Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 30

Văn bản gốc(Tây Tạng)

Trang 2 / 15 (50.000 ký tự/trang)
ར་མཛད་པ་ཡིན་ལ་དེ་ཡང་དག་པར་སྟོན་པར་མཛོད་ཅིག་པ་སྟེ་མཐར་ཐུག་པའོ། །དེ་ལྟར་གསོལ་བ་བཏབ་པ་དང་བཅོམ་
ལྡན་འདས་ཀྱིས་གསོལ་བ་བཏབ་པར་མཁྱེན་ནས་དེ་རྣམས་ལ་དབང་བསྐུར་བའི་ཕྱིར་ཡེ་ཤེས་ཀྱི་དཀྱིལ་འཁོར་སྤྲུལ་པར་མཛད་དེ། ཡེ་ཤེས་ཉིད་སྒྲོན་མ་ཡིན་པས་ན་ཡེ་ཤེས་སྒྲོན་མ་སྟེ་ཡི་གེའི་དོན་ནོ། །ཡེ་ཤེས་སྒྲོན་མ་སྟེ་སེམས་ཅན་རྣམས་ཀྱི་རྒྱུད་ལ་ཡེ་ཤེས་ཀྱིས་སྣང་
བ་མཛད་པས་ན་མི་བསྐྱོད་པ་ལ་བྱ་སྟེ་སྤྱིའི་དོན་ནོ། །ཡེ་ཤེས་ནི་རྣམ་པར་ཤེས་པ་གསུམ་གྱི་སྣང་བས་ཕྱོགས་བཅུར་སྣང་བར་མཛད་པས་སྒྲོན་མ་དང་འདྲ་བས་ན་སྒྲོན་མ་ཞེས་བྱ་ལ་ཏིང་ངེ་འཛིན་དེ་ལ་སྙོམས་པར་ཞུགས་པ་སྟེ་སྦས་པའོ། །ཛྙཱ་ནི་རྟོགས་པའོ། །ན་ནི་དགག་པ་
ལ་འཇུག་སྟེ་གང་ལ་རྟོགས་པ་མེད་པ་དེ་ནི་ཡེ་ཤེས་སོ། །དེ་གང་ཡིན་ཞེ་ན། དོན་དམ་པའི་བདེན་པ་བརྗོད་དུ་མེད་པ་ཉིད་ཡིན་པས་སོ། །དེ་ཉིད་ནི་སྣང་བ་མ་ལུས་པ་ཟིལ་གྱིས་མནན་ནས་འཇིག་རྟེན་གྱི་ཁམས་མཐའ་ཡས་པར་སྣང་བར་བྱེད་པས་ན་སྒྲོན་མའོ། །མི་ཕྱེད་པས་
རྡོ་རྗེའོ། །དེ་སྐད་ཅེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པ་སྟེ་མཐར་ཐུག་པའོ། །རང་བཞིན་གྱིས་འོད་གསལ་བའི་ཏིང་ངེ་འཛིན་ལས་བཞེངས་ནས་ཉོན་མོངས་པ་ལྔས་ཁྱབ་པའི་སེམས་ཅན་གྱི་ཁམས་ལ་གཟིགས་ནས། ཉོན་མོངས་པའི་རང་བཞིན་ཡོངས་སུ་
ཤེས་པ་ཉིད་ནི་བྱང་ཆུབ་ཡིན་ལ། དེའི་ངོ་བོ་ཉིད་ནི་བདག་ཡིན་ནོ་ཞེས་མཁྱེན་ནས། གདུལ་བྱ་རྣམས་ཀྱི་ཉོན་མོངས་པ་ཞེ་སྡང་རྣམ་པར་སྦྱང་བའི་ཕྱིར་ཞེ་སྣང་གི་རིགས་ཀྱི་མཆོག་གི་སྙིང་པོའི་སྙིང་པོ་འདི་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་བྱུང་བའོ་ཞེས་བྱ་བ་སྟེ་ཐུགས་

རྗེ་ཆེན་པོའི་ཐབས་ཀྱི་ཁྲོ་བོ་ནི་ཞེ་སྡང་ཡིན་ལ། དེའི་རིགས་ནི་ཞེ་སྡང་གི་རིགས་སོ། །འདོད་པའི་འབྲས་བུ་སྐྱེས་པས་ནི་མཆོག་གི་སྙིང་པོའི་སྙིང་པོ་སྟེ་སྔགས་སོ་ཞེས་བྱ་བ་ནི་བློ་ལ་བཞག་པའོ། །སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་ཕྱུང་ངོ་ཞེས་པ་ནི་སྙོམས་
པར་འཇུག་པས་ཡང་དག་པར་འབྱིན་པར་མཛད་པ་སྟེ་སྒྲ་ཇི་བཞིན་པའོ། །བཛྲ་དྷྲིཀ་ཅེས་བྱ་བ་ནི། མངོན་པར་བྱང་ཆུབ་པ་རྣམ་པ་ལྔས་ཡང་དག་པར་སྟོན་པའི་རྡོ་རྗེ་འཛིན་པར་མཛད་པས་ན་རྡོ་རྗེ་འཆང་སྟེ་དྲང་བའི་དོན་ཏོ། །བདེན་པ་གཉིས་ཀྱི་བདག་ཉིད་ཅན་གྱི་རྡོ་རྗེའི་ཡེ་ཤེས་
འཛིན་པ་མཛད་པས་ན་རྡོ་རྗེ་འཆང་སྟེ་ངེས་པའི་དོན་ཏོ། །དེ་ནས་འདི་ཞེས་བྱ་བ་ལ་སོགས་པ་ནས་ཞུགས་སོ་ཞེས་བྱ་བར་སྦྱར་ཏེ། དེ་ཉིད་ཅེས་བྱ་བ་ནི་སྔར་བཤད་པའི་རྡོ་རྗེ་འཆང་ཆེན་པོའོ། །སྐུ་དང་གསུང་དང་ཐུགས་ནི་དེ་གསུམ་གྱི་བདག་ཉིད་ཅན་ནོ། །རིག་པའི་སྐྱེས་བུ་ཞེས་བྱ་བ་
ནི་བདེན་པ་གཉིས་ཀྱི་བདག་ཉིད་ཅན་ནོ། །མི་བསྐྱོད་པའི་ཕྱག་རྒྱ་ཆེན་པོ་ནི་ཞལ་ནག་པོ་ལ་སོགས་པ་སྟེ། དེ་རྣམས་དང་སྦྱོར་བ་ནི་གཅིག་ཏུ་གྱུར་པ་སྟེ་དེ་ཉིད་ཐབས་སོ། །ནག་པོ་དཀར་པོ་དམར་པོའི་ཚུལ་དུ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལ་ཞུགས་སོ་
ཞེས་བྱ་བ་ནི། རྡོ་རྗེ་འཆང་ཆེན་པོའི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལ་ཞུགས་སོ་ཞེས་བྱ་བའི་དོན་ཏོ། །རྡོ་རྗེ་སེམས་དཔའ་ཕྱུང་བ་ཞེས་བྱ་བ་དང་པོ་སྟེ་སྒྲ་ཇི་བཞིན་པའོ། །དང་པོའི་སྦྱོར་བའི་འོག་ཏུ་འབྱིན་པའི་དཀྱིལ་འཁོར་སྟོན་པས། དེ་ནས་བཅོམ་ལྡན་འདས་ཀྱི་ཐུགས་ལས་ཕྱུང་
ངོ་ཞེས་བྱ་བར་སྦྱར་ཏེ། དམ་ཚིག་འབྱུང་བ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་གྱི་དོན་ནི་བཤད་ཟིན་ཏོ། །སེམས་ཅན་རྨོངས་པ་རྣམས་རྣམ་པར་སྤྱད་བའི་ཕྱིར་ཞི་བའི་ཚུལ་གང་ཡིན་པ་ནི་གཏི་མུག་སྟེ་དེ་ཉིད་ནི་མཆོག་གིས་གནས་སོ། །དེའི་རིགས་ནི་གཏི་མུག་གི་མཚན་ཉིད་དོ། །མཆོག་
གི་སྙིང་པོ་ཞེས་བྱ་བ་ལ་སོགས་པའི་དོན་ནི་བཤད་ཟིན་ཏོ། །ཛི་ན་ཛིཀ་ཅེས་བྱ་བ་ནི། རྒྱལ་བའི་ངང་ཚུལ་ཅན་ཡིན་པས་ན་རྒྱལ་བ་སྟེ་རྩིབས་བཅུ་གཉིས་པའི་ཆོས་ཀྱི་འཁོར་ལོས་བདུད་རྣམས་ལས་རྒྱལ་བས་ན་རྒྱལ་བ་སྟེ་དྲང་བའི་དོན་ཏོ། །རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་

བདུད་བཞི་ཟིལ་གྱིས་གནོན་པས་ན་རྒྱལ་བ་རྒྱལ་ཏེ་ངེས་པའི་དོན་ཏོ། །བཅོམ་ལྡན་འདས་དེ་ཉིད་ནི་སྤྱན་སྔར་བཞུགས་སོ་ཞེས་བྱ་བར་སྦྱར་ཏེ་རྣམ་པར་སྣང་མཛད་ཀྱི་ཕྱག་རྒྱ་ཆེན་པོ་དང་བཅས་པ་གཅིག་ཏུ་གྱུར་ནས། སྤྱན་སྔར་ཞེས་བྱ་བ་མདུན་དུ་བཅོམ་ལྡན་འདས་ལ་གཟིགས་ཤིང་
བཞུགས་པ་དེ་སྒྲ་ཇི་བཞིན་པའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ནི་སྔ་མ་བཞིན་དུ་སྦྱར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིན་པོ་ཆེ་ནི་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ཏེ། དེ་ལས་བྱུང་བས་རིན་པོ་ཆེ་འབྱུང་བའོ། །རྡོ་རྗེ་དཔལ་ནི་ཕྱག་རྒྱ་ཆེན་པོ་ཕུན་སུམ་ཚོགས་པ་ལ་
བྱ་བ་ཡིན་ལ། དེ་སྐད་ཅེས་བྱ་བའི་ཏིང་ངེ་འཛིན་གང་ཡིན་པ་དེ་མངོན་དུ་མཛད་པ་སྟེ་དྲང་བའི་དོན་ཏོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིན་པོ་ཆེ་ནི་དོན་དམ་པའི་བྱང་ཆུབ་ཀྱི་སེམས་ཏེ། དེ་ལས་བྱུང་བས་ནི་རིན་པོ་ཆེ་འབྱུང་བའོ། །རྡོ་རྗེ་དཔལ་ནི་མི་འཇིགས་པའི་
དཔལ་ཏེ། དེ་སྐད་ཅེས་བྱ་བའི་ཏིང་ངེ་འཛིན་དེ་ལ་སྙོམས་པར་ཞུགས་པ་སྟེ་ངེས་པའི་དོན་ཏོ། །བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པས་ན་ཡིད་བཞིན་གྱི་ནོར་བུ་སྟེ་དེའི་རིགས་སོ། །མཆོག་གི་སྙིང་པོ་ཞེས་བྱ་བ་ལ་སོགས་པའི་དོན་ནི་བཤད་ཟིན་ཏོ། །རཏྣ་
དྷྲྀཀ་ཅེས་བྱ་བ་ནི། བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པའི་རིན་པོ་ཆེ་འཛིན་པར་མཛད་པས་ན་རིན་ཆེན་འཆང་སྟེ་དྲང་བའི་དོན་ཏོ། །ཡང་དག་པའི་མཐའི་རིན་པོ་ཆེ་འཛིན་པར་མཛད་པས་ན་རིན་ཆེན་འཆང་སྟེ་ངེས་པའི་དོན་ཏོ། །རིན་ཆེན་དཔལ་གྱི་ཕྱག་རྒྱ་ཆེན་
པོ་དང་ལྷན་ཅིག་ཏུ་གྱུར་པ་ནི་ཡང་དག་པར་སྦྱོར་བའོ། །དེ་ཉིད་ནམ་མཁའི་གནས་ཞེས་བྱ་སྟེ། ནོར་གྱིས་དྲེགས་ཤིང་ཁེངས་པའི་སེམས་ཅན་རྣམས་སྦྱིན་པས་འདུལ་བར་མཛད་ཅིང་ང་རྒྱལ་རྣམ་པར་དག་པའི་གནས་ལ་ཡང་དག་པར་བཞག་ནས་བཅོམ་ལྡན་འདས་ཀྱི་
གཡས་ཕྱོགས་སུ་བཞུགས་པ་སྟེ་སྒྲ་ཇི་བཞིན་པའོ། །དེ་བཞིན་དུ་འདོད་ཆགས་ལ་སྤྱོད་པའི་སེམས་ཅན་རྣམས་ཀྱི་འདོད་ཆགས་ཀྱིས་འདོད་ཆགས་རབ་ཏུ་སྤང་བའི་དོན་དུ། བཅོམ་ལྡན་འདས་འོད་དཔག་ཏུ་མེད་པའི་རྣལ་འབྱོར་བསྟན་པར་བྱ་བའི་ཕྱིར་དེ་ནས་ཞེས་བྱ་བ་

ལ་སོགས་པ་གསུངས་ཏེ། དེ་ནས་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་ནི་སྔ་མ་བཞིན་དུ་སྦྱར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འདོད་ཆགས་ཆེན་པོ་ནི་མཆོག་ཏུ་དགའ་བའོ། །དེའི་རྒྱུ་ནི་བྱང་ཆུབ་ཀྱི་སེམས་ཡིན་ལ། དེ་ལས་འབྱུང་བ་ནི་འོད་
དཔག་ཏུ་མེད་པ་སྟེ་དྲང་བའི་དོན་ཏོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འདོད་ཆགས་ཆེན་པོ་ནི་འོད་གསལ་བ་སྟེ། དེ་ལས་འབྱུང་བ་ནི་འོད་དཔག་ཏུ་མེད་པའོ། །དེ་ཉིད་རྡོ་རྗེ་ཡིན་ལ། དེ་ལ་དམིགས་པ་སྟེ་ངེས་པའི་དོན་ཏོ། །འདོད་ཆགས་ཀྱི་རིགས་ཞེས་བྱ་བ་ནི་སོ་སོར་རྟོག་
པའི་ཡེ་ཤེས་ལ་ཀུན་དུ་ཆགས་པ་ནི་རྡོ་རྗེ་འདོད་ཆགས་ཏེ་དེའི་རིགས་སོ། །མཆོག་གི་སྙིང་པོ་ཞེས་བྱ་བ་ལ་སོགས་པའི་དོན་ནི་བཤད་ཟིན་ཏོ། །ཨཱ་རོ་ལྀ་ཀ་ཞེས་བྱ་བ་ནི། ཨཱ་ནི་མ་ལུས་པའོ། །རོ་ནི་འཁོར་བའོ། །ལྀཀ་ནི་དེ་ལས་འདས་པས་ན་ཨཱ་རོ་ལྀཀ་སྟེ་དྲང་བའི་དོན་ཏོ། །རོ་
ཞེས་བྱ་བ་ནི་ཡེ་ཤེས་གསུམ་མོ། །དེ་བས་ན་དོན་དམ་པའི་བདེན་པ་བགྲོད་པར་གྱུར་པ་སྟེ་ངེས་པའི་དོན་ཏོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ནི་སྔ་མ་བཞིན་དུ་སྦྱར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གདོན་མི་ཟ་བ་ནི་དོན་ཡོད་པར་གྲུབ་པའོ་དེ་ཉིད་དམ་ཚིག་སྟེ། བྱ་བ་
གྲུབ་པའི་ཡེ་ཤེས་ནི་འགྲོ་བ་མ་ལུས་པའི་དོན་རྫོགས་པར་བྱེད་པས་ན་འདའ་བར་བྱ་བ་མ་ཡིན་པས་སོ། །དེ་ཉིད་རྡོ་རྗེ་སྟེ། དེ་སྐད་ཅེས་བྱ་བའི་ཏིང་ངེ་འཛིན་གང་ཡིན་པ་དེ་ལ་སྙོམས་པར་འཇུག་པ་སྟེ་དྲང་བའི་དོན་ཏོ། །གདོན་མི་ཟ་བའི་དམ་ཚིག་ནི་འོད་གསལ་བ་སྟེ། མཚན་
མ་མེད་པའི་འབྲས་བུ་སྟེར་བས་སོ། །དེ་ཉིད་རྡོ་རྗེ་སྟེ། དེ་ལ་དམིགས་པ་ནི་ངེས་པའི་དོན་ཏོ། །ཉོན་མོངས་པ་ཕྲག་དོག་རྣམ་པར་སྦྱོང་བ་ཉིད་དང་། ཉོན་མོངས་པས་དམ་ཚིག་ཉམས་པ་ལ་སོགས་པའི་ཉེས་པ་སེལ་བར་བྱེད་པའི་དོན་གྱི་རིགས་ནི་དམ་ཚིག་དགུག་པའི་རིགས་ཏེ་
དྲང་བའི་དོན་ཏོ། །དམ་ཚིག་ནི་ཁམས་ཕྲ་བ་སྟེ། དེས་ཐབས་ཀྱི་ཡེ་ཤེས་བཀུག་ནས་མཆོག་ཏུ་དགའ་བ་བསྐྱེད་པས་ཡོངས་སུ་སྦྱོང་བའི་རིགས་ནི་དམ་ཚིག་དགུག་པའི་རིགས་ཏེ་ངེས་པའི་དོན་ཏོ། །མཆོག་གི་སྙིང་པོ་ཞེས་བྱ་བ་ལ་སོགས་པའི་དོན་ནི་བཤད་ཟིན་ཏོ། །པྲཛྙཱ་

དྷྲྀཀ་ཅེས་བྱ་བ་ནི་རབ་ཏུ་རྣམ་པར་འབྱེད་པའི་མཚན་ཉིད་ནི་ཤེས་རབ་སྟེ། དེ་འཛིན་པས་མཛད་པས་ན་ཤེས་རབ་འཆང་སྟེ་དྲང་བའི་དོན་ཏོ། །ཤེས་རབ་ནི་ཟླ་བར་སྣང་བ་སྟེ་དེ་ཁམས་ཕྲ་བས་འཛིན་པར་མཛད་པས་ན་ཤེས་རབ་འཆང་སྟེ་ངེས་པའི་དོན་ཏོ། །བྱང་ཕྱོགས་སུ་བཞུགས་སོ་ཞེས་
བྱ་བ་ནི་སྒྲ་ཇི་བཞིན་པའོ། །ཞེ་སྡང་ཞེས་བྱ་བ་ལ་སོགས་པ་ལ། གདུལ་བྱ་རྣམས་ཀྱི་ཐར་པ་མངོན་པར་འདོད་པ་བསྐྱེད་པས་ན་འདོད་པའོ། །ཟག་པ་མེད་པའི་བདེ་བ་ཆེན་པོ་ནི་ཐར་པ་སྟེ་དྲང་བའི་དོན་ཏོ། །རིགས་ལྔར་གཏོགས་པ་འདི་རྣམས་ཀྱིས། །འདོད་དང་ཐར་པར་བསྒྲུབ་
པའོ། །ཞེས་བྱ་བ་ནི་རིགས་འདི་རྣམས་ནི་ཕུང་པོ་ལྔའི་ངོ་བོ་ཉིད་དེ། འདོད་པ་ལ་ཉེ་བར་ལོངས་སྤྱོད་པས་ཐར་པ་རབ་ཏུ་ཐོབ་བའམ། ཡང་ན་འདོད་པ་རབ་ཏུ་སྒྲུབ་པ་དང་། ཐར་པ་རབ་ཏུ་སྒྲུབ་པའོ་ཞེས་བྱ་བ་སྟེ། སྒྲ་ཇི་བཞིན་པའོ། །དེ་བས་ན་བཤད་པའི་རྒྱུད་ལས། ཕུང་པོ་འདི་དག་
སངས་རྒྱས་ཏེ། །རྫོགས་པའི་བྱང་ཆུབ་རྐྱེན་དུ་འབྱུང་། །གཉིས་མེད་དེ་བཞིན་ཉིད་སྦྱོར་བས། །དེ་ཡང་དེ་བཞིན་གཤེགས་ཞེས་བྱ། །ཞེས་གསུངས་ཏེ་ངེས་པའི་དོན་ཏོ། །ཡང་རྣམ་པར་སྣང་མཛད་ལ་སོགས་པའི་ལོངས་སྤྱོད་ཀྱི་ཕྱིར་ལྷ་མོ་བཞི་ཕྱུང་བ་ཡིན་ཏེ། དེས་ན་དེ་
ནས་ཞེས་བྱ་བ་ལ་སོགས་པ་ནས་ཕྱུང་ངོ་ཞེས་བྱ་བར་སྦྱར་རོ། །རྡོ་རྗེ་འཛིན་རྗེས་སུ་མཉེས་པར་བྱེད་པའི་དམ་ཚིག་ནི་མཱ་མ་ཀཱིའོ། །དེ་ལ་དམིགས་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པ་སྟེ་སྒྲ་ཇི་བཞིན་པའོ། །དྭ་ཥ་ར་ཏི་ཞེས་བྱ་བ་ལ་ཞེ་སྡང་ནི་མི་བསྐྱོད་པའོ། །དེ་ལ་དགའ་བས་
ན་ཞེ་སྡང་དགའ་སྟེ་དྲང་བའི་དོན་ཏོ། །ཉོན་མོངས་པ་ཞེ་སྡང་རྣམ་པར་དག་པ་ལ་དགའ་བ་ནི་ཞེ་སྡང་དགའ་སྟེ་ངེས་པའི་དོན་ཏོ། །བཅོམ་ལྡན་འདས་རྡོ་རྗེ་འཆང་བ་དེ་ཉིད་མཱ་མ་ཀཱིའི་གཟུགས་སུ་གྱུར་ནས་ཤར་ཕྱོགས་ཀྱི་གྲྭར་བཞུགས་སོ་ཞེས་བྱ་བ་ནི་སྒྲ་ཇི་བཞིན་པའོ། །དེ་བཞིན་
གཤེགས་པ་ཐམས་ཅད་ནི་རྣམ་པར་སྣང་མཛད་དོ། །དེ་རྗེས་སུ་མཉེས་པར་བྱེད་པའི་རྡོ་རྗེ་ནི་སངས་རྒྱས་སྤྱན་ཏེ་སྒྲ་ཇི་བཞིན་པའོ། །མོ་ཧ་ར་ཏི་ཞེས་བྱ་བ་ལ། གཏི་མུག་ནི་རྣམ་པར་སྣང་མཛད་དེ། དེ་ལ་དགའ་བས་ན་གཏི་མུག་དགའ་སྟེ་དྲང་བའི་དོན་ཏོ། །གཏི་མུག་རྣམ་

པར་དག་པ་ལ་དགའ་བས་ན་གཏི་མུག་དགའ་སྟེ་ངེས་པའི་དོན་ཏོ། །ལྷོ་ཕྱོགས་ཀྱི་གྲྭར་བཞུགས་སོ་ཞེས་བྱ་བ་ནི་སྒྲ་ཇི་བཞིན་པའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། འདོད་ཆགས་འཛིན་པ་ནི་འོད་དཔག་ཏུ་མེད་པའོ། །དེ་ལ་རྗེས་སུ་ཆགས་པར་བྱེད་པའི་
རྡོ་རྗེ་ནི་གོས་དཀར་མོ་སྟེ། དེ་ལ་དམིགས་པའི་ཏིང་ངེ་འཛིན་དེ་ལ་དེ་སྐད་ཅེས་བྱ་སྟེ་སྒྲ་ཇི་བཞིན་པའོ། །རཱ་ག་ར་ཏི་ཞེས་བྱ་བ་ནི། འདོད་ཆགས་ནི་འོད་དཔག་ཏུ་མེད་པའོ། །དེ་ལ་དགའ་བས་ན་འདོད་ཆགས་དགའ་སྟེ་དྲང་བའི་དོན་ཏོ། །འདོད་ཆགས་རྣམ་པར་དག་པ་ལ་དགའ་བ་
ནི་འདོད་ཆགས་དགའ་སྟེ་ངེས་པའི་དོན་ཏོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ནས། ནུབ་ཕྱོགས་ཀྱི་གྲྭར་བཞུགས་སོ་ཞེས་བྱ་བ་ནི་སྒྲ་ཇི་བཞིན་པའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་སྐུ་དང་གསུང་དང་ཐུགས་མི་རྟག་པའོ་ཞེས་གཞན་དག་ལ་སྟོན་པ་ནི། སྐུ་དང་གསུང་དང་ཐུགས་
སླུ་བ་སྟེ་ཡི་གེའི་དོན་ཏོ། །ཆོས་ཐམས་ཅད་ནི་སྟོང་པའོ་ཞེས་དམིགས་པ་ནི་སྐུ་དང་གསུང་དང་ཐུགས་སླུ་བ་སྟེ་སྤྱིའི་དོན་ཏོ། །སྣང་བ་གསུམ་གྱི་ངོ་བོ་ཉིད་ནི་སྐུ་དང་གསུང་དང་ཐུགས་ཏེ། སྣང་བ་དེ་དང་དེ་ཁམས་ཕྲ་བ་ལས་ཞུགས་ནས་སྐད་ཅིག་རེ་རེ་ཞིང་རྗེས་སུ་མྱོང་བར་བྱས་
ཏེ་སླར་ཡང་དངོས་པོ་མེད་པར་བྱས་པ་ནི། སྐུ་དང་གསུང་དང་ཐུགས་སླུ་བ་སྟེ་སྦས་པའོ། །ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་སོགས་པ་ལ་རིལ་པོར་འཛིན་པ་དང་། རྗེས་སུ་གཞིག་པའི་རིམ་གྱིས་སྣང་བ་མེད་པར་བྱས་པ་ནི་སྐུ་དང་གསུང་དང་ཐུགས་སླུ་བའོ། །མི་ཕྱེད་པས་ན་
རྡོ་རྗེ་སྟེ། དེ་ལ་དམིགས་པའི་ཏིང་ངེ་འཛིན་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་སླུ་བ་རྡོ་རྗེ་ཞེས་བྱ་སྟེ་མཐར་ཐུག་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཤེས་རབ་འཛིན་པ་ནི་དོན་ཡོད་པར་གྲུབ་པའོ། །དེ་རྗེས་སུ་ཆགས་པ་རྡོ་རྗེའི་དམ་
ཚིག་ནི་སྒྲོལ་མ་སྟེ། དེའི་རྣམ་པར་ཐུགས་རྩེ་གཅིག་ཏུ་མཛད་དོ་ཞེས་བྱ་བའི་བར་དུ་སྟེ་སྒྲ་ཇི་བཞིན་པའོ། །བཛྲ་ར་ཏི་ཞེས་བྱ་བ་ལ་རྡོ་རྗེ་ནི་དོན་ཡོད་པར་གྲུབ་པའོ། །དེ་ལ་དགའ་བས་ན་རྡོ་རྗེ་དགའ་སྟེ་དྲང་བའི་དོན་དང་། རྡོ་རྗེ་ཡེ་ཤེས་ལ་དགའ་བས་ན་དགའ་སྟེ། ངེས་པའི་དོན་

ཏོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་བྱང་ཕྱོགས་ཀྱི་གྲྭར་བཞུགས་པ་ནི་སྒྲ་ཇི་བཞིན་པའོ། །ལྷ་མོ་བཞི་པོ་འདི་དག་ནི་ལྷན་ཅིག་སྤྱོད་པ་སྟེ། དེ་རྣམས་དང་ལྷན་ཅིག་ཡང་དག་པར་སྦྱོར་བར་མཛད་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕུན་སུམ་ཚོགས་པའི་མཆོག་བསྐྱེད་
པས་ན་བཙུན་མོའི་མཆོག་གོ། །འདོད་པའི་དབང་ཕྱུག་ཡིན་པས་བཙུན་མོའི་མཆོག་དམ་ཚིག་ཕུན་སུམ་ཚོགས་པའོ་ཞེས་བྱ་བའི་སྒྲས་གསུངས་ཏེ་སྒྲ་ཇི་བཞིན་པའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། ཁྲོ་བོ་ཕྱུང་ངོ་ཞེས་བྱ་བར་སྦྱར་ཏེ། རྣམ་པར་སྣང་མཛད་ཉིད་ཀྱིས་དབང་
བསྐུར་བའི་ངོ་བོ་ཉིད་ཀྱི་རྡོ་རྗེ་གང་ཡིན་པ་དེ་ནི་རྣམ་པར་སྣང་མཛད་རྡོ་རྗེ་སྟེ། དེ་ལ་དམིགས་པའི་ཏིང་ངེ་འཛིན་ནི་རྣམ་པར་སྣང་མཛད་རྡོ་རྗེ་ཞེས་བྱ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དཀྱིལ་འཁོར་བྱིན་གྱིས་རློབ་ཅིང་སྐྱེད་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱ་སྟེ་སྒྲ་ཇི་བཞིན་
པའོ། །ཡ་མཱནྟ་ཀྲྀཏ་ཅེས་བྱ་བ་ལ། གཤིན་རྗེ་ནི་དམྱལ་བ་སྟེ། དེ་བཅོམ་ལྡན་འདས་ཀྱི་ཁྲོ་བོ་ཆེན་པོའི་ཏིང་ངེ་འཛིན་གྱིས་མཐར་ཐུག་པར་མཛད་ཅིང་འཇིག་པར་མཛད་པས་ན་གཤིན་རྗེ་མཐར་བྱེད་དེ་དྲང་བའི་དོན་ཏོ། །གཤིན་རྗེ་ནི་རྨོངས་པའི་མུན་པ་སྟེ་མ་རིག་པའོ། །དེ་དོན་
དམ་པའི་བདེན་པས་མཐར་ཐུག་པར་མཛད་ཅིང་འཇིག་པར་མཛད་པས་ན་གཤིན་རྗེ་མཐར་བྱེད་དེ་ངེས་པའི་དོན་ཏོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ནས་ཤར་ཕྱོགས་ཀྱི་སྒོར་བཞུགས་སོ་ཞེས་བྱ་བ་ནི་སྒྲ་ཇི་བཞིན་པའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། དེ་བཞིན་གཤེགས་
པ་ཐམས་ཅད་ཀྱི་མངོན་པར་བྱང་ཆུབ་པ་ནི་རིན་ཆེན་འབྱུང་ལྡན་ནོ། །དེའི་ཅོད་པན་གྱི་རྡོ་རྗེ་གང་ཡིན་པ་སྟེ། ཁྲོ་བོ་གཞན་གྱིས་མི་ཐུབ་པ་དེ་ལ་དམིགས་པའི་ཏིང་ངེ་འཛིན་ནི་མངོན་པར་བྱང་ཆུབ་པ་རྡོ་རྗེ་ཞེས་བྱ་སྟེ་དྲང་བའི་དོན་ཏོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མངོན་
པར་བྱང་ཆུབ་པ་ནི་འོད་གསལ་བའོ། །དེ་ཉིད་རྡོ་རྗེ་སྟེ། དེ་ལ་དམིགས་པ་ནི་ངེས་པའི་དོན་ཏོ། །པྲཛྙཱནྟ་ཀྲྀཏ་ཅེས་བྱ་བ་ལ་ཤེས་རབ་ཀྱིས་ཉོན་མོངས་པ་འཇིག་པར་མཛད་པས་ན་ཤེས་རབ་མཐར་བྱེད་དེ་དྲང་བའི་དོན་ཏོ། །རྣམ་པར་རྟོག་པའི་བདག་ཉིད་ཅན་ནི་ཤེས་རབ་

སྟེ། དེ་འོད་གསལ་བར་མཛད་པས་མཐར་བྱེད་པས་ན་ཤེས་རབ་མཐར་བྱེད་དེ་ངེས་པའི་དོན་ཏོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། རྡོ་རྗེའི་དམ་ཚིག་གིས་གདུག་པ་རྣམས་སྐྲག་པར་མཛད་པས་ན་རྡོ་རྗེའི་དམ་ཚིག་བསྙེངས་པར་བྱེད་པའོ། །ཡང་ན་རྡོ་
རྗེའི་དམ་ཚིག་ནི་འཇིག་རྟེན་པའི་མཁའ་འགྲོ་མ་རྣམས་སོ། །དེ་རྣམས་སྐྲག་པར་མཛད་པས་ན་རྡོ་རྗེའི་དམ་ཚིག་བསྙེངས་པར་བྱེད་པ་ཞེས་བྱའོ། །ལྷོ་ཕྱོགས་ཀྱི་སྒོར་བཞུགས་སོ་ཞེས་པ་ནི་སྒྲ་ཇི་བཞིན་པའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། ཆོས་རིན་པོ་ཆེ་ནི་འོད་
དཔག་ཏུ་མེད་པའོ། །དེ་ཉིད་འབྱུང་གནས་ཏེ་དེའི་རིགས་སུ་གྱུར་པ་རྟ་མགྲིན་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱ་སྟེ། ཏིང་ངེ་འཛིན་གང་ལ་དེ་སྐད་ཅེས་བྱ་བ་དེ་ལ་སྙོམས་པར་ཞུགས་པ་སྟེ་དྲང་བའི་དོན་ཏོ། །ཆོས་རིན་པོ་ཆེ་ནི་འོད་གསལ་བའོ། །དེ་ཉིད་འབྱུང་གནས་ཏེ་བསྐྱེད་པའི་
རྟ་མགྲིན་གང་ཡིན་པ་དེ་ལ་དམིགས་པའི་ཏིང་ངེ་འཛིན་དེ་ལ་སྙོམས་པར་ཞུགས་པ་སྟེ་ངེས་པའི་དོན་ཏོ། །པད་མཱནྟ་ཀྲྀཏ་ཅེས་བྱ་བ་ལ་པདྨ་ཆུས་མ་གོས་པ་བཞིན་དུ། ཉོན་མོངས་པ་རྣམས་ཀྱིས་གོས་པར་མ་གྱུར་ཅིང་། དེ་ཉིད་འཇིག་པར་མཛད་པས་ན་པདྨ་མཐར་བྱེད་དེ་དྲང་བའི་དོན་
ཏོ། །པདྨ་ནི་སྐྱེས་གནས་སོ། །མཐའ་ནི་ནང་སྟེ། དེར་དབང་པོ་གཉིས་སྙོམས་པར་ཞུགས་པའི་ཐབས་ཀྱི་མཆོག་ཏུ་དགའ་བའི་བདེ་བ་སྐྱེད་པས་མཛད་པར་ན་པདྨ་མཐར་བྱེད་དེ་ངེས་པའི་དོན་ཏོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ནས་ནུབ་ཕྱོགས་ཀྱི་སྒོར་བཞུགས་སོ་ཞེས་པ་ནི་
སྒྲ་ཇི་བཞིན་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ནི་དོན་ཡོད་པར་གྲུབ་པའོ། །དེ་ཉིད་རྡོ་རྗེ་སྟེ་ཁྲོ་བོ་བདུད་རྩི་ཐབ་སྦྱོར་གང་ཡིན་པ་སྟེ། དེ་ལ་དམིགས་པའི་ཏིང་ངེ་འཛིན་དེ་ལ་ཡང་དེ་སྐད་ཅེས་བྱ་སྟེ་དྲང་བའི་དོན་ཏོ། །དེ་བཞིན་
གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེའི་རྣམ་པར་དག་པའི་གནས་ནི་འོད་གསལ་བ་སྟེ། དེ་ལ་དམིགས་པ་སྟེ་ངེས་པའི་དོན་ཏོ། །བིགྷྣཱནྟ་ཀྲྀ་ཏ་ཅེས་བྱ་བ་ལ། བགེགས་རྣམས་མཐར་མཛད་ཅིང་འཇིག་པར་མཛད་པས་ན་བགེགས་མཐར་བྱེད་དེ་

དྲང་བའི་དོན་ཏོ། །བགེགས་ནི་ཁམས་བཞི་པོ་སྟེ། དེ་དག་འཕེལ་བ་དང་། འགྲིབ་པས་ལུས་གཟིར་བས་ན་བགེགས་སོ། །དེ་རྣམས་ཐབས་ཀྱི་ཡེ་ཤེས་ཤར་བས་རྣམ་པར་འཇིག་པར་མཛད་པས་ན་བགེགས་མཐར་བྱེད་དེ་ངེས་པའི་དོན་ཏོ། །དེ་ནས་ཞེས་བྱ་བ་ལ་སོགས་
པ་ལ་བྱང་ཕྱོགས་ཀྱི་སྒོར་བཞུགས་ནས་དཀྱིལ་འཁོར་པ་རྣམས་མཉེས་པར་བྱེད་པའི་ཕྱིར་དམ་ཚིག་ལ། སེམས་དཔའ་ནི་དཀྱིལ་འཁོར་གྱི་དམ་ཚིག་སེམས་དཔའ་རྣམས་ཏེ། བགེགས་ཐམས་ཅད་རྣམ་པར་འཇིག་པར་མཛད་པའི་ཕྱིར་ཏེ་སྒྲ་ཇི་བཞིན་པའོ། །དེ་ལྟར་སྒོ་རྣམ་པ་
བཞིར་བཀོད་ནས། ཤར་ཕྱོགས་ཀྱི་མཚམས་ནས་བརྩམས་ཏེ་མི་གཡོ་བ་ལ་སོགས་པ་དགོད་པར་བྱའོ། །ཤར་ཕྱོགས་ཀྱི་སྣམ་བུ་ནས་བརྩམས་ཏེ། བྱམས་པ་ལ་སོགས་པ་དགོད་དོ། །ནང་གི་དཀྱིལ་འཁོར་གྱི་ཕྱི་རོལ་གྱི་ཤར་ཕྱོགས་ཀྱི་མཚམས་ནས་བརྩམས་ཏེ་
གཟུགས་རྡོ་རྗེ་ལ་སོགས་དགོད་དོ། །ཐམས་ཅད་ཀྱི་གདན་ལ་སོགས་པའི་ངེས་པ་ནི་སྒྲུབ་པའི་ཐབས་སུ་བྱས་པ་ཉིད་ཡིན་ནོ། །ལྷའི་རྣལ་འབྱོར་ཇི་ལྟ་བ་ཉིད་དང་། དཀྱིལ་འཁོར་བཅོམ་ལྡན་འདས་ཀྱིས་གཞན་དག་ཏུ་རྫོགས་པར་མ་གསུངས་པ་ནི། སློབ་དཔོན་མེད་པར་
འཇུག་པར་མ་གྱུར་ཅིག་སྙམ་དུ་དགོངས་པ་ཡིན་ནོ། །ཇི་ལྟར་སྐུའི་དཀྱིལ་འཁོར་ལ་ལྷ་སུམ་ཅུ་རྩ་གཉིས་དགོས་པ་འབྱུང་བ་དེ་བཞིན་དུ། ཕྱུང་བའི་དཀྱིལ་འཁོར་ལ་ཡང་སྐུའི་དཀྱིལ་འཁོར་དང་འདྲ་སྟེ་དེ་བཞིན་དུ་འདིར་ཡང་བལྟའོ། །འདི་ལྟར་རེ་ཞིག་ལྷ་སུམ་ཅུ་རྩ་
གཉིས་དགོད་པར་ཤེས་པར་བྱའོ། །འདི་ཇི་ལྟར་ཤེས་ཤེ་ན། དེ་བརྗོད་པར་བྱ་སྟེ། བཅོམ་ལྡན་འདས་ཉིད་ཀྱིས་བཤད་པའི་རྒྱུད་ལས་རྣམ་པར་ཕྱེ་བས་འདུས་པའི་དོན་ཐེ་ཚོམ་མེད་པ་ལ་འཇུག་པར་བྱ་སྟེ། སེམས་ཀྱིས་གཞན་ནི་མི་བསམ་པར། །སེམས་དཔའ་
ཆེན་པོས་མཉན་པར་བགྱི། །རྡོ་རྗེ་སློབ་དཔོན་ལུས་འདི་ལ། །རྒྱལ་བའི་སྐུ་ནི་རིམ་བཞིན་གནས། །དང་པོ་སྐུ་ཡི་རྡོ་རྗེ་ནི། །གཟུགས་ཕུང་ལ་ནི་ཡང་དག་བཞུགས། །རྗེས་སུ་ཆགས་པའི་རྡོ་རྗེ་ནི། །ཚོར་བ་ཡི་ནི་ཕུང་པོར་བཞུགས། །བཅོམ་ལྡན་གསུང་གི་རྡོ་རྗེ་ནི། །འདུ་

ཤེས་ཀྱི་ནི་ཕུང་པོར་བཞུགས། །མཆོད་པ་ཀུན་གྱི་རྡོ་རྗེ་ནི། །འདུ་བྱེད་ཀྱི་ནི་ཕུང་པོར་བཞུགས། །བཅོམ་ལྡན་ཐུགས་ཀྱི་རྡོ་རྗེ་ནི། །རྣམ་ཤེས་ཕུང་པོར་ཡང་དག་བཞུགས། །ཡང་། འདི་ཡི་ཤ་སོགས་ས་ཁམས་ལ། །བཅོམ་ལྡན་འདས་ཡུམ་སྤྱན་
བཞུགས་སོ། །ཁྲག་སོགས་ཆུ་ཡི་ཁམས་ལ་ནི། །བཅོམ་ལྡན་འདས་ཡུམ་མཱ་མ་བཞུགས། །དྲོ་བ་ལ་སོགས་མེ་ཁམས་ལ། །བཅོམ་ལྡན་འདས་ཡུམ་གོས་དཀར་བཞུགས། །བསྐྱོད་པ་ལ་སོགས་རླུང་ཁམས་ལ། །བཅོམ་ལྡན་འདས་ཡུམ་སྒྲོལ་མ་བཞུགས། །དེའི་
མིག་དབང་པོ་གཉིས་ལ་ནི། །དེ་བཞིན་གཤེགས་པ་ས་སྙིང་པོ། །དེ་ཡི་རྣ་བའི་དབང་གཉིས་ལ། །བདེ་གཤེགས་ཕྱག་ན་རྡོ་རྗེའོ། །དེ་ཡི་སྣ་ཡི་དབང་པོ་ལ། །དེ་བཞིན་གཤེགས་པ་མཁའ་སྙིང་པོ། །དེ་ཡི་ལྕེ་དབང་ལ་བཞུགས་པ། །དེ་བཞིན་གཤེགས་པ་འཇིག་རྟེན་དབང་། །
ཁམས་བཞིའི་རང་བཞིན་གོང་བུ་ནི། །ལུས་ཞེས་བྱ་བར་གདགས་པ་ལ། །སྒྲིབ་པ་ཐམས་ཅད་རྣམ་སེལ་བ། །དེ་བཞིན་གཤེགས་པ་དེར་བཞུགས་སོ། །དེ་ཡི་ཡིད་ཀྱི་དབང་པོ་ལ། །དེ་བཞིན་གཤེགས་པ་འཇམ་དབྱངས་བཞུགས། །ལུས་ཀྱི་ཚིགས་ནི་ཐམས་ཅད་ལ། །དེ་བཞིན་
གཤེགས་པ་ཀུན་དུ་བཟང་། །ལུས་ཀྱི་རྩ་རྒྱུས་ཐམས་ཅད་ལ། །དེ་བཞིན་གཤེགས་པ་བྱམས་པའོ། །ལག་པ་གཡས་པའི་རྩ་བར་ནི། །དེ་བཞིན་གཤེགས་པ་གཤིན་རྗེ་གཤེད། །ལག་པ་གཡོན་པའི་རྩ་བར་ནི། །བདེ་གཤེགས་གཞན་གྱིས་མི་ཐུབ་པ། །ཁ་ཡི་པདྨར་
བཞུགས་པ་ནི། །དེ་བཞིན་གཤེགས་པ་རྟ་མགྲིན་ནོ། །གསང་བའི་གནས་སུ་བཞུགས་པ་ནི། །དེ་བཞིན་གཤེགས་པ་བདུད་རྩི་འཁྱིལ། །དཔུང་པ་གཡས་པར་བཞུགས་པ་ནི། །དེ་བཞིན་གཤེགས་པ་མི་གཡོ་བ། །དཔུང་པ་གཡོན་པར་བཞུགས་པ་ནི། །དེ་བཞིན་གཤེགས་
པ་འདོད་པའི་རྒྱལ། །པུས་མོ་གཡས་ལ་བཞུགས་པ་ནི། །དེ་བཞིན་གཤེགས་པ་དབྱིག་པ་སྔོ། །པུས་མོ་གཡོན་པར་བཞུགས་པ་ནི། །དེ་བཞིན་གཤེགས་པ་སྟོབས་པོ་ཆེ། །རང་གི་སྤྱི་བོར་བཞུགས་པ་ནི། །དེ་བཞིན་གཤེགས་པ་འཁོར་ལོས་སྒྱུར། །འོག་གི་རྐང་པར་

བཞུགས་པ་ནི། །དེ་བཞིན་གཤེགས་པ་གནོད་མཛེས་ཏེ། །ལུས་ནི་འདི་ཉིད་ཀུན་ལ་འདིར། །དེ་བཞིན་གཤེགས་པ་ཐམས་ཅད་བཞུགས། །སྐུ་ཡི་དཀྱིལ་འཁོར་ཞེས་བརྗོད་པ། །རྡོ་རྗེ་སློབ་དཔོན་ཉིད་ཀྱི་ལུས། །སངས་རྒྱས་རྣམས་ཀྱི་སྐུ་རྫོགས་པ། །འདི་དག་མ་ལུས་
རྫོགས་སངས་རྒྱས། །རྡོ་རྗེར་ལེགས་བྱས་བསྟན་པ་ནི། །མྱ་ངན་འདས་ལ་འཇུག་པར་འགྱུར། །མྱ་ངན་འདས་པ་མྱུར་ཐོབ་པ། །ཁྱེད་ཀྱི་དགེ་བ་ཡོངས་སྨིན་པ། །དེ་བས་རྡོ་རྗེ་སློབ་དཔོན་གྱི། །ལུས་ལ་རྒྱལ་བ་ཐམས་ཅད་བཞུགས། །མཐོང་ན་དོན་ནི་ཡོད་པ་ཀྱེ། །ཕྱི་མའི་
དུས་ན་སེམས་དཔའ་ཆེ། །དེ་བས་སེམས་ཅན་ཐམས་ཅད་ཀྱིས། །རབ་ཏུ་འབད་དེ་བླ་མ་བསྟེན། །དེ་ནས་མཐོང་བ་དོན་ཡོད་བཅས། །བྱང་ཆུབ་སེམས་དཔའ་གྲགས་པ་ཆེ། །དགའ་ཞིང་མགུ་ལ་རབ་དང་བས། །ཕྱག་འཚལ་ནས་ནི་མཆི་མ་བླགས། །ཞེས་རྡོ་རྗེ་ཕྲེང་བ་
ལས་གསུངས་སོ། །རིག་པ་འདིས་ན་བྲི་བའི་དཀྱིལ་འཁོར་དུ་ཡང་ལྷ་སུམ་ཅུ་རྩ་གཉིས་དགོད་པར་བྱའོ། །གླེང་གཞིའི་དབང་དུ་མཛད་ནས་ཀྱང་དོན་གང་ཡིན་པ་སྟེ་བསྟན་པ་ཡིན་ནོ། །རྒྱུད་ཀྱི་དོན་ལྷག་མ་རྣམས་དེ་ཉིད་དུ་བཤད་མོད་ཀྱི་སྐབས་ལ་བབ་པ་མ་ཡིན་ནོ། །དེ་བཞིན་གཤེགས་པ་
ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་གསང་བ་གསང་བ་འདུས་པ་ལས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་བྱིན་གྱིས་རློབ་པ་ཞེས་བྱ་བའི་ལེའུ་ཞེས་བྱ་བ་ནི། སྐུ་དང་གསུང་དང་ཐུགས་གསང་བ་ལ་གཟིགས་ནས་ཐུགས་སུ་ཆུད་པར་མཛད་
པས་ན། གསང་བ་འདུས་པ་སྟེ་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་བྱིན་གྱིས་རློབ་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱ་སྟེ། ལེའུ་ཞེས་བྱ་བ་ནི་ཇི་ལྟར་གོས་ཀྱིས་མཆུ་སྦྲང་ལ་སོགས་པའི་ཉེ་བར་འཚེ་བ་ཟློག་པ་དེ་བཞིན་དུ་རྒྱུད་ཀྱི་དོན་འདིས་ཉོན་མོངས་པ་དང་ལས་དང་སྐྱེ་བའི་ཉེ་བར་འཚེ་བ་
ཟློག་པས་ན་གོས་དང་འདྲ་བའི་ཕྱིར་ལེའུའོ། །དེ་ལེན་ཅིང་འཛིན་པར་བྱེད་པས་ན། དེ་སྟོན་པའི་གཞུང་གི་ཚོགས་ལ་ཡང་ལེའུ་ཞེས་བྱའོ། །སྒྲོལ་མ་གསལ་བར་བྱེད་པ་ཞེས་བྱ་བའི་རྒྱ་ཆེར་འགྲེལ་པ་ལས་ལེའུ་དང་པོའི་མཐའ་དྲུག་གིས་བཤད་པའོ།། །།དེ་ལྟར་ལེའུ་དང་

པོར་ཐམས་ཅད་བསྟན་ནས་རྫོགས་པའི་རིམ་པ་གསལ་བར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གཉིས་པ་བྱང་ཆུབ་ཀྱི་སེམས་ཀྱི་ལེའུ་གསུངས་ཏེ། དེ་ནས་བཅོམ་ལྡན་འདས་ཕྱག་འཚལ་ནས། འདི་སྐད་ཅེས་གསོལ་ཏོ་ཞེས་བྱ་བར་སྦྱར་རོ། །
དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་བདག་པོ་ནི། རྡོ་རྗེ་འཆང་ཆེན་པོ་ཡིན་པ་ལ་དེ་ལ་མཆོད་པ་དང་ཕྱག་བྱས་ནས་བཅོམ་ལྡན་འདས་ལ་གསོལ་བ་བཏབ་པ་སྟེ། བླ་ན་མེད་པའི་བྱང་ཆུབ་སེམས། །བཤད་དུ་གསོལ་ཞེས་བྱ་བར་སྦྱར་རོ། །སྐུ་དང་གསུང་
དང་ཐུགས་གསུམ་གྱི་མི་ཕྱེད་པའི་ངོ་བོ་ཉིད་ནི། རྒྱུ་ལ་འབྲས་བུའི་ཉེ་བར་གདགས་པས་མཆོག་གོ། །བྱ་བའི་རྒྱུད་ལ་སོགས་པ་ལ་གནས་པ་རྣམས་ལ་མི་བསྟན་པས་གསང་བའོ། །དེ་ཉིད་ཀྱིས་ན་བླ་ན་མེད་པའོ། །སྒྲིབ་པ་ཐམས་ཅད་ལས་རྣམ་པར་གྲོལ་བས་ན་སྙིང་པོའོ། །དེ་
ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་དེ་དག་ལ་འདི་སྐད་ཅེས་བཀའ་སྩལ་ཏོ་ཞེས་བྱ་བར་སྦྱར་ཏེ། སེམས་ཀྱི་ཡོངས་སུ་རྟོག་པ་ཞེས་བྱ་བ་ལ་སོགས་པ་ལ། གལ་ཏེ་བཅོམ་ལྡན་འདས་ཀྱིས་བདག་ཅག་རྣམས་ལ་ཡོངས་སུ་དག་པའི་ལྷའི་སྐུ་སྐྱེད་པའི་ཕྱིར། བྱང་ཆུབ་
ཆེན་པོའི་སེམས་བསྟན་པར་མཛད་ན་དེས་ནི་སེམས་ཅན་གྱི་དོན་ཆེན་པོར་འགྱུར་རོ་ཞེས་བྱའོ། །དེ་ལྟ་བུའི་སེམས་ཀྱི་ཡོངས་སུ་རྟོག་པ་ཐུགས་ཀྱིས་མཁྱེན་ནས་འདི་སྐད་ཅེས་བཀའ་སྩལ་པ་སྟེ་སྒྲ་ཇི་བཞིན་པའོ། །ཁྱེད་ཀྱིས་ཞེས་བྱ་བ་ལ་སོགས་པ་ལ། སེམས་ལུས་
ལྟ་བུ་དང་ཞེས་བྱ་བ་ནི་སྐུ་རྡོ་རྗེ་ལྟ་བུར་རོ། །ལུས་སེམས་ལྟ་བུ་དང་ཞེས་བྱ་བ་ནི་ཐུགས་རྡོ་རྗེ་ལྟ་བུར་རོ། །སེམས་ཚིག་ཏུ་བརྗོད་པ་ལྟ་བུར་ཞེས་བྱ་བ་ནི་ཚིག་ཏུ་བརྗོད་པ་ནི་ངག་ཏུ་སྨྲ་བ་སྟེ། དེས་ན་གསུང་རྡོ་རྗེ་ལྟ་བུར་བྱ་བའི་དོན་ཏོ། །སྐྱེད་ཅིག་ཅེས་བྱ་བ་ནི། རྡོ་རྗེ་གསུམ་མི་ཕྱེད་པའི་
ངོ་བོ་ཉིད་ཀྱིས་བྱང་ཆུབ་ཀྱི་སེམས་སྐྱེད་ཅིག་པའོ། །དེ་ཇི་ལྟ་བུར་ཞེ་ན་འདིར་གསུང་བ། དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། སྐུ་དང་གསུང་དང་ཐུགས་རྣམས་ནི་ནམ་མཁའ་ལྟ་བུ་སྟེ། སྟོང་པ་ཉིད་ཀྱི་ངོ་བོ་ཉིད་དུ་ཡང་དག་པར་སྦྱར་ཞིང་གཅིག་ཏུ་བྱས་ནས་ཞེས་པ་སྟེ་དྲང་བའི་དོན་ཏོ། །

ཁྱེད་ཀྱིས་སྐྱེད་ཅིག་པ་ནི་ཡིད་ཀྱི་རང་བཞིན་གྱི་ལུས་སྐྱེད་ཅིག་པའོ། །ཇི་ལྟ་བུར་ཞེ་ན། སེམས་ལུས་ལྟ་བུར་དང་ཞེས་བྱ་བ་གསུངས་ཏེ། སེམས་གསུམ་པོ་ཁམས་ཕྲ་བ་དང་ལྷན་ཅིག་ཏུ་ལོངས་སྤྱོད་རྫོགས་པའི་སྐུ་ལྟ་བུར་ལུས་གང་བསྐྱེད་པ་དེ་ནི་སེམས་ཉིད་ཡིན་ནོ། །ལུས་
སེམས་ལྟ་བུ་ནི་སེམས་ཉིད་ལས་གཞན་ན་ཅི་ཡང་མེད་པས་སོ། །སེམས་ཚིག་ཏུ་བརྗོད་པ་ལྟ་བུར་སྐྱེད་ཅིག་ཅེས་བྱ་བ་ནི། ཚིག་ཏུ་བརྗོད་པ་གང་ཡིན་པ་དེ་དང་དེའི་ངོ་བོར་སེམས་ཉིད་སྐྱེད་ཅིག་པའོ། །སྐུ་དང་ཞེས་བྱ་བ་ལ་སོགས་པ་ལ་དེ་ལྟར་བསྐྱེད་པའི་སྐུ་དང་གསུང་དང་
ཐུགས་ནམ་མཁའ་ལྟ་བུར་ཞེས་བྱ་བ་ནམ་མཁའི་ངོ་བོ་ཉིད་ཀྱིས་འོད་གསལ་བར་ཡང་དག་པར་སྦྱར་ཞིང་གཅིག་ཏུ་བྱས་ནས་རྡོ་རྗེ་འཆང་ཆེན་པོར་བདག་ཉིད་བསྐྱེད་པར་བྱ་བ་སྟེ། དཔལ་རྡོ་རྗེ་ཕྲེང་བ་ཞེས་བྱ་བ་རྣལ་འབྱོར་ཆེན་པོའི་རྒྱུད་ལས་ཀྱང་། སྙིང་པོར་གྱུར་པ་རང་སྲོག་ལས། །
ཁམས་གསུམ་ན་ནི་གཞན་མེད་དེ། །སྒྱུ་མར་གྱུར་པ་རང་སྲོག་ལ། །རྨི་ལམ་རྨི་བ་བཞིན་དུ་བལྟ། །ཁམས་གསུམ་བདག་ཉིད་དེ་བཞིན་ཉིད། །གཅིག་ཏུ་མྱུར་བར་མཐོང་བ་ནི། །བྱིན་གྱིས་བརླབས་ནས་དེ་བཞིན་ཉིད། །དངོས་གྲུབ་མྱུར་བར་ཐོབ་པར་འགྱུར། །ཞེས་
གསུངས་ཏེ། ངེས་པའི་དོན་ཏོ། །ཨེ་མ་ཧོ་ཞེས་བྱ་བ་ལ་སོགས་པ་ལ། ཀུན་དུ་བཟང་པོ་ནི་རྡོ་རྗེ་འཆང་ཆེན་པོ་སྟེ། དེའི་བྱང་ཆུབ་ཀྱི་སེམས་རབ་ཏུ་བསྟན་པ་ནི་ངོ་མཚར་ཆེའོ་ཞེས་པའོ། །གང་གིས་ཤེ་ན། སྐྱེ་བ་མེད་པའི་ཚུལ་གྱིས་སུ། །ཞེས་བྱ་བ་སྟེ་སྐྱེ་བ་མེད་པ་
ནི་དོན་དམ་པའི་བདེན་པའོ། །དེར་ཡིད་ཀྱི་རང་བཞིན་གྱིས་ལུས་ཀྱི་འཇུག་པ་ནི་སྐྱེ་བ་མེད་པའི་ཚུལ་ཏེ། དེ་སྐྱེ་བ་ཅེས་བྱ་བ་ནི་འོད་གསལ་བ་ལས་ཡོངས་སུ་དག་པའི་ལྷའི་སྐུ་འཛིན་པའི་མཚན་ཉིད་དུ་བཞེངས་པ་འདི་ནི་སྐྱེ་བ་ཡིན་པར་གང་གིས་རབ་ཏུ་བསྒྲགས་ཤིང་བརྗོད་
པའོ་ཞེས་པ་སྟེ་དགོངས་པ་མ་ཡིན་པའོ། །དེ་བཞིན་གཤེགས་པ་དྲུག་པོ་རྣམས་ཀྱི་ཇི་ལྟར་རང་རང་གི་བྱང་ཆུབ་ཀྱི་སེམས་ཀྱི་ཚིགས་སུ་བཅད་པ་རྣམས་ཀྱིས་ཏིང་ངེ་འཛིན་འདི་ཉིད་ཇི་ལྟ་བར་སྟོན་པར་མཛད་དེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མངོན་པར་རྫོགས་

པར་བྱང་ཆུབ་པ་ནི་བདེན་པ་གཉིས་གཉིས་སུ་མེད་པའི་མཚན་ཉིད་དོ། །དེའི་ཚུལ་ནི་དེ་མངོན་སུམ་དུ་བྱ་བའི་ཐབས་སོ། །དེ་ཉིད་ནི་རྡོ་རྗེ་ལྟར་མི་ཕྱེད་པས་ན་རྡོ་རྗེ་སྟེ། དེའི་ཏིང་ངེ་འཛིན་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱ་སྟེ་དགོངས་པ་མ་ཡིན་པས་བཤད་པའོ། །
བརྟན་པ་དང་གཡོ་བའི་དངོས་པོ་ཐམས་ཅད་ཀྱི་ངོ་བོ་ཉིད་ནི་མེད་པ་ཡིན་ན་ནི་སྒོམ་པ་མེད་པ་སྟེ་བསྒོམ་པར་བྱ་བ་མེད་པའི་ཕྱིར་རོ། །བསྒོམ་པར་བྱ་བ་བསྒོམ་པ་མིན། །ཞེས་བྱ་བ་ནི། གང་ཡོད་པར་བསྒོམ་པ་དེ་ཡང་བསྒོམ་པ་མ་ཡིན་ཏེ། བསྒོམ་པར་བྱ་བ་དང་བྲལ་བས་ཡོད་པ་མ་ཡིན་
པས་སོ། །དེ་ལྟར་ཞེས་པ་ནི་དངོས་པོ་མེད་པ་དང་དངོས་པོ་ཡོད་པར་འདོད་པ་དང་ལྡན་པ་གང་ཡིན་པ་དེ་ནི་དངོས་པོ་མེད་པ་ཉིད་དེ་ཕྱོགས་གཉི་ག་དང་འགལ་ལོ། །དེ་བས་ན་བསྒོམ་པར་བྱ་བ་དང་སྒོམ་པ་པོ་དང་བསྒོམ་པ་དམིགས་སུ་མེད་པ་སྟེ་ཡི་གེའི་དོན་ཏོ། །སྟེང་འོག་ལ་སོགས་པའི་
དབྱེ་བས་ཆོས་ཐམས་ཅད་རྣམ་པར་བསལ་ནས། འདུས་བྱས་དང་འདུས་མ་བྱས་ཀྱི་ཆོས་རྣམས་ནི་སྟོང་པའོ་ཞེས་ཀྱང་བསྒོམ་པ་ནི་མེད་དེ། སྟོང་པ་ཉིད་ལ་མངོན་པར་ཞེན་པའི་ལྟ་བ་ཡིན་པའི་ཕྱིར་རོ། །མཚན་མ་བཟློག་པར་བྱ་བའི་ཕྱིར། །བསྒོམ་པར་བྱ་བ་སྒོམ་པ་མིན། །ཞེས་
བྱ་བ་གསུངས་ཏེ། གང་ཡང་རྒྱུ་དང་འབྲས་བུའི་རྣམ་པ་ལ་མངོན་པར་ཞེན་ནས་སྒོམ་ན། དེ་ཉིད་ཀྱང་རིགས་པ་མ་ཡིན་ཏེ། རྒྱུ་དང་འབྲས་བུ་གཉིས་སུ་མེད་པའི་ཕྱིར་རོ། །སྨོན་པ་བཟློག་པའི་ཕྱིར་དེ་ལྟར་དངོས་པོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལྟར་ཕྱི་རོལ་གྱི་རྣམ་པའི་སྨོན་
པའི་འབྲས་བུ་དེ་ཡང་མེད་དེ། སྨོན་ལམ་ལ་སོགས་པའི་ཉེ་བར་དམིགས་པ་མེད་པའི་ཕྱིར་རོ། །དེ་བས་ན་ཕྱི་རོལ་གྱི་དངོས་པོ་ལྟ་བུར་སྒོམ་པ་དམིགས་སུ་མེད་ཅིང་ཡོད་པ་མ་ཡིན་ཏེ་སེམས་ཀྱི་རང་བཞིན་མེད་པའི་ཕྱིར་རོ། །སྤྱིའི་དོན་ཏོ། །དངོས་པོ་མེད་པ་ནི་གང་ཕུང་པོ་ལ་སོགས་པ་
དེ་རྣམས་ནི་དངོས་པོ་མེད་པ་སྟེ་བསྒོམ་པར་བྱ་བར་གྱུར་པ་དེ་སེམས་ཙམ་གང་ཡིན་པ་དེ་ནི་དངོས་པོ་མེད་དེ་རྣམ་པར་མ་དག་པ་དང་། རྟག་ཏུ་མེད་པ་ཡིན་པའི་ཕྱིར་རོ། །ཀུན་རྫོབ་ཀྱི་བདེན་པ་བཟློག་པར་བྱ་བའི་ཕྱིར། བསྒོམ་པར་བྱ་བ་སྒོམ་པ་མིན། །ཞེས་བྱ་བ་གསུངས་ཏེ། གང་

ཀུན་རྫོབ་ཀྱི་བདེན་པའི་བདག་ཉིད་ཅན་སྒྱུ་མ་ལྟ་བུའི་ལྷའི་སྐུ་སྒོམ་པ་དེ་ཡང་མི་རིགས་ཏེ། འོད་གསལ་བས་རྣམ་པར་དག་པའི་ཕྱིར་རོ། །དེ་ལྟར་ན་ཀུན་རྫོབ་ཀྱི་བདེན་པ་ཙམ་གྱིས་དངོས་པོ་ནི་དངོས་པོ་མ་ཡིན་ཏེ་བདེན་པ་གཉིས་དབྱེར་མེད་པའི་ཕྱིར་རོ། །དེ་བས་ན་བསྒོམ་པ་སྟེ་བདེན་པ་གཉིས་
ལྟ་བུར་བསྒོམ་པ་ནི་དམིགས་སུ་མེད་དེ་མི་དམིགས་པ་ཡིན་པས་སོ་ཞེས་བྱ་བའི་བར་དུ་སྟེ་སྦས་པའོ། །དངོས་པོ་མེད་པ་དོན་དམ་པའི་བདེན་པ་ལ་སྒོམ་པ་མེད་པ་སྟེ། གཟོད་མ་ནས་དག་པའི་ཕྱིར་རོ། །གང་ཀུན་རྫོབ་ཀྱི་བདེན་པའི་བདག་ཉིད་ཅན་དུ་བསྒོམ་པ་དེ་ཡང་། བསྒོམ་པར་བྱ་
བ་མ་ཡིན་ཏེ་མི་བདེན་པ་ཉིད་དོ་ཞེས་བྱ་བ་ལ་སོགས་པའི་རྣམ་པ་འདིས་བདེན་པ་གཉིས་ཀྱི་བདག་ཉིད་ཀྱི་དངོས་པོ་བསྒོམ་པར་བྱ་བར་མི་འགྱུར་ཏེ། བདེན་པ་གཉིས་གཉིས་སུ་མེད་པར་མཐོང་བ་ཙམ་གྱིས་གྲོལ་བར་འགྱུར་བའི་ཕྱིར་རོ། །དེ་བས་ན་སྒོམ་པ་པོ་དང་། བསྒོམ་པ་དང་། བསྒོམ་པར་
བྱའོ་ཞེས་འདི་ལྟར་མངོན་པར་ཞེན་པ་ནི། ཟུང་དུ་སྦྱོར་བས་འཇུག་པའི་རིམ་པ་རྟོགས་པ་རྣམས་ལ་དམིགས་སུ་མེད་དེ་ཡོད་པ་མ་ཡིན་ནོ། །ཞེས་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོས་གསུངས་ཏེ་མཐར་ཐུག་པའོ། །དེ་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས་འདི་གསུངས་
སོ་ཞེས་བྱ་བ་སྦྱར་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྣམ་པ་ཀུན་ནས་མངོན་པར་རྟོགས་པ་ནི་འོད་གསལ་བ་ཐུགས་སུ་ཆུད་པའོ། །དེ་ཉིད་རྡོ་རྗེ་སྟེ་ཏིང་ངེ་འཛིན་དེ་ལ་དམིགས་པའོ། །དངོས་པོ་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་ལ། སྣོད་དུ་གྱུར་པའི་དངོས་པོ་ཐམས་
ཅད་དང་བྲལ་བ་དང་། ཡང་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་ཀྱི་བདག་ཉིད་ཅན་གྱི་གཟུང་བ་དང་འཛིན་པ་རྣམ་པར་སྤངས་པའོ། །ཆོས་བདག་མེད་པ་ནི་རང་བཞིན་གྱིས་འོད་གསལ་བ་སྟེ། དེ་དང་མཉམ་པ་ཉིད་ནི་གཉིས་སུ་མེད་པ་ཡིན་པར་དགོངས་སོ། །ཆོས་བདག་
མེད་པ་དེ་རྣམས་དང་མཉམ་པ་ཉིད་ཡིན་པས་རང་གི་སེམས་ཡེ་ནས་མ་སྐྱེས་པ་རྡོ་རྗེ་གསུམ་མི་ཕྱེད་པའི་ལུས་སྟོང་པ་ཉིད་ཀྱི་ངོ་བོ་སྟེ་མིག་གི་སྤྱོད་ཡུལ་ཙམ་ཡིན་པའི་ཕྱིར་རོ། །ཞེས་དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་ཀྱིས་གསུངས་པ་སྟེ་དགོངས་པ་མ་ཡིན་པའོ། །དེ་བཞིན་

གཤེགས་པ་ཐམས་ཅད་ཀྱི་མི་ཟད་པ་ནི་ཡང་དག་པའི་མཐའོ། །དེ་ཉིད་རྡོ་རྗེ་སྟེ། དེ་ལ་དམིགས་པའི་ཏིང་ངེ་འཛིན་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མི་ཟད་པའི་རྡོ་རྗེ་ཞེས་བྱའོ། །དངོས་པོ་འདི་རྣམས་མ་སྐྱེས་པ། །ཞེས་བྱ་བ་ནི་ཕྱི་དང་ནང་གི་བདག་ཉིད་ཅན་
གྱི་དངོས་པོ་འདི་རྣམས་མ་སྐྱེས་པ་སྟེ་རང་བཞིན་གྱིས་འོད་གསལ་བའི་ཕྱིར་རོ། །དེ་བས་ན་ཆོས་རྣམས་མེད་པ་ཁོ་ནའོ། །ཆོས་ཉིད་མེད་པ་སྟེ་ཞེས་བྱ་བ་ནི་དེ་རྣམས་ཀྱི་ཆོས་ཉིད་ཀྱང་ཡོད་པ་མ་ཡིན་ཏེ་ཆོས་རྣམས་མེད་པའི་ཕྱིར་རོ། །དེ་བས་ན་འདི་ལྟར་ནམ་མཁའ་ལྟ་བུར་བདག་མེད་པའི་
མཚན་ཉིད་ཅན་འོད་གསལ་བ་སྟེ་བྱང་ཆུབ་ཀྱི་སེམས་འདི་ནི་བྱང་ཆུབ་པའི་ཐབས་སོ། །བསྟན་པ་འདི་སྙིང་པོ་ཡོད་པ་སྟེ་ནམ་མཁའ་ལྟ་བུ་ཡིན་ནོ། །ཞེས་དེ་བཞིན་གཤེགས་པ་མི་བསྐྱོད་པས་གསུངས་པ་ཏེ་དགོངས་པ་མ་ཡིན་པའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ནི་དེ་བཞིན་དུ་སྦྱར་ཏེ། དེ་བཞིན་
གཤེགས་པ་ཐམས་ཅད་ཀྱི་བདག་མེད་པ་ནི་དོན་དམ་པའི་བདེན་པའོ། །དེ་ཉིད་རྡོ་རྗེ་སྟེ། དེ་ལ་དམིགས་པའི་ཏིང་ངེ་འཛིན་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་མེད་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ནོ། །ཆོས་རྣམས་ཐམས་ཅད་ཅེས་བྱ་བ་ནི་ཟག་པ་དང་བཅས་པ་དང་ཟག་པ་མེད་པ་རྣམས་
སོ། །དངོས་པོ་མེད་ཅིང་ཞེས་བྱ་བ་ནི་མཚན་མ་མེད་པའི་ཕྱིར་རོ། །ཆོས་ཀྱི་མཚན་ཉིད་རྣམ་པར་སྤངས། །ཞེས་བྱ་བ་ནི། ཆོས་རྣམས་ཉིད་མ་གྲུབ་ན་དེ་རྣམས་ཀྱི་མཚན་ཉིད་ག་ལ་ཡོད་དེ། མོ་གཤམ་གྱི་བུའི་ལྗང་བ་དང་དཀར་བ་ལ་སོགས་པ་དང་འདྲའོ། །འོ་ན་ཇི་ལྟར་ལྷའི་སྐུ་
བསྐྱེད་ཅེ་ན། བདག་མེད་ཆོས་ལས་ཀུན་དུ་འབྱུང་། །ཞེས་བྱ་བ་སྟེ། བདག་མེད་པའི་ཆོས་ནི་དོན་དམ་པའི་བདེན་པ་སྟེ། དེ་ལས་རང་ལ་བྱིན་གྱིས་བརླབ་པའི་རིམ་གྱིས་ཀུན་དུ་འབྱུང་བས་ན། བདག་མེད་ཆོས་ལས་ཀུན་འབྱུང་སྟེ། །སྔོན་གྱི་འཕེན་པའི་ཤུགས་ཀྱིས་བྱུང་བའོ། །ཞེས་དེ་
བཞིན་གཤེགས་པ་རིན་ཆེན་འབྱུང་ལྡན་གྱིས་གསུངས་ཏེ་དགོངས་པ་མ་ཡིན་པའོ། །དེ་ནས་ཞེས་བྱ་བ་ལ་འོད་ཟེར་འབར་ཉིད་ནི་སྒྲོན་མ་ཡིན་པས་ན་འོད་ཟེར་འབར་བའི་སྒྲོན་མ་སྟེ། དེ་གང་ཞེ་ན། འོད་གསལ་བའི་སྣང་བའོ། །དེ་ཉིད་རྡོ་རྗེ་སྟེ་དེ་ལ་དམིགས་པའི་ཏིང་ངེ་འཛིན་ནི་འོད་

ཟེར་འབར་བ་སྒྲོན་མ་རྡོ་རྗེ་ཞེས་བྱའོ། །མ་སྐྱེས་པ་ཡིན་ཞེས་པ་ནི་མ་བྱུང་བ་ལའོ། །ཆོས་རྣམས་ལ་ཞེས་བྱ་བ་ནི་འདུས་བྱས་དང་འདུས་མ་བྱས་རྣམས་ལའོ། །ངོ་བོ་མེད་ཅེས་བྱ་བ་ནི་བསྒོམ་པར་བྱ་བ་མེད་པའོ། །བསྒོམ་པའང་མེད་ཅེས་བྱ་བ་ནི། བསྒོམ་པའང་མེད་དེ་བསྒོམ་པར་བྱ་བ་རང་
བཞིན་མེད་པའི་ཕྱིར་རོ། །འོ་ན་ལྷའི་རྣལ་འབྱོར་དུ་ཇི་ལྟར་འགྱུར་ཞེ་ན། ནམ་མཁའི་ཚུལ་དུ་སྦྱོར་བ་ཡིས། །ཞེས་བྱ་བ་གསུངས་ཏེ། ནམ་མཁའ་ནི་དོན་དམ་པའི་བདེན་པའོ། །ཚུལ་ནི་ཀུན་རྫོབ་ཀྱི་བདེན་པའོ། །དེ་གཉིས་ཀྱི་སྦྱོར་བ་ནི་གཅིག་ཏུ་གྱུར་པ་སྟེ་དེ་དག་གིས་ནི། ནམ་མཁའི་ཚུལ་
དུ་སྦྱོར་བ་ཡིས། །ཞེས་བྱ་བ་ཡིན་པར་དགོངས་སོ། །དངོས་པོ་དག་ཏུ་རབ་ཏུ་བསྒྲགས། །ཞེས་བྱ་བ་ནི། ཚུལ་འདིས་དངོས་པོ་སྟེ། རྡོ་རྗེ་འཆང་ཆེན་པོའི་སྐུ་རབ་ཏུ་བསྒྲགས་ཤིང་བཤད་དོ། །ཞེས་དེ་བཞིན་གཤེགས་པ་འོད་དཔག་ཏུ་མེད་པས་གསུངས་ཏེ་དགོངས་པ་མ་ཡིན་པའོ། །
དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་སྔ་མ་བཞིན་དུ་སྦྱར་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཟིལ་གྱིས་གནོན་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ནི་བཤད་ཟིན་ཏོ། །ཆོས་རྣམས་རང་བཞིན་འོད་གསལ་བ། །ཞེས་བྱ་བ་ནི་རང་བཞིན་དང་འོད་གསལ་བ་ནི་རང་བཞིན་འོད་གསལ་བ་སྟེ། རང་
བཞིན་ནི་ཀུན་རྫོབ་ཀྱི་བདེན་པའོ། །འོད་གསལ་བ་ནི་དོན་དམ་པའི་བདེན་པའོ། །ཕྱི་དང་ནང་གི་དངོས་པོ་རྣམས་ནི་བདེན་པ་གཉིས་ཀྱི་ངོ་བོ་ཉིད་དོ། །དེ་བས་ན་གདོད་ནས་དག་པ་ནམ་མཁའ་བཞིན་ཏེ། ཡོངས་སུ་དག་པས་ན་བྱང་ཆུབ་མེད་པ་ནི་འབྲས་བུའི་ངོ་བོ་ཉིད་དོ། །མངོན་རྟོགས་
མེད་པ་ནི་ཐོབ་པའི་རྒྱུ་སྟེ་རྒྱུ་དང་འབྲས་བུ་དབྱེར་མི་ཕྱེད་པའི་ཕྱིར་རོ། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་བྱ་བ་ནི། རྒྱུ་དང་འབྲས་བུ་དག་མི་ཕྱེད་པར་ཡོངས་སུ་ཤེས་པ་ཉིད་ནི། བྱང་ཆུབ་ཀྱི་ལམ་བརྟན་པོ་ཡིན་ནོ། །ཞེས་བཅོམ་ལྡན་འདས་དོན་ཡོད་གྲུབ་པས་གསུངས་པ་སྟེ་དགོངས་པ་
མ་ཡིན་པའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་གསང་བ་ནི་ཡིད་ཀྱི་རང་བཞིན་གྱི་སྐུའོ། །དེའི་ཆོས་ཉིད་ནི་དོན་དམ་པའི་བདེན་པས་རྣམ་པར་དག་པའོ། །དེའི་ཡི་གེ་ནི་ཚིག་དེ་གསལ་བར་བྱེད་པའི་ངག་གི་

ཚོགས་སོ། །དེ་ཐོས་ནས་ངོ་མཚར་དུ་གྱུར་པ་ནི་ཀུན་རྫོབ་ཀྱི་བདེན་པས་སོ། །རྨད་དུ་གྱུར་པ་ནི་དོན་དམ་པའི་བདེན་པས་སོ། །ཨེ་མའོ་སངས་རྒྱས་ཞེས་བྱ་བ་ནི་ཀུན་རྫོབ་ཀྱི་བདེན་པའི་སྒོ་ནས་བསྟོད་པའོ། །ཨེ་མའོ་ཆོས་ཞེས་བྱ་བ་ནི་དོན་དམ་པའི་བདེན་པའི་སྒོ་ནས་སོ། །
ཆོས་བཤད་པ་ནི་ངོ་མཚར་ཆེ། །ཞེས་བྱ་བ་ནི། བདེན་པ་གཉིས་མི་ཕྱེད་པའི་རྣམ་པ་གསལ་བར་བྱེད་པས་ཆོས་སྟོན་པར་མཛད་པའི་རྣམ་པས་བསྟོད་པའོ། །ཡང་དག་དོན་ནི་འོད་གསལ་བའོ། །དེས་དག་པའི་དོན་ནི་ཡོངས་སུ་དག་པའི་སྐུ་སྟེ། དེ་ལྟ་བུའི་ཡོན་ཏན་གྱི་ཁྱད་པར་དང་ལྡན་པའི་བྱང་ཆུབ་ཀྱི་
སེམས་རྡོ་རྗེ་འཆང་ཆེན་པོ་ཁྱེད་ལ་ཕྱག་འཚལ་ལོ་ཞེས་པའོ། །བདག་མེད་པ་ཡི་ཆོས་ལས་བྱུང་། །ཞེས་བྱ་བ་ནི། དོན་དམ་པའི་བདེན་པ་ལས་ཡང་དག་པར་འཁྲུངས་ཞེས་བྱ་བའི་དོན་ཏོ། །སངས་རྒྱས་ཀྱི་བྱང་ཆུབ་ནི་རྫོགས་པའི་རིམ་པའོ། །དེས་གདུལ་བྱ་རྣམས་སྐྱེད་པར་མཛད་པས་
ན། །སངས་རྒྱས་བྱང་ཆུབ་རྫོགས་མཛད་པའོ། །རྟོག་པ་ཐམས་ཅད་ལས་འདས་པས་ན་རྣམ་པར་མི་རྟོག་པའོ། །དེ་ཉིད་ཀྱིས་ན་དམིགས་སུ་མེད་པ་སྟེ། དམིགས་པ་དང་བྲལ་བ་ཁྱེད་ལ་ཕྱག་འཚལ་ལོ་ཞེས་པའོ། །ཀུན་དུ་བཟང་པོ་ཞེས་བྱ་བ་ལ་སོགས་པ་ལ་འཁོར་བ་དང་མྱ་ངན་ལས་
འདས་པ་དག་དུ་བཟང་བས་ན་ཀུན་ཏུ་བཟང་པོའོ། །ཕུན་སུམ་ཚོགས་པ་ཐམས་ཅད་ཀྱི་ངོ་བོ་ཉིད་ཡིན་པས་ན་ཐམས་ཅད་དོན་ནོ། །ལྷའི་དཀྱིལ་འཁོར་སྤྲོ་བར་མཛད་པས་ན། བྱང་ཆུབ་སེམས་ནི་རབ་བསྐོར་བའོ། །བྱང་ཆུབ་ནི་དོན་དམ་པའི་བདེན་པའོ། །དེ་གང་གིས་སྤྱོད་ཅིང་ཐོབ་པར་བྱེད་པ་
ནི་བྱང་ཆུབ་སྤྱོད་པ་སྟེ་ཀུན་རྫོབ་ཀྱི་བདེན་པའོ། །རྡོ་རྗེ་ཆེ་ནི་བདེན་པ་གཉིས་ཀྱི་བདག་ཉིད་ཅན་ཏེ་དེ་ལྟ་བུ་ནི་ཁྱོད་ལ་ཕྱག་འཚལ་ལོ་ཞེས་པའོ། །སེམས་ཀྱི་ངོ་བོ་ཉིད་ཇི་ལྟ་བུ་ཡིན་ཞེ་ན། དག་པ་ཞེས་བྱ་ལ་སོགས་པ་སྟེ། དག་པ་ནི་དོན་དམ་པའི་བདེན་པ་སྟེ་ཡོངས་སུ་དག་ཅིང་ཡིད་ཀྱི་རང་བཞིན་གྱི་སྐུ་
ཞེས་བྱ་བའི་དོན་ཏོ། །དེ་བཞིན་གཤེགས་པ་ནི་དེ་བཞིན་ཉིད་དུ་གཤེགས་པས་ན་དེ་བཞིན་གཤེགས་པ་སྟེ། དེ་བཞིན་གཤེགས་པ་ཉིད་ནི་དེ་བཞིན་གཤེགས་པའོ། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་འཛིན། །ཞེས་བྱ་བ་ནི། རྡོ་རྗེ་གསུམ་ལ་སོགས་པའི་རྣམ་པར་གདུལ་བྱ་རྣམས་ལ་སྣང་བས་སོ། །

སངས་རྒྱས་བྱང་ཆུབ་རབ་སྟོན་པ། །ཞེས་བྱ་བ་ནི། སྐུ་དང་གསུང་དང་ཐུགས་རྡོ་རྗེའི་སངས་རྒྱས་ཀྱི་བྱང་ཆུབ་ཐོབ་པར་མཛད་ཅིང་། མི་གནས་པའི་མྱ་ངན་ལས་འདས་པའི་དབྱིངས་ལ་འཇོག་པར་མཛད་པས་ན། སངས་རྒྱས་ཀྱི་བྱང་ཆུབ་རབ་ཏུ་སྟོན་པ་ཁྱོད་ལ་ཕྱག་འཚལ་ལོ། །ཞེས་པ་སྟེ། སྒྲ་ཇི་བཞིན་
པས་བཤད་པའོ། །བྱང་ཆུབ་ཀྱི་སེམས་རབ་ཏུ་སྟོན་པས་ལེའུ་ནི་བྱང་ཆུབ་སེམས་ཀྱི་ལེའུའོ་སྒྲོལ་མ་གསལ་བར་བྱེད་པ་ཞེས་བྱ་བའི་རྒྱ་ཆེར་བཤད་པ་ལས། ལེའུ་གཉིས་པ་མཐའ་དྲུག་གིས་བཤད་པའོ།། །།རྣལ་འབྱོར་པ་རྣམ་པ་གཉིས་ཀྱིས་ཕྲ་མོ་བསྒོམ་པ་རྣམ་པ་གསུམ་བྱའོ་ཞེས་ཉེ་
བར་བསྟན་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ནས་བཅོམ་ལྡན་འདས་ཀྱིས་གསུངས་སོ་ཞེས་བྱ་བར་སྦྱར་རོ། །སྐུ་དང་གསུང་དང་ཐུགས་རྡོ་རྗེ་དེ་བཞིན་གཤེགས་པ་ནི་རྡོ་རྗེ་འཆང་ཆེན་པོའོ། །དེ་བཞིན་གཤེགས་པ་ཐམས་ཅད་ནི་མི་བསྐྱོད་པ་ལ་སོགས་པ་སྟེ།
དེ་རྣམས་ཀྱིས་སེམས་ཅན་རྣམས་ཀྱི་དོན་གྱི་ཕྱིར་ཕྱོགས་བཅུར་ཁྱབ་པ་གང་ཡིན་པ་ནི་འཕྲོ་བའོ། །དེ་ཉིད་ནི་ཆོས་ཀྱི་ཆུའི་ཆར་འབེབས་པས་ན་སྤྲིན་ནོ། །དེ་ཉིད་ནི་སེམས་ཅན་བསམ་པ་རྣམ་པ་སྣ་ཚོགས་པས་ཕྱེ་བས་སྐུ་དུ་མར་སྟོན་པའི་ཕྱིར་བཀོད་པའོ། །དེ་ལྟ་བུའི་ཚུལ་གྱིས་མི་ཕྱེད་པས་ན་རྡོ་རྗེ་
སྟེ་ཏིང་ངེ་འཛིན་དེ་ལ་དམིགས་པའོ། །འདི་ཞེས་བྱ་བ་ནི་ཐུགས་ལ་བཞག་པའོ། །རྡོ་རྗེ་བཀོད་པ་ཞེས་བྱ་བ་ལ་རྡོ་རྗེ་ནི་དེ་བཞིན་གཤེགས་པ་རྣམས་སོ། །དེའི་བཀོད་པ་ནི་དེ་རྣམས་ཀྱི་ཚོགས་གང་ཡིན་པ་སྟེ། དེ་ནི་རྡོ་རྗེ་བཀོད་པའོ། །དེ་སྐད་ཅེས་བྱ་བའི་ཏིང་ངེ་འཛིན་གྱི་གཞིའི་ལེའུ་ནི་ཏིང་ངེ་
འཛིན་གྱི་ལེའུ་སྟེ་དེ་གསུངས་པའོ། །དེ་ལྟར་ལེའུ་ལ་ཞུགས་ནས་ལྷ་རྣམས་བསྐྱེད་པའི་ཡན་ལག་ཏུ་གྱུར་པའི་གསང་སྔགས་དང་པོར་སྟོན་པ་ནི། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། ནམ་མཁའི་ཁམས་ཀྱི་དབུས་གནས་པར། །ཞེས་བྱ་བ་ནི་ཆོས་འབྱུང་བ་ལ་གནས་པའོ། །སངས་
རྒྱས་དཀྱིལ་འཁོར་ཞེས་བྱ་བ་ལ་སོགས་པ་ནི་རྣམ་པར་སྣང་མཛད་ལ་སོགས་པའི་ལྷ་རྣམས་ཀྱི་འཁོར་ལོའོ། །འོད་ཟེར་སྤྲིན་གྱི་བཀོད་པ་ཆེ། །ཞེས་བྱ་བ་ནི། རིགས་དེ་དང་དེར་འབྲེལ་པའི་ལྷ་རྣམས་ཏེ་དེ་རྣམས་ཀྱི་ཚོགས་ནི་སྤྲིན་ནོ། །དེ་ཉིད་གནས་ཇི་ལྟ་བ་བཞིན་དུ་ཡང་དག་པར་གནས་པས་

ན་བཀོད་པ་ཆེན་པོའོ། །སངས་རྒྱས་འབར་བའི་འོད་དང་མཉམ། །ཞེས་བྱ་བ་ནི་རང་གི་བདག་པོའི་སྐུ་མདོག་དང་འདྲ་བའོ། །འོད་ཟེར་སྣ་ལྔས་ཀུན་དུ་ཁྱབ། །ཅེས་བྱ་བ་ནི་ཁ་དོག་སྣ་ལྔའི་སའི་ཆ་དང་ལྡན་པའོ། །ཀུན་ནས་ཡོངས་སུ་ཟླུམ་པོར་ཏེ། །ཞེས་བྱ་བ་ནི་
ཐམས་ཅད་དུ་བཟང་བའོ། །འདོད་པའི་ཡོན་ཏན་ལྔ་ཡིས་ཁྱབ། །ཅེས་བྱ་བ་ནི་གཟུགས་རྡོ་རྗེ་ལ་སོགས་པ་དང་ལྡན་པའོ། །མཆོད་པ་རྣམ་པ་ལྔས་བརྒྱན་པ། །ཞེས་བྱ་བ་ནི། ལྷ་ལ་སོགས་པ་ལ་ཉེ་བར་བསྟན་པའི་མཆོད་པ་རྣམ་པ་ལྔ་དང་བཅས་པའོ། །མདོར་ན་ཞེས་བྱ་བ་ལ་སོགས་པ་ལ།
མདོར་བསྡུ་ན་ལྷའི་འཁོར་ལོ་འདི་ལྟར་བསམ་པར་བྱའོ། །གཟུགས་ནི་ཞེས་བྱ་བ་ནི་བདག་ཉིད་དབུས་སུ་སྟེ་འཁོར་ལོའི་དཀྱིལ་དུ་བསྒོམ་པར་བྱའོ། །བདག་པོར་གྱུར་པ་ཉིད་ཀྱིས་གཞག་གོ་ཞེས་བྱ་བའི་དོན་ཏོ། །དེ་ནས་རྣམ་པར་སྣང་མཛད་ལ་སོགས་པ་རྣམས་ཀྱི་ཕྱག་རྒྱ་ཆེན་པོ་ཡང་། རྡོ་རྗེ་འཆང་
ཆེན་པོའི་གཟུགས་བཞིན་དུ་དབུས་སུ་བསྒོམ་པར་བྱའོ་ཞེས་བསྟན་པའི་ཕྱིར། རྣམ་པར་སྣང་མཛད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། སྐུ་གསུང་ཐུགས་ཀྱིས་མཚན་པའོ། །ཞེས་བྱ་བ་ནི་རྡོ་རྗེ་འཆང་དང་ཉེ་བ་ན་བཞུགས་པའི་རྣམ་པར་སྣང་མཛད་ཀྱི་ཕྱག་རྒྱ་ཆེན་པོ་ནི་སྐུ་རྡོ་རྗེ་ཉིད་དུ་གྱུར་པ་ཡིན་
ཡང་རྣམ་པར་སྣང་མཛད་ཀྱི་གསུང་དང་ཐུགས་དག་གི་ངོ་བོ་ཉིད་ཀྱང་མངའ་བས་སྐུ་གསུང་ཐུགས་ཀྱིས་མཚན་པའོ། །བསྡུས་དང་གཅིག་ཏུ་སྦྱོར་བ་ཡིས། །ཞེས་བྱ་བ་ནི། འདི་ལ་ལྷ་རྣམས་ཀྱི་འཁོར་ལོ་སྡུད་པས་ན་བསྡུས་པ་ཡིས་ཏེ་རྡོ་རྗེ་འཆང་ཆེན་པོའོ། །དེ་དང་གཅིག་ཏུ་སྦྱོར་བ་ནི་མི་བསྐྱོད་
པའི་ཕྱག་རྒྱ་ཆེན་པོར་བསྒོམ་པར་བྱའོ། །དེ་བཞིན་དུ་དཀོན་མཆོག་དཔལ་ལ་སོགས་པའི་ཕྱག་རྒྱ་ཆེན་པོར་དཀྱིལ་འཁོར་གྱི་དབུས་སུ་རྣམ་པར་བསྒོམ་པར་བྱ་སྟེ། རྡོ་རྗེ་མཆོག་ནི་གང་ཡིན་པའོ། །དབུས་སུ་སྐུ་ནི་ལེགས་བྲིས་ལ། །དེ་ཡི་མིང་སྨོས་རྡོ་རྗེ་ཡི། །དཀྱིལ་འཁོར་ཡིན་ཞེས་
སངས་རྒྱས་གསུངས། །ཞེས་གསུངས་པས་སོ། །སྐུ་མདོག་ལ་སོགས་པའི་རབ་ཏུ་དབྱེ་བ་བསྟན་པའི་ཕྱིར། སྐུ་གསུང་ཐུགས་ཀྱི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཅན་ནི་རྡོ་རྗེ་འཆང་ཆེན་པོ་སྟེ། མི་བསྐྱོད་པ་རྗེས་སུ་ཞུགས་པས་ཞེ་སྡང་རྡོ་རྗེར་གྱུར་

ནས། སྐུ་མདོག་ཨིནྡྲ་ནཱི་ལར་ཀུན་དུ་བྱུང་བའོ། །དེ་ཉིད་ཀྱིས་ནི་རྣམ་པར་གཙིགས་ལ་འཇིགས་འཇིགས་ལྟ་བུ་སྟེ། ཁྲོ་བ་དང་འདོད་ཆགས་ཆེན་པོ་འདྲེས་པར་གྱུར་པས་མཆེ་བ་ཅུང་ཟད་གཙིགས་པའོ། །ཤེལ་དང་ཟླ་བའི་འོད་འདྲ་བ། །ཞེས་བྱ་བ་ནི། རྣམ་པར་སྣང་མཛད་དེ། དེ་ནི་ཐོར་ཚུགས་
དང་ཅོད་པན་གྱིས་བརྒྱན་པ་དང་། འོད་ཀྱི་དཀྱིལ་འཁོར་དང་བཅས་ཤིང་སྐུ་ལ་མཚན་ཐམས་ཅད་ཀྱིས་བརྒྱན་པ། ཕྱག་གི་གཙོ་བོས་འཁོར་ལོ་བསྣམས་པ་བསྒོམ་པར་བྱའོ། །འཛམ་བུ་ཆུ་བོའི་གསེར་འོད་འདྲ། །ཞེས་བྱ་བ་ནི། རིན་ཆེན་འབྱུང་ལྡན་གསེར་གྱི་མདོག་ཅན་ལ། སངས་
རྒྱས་ཞེས་པ་དེ་བཞིན་གཤེགས་པའི་སྤྲིན་གྱིས་ཀུན་དུ་འཁྲིགས་པར་བསྒོམ་པའོ། །དེའི་ཕྱག་ན་ཞེས་བྱ་བ་ལ་སོགས་པ་ནི་ཞེ་སྡང་རྡོ་རྗེ་དེའི་ཕྱག་ཏུ་རྣམ་པར་བསྒོམ་པའོ། །མརྒ་ཏ་ཡིས་ཞེས་བྱ་བ་ལ་སོགས་པས་ནི་དོན་ཡོད་པར་གྲུབ་པའི་ངོ་བོ་ཉིད་གསུངས་པའོ། །ཕྱག་ན་རིན་ཆེན་
ཞེས་བྱ་བ་ལ་སོགས་པས་ནི་རིན་ཆེན་འབྱུང་ལྡན་གྱི་ཕྱག་མཚན་གསུངས་པའོ། །པདྨ་རཱ་ག་ཞེས་བྱ་བ་ལ་སོགས་པས་ནི་འོད་དཔག་ཏུ་མེད་པའི་ཕྱག་མཚན་གསུངས་པའོ། །འོད་ཟེར་སྣ་ལྔའི་ཞེས་བྱ་བ་ལ་སོགས་པས་ནི་སྣ་ཚོགས་པའི་འགྲོ་བ་མ་ལུས་པའི་དོན་བསྒྲུབ་པར་
མཛད་པའི་ངོ་བོ་ཉིད་ཡིན་པས་ན། འོད་ཟེར་དཀར་པོ་ལ་སོགས་པ་དང་ལྡན་པའི་དོན་ཡོད་པར་གྲུབ་པའི་ཕྱག་མཚན་དུ་ནི་རལ་གྲི་བསྣམས་པར་བསམ་མོ། །དེ་རྣམས་བསྐྱེད་པའི་ཡན་ལག་ཏུ་གྱུར་པའི་དང་པོའི་སྦྱོར་བ་བསྟན་པའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་
ཏེ། གང་ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཉིད་དུ་གྱུར་པའི་ཏིང་ངེ་འཛིན་དེ་ལ་སྙོམས་པར་ཞུགས་ཤིང་། སྐུ་དང་གསུང་དང་ཐུགས་བྱིན་གྱིས་རློབ་པར་མཛད་ཅིང་སྐྱེད་པར་མཛད་པ་སྟེ། གང་གིས་སྐུ་དང་གསུང་དང་ཐུགས་བྱིན་གྱིས་རློབ་པ་དེ་དང་དེའི་གསང་སྔགས་རྡོ་རྗེ་འཆང་ཆེན་
པོས་གསུངས་པའོ། །ཨོཾ་དྷརྨ་དྷ་ཏུ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། ཞེས་བྱ་བ་འདིས་ནི་བདག་ཉིད་ཟླ་བའི་དཀྱིལ་འཁོར་འདྲ་བའི་རྣམ་པར་བྱིན་གྱིས་བརླབས་ལ། དེའི་སྟེང་དུ་ཡི་གེ་གསུམ་ལ་སོགས་པའི་ལྷའི་སྐུར་བསྐྱེད་དེ་འོག་ནས་བཤད་པའི་རིམ་གྱིས་ཕྲ་མོའི་རྣལ་འབྱོར་རྣམ་པར་

བསྒོམ་མོ་ཞེས་བྱ་བ་ན་དྲང་བའི་དོན་ཏེ་བསྐྱེད་པའི་རིམ་པའི་ཏིང་ངེ་འཛིན་ཏོ། །དེ་བཞིན་གཤེགས་པ་ཞེས་བྱ་བ་ལ་སོགས་པ་ལ། དེ་བཞིན་གཤེགས་པ་ཐམས་ཅད་ནི་འོད་ཟེར་ལྔ་པའོ། །དེ་རྣམས་ཀྱིས་འཕྲོ་བ་ནི་སྟེང་གི་སྒོ་ནས་ཕྱུང་བའོ། །སྤྲིན་ནི་ཚོགས་སོ། །
བཀོད་པ་ནི་དཀྱིལ་འཁོར་རེ་རེ་ལ་དཀྱིལ་འཁོར་བཞིར་རབ་ཏུ་འབྱུང་ཞིང་། དཀར་པོ་ལ་སོགས་པ་ཁ་དོག་རྣམས་ཀྱིས་ཕྱེ་བས་ན་བཀོད་པ་སྟེ། ཏིང་ངེ་འཛིན་དེ་ལ་ཡང་དག་པར་དམིགས་པའོ། །རྡོ་རྗེ་ནི་ཡི་གེ་གསུམ་པའོ། །དེའི་བཀོད་པ་ནི་ཚོགས་ཏེ་ཨཱ་ལི་ཀཱ་ལི་རྣམས། མ་ནིང་ལ་སོགས་པའི་
གཟུགས་ཅན་རྣམས་ནི་ཡི་གེ་གསུམ་དུ་ཞུགས་པས་སོ། །མཉམ་པར་གཞག་ཅིང་དེ་ཉིན་དང་མཚན་དུ་འཇུག་པ་དང་གནས་པ་དང་ལྡང་བས་བཟླས་པ་ནི་ཏིང་ངེ་འཛིན་ཏེ། དེ་ལྟ་བུའི་ཏིང་ངེ་འཛིན་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱ་སྟེ་ལེའུ་དེ་གསུངས་པའོ། །དོན་འདི་ཉིད་ནི་ཨོཾ་ཤཱུ་ནྱ་ཏཱ་ཞེས་པ་
ལ་སོགས་པའི་གསང་སྔགས་ཀྱིས་ཀྱང་སྟོན་ཏེ། ཨོཾ་ནི་དང་པོ་གཅིག་དང་ལྡན། །ཤཱུ་ནྱ་ཏཱ་ནི་གཉིས་པ་སྟེ། །ཛྙཱ་ན་ཞེས་པ་གསུམ་པ་ཉིད། །བཛྲ་ཞེས་བྱ་བཞི་པའོ། །སྭ་བྷཱ་ཝ་ཨཱཏྨ་ཀ་ལྔ་པ། །ཨ་ཧཾ་ཞེས་པ་དྲུག་པར་བརྗོད། །དེ་ལྟར་བདེ་གཤེགས་དྲུག་པོ་ནི། །སྐྱེ་བོ་མཆོག་ལ་བསྟན་
པ་ཡིན། །ཨོཾ་ཤཱུ་ནྱ་ཏཱ་ཟུང་དང་པོའོ། །ཛྙཱ་ན་བཛྲ་གཉིས་པ་ཡིན། །སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ་གྱུར། །དེ་ཉིད་གསུམ་དུ་འདིར་བརྟགས་པའོ། །དེ་ཉིད་གསུམ་ནི་གཅིག་གྱུར་པར། །གསལ་བའི་མིང་ཅན་ཞེས་བྱར་བརྗོད། །ཅེས་བྱ་བ་ནི་ལུང་གིས་བཤད་པའོ། །ནམ་མཁའི་
དབྱིངས་ཀྱི་དབུས་གནས་པར། །སངས་རྒྱས་དཀྱིལ་འཁོར་བསྒོམ་པ་ནི། །ཞེས་བྱ་བ་ནི་ཡང་དག་པར་སྦྱོར་བ་གསུམ་གྱི་སྐུར་བསྒོམ་ཞིང་བསམ་པའོ། །ཇི་ལྟ་བུ་ཞེ་ན། འོད་ཟེར་སྤྲིན་གྱི་ཚོགས་ཆེན་པོ། །ཞེས་བྱ་བ་ནི། སྣང་བ་གསུམ་གྱི་ཚོགས་ཀྱི་སྣང་བ་འཁྲིགས་པའོ། །སངས་རྒྱས་
འབར་བའི་འོད་དང་མཉམ། །ཞེས་བྱ་བ་ནི། འཇའ་ཚོན་ལྟར་དཀར་པོ་ལ་སོགས་པའི་འོད་ཟེར་ལྔས་བརྒྱན་པའོ། །འོད་ཟེར་རྣམ་ལྔས་ཀུན་དུ་ཁྱབ། །ཅེས་བྱ་བ་ནི་ཁམས་ཕྲ་བ་ལས་ཡོངས་སུ་བསྒྲུབས་པའོ། །ཀུན་ནས་ཡོངས་སུ་ཟླུམ་པོ་སྟེ། །ཞེས་བྱ་བ་ནི་དངོས་པོ་ཐམས་ཅད་ཀྱི་ངོ་

བོ་ཉིད་དོ། །འདོད་པའི་ཡོན་ཏན་ལྔ་ཡིས་བརྒྱན། །ཞེས་བྱ་བ་ནི། རྒྱུ་བ་ལ་སོགས་པའི་འོད་ཟེར་ལྔ་སྟེ་དེ་རྣམས་དང་ཉེ་བར་ལྡན་པའོ། །མཆོད་པ་རྣམ་པ་ལྔས་བརྒྱན་པ། །ཞེས་བྱ་བ་ནི། ཡུལ་རྣམས་ལ་ཉེ་བར་ལོངས་སྤྱོད་པས་ན་མཆོད་པ་སྟེ་དབང་པོ་ལྔ་རྣམས་སོ། །དེ་རྣམས་ཀྱིས་
བརྒྱན་པ་ནི་མ་ལུས་པར་ཟད་པའི་ཕྱིར་ཏེ། དེ་ལྟ་བུའི་རྣམ་པའི་སངས་རྒྱས་ཀྱི་དཀྱིལ་འཁོར་འོད་གསལ་བར་འཇུག་པར་བསྒོམ་པར་བྱའོ། །དེ་ལྟར་བདག་ཉིད་འོད་གསལ་བར་ཆུད་པར་བསྒོམས་ནས། མདོར་ན་སྟེ་སྐད་ཅིག་མའི་རྣམ་པས་རྡོ་རྗེ་འཆང་ཆེན་པོའི་སྐུའི་གཟུགས་སུ་
དབུས་སུ་ཞེས་བྱ་བ་འཁོར་བ་དང་མྱ་ངན་ལས་འདས་པ་དག་གིས་དབུས་སུ་ཡོད་པ་དང་མེད་པའི་ཕྱོགས་དང་བྲལ་བར་བདག་ཉིད་རྣམ་པར་བསྒོམ་པར་བྱ་ཞིང་ཤེས་པར་བྱའོ་ཞེས་བྱ་བའི་དོན་ཏོ། །རིམ་པ་འདི་ཉིད་ཀྱིས་རྣམ་པར་སྣང་མཛད་ལ་སོགས་པར་ཡང་བསམ་པ་ཇི་
ལྟ་བའི་དབྱེ་བས་རང་གི་བདག་ཉིད་བསྐྱེད་ལ་བདག་དང་གཞན་གྱི་དོན་བྱའོ། །དེ་བས་ན། རྣམ་པར་སྣང་མཛད་ཕྱག་རྒྱ་ཆེ། །སྐུ་གསུང་ཐུགས་ཀྱིས་མཚན་པའམ། །ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །རྡོ་རྗེ་འཆང་ཆེན་པོའི་རྣལ་འབྱོར་འདི་ཉིད་བརྟན་པར་བྱ་བའི་ཕྱིར། དེ་
ནས་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཆོས་ཀྱི་དབྱིངས་ནི་འོད་གསལ་བ་སྟེ་ཏིང་ངེ་འཛིན་དེ་ལ་དམིགས་པའོ། །གང་གིས་སྐུ་དང་གསུང་དང་ཐུགས་བྱིན་གྱིས་རློབ་ཅིང་སྐྱེད་པ་དེ་ནི་སྐུ་གསུང་ཐུགས་བྱིན་གྱིས་རློབ་པ་སྟེ་གསང་སྔགས་དེ་རྡོ་རྗེ་འཆང་ཆེན་པོས་གསུངས་
པ་ནི། ཨོཾ་དྷརྨ་དྷཱ་ཏུ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ་ཞེས་བྱ་བའོ། །འདིའི་དོན་ནི་བཤད་པའི་རྒྱུད་ལས་གསུངས་ཏེ། ཨོཾ་ནི་དང་པོར་ཤེས་པར་བྱ། །དྷརྨཱ་ཞེས་བྱ་གཉིས་པའོ། །དྷཱ་ཏུ་ཞེས་བྱ་གསུམ་པར་བཤད། །སྭ་བྷཱ་བར་གྲགས་བཞི་པའོ། །ཨཱཏྨ་ཀ་ནི་ལྔ་པ་ཡིན། །ཨ་ཧཾ་དུ་གྱུར་དྲུག་པར་
འདོད། །སྔགས་འདི་བརྗོད་ནས་དེ་འོག་ཏུ། །བསྒོམ་པའི་བདག་ཉིད་ཅན་གྱིས་བསྒོམ། །ཞེས་བྱ་བ་སྟེ་ངེས་པའི་དོན་ཏོ། །ད་ནི་རང་གི་སེམས་བརྟན་པར་བྱ་བའི་ཕྱིར། རིན་ཆེན་ཞེས་བྱ་བ་ལ་སོགས་པས་ཕྲ་མོའི་རྣལ་འབྱོར་རྣམ་པ་གསུམ་གསུངས་ཏེ། རིན་ཆེན་ཆེན་པོ་ནི་

རྡོ་རྗེ་ལ་སོགས་པའི་ཕྱག་མཚན་ཏེ། རིན་ཆེ་བས་ན་རིན་པོ་ཆེའོ། །ཁ་དོག་ལྔ་ནི་རིགས་ལྔ་ལས་བྱུང་བའོ། །དེ་ནི་ཡུངས་ཀར་གྱི་འབྲས་བུའི་ཚད་ཙམ་སྣ་ཡི་རྩེ་མོར་རང་གི་ལྷའི་རྣལ་འབྱོར་གྱི་ཉིན་མཚན་དུ་རྟག་ཏུ་བསྒོམ་པར་བྱའོ། །རིན་ཆེན་བརྟན་པར་ཞེས་བྱ་བ་
ལ་སོགས་པ་ལ། གང་གི་ཚེ་མཐོང་བའི་མཚན་མ་ཉེ་བར་སྐྱེ་བ་དེའི་ཚེ། རྡོ་རྗེ་ལ་སོགས་པ་བསྒོམ་པས་མི་འགྱུར་བར་ཤེས་ནས་སྒོམ་པ་ལ་དབང་དུ་གྱུར་པ་སྐྱེད་པའི་ཕྱིར་སྤྲོ་བར་བྱའོ། །བརྟན་པར་མ་གྱུར་ཡང་མི་སྤྲོ། །ཞེས་བྱ་བ་ནི། བསྒོམ་པ་ལ་སློབ་བཞིན་པར་མི་སྤྲོ་བའོ། །སངས་
རྒྱས་ཞེས་བྱ་བ་ལ་སོགས་པ་ལ་རྡོ་རྗེ་ལ་སོགས་པ་ལ་སྤྲོ་བས་བརྟན་པར་བྱས་ནས་ཕྱག་རྒྱ་ཆེན་པོའི་གཟུགས་ཀྱང་སྤྲོ་བར་བྱ་བའི་ཕྱིར། སངས་རྒྱས་འབར་བ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སངས་རྒྱས་འབར་བ་འདྲ་བའི་འོད་ནི་དཀར་པོ་ལ་སོགས་པའི་ཁ་དོག་དང་ལྡན་པའོ། །
མཆོག་རབ་སྤྲིན་རྣམས་ནི་སངས་རྒྱས་ཀྱི་ཚོགས་སོ། །འཁོར་ལོ་རྡོ་རྗེ་རིན་ཆེན་དང་། །ཞེས་བྱ་བ་ནི། འཁོར་ལོ་དང་། རྡོ་རྗེ་དང་། རིན་པོ་ཆེས་ཉེ་བར་མཚོན་པའི་སྤྲིན་རྣམས་ཀྱིས་སོ། །པདྨ་རལ་གྲི་མཚོན་ཆེན་འཛིན། །ཞེས་བྱ་བ་ནི་པདྨ་དང་རལ་གྲི་བསྣམས་པའོ་ཞེས་བྱ་བའི་དོན་ཏོ། །བྱང་
ཆུབ་སེམས་དཔའི་སྤྲིན་ཆེན་རྣམས། །ཞེས་བྱ་བ་ནི། ཉེ་བར་མཚོན་པས་རིགས་ལྔ་དང་འབྲེལ་པའི་ལྷ་རྣམས་ཀྱང་སྤྲོ་བའི་བདག་ཉིད་སྒྲུབ་པ་པོས་ནམ་མཁའ་ཁྱབ་པར་སྤྲོ་བར་བྱ་ཞིང་གཡོགས་པར་བྱའོ་ཞེས་པ་སྟེ་སྤྱིའི་དོན་ཏོ། །རིན་ཆེན་ཆེན་པོ་ནི་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ཏེ་ཡུངས་
ཀར་གྱི་འབྲས་བུའི་ཚད་ཙམ་སྣ་ཡི་རྩེ་མོ་སྟེ། རང་གི་རྡོ་རྗེའི་ཁར་ཁ་དོག་རྣམ་པ་ལྔ་སྟེ་དེ་བཞིན་གཤེགས་པ་ལྔའི་བདག་ཉིད་དུ་བྱས་ལ་རྟག་ཏུ་བསྒོམ་པར་བྱའོ། །རིན་ཆེན་བརྟན་པར་གྱུར་ནས་སྤྲོ། །ཞེས་བྱ་བ་ནི། ཇི་སྐད་དུ་བཤད་པའི་ཆོ་གས་རྡོ་རྗེ་དང་པདྨ་འདུས་བྱས་པ་སྔོན་དུ་འགྲོ་
བས། རང་གི་སེམས་ཀྱི་རིན་པོ་ཆེ་བརྟན་པར་བྱས་ནས་རྣལ་འབྱོར་ཏེ། སྙོམས་པར་འཇུག་པས་སྤྲོ་བར་བྱ་ཞིང་དབྱུང་བར་བྱའོ། །སངས་རྒྱས་འབར་བ་འདྲ་བའི་འོད། །ཅེས་བྱ་བ་ལ་སོགས་པས་ནི་བྱང་ཆུབ་ཀྱི་སེམས་ཕྱུང་བ་ལས་བུ་དང་ཚ་བོ་ལ་སོགས་པའི་ཚུལ་དུ་ཕྱུང་བའི་

དཀྱིལ་འཁོར་དུ་སྟོན་པ་ཡིན་ཏེ་སྦས་པའོ། །ཁ་དོག་རྣམ་པ་ལྔ་པའི་དེ་བཞིན་གཤེགས་པའི་བདག་ཉིད་ཅན་རིན་པོ་ཆེ་ནི་མི་ཤིགས་པར་གྲགས་པ་སྟེ། སངས་རྒྱས་རིན་པོ་ཆེ་སྐྱེད་པས་སོ། །ཡུངས་ཀར་གྱི་འབྲུ་ཚད་ཙམ་ཞེས་བྱ་བ་ནི་ཐིག་ལེའི་གཟུགས་ཅན་ཡིན་པས་སོ། །སྣའི་རྩེ་མོར་
ཞེས་བྱ་བ་ནི་སྙིང་གའི་པདྨའི་ལྟེ་བར་རོ། །ནན་ཏན་དུ་ཞེས་པ་ནི་དེ་ལ་ཞེན་པས་འཇུག་པ་དང་། གནས་པ་དང་། ལྡང་བ་དང་། སྡུད་པའི་རྣལ་འབྱོར་གྱིས་རྟག་པར་ཉིན་མཚན་དུ་བསྒོམ་པར་བྱའོ། །བརྟན་པ་ནི་རྟག་པ་སྟེ། དེ་གང་ཞེ་ན་མི་ཤིགས་པའོ། །དེ་ལས་རིན་ཆེན་ཏེ་ཁ་
དོག་ལྔ་པའི་འོད་ཟེར་གྱི་ཚོགས་སྤྲོ་བར་བྱ་ཞིང་། འཇུག་པ་དང་། གནས་པ་དང་། ལྡང་བས་འཇུག་པར་བྱའོ། །བརྟན་པར་མ་གྱུར་ཞེས་བྱ་བ་ནི་མི་ཤིགས་པའི་དེ་ཁོ་ན་ཉིད་རྟོགས་པ་ཉིད་ཀྱི་རྣལ་འབྱོར་འདི་བྱའི་གཞན་གྱིས་ནི་མ་ཡིན་ནོ་ཞེས་བསྟན་པ་ཡིན་ནོ། །ད་ནི་སྤྲོ་བའི་ཆོ་ག་བསྟན་པར་
བྱ་བའི་ཕྱིར། སངས་རྒྱས་འབར་བ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སངས་རྒྱས་འབར་བ་ནི་འོད་ཟེར་རྣམ་པ་ལྔའོ། །དེ་དང་འདྲ་བའི་འོད་ནི་དཀྱིལ་འཁོར་བཞི་སྟེ། གཡས་པ་ལ་སོགས་པའི་དབྱེ་བས། །དེ་བཞིན་གཤེགས་པའི་སྤྲིན་སྤྲོས་པས། །ནམ་མཁའི་
ཁོངས་སུ་གཏོགས་པ་དགོང་བར་བྱའོ་ཞེས་བྱ་བ་སྟེ་མཐར་ཐུག་པའོ། །རྣམ་པར་སྣང་མཛད་ལ་སོགས་པའི་བསྐྱེད་པའི་རིམ་པ་བསྟན་པའི་ཕྱིར། ནམ་མཁའི་དབྱིངས་ཀྱི་དབུས་གནས་པར། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་བཞིན་ཉིད་ལ་དམིགས་པ་སྔོན་དུ་
འགྲོ་བས་ཟླ་བའི་དཀྱིལ་འཁོར་བསྒོམས་ལ། དེའི་སྟེང་དུ་འཁོར་ལོ་བསམས་ཏེ་དེ་ཡོངས་སུ་གྱུར་པ་ལས། རྣམ་པར་སྣང་མཛད་ཇི་ལྟ་བ་བཞིན་དུ་བསྒོམ་མོ། །དེ་བཞིན་དུ་པདྨ་ཡོངས་སུ་གྱུར་པ་ལས། པདྨའི་དཀྱིལ་འཁོར་དང་འདྲ་བ་པདྨ་རཱ་གའི་འོད་ཅན་འོད་དཔག་ཏུ་མེད་
པ་པདྨའི་རིགས་ཀྱི་རྣལ་འབྱོར་པས་བསྒོམ་པར་བྱའོ། །རིན་པོ་ཆེ་ལ་བརྩོན་པ་རིན་པོ་ཆེའི་རིགས་ཀྱི་རྣལ་འབྱོར་པས་རིན་ཆེན་འབྱུང་ལྡན་གྱི་རིན་པོ་ཆེའི་དཀྱིལ་འཁོར་འདྲ་བ་ཁ་དོག་སེར་པོར་བསྒོམ་པར་བྱའོ། །སྦྱོར་བའི་དཀྱིལ་འཁོར་ནི་སྣ་ཚོགས་རྡོ་རྗེ་སྟེ་དེ་ལས་བྱུང་བའི་དོན་

ཡོད་པར་གྱུར་པ་བསྒོམ་པར་བྱའོ། །ནམ་མཁའ་འདྲ་བར་བྲི་བར་བྱ། །ཞེས་བྱ་ནི་ནམ་མཁའ་དང་འདྲ་ཞིང་མཚུངས་པ་སྟེ་ནམ་མཁའ་དང་འདྲ་བ་དེར་གནས་པ་ནི། ནམ་མཁའ་ལྟར་སྔོ་བསངས་ཞེས་བྱ་བའི་དོན་ཏོ། །འདི་དག་ཅེས་བྱ་བ་ལ་སོགས་པ་ལ། སྐུ་དང་
གསུང་དང་ཐུགས་སྒྲུབ་པས་མཚོན་པའི་སྐུའི་དཀྱིལ་འཁོར་ཏེ། དེ་གང་ཞེ་ན་མི་བསྐྱོད་པ་སྟེ་དེ་རྡོ་རྗེ་ལས་བྱུང་བའོ། །འདི་དག་སངས་རྒྱས་རབ་ཀྱི་མཆོག །ཐམས་ཅད་མཁྱེན་པའི་ཚུལ་ཐོབ་པའོ། །ཞེས་བྱ་བ་ནི་ཐམས་ཅད་མཁྱེན་པ་ཉིད་ནི་སྦྱོར་བ་སྟེ། དེ་སེམས་ཅན་རྣམས་
ཀྱིས་དམིགས་ཤིང་འཛིན་པའི་ངང་ཚུལ་ཅན་གང་ཡིན་པ་དེའོ། །རྡོ་རྗེ་བཀོད་པ་ཞེས་བྱ་བ་ནི་རྡོ་རྗེ་ནི་དེ་བཞིན་གཤེགས་པ་རྣམས་སོ། །དེ་རྣམས་ཀྱིས་བཀོད་པ་ནི་གང་དུ་འདུས་པ་མཛད་པ་དེ་ནི་རྡོ་རྗེ་བཀོད་པ་ལེའུ་ཞེས་བྱ་བ་སྟེ་དྲང་བའི་དོན་ཏོ། །ནམ་མཁའི་དབྱིངས་ནི་འོད་གསལ་བའོ། །
དེའི་དབུས་སུ་གནས་པ་ནི་ཟླ་བའི་དཀྱིལ་འཁོར་ཏེ་མི་ཤིགས་པའོ། །བྲི་བར་བྱ་བ་ནི་ཤེས་པར་བྱ་བའོ། །གསལ་བའི་དཀྱིལ་འཁོར་དབུས་གནས་པར། །ཞེས་པ་ནི་མི་ཤིགས་པ་ལས་ངེས་པར་བྱུང་བའོ། །འཁོར་ལོའི་དཀྱིལ་འཁོར་ནི་ཆུའི་དཀྱིལ་འཁོར་ཏེ་མི་བསྐྱོད་པའི་ངོ་བོ་
ཉིད་ཁ་དོག་དཀར་ཞིང་དལ་བར་རྒྱུ་བའོ། །དེ་སྒོམ་པ་ནི་འབྱུང་བར་གྱུར་པར་ཤེས་པར་བྱའོ། །པདྨའི་དཀྱིལ་འཁོར་འདྲ་བ་ནི། །མེའི་དཀྱིལ་འཁོར་ཏེ་ཁ་དོག་དམར་པོའོ། །པདྨ་བསྒོམ་པར་བྱ་བ་ནི་འོད་དཔག་ཏུ་མེད་པའི་ངོ་བོ་ཉིད་དེ་གཡས་ནས་བྱུང་བར་གྱུར་པར་ཤེས་པར་བྱའོ། །
རིན་ཆེན་དཀྱིལ་འཁོར་འདྲ་བ་ནི། །དབང་ཆེན་གྱི་དཀྱིལ་འཁོར་རོ། །རིན་ཆེན་བརྩོན་ཞེས་པ་ནི་རིན་ཆེན་འབྱུང་ལྡན་ཟློས་པས་གཉི་ག་ལས་བྱུང་བར་གྱུར་པར་ཤེས་པར་བྱའོ། །སྦྱོར་བའི་དཀྱིལ་འཁོར་ནི་རླུང་གི་དཀྱིལ་འཁོར་ཏེ། ཁ་དོག་ནག་པོ་དོན་ཡོད་པར་གྲུབ་པའི་ངོ་བོ་ཉིད་
གཡོན་ནས་བྱུང་བར་ཡིན་པར་ཤེས་པར་བྱ་སྟེ། དེ་རྣམས་ནི་དེ་བཞིན་གཤེགས་པའི་ངོ་བོ་ཉིད་འོད་ཟེར་བཞིའི་རབ་ཏུ་རྒྱུ་བ་བཤད་པ་ཡིན་ནོ། །དེ་རྣམས་ཀྱི་སྐུ་དང་གསུང་དང་ཐུགས་སྒྲུབ་ཅིང་སྐུ་ལ་སོགས་པ་སྐྱེད་པས་ན་རྡོ་རྗེ་ལས་བྱུང་བ་སྟེ། འོད་གསལ་བ་ལས་བཞེངས་པ་

བདེན་པ་གཉིས་ཀྱི་བདག་ཉིད་ཅན་གྱི་ལྷའི་དཀྱིལ་འཁོར་ཡིན་པར་ཤེས་པར་བྱའོ། །གང་གི་ཞེ་ན། ཐམས་ཅད་མཁྱེན་པའི་ཚུལ་ཐོབ་པ་ནི་རྣམ་པ་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་པར་འདོད་པ་རྣམས་ཀྱིའོ། །རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་ལ། རྡོ་རྗེ་ནི་ཡོངས་སུ་རྫོགས་པའི་ལྷའི་
སྐུའོ། །བཀོད་པ་ནི་ཚོགས་སོ། །དེ་སྟོན་པའི་ཚིག་གི་ལེའུ་ལ་ཡང་དེ་སྐད་ཅེས་བྱའོ། །ཕྲ་མོའི་རྣལ་འབྱོར་ཉིད་བཤད་པའི་རྒྱུད་ལས་གསལ་བར་སྟོན་པས་འདིར་དེ་ལ་འཇུག་པར་བྱ་སྟེ། ཐོག་མཐའ་མེད་པའི་རྣལ་འབྱོར་ནི། །ཕྲ་མོ་ཞེས་ནི་རབ་ཏུ་བརྟགས། །མི་གསལ་གསལ་
བར་ཡང་དག་སྦྱོར། །དངོས་མེད་ངོ་བོ་ཉིད་ལས་བྱུང་། །རང་བཞིན་གྱིས་གྲུབ་དང་པོ་གཅིག །གཅིག་དང་དུ་མ་རྣམ་སྤངས་པ། །རྟེན་ཅིང་འབྲེལ་འབྱུང་ཆོས་སུ་གྲགས། །དངོས་པོ་ཀུན་གྱི་འབྱུང་གནས་གཅིག །བདག་ཉིད་འདི་ལྟར་བྱས་ནས་ནི། །ཆོས་ཀྱི་དཀྱིལ་འཁོར་བྲི་
བར་བྱ། །དམར་དང་གནག་དང་དེ་བཞིན་སེར། །དཀར་པོ་ཉིད་དེ་མདོར་བསྡུས་པ། །བཞི་བཞི་ཡི་ནི་སྦྱོར་བ་ཡིས། །གོས་དཀར་ལ་སོགས་ལེགས་པར་བྲི། །དེ་ཡི་དབུས་སུ་རང་གི་ལྷ། །སྦྱོར་བ་ཡིས་ནི་གོ་འཕང་མཆོག །གོས་དཀར་ལ་སོགས་ཇི་བཞིན་དུ། །སྟེང་དང་གསེགས་དང་ཐད་
ཀ་འོག །མེ་དང་རླུང་དང་དབང་ཆེན་དང་། །ཆུ་སྟེ་སོ་སོའི་དཀྱིལ་འཁོར་རོ། །ཞེས་བཅོམ་ལྡན་འདས་ཀྱིས་གསུངས་ཏེ་ངེས་པའི་དོན་ཏོ། །སྒྲོན་མ་གསལ་བར་བྱེད་པ་ཞེས་བྱ་བའི་རྒྱ་ཆེར་བཤད་པ་ལས་ལེའུ་གསུམ་པ་མཐའ་དྲུག་གིས་བཤད་པའོ།། །།ལྷ་ལ་དམིགས་པ་
སྔོན་དུ་འགྲོ་བས་ཕྲ་མོའི་རྣལ་འབྱོར་བསྒོམ་པ་བསྟན་ནས། ཁྱད་པར་ཅན་གྱི་སློབ་མ་རྣམས་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་དབང་བསྐུར་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་བླ་མ་ལ་གསོལ་བ་འདེབས་པའི་ཆོ་ག་གསུངས་ཏེ། དེ་ནས་ཞེས་བྱ་བ་ནས་གསོལ་བ་བཏབ་པོ་ཞེས་
བྱ་བའི་བར་ནི་སྒྲ་ཇི་བཞིན་པའོ། །དེ་བཞིན་གཤེགས་པ་ཀུན་ཞེས་བྱ་བ་ནི། མི་བསྐྱོད་པའི་སྒོ་ནས་བསྟོད་པས་མཉེས་པར་བྱེད་པའོ། །ཞི་བ་ཞེས་བྱ་བ་ནི་རྣམ་པར་སྣང་མཛད་ཀྱི་ངོ་བོ་ཉིད་ཀྱིས་སོ། །དེ་བཞིན་གཤེགས་པ་ཀུན་གྱི་གནས། །ཞེས་བྱ་བ་ནི་རིན་ཆེན་འབྱུང་ལྡན་གྱི་

ངོ་བོ་ཉིད་ཀྱིས་སོ། །ཆོས་ཀུན་ཞེས་བྱ་བ་ནི་འོད་དཔག་ཏུ་མེད་པའི་ངོ་བོ་ཉིད་ཀྱིས་སོ། །བདག་མེད་མ་ཡི་མཆོག་ཅེས་བྱ་བ་ནི་དོན་ཡོད་པར་གྲུབ་པའི་ངོ་བོ་ཉིད་ཀྱིས་སོ། །ཡང་རིགས་གསུམ་གྱི་ངོ་བོ་ཉིད་ཀྱི་བསྟོད་པ་ནི། མཚན་རྣམས་ཐམས་ཅད་ཡང་དག་
རྫོགས། །ཞེས་བྱ་བ་ལ་སོགས་པ་སྟེ། མཚན་རྣམས་ཐམས་ཅད་ཡང་དག་རྫོགས། །མཚན་མིན་ཐམས་ཅད་ཡང་དག་སྤངས། །དཀྱིལ་འཁོར་དམ་པ་བཤད་དུ་གསོལ། །ཞེས་བྱ་བར་སྦྱར་ཏེ། ཇི་སྐད་དུ་བཤད་པའི་དཀྱིལ་འཁོར་གྱི་མཚན་ཉིད་དང་ལྡན་ཅིང་ཆད་དང་ལྷག་པའི་ཉེས་པ་
དང་བྲལ་བ། ཀྱེ་ཀུན་དུ་བཟང་པོ་སྐུ་ཡི་མཆོག །མཆོག་རབ་ཀྱི་དཀྱིལ་འཁོར་དམ་པ་རབ་ཏུ་བཤད་དུ་གསོལ་ཞེས་བྱ་བའི་དོན་ཏོ། །ཞི་བའི་ཆོས་ནི་མཆོག་ལས་བྱུང་། །ཞེས་བྱ་བ་ནི། དོན་དམ་པའི་བདེན་པ་ལས་ངེས་པར་བྱུང་བའོ། །ཡེ་ཤེས་ནི་སྣང་བ་གསུམ་མོ། །དེའི་སྤྱོད་པ་ནི་འདོད་
ཆགས་ལ་སོགས་པ་སྟེ། དེ་རྣམས་ཀྱི་རང་བཞིན་མངོན་པར་བྱང་ཆུབ་པ་བསྒོམ་པས་རྣམ་པར་སྦྱོང་བར་མཛད་པས་ན། ཡེ་ཤེས་སྤྱོད་པ་རྣམ་སྦྱོང་བའོ། །ཐམས་ཅད་ཀྱི་འབྱུང་གནས་དབང་ཕྱུག་བརྙེས་པས་ན་ཀུན་དུ་བཟང་པོའོ། །ངག་གི་དབང་ཕྱུག་བརྙེས་པས་ན་གསུང་གི་མཆོག་
གོ། །སེམས་ཅན་ཐམས་ཅད་ཀྱི་སེམས་ནི་རྡོ་རྗེ་ཉིད་པས་ན་སེམས་ཅན་གྱི་སེམས་ཆེན་པོའོ། །འདོད་ཆགས་ལ་སོགས་པ་རྣམས་རྣམ་པར་དཔྱད་ན་དམིགས་སུ་མེད་པས་རང་བཞིན་གྱིས་དག་པའོ། །འདོད་ཆགས་ལ་སོགས་པའི་དྲི་མ་དང་བྲལ་བས་ན་དྲི་མ་མེད་པའོ། །དེ་ཉིད་
ཀྱིས་ན་ཀུན་དུ་བཟང་པོའོ། །རང་གི་ཐུགས་སོ་སོར་ཐུགས་སུ་ཆུད་པས་ན་ཐུགས་ཀྱི་མཆོག་གོ། །སེམས་ཅན་ཐམས་ཅད་མྱ་ངན་ལས་འདས་པ་ཐོབ་པར་མཛད་པས་ན་ཁ་ལོ་སྒྱུར་པའོ། །དཀྱིལ་འཁོར་གྱི་ཆོ་ག་བཤད་དུ་གསོལ་ཞེས་པ་སྟེ། དགོངས་པ་མ་ཡིན་པའོ། །དེ་
ནས་ཞེས་བྱ་བ་ལ་སོགས་པ་ནི། རྡོ་རྗེ་འཆང་བའི་གསུང་ལ་འཇུག་པར་བྱ་བའི་ཕྱིར་སྡུད་པ་པོས་སྨྲས་པའོ། །གདུལ་བྱ་རྣམས་ཅི་རིགས་པར་རྗེས་སུ་སྟོན་པར་མཛད་པས་ན་སྟོན་པའོ། །རྡོ་རྗེ་ནི་གཉིས་སུ་མེད་པའི་ཡེ་ཤེས་ཏེ་དེ་འཛིན་པར་མཛད་པས་ན་རྡོ་རྗེ་འཛིན་ཏོ། །ས་འོག་དང་

ས་སྟེང་དང་མཐོ་རིས་ཀྱི་ངོ་བོ་ཉིད་དུ་གྱུར་པས་ན་འཇིག་རྟེན་གསུམ་པའོ། །འདོད་པའི་ཁམས་ལ་སོགས་པའི་ངོ་བོ་ཉིད་ཀྱིས་བཞུགས་པས་ན་ཁམས་གསུམ་པའོ། །འཇིག་རྟེན་གསུམ་མཆོག་རྡོ་རྗེ་ནི་རང་སངས་རྒྱས་ལ་སོགས་པ་སྟེ། དེ་རྣམས་ཀྱི་མཆོག་ནི་གཙོ་བོར་གྱུར་པས་སོ། །
འཇིག་རྟེན་གསུམ་ནི་ཚངས་པ་ལ་སོགས་པ་སྟེ་དེ་རྣམས་ལ་རྗེས་སུ་སྟོན་པ་ཉིད་དེ། དེ་ལྟ་བུ་རྡོ་རྗེ་འཆང་ཆེན་པོའོ། །དེ་བཞིན་གཤེགས་པ་ཀུན་གྱི་གནས། །ཞེས་པ་ནི་དེ་རྣམས་ཀྱི་བཞུགས་གནས་སུ་གྱུར་པས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ངོ་བོ་ཉིད་དུ་གཤེགས་
པས་ན་དེ་བཞིན་གཤེགས་པ་ཀུན་གྱིའོ། །ཐུགས་ཀྱི་དཀྱིལ་འཁོར་ཞེས་བྱ་བ་ནི། སྐུ་དང་གསུང་གི་དཀྱིལ་འཁོར་དག་པའོ། །དཀྱིལ་ནི་སྙིང་པོའོ། །འཁོར་ནི་ལེན་ཅིང་འཛིན་པ་ཡིན་པས་ན་དཀྱིལ་འཁོར་ཏེ། དེ་དང་དེའི་རྣམ་པ་ལྟ་བུའི་དཀྱིལ་འཁོར་གང་ཡིན་པ་དེ་ནི་དཀྱིལ་
འཁོར་རབ་འདྲ་བ་ཞེས་བྱའོ། །ཡིད་དུ་འོང་བས་ན་ཉམས་དགའ་བ་སྟེ། དེ་ལྟ་བུའི་ཐུགས་ཀྱི་དཀྱིལ་འཁོར་དུ་གྱུར་པ་བཤད་པ་སྟེ་སྒྲ་ཇི་བཞིན་པའོ། །རྡོ་རྗེ་འཆང་ཆེན་པོའི་གསུང་གི་དཀྱིལ་འཁོར་སྟོན་པའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ནས་ཞེས་བྱ་བ་ནི་
ཚིག་གི་སྐབས་འབྱེད་པའོ། །དེའི་ཕྱིར་ཞེས་པའི་སྒྲ་ནི། གཏན་ཚིགས་ཀྱི་དོན་ཏེ་སློབ་མའི་ཚིག་ཁས་བླངས་ནས། གང་གི་ཕྱིར་འདི་ནི་དད་པ་ལ་སོགས་པའི་ཡོན་ཏན་རྫོགས་པ་ཡིན་པས་ན་དཀྱིལ་འཁོར་འདི་བཤད་པར་བྱའོ་ཞེས་བྱ་བར་དགོངས་སོ། །སེམས་གཙོ་བོར་
བྱས་པའི་དཀྱིལ་འཁོར་ནི་ཐུགས་ཀྱི་དཀྱིལ་འཁོར་རོ། །རྡོ་རྗེའི་རིགས་གཙོ་བོ་ཡིན་པས་ན་མཆོག་སྟེ། དེ་བས་ན་འདི་ཉིད་ནི་དང་པོར་གསུངས་སོ། །ཐུགས་ཀྱི་རྡོ་རྗེ་ནི་མི་བསྐྱོད་པའོ། །དེ་དང་འདྲ་བར་བདུད་ལ་སོགས་པ་རྣམས་ཀྱིས་གཡོ་བར་མི་ནུས་པས་ན་རྡོ་རྗེ་རབ་
འདྲ་བའོ། །སྐུ་དང་གསུང་དང་ཐུགས་རྣམས་ཀྱི་དཀྱིལ་འཁོར་ནི་སྙིང་པོ་སྟེ་གསང་བའོ། །དེ་ལེན་པས་ན་སྐུ་དང་གསུང་དང་ཐུགས་ཀྱི་དཀྱིལ་འཁོར་ཏེ། དེ་ཡང་དག་པར་བཤད་པར་བྱའོ་ཞེས་བྱ་བར་སྦྱར་རོ། །ལུས་དང་ཞེས་བྱ་བ་ལ་སོགས་པ་ནི་དེའི་ཐིག་སྐུད་ཀྱི་ཆོ་ག་

སྟོན་པ་ཡིན་ཏེ། ལུས་དང་ངག་སེམས་བསྒོམས་པ་ཡིས། །ཞེས་པ་ནི་ལུས་དང་ངག་སེམས་མཉམ་པར་གཞག་པས་སོ། །ཤེས་རབ་ཅན་ནི་ལས་ཀྱི་ཆོ་ག་མཐོང་བའི་སློབ་དཔོན་ནོ། །ཐིག་གདབ་པ་ནི་རྣམ་པར་བགོ་བའོ། །ཐིག་སྐུད་ནི་དཀྱིལ་འཁོར་
སྟོན་པས་ཐིག་སྐུད་དོ། །སར་པ་ནི་གཞན་དག་ཏུ་མ་སྤྱད་པའོ། །ལེགས་པར་བཀལ་བ་ནི་ཡང་དག་པར་བསྒྲིལ་པའོ། །ཚད་མ་ནི་དཀྱིལ་འཁོར་གྱི་ཉིས་བལྟབ་བོ། །རབ་ཏུ་མཛེས་པ་ནི་ཚོན་སྣ་ལྔ་པ་སྟེ་ཤིན་ཏུ་ཕྲ་བ་དང་སྦོམ་པ་མ་ཡིན་པ་དེ་ལྟ་བུའི་ཐིག་སྐུད་ཀྱིས་ཐིག་གདབ་པོ། །ཁྲུ་
ནི་བཅུ་གཉིས་ཞེས་བྱ་བ་ནི་དཀྱིལ་འཁོར་གྱི་ཚད་བསྟན་པ་ཡིན་ནོ། །ངོས་བཞི་ནི་ཟུར་བཞི་དང་ལྡན་པའི་ཕྱིར་རོ། །སྒོ་བཞི་པར་ནི་ཞེས་བྱ་བ་ནི་ཤར་ལ་སོགས་པའི་སྒོ་བཞི་དང་ལྡན་པ་སྟེ་དོན་གྱིས་ནི་ཕྱིའི་དཀྱིལ་འཁོར་ཡིན་ནོ། །དེའི་ཞེས་བྱ་བ་ལ་སོགས་པ་ལ། ངོས་བཞི་ལ་སོགས་
པའི་ཡོན་ཏན་དང་ལྡན་པའི་ཕྱིའི་དཀྱིལ་འཁོར་དེའི་ནང་དུ་འཁོར་ལོ་སྟེ་ནང་གི་དཀྱིལ་འཁོར་རབ་ཏུ་ཟླུམ་པོ་ལྟ་བུར་བྲི་བར་བྱའོ། །དེ་ནས་དེའི་འོག་ཏུ་སློབ་དཔོན་གྱིས་རྡོ་རྗེ་ལ་སོགས་པའི་ཕྱག་རྒྱ་དགོད་པར་བྱའོ། །དེ་ཡང་དེ་ནས་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། ཆོ་ག་ནི་ས་སྦྱང་
བ་ལ་སོགས་པའི་ཆོ་ག་ཉི་ཤུའོ། །དེ་མཐོང་བ་ནི་ཆོ་ག་མཐོང་བ་སྟེ། ལས་དེས་གཞིར་གྱུར་པའི་དཀྱིལ་འཁོར་རྫོགས་པར་བྱེད་ཤེས་པའོ། །ཕྱག་རྒྱ་ནི་ཆོས་ཀྱི་ཕྱག་རྒྱ་དང་། མཚན་མའི་ཕྱག་རྒྱ་དང་། ཕྱག་རྒྱ་ཆེན་པོ་དང་གསུམ་སྟེ། ཡི་གེ་ཧཱུཾ་ལ་སོགས་པ་ནི་ཆོས་ཀྱི་ཕྱག་རྒྱའོ། །རྡོ་རྗེ་
ལ་སོགས་པ་ནི་མཚན་མའི་ཕྱག་རྒྱའོ། །མི་བསྐྱོད་པ་ལ་སོགས་པ་ལྷའི་འཁོར་ལོ་ནི་ཕྱག་རྒྱ་ཆེན་པོའོ། །སེམས་ཅན་གྱི་རྒྱུད་ཐམས་ཅད་ལ་ལྟོས་ནས་རྣམ་པ་གསུམ་པོ་འདི་དག་གིས་ཕྱག་རྒྱ་དགོད་པ་ཡང་བྱའོ། །དེ་ལ་ཉེ་བར་མཚོན་པའི་དོན་ཙམ་དུ་མཚན་མའི་ཕྱག་རྒྱ་བསྟན་
པའི་ཕྱིར། དེའི་དབུས་སུ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འཇིགས་པ་དག་ཀྱང་རབ་འཇིགས་བྱེད། །ཅེས་བྱ་བ་ནི། ཞེ་སྡང་གི་དེ་ཁོ་ན་ཉིད་ཡིན་པའི་ཕྱིར། རྡོ་རྗེ་ནི་འཇིགས་པ་རྣམས་ཀྱང་འཇིགས་པར་བྱེད་པའོ། །རྡོ་རྗེ་ནི་དེ་བཞིན་གཤེགས་པ་རྣམས་སོ། །དེ་རྣམས་

ཀྱི་འབར་བ་ནི་འོད་ཟེར་ལྔ་སྟེ་དེས་འཁོར་ལོ་རྣམ་པར་བརྒྱན་པའོ། །འོད་ཟེར་མང་པོ་རབ་ཏུ་འཁྲིགས། །ཞེས་བྱ་བ་ནི། རིན་པོ་ཆེ་ལ་འོད་ཟེར་གྱི་ཚོགས་ཀྱིས་རྒྱས་པའོ། །པདྨ་ཆེན་པོ་ནི་འོད་དཔག་ཏུ་མེད་པའོ། །པདྨ་དམར་པོའི་འོད་དང་མཉམ་ཞིང་ཁ་དོག་དམར་བ་ནུབ་ཕྱོགས་ཀྱི་
ཆར་བྲི་བར་བྱའོ། །རལ་གྲི་ཆེན་པོ་བྱང་ཕྱོགས་སུ། །ཞེས་བྱ་བ་ལ་སོགས་པ་ལ། འོད་ཟེར་ནི་ཁ་དོག་སྣ་ལྔ་པའོ། །དེ་རྣམས་ཀྱིས་འབར་བ་ནི་འོད་འཕྲོ་བའོ། །དེ་རྣམས་ཀྱིས་རབ་ཏུ་འཁྲིགས་པར་ནི་རལ་གྲི་ལ་འོད་དེའི་ཚོགས་ཀྱིས་ཁྱབ་པའོ། །དབུས་ན་སྤྲིན་དང་འདྲ་བའི་འོད། །
ཅེས་བྱ་བ་ལ་སོགས་པ་ལ། སྤྲིན་སྔོན་པོའི་མདོག་འདྲ་བ་ནི་དབུས་ན་སྤྲིན་དང་འདྲ་བའི་འོད་དེ། དབུས་གནག་ལ་མཐའ་དཀར་བའི་འོད་དང་ལྡན་པ་གང་ཡིན་པ་དེ་ནི་དབུས་ན་སྤྲིན་དང་འདྲ་བའི་འོད་མངའ་བའི་སྤྱན་ནོ། །མཱ་མ་ཀཱི་ཡི་རིགས་བྱུང་བ། །ཞེས་བྱ་བ་ནི། མཱ་མ་ཀཱིའི་ཕྱག་མཚན་
ཏེ་རིགས་ལས་བྱུང་བ་ནི་རྡོ་རྗེའི་རིགས་ལ་ལྟོས་པ་སྟེ། གང་གི་ཚེ་རིན་པོ་ཆེའི་རིགས་ལ་ལྟོས་པར་གྱུར་པ་དེའི་ཚེ་ནི། རིན་པོ་ཆེ་ཡང་མཱ་མ་ཀཱིའི་ཕྱག་མཚན་དུ་འགྱུར་ཏེ། རྡོ་རྗེ་ནི་མ་ཡིན་ནོ། །ཞེས་བྱ་བར་དགོངས་སོ། །པདྨ་ནི་ཁ་བྱེ་ཞིང་རྒྱས་པ་དང་སྡོང་བུར་བཅས་ཤིང་རྩ་བར་བཅས་པ་དང་། ཨུཏྤལ་
ནི་སྤྲིན་སྔོན་པོ་ལྟར་རྣམ་པར་མཛེས་པའོ། །ཐོ་བ་ནི་ཕྱོགས་ཀུན་ནས་འོད་ཟེར་ལྔས་ཁྱབ་སྟེ་སྔོན་པོ་ལ་སོགས་པའི་འོད་ཟེར་ལྔས་བརྒྱན་པས་སོ། །བེ་ཅོན་ནི་རྡོ་རྗེ་འབར་བ་ལ་སོགས་པའི་འོད་བཟང་བ་ཡོད་པའི་དབྱུག་པའོ། །པདྨ་ནི་རལ་གྲི་ལྟར་རྣོ་བའི་འོད་འཕྲོ་བ་གང་ཡིན་པ་དེ་
ལ་དེ་སྐད་ཅེས་བྱའོ། །རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་ལ། རྡོ་རྗེ་ནི་སྣ་ཚོགས་རྡོ་རྗེའོ། །འཁྱིལ་པ་རྡོ་རྗེ་ཅན་ཞེས་པ་ནི་བདུད་རྩི་འཁྱིལ་པ་ཞེས་བྱ་བའི་དོན་ཏོ། །ཐུགས་ཀྱི་དཀྱིལ་འཁོར་ཞེས་བྱ་བ་ལ་སོགས་པ་ལ་བཤད་མ་ཐག་པའི་དཀྱིལ་འཁོར་བྲི་བའི་ཆོ་ག་ཉེ་བར་སྡུད་པ་ཡིན་
ཏེ། །འདིར་རྒྱ་ཆེར་ནི་དཀྱིལ་འཁོར་གྱི་ཆོ་ག་ལས་བལྟ་བར་བྱའོ། །ལུས་དང་ཞེས་བྱ་བ་ལ་སོགས་པ་ལ། སྒྲུབ་པ་པོས་མཆོད་པ་རྣམ་པ་གསུམ་གྱིས་ལྷ་རྣམས་ཀྱི་འཁོར་ལོ་གུས་པ་དང་བཅས་པས་མཆོད་པར་བྱའོ། །ནང་གི་མཆོད་པ་བསྟན་པར་བྱ་བའི་ཕྱིར། བུད་མེད་

ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། བུད་མེད་ནི་རང་གི་རིགས་ཀྱི་བུ་མོའོ། །མདངས་བཟང་བ་ནི་གཟུགས་སྡུག་པ་ལ་སོགས་པའི་ཡོན་ཏན་དང་ལྡན་པའོ། །ལོ་གྲངས་བཅུ་དྲུག་ལོན་པ་ནི་ན་ཚོད་དོ། །ནི་ཞེས་བྱ་བ་ནི་ངེས་པར་བཟུང་བའོ། །དྲི་དང་མེ་ཏོག་ཕྲེང་
བརྒྱན་ཏེ། །ཞེས་བྱ་བ་ནི། དྲི་དང་མེ་ཏོག་དང་རྒྱན་རྣམ་པ་སྣ་ཚོགས་པས་བརྒྱན་པར་བྱས་ནས་དཀྱིལ་འཁོར་དེའི་དབུས་སུ་མཉེས་པར་བྱ་ཞིང་རོལ་པར་བྱའོ་ཞེས་དགོངས་སོ། །ཅི་ལྟར་རོལ་པར་བྱ་ཞེ་ན། བྱིན་བརླབས་ལ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཤེས་རབ་ཅན་ནི་མཁས་པ་
སྟེ་སྔགས་པའོ། །ཡོན་ཏན་སྐ་རགས་མཱ་མ་ཀཱི། །ཞེས་བྱ་བ་ནི། གང་ཡོན་ཏན་ཉིད་ཀྱིས་སྐ་རགས་སུ་བྱས་པ་ནི་སྔར་བཤད་པའི་བུད་མེད་དོ། །དེ་མཱ་མ་ཀཱི་དང་འདྲ་བར་བྱིན་གྱིས་བརླབ་པ་སྟེ་ཐ་མལ་པའི་དངོས་པོ་བསལ་ཏེ། རིགས་ལྔས་ཁྱབ་པར་བརྒྱན་པར་བྱས་ནས་མཉེས་པར་བྱའོ། །
དེ་ནས་ཞི་བའི་གནས་ཏེ་བྱང་ཆུབ་ཀྱི་སེམས་སྤྲོས་པ་ནི། རྡོ་རྗེའི་ལམ་ནས་ཕྱི་རོལ་ཏུ་བྱ་བའོ། །སངས་རྒྱས་ཀྱི་གནས་ཇི་ལྟར་སྤྲོ་ཞེ་ན། ནམ་མཁའི་དབྱིངས་ནི་རབ་ཏུ་བརྒྱན། །ཞེས