱི་ས་དང་བསྒྲུབ་པར་བྱ་བའི་རྐང་རྗེས་ཀྱི་ས་དང་། བདུད་རྩི་ལྔ་དང་ལྡན་པས་དེའི་གཟུགས་བརྙན་བྱས་ལ། དེ་དགུག་པ་སྔོན་དུ་འགྲོ་བས་བསྒྲུབ་པར་བྱ་བའི་གཟུགས་བརྙན་གྱི་སྙིང་གར་བཅུག་
ནས་ཐོད་པ་ཁ་སྦྱར་གྱི་ནང་དུ་གཞུག་གོ། །དེ་ནས་ཉི་མ་ཕྱེད་ན་རྐང་པ་གཡོན་པས་མནན་ཏེ། སྔགས་བརྒྱ་རྩ་བརྒྱད་བཟླས་ན་འཆི་བར་འགྱུར་རོ། །གལ་ཏེ་འཇིག་པར་མི་འགྱུར་ན་དེའི་ཚེ་ཐོད་པ་གསུམ་སྒྱེད་པོར་བྱས་ནས། དེའི་སྟེང་དུ་གཟུགས་བརྙན་བཞག་ལ་དུར་ཁྲོད་ཀྱི་

མེས་གདུངས་པར་བྱས་ན། ཚ་བའི་རིམས་ཀྱིས་འཛིན་པར་འགྱུར་རོ། །དེ་ནས་གཟུགས་བརྙན་དེ་མེར་བཅུག་ན་དེའི་ཚེ་འཕྲལ་དུ་འཆི་བར་འགྱུར་རོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། དེ་བཞིན་གཤེགས་པ་མི་བསྐྱོད་པ་ནི། རྡོ་རྗེ་འཆང་ཆེན་པོ་ཡོངས་སུ་གྱུར་པས་བཞུགས་
པའོ། །ཀུན་ནས་འབབ་པའི་སྤྲིན་གྱི་དཔལ་གང་ལ་ཡོད་པ་དེ་ནི་སྤྲིན་གྱི་དཔལ་ཏེ་སྟོབས་པོ་ཆེའོ། །དེ་སྐྱེད་པའི་ཏིང་ངེ་འཛིན་ནི་དེ་དང་དབྱེར་མེད་པས་དེ་སྐད་ཅེས་བྱ་སྟེ། དེ་མངོན་སུམ་དུ་མཛད་ནས་སྟོབས་པོ་ཆེ་འདི་ཉིད་ཀྱི་སྐུ་ལ་སོགས་པ་ལས་ཕྱུང་ངོ་། །ན་མཿཞེས་བྱ་བ་ལ་སོགས་པའི་དོན་
ནི་བཤད་ཟིན་ཏོ། །ཨོཾ་ཞེས་བྱ་བ་ལ་སོགས་པ་ནི་སྔགས་སོ། །ཨུ་གྲ་ནི་དྲག་པོའོ། །ཤཱུ་ལ་ནི་མདུང་སྟེ། གང་གི་ལག་པ་ན་དྲག་ཅིང་རྣོ་བའི་མདུང་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །ཛྱོ་ཏི་ཞེས་པ་ནི་ཐོག་གོ། །ནིར་ནཱ་ད་ནི་སྒྲ་སྟེ། ཐོག་འབབ་པ་ལྟ་བུའི་སྒྲ་གང་ལ་ཡོད་པ་དེ་ལ་དེ་སྐད་
ཅེས་བྱའོ། །འདིར་སྭཱ་ཧཱའི་སྔོན་དུ་འགྲོ་བའི་བཱ་རཥྚ་དྷཱ་ར་པཱ་ཏ་ཡ་ཧྲི་ཞེས་བྱ་བ་དང་སྔགས་སྤེལ་ལོ། །འདི་ནི་ཞེས་བྱ་བ་ལ་སོགས་པའི་དོན་ནི་བཤད་ཟིན་ཏོ། །བཟླས་པ་ཞེས་བྱ་བ་ལ་སོགས་པ་ནི་བརྒྱ་རྩ་བརྒྱད་བཟླས་པས་སོ། །སྦྱོར་བ་ཡིས་ཞེས་བྱ་བ་ནི་སྦྱོར་བ་དེ་དང་དེས་དབང་དུ་བྱ་བ་
ལ་སོགས་པའི་ལས་ཀྱིས་བསྒྲུབ་པར་བྱའོ། །ཐན་པ་བྱུང་བའི་ཞེས་བྱ་བ་ནི་ཆར་མི་འབབ་པ་སྟེ། ཆར་ཆད་པ་སེལ་ཞིང་ཆར་གྱི་རྒྱུན་འབེབས་པའོ། །འདིར་རིམ་པ་ནི་འདི་ཡིན་ཏེ། མངོན་སྤྱོད་ཀྱི་རྫས་རྣམས་ཀྱིས་དུར་ཁྲོད་ཀྱི་རས་ལ། པདྨ་འདབ་མ་བརྒྱད་པ་ལ་ཀླུ་བརྒྱད་བྲིས་ལ། དེ་
རྣམས་ཀྱི་སྙིང་ག་དང་། སྤྱི་བོར་ཧཱུཾ་ནཱཾ་ཧཱུཾ་ཞེས་བྱ་བར་སྔགས་སྤེལ་ལ། ལྟེ་བའི་དབུས་སུ་ཨོཾ་ཨཱཿཧཱུཾ་བཛྲ་དྷ་ར་ཨཱཛྙཱ་པ་ཡ་ཏི་སརྦ་ནཱ་གཱ་བཪྵ་དྷ་རཱ་མུད་ཙིར་ཛནྟི་ཧྲཱི་སྭཱ་ཧཱ་ཞེས་བྱ་བ་བཀོད་ནས། ཡང་འཁོར་ལོ་གཉིས་པ་དེ་བཞིན་དུ་བྲིས་ལ་ཁ་སྦྱར་ཏེ། དེ་དགུག་པ་སྔོན་དུ་འགྲོ་བས་
གཟུགས་བརྙན་གྱི་སྙིང་གར་གཞུག་གོ། །གཟུགས་བརྙན་ནི་ཆོ་ག་འདིས་བྱ་སྟེ། ཆུ་བོའི་ངོགས་གཉིས་ཀྱིས་བདུད་རྩི་ལྔ་དང་ལྡན་པ་ལས་བྱས་ལ། མངོན་སྤྱོད་ཀྱི་རྫས་ཀྱིས་ཉེ་བར་བྱུགས་ཏེ། དུར་ཁྲོད་ཀྱི་མེ་ལ་གསང་སྔགས་བརྗོད་ཅིང་གདུང་བར་བྱས་ན་ཀླུ་རྣམས་ཆར་འབེབས་

པར་འགྱུར་རོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། ཀུན་ཏུ་ངེས་པར་སྒྲོགས་པའི་རྡོ་རྗེའི་འབྲུག་སྒྲ་གང་ཡིན་པ་དེ་ནི། ཀུན་ཏུ་འཇོམས་པ་སྟེ་འདོད་པའི་རྒྱལ་པོའོ། །དེ་སྐྱེད་པའི་ཏིང་ངེ་འཛིན་ཡང་དེ་དང་དབྱེར་མེད་པས་དེ་སྐད་ཅེས་བྱ་སྟེ། དེ་མངོན་སུམ་དུ་མཛད་པའོ། །དེ་བཞིན་གཤེགས་པ་
ཐམས་ཅད་ནི་མཐུ་ཆེན་པོ་དང་ལྡན་པའི་བགེགས་རྣམས་སོ། །དེ་འཆིང་བར་བྱེད་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཊཀྐི་སྟེ། སྐད་ཀྱི་བྱིངས་ལས་ཊཀྐི་ནི་འཆིང་བར་འདྲེན་པས་སོ། །དེ་ཉིད་གཙོ་བོ་ཡིན་པས་ན་རྒྱལ་པོ་སྟེ་ཁྲོ་བོ་ཆེན་པོ་དེ་སྔགས་ཀྱི་བདག་ཉིད་ཅན་དུ། ཉིད་ཀྱི་སྐུ་ལ་
སོགས་པ་ལས་ཕྱུང་ངོ་། །ནམཿཞེས་བྱ་བ་ལ་སོགས་པའི་དོན་ནི་བཤད་ཟིན་ཏོ། །ཊཀྐི་ཧཱུཾ་ཛ་ཞེས་བྱ་བ་ནི་སྔགས་ཏེ་མིང་བཏུས་པ་ཞེས་བྱ་སྟེ། དེ་ཡང་། སྭཱ་ཧཱ་མེད་ཅིང་ཨོཾ་མེད་པ། །གང་ཡིན་བཏུས་པ་ཞེས་བརྗོད་དོ། །ཞེས་གསུངས་པའི་ཕྱིར་རོ། །ཊཀྐི་ཞེས་པ་ནི་གདུག་
པ་འཆིང་བ་པོ་སྟེ་བོད་པའོ། །ཧཱུཾ་ནི་གདུག་པ་རྣམས་ལ་བསྡིགས་པའོ། །ཛ་ནི་གདུག་པ་རྣམས་སྐྲག་པའི་ཕྱིར་སྦོད་པའོ། །འདིར་ཆེ་གེ་མོ་ཨཱ་ཀཪྵ་ཡ་ཧྲི་ཞེས་བྱ་བ་དང་སྔགས་སྤེལ་ལོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། སངས་རྒྱས་ཀུན་ནི་བགེགས་རྣམས་ཏེ། བསྒྲུབ་པར་བྱ་བ་
ཉིད་དུ་བྱུང་བས་སོ། །བདག་ཉིད་ཆེན་པོ་ནི་རྫུ་འཕྲུལ་ཆེན་པོ་དང་ལྡན་པའོ། །འཇིགས་ཤིང་ནི་སྐྲག་པར་གྱུར་པའོ། །དམ་ཚིག་ནི་ཊཀྐིའི་རྒྱལ་པོར་གྲགས་པའོ། །ལྡན་པར་གྱུར་ནས་ཞེས་པ་ནི་བློས་དམིགས་པའོ། །རྡོ་རྗེ་སྐུ་གསུམ་ནི་རྡོ་རྗེ་འཆང་ཆེན་པོ་སྟེ། རྗེས་སུ་དྲན་པ་ནི་
བསྒོམས་པའོ། །རྡོ་རྗེ་སེམས་དཔའི་ཞེས་བྱ་བ་ལ་སོགས་པ་ལ། རྡོ་རྗེ་སེམས་དཔའི་ཏིང་ངེ་འཛིན་ལ་གནས་པའི་རྣལ་འབྱོར་པས། རྡོ་རྗེ་ལྕགས་ཀྱུས་བྱིན་གྱིས་བརླབས་པའི་རྐང་པ་གཡས་པས་ལིང་ག་སྟེ། བསྒྲུབ་པར་བྱ་བའི་གཟུགས་བརྙན་བཙག་གིས་ས་ལ་བྲིས་ཏེ། སྙིང་
གའི་ཕྱོགས་སུ་མིང་དང་སྤེལ་ཏེ་སྔགས་བྲིས་ནས། རྣམ་པར་ཤེས་པ་དགུག་པ་སྔོན་དུ་འགྲོ་བས་མནན་ནས། རྡོ་རྗེ་གསུམ་གྱི་སྔགས་ནི་འདོད་པའི་རྒྱལ་པོའི་སྔགས་ཏེ། དེ་བརྒྱ་རྩ་བརྒྱད་བཟླས་པས་སྔགས་རྣམས་ཏེ། རྒྱལ་པོ་ལ་སོགས་པ་སྟེ། དེ་རྣམས་འགུགས་པའི་བྱ་

བ་བྱེད་པར་འགྱུར་རོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། ཡེ་ཤེས་ཀྱི་ཕྲེང་བའི་ཆུའི་རྡོ་རྗེ་ནི་མི་གཡོ་བའོ། །དེ་སྐྱེད་པའི་ཏིང་ངེ་འཛིན་ཀྱང་དེ་དང་དབྱེར་མེད་པས་དེ་སྐད་ཅེས་བྱ་སྟེ། དེ་མངོན་སུམ་དུ་མཛད་ནས་མི་གཡོ་བའི་རྡོ་རྗེ་གཏུམ་པོའི་དམ་ཚིག་སྔགས་ཀྱི་བདག་ཉིད་
ཅན་འདི་བཅོམ་ལྡན་འདས་ཀྱིས་ཉིད་ཀྱི་སྐུ་ལ་སོགས་པའི་རྡོ་རྗེ་ལས་ཕྱུང་ངོ་། །ན་མཿཞེས་བྱ་བ་ལ་སོགས་པའི་དོན་ནི་བཤད་ཟིན་ཏོ། །ཨ་ཙ་ལ་ཞེས་བྱ་བ་ལ་སོགས་པ་ནི་སྔགས་ཀྱི་ཚིག་སྟེ། མིང་མགོ་མེད་ཅེས་བྱའོ། །དེ་ཡང་། སྭཱ་ཧཱར་ལྡན་ཞིང་ཨོཾ་མེད་པ། །མིང་ནི་མགོ་མེད་ཅེས་
བྱ་སྟེ། །འདི་ནི་ལས་ཀུན་ཆོ་ག་ལ། །རྡོ་རྗེ་གཙུག་ཏོར་གྱིས་གསུངས་སོ། །ཞེས་འབྱུང་བས་སོ། །ད་ནི་སྔགས་ཀྱི་དོན་བཤད་པར་བྱ་སྟེ། ཨ་ཙ་ལ་ཞེས་པ་ནི་མི་གཡོ་བ་སྟེ། བགེགས་རྣམས་ཀྱིས་བསྐྱོད་པར་མི་ནུས་པའོ། །ཀཱ་ཎ་ཞེས་པ་ནི་ལོང་བ་སྟེ། བགེགས་རྣམས་ལོང་
བར་བྱེད་པའོ། །ཙཎྜ་ནི་གཏུམ་པོ་སྟེ་ཁྲོ་བོའོ། །ནཊྚ་ཞེས་པ་ནི་ཤཱ་ཏ་ན་སྟེ་གཅོད་པའོ། །མཊྚ་ནི་མཏྟ་སྟེ། མ་དཱི་ཧ་ར་ཥ་སྟེ་དགའ་བའོ། །འདིར་ཡང་ཡི་གེ་གོ་བཟློག་པ་ཡིན་ནོ། །མོཊྚ་ནི་ལུས་བོང་ཆེ་བའོ། །ཥཊྚ་ཞེས་པ་ནི་ལེ་ལོ་ལ་སོགས་པ་འཇིག་པ་སྟེ། ཤད་ལི་ཨ་ཤ་ཏ་ནི་
ཞེས་ཟེར་བའི་ཕྱིར་རོ། །ཏཊྚ་ཞེས་པ་ནི་ཟད་པར་བྱེད་པ་སྟེ། ཏ་མ་ཨུ་པ་ཀྵ་ཡ་ཞེས་ཟེར་བས་སོ། །ཧ་ན་ཧ་ན་ནི་རྒྱོབ་ཤིག་པའོ། །ད་ཧ་ད་ཧ་ནི་སྲེགས་ཤིག་པའོ། །མོ་ཧ་མོ་ཧ་ནི་རྨོངས་པའོ། །མོ་ཧ་ར་ཀ་ར་ནི་རྨོངས་པར་གྱིས་ཤིག །ཧ་ས་ཧ་ས་ནི་རྒོད་པའོ། །བཛྲ་ཧ་སཾ་ཀུ་རུ་ཞེས་པ་ནི་
རྡོ་རྗེ་བཞད་པ་གྱིས་ཤིག་པའོ། །ཧ་ས་ཧ་ས་མརྡ་རཊ་མརྡ་རཊ་ཅེས་པ་ནི་གནད་ཆོད་ཅིག་པའོ། །ག་རྫ་ག་རྫ་ཧ་ན་ཧ་ན། བནྡྷ་བནྡྷ་ཞེས་པ་ནི་ཆིངས་ཤིག་པའོ། །ཏིཥྛ་ཏིཥྛ་ཞེས་པ་ནི་བདག་གི་བསྒོ་བ་བྱེད་པའི་ཕྱིར་གནོས་ཤིག་པའོ། །ཨ་བེ་ཤ་ནི་ཞུགས་ཤིག་པ་སྟེ། སློང་བ་པོའི་
ཚུལ་གྱིས་བསྒྲུབ་པར་བྱ་བའི་ལུས་ལ་རབ་ཏུ་ཞུགས་ཤིག་པའོ། །མ་ཧཱ་མནྟྲ་ཞེས་པ་ནི་ཕྲེང་བའི་སྔགས་འདི་ཉིད་དོ། །པཱ་ལ་ནི་སྐྱོང་བ་སྟེ། དེའི་དོན་རྫོགས་པར་བྱེད་པས་མ་ཧཱ་མནྟྲཱ་པཱ་ལ་སྟེ། གང་ཞེ་ན། མི་གཡོ་བའོ། །དྷུ་ན་དྷུ་ན་ནི་བསྐྱོད་ཅིག་པའོ། །ཏི་ནི་ཏི་ནི་ཞེས་པ་ནི་རྣོ་ཞིང་ཚ་

བའི་ལུས་ཅན་གང་ཡིན་པ་དེ་ཐོབ་པ་ནི་ཏི་ནི་ཞེས་བྱའོ། །ཁཱ་ད་ཁཱ་ད་ཞེས་པ་ནི་བགེགས་ཟོ་ཤིག་པའོ། །མཱ་ར་ཡ་མཱ་ར་ཡ་དུཥྚཱཾ་བྷཀྵ་བྷཀྵ་སརྦཱ་ཀུ་རུ་ཀུ་རུ། ཀི་རི་ཀི་རི་ཞེས་པ་ནི་བསྒྲུབ་པར་བྱ་བའི་ལུས་རྣམ་པར་གཏོར་ཅིག་པའོ། །སྥོ་ཊ་ཡ་ནི་བཀས་པ་སྟེ་གདུག་པ་རྣམས་ཀྱི་ལུས་སྣ་ཚོགས་རྡོ་རྗེ་
ཆེན་པོས་ཁོས་ཤིག་ཁོས་ཤིག་ཅེའམ་ཕྱུང་ཤིག་པའོ། །ཧཱུཾ་ཧཱུཾ་ཧཱུཾ་ནི་བསྐུལ་བའི་ཚིག་གོ། །ཏྲི་བ་ལི་ནི་རིམ་གསུམ་སྟེ་ཁམས་གསུམ་མོ། །དེ་ཉིད་རཾ་ག་སྟེ་གར་གྱི་གནས་སོ། །ནར་ཏ་ཀ་ནི་དེར་གར་བྱེད་པའོ། །ཨཱཾ་ཨཱཾ་ཨཱཾ་ཞེས་པ་ནི་ལུང་བསྒོ་བའོ། །ཧཱཾ་ཧཱཾ་ཧཱཾ་ནི་བོད་པའོ། །ཨ་ཙ་ལ་ཙེ་
ཊ་ཞེས་པ་ནི། མི་གཡོ་བ་མངག་གཞུག་པ་སྟེ། རྡོ་རྗེ་འཆང་གི་མངག་གཞུག་གོ། །སྥོ་ཊ་ཡ་སྥོ་ཊ་ཡ་ཞེས་པ་ནི་དགས་པར་མཛོད་ཅིག་པའོ། །ཧཱུཾ་ཧཱུཾ་ཨ་ས་མནྟི་ཀ་ཞེས་པ་ནི་ཉེ་བར་མི་གནས་པ་སྟེ། དེ་དག་ཏྲ་ཊ་ཅེས་ཏེ་ཁོས་ཤིག་པའོ། །མ་ཧཱ་བ་ལ་ཤཱ་ཏ་ཡ་ནི་ཆོད་ཅིག་པའོ། །པ་ར་
མནྟྲཱཾ་ཞེས་པ་ནི་གཞན་གྱི་རིག་པའོ། །ཨཱཾ་ཨཱཾ་ཨཱཾ་ནི་བཀའ་བསྒོ་བའོ། །ཧཱཾ་ཧཱཾ་ནི་བོད་པ་ལ་སྙེགས་སོ། །ཤུདྡྷྱ་ཏུ་ལོ་ཀ་ཞེས་པ་ནི་འཇིག་རྟེན་དག་པར་གྱུར་ཅིག་པའོ། །ཏུ་ཥྱ་ཏུ་བཛྲཱི་ཞེས་པ་ནི་རྡོ་རྗེ་ཅན་དགྱེས་པར་གྱུར་ཅིག་པའོ། །ཨཱ་པྲ་ཏི་ཧ་ཏ་བ་ལེ་བྷྱ་ཞེས་པ་ནི་ཐོགས་པ་མེད་པའི་
སྟོབས་ཅན་ཏེ། སྟོབས་བཅུ་པ་ལ་ཕྱག་འཚལ་བའི་དོན་ཏོ། །ཛྭཱ་ལ་ཡ་ནི་འབར་བ་སྟེ་གསལ་བར་བྱེད་པའོ། །ཏྲ་ཊ་ནི་ཁོས་ཤིག་པའོ། །ཨ་ས་ཧ་ནི་མི་བཟོད་པ་སྟེ། ཉོན་མོངས་པ་ཐམས་ཅད་མ་བཟོད་པ་སྟེ། དེ་བཞིན་གཤེགས་པའོ། །དེ་རྣམས་ལ་ཕྱག་འཚལ་བས་ན་ན་མཿསྭཱ་ཧཱ་
ཞེས་སྨོས་སོ། །འདི་ནི་ཞེས་བྱ་བ་ལ་སོགས་པ་ལ། ལྷ་རྣམས་ནི་ཚངས་པ་ལ་སོགས་པའི་ལྷ་ཐམས་ཅད་དོ། །འཁོར་དང་བཅས་པ་ཀུན་ནི་མངག་གཞུག་པ་རྣམས་དང་བཅས་པའོ། །རྡོ་རྗེའི་སྐུ་ནི་རྡོ་རྗེ་འཆང་ཆེན་པོ་སྟེ། དེ་རྗེས་སུ་དྲན་པའོ། །འདི་ཡིས་ཞེས་བྱ་བ་ནི། བཤད་
མ་ཐག་པའི་ཕྲེང་བའི་སྔགས་ཀྱིས་ལྷ་ཆེན་དག་སྟེ། དབང་ཕྱུག་ཆེན་པོ་ལ་སོགས་པའི་ལྷ་རྣམས་དམ་ཚིག་ལས་འདས་པའི་འཇིགས་པས་སྐྲག་པར་གྱུར་ནས། ཁ་སྦྱར་ལུས་སུ་འགུགས་པར་འགྱུར། །ཞེས་པ་སྟེ། འཁྲུལ་འཁོར་ཁ་སྦྱར་བས་འགུགས་པའོ། །དེ་ལ་འདིར་སྦྱོར་

བ་ནི་འདི་ཡིན་ཏེ། གྲོ་ག་ལ་སོགས་པའི་གཞི་ལ་གི་ཝང་ལ་སོགས་པས་བསྒྲུབ་པར་བྱ་བའི་གཟུགས་བརྙན་མིང་གིས་མཚན་པ་བྲིས་ལ། ཡང་འཁྲུལ་འཁོར་གཉིས་པས་བཀབ་ལ་རྡོ་རྗེ་ལྕགས་ཀྱུས་མཚན་པའི་གཡོན་བརྐྱང་བའི་གནས་པས་མནན་ལ། དུས་གསུམ་
དུ་བཟླས་པས་འགུགས་པར་འགྱུར་རོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། དམ་ཚིག་ནི་རྡོ་རྗེ་འཆང་བའི་བཀའོ། །དེའི་རྣམ་པར་འཕྲུལ་བ་ནི་རབ་ཏུ་འཇུག་པའོ། །དེ་ཉིད་མི་ཕྱེད་པས་ན་རྡོ་རྗེ་སྟེ། དེ་སྐད་ཅེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པའོ། །རྡོ་རྗེ་འཛིན་ཐམས་ཅད་ཀྱི་
དམ་ཚིག་སྟེ། བཀའི་ངོ་བོ་གང་ཡིན་པ་དེ་ནི་རྡོ་རྗེ་འཛིན་པ་ཐམས་ཅད་ཀྱི་དམ་ཚིག་གོ། །གདུག་པ་རྣམས་ངེས་པར་འདུལ་བས་ན་ཁྲོ་བོ་ཆེན་པོ་གནོད་མཛེས་ཏེ། འདི་ཉིད་ཀྱི་སྐུ་ལ་སོགས་པ་ལས་ཕྱུང་ངོ་། །ཨོཾ་ཞེས་བྱ་བ་ལ་སོགས་པ་ནི་སྔགས་ཏེ། འདིའི་མིང་ནི་མཐའ་མེད་པ་ཞེས་
བྱ་སྟེ། དེ་ཡང་། གོང་ལ་ཨོཾ་ཡོད་སྭཱ་ཧཱ་མེད། །དེ་ནི་མཐའ་མེད་ཅེས་བརྗོད་དོ། །ཞེས་གསུངས་སོ། །དེའི་དོན་ནི་འདི་ཡིན་ཏེ། སུམྦྷ་ཞེས་པ་ནི་ངེས་པར་འདུལ་བ་སྟེ། འདི་ནི་བོད་པའོ། །ནི་སུམྦྷ་ཞེས་པ་ནི་མ་ལུས་པར་ངེས་པར་འདུལ་བའོ། །ཧཱུཾ་ནི་གསལ་བར་བྱེད་པའོ། །གྲྀཧྞ་གྲྀཧྞ་ཞེས་
པ་ནི་གནོད་པར་བྱེད་པ་འབྲོས་པ་ལ་ཟུང་ཤིག་པའོ། །གྲྀཧྞཱ་པ་ཡ་གྲྀཧྞ་པ་ཡ་ཞེས་པ་ནི་འཁོར་རྣམས་ཀྱང་འཛིན་དུ་ཆུག་ཤིག་པའོ། །ཧཱུཾ་ནི་བསྐུལ་བའོ། །ཨཱ་ན་ཡ་ཧོ་བྷ་ག་བཱན་ཞེས་པ་ནི་ཀྱེ་བཅོམ་ལྡན་འདས་ཁུག་ཤིག་པ་སྟེ། རྡོ་རྗེ་ཞགས་པས་བཅིངས་ལ་རྡོ་རྗེ་ལྕགས་ཀྱུས་སྙིང་ཁུག་
སྟེ་ཁུག་ཤིག་པའོ། །བིདྱཱ་རཱ་ཛ་ཞེས་པ་ནི་རིག་པའི་རྒྱལ་པོ་ཞེས་པ་སྟེ། གནོད་མཛེས་ལ་དབུགས་འབྱིན་པའོ། །ཧཱུཾ་ཕཊ་ཅེས་པ་ནི་གསོད་པའི་ཕྱིར་བསྐུལ་བའོ། །དེ་ནས་ཞེས་བྱ་བ་ལ་སོགས་པའི་དོན་ནི་བཤད་ཟིན་ཏོ། །རྡོ་རྗེ་སེམས་དཔའ་ནི་རང་གི་ཡེ་ཤེས་སེམས་དཔའོ། །དེའི་
ཞབས་ཀྱིས་ནི་འོད་ཟེར་ཏེ། དེས་མནན་པ་ནི་བསྐོར་བའོ། །དེ་བཞིན་གཤེགས་པ་ཀུན་གྱི་བདག་པོ་ནི་བསྒྲུབ་པར་བྱ་བའི་ཡེ་ཤེས་སེམས་དཔའ་སྟེ། དེ་རྡོ་རྗེའི་ལྕགས་ཀྱུ་དང་ཞགས་པས་བཅིངས་ནས། བུ་མོ་དགུག་པར་བྱའོ། །བུ་མོ་ཞེས་བྱ་བ་ནི་ཉེ་བར་མཚོན་པ་ཙམ་མོ། །ད་ནི་ནང་

ལ་མཆོག་ལ་གཞོལ་བ་རྣམས་ཀྱི་ཡང་། དགུག་པ་ལ་སོགས་པའི་རིམ་པ་བསྟན་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བཅོམ་ལྡན་འདས་ནི་རྡོ་རྗེ་འཆང་ཆེན་པོའོ། །དམ་ཚིག་ཆེན་པོ་ནི་སྒྲུབ་པ་པོ་རྣམས་སོ། །དེ་དག་གི་དེ་ཁོ་ན་ཉིད་ནི། དགུག་པ་ལ་སོགས་པས་སེམས་
ཅན་རྣམས་ཀྱི་དོན་བྱེད་པའོ། །དེའི་འབྱུང་བ་ནི་སྟོན་པའོ། །དེ་མི་ཕྱེད་པས་ན་རྡོ་རྗེ་སྟེ། ཏིང་ངེ་འཛིན་གང་ལ་མིང་དེ་སྐད་ཅེས་བྱ་བ་དེ་ལ་དམིགས་པའོ། །དམ་ཚིག་ཆེན་པོ་ནི་སློབ་བཞིན་པ་རྣམས་ཏེ། དེ་རྣམས་ཀྱི་རྡོ་རྗེ་གསུམ་ནི་སྐུ་དང་གསུང་དང་ཐུགས་སོ། །དེའི་གསང་བ་ནི་བསྟན་པར་བྱ་བ་
མ་ཡིན་པས་སོ། །གསུང་གི་དམ་ཚིག་ནི་ཚིག་ཏུ་བརྗོད་པའོ། །དེའི་དེ་ཁོ་ན་ཉིད་ནི་གཞན་དུ་མི་འགྱུར་བ་ཉིད་དོ། །དེའི་གནས་ནི་གཞིར་གྱུར་པ་སྟེ། དགུག་པ་ལ་སོགས་པའི་ལས་དེ་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་ཕྱུང་ངོ་། །སངས་རྒྱས་རྡོ་རྗེ་ནི་བསྒྲུབ་པར་དཀའ་བའོ། །
དེ་རྣམས་ཀྱི་སྐུ་གསུམ་ལ་སྟེ་སྐུ་དང་གསུང་དང་ཐུགས་རྣམས་ལ་རྡོ་རྗེ་སེམས་དཔའ་སྟེ། སྒྲུབ་པ་པོ་སེམས་བརྟན་པོ་དེས་རྣམ་པར་བསྒོམ་པ་སྟེ། བསམ་གཏན་གྱི་ཁྱད་པར་བྱ་བའོ། །ཞགས་པ་རྡོ་རྗེ་ཀྱོ་བ་འཛིན། །ཞེས་བྱ་བ་ནི། བསྒྲུབ་པར་བྱ་བའི་ལུས་ལ་སོགས་པ་ལ་གོ་རིམས་ཇི་ལྟ་
བ་བཞིན་དུ་ཞགས་པ་ལ་སོགས་པའི་འོད་ཀྱི་ཚོགས་རྣམས་གཞུག་པར་རྣམ་པར་བསྒོམ་མོ། །དེ་ནི་སངས་རྒྱས་དགུག་པ་སྟེ། སྐུ་དགུག་པའི་དམ་པ་སྟེ་གཙོ་བོའོ། །སངས་རྒྱས་ནི་སྟོན་པ་པོའོ། །དེའི་སྐུ་གསུང་ནི་གསུང་གི་ཚོགས་སོ། །དེ་དང་ལྷན་ཅིག་ཏུ་འཁོར་ལོ་སྟེ། དཀྱིལ་
འཁོར་མངའ་བ་དེ་ནི་འཁོར་ལོ་ཆེན་པོ་སྟེ་དཀྱིལ་འཁོར་གྱི་བདག་པོའོ། །དེའི་ཐུགས་དགུག་པར་བྱ་བའི་ཕྱིར། སེམས་ལ་ཀྱོ་བའི་སྦྱོར་བ་གཏོང་བས། རྡོ་རྗེ་སེམས་དཔའ་རྒྱལ་པོ་ཆེ་སྟེ་ཐུགས་རྡོ་རྗེ་དེ་རྟག་ཏུ་འཕྲལ་དུ་ངེས་པར་གཅིག་ཏུ་ཁུགས་པར་འགྱུར་རོ། །མི་ཕྱེད་རྡོ་རྗེ་གསུམ་བསྒོམས་
པས། །ཞེས་བྱ་བ་ནི། རྣམ་པར་སྣང་མཛད་ལ་སོགས་པའི་རྣལ་འབྱོར་པ་རྣམས་ཀྱིས་སོ། །འཁོར་ལོ་པདྨ་རྡོ་རྗེ་ཆེ། །ཞེས་བྱ་བ་ནི། གཏི་མུག་དང་། འདོད་ཆགས་དང་ཞེ་སྡང་ལ་སྤྱོད་པ་རྣམས་ཀྱིས་སོ། །རྡོ་རྗེ་ཀྱོ་བ་ནི་རྡོ་རྗེ་ལ་སོགས་པའི་ལྕགས་ཀྱུས་ཏེ། དེའི་ཁྱད་པར་གྱིས་ཞེས་པ་སྟེ།

ངེས་པར་བསྒྲུབ་པར་བྱ་བའི་སྙིང་དགུག་པས། སྔགས་རྣམས་ཐམས་ཅད་དགུག་པའི་མཆོག་སྟེ། བསྒྲུབ་པར་བྱ་བ་ཐམས་ཅད་དགུག་པའི་མཆོག་ནི་འདི་ཡིན་ནོ། །རང་གི་མཚན་མས་ཀྱང་དགུག་སྟེ། རྡོ་རྗེ་སེམས་དཔའ་ཆེན་པོའི་རྣལ་འབྱོར་པས། ཐམས་ཅད་རྡོ་རྗེའི་དངོས་ཏེ་སྣ་ཚོགས་
རྡོ་རྗེའི་རང་བཞིན་ཞི་བ་སྟེ་མཛེས་པ་བསྒོམ་པའོ། །རང་སྔགས་སྐྱེས་བུ་བསྒོམས་ནས་ནི། །ཞེས་བྱ་བ་ནི། རང་གི་ལྷར་བསྒོམ་པའོ། །མི་ཡི་བུ་མོ་མཆོག་རྣམས་ཀྱི། །ཞེས་བྱ་བ་ནི། བསྒྲུབ་པར་བྱ་བ་རྡོ་རྗེ་དེ་ལ་གནས་པར་བྱས་ལ། དེའི་སྙིང་གར་རྡོ་རྗེ་ཀྱོ་བ་སྦྱར། །ཞེས་བྱ་བ་སྟེ། ལྕགས་ཀྱུས་
དྲངས་པར་གྱུར་པའོ། །རླུང་གི་དཀྱིལ་འཁོར་སྦྱོར་བ་ཡིས། །ཞེས་བྱ་བ་ནི། རླུང་གིས་དྲངས་པར་གྱུར་པར་བསམས་ན། དེས་རྟག་ཏུ་འགུགས་པར་འགྱུར་རོ། །དེ་བཞིན་དུ་རྣམ་པར་སྣང་མཛད་ཀྱི་གཟུགས་ཆེན་པོའོ། །ཟླ་བའི་དཀྱིལ་འཁོར་གྱི་རྣམ་པར་ཡོངས་སུ་གྱུར་པར་བསྒོམས་ལ།
བརྒྱ་བྱིན་གྱི་ཁང་པ་ལས་ཤ་ཙི་སྟེ། བརྒྱ་བྱིན་གྱི་ཆུང་མ་བདེ་སོགས་མ་བླངས་ལ་དེར་གནས་པར་བསམས་ཏེ། རྡོ་རྗེ་མི་འཆི་བའི་སྦྱོར་བས་འགུགས་པར་གྱུར་པར་བསམས་ལ། བདུད་རྩི་འཁྱིལ་པའི་སྔགས་ལན་གྲངས་ལྔ་བཅུ་བརྗོད་ནས་དགུག་པར་བྱའོ། །རྡོ་རྗེ་དཀྱིལ་འཁོར་ནི་
འདོད་པའི་རྒྱལ་པོ་སྟེ། དེ་རྡོ་རྗེ་ལྕགས་ཀྱུར་བསྒོམས་ལ། དེ་ལ་ལྷའི་བུ་མོ་བསྐྱོན་ཏེ། དེ་ཉིད་ཀྱི་སྙིང་ག་ནས་འགུགས་པར་གྱུར་ཅིང་། རླུང་གིས་བསྐྱོད་པས་དགུག་པར་བྱའོ། །ཁྲོ་བོ་རྡོ་རྗེ་ནི་མི་བསྐྱོད་པ་སྟེ། དེའི་དམ་ཚིག་ནི་བཀའ་གང་ཡིན་པ་སྟེ། དེ་ནི་ཁྲོ་བོ་རྡོ་རྗེའི་དམ་ཚིག་གོ། །རྡོ་རྗེ་ས་
འོག་གནས་པ་ནི་གནོད་མཛེས་རྒྱལ་པོ་སྟེ་དེ་བསྐུལ་བའོ། །ཤཱུ་ལ་རྡོ་རྗེ་ཀྱོ་བའི་གནས། །ཞེས་བྱ་བ་ནི། མདུང་གིས་སྙིང་ཕུག་ལ་རྡོ་རྗེ་ལྕགས་ཀྱུས་དྲངས་ཏེ། ཞགས་པས་བཅིངས་ནས་འགུགས་ཤིང་རླུང་གི་འཁོར་ལོ་ལ་བསྐྱོན་པར་བསམས་ནས། ལྷ་མ་ཡིན་གྱི་བུ་མོ་དགུག་པར་བྱའོ། །
བཙག་དག་གམ་ཞེས་བྱ་བ་ལ་སོགས་པ་ལ། བཙག་ལ་སོགས་པའི་ཚོན་ལ་རྡོ་རྗེ་ཀྱོ་བའི་སྦྱོར་བ་ཡིས། རྡོ་རྗེ་ལྕགས་ཀྱུ་ལྟ་བུས་ཟླ་བ་གཟས་ནི་ཟིན་པའི་ཚེ་སྟེ། ཁར་ཞེས་རྡོ་རྗེའམ་ཆོས་འབྱུང་བར་བཅུག་ལ། ཇི་སྲིད་གཟས་ཟིན་པ་བཏང་གི་བར་དུ་བསྒྲུབ་པར་བྱ་ཞིང་སྙོམས་པར་འཇུག་

པར་བྱའོ། །དེ་ནས་དེ་བཏོན་ལ་ཡང་དག་པར་བསྲུངས་ཏེ། ཚངས་པ་ལ་སོགས་པ་གང་ཡང་རུང་བའི་མིང་རྣམས་བྲིས་ནས་ནི། རྡོ་རྗེ་གསུང་གི་བཀའ་ཐོགས་མེད་པ་ཇི་ལྟ་བ་བཞིན་དུ་ངེས་པར་འོང་བར་འགྱུར་རོ། །རྣམ་པའི་མཆོག་རྣམས་ཞེས་བྱ་བ་ལ་སོགས་པ་ལ། བདག་ཉིད་རྣམ་
པ་ཐམས་ཅད་ཀྱི་མཆོག་དང་ལྡན་པ་སྟེ། མཚན་ཐམས་ཅད་དང་ལྡན་པའི་རྡོ་རྗེ་འཇམ་དཔལ་དུ་རྣམ་པར་བསྒོམས་ལ། མདུན་དུ་གཤིན་རྗེ་གཤེད་སྤྲོས་ཏེ་དེ་ཡོངས་སུ་གྱུར་པ་ལས། རྡོ་རྗེ་ལྕགས་ཀྱུར་རྣམ་པར་བསམས་ལ། དེ་ནས། བསྐལ་པའི་སྲེག་པའི་འཁོར་ལོ་ཆེ། །ཞེས་པ་མེའི་
དཀྱིལ་འཁོར་འབར་བ་འཁྲུགས་པ་བསམས་ལ། དེར་མངོན་པར་འདོད་པའི་གནོད་སྦྱིན་མོ་ལྕགས་ཀྱུས་དྲངས་པ་བཞག་སྟེ། རླུང་གིས་བཏེག་པར་གྱུར་ནས་བདག་གི་གན་དུ་བཀུག་ལ་ཉེ་བར་སྤྱད་པར་བྱའོ། །ཕྱག་རྒྱའི་ཁྱད་པར་དང་ཞེས་བྱ་བ་ནི་ཕྱག་རྒྱ་ཆེན་པོ་གཉིས་ཀྱི་
དབྱེ་བས་སོ། །སྔགས་ཀྱི་ཁྱད་པར་ནི་ལྷ་ཐམས་ཅད་ཀྱི་སྔགས་སུ་འདོན་པས་ན་སྔགས་ཏེ་བཟླས་པའོ། །བཟླས་པའི་དབྱེ་བ་ཡང་ངག་གི་བཟླས་བརྗོད་དང་། རྡོ་རྗེའི་བཟླས་བརྗོད་རྣམ་པ་གཉིས་ཀྱི་ཁྱད་པར་གྱིས་ཐམས་ཅད་དུ་མ་ལུས་པར་དགུག་པའི་རབ་ཏུ་སྦྱོར་བ་གསུངས་ཤིང་
བཤད་པ་ཡིན་ནོ། །གསུངས་ཞེས་བྱ་བ་ནི་ཉེ་བར་སྡུད་པའོ། །གལ་ཏེ་ཁྱད་པར་རྣམ་པ་གཉིས་ཀྱིས་མ་བསྒྲུབས་ན། དེ་འཇིག་པར་འགྱུར་བ་སྟེ་འཇིག་པ་ནི་མི་འགྲུབ་པར་འགྱུར་བའོ། །རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་ལ། རྡོ་རྗེ་སེམས་དཔའ་ནི་དྲུག་པ་སྟེ། དེ་ཉིད་རྒྱལ་པོ་ཆེན་པོ་སྟེ།
ལྔ་པོ་རྣམས་ཀྱི་རྟེན་དུ་གྱུར་པའི་ཕྱིར་རོ། །ཡང་དང་ཡང་དུ་སྟེ། ཡང་ནས་ཡང་དུ་བསྐུལ་བར་བྱ་ཞིང་དམིགས་པར་བྱའོ། །ཅིའི་ཕྱིར་ཞེ་ན། དེ་ཉིད་སྔགས་རྣམས་ཐམས་ཅད་དེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དབང་པོ་སྟེ། གསལ་བར་བྱེད་པར་ངེས་ཤིང་མཆོག་ཏུ་རྟག་པའོ། །
དེ་བས་ན་ལས་ཐམས་ཅད་དང་། གནས་སྐབས་ཐམས་ཅད་དུ་དམིགས་པར་བྱའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། བཅོམ་ལྡན་འདས་ནི་རྡོ་རྗེ་འཆང་ཆེན་པོའོ། །ནམ་མཁའ་ནི་རྟག་པ་སྟེ། ནམ་མཁའ་ལྟར་ཐོག་མ་དང་ཐ་མ་མེད་པའོ། །ཀུན་དུ་ནི་ཐམས་ཅད་དོ། །རྣམ་པར་

འཕྲུལ་ཞིང་རབ་ཏུ་འཕྲོ་བའི་གཟུགས་ཅན་སྣ་ཚོགས་རྡོ་རྗེ་གང་ཡིན་པ་དེ་ནི་ཀུན་ཏུ་རྣམ་པར་འཕྲུལ་པའི་ཡེ་ཤེས་རྡོ་རྗེ་ནི་དོན་ཡོད་པར་གྲུབ་པ་སྟེ། དེ་སྐྱེད་པའི་ཏིང་ངེ་འཛིན་ཀྱང་དེ་དང་དབྱེར་མེད་པས་དེ་སྐད་ཅེས་བ་སྟེ། མིང་དེ་སྐད་ཅེས་བྱ་བའི་ཏིང་ངེ་འཛིན་གྱི་གནས་སྐབས་ཀྱི་
ཁྱད་པར་ལ་སྙོམས་པར་ཞུགས་ཤིང་ཀུན་ནས་དམིགས་ཏེ། རྡོ་རྗེའི་རང་བཞིན་གྱི་ཐོར་ཚུགས་གཅིག་མ་སྟེ། གང་ལ་རལ་པ་གཅིག་ཡོད་པ་དེ་ནི་ཐོར་ཚུགས་གཅིག་མ་སྟེ། དེ་སྔགས་ཀྱི་བདག་ཉིད་ཅན་ནོ། །དམ་ཚིག་ཆེན་པོ་གཞན་གྱིས་མི་ཐུབ་པའི་གསུང་ནི་ཡོད་པར་གྲུབ་པ་སྟེ། དེའི་
རྡོ་རྗེ་ནི་དེའི་དཀྱིལ་འཁོར་པ་རྣམས་སོ། །དེ་རྣམས་ཀྱི་མཆོག་ནི་གཙོ་བོ་སྟེ། འོག་ནས་བཤད་པའི་མཚན་ཉིད་དང་ལྡན་པ་དེ་ཉིད་ཀྱི་སྐུ་ལ་སོགས་པ་ལས་ཕྱུང་ངོ་། །ཨོཾ་ཞེས་བྱ་བ་ལ་སོགས་པ་ནི་སྔགས་སོ། །ཤཱུ་ལི་ནི་ཞེས་བྱ་བ་ནི་མདུང་ཅན་མ་སྟེ། མདུང་ཅན་མ་ཞེས་བོད་པའོ། །
འདི་ནི་ཞེས་བྱ་བ་ལ་སོགས་པ་ལ། རིག་པ་འདི་གསུངས་པ་ཙམ་གྱིས་ཏེ། བཅོམ་ལྡན་འདས་ཀྱི་ཞལ་གྱི་པདྨ་ལས་ངེས་པར་ཕྱུང་བས། ཀླུ་ཡི་བུ་མོ་མཐུ་ཆེན་རྣམས་འདོད་པའི་མེས་ཚིག་པར་གྱུར་ཅིང་། གོས་དང་བྲལ་བས་གཞན་གྱི་དབང་དུ་གྱུར་ནས་སངས་རྒྱས་བྱང་ཆུབ་སྟེ། དོན་ཡོད་
པར་གྲུབ་པ་རྗེས་སུ་དྲན་ཞིང་བསྒོམ་པ་སྟེ། སྔགས་ཀྱི་རིག་པ་འདི་དང་ཆོ་ག་སྦྱར་བས་ཀླུ་ཐམས་ཅད་འོང་བར་འགྱུར་རོ། །དེ་ལ་འདིར་ཆོ་ག་ནི་འདི་ཡིན་ཏེ། སྐྱེས་པའི་ཐོད་པ་ལ་བཙག་གིས་རླུང་གི་དཀྱིལ་འཁོར་སྔར་བཤད་པའི་རིམ་པས་བྲིས་ལ། དེའི་ནང་དུ་ནོར་རྒྱས་ལ་སོགས་པ་ཀླུ་
གང་ཡང་རུང་བའི་གཟུགས་བརྙེན་བྲིས་ལ། དེའི་མིང་ནས་སྨོས་ཏེ་རྡོ་རྗེ་ལྕགས་ཀྱུས་བྱིན་གྱིས་བརླབས་པའི་རྐང་པ་གཡོན་པས་མནན་ལ། མིང་དང་སྤེལ་བ་དང་བཅས་པས་སྔགས་བཟླས་བརྗོད་བྱས་ན་ཀླུ་རྣམས་ཁུགས་པར་འགྱུར་རོ། །ཆོ་ག་འདི་ཉིད་ཀྱིས་བུད་མེད་ཀྱི་ཐོད་པའི་
ནང་དུ་ཀླུའི་བུ་མོ་བྲིས་ན་ཁུགས་པར་འགྱུར་རོ། །དེ་བས་ན། ཀླུ་ཡི་བུ་མོ་མིག་བཟང་དག །བཀུག་ནས་ཉེ་བར་སྤྱད་པར་བྱ། །ཞེས་གསུངས་སོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། བཅོམ་ལྡན་འདས་ནི་རྡོ་རྗེ་འཆང་ཆེན་པོའོ། །ནམ་མཁའི་དམ་ཚིག་ནི་འོད་དཔག་ཏུ་མེད་པ་སྟེ།

དེ་གང་དུ་འབྱུང་བ་དེ་ནི་ནམ་མཁའི་དམ་ཚིག་འབྱུང་བ་སྟེ། དེ་སྐད་ཅེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཤིང་མངོན་སུམ་དུ་མཛད་ནས་སོ། །ཆོས་ཆེན་པོ་ནི་འོད་དཔག་ཏུ་མེད་པའོ། །དེའི་དམ་ཚིག་ནི་དེའི་རིགས་དང་ལྡན་པ་རྣམས་སོ། །དེའི་ནང་ན་རྡོ་རྗེ་ཁྲོ་གཉེར་མ་སྟེ། མི་ཕྱེད་
པའི་སྨིན་མ་བསྐྱོད་པ་དང་ལྡན་པ་འོག་ནས་བཤད་པ་འདི་ཉིད་ཀྱི་སྐུ་ལ་སོགས་པ་ལས་ཕྱུང་ངོ་། །ཨོཾ་ཞེས་བྱ་བ་ལ་སོགས་པ་ནི་སྔགས་སོ། །སརྦ་བྷ་ཡ་ནི་འཇིགས་པ་ཐམས་ཅད་དོ། །ནཱ་ཤ་ཡ་ནི་འཇིགས་པ་སྟེ། རྐུན་མ་ལ་སོགས་པས་བྱས་པའི་འཇིགས་པ་ཐམས་ཅད་འཇིགས་
པའོ། །དགྲ་རྣམས་རྣམ་པར་འཇིགས་པར་མཛད་པས་ན་ཏྲཱ་ས་ནའོ། །ཏྲཱ་ས་ཞེས་པ་ནི་སྐྲག་པ་སྟེ། འཇིགས་པའི་གཟུགས་ཅན་ནོ། །ཏྲཱ་ས་ཡ་ཞེས་པ་ནི་བཀའ་བསྒོ་བའོ། །བེ་ར་ཊི་བྷྲྀ་ཀུ་ཊི་ཞེས་པ་ནི་གློག་ལྟར་གཡོ་བའི་གཟུགས་ཅན་ཡིན་པའི་ཕྱིར་རོ། །ཏཱ་ཊྲཱི་ནི་འབྲུག་ལྟར་སྒྲ་
སྒྲོགས་པའོ། །བཻ་ར་ཊི་ནི་དྲི་མ་ངན་པ་མ་ལུས་པ་དང་བྲལ་བའོ། །ཤྭེ་ཏ་ནི་དཀར་པོ་སྟེ། འདོད་ཆགས་དག་པས་རྣམ་པར་དག་པའོ། །ཤྭེ་ཏ་ནི་འོད་དཔག་ཏུ་མེད་པའོ། །ཛ་ཊི་ནི་རལ་པ་སྟེ། གང་གི་མགོ་ལ་འོད་དཔག་ཏུ་མེད་པ་ཡོད་པ་དེ་ནི་ཤྭེ་ཏ་ཛ་ཊི་ནི་ཞེས་བྱའོ། །བྷ་ཡ་ནཱ་ཤ་ནི་ཞེས་
བྱ་བ་ལ་སོགས་པ་ཀུན་ཀྱང་བོད་པའི་ཚིག་ཡིན་ནོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། རིག་པ་འདི་བརྗོད་པ་ཙམ་གྱིས། རིག་པ་འཛིན་པའི་བུ་མོ་ཀུན། །ཞེས་བྱ་བ་ནི། རིག་པ་འཛིན་པའི་བུ་མོ་ཐམས་ཅད་དོ། །འདར་བར་གྱུར་པ་ནི་འདོད་ཆགས་ཀྱིས་བསྐྱོད་པའོ། །ཡེ་ཤེས་རྡོ་རྗེ་
ནི་འོད་དཔག་ཏུ་མེད་པའོ། །རྗེས་སུ་དྲན་པ་ནི་བསྒོམ་པར་གྱུར་པའོ། །རིག་པ་འཛིན་པའི་བུ་མོ་མཆོག །ཅེས་བྱ་བ་ནི། གཟུགས་ལ་སོགས་པ་ཡོན་ཏན་དང་ལྡན་པའོ། །གསེར་གྱི་རྣ་ཆ་གཡོ་བ་རྣམས། །ཞེས་བྱ་བ་ནི། རྣ་རྒྱན་འཆང་ཞིང་གཡོ་བར་གྱུར་པའོ། །སྔགས་
ཀྱི་རིགས་པ་འདི་དང་ནི། །ཞེས་བྱ་བ་ནི། བཤད་མ་ཐག་པའོ། །དམ་ཚིག་ལ་སོགས་པ་ཡིས་ཞེས་བྱ་བ་ནི། ཆོ་གའི་ཁྱད་པར་གྱིས་སོ། །དགུག་པ་ནི་འགུགས་པས་སོ། །དེ་འདིར་ཆོ་ག་ནི་འདི་ཡིན་ཏེ། བུད་མེད་ཀྱི་ཐོད་པ་ལ་རླུང་གི་དཀྱིལ་འཁོར་བྲིས་ཏེ། དེའི་དབུས་སུ་

རིག་པ་འཛིན་པའི་བུ་མོ་བྲིས་ལ། རྡོ་རྗེ་ལྕགས་ཀྱུས་བྱིན་གྱིས་བརླབས་པའི་གཡོན་བརྐྱང་བས་མནན་ནས། སྔགས་བཟླས་ན་ཁུགས་པར་འགྱུར་རོ། །འགོག་པའི་རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་ལ། སྦྲུལ་ལ་སོགས་པའི་སྔགས་ཐམས་ཅད་བུད་མེད་དང་སྐྱེས་པ་དང་། མ་
ནིང་གི་དབྱེ་བས་གང་དུ་འགོག་ཅིང་ཡང་དག་པར་བཟུང་བས་ན་འགོག་པའོ། །རྡོ་རྗེ་རྒྱལ་པོ་ནི་ཡི་གེ་གསུམ་གྱི་སྔགས་སོ། །དེ་ཡང་འགོག་པ་ཡང་ཡིན་ལ་རྡོ་རྗེ་རྒྱལ་པོ་ཡང་ཡིན་པས་ན། འགོག་པ་རྡོ་རྗེའི་རྒྱལ་པོ་སྟེ། དེ་ཡོངས་སུ་རྫོགས་པས་འཇུག་པ་ལ་སོགས་པའི་ཚུལ་
གྱིས། རྒྱུན་མི་འཆད་པར་རྒྱུ་བར་གྱུར་པས་མཛེས་པའི་མཆོག་སྟེ། འདོད་པའི་དོན་སྒྲུབ་པས་མཛེས་པའི་ཕྱིར་རོ། །རྡོ་རྗེ་ཡེ་ཤེས་གསུམ་ནི་མི་བསྐྱོད་པ་ལ་སོགས་པའོ། །དེ་རྣམས་ལས་བྱུང་བ་ནི་བཤད་མ་ཐག་པའི་སྤྱན་དང་། གཤིན་རྗེ་གཤེད་ལ་སོགས་པའི་སྔགས་རྣམས་སོ། །ཀུན་
ནས་ཞེས་བྱ་བ་ནི་སྔགས་ཐམས་ཅད་དོ། །དེ་མ་ཐག་ཏུ་ཞེས་པ་རིང་པོ་མི་ཐོགས་པར་འགུགས་ཤིང་ཁུགས་པར་འགྱུར་ལ། ཉེ་བར་འགྲུབ་པར་འགྱུར་བ་སྟེ་དགོངས་པས་བཤད་པའོ། །སྔགས་ལ་མཆོག་ཏུ་གཞོལ་བ་རྣམས་ཀྱི་ཁྱད་པར་གྱི་ཆོ་ག་བསྟན་པར་བྱ་བའི་ཕྱིར། ཡང་ན་ཞེས་
བྱ་བ་ལ་སོགས་པ་གསུངས་ཏེ། ཁྲོ་བོ་ཐམས་ཅད་ནི་གཤིན་རྗེ་གཤེད་ལ་སོགས་པ་སྟེ། དེ་རྣམས་ཀྱི་སྔགས་དབེན་པའི་གནས་ནི་ཆེན་པོ་རུ་སྟེ། རི་བོ་དབེན་པའི་གནས་དག་ཏུའོ། །སྔགས་པས་ཞེས་པ་སྟེ་སྒྲུབ་པ་པོས་འབུམ་དུ་བཟླས་པ་བྱས་ན་ལས་རྣམས་ཐམས་ཅད་བྱེད་པ་སྟེ།
དོན་ཐམས་ཅད་སྒྲུབ་པར་བྱེད་པར་བཤད་དོ། །མངོན་སྤྱོད་བྱ་བའི་ཡུལ་བསྟན་པར་བྱ་བའི་ཕྱིར། རྡོ་རྗེ་སློབ་དཔོན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྡོ་རྗེ་སློབ་དཔོན་སྨོད་པ་ནི་བླ་མ་ལ་མཆོག་ཏུ་སྨོད་པ་དང་། རྡོ་རྗེ་སློབ་དཔོན་ལ་སྨོད་པའོ། །ཐེག་པ་ཆེན་པོ་སྨོད་པ་དག །
ཅེས་བྱ་བ་ནི་རྡོ་རྗེའི་ཐེག་པ་སྤོང་བ་སྟེ། དེ་དག་དང་སྡིག་པ་བྱེད་པ་གཞན་དག །ནན་ཏན་དུ་ནི་གསད་པར་བྱ། །ཞེས་བྱ་བ་ནི་ལྷོད་པ་མེད་པའི་བརྩོན་འགྲུས་ཀྱིས་སོ། །ཡང་ན་གནས་ནས་སྤོ་བར་བྱ། །ཞེས་བྱ་བ་ནི་བསྐྲད་པར་བྱའོ། །དེ་ལྟར་བྱས་པའི་ལས་འདི་ཡིས་ནི་བྱང་ཆུབ་མཆོག་

སྟེ། མི་གནས་པའི་མཚན་ཉིད་ཅན་གྱི་སྔགས་ཀྱི་དངོས་གྲུབ་ཐོབ་པར་འགྱུར་རོ་ཞེས་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོས་གསུངས་སོ་ཞེས་བྱ་བ་ནི་སྡུད་པ་པོའི་ཚིག་གོ། །གསད་པར་བྱ་བ་དེ་རྣམས་ཀྱི་ཁ་སྦྱར་དབྱེ་བའི་ཚིག་བསྟན་པར་བྱ་བའི་ཕྱིར། ཕྱོགས་བཅུའི་ཞེས་བྱ་བ་ལ་སོགས་
པ་གསུངས་ཏེ། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་སུ་གཏོགས་པའི་སེམས་ཅན་གྱི་ཚོགས་ཐམས་ཅད་ཀྱི། ལུས་དང་ངག་དང་སེམས་གསད་ཅིང་གཞིག་པར་སྒྲུབ་པ་པོས་བསྒོམ་པར་བྱ་ཞིང་བསམ་པར་བྱའོ། །གང་ལ་ཞེ་ན། གདུག་སེམས་ལྡན་པའི་དགྲ་རྣམས་ལ། །ཞེས་བྱ་བ་སྟེ།
གདུག་པའི་སེམས་དང་ལྡན་པའི་སློབ་དཔོན་སྨོད་པ་ལ་སོགས་པ་རྣམས་ལ་བསྒོམ་པར་བྱའོ་ཞེས་བྱ་བ་འདི་དང་སྦྱར་རོ། །སྦྱོར་བ་བསྟན་པར་བྱ་བའི་ཕྱིར་ཁྲག་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཁྲག་དང་ཆུ་དྲོན་དང་བཤང་བ་དང་གཅི་བ་གཅིག་ཏུ་བྱས་པར་གོས་
སྦངས་ནས་དེས་ལུས་དཀྲིས་པར་གྱུར་པས་སོ། །ལིང་ག་རྐང་པས་མནན་ཞེས་བྱ་བ་ནི། མངོན་སྤྱོད་ཀྱི་རྫས་ལས་བསྒྲུབ་པར་བྱ་བའི་གཟུགས་བརྙན་བྱས་ལ། སྙིང་གར་སྔགས་དང་སྤེལ་བའི་མིང་བཅུག་ལ། སྣ་ཚོགས་རྡོ་རྗེས་མཚན་པའི་རྐང་པ་གཡས་པས་གཟུགས་བརྙན་
མནན་ལ། མི་བསྐྱོད་པའི་སྦྱོར་བ་དང་ལྡན་པས་ཁྲོ་བོའི་རྒྱལ་པོ་སྟེ། གཤིན་རྗེ་གཤེད་ལ་སོགས་པ་གང་ཡང་རུང་བའི་ཁྲོ་བོའི་སྔགས་བརྒྱ་རྩ་བརྒྱད་ཡོངས་སུ་བཟླས་ན་སངས་རྒྱས་ཏེ། ལས་ཀྱི་ཚོགས་ལ་མཁས་པ་རྣམས་ཀྱང་ངེས་པར་འཇིག་ཅིང་འཆི་བར་འགྱུར་རོ། །ཆུ་
ཡིས་གོས་ནི་ཞེས་བྱ་བ་ལ་སོགས་པ་ལ། གོས་ཆུ་དྲོན་གཅིག་པུས་གཤེར་བར་བྱས་ལ། སྔར་བཤད་པའི་ཆོ་ག་སྤྱད་པར་བྱའོ། །བཤང་བ་དང་གཅི་བས་གཤེར་བར་བྱས་པའི་སྦྱོར་བས་བརྩམ་པར་བྱ་བ་ཡང་དེ་དང་འདྲའོ། །ཐལ་བའི་སྐྱོ་མས་ཀྱང་གོས་གཤེར་བར་བྱས་
ལ་གསད་པ་བརྩམ་པར་བྱ་བ་བསྒྲུབ་པར་དཀའ་བ་ཡང་འཆི་བར་འགྱུར་རོ། །གཅེར་བུར་ཞེས་བྱ་བ་ལ་སོགས་པ་ལ། གཤིན་རྗེ་གཤེད་ལ་སོགས་པའི་ཁྲོ་པོའི་ང་རྒྱལ་དམིགས་ཏེ། ལུས་ཤིན་ཏུ་ཆེ་བ་དང་ལྡན་པས་འཇིགས་པའི་ཚུལ་ཅན་ནོ། །མཆེ་བ་གཙིགས་པས་ན་གཙིགས་

ཤིང་ངོ་། །འཇིགས་པ་ལ་བརྩོན་པས་ན་འགྱུར་བ་སྟེ་སྒྲུབ་པ་པོའི་ལིང་ག་ནི་སྔ་མ་བཞིན་བྱས་པའི་གཟུགས་བརྙན་ནོ། །རྐང་པས་མནན་པ་སྟེ། སྣ་ཚོགས་རྡོ་རྗེས་མཚན་པའི་གཡས་པའི་རྐང་མཐིལ་གྱིས་མནན་ན་ནི། ནམ་མཁའི་དབྱིངས་ཞེས་བྱ་བ་གཟུགས་ཅན་མ་
ཡིན་པའི་ནམ་མཁའ་ཡང་འཇིག་པར་འགྱུར་ན། གཟུགས་ཅན་ལྟ་སྨོས་ཀྱང་ཅི་དགོས་ཞེས་བྱ་བ་སྟེ། འདི་ཉིད་ཕུལ་དུ་བྱུང་བ་ཡིན་པར་གསུངས་པ་ཡིན་ཏེ། འདིས་ནི་བསམ་གཏན་གྱི་ཆེ་བ་ཉིད་གསལ་བར་བྱས་པ་ཡིན་ནོ། །མ་མོའི་གནས་ཞེས་བྱ་བ་ལ་སོགས་པས་ནི། བྱ་བར་
བརྩམས་པའི་ལས་ཀྱི་གནས་གསུངས་པ་ཡིན་ཏེ། ཚངས་པ་མོ་དང་ཁྱབ་འཇུག་མོ་དང་དྲག་མོ་དང་དབང་མོ་དང་། གཞོན་ནུ་མ་དང་ཕག་མོ་དང་རྒན་བྱེད་མ་སྟེ་འཇིག་རྟེན་མ་མོ་བདུན་པོ་སྟེ། དེ་རྣམས་ཀྱི་གནས་སམ་དུར་ཁྲོད་དང་ཁང་སྟོང་དང་། བཞི་མདོ་དང་མཚན་གཅིག་པ་དང་ཤིང་
གཅིག་དུའོ། །མི་རུས་ཞེས་བྱ་བ་ལ་སོགས་པ་ལ། རྗེ་ངར་གྱི་ཕྱོགས་ཀྱི་རུས་པ་ལས་སོར་བརྒྱད་པའི་ཚད་ཙམ་བླངས་ལ། དུར་ཁྲོད་ཀྱི་རས་ལ་མངོན་སྤྱོད་ཀྱི་རྫས་ཀྱིས་སྣ་ཚོགས་རྡོ་རྗེ་བྲིས་ཏེ། དེའི་ལྟེ་བ་ལ་བསྒྲུབ་པར་བྱ་བའི་མིང་བྲིས་ནས། འཁོར་ལོ་དེ་རུས་པ་ཁང་སྟོང་གི་ནང་
དུ་བཅུག་ལ་བསྒྲུབ་པར་བྱ་བའི་རྐང་རྗེས་ཀྱི་སས་བཀབ་ནས། ཁྲོ་བོའི་སྔགས་བརྒྱ་རྩ་བརྒྱད་བཟླས་ལ་དགྲའི་སྒོ་ཁར་སྦ་བར་བྱའོ། །དེས་ནི་སངས་རྒྱས་ཏེ་སེམས་ཅན་ཤེས་རབ་དང་ལྡན་པ་དང་། སྐུ་གསུམ་སྟེ་མཆོག་དང་བར་མ་དང་། དམན་པའི་སེམས་ཙམ་གྱི་ཚོགས་རྣམས་ཏེ།
དེ་རྣམས་ལ་འདོད་པའི་དོན་སྟེར་བས་ན་མཆོག་སྦྱིན་པའོ། །ཤེས་པ་ནི་དྲིན་ལ་ལན་ལྡོན་པའི་སེམས་དང་ལྡན་པའོ། །མི་ཤེས་པ་ནི་ལྟོས་པ་མེད་པ་སྟེ། དེ་དག་རྣམ་པར་སྤངས་པའོ། །དེ་ལྟ་བུར་གྱུར་པ་ཡང་སློབ་དཔོན་ལ་སྨོད་པ་ཉིད་ཀྱིས་སྨད་པར་བྱ་བ་ཡིན་ནོ། །ཟླ་བ་ཕྱེད་ནི་
ཚུན་ཆད་ཀྱིས། །ཞེས་བྱ་བ་ནི། ཟླ་བ་ཕྱེད་ཀྱི་ནང་དུའམ། ཟླ་བ་ཕྱེད་རྫོགས་པ་གནས་ལས་ཉམས་པར་འགྱུར་བའམ། འཆི་བར་འགྱུར་རོ། །ཐོད་པ་གང་བ་ནི་རྨ་མེད་པ་སྟེ། དེ་བཙལ་ལ་མཁས་པས་ཏེ། བྱེ་བྲག་ཤེས་པས་ཐོད་པ་དེར་ནི་སྔགས་ཀྱི་ཚིག་སྟེ། ཇི་ལྟར་མངོན་པར་འདོད་པའི་ཁྲོ་བོའི་

སྔགས་བསྒྲུབ་པར་བྱ་བའི་མིང་དང་བཅས་པ་བྲིས་ཏེ། རྡོ་རྗེའི་ཚིག་གིས་བཟླས་པ་བྱ། །ཞེས་པ་རྡོ་རྗེའི་ཚིག་ནི་ཁྲོ་བོའི་ཚིག་སྟེ། དེས་བཟླས་པ་ནི་ངག་གི་བཟླས་པ་བྱས་ལ། ཐོད་པ་དེ་དགྲའི་སྒོའམ་གྲོང་དག་ཏུ་བཞག་ན་ངེས་པར་སྐྲོད་པར་འགྱུར་རོ། །ཏཱ་ལའི་ལོ་མའམ་རས་གཞན་གང་
ལའང་རུང་བ་ལ། མངོན་སྤྱོད་ཀྱི་རྫས་རྣམས་ཀྱིས་ཁྲོ་བོའི་སྔགས་མིང་དང་བཅས་པར་ཀུན་དུ་བྲིས་ལ། དགྲའི་གྲོང་ངམ་སྒོ་དང་ཉེ་བ་དག་ཏུ་བརྐོས་ལ་སྦས་ནས། སྔགས་དེ་ཉིད་ཐུན་བཞིར་ཁྲོ་བོའི་ཚིག་གིས་བཟླའོ། །དེ་ལྟར་བྱས་པས་རིམ་གྱིས་དང་པོ་སྐམས་པར་འགྱུར་ལ། ཕྱིས་
འཆི་བར་འགྱུར་རོ། །དམ་ཚིག་ཆེན་པོ་ནི་གསོད་པ་ལ་སོགས་པའོ། །དེའི་རྒྱུའི་རྡོ་རྗེ་ནི་རྡོ་རྗེ་འཛིན་པ་ཆེན་པོའོ། །དེ་སྐད་ཅེས་བཀའ་སྩལ་ཏོ་ཞེས་བྱ་བ་ནི་སྡུད་པར་བྱེད་པའི་ཚིག་གོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། བཅོམ་ལྡན་འདས་ནི་རྡོ་རྗེ་འཛིན་པ་ཆེན་པོའོ། །ཇི་ལྟ་ཇི་ལྟར་
གདུག་པའི་དངོས་པོར་གྱུར་ཅིང་སོང་བ། དེ་ལྟ་དེ་ལྟར་ངེས་པར་དགག་པའི་བྱ་བ་ཡིན་པས་ན་དེ་བཞིན་གཤེགས་པ་སྟེ་བསྒྲུབ་པར་བྱ་བའོ། །དེ་རྣམས་ཀྱི་ལུས་དང་ངག་དང་ཡིད་ངེས་པར་འཆིང་བ་ནི་ལུས་ངག་ཡིད་གསུམ་མི་གཡོ་བར་བྱས་པའོ། །རྡོ་རྗེ་ནི་མི་ཕྱེད་པའི་ངོ་བོར་གྱུར་པ་གང་
ཡིན་པ་སྟེ། དེ་སྐད་ཅེས་བྱ་བའི་ཏིང་ངེ་འཛིན་དེ་ལ་སྙོམས་པར་ཞུགས་ཤིང་མངོན་སུམ་དུ་མཛད་པའོ། །ཁམས་གསུམ་ནི་མཆོག་དང་འབྲིང་དང་ཐ་མ་སྟེ། བསྒྲུབ་པར་བྱ་བ་རྣམ་པ་གསུམ་མོ། །དེ་རྣམས་ཀྱི་ལུས་ལ་སོགས་པ་གཟིར་བར་བྱ་བའི་ཕྱིར་རྡོ་རྗེ་མི་ཕྱེད་པའི་ཕུར་བུའི་
སྔགས་འདི་ཉིད་ཀྱིས་སྐུ་ལ་སོགས་པ་ལས་ཕྱུང་ངོ་། །ཨོཾ་ཞེས་བྱ་བ་ལ་སོགས་པ་ནི་སྔགས་ཏེ། མིང་མཐའ་མེད་ཅེས་བྱའོ། །གྷ་གྷ་ཞེས་པ་ནི་གྷ་ཏ་ཀ་སྟེ། གསོད་བྱེད་ཅེས་བོད་པའོ། །གྷ་ཏ་ཡ་སརྦ་དུཥྚན་ཞེས་པ་ནི་མ་རུངས་པ་ཐམས་ཅད་ཆོམས་ཤིག་ཅེས་སྦོད་པའོ། །ཕཊ་ཕཊ་ཅེས་
པ་ནི་དེ་གསལ་བར་བྱེད་པའི་ས་བོན་ནོ། །ཀཱི་ལ་ཡ་ཀཱི་ལ་ཡ་ཞེས་པ་ནི། ཕུར་བུས་བཏབ་པ་ལ་མི་འགུལ་བར་གྱིས་ཤིག་པའོ། །སརྦ་པཱ་བཾ་ཞེས་པ་ནི་སྡིག་པའི་བསམ་པ་ཅན་ཐམས་ཅད་དོ། །ཕཊ་ཅེས་པ་ནི་དགས་པའོ། །ཧཱུཾ་ཧཱུཾ་ཧཱུཾ་ཞེས་པ་ནི་དེ་ཁོ་ན་ཉིད་བསྐུལ་བའོ། །བཛྲ་ཀཱི་ལ་ཡ་

ཞེས་བྱ་བ་ནི་བྱ་བ་ལ་བོད་པའོ། །བཛྲ་དྷ་ར་ཨཱཛྙཱ་པ་ཡ་ཏི་ཞེས་པ་ནི། རྡོ་རྗེ་འཆང་གི་བཀའ་ཉོན་ཅིག་པ་སྟེ། བདག་ཉིད་རྡོ་རྗེ་འཆང་ཉིད་དུ་བྱིན་གྱིས་བརླབས་ལ་བསྒོ་བའོ། །ཀཱ་ཡ་བཱཀ་ཙིཏྟ་བཛྲ་ཞེས་པ་ནི་ལུས་ངག་ཡིད་རྡོ་རྗེ་སྟེ། འདིར་ནི་གདུག་པ་རྣམས་ལ་བྱ་བར་
དགོངས་སོ། །ཧཱུཾ་ཧཱུཾ་ཕཊ་ཕཊ་ཞེས་པ་ནི་གཞན་ཡང་བསྐུལ་བའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། ཕུར་བུའི་སྔགས་འདི་གསུངས་ཤིང་ངེས་པར་ཕྱུང་མ་ཐག་ཏུའོ། །སྒྲུབ་པར་དཀའ་བས་ན་སངས་རྒྱས་སོ། །མཐུ་ཆེན་པོ་དང་ལྡན་པས་ན་རྫུ་འཕྲུལ་ཆེན་པོ་སྟེ། བརྒྱ་བྱིན་ལ་སོགས་པ་ཐམས་
ཅད་དོ། །སྔགས་ཀྱིས་རིག་པས་དང་པོ་བརྒྱལ་བར་གྱུར་ལ། དེའི་འོག་ཏུ་དྲན་པ་རྙེད་ནས་སྐྲག་པར་གྱུར་པས་ན་འཇིགས་པར་གྱུར་པའོ། །ནམ་མཁའ་རྡོ་རྗེའི་ཐུགས་ནི་རྡོ་རྗེ་འཆང་ཆེན་པོ་སྟེ། དེ་དྲན་པར་གྱུར་པ་ནི་དེ་ལ་སྐྱབས་སུ་སོང་བའོ། །མི་རུས་ཞེས་བྱ་བ་ལ་སོགས་པས་ནི་འདིར་
ཆོ་ག་གསུངས་པ་སྟེ། མངོན་སྤྱོད་ཀྱི་རྫས་རྣམས་ལས་བསྒྲུབ་པར་བྱ་བའི་གཟུགས་བརྙན་བྱས་ནས། དུར་ཁྲོད་ཀྱི་རས་ལ་དུག་ལ་སོགས་པས་མིང་དང་སྤེལ་བའི་སྔགས་བྲིས་ལ། གཟུགས་བརྙན་གྱི་སྙིང་གར་བཅུག་ནས་མི་རུས་སམ། སེང་ལྡེང་གི་སྙིང་པོ་ལ་སོགས་པ་གང་ཡང་
རུང་བའི་ཕུར་བུ་སྟེ། ཁྲོ་བོའི་གཟུགས་ཅན་ལ་འོག་མདུང་རྩེ་གཅིག་པར་བྱས་ལ། གསང་སྔགས་འདོན་ཅིང་སྤྱི་བོ་ནས་བརྩམས་ཏེ། རྐང་པའི་མཐིལ་གྱི་བར་དུ་རྡོ་རྗེ་ཐོ་བས་བརྡུངས་ན། འདིས་ནི་གདུག་པ་རྣམས་ཀྱི་ལུས་དང་ངག་དང་ཡིད་རྣམ་པར་འཇིག་པར་འགྱུར་རོ། །བསམ་གཏན་གྱི་
ཕུར་བུ་གདབ་པའི་ཆོ་ག་བསྟན་པར་བྱ་བའི་ཕྱིར། འོད་འཕྲོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྒྲུབ་པའི་ཐབས་ལས་བྱུང་བའི་ཚུལ་གྱིས། བྱང་ཆུབ་ཀྱི་སེམས་རྡོ་རྗེའི་སྦྱོར་བ་དང་ལྡན་པས་མི་བསྐྱོད་པ་དབྱུང་ཞིང་རྗེས་སུ་ཞུགས་པས། འོད་འཕྲོ་འཁྲུག་ཅིང་མདངས་བཟང་བའི། །ཞེས་
བྱ་བ་སྟེ། ཞལ་ཅུང་ཟད་མཆེ་བ་གཙིགས་པ། འོད་ཀྱི་དཀྱིལ་འཁོར་དམར་པོའི་དབུས་སུ་ཆུད་པར་བདག་ཉིད་བསྒོམས་ལ། ཁྲོ་བོ་བཅུ་ཕྱུང་སྟེ། ཕྱོགས་དང་མཚམས་རྣམས་སུ་གཞག་ནས། རྡོ་རྗེ་སྐུ་ནི་གསུམ་གྱི་མཐར། །ཞེས་བྱ་བ་སྐུ་གསུམ་གྱི་བདག་ཉིད་ཅན་གྱི་གཟུགས་བརྙན་

གནོད་མཛེས་ཀྱི་གཟུགས་སུ་བསྒོམས་ལ། བཤད་མ་ཐག་པའི་ཕུར་བུའི་ཆོ་ག་བསམ་གཏན་གྱིས་སྦྱར་བར་བྱའོ། །མི་བསྐྱོད་པའི་གཟུགས་འབའ་ཞིག་ཏུ་ཟད་པའི་ཕྱིར། རྣམ་པར་སྣང་མཛད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། རྣམ་པར་སྣང་མཛད་ལ་སོགས་པར་བསྒོམས་པས་
ཀྱང་ཕུར་བུའི་ཆོ་ག་འདི་བྱའོ་ཞེས་བྱ་བ་ནི་མདོའི་དོན་ཏོ། །རྡོ་རྗེ་བདུད་རྩི་ཞེས་བྱ་བ་ལ་སོགས་པ་ལ། བསམ་གཏན་གྱིས་བསམ་གཏན་གྱི་ཆོ་གའི་ཕུར་བུས་གདབ་པ་སྟོན་ཏེ། རྡོ་རྗེའི་བདུད་རྩི་འཁྱིལ་བ་ཡིས། །ཞེས་བྱ་བ་ནི། བདུད་རྩི་འཁྱིལ་བའི་ཕུར་བུའི་གཟུགས་སུ་གྱུར་པས།
གདུག་ཅིང་ཁྲོ་བ་ཚར་བཅད་ལ། །ཞེས་བྱ་བ་སྟེ། གདུག་པ་རྣམས་ཀྱི་ཁྲོ་བ་ཚར་གཅོད་པ་སྟེ། བརྩེ་བ་མེད་པར་གཞོམ་པར་བྱའོ། །རྡོ་རྗེའི་སྦྱོར་བ་བྱ་བ་ཡིན། །ཞེས་བྱ་བ་ནི། མི་བསྐྱོད་པའི་སྦྱོར་བས་སོ། །སངས་རྒྱས་ཀྱིའང་སྟེ། རྣམ་པར་སྣང་མཛད་དང་། འོད་དཔག་
ཏུ་མེད་པའི་རྣལ་འབྱོར་པའི་ཡང་ཆོ་ག་འདི་ཉིད་དོ། །བདག་ཉིད་ཆེན་པོ་སྟེ། གཤིན་རྗེ་གཤེད་ཀྱི་ཡང་ཆོ་ག་འདི་ཉིད་དོ། །ཕུར་བུའི་གནས་བརྟན་པར་བྱ་བའི་ཕྱིར། སྙིང་ག་ནས་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བདུད་རྩི་ཐབ་སྦྱོར་སྙིང་ག་ནས་བཟུང་སྟེ། རྐང་མཐིལ་གྱི་བར་དུ་
ཕུར་བུའི་གཟུགས་སུ་བསམས་ལ། ཕུར་བུ་དེ་ཉིད་ལྟེ་བ་ནས་གོང་བུའང་དམ་ཚིག་སྟེ། བདུད་རྩི་ཐབ་སྦྱོར་གྱི་གཟུགས་སུ་བསམ་པར་བྱའོ། །འདི་ནི་ཕུར་བུའི་རྣམ་འཕྲུལ་ཡིན། །ཞེས་བྱ་བ་ལ། ཕུར་བུའི་དབྱིབས་ངེས་པར་བརྟག་པ་སྔར་བཤད་མ་ཐག་པ་འདི་དང་།
བསམ་གཏན་གྱི་རྡོ་རྗེའི་སྦྱོར་བ་ཡིས། སངས་རྒྱས་དག་ཀྱང་སྟེ། ཕུར་བུའི་ཆོ་ག་ཤེས་པའི་སྒྲུབ་པ་པོས། ངེས་པར་ཕུར་བུས་འདེབས་ཤིང་མི་འགྱུར་བར་བྱེད་དོ། །རྡོ་རྗེ་སེམས་དཔའ་རྒྱལ་པོ་ཆེ། །ཕུར་བུས་བཏབ་ན་མྱུར་དུ་འཆི། །ཞེས་བྱ་བ་ནི་སྒྲུབ་པ་པོ་སྟེ། བརྩོན་འགྲུས་བརྟན་
པས་ན་རྡོ་རྗེ་སེམས་དཔའོ། །ཁམས་གསུམ་གྱི་ཆོས་ཀྱི་རྒྱལ་པོའི་དབང་བསྐུར་བས་ན་རྒྱལ་པོ་ཆེན་པོ་སྟེ། དེས་གལ་ཏེ་འདི་ལྟ་བུའི་ཆོ་གས་ཕུར་བུས་འདེབས་ན། དེའི་ཚེ་བསྒྲུབ་པར་བྱ་བ་མྱུར་ཞིང་རིངས་པར་འཆི་བར་འགྱུར་རོ། །རྡོ་རྗེ་དང་པདྨ་མཉམ་པར་སྦྱོར་བས་

ཀྱང་ཕུར་བུའི་ཆོ་ག་བསྟན་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བཅོམ་ལྡན་འདས་ནི་རྡོ་རྗེ་འཆང་ཆེན་པོའོ། །རྣམ་པར་སྣང་མཛད་ཆེན་པོའི་ངོ་བོ་ཉིད་དོ། །སྐུ་ནི་རྣམ་པར་སྣང་མཛད་ཆེན་པོའི་སྐུ་ཉིད་དོ། །བསྒྲུབ་པར་བྱ་བའི་ལུས་སོ། །འདིར་
རྣམ་པར་འཕྲུལ་ཞིང་ཕུར་བུའི་གནས་སུ་རྣམ་པར་རོལ་པའི་ཏིང་ངེ་འཛིན་གང་ཡིན་པ་དེ་ལ་སྙོམས་པར་ཞུགས་པའོ། །སྐུའི་དམ་ཚིག་ནི་སྐུའི་སྟོབས་སོ། །དེའི་ཚམ་ངམ་གྱི་གནོན་པ་ནི་ཚར་གཅོད་པ་སྟེ། རྡོ་རྗེ་ཕུར་བུའི་སྔགས་འདི་ཉིད་ཀྱིས་སྐུ་ལ་སོགས་པ་ལས་ཕྱུང་ངོ་། །ཨོཾ་ཞེས་བྱ་བ་
ལ་སོགས་པ་ནི་སྔགས་ཏེ། མིང་མཐའ་མེད་ཅེས་བྱའོ། །ཚིནྡ་ཚིནྡ་ཞེས་བྱ་བ་ནི་བསྒྲུབ་པར་བྱ་བའི་ལུས་ཆོད་ཅིག་པའོ། །ཧ་ན་ཧ་ན་ཞེས་བྱ་བ་ནི་དེའི་ལུས་ཀྱི་སྟོབས་ཆོམས་ཤིག་པའོ། །ད་ཧ་ད་ཧ་ཞེས་པ་ནི་ལུས་སྲེགས་ཤིག་པའོ། །དཱིཔྟ་བཛྲ་ཙཀྲ་ཞེས་བྱ་བ་ནི་རྡོ་རྗེ་དང་འཁོར་
ལོ་འབར་བ་ཅན་གང་ཡིན་པ་ལ། འབར་བའི་རྡོ་རྗེ་འཁོར་ལོ་ཅན། །ཞེས་བོད་པའོ། །ཧཱུཾ་ཕཊ་ཅེས་པ་ནི་བསྐུལ་བའོ། །ཕན་ཚུན་ཞེས་བྱ་བ་ལ་སོགས་པས་ནི། ཕུར་བུ་གདབ་པའི་སྦྱོར་བ་གསུངས་པ་ཡིན་ཏེ། མི་བསྐྱོད་པའི་སྦྱོར་བ་དང་ལྡན་པས་མཱ་མ་ཀཱི་མདུན་དུ་གཞག་སྟེ། ཕན་ཚུན་
དཀྲི་བའི་ཚུལ་གྱིས་འཁྱུད་པ་ལ་སོགས་པ་དེ་དག་བྱས་ལ། མཐེ་བོ་གཞན་ནི་རབ་ཏུ་བསྡམ། །ཞེས་བྱ་བ་ལ། མཐེ་བོ་ནི་རང་གི་རྡོ་རྗེའོ། །གཞན་ཕྱག་རྒྱའི་གསང་བ་སྟེ། དགའ་བའི་གནས་ཡིན་པའི་ཕྱིར་རོ། །བསྡམ་པ་ནི་གཉིས་འདུས་ནས་གཅིག་ཏུ་བྱས་པའོ། །ཇི་ལྟར་ཞེ་ན།
རྣམ་པར་སྣང་མཛད་ཚུལ་གནས་ཏེ། །ཞེས་བྱ་བ་སྟེ། རྣམ་པར་སྣང་མཛད་ཀྱི་ཚུལ་ནི་བསྒྲུབ་པར་བྱ་བའི་ལུས་སོ། །དེ་གང་གིས་མནན་ཅིང་ཕུར་བུས་བཏབ་པ་དེ་ནི། རྣམ་པར་སྣང་མཛད་ཚུལ་གནས་པ་སྟེ། འདི་ནི་མཐེ་བོ་གཉིས་ཀྱི་བར་དུ་བསྡམ་པའི་ཁྱད་པར་ཏེ། སྔགས་འདི་བཟླས་
བརྗོད་བྱེད་ཅིང་བྱའོ། །བཏབ་མ་ཐག་ཏུ་ཞེས་བྱ་བ་ནི། བསྒྲུབ་པར་བྱ་བའི་ལུས་ལ་རྡོ་རྗེས་བསྣུན་པ་ཙམ་གྱིས་སོ། །སེམས་དཔའ་ཆེ་ནི་སྟོབས་ཆེན་པོ་དང་ལྡན་པར་གྱུར་པ་ཡང་ངོ་། །རྡོ་རྗེ་སྐུ་གསུམ་ལས་བྱུང་བ། །ཞེས་བྱ་བ་ནི་བདག་ཉིད་དོ། །དམ་ཚིག་མཆོག་གིས་ལྡང་བར་

འགྱུར། །ཞེས་བྱ་བ་ནི་གནས་ལས་སྐྲོད་པར་འགྱུར་བའམ། ཡང་ན་འཆི་བའི་གནས་སུ་འགྱུར་རོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། འཇིག་རྟེན་དབང་ཕྱུག་གི་ངོ་བོ་ཉིད་ཀྱི་གསུང་ནི་འཇིག་རྟེན་དབང་ཕྱུག་གསུང་སྟེ་བསྒྲུབ་པར་བྱ་བའི་ཚིག་གོ། །དེའི་ཕུར་བུས་གདབ་པའི་རྣམ་པར་འཕྲུལ་
པའི་ཏིང་ངེ་འཛིན་གང་ཡིན་པ་དེ་ལ་སྙོམས་པར་ཞུགས་པའོ། །གསུང་ནི་བསྒྲུབ་པར་བྱ་བའི་ཚིག་གོ། །དེའི་དམ་ཚིག་ནི་སྟོབས་སོ། །དེ་གནོན་པ་ནི་རེངས་པར་བྱ་བའོ། །རྡོ་རྗེ་ནི་མི་ཕྱེད་པ་སྟེ་ཕུར་བུ་གདབ་པའི་སྔགས་ཕྱུང་བའོ། །ཨོཾ་ཞེས་བྱ་བ་ལ་སོགས་པ་ནི་སྔགས་ཏེ། མིང་མཐའ་
མེད་ཅེས་བྱའོ། །ཧྲི་ཞེས་བྱ་བ་ནི་བསྒྲུབ་པར་བྱ་བའི་ངག་དགུག་པའི་ས་བོན་ནོ། །བྷུར་བྷུ་བ་ཞེས་བྱ་བ་ནི་བོད་པའོ། །ཡེ་ཤེས་པདྨོ་ཁ་བྱེ་བ། །ཞེས་བྱ་བ་ནི། ཡེ་ཤེས་གསུམ་འབྱུང་བའི་པདྨ་ནི་ཡེ་ཤེས་པདྨོ་སྟེ། ཡེ་ཤེས་པདྨ་དེ་ཁ་བྱེ་བའི་ལྷ་མོའི་བྷ་གའོ། །རྡོ་རྗེ་སོར་མོ་ངེས་པར་
གཞག །ཅེས་བྱ་བ་ལ། རྡོ་རྗེ་ཉིད་སོར་མོ་ཡིན་པས་ན་རྡོ་རྗེ་སོར་མོའོ། །དེས་ངེས་པར་གཞག་པ་ནི་དེའི་རབ་ཏུ་འཇུག་པའོ། །འདོད་ཆགས་རྡོ་རྗེའི་ཚུལ་གནས་ཏེ། །ཞེས་བྱ་བ་ལ། འདོད་ཆགས་རྡོ་རྗེ་ནི་བསྒྲུབ་པར་བྱ་བའི་ཚིག་གི་རྒྱུན་ནོ། །དེའི་གནས་ཏེ་རྡོ་རྗེ་རྩེ་མོས་ཇི་ལྟ་བ་
བཞིན་དུ་མནན་པར་གྱུར་པ་དེ་ལྟ་བུར་རྡོ་རྗེའི་ཕུར་བུ་འདི་ངེས་པར་འདེབས་པའོ། །བཏབ་མ་ཐག་ཏུ་ཞེས་བྱ་བ་ནི། ཆོས་འབྱུང་བའི་ནང་དུ་ཆུད་པར་བསྒོམས་པའི་བསྒྲུབ་པར་བྱ་བའི་ལྕེའི་རྩེ་མོ་ལ་རེག་པ་ཙམ་གྱིས་སོ། །རྡོ་རྗེ་ཆེ་ཞེས་བྱ་བ་ནི་འོད་དཔག་མེད་ཀྱི་རང་བཞིན་གྱི་བསྒྲུབ་པར་
བྱ་བའི་ངག་གི་སྤྲོས་པའོ། །སྐུ་གསུམ་དྲི་མེད་ལས་བྱུང་བ། །ཞེས་བྱ་བ་ནི། ནམ་མཁའ་ལས་བྱུང་བའོ། །བཏབ་པ་ཙམ་གྱིས་ཞེས་བྱ་བ་ནི་བཤད་མ་ཐག་པའི་སྦྱོར་བའི་ཁྱད་པར་གྱིས་སོ། །ལྡང་བར་འགྱུར་ཞེས་བྱ་བ་ནི་བསྒྲུབ་པར་བྱ་བའི་ལྕེ་ལ་སོགས་པ་གནོན་པར་འགྱུར་
བའམ། ཡང་ན་བསྒྲུབ་པར་བྱ་བ་འཆི་བར་འགྱུར་རོ། །དེ་ནས་ཞེས་བྱ་བ་ལ་སོགས་པས་ནི། ཐུགས་ཀྱི་ཕུར་བུས་གདབ་པའི་ཆོ་ག་གསུངས་པ་ཡིན་ཏེ། བསྒྲུབ་པར་བྱ་བའི་སེམས་ལ་ཕུར་བུའི་རྣམ་པར་འཕྲུལ་པ་གང་ཡིན་པའི་ཏིང་ངེ་འཛིན་དེ་ལ་སྙོམས་པར་ཞུགས་པའོ། །

ཐུགས་ཀྱི་དམ་ཚིག་ནི་སེམས་ཀྱི་སྤྲོ་བའོ། །དེའི་ཚམ་ངམ་ནི་སེམས་ཀྱི་སྤྲོ་བ་གཞོམ་པར་བྱ་བའི་ཕྱིར་ཕུར་བུ་གདབ་པའི་སྔགས་གསུངས་པར་གྱུར་པའོ། །ཨོཾ་བཛྲ་རཱ་ཛ་ཞེས་བྱ་བ་ནི་ཀྱེ་རྡོ་རྗེ་རྒྱལ་པོ་ཞེས་བྱ་བའི་དོན་ཏོ། །ཧཱུཾ་ཞེས་བྱ་བ་ནི་བསྒྲུབ་པར་བྱ་བའི་སྙིང་ལ་བཞུད་
ཅིག་ཅེས་བྱ་བ་སྟེ། དེ་ནི་སྔགས་ཀྱི་དོན་ཏོ། །རྩེ་མོ་ལྔ་པར་ཞེས་བྱ་བ་ལ་སོགས་པ་ལ། རྩེ་མོ་ལྔ་པའི་རང་བཞིན་ཅན་གྱི་མེའི་འོད་འཕྲོ་བས་འཁྲིགས་པའི་རང་གི་རྡོ་རྗེ་བསྒོམ་པར་བྱ་བའོ། །ཇི་ལྟ་ཞེ་ན། རྡོ་རྗེ་ཐུགས་ཀྱི་ཞེས་བྱ་བ་སྟེ་སེམས་སོ། །དེའི་གནས་ནི་སྙིང་གའི་པདྨ་ཞེས་
བྱ་བ་འདི་ཇི་ལྟར་གནོན་པར་འགྱུར་བ་དེ་ལྟར་བྱ་བ་སྟེ། འདི་ནི་རྡོ་རྗེ་ཕུར་བུ་ངེས་པར་གདབ་པའོ། །བཏབ་པ་ཙམ་གྱིས་ཞེས་བྱ་བ་ལ་སོགས་པ་ལ། རང་གི་ཕྱག་རྒྱའི་ཆོས་འབྱུང་བའི་ནང་དུ་ཆུད་པའི་མེའི་དཀྱིལ་འཁོར་ལ། གནས་པའི་བསྒྲུབ་པར་བྱ་བའི་སྙིང་གི་པདྨ་ལ་འབར་བར་གྱུར་པའི་
རང་གི་རྡོ་རྗེས་བཏབ་ཅིང་། བརྡུངས་པ་ཙམ་གྱིས་རྡོ་རྗེ་ཆེན་པོ་སྟེ། བསྒྲུབ་པར་སེམས་རྡོ་རྗེ་དྲི་མེད་དེ། འོད་གསལ་བ་དེའི་ངོ་བོ་ཉིད་ཀྱི་སེམས་སོ། །བཏབ་མ་ཐག་ཏུ་ཞེས་བྱ་བ་ནི་སྦྱོར་བའི་ཁྱད་པར་གྱིས་སོ། །ལྡང་བར་འགྱུར་བ་ནི་སྙིང་ལས་ངེས་པར་འབྱུང་བ་སྟེ། གལ་ཏེ་བསྒྲུབ་
པར་བྱ་བ་དེ་ལྟ་བུར་མི་འགྱུར་བ་དེའི་ཚེ་ལྡང་བར་འགྱུར་རོ། །བཅོམ་ལྡན་འདས་རྡོ་རྗེ་ཕུར་བུ་ཆེན་པོས་དེ་སྐད་ཅེས་བཀའ་སྩལ་ཏོ་ཞེས་པ་ནི། སྡུད་པར་བྱེད་པའི་ཚིག་གོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། སངས་རྒྱས་ནི་རྫོགས་པའི་རིམ་པ་ལ་གནས་པའི་བྱང་ཆུབ་སེམས་
དཔའ་སེམས་དཔའ་ཆེན་པོ་རྣམས་སོ། །ཇི་ལྟ་བུ་ཞེ་ན། སྐུ་གསུམ་མཆོག་སྟེ། སངས་རྒྱས་ཀྱི་ཐེག་པ་གསར་ལ་གནས་པའི་ལས་དང་པོ་པ་རྣམས་ནི་སྐུ་གསུམ་སྟེ། དེ་རྣམས་ཀྱི་མཆོག་གོ། །སེམས་ཅན་ཁམས་ལ་ཕན་མཛད་པ། །ཞེས་བྱ་བ་ནི། སེམས་ཅན་གྱི་དོན་བྱེད་པར་ནུས་
པའོ། །དེ་རྣམས་མཉེས་ཤིང་ཞེས་བྱ་བ་ནི་དེ་རྣམས་དང་པོར་ཐོས་པ་ཙམ་གྱིས་སོ། །རབ་ཏུ་དགྱེས་པར་གྱུར་ནས་ནི་དེའི་འོག་ཏུ་རྟོགས་ནས་ཤིན་ཏུ་མགུ་བ་ཐོབ་པར་གྱུར་ནས་སོ། །གསུང་ནི་འདི་སྐད་བཀའ་སྩལ་ཏོ། །ཞེས་བྱ་བ་ནི། རང་གི་རྗེས་སུ་མྱོང་བའི་གསུང་འོག་ནས་བཤད་

པའི་མཚན་ཉིད་ཅན་གྱི་ཚིག་འདི་སྐད་དུ་བཀའ་སྩལ་ཞིང་སྨྲས་པར་གྱུར་པའོ། །ཨེ་མའོ་ཞེས་བྱ་བ་ནི་ངོ་མཚར་དུ་གྱུར་པའོ། །གསང་བའི་གནས་ཞེས་བྱ་བ་སྔགས་ཀྱི་གནས་ཏེ། དེ་མཆོག་ཏུ་གྱུར་པའོ། །སྙིང་པོ་ཀུན་བཏུས་པ་ཞེས་བྱ་བ་ནི་སྔགས་རྣམས་ཀྱིས་རབ་ཏུ་སྦྱོར་བའི་བྱེ་བྲག་གོ། །
ཆོས་ཀྱི་གནས་ཞི་བ་ཞེས་བྱ་བ་ནི། རབ་ཏུ་སྦྱོར་བ་དེ་ཉིད་བསམ་གཏན་གྱིས་རྫོགས་པར་བྱས་པའོ། །རྡོ་རྗེ་རྣམ་པར་འཇོམས་ཞེས་བྱ་བ་ནི་གདུག་པ་རྣམས་ཚར་གཅོད་པའོ། །ཕུར་འདེབས་སངས་རྒྱས་ཐམས་ཅད་དང་སྟེ། ལས་ཀྱི་ཚོགས་ལ་ནུས་པ་དང་ལྡན་པའི་ཕུར་བུས་འདེབས་པ་དེ་
ཡང་ངོ་མཚར་ཆེ་བའོ། །བྱང་ཆུབ་སེམས་དཔའ་ནི་སྐྱེ་བོ་ཐ་མལ་པ་རྣམས་སོ། །གྲགས་ཆེན་དེ་ནི་ཕྱོགས་སྐྱོང་བ་རྣམས་ཏེ། དེ་རྣམས་ཀྱི་ཕུར་བུས་གནོན་པ་དེ་ཡང་ངོ་མཚར་ཆེའོ། །སྐུ་ལ་སོགས་པའི་ཕུར་བུས་གནོན་པ་བསམ་གཏན་གྱིས་སོ་སོར་གསུངས་པ་དེ་ཡང་། ངོ་མཚར་ཆེ་
བའོ་ཞེས་རིན་པོ་ཆེ་ལྟ་བུའི་གང་ཟག་གིར་བཤད་པ་ཡིན་ནོ། །གང་བཤད་མ་ཐག་པ་འདི་ནི་སྔགས་རྣམས་ཐམས་ཅད་ཀྱི་སྟེ། སྒྲུབ་པ་པོ་རྣམ་པ་གཉིས་དང་ཉེ་བར་འཚམ་པའོ། །ཕུར་གདབ་ནི་ཕུར་བུས་གདབ་པ་སྟེ། མི་གཡོ་བར་བྱས་པའོ། །དེ་ཉིད་ལས་བྱུང་བ་ནི་རྡོ་རྗེ་
འཆང་ཆེན་པོས་རབ་ཏུ་བསྟན་པའོ། །སྐུ་གསུང་ཐུགས་ནི་སྒྲུབ་པ་པོ་རྣམས་ཏེ། དེ་རྣམས་ཀྱི་མཆོག་སྦྱིན་པ་ནི་འདོད་པའི་དོན་སྟེར་བའོ། །སྔགས་ཀྱི་དེ་ཉིད་དོན་བསྡུས་པའོ། །ཞེས་བྱ་བ་ལ་སྔགས་ནི་སྦྲུལ་ཞེས་བྱ་བ་ལ་སོགས་པ། དེ་རྣམས་ཀྱི་དོན་ཁོ་ན་ཉིད་ནི་དོན་ལ་སོགས་པ་ཡོངས་
སུ་ཤེས་པའོ། །བསྡུས་པ་ནི་བཏུས་ནས་བསྟན་པའོ། །གསུངས་སོ་ཞེས་བྱ་བ་ནི་སྡུད་པར་བྱེད་པའི་ཚིག་སྟེ། སྒྲ་ཇི་བཞིན་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཉིད་རྨད་དུ་བྱུང་བ་སྟེ། སྐུ་དང་གསུང་དང་ཐུགས་གཅིག་ཏུ་གྱུར་པས་ཀྱང་།
རང་དང་གཞན་གྱི་ཆ་ལ་དམིགས་ནས་ཚར་གཅོད་པར་བྱེད་པའི་སྔགས་ཀྱི་སྟེ། ཨཱ་ལི་དང་ཀཱ་ལི་ལས་བྱུང་བའི་མཚན་མ་གསུམ་གྱི་ངོ་བོ་ཉིད་ཀྱི་ཡི་གེ་གསུམ་ལ། རབ་ཏུ་འཇུག་པས་དེ་འགུགས་ཤིང་དེས་རྣམ་པར་སྤྲུལ་ལ་ཡོངས་སུ་རོལ་པས་ཞི་བ་ལ་སོགས་པའི་ལས་ཀྱི་ཚོགས་

རྣམས་བསྒྲུབས་ལ། དེ་ཉིད་ཀྱིས་རྒྱལ་པོར་གྱུར་ཅིང་འབར་བར་གྱུར་ཞེས་བྱ་བའི་དོན་གྱིས་ན། སྐུ་དང་གསུང་དང་ཐུགས་རྨད་དུ་བྱུང་བའི་སྔགས་ཀྱིས་འགུགས་པའི་རྣམ་པར་སྤྲུལ་པའི་རྒྱལ་པོ་ཞེས་བྱ་བའི་ཏིང་ངེ་འཛིན་ཏེ། དེ་སྟོན་པའི་སྒྲའི་ཚོགས་ལ་ཡང་དེ་སྐད་ཅེས་བྱ་སྟེ།
དགོངས་པས་བཤད་པའོ། །སྒྲོན་མ་གསལ་བར་བྱེད་པ་ཞེས་བྱ་བའི་རྒྱ་ཆེར་བཤད་པ་ལས། ལེའུ་བཅུ་བཞི་པ་མཐའ་དྲུག་གིས་བཤད་པའོ།། །།བཤད་པ་དང་མ་བཤད་པའི་ཞི་བ་ལ་སོགས་པའི་ལས་རྣམས་ཀྱི་དངོས་གྲུབ་ནི། སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ཡོངས་སུ་ཤེས་པ་དང་
བྲལ་བས་འགྲུབ་པར་མི་འགྱུར་རོ་ཞེས་བསྟན་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་ལེའུ་བཅོ་ལྔ་པ་གསུངས་ཏེ། རྒྱལ་པོ་རྡོ་རྗེ་འཛིན་ཞེས་བྱ་བ་ནི། རྡོ་རྗེ་འཛིན་པ་ཆེན་པོའོ། །ཐམས་ཅད་ནམ་མཁའ་ནི་སྟོང་པ་ཉིད་བཞིའི་བདག་ཉིད་ཅན་ནོ། །མི་འགྱུར་ཆེ་ནི་རྣམ་པར་མི་འཇིག་པའོ། །
ཐམས་ཅད་དབང་བསྐུར་བ་ནི་དབང་བསྐུར་བ་ཐམས་ཅད་ཀྱིས་ཀྱང་དབང་བསྐུར་བའོ། །ཀུན་མཁྱེན་ནི་རིགས་ཐམས་ཅད་ཀྱི་བདག་ཉིད་ཅན་དུ་གྱུར་པས་སོ། །རྡོ་རྗེ་གསུམ་ནི་མི་ཕྱེད་པའི་གསུང་ངོ་། །བཀའ་སྩལ་པ་ནི་གསུངས་པར་གྱུར་པ་སྟེ། དགོངས་པ་མ་ཡིན་པས་བཤད་པའོ། །སྤྲོས་
པ་མེད་པའི་སྤྱོད་པ་བསྟན་པར་བྱ་བའི་ཕྱིར། སྨེ་ཤ་ཅན་གྱི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྨེ་ཤ་ཅན་གྱི་བུ་མོ་ནི་རིགས་ངན་གྱི་བུ་མོའོ། །དད་པ་ལ་སོགས་པའི་ཡོན་ཏན་དང་ལྡན་པས་ན་བདག་ཉིད་ཆེའོ། །བུ་མོ་ལོ་གྲངས་བཅུ་གཉིས་པ་ནི་ལོ་བཅུ་གཉིས་ལོན་པའི་ན་ཚོད་དོ། །དབེན་
པའི་གནས་སུ་ཁྱད་པར་དུ། །ཞེས་བྱ་བ་ནི། སྐྱེ་བོ་འདུས་པ་དང་ཤིན་ཏུ་བྲལ་བས་དབེན་པའི་གནས་དག་ཏུ་བསླབ་པར་བྱའོ། །སྒྲུབ་པ་པོས་ནི་ཞེས་བྱ་བ་ནི་རྒྱུད་དང་སྔགས་ལེགས་པར་སློབ་ཏུ་གཞུག་པའོ། །རྟག་ཏུ་ཞེས་བྱ་བ་ནི། དུས་ཐམས་ཅད་དུ་ལེགས་པར་བསླབས་པ་སྟེ། བརྗེད་ངས་པའི་
འཇིགས་པ་ཡོད་པའི་ཕྱིར་རོ། །བསྒྲུབ་ཅེས་བྱ་བ་ནི། སྔགས་དང་རྒྱུད་ལ་ལེགས་པར་བྱང་བར་བསླབས་པའོ། །གནས་ཡོངས་སུ་སྦྱང་བ་བསྟན་པར་བྱ་བའི་ཕྱིར། བཤང་གཅི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བཤང་བ་ནི་བ་སེར་སྐྱའི་ལྕི་བའོ། །གཅི་བ་ཞེས་བྱ་བ་ནི་བའི་གཅིན་ནོ། །

དེ་ཉིད་བསྒྲུབ་པའི་ཡན་ལག་ཉིད་དུ་ཡང་དག་པར་གྱུར་པས་ན། དམ་ཚིག་སྟེ་དེ་ལ་སོགས་པ་གང་ཡིན་པ་ནི། བཤང་གཅི་དམ་ཚིག་ལ་སོགས་པ། །ཞེས་བྱ་སྟེ། སོགས་པའི་སྒྲས་ནི་ཙནྡན་ལ་སོགས་པ་ཡང་ཡོངས་སུ་གཟུང་ངོ་། །དེ་རུ་ཆོ་ག་བཞིན་དུ་ནི། །ཞེས་བྱ་བ་ནི། འདིར་དཀྱིལ་འཁོར་གྱི་
ཆོ་ག་སྟེ། དེའི་ཆོ་གས་སོ། །དཀྱིལ་འཁོར་གྲུ་བཞི་ལྷམ་པར་བྱ། །ཞེས་བྱ་བ་ནི། གྲུ་བཞི་ཞེས་བྱ་བའི་ཉེ་བར་མཚོན་པས་སྒོ་བཞི་ལ་སོགས་པ་དང་ཡང་དག་པར་ལྡན་པ་ཡིན་པར་གཟུང་བར་བྱའོ། །ཇི་ལྟ་ཞེ་ན། རྡོ་རྗེ་དཀྱིལ་འཁོར་བསྒོམ་པ་ཡིས། །ཞེས་བྱ་བ་སྟེ། རྡོ་རྗེའི་དཀྱིལ་འཁོར་ནི་
མི་བསྐྱོད་པའི་དཀྱིལ་འཁོར་རོ། །དེ་བསྒོམ་ཞིང་གསལ་བར་བྱེད་པས་ན། རྡོ་རྗེའི་དཀྱིལ་འཁོར་བསྒོམ་པ་ཡིས་ཏེ། དཀྱིལ་འཁོར་པའི་ལྷ་རྣམས་ཀྱི་གཟུགས་དེ་རྣམས་ཀྱིས་དཀྱིལ་འཁོར་བརྒྱན་པར་བྱའོ་ཞེས་བྱ་བར་དགོངས་སོ། །མཚན་ཉིད་ཐམས་ཅད་ནི་ཞབས་ལ་སོགས་པ་ནས།
དབུ་སྐྲའི་བར་གྱི་མཚན་མ་བཟང་པོ་གང་ཡིན་པ་སྟེ། དེས་ཡོངས་སུ་དག་ཅིང་ཉེ་བར་འབར་བའོ། །རབ་ཏུ་བཟང་བ་ནི་གཞན་རྣམས་ལ་མ་ཆགས་པའོ། །བཞིན་ཡང་མཛེས་ཞེས་བྱ་བ་ནི་སྒྲུབ་པ་པོ་ལ་ཉེ་བར་ལྟ་བའོ། །རྒྱན་རྣམས་ཐམས་ཅད་ནི་དགའ་བ་ལ་མཁས་པ་སྟེ། དེ་ཡོངས་སུ་
རྫོགས་པ་ནི་མ་ཚང་བ་མེད་པ་སྟེ། འདི་ལྟ་བུའི་སྨེ་ཤ་ཅན་གྱི་བུ་མོ་ལེགས་པར་བསླབས་པ། པང་པར་ཏེ། བདག་དང་ལྷན་ཅིག་ཏུ་དཀྱིལ་འཁོར་གྱི་དབུས་སུ་བཞག་ནས་རྣམ་པར་བསྒོམ་པ་སྟེ། མངོན་པར་འདོད་པའི་དོན་རྫོགས་པར་བྱའོ། །དཀྱིལ་འཁོར་ལྔ་ཡི་ཞེས་བྱ་བ་རིགས་
ལྔའིའོ། །འཁོར་ལོ་ཡིས་ཞེས་བྱ་བ་ནི་དེ་རྣམས་ཀྱི་འཁོར་རྣམས་ཀྱིས་སོ། །སངས་རྒྱས་གཟུགས་སུ་ཞེས་བྱ་བ་ནི། སྒྲུབ་པ་པོའི་ལུས་ཏེ། དེ་རྣམ་པར་སྒོམ་པ་ནི་བསྐྱེད་པའོ། །སྔགས་ཀྱི་འཁོར་ལོ་ཅན་གྱི་ཞེས་བྱ་བ་ནི་སྒྲུབ་པ་པོ་རྣམས་ཀྱི་གསང་བའི་མཆོད་པའི་གནས་ནི་ཉམས་དགའ་
ཞིང་། བླ་ན་མེད་པའི་མཆོད་པའི་བྱ་བ་འདི་དག་བསྒོམ་པར་བྱའོ། །དེ་ལྟར་སྒྲུབ་པ་པོ་སྐུ་གསུང་ཐུགས་ནི་རྡོ་རྗེ་ཅན་གྱི། བདག་ཉིད་རྣམ་པར་སྣང་མཛད་ཆེན་པོའི་སྐུར་དཀྱིལ་འཁོར་གྱི་དབུས་སུ་གནས་པར་བསམ་མོ། །ཇི་ལྟ་ཞེ་ན། བསམ་གཏན་སྔགས་ཀྱི་སྟེ་མི་བསྐྱོད་པ་ལ་སོགས་

པའོ། །དེ་རྣམས་ཀྱི་སྦྱོར་བ་ནི་ཇི་ལྟ་བ་བཞིན་དུ་གཞག་པའོ། །དེས་ནི་སངས་རྒྱས་ཀྱི་ནི་འོད་དང་འདྲ་བར་འགྱུར་བ་སྟེ། རྣམ་པར་སྣང་མཛད་དུ་གྱུར་པར་བསྒྲུབ་པར་བྱའོ། །བུ་མོ་ཨུཏྤལ་མཐིང་ཀའི་མདོག །ཅེས་བྱ་བའི་མཚན་ཉིད་ཐམས་ཅད་ཡོངས་སུ་དག །བཞིན་རབ་
མཛེས་པ་ཞེས་བྱ་བ་འདི་དང་། འོག་ནས་འབྱུང་བའི་མི་བསྐྱོད་པར་སྦྱར་ལ། བཙོ་བླག་མཁན་ཞེས་བྱ་བ་ལ་སོགས་པ་ལྷག་མ་རྣམས་ནི། བཤད་མ་ཐག་པའི་རྣམ་པར་སྣང་མཛད་ཀྱི་ཏིང་ངེ་འཛིན་དང་སྦྱར་བར་བྱ་སྟེ། གཙོ་བླག་མཁན་གྱི་བུ་མོ་མདོག་དཀར་བ་བསྒྲུབ་ཅིང་ལེགས་པར་བསླབ་པར་
བྱའོ། །རྡོ་རྗེ་སེམས་དཔའི་སྦྱོར་བ་ཡིས། །ཞེས་བྱ་བ་ནི། རྡོ་རྗེ་སེམས་དཔའི་ཏིང་ངེ་འཛིན་གྱིས་སོ། །སྦྱོར་བའི་ཆོ་ག་འདི་ཉིད་ནི། །ཞེས་བྱ་བ་ནི། རྡོ་རྗེ་སེམས་དཔའི་སྦྱོར་བ་དེ་ཉིད་ནི་ཆོ་ག་སྟེ། སྦྱོར་བ་དེ་ཉིད་བྱས་ནས་ལས་རྣམས་བརྩམ་པར་བྱ་ཞེས་བྱ་སྟེ། དེ་དང་ལྷན་ཅིག་ཇི་ལྟར་
འདོད་པའི་ལས་རྣམས་བྱ་བའོ། །འདི་ནི་ཞེས་བྱ་བ་ལ་སོགས་པ་ལ། སྔགས་རྣམས་ཐམས་ཅད་ཅེས་བྱ་བ་ནི། རིན་ཆེན་འབྱུང་ལྡན་དང་འོད་དཔག་ཏུ་མེད་པ་དང་དོན་ཡོད་པར་གྲུབ་པའིའོ། །དམ་ཚིག་ནི་སྒྲུབ་པའི་ཆོ་གའོ། །ཤིན་ཏུ་འདའ་དཀའ་བའོ་ཞེས་བྱ་བ་ནི། སྒྲུབ་པ་པོ་
དེས་འདའ་བར་བྱ་བ་མ་ཡིན་པའོ། །དེ་ནི་དེ་མ་ཐག་ཏུ་ཡང་། །ཞེས་བྱ་བ་ནི། བསྒོམས་པ་ཉིད་དུ། རྡོ་རྗེ་སེམས་དཔའི་འོད་འདྲར་འགྱུར། །ཞེས་བྱ་བ་ནི། རིན་ཆེན་དཔལ་དང་འདྲ་བར་འགྱུར་བ་སྟེ་དེའི་རྣལ་འབྱོར་དང་ལྡན་པའོ། །རྒྱལ་པོ་ཆོས་རྣམས་ཀུན་དང་མཚུངས། །ཞེས་བྱ་བ་ནི་
སྦྱོར་བ་དེ་དང་ལྡན་པས་ཆོས་ཐམས་ཅད་འཛིན་པའི་རྒྱལ་པོ་འོད་དཔག་ཏུ་མེད་པ་དང་མཚུངས་པར་འགྱུར་བའོ། །འདོད་དང་ཐར་པ་རབ་སྒྲུབ་པ། །ཞེས་བྱ་བ་ནི། ལས་ཀྱི་རིགས་ཀྱི་རྣལ་འབྱོར་པ་སྦྱོར་བ་དེ་དང་ལྡན་པས། འདོད་པ་དང་ཐར་པ་རབ་ཏུ་སྒྲུབ་པར་བྱེད་པ་དོན་ཡོད་པར་གྲུབ་
པ་དང་འདྲ་བར་འགྱུར་བའོ། །རྡོ་རྗེ་ཆོས་ནི་ཞེས་བྱ་བ་ལ་སོགས་པས་ནི། འོད་དཔག་ཏུ་མེད་པའི་རྣལ་འབྱོར་པའི་ཁྱད་པར་གྱི་ཆོ་ག་སྟོན་པ་ཡིན་ཏེ། རྡོ་རྗེ་ཆོས་ནི་རྣམ་བསྒོམ་པས། །ཞེས་བྱ་བ་ནི། འོད་དཔག་ཏུ་མེད་པའི་སྦྱོར་བས་སོ། །རབ་མཛེས་ཤིང་ཞེས་བྱ་བ་ནི་དམར་

སྐྱའོ། །བཞིན་བཟང་ནི་སྒྲུབ་པ་པོ་ལ་དགའ་བས་ལྟ་བའོ། །མིག་ནི་དཀྱུས་རིང་བ་ཞེས་བྱ་བ་ནི་ཤེས་རབ་དང་ལྡན་པའོ། །སྒྲུབ་པ་པོས་ནི་རྟག་ཏུ་བསྒྲུབ། །ཅེས་བྱ་བ་ནི་རྟག་ཏུ་བསླབ་པའོ། །དེ་ནི་ཞེས་བྱ་བ་ནི་དེ་ལྟར་ཞུགས་པའི་སྒྲུབ་པ་པོའོ། །རྡོ་རྗེ་ཆོས་ཀྱི་བདག་ཉིད་ཅན་ནི་འོད་
དཔག་ཏུ་མེད་པའི་ངོ་བོ་ཉིད་དེ། ས་བཅུ་ལ་གནས་པར་འགྱུར་བའོ། །རྒྱལ་པོ་གསུང་གི་དམ་ཚིག་འཛིན། །ཞེས་བྱ་བ་ནི། ངག་གི་དབང་ཕྱུག་སྟེ་དེ་འཛིན་པའོ། །མངའ་བདག་དམ་པ་ཀུན་གྱི་མཆོག །ཅེས་བྱ་བ་ནི། དབང་ཕྱུག་དམ་པ་དང་ལྡན་པའི་སེམས་ཅན་ཐམས་ཅད་ལས་
ཁྱད་པར་དུ་གྱུར་པའི་འཁོར་ལོས་སྒྱུར་བའི་རྒྱལ་པོར་འགྱུར་བ་སྟེ། རྟོག་པའི་རྣལ་འབྱོར་ཡིན་པའི་ཕྱིར་རོ། །དེ་ལྟར་རྟོག་པའི་རྣལ་འབྱོར་པ་རྣམས་ཀྱི་ཕྱག་རྒྱའི་དབྱེ་བ་རབ་ཏུ་བསྟན་ནས། རྫོགས་པའི་རིམ་པ་ལ་གནས་པ་རྣམས་ཀྱི་ཕྱག་རྒྱ་བསྟན་པར་བྱ་བའི་ཕྱིར། བྲམ་ཟེ་
ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རིགས་བཞི་པོ་རྣམས་ལས་གང་ཡང་རུང་བའི་བུ་མོ་བླངས་ནས་རྡོ་རྗེ་ཆོས་བདག་སྟེ། རྡོ་རྗེ་དང་འདྲ་བར་མི་ཕྱེད་པའི་ཆོས་རྣམས་ནི། རྫོགས་པའི་རྣལ་འབྱོར་ཏེ། དེའི་བདག་ཉིད་ནི་དེ་རྟོགས་པ་དང་ལྡན་པའོ། །འདི་ནི་གསང་བ་ཐོབ་བྱེད་
པའོ། །ཞེས་བྱ་བ་ལ། གསང་བ་ནི་རྡོ་རྗེ་འཆང་ཆེན་པོ་སྟེ། དེ་ཐོབ་པར་བྱེད་པ་ནི་དེ་སྐྱེད་པར་བྱེད་པ་སྒྲུབ་པར་བྱེད་པའོ། །དེ་ཡང་མངོན་པར་བྱང་ཆུབ་པའི་རིམ་པས་རྫོགས་པར་བྱ་སྟེ། དེའི་ཐབས་བསྟན་པར་བྱ་བའི་ཕྱིར། རྡོ་རྗེ་ཉི་མ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྡོ་རྗེ་ཉི་མ་
ནི་ཉི་མ་ཉིད་དོ། །ནུབ་ནས་ནི་ཞེས་བྱ་བ་ནི་དམར་ཐག་ཆད་ཅིང་འདས་པར་གྱུར་ཏེ། མེད་པ་ན་ཡོ་བྱད་ཅི་རྙེད་པས་བླ་མ་མཉེས་པར་བྱའོ། །དེ་ནས་བླ་མའི་དྲིན་གྱི་མཚན་ཕྱེད་ན་དབང་བསྐུར་བ་ཐོབ་ནས། སྐྱ་རེངས་འཆར་བའི་དུས་སུ་ནི་སྟེ། མཚན་མོའི་ཆ་འདས་ནས་ཉི་མ་
མ་ཤར་བའི་དུས་སུ་བསྒོམ་པའི་མཆོག་སྟེ། མངོན་པར་བྱང་ཆུབ་པའི་རིམ་པ་ལུང་ཕོག་པས་ཀྱང་འགྲུབ་པར་འགྱུར་ཞིང་རྣམ་པར་དག་པར་འགྱུར་ཏེ། འདི་ནི་ཕྱིའི་མངོན་པར་བྱང་ཆུབ་པའི་རིམ་པའོ། །ནང་གི་བསྟན་པར་བྱ་བའི་ཕྱིར། རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ།

རྡོ་རྗེ་ཉི་མ་སྟེ་ཐབས་ཀྱི་ཡེ་ཤེས་སྙོམས་པར་འཇུག་པའི་མཚན་ཉིད་བྱུང་བར་གྱུར་ནས། ནུབ་པ་སྟེ་ཤེས་རབ་ཀྱི་ངོ་བོ་ཉིད་དུ་གྱུར་པ་སྟེ་ངེས་པར་འགགས་ནས་སྒྲུབ་པ་སྟེ། འོད་གསལ་བའི་སྔོན་དུ་འགྲོ་བས། འོད་གསལ་བ་སྒྲུབ་པར་བྱེད་པའི་ཀུན་དུ་སྣང་བ་ཉེ་བར་ཐོབ་པ་ཀུན་དུ་
བརྩམ་པ་སྟེ། འབྱུང་བར་འགྱུར་ཏེ། སྐྱ་རེངས་འཆར་བ་ནི་མ་རིག་པ་སྟེ། དེ་འདས་ཤིང་སོང་བར་གྱུར་པའི་དུས་སུ་སྒྲུབ་པ་པོས་བསྒོམ་པའི་མཆོག་གི་སྟེ་སྟོང་པ་ཉིད་དང་ཤིན་ཏུ་སྟོང་པ་ཉིད་དང་ཆེན་པོ་སྟོང་པ་ཉིད་ཀྱི་རྒྱུ་དང་རྐྱེན་གྱིས་འགྲུབ་པར་འགྱུར་ཞིང་འོད་གསལ་བ་མངོན་སུམ་དུ་བྱེད་
པས་ཕྱག་རྒྱ་ཆེན་པོ་འགྲུབ་པར་འགྱུར་རོ། །དེ་ཇི་ལྟ་བུ་ཞེ་ན། རྒྱན་རྣམས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྒྱན་རྣམས་ཐམས་ཅད་ཡོངས་སུ་རྫོགས། །ཞེས་བྱ་བ་ནི། མཚན་ཐམས་ཅད་ཀྱིས་བརྒྱན་པའོ། །སྤོས་དང་མེ་ཏོག་རྣམས་ཀྱིས་བརྒྱན། །ཞེས་བྱ་བ་ནི། སྟོབས་བཅུ་
དང་མི་འཇིགས་ལ་སོགས་པ་དང་ཉེ་བར་ལྡན་པའོ། །རྡོ་རྗེ་སེམས་དཔའ་ནི་སྒྲུབ་པ་པོ་རྣམས་ཏེ། དེ་རྣམས་ཀྱི་མཆོག་བསྒོམས་ནའོ། །གྲུབ་པ་ནི་ཕྱག་རྒྱ་ཆེན་པོ་རྫོགས་པ་མྱུར་དུ་སྟེ། རིང་པོར་མི་ཐོགས་པར་འཐོབ་པར་འགྱུར་རོ། །དེ་ལྟར་གྲུབ་པར་གྱུར་པ་འདི་ནི་སྐུ་གསུམ་མཆོག་
སྦྱིན་པ་སྟེ། ཁམས་གསུམ་གྱི་མངོན་པར་འདོད་པའི་དོན་གྱི་འབྲས་བུ་རབ་ཏུ་སྟེར་བའོ། །སངས་རྒྱས་མཚན་གྱིས་ཞེས་པ་ནི་རབ་ཏུ་གྲགས་པའི་མཚན་རྣམས་ཀྱིས་སོ། །དེ་རྣམས་ཀྱིས་མཚན་པར་གྱུར་པ་ནི་དེ་རྣམས་དང་ཉེ་བར་ལྡན་པའོ། །དཔག་ཚད་བརྒྱ་ཡི་ཁྱོན་ཙམ་དུ། །
ཞེས་བྱ་བའི་ཉེ་བར་མཚོན་པའི་དོན་གྱིས་ན། སྟོང་གསུམ་ལ་སོགས་པའི་འཇིག་རྟེན་གྱི་ཁམས་རྣམས་སུ། དེའི་འོད་ཀྱང་སྣང་བར་བྱེད་པར་འགྱུར་རོ། །དབང་པོ་གཉིས་ནི་སྦྱོར་བ་ཡིས། །ཞེས་བྱ་བ་ནི། བདེན་པ་གཉིས་གཉིས་སུ་མེད་པར་བྱས་པས། རྡོ་རྗེ་འཆང་ཆེན་པོ་སྐྱེས་པ་
སྟེ། དེས་སྦྱོར་བ་ཐམས་ཅད་ཅེས་བྱ་བ་ཞི་བ་ལ་སོགས་པ་རྣམས་བརྩམ་པར་བྱ་སྟེ། བཤད་མ་ཐག་པའི་ཏིང་ངེ་འཛིན་འདི་ནི། དངོས་གྲུབ་ཐམས་ཅད་ཀྱི་ཞེས་བྱ་བ་འཇིག་རྟེན་དང་། འཇིག་རྟེན་ལས་འདས་པ་རྣམས་ཀྱི་དམ་ཚིག་སྟེ། རྫོགས་པར་བྱེད་པ་དང་ཤིན་ཏུ་འདའ་བར་

དཀའ་ཞིང་འདའ་བར་མི་རུང་བའོ། །རྡོ་རྗེ་ཅན་གྱིས་གྲུབ་འདོད་ན། །ཞེས་བྱ་བ་ནི་སྒྲུབ་པ་པོའོ། །དངོས་གྲུབ་ནི་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་སྟེ། དེ་གལ་ཏེ་འདོད་ན། བཤང་གཅིའི་དམ་ཚིག་བཟའ་བར་བྱ། །ཞེས་བྱ་བ་སྟེ། བཤང་བ་ནི་གཟུགས་ལ་སོགས་པའི་ཡུལ་རྣམས་སོ། །གཅི་བ་ནི་
མིག་ལ་སོགས་པའི་དབང་པོ་རྣམས་ཏེ། དེ་དག་གི་དམ་ཚིག་ནི་ཡུལ་དང་ཡུལ་ཅན་དུ་གྱུར་པས་འདུས་པ་སྟེ། དེ་བཟའ་བ་ནི་སོ་སོར་སྡུད་པ་ལ་སོགས་པའི་རིམ་པས་ཉམས་སུ་མྱོང་བ་འདི་ཉིད་ནི། དངོས་གྲུབ་ཐམས་ཅད་ཀྱི་དམ་ཚིག་ཤིན་ཏུ་འདའ་དཀའ་བ་སྟེ། འདའ་བར་དཀའ་
བའི་ལམ་ཡིན་ནོ། །བཤང་གཅིའི་དམ་ཚིག་ཅེས་བྱ་བ་ལ་སོགས་པ་ལ། སྒྲུབ་པ་པོས་བཤད་མ་ཐག་པའི་ཡུལ་དང་དབང་པོ་སྔོན་དུ་འགྲོ་བས། དབང་པོ་གཉིས་ཀྱི་སྦྱོར་བ་སྟེ་བདེན་པ་གཉིས་གཉིས་སུ་མེད་པར་བྱས་པའི་སྦྱོར་བས། སངས་རྒྱས་བྱང་ཆུབ་ཀྱི་གནས་ཏེ་མི་གནས་པའི་མྱ་ངན་
ལས་འདས་པ་དགེ་ཞིང་ཞི་བ། དེ་ཉིད་མི་སླུ་བ་བླ་ན་མེད་པ་སྟེ། དངོས་གྲུབ་ཐམས་ཅད་ལས་ཕུལ་དུ་བྱུང་བ་འགྲུབ་པར་འགྱུར་ཞིང་འཐེབ་པར་འགྱུར་རོ། །བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་ནི། སྡུད་པར་བྱེད་པའི་ཚིག་ཡིན་ཏེ། འདོད་པ་ནི་འཁོར་བའོ། །ཐར་པ་ནི་མྱ་ངན་
ལས་འདས་པའོ། །དེ་དག་མཉམ་ཞིང་གཅིག་ཏུ་བྱས་པ་མཁྱེན་པས་ན། འདོད་པ་དང་ཐར་པའི་དམ་ཚིག་རྡོ་རྗེ་ནི་རྡོ་རྗེ་འཆང་ཆེན་པོ་སྟེ། དགོངས་པས་བཤད་པའོ། །དེ་ལྟར་རྡོ་རྗེ་འཆང་ཆེན་པོ་བསྒྲུབ་བཤད་ནས། ཡང་འཇིག་རྟེན་པའི་དངོས་གྲུབ་བསྟན་པར་བྱ་བའི་ཕྱིར། དེ་ནས་ཞེས་
བྱ་བ་ལ་སོགས་པ་གསུངས་ཏེ། བཅོམ་ལྡན་འདས་ནི་རྡོ་རྗེ་འཆང་ཆེན་པོའོ། །དམ་ཚིག་ཆེན་པོ་ཞེས་བྱ་བའི་རྡོ་རྗེ་ཁྲོ་བོའི་ཏིང་ངེ་འཛིན་གང་དུ་སྟོན་པ་དེ་ལ་དེ་སྐད་ཅེས་བྱ་སྟེ། ཏིང་ངེ་འཛིན་དེ་ལ་སྙོམས་པར་ཞུགས་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྟེ། བསྒྲུབ་པར་བྱ་བའི་
ཐམས་ཅད་དོ། །དེ་རྣམས་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ཀུན་དུ་སྐྲག་པར་བྱེད་པ་ནི། ཁྲོ་བོ་སྔགས་ཀྱི་བདག་ཉིད་ཅན་ཏེ། འདི་ཉིད་ཀྱི་སྐུ་ལ་སོགས་པ་ལས་ཕྱུང་ངོ་། །ཨོཾ་ཞེས་བྱ་བ་ལ་སོགས་པ་ནི་སྔགས་ཏེ། མིང་སྦྲུལ་ཞེས་བྱའོ། །དེ་ཡང་ཨོཾ་ཞེས་བྱ་བ་ནི་སྔགས་ཀྱི་ལྷ་རྣམས་

ཀྱི་ཕྱག་རྒྱ་ཆེན་པོ་རབ་ཏུ་བསྟན་པའོ། །ཧྲཱིཿཞེས་བྱ་བ་ནི་བོད་པའོ། །ཥྚྲཱྀཿཞེས་བྱ་བ་ནི་རྣམ་པར་འགྱུར་བ་ལྟ་བུར་རང་གི་ངོ་བོ་ཉིད་སྟོན་པའོ། །ཝི་ཀྲྀ་ཏཱ་ན་ན་ཞེས་བྱ་བ་ནི་ཞལ་འཇིགས་སུ་རུང་བའོ། །སརྦ་ཤ་ཏྲཱུཾ་ཞེས་བྱ་བ་ནི་ཕྱིར་རྒོལ་བ་ཐམས་ཅད་དོ། །ནཱ་ཤ་ཡ་སྟམྦྷ་ཡ་
ཞེས་བྱ་བ་ནི་བྲོས་པ་རྣམས་ཀྱང་ཁུག་ལ་བརླག་པར་གྱིས་ཤིག་པའོ། །ཧཱུཾ་ཧཱུཾ་ཞེས་བྱ་བ་ནི་དོན་འདི་གསལ་བར་བྱེད་པའི་ས་བོན་ནོ། །ཕཊ་ཅེས་བྱ་བ་ནི་གསོད་པ་གསལ་བར་བྱེད་པའི་ས་བོན་ནོ། །སྭཱ་ཧཱ་ཞེས་བྱ་བ་ནི་སྔགས་ཀྱི་ལྷ་རྣམས་དབུགས་དབྱུང་བའོ། །འདིའི་སྤེལ་བ་ནི་སྔ་མ་
བཞིན་ནོ། །དུག་ནི་ཞེས་བྱ་བ་ལ་སོགས་པ་སྟེ། སྡོང་བུ་དང་ལོ་མ་ལ་སོགས་པའི་དུག་གམ་སྦྱར་བའི་དུག་དང་ཁྲག་སྟེ་ཅི་རིགས་པར་རྙེད་པ་དང་ལན་ཚྭ་དང་ཡུངས་མར་དང་སྐེ་ཚེ་སྟེ། དངོས་སུ་གྲགས་པ་དེ་དག་ཐམས་ཅད་གཅིག་ཏུ་བྱས་ལ། ཏིལ་མར་ལ་སོགས་པས་བསྒོས་ནས་ཚེར་
མའི་མེ་སྟེ། པོ་སོ་ཆ་ལ་སོགས་པ་ཚེར་མ་ཅན་གྱི་ཤིང་གི་མེ་རབ་ཏུ་འབར་བ་ལ། ཁྲོས་ཤིང་གཤིན་རྗེ་གཤེད་ལ་སོགས་པ་གང་ཡང་རུང་བའི་སྦྱོར་བ་དང་ལྡན་པས། བུ་མོའི་མིང་དང་ཚིག་ཏུ་བཅས། །ཞེས་བྱ་བ་སྟེ། མངོན་པར་འདོད་པའི་མིང་གི་ཡི་གེ་དང་སྔགས་སུ་སྤེལ་ཏེ། །
འདོན་ཞིང་འོག་ནས་བཤད་པའི་རིམ་གྱིས་སྦྱིན་སྲེག་བྱ་སྟེ། ཉི་མ་གུང་ངམ་ནམ་ཕྱེད་ན་གནོན་པའི་ལས་འདི་ནི་དཔུང་ལ་སོགས་པ་གནོན་པ་ལ་ཡང་ཤིས་ཤིང་བསྔགས་པ་ཡིན་ནོ། །གྲུ་གསུམ་དུ་ཞེས་བྱ་བ་ནི་ཐབ་ཁུང་ཟུར་གསུམ་པར་དམ་ཚིག་ཆེན་པོའི་རྡོ་རྗེ་ཁྲོ་བོ་རྡོ་རྗེ་ཞལ་
གདངས་པ་མཆེ་བ་གཙིགས་ཤིང་ལྗགས་བསྐྱོད་པར་རྣམ་པར་བསྒོམས་ལ། སྟོང་རྩ་བརྒྱད་ནི་ཚུལ་བཞིན་དུ་བསྲེག་ཅེས་པ་སྟེ། དཔུང་གནོན་པ་ལ་སོགས་པ་ལ་རང་རང་གི་ཆོ་གས་སྦྱར་ཏེ། ཆོ་ག་འདི་ཉི་མ་གསུམ་གྱི་བར་དུ་སྦྱར་ན། བུ་མོ་དག་དང་འབྲེལ་པའི་ལོངས་
སྤྱོད་ཆེན་པོ་འཐོབ་པའི་རྒྱུར་བུ་མོ་གནོན་པ་སྟེ། སྒྲུབ་པ་པོ་གཞན་ལས་ལེན་པ་ནི་སྦྱོར་བ་དེས་འགྲུབ་པར་འགྱུར་རོ། །དུས་ཇི་སྲིད་ཅིག་ན་ཞེ་ན། བསྐལ་པ་གྲངས་མེད་པ་གསུམ་སྟེ། བྱིས་པ་དང་ལང་ཚོ་དང་བར་མ་དེ་དག་འདས་ཀྱི་བར་དུ་སྟེ། ཇི་སྲིད་གྲངས་མེད་པ་ཞེས་བྱ་བ་

བགྲང་དུ་མེད་པ་ཉིད་དེ། རྒས་འཁོགས་པ་དེ་སྲིད་དུ་གནས་པར་འགྱུར་རོ། །རྟག་ཏུ་ཞེས་བྱ་བ་ནི་བར་དུ་ཡང་ངོ་། །སྐྱེས་པའི་སྦྱོར་བའི་བྱེ་བྲག་བསྟན་པར་བྱ་བའི་ཕྱིར། སངས་རྒྱས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སངས་རྒྱས་ནི་རྣམ་སྣང་མཛད་ཀྱི་རྣལ་འབྱོར་པའོ། །ཆོས་འཛིན་
པ་ནི་འོད་དཔག་ཏུ་མེད་པའི་རྣལ་འབྱོར་པའོ། །རྡོ་རྗེ་སེམས་དཔའ་ནི་མི་བསྐྱོད་པའི་རྣལ་འབྱོར་པའོ། །གཞན་ཡང་རིན་པོ་ཆེའི་རྣལ་འབྱོར་པ་དང་། ལས་ཀྱི་རྣལ་འབྱོར་པའམ། ཁྲོ་བོའི་རྣལ་འབྱོར་པ་གང་ཡང་རུང་བའོ། །གལ་ཏེ་རྨོངས་པས་འདས་ན་ནི། །ཞེས་བྱ་བ་ནི། གནོན་པ་འདི་
གཅོད་པར་འདོད་ན་སྒྲུབ་པ་པོའི་དེའི་ཚེ་ནི་དེར་ཟད་ལས་འགྱུར་ཞེས་བྱ་བ་སྟེ། ལས་དེ་བརྩམས་པ་ནས་བཟུང་ནས་ཟད་ཅིང་མཐར་ཐུག་པར་འགྱུར་རོ། །སྔགས་འདི་ཉིད་ཀྱི་སྦྱོར་བ་གཞན་བསྟན་པར་བྱ་བའི་ཕྱིར། བཅུ་བཞིའམ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཟླ་བ་མར་གྱི་
ངོའི་བཅུ་བཞིའམ་ཡང་ན་ཚེས་བརྒྱད་དག་ལ། མཚོན་གྱིས་གསད་པའི་སྐྱེས་བུའི་རོ་བསྲེགས་པའི་སོལ་བ་བླངས་ནས་ཐོད་པ་ཁ་སྦྱར་གྱི་ནང་དུ་བཞག་སྟེ་སྟོང་རྩ་བརྒྱད་བཟླས་བརྗོད་བྱས་ལ། དུར་ཁྲོད་ཀྱི་རས་རིན་ལ་མ་བརྩེགས་པར་ཉོས་པ་ལ། དེས་དམ་ཚིག་ཆེན་པོའི་རྡོ་རྗེ་ཁྲོ་བོའི་
གཟུགས་གཤིན་རྗེ་གཤེད་ལྟ་བུར་བྲིས་ལ། སྤྱན་དྲངས་ཏེ་སྙིང་གར་ལག་པས་བྲབ་སྟེ། བཤད་མ་ཐག་པའི་སྔགས་བཏབ་ནས། ཕཊ་ཀྱི་འོག་ཏུ་ཆེ་གེ་མོ་ཨི་དཾ་དཱ་པ་ཡ་ཧྲི་སྭཱ་ཧཱ་ཞེས་བྱ་བའི་སྔགས་མཚན་ཕྱེད་དམ། ཉི་མའི་གུང་ལ་སྟོང་རྩ་བརྒྱད་བཟླས་ན། སྒྲུབ་པ་པོ་དེ་སེམས་
ཅན་རྣམས་ཀྱིས་མངོན་པར་འདོད་པའི་འབྲས་བུ་རྟག་ཏུ་སྟེར་བར་འགྱུར་རོ། །སྔགས་འདི་ཉིད་ཀྱི་སྦྱོར་བ་གཞན་བསྟན་པར་བྱ་བའི་ཕྱིར། སྔགས་ཤེས་པ་ཡིས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྔ་མ་བཞིན་དུ་བཟླས་པའི་སོལ་བས་དུར་ཁྲོད་ཀྱི་རས་ལ་དགྲ་གང་ཡང་རུང་བའི་
གཟུགས་བརྙན་བྲིས་ལ། སྙིང་གར་སྔགས་དར་སྤེལ་བས་མིང་བྲས་ལ། ཟླ་བ་མར་གྱི་ངོའི་ཉི་མ་ལ་མངོན་སྤྱོད་ཀྱི་དུས་སུ། གང་ལ་དགའ་བའི་ཁྲོ་བོའི་ཏིང་ངེ་འཛིན་དང་ལྡན་པའི་རྣལ་འབྱོར་པས། ཨོཾ་ཧྲཱིཿཥྚྲཱིཿབི་ཀྲྀ་ཏཱ་ན་ན་ཆེ་གེ་མོའི་ཧྲྀ་ད་ཡཾ་པཱ་ཏ་ཡ་སཱ་དཱ་ཡ་ཞེས་བརྗོད་ལ། ལྷག་མ་

རྣམས་ཀྱང་བཟླས་ཏེ་སོལ་བ་དེ་མཚོན་ཆ་ལྟ་བུར་བསམས་ལ། སྤྱི་བོ་ནས་བརྩམས་ནས་གཉིས་སུ་བྱ་བའི་བསམ་པས་དབུས་སུ་རི་མོ་བྱས་ན་བྲིས་པ་ཙམ་གྱི་མོད་ལ་སྙིང་གས་ནས་འཆི་བར་འགྱུར་རོ། །ཐོ་བ་ཞེས་བྱ་བ་ལ་སོགས་པ་ལ། གཤིན་རྗེ་གཤེད་ཀྱི་སྦྱོར་བ་དང་
ལྡན་པས། ཆུ་ངོགས་གཉིས་ཀྱིས་བསྒྲུབ་པར་བྱ་བའི་རྐང་རྗེས་ཀྱི་ས་དང་བཅས་པ་ལ། དགྲ་བོའི་གཟུགས་བརྙན་བྱས་ལ་རྣམ་པར་ཤེས་པ་བཀུག་སྟེ། དེའི་ནང་དུ་བཅུག་ནས་ཁྲོས་པས་ཕཊ་ཅེས་བརྗོད་ཅིང་རྡོ་རྗེ་ཐོ་བས་སྤྱི་བོར་བསྣུན་ཏེ་དེ་ལྟར་བྱས་ན་ངེས་པར་ལྟུང་ཞེས་བྱ་བ་སྟེ། བསྒྲུབ་པར་
བྱ་བའི་མགོ་ལ་ཐོ་བ་མངོན་དུ་འབབ་པར་འགྱུར་རོ། །ཡང་ན་བསམ་གཏན་གྱིས་ཀྱང་འདི་དག་ཐམས་ཅད་རྫོགས་པར་བྱའོ། །ཧཱུཾ་ནི་ཞེས་བྱ་བ་ལ་སོགས་པ་ལ། གནོད་མཛེས་ཀྱི་སྦྱོར་བ་དང་ལྡན་པས། བཤད་མ་ཐག་པའི་སྦྱར་བས་བསྒྲུབ་པར་བྱ་བའི་གཟུགས་བརྙན་བྱས་
ལ། རང་གི་ལག་ན་གནས་པའི་རྡོ་རྗེའི་ཁ་རྣམ་པར་གྱེས་ཤིང་། འབར་བ་དང་བཅས་པའི་ཡི་གེ་ཧཱུཾ་གི་ཡེ་ཤེས་དང་ལྡན་པ། ཧཱུཾ་ལས་བྱུང་བའི་འོད་ཟེར་འབར་བ་ནག་པོས་ཀུན་ནས་ཁྱབ་པར་བསམས་ལ། བསྒྲུབ་པར་བྱ་བའི་མགོ་ལ་བསྒོམས་ཏེ་ལྟུང་བར་གྱུར་པར་བསྒོམ་མོ། །
སྒྲུབ་པ་པོས་དེ་ལྟར་བྱས་ན་གདུག་པ་ཐམས་ཅད་འཇིག་པར་བྱེད་ཅིང་ལྟུང་བར་བྱེད་པར་འགྱུར་རོ། །སྦྱོར་བ་གང་ལ་གནས་ན་སྦྱོར་བ་འདི་བྱ་ཞེ་ན། ཕྱག་ན་རྡོ་རྗེའི་རིགས་དྲན་ཏེ། །ཞེས་བྱ་བ་གསུངས་ཏེ། ཕྱག་ན་རྡོ་རྗེའི་རིགས་ནི་རྡོ་རྗེའི་རིགས་ཏེ། རིགས་དེའི་ཁྲོ་བོ་གནོད་མཛེས་རྒྱལ་པོ་ཡིན་པས་
ན། གནོད་མཛེས་ཀྱི་སྦྱོར་བ་དང་ལྡན་པས་ལས་འདི་ལ། ཕྱག་ན་རྡོ་རྗེ་དྲན་ཞིང་རྗེས་སུ་གནང་བའོ་ཞེས་བྱ་བའི་བར་དུ་སྟེ། དེ་དག་ཐམས་ཅད་ནི་ནང་ལ་མཆོག་ཏུ་གཞོལ་བ་རྣམས་ཀྱིས་བསམ་གཏན་ཉིད་ཀྱིས་ཐམས་ཅད་རྫོགས་པར་བྱའོ། །རྡོ་རྒྱུས་ཞེས་བྱ་བ་ལ་སོགས་པ་ལ། ཚོན་
རྩི་གང་ཡང་རུང་བས་སྐྱེས་པའམ་བུད་མེད་ཀྱི་གཟུགས་སུ་དུར་ཁྲོད་ཀྱི་རས་ལ་བྲིས་ལ། གཤིན་རྗེ་གཤེད་ཀྱི་ཏིང་ངེ་འཛིན་ལ་གནས་པས། རང་གི་ལག་པར་ཡི་གེ་ཧཱུཾ་རིང་པོ་ཡོངས་སུ་གྱུར་པ་ལས་བྱུང་བའི་སྟ་རེ་བསམས་ནས། ཕཊ་ཅེས་བརྗོད་ལ་དེས་མིད་པ་བཅད་པར་

རྣམ་པར་བསྒོམས་ན་སངས་རྒྱས་ཏེ་བསྒྲུབ་པར་བྱ་བ་ཉིད་དུ་ཤེས་པ་དང་། སྐུ་གསུམ་རིན་ཆེན་མཆོག་སྟེ་ཁྱད་པར་ཅན་གྱི་ལུས་དང་ངག་དང་ཡིད་ཀྱི་བདག་ཉིད་ཅན་དང་། སེམས་ཅན་ཐམས་ཅད་དེ། མཆོག་དང་འབྲིང་དང་ཐ་མ་སྟེ། དེ་རྣམས་མ་ལུས་པའི་ཡང་ཕན་པ་ཡང་དག་པར་སྐྱེད་
པས་ན། སེམས་ཅན་ཀུན་ལ་ཕན་འདོད་པ་སྟེ། དད་ཅིང་མཛེས་པར་གནས་པའོ། །འདི་ཡིས་སྣང་བར་འགྱུར་བའམ། །ཞེས་པ་ནི། སྦྱོར་བ་འདི་ཡིས་བསྣུན་ན་རབ་ཏུ་སྣང་བར་འགྱུར་བའམ་ཡང་ན་འཆི་བ་ཉིད་དུ་འགྱུར་བར་འདི་ལ་གདོན་མི་ཟའོ། །ལས་ཀྱི་རྡོ་རྗེ་ཞེས་བྱ་བ་ལ་སོགས་
པ་ལ། བདུད་རྩི་ཐབ་སྦྱོར་གྱི་ཏིང་ངེ་འཛིན་ལ་གནས་པས། སྣ་ཚོགས་རྡོ་རྗེ་སེར་པོ་རབ་ཏུ་འབར་བ་ཆེན་པོ་མངོན་པར་འདོད་པའི་ཕྱོགས་ན་གནས་པར་གྱུར་པར་བསམས་ལ། དེའི་དབུས་སུ་ཡང་མེ་སྟག་མང་པོ་འཁྲིགས་པས་བསྐལ་པའི་མེ་ལྟ་བུར་རྣམ་པར་གྱེས་པའི་དབུས་སུ་རྡོ་
རྗེ་རྩེ་མོ་གྱེན་དུ་བལྟས་པ་བསྒོམས་ནས། དེའི་འོད་ཟེར་གྱི་ཚོགས་རྣམས་ཀྱིས། ཆར་གྱི་རྒྱུན་གྱི་ཚོགས་ཐམས་ཅད་རེངས་པར་བསམས་པ་ནི་ཆུ་གནོན་པ་སྟེ། ཆར་གནོན་པ་ལ་མཆོག་ཏུ་ཁྱད་པར་དུ་འཕགས་པའོ། །དཀྱིལ་འཁོར་ཞེས་བྱ་བ་ལ་སོགས་པ་ལ། རྡོ་རྗེ་དབྱིངས་ཀྱི་
དཀྱིལ་འཁོར་ཆེན་པོ་ལ་སོགས་པ་སློབ་དཔོན་འདྲི་བར་བྱེད་པ་ན། རླུང་ལ་སོགས་པ་སྟེ་རླུང་ནི་རླུང་གི་ཚོགས་སོ། །སོགས་པའི་སྒྲས་ནི་ཐོག་འབབ་པ་དང་། རྡོ་ཆར་འབབ་པ་དང་། དཀྱིལ་འཁོར་གྱི་འོག་ཏུ་ཆུ་དང་སྦྲུལ་བྱུང་བ་ལ་སོགས་པ་ཡང་གཟུང་ངོ་། །དེ་ལྟར་རླུང་ལ་སོགས་
པའི་བགེགས་རྣམས་གཞན་གྱིས་རབ་ཏུ་སྦྱར་བའམ་གནོད་པ་བྱེད་པ་དུས་ཀྱིས་བྱུང་བ་དག་གལ་ཏེ་བག་མེད་པས་བྱུང་བར་གྱུར་ན། དེའི་ཚེ་མཆེ་བའི་ཕྱག་རྒྱ་ཞེས་བྱ་བ་སྟེ། མཆེ་བ་ནི་ནོར་རྒྱས་ལ་སོགས་པའི་ཀླུ་རྣམས་སོ། །དེ་ཚར་གཅད་
Luận tạng Tây Tạng (Tengyur) — Tập 30 | Tra cứu Kinh điển | Tàng Kinh Việt