Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 30

Văn bản gốc(Tây Tạng)

Trang 8 / 15 (50.000 ký tự/trang)
ར། །གྲོང་ངམ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གྲོང་ནི་རྒྱལ་པོའི་ཕོ་བྲང་ངོ་། །གྲོང་ཁྱེར་ནི་སྐྱེ་བོ་རྣམས་གནས་པའི་ཕྱོགས་གཅིག་གོ། །ལྗོངས་ཞེས་བྱ་བ་ཡང་སྐྱེ་བོ་མང་པོ་གནས་པ་ལ་
བྱའོ། །དེར་འོག་ནས་བཤད་པའི་སྦྱོར་བ་བྱ་བའོ། །ནད་ཀུན་སྤོང་བ་ཞེས་བྱ་བ་ལ་སོགས་པས་ནི། སྦྱོར་བའི་ནུས་པ་བསྟན་པ་ཡིན་ཏེ། དེ་ལ་དང་པོར་སྒྲུབ་པ་པོས་སེམས་ཅན་རྣམས་ལ་སྙིང་རྗེ་ཆེན་པོ་དམིགས་ནས། གྲོང་གི་སྟེང་བར་སྣང་གི་ཕྱོགས་སུ་ཤིང་ཏཱ་ལའི་ཚད་ཙམ་གྱི་རྡོ་རྗེ་ཆེན་པོ་རྩེ་
མོ་ལྔ་པ་འོད་ཟེར་ལྔ་དང་ལྡན་པ་བསྒོམས་ལ། དེ་ལས་བྱུང་བའི་འོད་ཟེར་གྱི་ཚོགས་བསྲེགས་པའི་བསྐལ་པ་ལྟ་བུ་སྟེ། དུས་མཐའི་མེ་བཞིན་དུ་སེམས་ཅན་རྣམས་ཀྱི་སྡིག་པ་ཐམས་ཅད་བསྲེགས་པར་བསམས་ལ། དེའི་འོག་ཏུ་སླར་ཡང་རྡོ་རྗེ་དེར་རབ་ཏུ་བསྡུ་བར་བྱ་སྟེ། སེམས་ཅན་རྣམས་གཞུག་
པར་བྱའོ། །སྤྲོ་བ་ཞེས་པ་ནི་རྡོ་རྗེ་དེ་ལས་འབྱིན་པ་དག་ཀྱང་བྱ་ཞིང་ཉམས་སུ་བླང་ངོ་། །ཇི་ལྟར་ཞེ་ན། ནོར་བུ་རིན་ཆེན་ཞེས་པ་པདྨ་རཱ་ག་ལ་སོགས་པ་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ཞེས་བྱ་བ་ཡིད་ལ་རེ་བ་སྐོང་བའོ། །འོད་ནི་ཚོན་ཤེལ་གྱི་ནོར་བུ་ལྟར་དང་བའི་ལུས་ཀྱི་ཁ་དོག་སྟེ། ཡིད་བཞིན་གྱི་
ནོར་བུ་རིན་པོ་ཆེའི་འོད་དེ་རྣམས་ཀྱིས་ཉེ་བར་མཚན་པའི་ཆོས་ཀྱི་སྤྲིན་ཞེས་བྱ་བ་བཤད་མ་ཐག་པའི་རིམ་པས་སྦྱངས་པའི་སེམས་ཅན་གྱི་ཚོགས་བསྒོམ་ཞིང་། རང་གི་གནས་སུ་བཀོད་ནས་ཀྱང་དེའི་འོག་ཏུ་རིམ་པ་འདིས་དབང་བསྐུར་བ་ནི་ཡང་དག་པར་བྱ་བ་སྟེ། ནམ་མཁའི་སྟེང་དུ་རྣམ་པར་སྣང་
མཛད་ཀྱི་ཚོགས་རང་གི་ཕྱག་རྒྱ་དང་སྙོམས་པར་ཞུགས་པར་བསྒོམས་ལ། དེ་ལས་བྱུང་བའི་བྱང་ཆུབ་ཀྱི་སེམས་ཀྱི་རྒྱུན་འབབ་པས། སེམས་ཅན་རྣམས་དབང་བསྐུར་བར་བྱའོ་ཞེས་བྱ་བ་ནི་མན་ངག་གོ། །རྡོ་རྗེ་བསམ་གཏན་ཞེས་བྱ་བ་ལ་སོགས་པ་ལ། ཞི་བའི་དོན་དུ་བསྟན་པའི་རྡོ་རྗེའི་བསམ་
གཏན་བཤད་མ་ཐག་པ་འདི་ཡིས་ནི་དགང་དཀའ་བ་སྟེ། ལུས་ཀྱི་ཉམས་སྟོབས་ཟད་པ་རྣམས་ཀྱང་རབ་ཏུ་འགེངས་ཤིང་ཡན་ལག་རྒྱས་པར་འགྱུར་རོ། །དེ་ལྟ་བུའི་བསམ་གཏན་གྱི་སྟོབས་ཀྱིས་སྦྱིན་པའི་རྡོ་རྗེ་ཞེས་པ་སྟེ། སྦྱིན་པ་ཕུལ་དུ་བྱུང་བ་དེ་རབ་ཏུ་བསྒོམ་ཞིང་གསལ་བར་བྱེད་པས་ན་

སྦྱིན་པའི་རྡོ་རྗེ་སྒོམ་བྱེད་པའོ། །ཡིད་བཞིན་གྱི་ནོར་བུ་ནི་རིན་ཆེན་འབྱུང་ལྡན་ནོ། །དཔལ་ནི་ཕུན་སུམ་ཚོགས་པ་སྟེ། དེ་གང་ལ་ཡོད་པ་དེ་ནི་དཔལ་ལྡན་ཏེ་དེར་འབྱུང་བའོ། །དེར་ཞེས་བྱ་བ་ནི་སེམས་ཅན་གྱི་རྟེན་དུ་གྱུར་པའི་ས་དེར་རྣམ་པར་སྣང་མཛད་དང་འོད་དཔག་ཏུ་མེད་པ་དང་མི་
བསྐྱོད་པའི་ཚོགས་ཀྱིས་ལེགས་པར་བྱིན་གྱིས་བརླབས་པར་བསམ་ཞིང་བསྒོམ་པར་བྱའོ། །དེ་ནས་ཅིར་འགྱུར་ཞེ་ན། བསྐལ་པ་གྲངས་མེད་པ་གསུམ་གྱི་དུས་སུ་ཡང་གྲོང་ཁྱེར་ལ་སོགས་པའི་གནས་དེ། སངས་རྒྱས་ཐམས་ཅད་ཀྱིས་བྱིན་གྱིས་རློབ་ཅིང་ཡོངས་སུ་སྐྱོང་བར་མཛད་པ་སྟེ། བཤད་མ་ཐག་པ་
འདི་ནི་སངས་རྒྱས་ཐམས་ཅད་ཀྱི་གསང་བ་སྐྱོན་མེད་པ་སྟེ། མི་སླུ་བའི་སྐུའི་གསང་བ་ལུས་སྲུང་བར་བྱེད་པའོ། །ནད་ཐམས་ཅད་ནི་རིམས་ལ་སོགས་པའོ། །དེ་རྣམས་མེད་པར་བྱེད་པ་ནི་རབ་ཏུ་ཞི་བའོ། །དེའི་འོག་ཏུ་རྡོ་རྗེ་ལྟ་བུའི་ལུས་འབྱུང་བ་སྟེ། ཏིང་ངེ་འཛིན་དེ་གང་དུ་སྟོན་པ་དེ་ལ་ཡང་དེ་སྐད་
ཅེས་བྱའོ། །བསམ་གཏན་ཞེས་བྱ་བ་ལ་སོགས་པས་ནི། ལས་དང་པོ་པའི་དགེ་བའི་བྱ་བའི་ཡན་ལག་ཏུ་གྱུར་པའི་བསྲུང་བའི་ཆོ་ག་གསུངས་པ་ཡིན་ཏེ། བསམ་གཏན་ལས་བྱུང་བའི་གདུག་པའི་ཕུར་བུས་དམ་བཅས་པས་ཏེ། ཐུན་བཞིར་ཉམས་སུ་བླངས་པས་སོ། །གནས་གང་དུ་ནི་ཞེས་པ་
ནི་ཡིད་དང་རྗེས་སུ་མཐུན་པའི་གནས་གང་ཡང་རུང་བར་གནས་ལ། འོག་ནས་བཤད་པ་འདི་བརྩམ་པར་བྱའོ། །བསམ་གཏན་ནི་བསྲུང་བའི་ཆོ་གའོ། །དེ་སྔོན་དུ་འགྲོ་བའི་སྦྱོར་བ་ནི་ཏིང་ངེ་འཛིན་ཏེ། བསམ་གཏན་གྱི་སྦྱོར་བ་དེས་གནས་ན་རྡོ་རྗེ་སེམས་དཔའ་ལ་སོགས་པའི་སྦྱོར་བ་ལ་སློབ་
པ་ན་སངས་རྒྱས་ཏེ་རང་གི་ལྷ་རྣམས་ཀྱིས་བྱིན་གྱིས་རློབ་ཅིང་གཅིག་ཏུ་འགྱུར་རོ། །བསམ་གཏན་གྱི་ཕུར་བུ་དེ་ཉིད་བསྟན་པར་བྱ་བའི་ཕྱིར། རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྡོ་རྗེ་བདུད་རྩི་རྒྱལ་པོ་ཆེ། །ཞེས་བྱ་བ་ནི་བདུད་རྩི་ཐབ་སྦྱོར་ཏེ། དེ་རྡོ་རྗེ་ཕུར་བུ་སྟེ་ལྟེ་བ་ཡན་ཆད་ཁྲོ་
བོའི་གཟུགས་ལ། ལྟེ་བ་མན་ཆད་རྩེ་གཅིག་པའི་གཟུགས་སུ་རབ་ཏུ་བསྒོམས་ལ། མེ་སྟག་རབ་ཏུ་འབར་བ་འདྲ་བས་ཕྱོགས་བཅུ་སྟེ། ཤར་ལ་སོགས་པའོ། །དེ་རྣམས་ཀྱི་དཀྱིལ་འཁོར་གྱི་མཆོག་ནི་གཙོ་བོ་སྟེ། དེ་དང་བཅས་པར་བགེགས་གཞན་རྣམས་ཀྱི་ཡང་། མགོ་ལ་ཕུར་དུ་གདབ་

པར་བྱ་ཞིང་ནུབ་པར་བྱའོ། །འགྲོ་བ་ནི་སྒྲུབ་པོ་ལ་སོགས་པའོ། །དེ་ལོག་པར་སྒྱུར་ཞིང་སེམས་བསྒྱུར་བ་ལ་སོགས་པས་ཁྲིད་ཅིང་འདྲེན་པར་བྱེད་པས་ན། འགྲོ་བ་འདུལ་བ་སྟེ་བགེགས་རྣམས་སོ། །དེ་རྣམས་ཞི་བ་ནི་ངེས་པར་བཟློག་པ་སྟེ། དེ་ཉིད་མི་ཕྱེད་པས་ན་རྡོ་རྗེའོ། །ཏིང་ངེ་འཛིན་དེ་གང་དུ་སྟོན་
པ་དེ་ལ་ཡང་དེ་སྐད་ཅེས་བྱའོ། །ཞི་བའི་ཞེས་བྱ་བ་ལ་སོགས་པ་ལ། ནམ་མཁའི་དབྱིངས་ཀྱི་དབུས་ཏེ། ཆོས་འབྱུང་བ་ལ་གནས་པའི་ཞི་བའི་དཀྱིལ་འཁོར་དམ་པ་སྟེ། ཡོངས་སུ་རྫོགས་པ་བསམ་ཞིང་བསྒོམ་པར་བྱའོ། །དེར་ཡི་གེ་ཨོཾ་ལས་བྱུང་བའི་རྣམ་པར་སྣང་མཛད་ཀྱི་གཟུགས་
གྲི་ལྟ་བ་བཞིན་དུ་བསམས་ལ། དེའི་ཐུགས་ཀར་འདོད་པ་སྟེ། བསྒྲུབ་པར་བྱ་བ་གཞག་ཅིང་དགོད་པར་བྱའོ། །དེའི་འོག་ཏུ་ནམ་མཁའི་དབྱིངས་ཏེ། ནམ་མཁའི་ཁོངས་སུ་གཏོགས་པ། སྤྱན་ལ་སོགས་པ་མཆོག་ཏུ་གྱུར་པ་གང་ཡིན་པ་དེ་ནི། སྤྱན་ལ་སོགས་པའི་མཆོག་རྣམས་ཏེ། རྣམ་པར་སྣང་
མཛད་ཀྱི་ཚོགས་སོ། །དེ་ཡང་སྤྱན་ལ་སོགས་པ་མཆོག་དེ་རྣམས་བདེ་བ་ཆེན་པོ་ལ་སྙོམས་པར་ཞུགས་ནས། ནམ་མཁའི་ཁམས་ཡོངས་སུ་གང་ཞིང་ཁྱབ་པར་རྣམ་པར་བསྒོམས་ལ། སྙོམས་པར་འཇུག་པས་སྙོམས་པར་ཞུགས་པ་དེ་དག་ཐམས་ཅད་བསྡུས་ཤིང་གཅིག་ཏུ་བྱས་ལ། འོད་
ཀྱི་གོང་བུས་དེའི་བདུད་རྩིའི་ཚོགས་དེས་ནད་པའི་སྤྱི་བོར་ཕབ་ནས། སྡིག་པ་ཐམས་ཅད་གཞོམ་པར་བྱའོ། །དེ་ནས་རང་གི་སྙིང་ག་ནས་ནད་པ་ཕྱུང་ལ་སྡིག་པ་དང་བྲལ་བ་མདུན་དུ་ཟླ་བའི་དཀྱིལ་འཁོར་ལ་བཞག་ནས། བ་སྤུ་རྣམས་ཀྱི་བུ་ག་ནས་ཏེ། བརྟུལ་ཞུགས་ཅན་གྱི་རང་གི་རྡོ་རྗེའི་བུ་
གནས་སངས་རྒྱས་ཀྱི་སྤྲིན་སྔར་གྱི་འོད་ཟེར་གྱི་གཟུགས་ཀྱིས་རང་གི་སྤྱི་བོའི་བུ་གར་ཞུགས་པར་སྤྲོ་ཞིང་དབྱུང་ངོ་། །ཇི་ལྟར་ཞེ་ན། རྣམ་པར་སྣང་མཛད་ཀྱི་ཚོགས་ཀྱིས་ཡང་ནམ་མཁའི་ཁམས་ཁེབས་ཤིང་གཡོགས་ནས། བརྟུལ་ཞུགས་ཅན་གྱིས་དེའི་ཚེ་དེའི་དུས་སུ། དེའི་མདུན་ན་འདུག་པ་
དེ་ལ་སྔ་མ་བཞིན་དུ་དབང་བསྐུར་ཏེ། སངས་རྒྱས་ཀྱི་སྤྲིན་རང་གི་ཕྱག་རྒྱ་དང་སྙོམས་པར་ཞུགས་པའི་བྱང་ཆུབ་ཀྱི་སེམས་ཀྱི་རྒྱུན་རྣམས་ཀྱིས་དབང་བསྐུར་བ་སྩོལ་བར་མཛད་དོ། །བསམ་གཏན་གྱི་ཁྱད་པར་འདིས་ནི་དམ་ཚིག་ཅེས་བྱ་བ་མི་དགེ་བ་དེ་ལས་འདས་པར་གྱུར་པས་སྡུག་བསྔལ་གྱི་ཚོགས་

རྣམས་ཀྱིས། རྡོ་རྗེ་ལྟར་མི་ཕྱེད་ཅིང་གཞིག་པར་དཀའ་བས་ན་རྡོ་རྗེ་དམ་ཚིག་སྟེ་ནད་པའོ། །དེའི་རྒྱུས་ན་ནད་པ་དེ་སྐད་ཅིག་གིས་ཏེ། རིང་པོར་མི་ཐོགས་པར་དཔལ་ལྡན་ཏེ། དགེ་བའི་ཡན་ལག་ཏུ་གྱུར་པས་ལུས་རྒྱས་པར་འགྱུར་བའོ། །སངས་རྒྱས་ཀྱི་དམ་ཚིག་གི་སྤྲིན་ནི་རྣམ་པར་
སྣང་མཛད་དང་སྤྱན་གྱི་ཚོགས་སོ། །དེ་རྣམས་ཀྱི་བཀོད་པ་ནི་སྙོམས་པར་འཇུག་པའོ། །ཏིང་ངེ་འཛིན་དེ་གང་དུ་སྟོན་པ་དེ་ལ་ཡང་དེ་སྐད་ཅེས་བྱའོ། །ཟླ་བའི་དཀྱིལ་འཁོར་ཞེས་བྱ་བ་ལ་སོགས་པས་ནི། ཏིང་ངེ་འཛིན་གཉིས་པོ་ཚིག་གཅིག་གིས་ཅུང་ཟད་ཅིག་སྟོན་པ་ཡིན་ཏེ། ཆོས་འབྱུང་
བའི་ནང་དུ་གནས་པའི་དབང་ཆེན་གྱི་དཀྱིལ་འཁོར་བསམས་ཏེ། རིན་ཆེན་འབྱུང་ལྡན་བསྐྱེད་པར་བྱ་བའོ། །ཆོས་འཛིན་པ་ཡི་གཟུགས་བསམ་མོ། །ཞེས་བྱ་བ་ལ། འོད་དཔག་ཏུ་མེད་པ་བསྐྱེད་པ་ལ་ནི་མེའི་དཀྱིལ་འཁོར་བསམ་པར་བྱའོ། །སྙིང་གར་ཞེས་བྱ་བ་རིན་ཆེན་འབྱུང་ལྡན་དང་།
འོད་དཔག་ཏུ་མེད་པའི་ཐུགས་ཀར་འདོད་པ་སྟེ། ཅི་རིགས་པའི་བསྒྲུབ་པར་བྱ་བ་གཉིས་གཞག་པར་བྱའོ། །ནམ་མཁའི་དབྱིངས་ནི་ཉམས་དགའ་བར། །དཀར་མོ་ཞེས་བྱས་རབ་ཏུ་དགང་། །ཞེས་བྱ་བ་ནི། འོད་དཔག་ཏུ་མེད་པའི་ཏིང་ངེ་འཛིན་ལ་ལྟོས་པའི་ཚིག་སྟེ། རིན་ཆེན་འབྱུང་ལྡན་
གྱི་ཏིང་ངེ་འཛིན་ལ་ནི། མཱ་མ་ཀཱིའི་ཚོགས་འོད་སེར་པོའི་ཞེས་དཔག་པར་བྱའོ། །ཡིད་བཞིན་ནོར་བུ་ནི་པདྨ་རཱ་གའོ། །རིན་ཆེན་ནི་གསེར་རོ། །དེ་གཉིས་ཀྱི་འོད་ནི་ཡིད་བཞིན་ནོར་བུ་རིན་ཆེན་འོད་དེ། དེ་འོད་ཀྱི་གོང་བུ་དང་འོད་ཀྱི་སྙིང་པོར་གྱུར་པས་བསྡུ་ཞིང་གཅིག་ཏུ་བྱའོ། །བྱང་ཆུབ་ཀྱི་
སེམས་གཉིས་པོ་འདི་དག་བསྡུས་ནས་འདོད་པ་སྟེ། བསྒྲུབ་པར་བྱ་བའི་ལུས་དང་ངག་དང་སེམས་ཀྱི་གནས་ལ་སྟེ། ལུས་ལ་དེ་དབབ་པར་བྱ་སྟེ་སྔ་མ་བཞིན་དུ་བརྟུལ་ཞུགས་ཅན་གྱིས་བ་སྤུ་རྣམས་ཀྱི་བུ་ག་ནས་རིན་ཆེན་འབྱུང་ལྡན་གྱི་སྤྲིན་རྣམས་སྤྲོ་བར་བྱའོ། །འོད་དཔག་ཏུ་མེད་པའི་
རྣལ་འབྱོར་པས་ནི་ཆོས་ཀྱི་སྤྲིན་བསྒོམས་ལ་སྤྲོ་བར་བྱའོ། །དབང་བསྐུར་བ་ནི་ཡང་དག་བྱ། །ཞེས་བྱ་བ་ནི། སྔ་མ་བཞིན་དུ་འདུག་པ་ལ་རིན་པོ་ཆེའི་སྤྲིན་དང་ཆོས་ཀྱི་སྤྲིན་གྱིས་དབང་བསྐུར་བར་བྱའོ། །རྡོ་རྗེ་བསམ་གཏན་བཤད་མ་ཐག་པའི་སྤྲོས་པ་འདིས་ནི། །དགང་དཀའ་བ་ཡང་

རབ་ཏུ་འགེངས། །ཞེས་བྱ་བ་ནི། རྒྱས་པའི་དོན་གྱི་ཚིག་གོ། །སྦྱིན་པ་ཞེས་བྱ་བ་ལ་སོགས་པ་ནི་དབང་དུ་འགྱུར་བའི་དོན་ཏེ། དེ་ཞེས་བྱ་བ་བསྒྲུབ་པར་བྱ་བ་དེ་ནི། སྒྲུབ་པ་པོའི་མངོན་པར་འདོད་པའི་དོན་རབ་ཏུ་སྦྱིན་པར་བྱེད་པས། ཡིད་བཞིན་ནོར་བུ་དང་འདྲ་བ་དང་། རྒྱལ་སྲིད་ཀྱི་དབང་ཕྱུག་ལ་སོགས་
པ་དང་ལྡན་པས་དཔལ་ལྡན་ནོ། །སྦྱིན་པའི་རྡོ་རྗེ་ནི་རྒྱུན་མི་འཆད་པའི་སྦྱིན་པའོ། །དེ་རབ་ཏུ་སྣང་ཞིང་གསལ་བར་བྱེད་པས་ན། སྦྱིན་པའི་རྡོ་རྗེ་རབ་ཏུ་སྣང་བའོ། །ཆོས་ནི་འོད་དཔག་ཏུ་མེད་པའོ། །དེའི་སྤྲིན་ནི་ཚོགས་སོ། །དེའི་དམ་ཚིག་བཀོད་པ་ནི་སྙོམས་པར་འཇུག་པ་སྟེ། ཏིང་ངེ་འཛིན་དེ་གང་
དུ་སྟོན་པ་དེ་ལ་དེ་སྐད་ཅེས་བྱའོ། །རིན་ཆེན་སྤྲིན་ཞེས་བྱ་བ་ལ་སོགས་པ་ཡང་འདིར་དྲང་བར་བྱའོ། །ནམ་མཁའི་དབྱིངས་ཀྱི་ཞེས་བྱ་བ་ལ་སོགས་པའི་དོན་ནི་བཤད་ཟིན་ཏོ། །རྡོ་རྗེས་མཚན་པའི་ཟླ་གམ་ཅན་གྱི་རླུང་གི་དཀྱིལ་འཁོར་བསམས་ལ། དེར་རྡོ་རྗེ་ནམ་མཁའ་སྟེ་མི་བསྐྱོད་པ་
དང་། ཆོས་ཏེ་འོད་དཔག་ཏུ་མེད་པ་དེའི་མདུན་དུ་སྟེ། ཐད་ཀར་གནས་པ་གང་ཡིན་པ་དེ་ནི་ཆོས་མདུན་ཏེ་དོན་ཡོད་པར་གྲུབ་པའོ། །གཟུགས་ནི་རྡོ་རྗེ་ནམ་མཁའ་དང་ཆོས་མདུན་ཏེ། མི་བསྐྱོད་པ་དང་དོན་ཡོད་པར་གྲུབ་པའི་ཕྱག་རྒྱ་ཆེན་པོར་བསྒོམས་ལ། དེ་དག་ལས་དོན་ཡོད་པར་
གྲུབ་པའི་སྙིང་གར་ཏེ། ཐུགས་ཀར་འདོད་པ་སྟེ་སྐྱེ་བོ་ཐམས་ཅད་དབང་དུ་བྱ་བ་བཞག་ལ་སངས་རྒྱས་ཏེ་རྣམ་པར་སྣང་མཛད་ལ་སོགས་པ་དང་། བྱང་ཆུབ་སེམས་དཔའ་སྟེ་བྱམས་པ་ལ་སོགས་པ་རྣམས་ཀྱིས་རང་གི་ཕྱག་རྒྱ་དང་བཅས་པས་ནམ་མཁའི་དཀྱིལ་འཁོར་ཡོངས་སུ་
གང་བར་བསམས་ལ། དེ་བཞིན་གཤེགས་པ་ལྔའི་སྐུ་མདོག་གི་བྱེ་བྲག་གིས་གཟི་བརྗིད་དེ། བྱང་ཆུབ་ཀྱི་སེམས་རྣམ་པ་ལྔའི་རྒྱུན་བསྒྲུབ་པར་བྱ་བ་དེ་ལ་སྒྲུབ་པར་བྱེད་པས་དབབ་པར་བྱའོ། །དེ་ལྟ་བུའི་སྒྲུབ་པ་པོ་དེ་ནི་དེ་མ་ཐག་ཏུ་སྟེ། རིང་པོ་མི་ཐོགས་པས་དེ་བཞིན་
གཤེགས་པ་ཐམས་ཅད་ཀྱི་ཐུགས་སུ་བྱོན་པར་འགྱུར་ཞིང་། འཇམ་དཔལ་དང་འདྲ་བར་ཡང་དག་པར་སྣང་ཞིང་འབར་བས་ན་མདོག་འདྲ་བའོ། །གནས་ནི་རྒྱལ་པོ་ལ་སོགས་པའོ། །དེ་ལས་བྱེད་པ་ནི་བྱ་བ་བྱེད་པ་སྟེ། དེ་ལྟ་བུའི་ལས་ཐབས་བྱེད་པར་བསྒྲུབ་པར་བྱ་བར་

འགྱུར་བའོ། །དེ་སྔ་མ་བཞིན་མདུན་དུ་འདུག་པ་ལ་དགྱེས་པའི་བདག་ཉིད་ཅན་ཏེ། དགའ་བའི་ཐུགས་ཅན་གྱི་རིགས་ལྔའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་དབང་བསྐུར་བའི་དགའ་སྟོན་ཆེན་པོ་སྩོལ་བར་མཛད་དོ། །དེ་ནས་ཅིར་འགྱུར་ཞེ་ན། བལྟས་
ཙམ་བསྐྱེད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། བལྟས་པ་ཙམ་བསྐྱེད་ཅིང་བསྐྲུན་པ་བྱས་པས་ཀྱང་འགྲོ་བ་ཐམས་ཅད་དབང་དུ་བྱེད་པར་འགྱུར་རོ། །རིན་པོ་ཆེ་དང་མཉམ་པར་གྱུར་པས་རིན་ཆེན་དམ་ཚིག་སྟེ། རྒྱལ་པོ་དང་བློན་པོ་དེ་རྣམས་ཀྱི་སྤྲིན་ནི་ཚོགས་སོ། །དེས་བཀོད་
པར་བྱས་པ་ནི་བསྙེན་བཀུར་གྱི་དོན་དུ་འོངས་ནས་རིམ་གྲོར་བྱེད་པ་སྟེ། ཏིང་ངེ་འཛིན་དེ་གང་དུ་སྟོན་པ་དེ་ལ་དེ་སྐད་ཅེས་བྱའོ། །རྡོ་རྗེ་ནམ་མཁའ་ཆོས་མདུན་དུ། །ཞེས་བྱ་བ་འདིར་གང་གཞག་པའི་མི་བསྐྱོད་པའི་ཏིང་ངེ་འཛིན་དེའི་ལས་ཀྱི་ལྷག་མ་བསྟན་པར་བྱ་བའི་ཕྱིར། ནམ་མཁའ་
རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མི་བསྐྱོད་པའི་སྦྱོར་བ་དང་ལྡན་པས་ནམ་མཁའི་དབུས་སུ་སྲིན་པོ་སྟེ་གནོད་སྦྱིན་ལ་སོགས་པ་རྣམས་དྲག་ཅིང་སྟེ་གཞན་གསོད་པར་དགའ་བ་དང་ཁྲོ་ལ་སྟེ་ཁྲོ་བའི་དབང་དུ་གྱུར་པ་དང་། རབ་གཏུམ་སྟེ་ཕ་རོལ་གནོན་པ་ལ་ཐོགས་པ་མེད་པ་
དང་། ཝ་དང་བྱ་རོག་ལ་སོགས་པ་སེམས་ཅན་ཤ་ཟ་བ་སྣ་ཚོགས་པ་རྣམས་དང་། བྱ་རྒོད་དང་ཁྱི་རྣམས་ཀྱིས་གང་བར་བསྒོམ་མོ། །དེ་ནས་མེའི་དཀྱིལ་འཁོར་ལ་གནས་པའི་དགྲ་བོའི་ཁ་སྦྱར་ཕྱེ་བར་བསྒོམ་མོ། །སངས་རྒྱས་ཀུན་ལ་སྟེ་སེམས་ཅན་ཀུན་ལ་གནོད་པར་བྱེད་པ་དང་བཅས་
པར་བསམས་ནས། རྣལ་འབྱོར་འདི་སྦྱར་བར་བྱ་སྟེ། མཚོན་ཆ་སྣ་ཚོགས་པ་ཐོགས་པ་རྣམས་ཀྱིས་མནན་ནས། དུམ་བུར་གཏུབས་པར་གྱུར་པར་བསམས་པ་དང་། ཡང་བསྒྲུབ་པར་བྱ་བའི་རྒྱུ་མ་ལ་སོགས་པ་ཐམས་ཅད་སྲིན་པོ་ལ་སོགས་པ་རྣམས་ཀྱིས་དྲངས་ནས་བླངས་ཏེ་ཟོས་
པར་རྣམ་པར་བསྒོམ་མོ། །དེ་ནས་སངས་རྒྱས་ཞེས་བྱ་བ་སངས་རྒྱས་ཀྱི་ཐིག་པ་པ་རྣམས་དང་། རྡོ་རྗེ་འཛིན་པ་སྟེ་ལས་དང་པོ་པ་དག །གལ་ཏེ་སྦྱོར་བ་འདི་ལྟ་བུ་རབ་ཏུ་བསྒོམ་ཞིང་སེམས་ན་ཟླ་བ་ཕྱེད་ཚུན་ཆད་དེ། ཟླ་བ་ཕྱེད་ཚང་བའམ་ཟླ་བ་ཕྱེད་ཀྱི་ཕྱེད་ཀྱིས་འཆི་བར་འགྱུར་ཞིང་

འཇིག་པར་འགྱུར་བར་འདིར་གདོན་མི་ཟའོ། །རྡོ་རྗེ་སྤྲིན་ནི་མི་བསྐྱོད་པའོ། །དེའི་དམ་ཚིག་ནི་སྲིན་པོ་ལ་སོགས་པའོ། །དེ་རྣམས་ཀྱི་བཀོད་པ་ནི་རྣམ་པར་འཕྲུལ་པ་སྟེ། ཏིང་ངེ་འཛིན་དེ་གང་དུ་སྟོན་པ་དེ་ལ་ཡང་དེ་སྐད་ཅེས་བྱའོ། །གཞན་ཡང་ལྷ་རྣམས་བཤད་པ་ཉིད་ཀྱི་སྐུ་
མདོག་དང་ཕྱག་མཚན་དང་ཕྱག་དང་ཞལ་གྱི་རྣམ་པ་བསྟན་པར་བྱ་བའི་ཕྱིར། རྣམ་པར་སྣང་མཛད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། རྣམ་པར་སྣང་མཛད་ཞལ་གསུམ་པ། །ཞེས་བྱ་བ་ལ་སོགས་པས་ནི། རྣམ་པར་སྣང་མཛད་ཀྱི་སྐུ་གསུངས་པ་ཡིན་ཏེ། ཀཾ་ནི་ཆུའོ། །དེའི་ཨཎྜ་ནི་
སྒོང་སྟེ་སྤྲིན་ཡིན་ལ་སྟོན་ཀའི་སྤྲིན་ལྟ་བུ་དང་། མདོག་འདྲ་བ་སྟེ་སྤྲིན་དཀར་པོ་ལྟར་རྣམ་པར་བསམ་མོ། །དཀར་པོ་ནག་པོ་རབ་ཏུ་དམར། །ཞེས་བྱ་བ་ནི་ཞལ་གསུམ་འཆང་བ་སྟེ། དེ་ལ་ཞལ་བར་མ་ནི་དཀར་པོའོ། །གཡས་པ་ནི་ནག་པོའོ། །གཡོན་པ་ནི་རབ་ཏུ་དམར་བ་
སྟེ། མེ་ཏོག་ཀུ་སུམ་བྷ་ལྟ་བུའོ། །ཐོར་ཚུགས་དབུ་རྒྱན་དག་གིས་བརྒྱན། །ཞེས་བྱ་བ་ནི། རྣམ་པར་སྣང་མཛད་ཀྱི་ཞལ་དང་སྐུ་མདོག་གི་ངེས་པའོ། །དེ་བཞིན་དུ་རྡོ་རྗེ་ཅན་ཏེ་མི་བསྐྱོད་པ་ཡང་། ཞལ་ནག་པོ་དང་དཀར་པོ་དང་དམར་པོར་བསམ་མོ། །འཇིག་རྟེན་ཁམས་རྣམས་
འཁྲུག་བྱེད་པ། །ཞེས་པ་མི་ཉི་མའི་དཀྱིལ་འཁོར་གྱི་འོད་ཀྱིས་ཡོངས་སུ་བསྐོར་བའོ། །དེ་བཞིན་དུ་འདོད་ཆགས་ཅན་ཏེ། འོད་དཔག་ཏུ་མེད་པ་ནི་ཞལ་གསུམ་པ་ཐོར་ཚུགས་དང་དབུ་རྒྱན་གྱིས་བརྒྱན་པ་སྟེ། དེ་ལྟར་ལྷའི་སྐུ་གསུམ་པོ་བསྒོམས་ན་ངེས་པར་བཤད་པའི་
ལས་རྣམས་རབ་ཏུ་འགྲུབ་པར་འགྱུར་རོ། །དེ་བཞིན་དུ་རྣམ་པར་སྣང་མཛད་ལ་སོགས་པའི་གཡས་པའི་ཕྱག་དང་པོ་ལ། འཁོར་ལོ་དང་རྡོ་རྗེ་དང་པདྨ་བསྒོམ་པར་བྱའོ། །རྡོ་རྗེ་ནི་ཕྱག་རྒྱ་ཆེན་པོའི་གཟུགས་ཏེ། ཕྱག་དྲུག་པར་བསྒོམ་མོ། །བཟང་པོ་ནི་འདོད་པའི་དོན་
རྫོགས་པར་བྱེད་པས་སོ། །མཚོན་ཆ་སྣ་ཚོགས་བསམ་ཞེས་བྱ་བ་ནི། སྒྲུབ་པའི་ཐབས་ལས་བཤད་པའི་རིམ་གྱིས། རང་གི་མཚན་མ་རྣམས་བསྣམས་པའོ། །དེ་བཞིན་དུ་རིན་ཆེན་འབྱུང་ལྡན་ལ་སོགས་པ་རྣམས་ཀྱི་ཡང་། ཕྱག་དང་པོར་རང་གི་མཚན་མ་བསམ་པར་བྱའོ། །

སེམས་ཅན་ཀུན་ལ་ཕན་བཞེད་མ། །ཞེས་བྱ་བ་ནི། འགྲོ་བ་ཐམས་ཅད་ཀྱི་སྡུག་བསྔལ་ཞི་བར་མཛད་པའོ། །སྤྱན་ནི་རྣམ་པར་སྣང་མཛད་དང་འདྲ་བར་ཞལ་གསུམ་དུ་བསམ་མོ། །མཁའ་སྐྱེས་ནི་མི་བསྐྱོད་པའོ། །དེ་བདག་གི་གན་དུ་འདྲེན་པས་ན་སྤྱན་ཏེ་མཱ་མ་ཀཱིའོ། །རྒྱལ་
མོ་ཆེ་ནི་བཙུན་མོའི་མཆོག་སྟེ། ཞལ་གསུམ་མི་བསྐྱོད་པ་དང་འདྲ་བར་བསྒོམ་མོ། །གསུང་རྡོ་རྗེ་ནི་འོད་དཔག་ཏུ་མེད་པ་སྟེ། དེ་འདྲེན་པས་ན་ཆུ་སྐྱེས་ཅན་ཏེ། གོས་དཀར་མོ་ནི་འོད་དཔག་ཏུ་མེད་པ་དང་འདྲ་བར་བསྒོམ་མོ། །རིག་མ་རྡོ་རྗེ་ཨུཏྤལ་བསྣམས། །ཞེས་བྱ་བ་ནི་རྡོ་རྗེས་མཚན་
པའི་ཨུཏྤལ་སྟེ། དེ་བསྣམས་པས་ན་རྡོ་རྗེ་ཨུཏྤལ་བསྣམས་པ་སྟེ། དོན་ཡོད་པར་གྲུབ་པའི་ཕྱག་རྒྱ་སྒྲོལ་མ་སྟེ། ཞལ་ལ་སོགས་པ་ནི་དོན་ཡོད་པར་གྲུབ་པ་དང་འདྲ་བར་བསམ་མོ། །ཁྲོ་བོ་ཆེན་པོ་གཤིན་རྗེ་གཤེད། །ཅེས་བྱ་བ་ནས་བརྩམས་ཏེ། བསམ་གཏན་དཀྱིལ་འཁོར་བསྒོམ་
པར་བྱ། །ཞེས་བྱ་བའི་བར་དུ་ནི་གོ་སླ་སྟེ། བསམ་གཏན་གྱི་དཀྱིལ་འཁོར་ནི་བཀའི་འཁོར་ལོའོ། །གཟི་བརྗིད་ཕུང་པོ་དང་གཙུག་ཏོར་རྒྱལ་བ་ལ་སོགས་པ་ནི་ཁྲོ་བོ་རྣམས་སོ། །གང་གཞན་སྔགས་ཀྱི་འཁོར་ལོ་ཅན། །ཞེས་བྱ་བ་ནི། བྱམས་པ་ལ་སོགས་པ་རྣམས་སོ། །དམ་ཚིག་ནི་
རིགས་ཏེ། དེ་རྣམས་ལ་ཡང་དག་པར་ལོངས་སྤྱོད་པས་ན་དམ་ཚིག་ལོངས་སྤྱོད་དེ། རྡོ་རྗེ་ལ་སོགས་པའི་མཚན་མའོ། །དེ་རྣམས་ཀྱིས་སོ་སོ་ཐ་དད་པ་དག་ཏུ་བསྒོམ་པར་བྱའོ། །ཏིང་ངེ་འཛིན་ནི་ཞེས་བྱ་བ་ལ་སོགས་པ་ལ་སྔགས་རྣམས་ཀྱི་སྟེ། ལྷ་རྣམས་ཀྱི་ཏིང་ངེ་འཛིན་དཔག་ཏུ་མེད་
ཅིང་ཚད་མེད་པ་རྣམས་བཤད་ཅིང་བསྟན་པ་ཡིན་ཏེ། དེ་བས་ན་གཤིན་རྗེ་གཤེད་ལ་སོགས་པ་ཁྲོ་བོ་རེ་རེ་ཞིང་ཡང་། བྲན་དང་བྲན་མོ་དང་ཕོ་ཉ་དང་ཕོ་ཉ་མོ་ལ་སོགས་པའི་རྣམ་པས་ཏིང་ངེ་འཛིན་རྣམས་ནི། ནམ་མཁའི་སྟེང་དུ་སྟེ་ནམ་མཁའི་ཁམས་པས་ཀྱང་ལྷག་པར་འགྱུར་རོ་ཞེས་པ་སྟེ། ཏིང་ངེ་
འཛིན་གྲངས་མེད་པ་ཉིད་དུ་བཤད་པ་ཡིན་ནོ། །ད་ནི་རྫོགས་པའི་རིམ་པས་ལྷ་རྣམས་བསྐྱེད་པ་བསྟན་པར་བྱ་བའི་ཕྱིར། ནམ་མཁའི་དབྱིངས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ནམ་མཁའི་དབྱིངས་ནི་འོད་གསལ་བའོ། །དེ་ལས་བྱུང་བའི་གསལ་བའི་དཀྱིལ་འཁོར་ནི་ཀུན་ཏུ་སྣང་བ་

གསུམ་མོ། །དམ་པ་ནི་ཟླ་བ་དང་རྡོ་རྗེ་ལ་སོགས་པ་ལ་ལྟོས་པ་མེད་པའི་ཕྱིར་ཏེ། དེས་ན་སངས་རྒྱས་ཀྱི་གཟུགས་ཏེ། རྡོ་རྗེ་འཆང་ཆེན་པོའི་གཟུགས་རབ་ཏུ་བསྒོམས་ཤིང་བསྐྱེད་ལ། དེ་ནས་རྣམ་པར་སྣང་མཛད་རྣམ་པར་བསམ་ཞིང་སྤྲོ་བར་བྱའོ། །ཇི་ལྟར་ཞེ་ན། གསལ་ཞིང་སྟེ་ཟླ་བ་ལ་
ཁུག་རྣ་ལ་སོགས་པའི་ཉེས་པ་དང་བྲལ་བར་གྱུར་པའི་ཟླ་བའི་གཟུགས་འདྲ་བས་ན་ཟླ་བ་བཞིན་ནོ། །ཞི་བ་ནི་ཞི་བའི་ཉམས་དང་ཉེ་བར་ལྡན་པའོ། །འོད་ཟེར་སྣ་ཚོགས་འདྲ་བའི་འོད། །ཅེས་བྱ་བ་ནི། འོད་ཟེར་རྣམ་པ་ལྔས་འོད་ཀྱི་དཀྱིལ་འཁོར་དུ་བྱས་པའོ། །མེ་ལོང་ནི་མེ་ལོང་གི་དཀྱིལ་འཁོར་
ཏེ། །དེ་ལས་བྱུང་བ་ནི་དེར་གཏོགས་པའོ། །ཁམས་གསུམ་དག་གི་དཀྱིལ་འཁོར་དུ། །ཞེས་བྱ་བ་ནི། ཁམས་གསུམ་གྱི་དཀྱིལ་འཁོར་རོ། །དེ་བཞིན་དུ་སྐྱེས་བུ་ཆེན་པོའི་མཚན་རྣམས་དང་ཉེ་བར་ལྡན་པས་ན། རྒྱན་རྣམས་ཀུན་གྱིས་བརྒྱན་པ་དག་སྟེ། དེ་ལྟར་བདག་ཉིད་བསམས་ཤིང་ཤེས་
པར་བྱས་ན། བྱང་ཆུབ་སྟེ་མི་གནས་པའི་མྱ་ངན་ལས་འདས་པ་དེ་མཐོང་ཞིང་ཐོབ་པར་འགྱུར་བ་ནི། བསམ་གཏན་རྡོ་རྗེ་རབ་ཏུ་བསྒོམ་པ་འདི་ཡིས་སོ་ཞེས་བྱ་བར་སྦྱར་རོ། །སངས་རྒྱས་ཆེ་བའི་བདག་ཉིད་ནི་སངས་རྒྱས་ཀྱི་དབང་ཕྱུག་གོ། །འཇིག་རྟེན་ཐམས་ཅད་དབང་བྱེད་པ། །
ཞེས་བྱ་བ་ནི། ཉན་ཐོས་ལ་སོགས་པ་འདུད་པར་བྱེད་པའོ། །ཚེ་འདི་ཉིད་ཀྱིས་ཏེ་ལུས་འདི་ཉིད་ལ་གནས་ནས་འཐོབ་པའོ། །རྣམ་པར་སྣང་མཛད་ཀྱི་ཞེས་བྱ་བ་ནི། རྫོགས་པའི་རིམ་གྱིས་བྱུང་བའི་ཏིང་ངེ་འཛིན་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །རྡོ་རྗེའི་དཀྱིལ་འཁོར་ཞེས་བྱ་བ་ལ་སོགས་པ་ལ།
རྡོ་རྗེའི་དཀྱིལ་འཁོར་ནི་ཀུན་ཏུ་སྣང་བ་གསུམ་མོ། །སངས་རྒྱས་གཟུགས་ནི་ཞེས་བྱ་བ་ལ་སོགས་པ་ནི་སྔ་མ་བཞིན་ནོ། །མཆེ་བ་ཅུང་ཟད་གཙིགས་པ་དང་ལྡན་པས་ན་ཁྲོས་པའོ། །གསལ་བའི་ལུས་ནི་དྲུག་པ་སྟེ། དེ་དང་འདྲ་བའོ། །མྱུར་དུ་རྡོ་རྗེ་ཉིད་འཐོབ་འགྱུར། །ཞེས་བྱ་བ་ནི་སངས་
རྒྱས་ཉིད་མྱུར་ཞིང་མགྱོགས་པར་ཐོབ་པའོ། །དམ་ཚིག་ཐམས་ཅད་ནི་དཀྱིལ་འཁོར་པ་རྣམས་སོ། །དེ་གང་དུ་འབྱུང་བ་དེ་ནི་དམ་ཚིག་ཐམས་ཅད་ལས་འབྱུང་བའོ། །མཛེས་པའི་རྡོ་རྗེ་ནི་མི་བསྐྱོད་པ་སྟེ། ཏིང་ངེ་འཛིན་དེ་གང་དུ་སྟོན་པ་དེ་ལ་དེ་སྐད་ཅེས་བྱའོ། །ཆོས་ཀྱི་དཀྱིལ་

འཁོར་ཞེས་བྱ་བ་ལ་སོགས་པ་ལ། ཆོས་ཀྱི་དཀྱིལ་འཁོར་ཞེས་བྱ་བ་ནི་ཀུན་ཏུ་སྣང་བ་གསུམ་མོ། །སངས་རྒྱས་གཟུགས་ནི་ཞེས་བྱ་བ་ལ་སོགས་པ་ནི་སྔ་མ་བཞིན་ནོ། །ཆོས་ཀྱི་བདག་ཉིད་ཆེན་པོ་ནི་ངག་གི་དབང་ཕྱུག་གོ། །སྐུ་གསུམ་མི་ཕྱེད་པ་ནི་རྡོ་རྗེ་འཆང་ཆེན་
པོའོ། །དེ་ལས་བྱུང་བ་ནི་དེ་ལས་སྐྱེས་པའོ། །ཡེ་ཤེས་རྒྱ་མཚོས་རྣམ་པར་བརྒྱན། །ཞེས་བྱ་བ་ནི། རྫོགས་པའི་རིམ་པའི་ཏིང་ངེ་འཛིན་ལ་གནས་པའོ། །འཐོབ་པར་འགྱུར་བ་ནི་རྙེད་པར་འགྱུར་བའོ། །ཆོས་ཀྱི་སེམས་དཔའ་ནི་འོད་དཔག་ཏུ་མེད་པའོ། །དེ་འབྱུང་བར་གྱུར་པ་
གང་ཡིན་པ་དེ་ནི་ཆོས་ཀྱི་དམ་ཚིག་འབྱུང་བ་སྟེ། རྡོ་རྗེ་འཆང་ཆེན་པོའོ། །དེའི་དམ་ཚིག་འབྱུང་བ་ནི་ཡོངས་སུ་རྫོགས་པའི་རིམ་པའོ། །དེ་ཉིད་རྡོ་རྗེ་སྟེ་ཏིང་ངེ་འཛིན་དེ་གང་དུ་སྟོན་པ་དེ་ལ་དེ་སྐད་ཅེས་བྱའོ། །ཟླ་བའི་དཀྱིལ་འཁོར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཟླ་བས་མཚན་པའི་
དཀྱིལ་འཁོར་ནི་ཟླ་བའི་དཀྱིལ་འཁོར་ཏེ་ཀུན་དུ་སྣང་བ་གསུམ་མོ། །སངས་རྒྱས་གཟུགས་ནི་ཞེས་བྱ་བ་ལ་སོགས་པ་ནི་སྔ་མ་བཞིན་ནོ། །ཁམས་གསུམ་དག་ནི་དབང་བྱེད་པ། །ཞེས་པ་ནི། དེའི་ངོ་བོ་ཉིད་བསྟན་པའོ། །ཡེ་ཤེས་ཐམས་ཅད་གྲུབ་པར་བྱེད། །འཁོར་ལོ་ཡིད་བཞིན་ནོར་བུ་
སྟེར། །ཞེས་བྱ་བ་ནི། འཁོར་ལོ་ནི་སྒྲུབ་པ་པོའི་ཡིད་བཞིན་གྱི་ནོར་བུ་སྟེར་བ་སྟེ་ཡིད་བཞིན་གྱི་ནོར་བུ་དང་འདྲ་བའོ། །ཕྱག་ཏུ་ཞེས་པ་ནི། ཕྱག་གཡས་པའི་དང་པོ་ལ་འཁོར་ལོ་སྟེ། རིན་པོ་ཆེའི་འཁོར་ལོ་བསྒོམ་པར་བྱའོ། །སྤྱན་གྱི་དམ་ཚིག་ནི་སྤྱན་གྱི་ཕྱག་རྒྱ་ཆེན་པོ་སྟེ། དེའི་ཕྱག་གི་
མཆོག་ནི་ཕྱག་གི་སྙིང་པོ་སྟེ་འཁོར་ལོའོ། །དེའི་ཏིང་ངེ་འཛིན་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །རྡོ་རྗེ་དཀྱིལ་འཁོར་ཞེས་བྱ་བ་ལ་སོགས་པ་ལ། རྡོ་རྗེ་དཀྱིལ་འཁོར་ནི་སྟོང་པ་ཉིད་གསུམ་མོ། །སངས་རྒྱས་གཟུགས་ནི་ཞེས་བྱ་བ་ལ་སོགས་པ་ནི་སྔ་མ་བཞིན་ནོ། །
ནམ་མཁའི་རྡོ་རྗེ་མཆོག་ནི་མཱ་མ་ཀཱི་སྟེ། ནམ་མཁའ་ནི་མི་བསྐྱོད་པའོ། །དེའི་དམ་ཚིག་གི་མཆོག་གི་བཙུན་མོ་དེའི་ཕྱག་གཡས་པ་ན། ཨུཏྤལ་སྔོན་པོ་རྩ་བ་དམར་བ་བསྣམས་པའོ། །ཁམས་གསུམ་དག་གི་ཞེས་བྱ་བ་ལ་སོགས་པ་ནི་དེ་ཉིད་ཀྱི་ཁྱད་པར་རོ། །དངོས་གྲུབ་རྡོ་རྗེ་ཅན་

གྱི་གསང་། །ཞེས་བྱ་བ་ནི་སྒྲུབ་པ་པོ་རྣམས་ཀྱི་གསང་བར་གྱུར་པའོ། །ནམ་མཁའ་ནི་འོད་གསལ་བའོ། །ཡུམ་ནི་གང་ལས་རབ་ཏུ་སྐྱེས་པ་གང་ཡིན་པ་དེ་ནི། ནམ་མཁའི་ཡུམ་སྟེ་མི་བསྐྱོད་པའོ། །རིན་པོ་ཆེའི་འོད་ཀྱི་སྤྲིན་ནི་རིན་པོ་ཆེའི་འོད་ཀྱི་ཚོགས་སོ། །དེའི་རྡོ་རྗེའི་ངོ་བོ་ཉིད་གང་
ཡིན་པ་དེ་ནི་རིན་པོ་ཆེའི་འོད་ཀྱི་སྤྲིན་གྱི་རྡོ་རྗེ་སྟེ་རིན་ཆེན་འབྱུང་ལྡན་ནོ། །དེ་གཉིས་ཚིམ་པར་བྱེད་པ་ནི་མཱ་མ་ཀཱི་སྟེ། ཏིང་ངེ་འཛིན་དེ་གང་དུ་སྟོན་པ་དེ་ལ་ཡང་དེ་སྐད་ཅེས་བྱའོ། །ཆོས་ཀྱི་དཀྱིལ་འཁོར་ཞེས་བྱ་བ་ལ་སོགས་པ་ལ། ཆོས་ཀྱི་དཀྱིལ་འཁོར་ནི་ཡེ་ཤེས་གསུམ་མོ། །སངས་
རྒྱས་གཟུགས་ནི་ཞེས་བྱ་བ་ལ་སོགས་པ་ནི་སྔ་མ་བཞིན་ནོ། །སྒྱུ་མས་མཚན་པའི་ཕྱིར་སྒྱུ་མས་མཚན་པ་སྟེ། འོད་གསལ་བའོ། །དེ་ཉིད་གཙོ་བོ་ཡིན་པས་ན་མཆོག་སྟེ། དེ་ལས་བྱུང་བས་ན་སྒྱུ་མས་མཚན་པའི་མཆོག་ལས་བྱུང་ཞེས་བྱའོ། །འདོད་ཆགས་ཆགས་པ་འཛིན་པ་ནི་
འོད་དཔག་ཏུ་མེད་པའོ། །དེའི་སྡུག་པ་ནི་ཡིད་དུ་འོང་བའོ། །ཆོས་ཀྱི་དམ་ཚིག་ནི་འོད་དཔག་ཏུ་མེད་པའོ། །དེའི་དེ་ཁོ་ན་ཉིད་ནི་དོན་དམ་པའི་བདེན་པའོ། །དེ་ཉིད་མངོན་པར་བྱང་ཆུབ་པའོ། །དེ་ཀུན་ཏུ་སྟོན་པའི་རྡོ་རྗེ་ནི་གོས་དཀར་མོ་སྟེ། ཏིང་ངེ་འཛིན་དེ་གང་དུ་སྟོན་པ་དེ་ལ་ཡང་དེ་
སྐད་ཅེས་བྱའོ། །དངོས་གྲུབ་དཀྱིལ་འཁོར་ཞེས་བྱ་བ་ལ་སོགས་པ་ལ། དངོས་གྲུབ་ཀྱི་དཀྱིལ་འཁོར་ནི་ཤེས་རབ་དང་། ཐབས་དང་ཉེ་བར་ཐོབ་པའོ། །སངས་རྒྱས་གཟུགས་ནི་ཞེས་བྱ་བ་ལ་སོགས་པ་ནི་སྔ་མ་བཞིན་ནོ། །དམ་ཚིག་ནི་དོན་ཡོད་པར་གྲུབ་པའོ། །སྒྲོལ་མ་ནི་
དེའི་བཙུན་མོའོ། །མཆོག་ནི་ཡོན་ཏན་དམ་ཚིག་དང་ལྡན་པ་སྟེ། ཏིང་ངེ་འཛིན་དེ་གང་དུ་སྟོན་པ་དེ་ལ་ཡང་དེ་སྐད་ཅེས་བྱའོ། །ད་ནི་ཁྲོ་བོའི་དམ་ཚིག་བསྟན་པར་བྱ་བའི་ཕྱིར། ཉི་མའི་དཀྱིལ་འཁོར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཉི་མའི་དཀྱིལ་འཁོར་ཞེས་བྱ་
བ་ལ་སྣང་བ་མཆེད་པ་ལ་སོགས་པ་གསུམ་མོ། །སངས་རྒྱས་གཟུགས་ནི་ཞེས་བྱ་བ་ལ་སོགས་པ་ནི་སྔ་མ་བཞིན་ནོ། །འཇིགས་པའི་དཀྱིལ་འཁོར་ཞེས་བྱ་བ་ལ། འཇིགས་པ་ནི་སྙིང་པོ་སྟེ། དེ་ལེན་པར་བྱེད་པས་ན་དཀྱིལ་འཁོར་རོ། །ཕྱག་ན་ཞེས་པ་ནི་གཡས་ཀྱི་དང་པོས་རལ་

གྲི་བསྣམས་ཤིང་། དེའི་དབུ་རྒྱན་ལ་རྣམ་པར་སྣང་མཛད་བཞུགས་པར་བསྒོམས་ན། རྡོ་རྗེ་ཅན་ཏེ་སྒྲུབ་པ་པོས་དགྱེས་པ་སྟེ་དགའ་བར་འགྱུར་རོ། །ཡེ་ཤེས་རྡོ་རྗེ་ཅན་ཏེ་སྒྲུབ་པ་པོ་རྣམས་ཀྱི་བསྟན་པ་ལ་གནོད་པ་བྱེད་པ་ལ་སོགས་པའི་ཁྲོ་བོ་ཀུན་ཏེ། དེ་ལྟ་བུའི་ཁྲོ་བོ་གང་ཡིན་
པ་གདུལ་བའི་དམ་ཚིག་སྟེ། འདའ་བར་མི་བྱ་བའི་ལམ་མོ། །གཤིན་རྗེ་གཤེད་སྤྲོ་བ་ནི་རྡོ་རྗེ་འཆང་ཆེན་པོ་སྟེ། དེས་སྣང་ཞིང་བསྐྱེད་པས་ན་གཤིན་རྗེ་གཤེད་ཀྱི་སྤྲོ་བ་སྣང་བ་སྟེ། གཤིན་རྗེ་གཤེད་དོ། །དེའི་བཀོད་པ་བསྒོམ་ཞིང་སེམས་པ་སྟེ། ཏིང་ངེ་འཛིན་དེ་སྟོན་པ་གང་ཡིན་པ་དེ་ལ་དེ་སྐད་
ཅེས་བྱའོ། །ཉི་མའི་དཀྱིལ་འཁོར་ཞེས་བྱ་བ་ལ་སོགས་པ་ནི་སྔ་མ་བཞིན་ནོ། །གཞན་གྱིས་མི་ཐུབ་པའི་རྡོ་རྗེ་བཀོད་པ་ཞེས་བྱ་བ་བསྐྱེད་པའི་ཏིང་ངེ་འཛིན་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །ཉི་མའི་དཀྱིལ་འཁོར་ཞེས་བྱ་བ་ལ་སོགས་པ་ནི་སྔ་མ་བཞིན་ནོ། །རྟ་ཞེས་བྱ་བ་ནི་རྟ་མགྲིན་ནོ། །དེ་
འབྱུང་བ་རྣམ་པར་བཀོད་པ་ནི། འབྱུང་བ་རྣམ་པར་བཞག་པའི་ཏིང་ངེ་འཛིན་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །ཉི་མའི་དཀྱིལ་འཁོར་ཞེས་བྱ་བ་ལ་སོགས་པ་ནི་སྔ་མ་བཞིན་ནོ། །མི་འཆི་བའི་དམ་ཚིག་ནི་བདུད་རྩི་ཐབ་སྦྱོར་རོ། །འབྱུང་བ་རྡོ་རྗེ་ནི་སྐྱེད་པའི་ཁྱད་པར་གྱི་ཏིང་ངེ་འཛིན་གང་ཡིན་པ་
དེ་ལ་དེ་སྐད་ཅེས་བྱའོ། །ཉི་མའི་དཀྱིལ་འཁོར་ཞེས་བྱ་བ་ལ་སོགས་པ་ནི་སྔ་མ་བཞིན་ནོ། །བསམ་གཏན་རྡོ་རྗེ་མངོན་པར་རྫོགས་པར་བྱང་ཆུབ་པ་ནི་མི་བསྐྱོད་པའོ། །དེ་ལ་དགའ་བ་ནི་མིག་ལ་འཇོག་པ་སྟེ། དེ་སྟོན་པའི་ཏིང་ངེ་འཛིན་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །ཉི་མའི་དཀྱིལ་འཁོར་ཞེས་
བྱ་བ་ལ་སོགས་པ་ནི་སྔ་མ་བཞིན་ནོ། །རྡོ་རྗེ་གསུམ་གྱི་གནས་ནི་འོད་གསལ་བའོ། །དེ་ཉིད་སྙིང་པོ་སྟེ་དེ་ལེན་ཅིང་འཛིན་པས་ན་རྡོ་རྗེ་གསུམ་གྱི་གནས་དཀྱིལ་འཁོར་རོ། །རྡོ་རྗེ་གསུམ་གྱི་སྟོབས་ནི་རྡོ་རྗེའི་སྤྱན་རྣམ་པ་གསུམ་སྟེ། དེ་སྟོན་པའི་ཏིང་ངེ་འཛིན་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །
ཉི་མའི་དཀྱིལ་འཁོར་ཞེས་བྱ་བ་ལ་སོགས་པ་ནི་སྔ་མ་བཞིན་ནོ། །རྒྱ་མཚོ་ནག་པོ་ནི་ཁྲོ་བོའི་རྒྱ་མཚོ་སྟེ། དེ་རབ་ཏུ་སྐྱེད་པར་བྱེད་པའོ། །རྡོ་རྗེ་དབྱིག་པའི་ངོ་བོ་ཉིད་ནི་རྡོ་རྗེའི་དབྱིག་ཐོགས་སོ། །རྡོ་རྗེས་མཚན་པའི་དབྱིག་པ་ནི་རྡོ་རྗེའི་དབྱིག་པའོ། །འདའ་བར་མི་བྱ་བས་ན་དམ་ཚིག་མཆོག་

སྟེ། དེ་གང་ཡིན་པ་དེ་ནི་རྡོ་རྗེ་དབྱིག་པའི་དམ་ཚིག་མཆོག་གོ། །དེ་སྟོན་པའི་ཏིང་ངེ་འཛིན་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །ཉི་མའི་དཀྱིལ་འཁོར་ཞེས་བྱ་བ་ལ་སོགས་པ་ནི་སྔ་མ་བཞིན་ནོ། །རྡོ་རྗེ་ནམ་མཁའ་ནི་ཀུན་ཏུ་སྣང་བ་གསུམ་མོ། །དེའི་དབྱིངས་ནི་འོད་གསལ་བའོ། །དེ་ཉིད་ཀྱི་དམ་ཚིག་
ཞབས་ཀྱིས་གནོན་པ་སྟེ། དེ་སྟོན་པའི་ཏིང་ངེ་འཛིན་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །ཉི་མའི་དཀྱིལ་འཁོར་ཞེས་བྱ་བ་ལ་སོགས་པ་ལ། རིག་པ་ནི་འཇིག་རྟེན་པའི་དངོས་གྲུབ་གྲུབ་པ་རྣམས་སོ། །དེ་རྣམས་ཀྱི་འཁོར་ལོ་ནི་ཚོགས་ཏེ། དེ་ནི་རིག་པའི་ཚོགས་ཀྱི་འཁོར་ལོ་སྟེ་དེ་བསྒོམ་པའོ། །
འཁོར་ལོ་འབར་བས་ཡོངས་སུ་བསྐོར་བ་ནི། ལུས་འཁོར་ལོའི་འོད་ཀྱིས་ཀུན་ནས་བསྐོར་བའོ། །གཙུག་ཏོར་ནི་ནམ་མཁའ་ལ་སྤྱོད་པ་རྣམས་སོ། །དེ་རྣམས་ཀྱི་འཁོར་ལོ་ནི་ཚོགས་སོ། །དེ་རྣམས་ཀྱིས་རྗེད་ཅིང་མཆོད་པས་ན་གཙུག་ཏོར་གྱི་དམ་ཚིག་ནི་རིག་པ་འཛིན་པའི་དམ་ཚིག་གོ། །
དེ་དང་ལྡན་པའི་སྟོབས་ཀྱི་འཁོར་ལོ་ཅན་གྱི་ཏིང་ངེ་འཛིན་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །ཉི་མའི་དཀྱིལ་འཁོར་ཞེས་བྱ་བ་ལ་སོགས་པ་ལ། རྡོ་རྗེའི་སྤྲིན་ཞེས་བྱ་བ་ནི། སྤྲིན་གྱི་མདོག་ཅན་གྱི་ལུས་གང་ལ་ཡོད་པ་དེ་ནི་རྡོ་རྗེའི་སྤྲིན་ཏེ་རྡོ་རྗེ་གནོད་མཛེས་སོ། །རྡོ་རྗེའི་དམ་ཚིག་སུཾ་བྷ་གང་དུ་སྒོམ་
ཞིང་སྐྱེད་པ་གང་ཡིན་པའི་ཏིང་ངེ་འཛིན་དེ་ལ་དེ་སྐད་ཅེས་བྱ་སྟེ། སྒྲ་ཇི་བཞིན་པའོ། །དེ་ལྟར་རིམ་པ་གཉིས་ཀྱི་ཏིང་ངེ་འཛིན་རྣམ་པ་གཉིས་ཉེ་བར་བསྟན་ནས། དེ་ཉིད་ཉེ་བར་བསྡུ་བར་བྱ་བའི་ཕྱིར། འགོག་པ་ཁྲོ་བོའི་འཁོར་ལོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འགོག་པ་ནི་གསོད་པ་ལ་
སོགས་པའོ། །ཁྲོ་བོའི་འཁོར་ལོ་ནི་ཞེས་བྱ་བ་ནི། གཤིན་རྗེ་གཤེད་ལ་སོགས་པའི་ཏིང་ངེ་འཛིན་གྱིས་བྱེད་པའོ། །གང་གིས་ཤེ་ན། སངས་རྒྱས་འཁོར་ལོ་བསྟེན་པ་ཡིས། །ཞེས་བྱ་བ་སྟེ། ལྷ་རྣམས་ཀྱི་འཁོར་ལོ་བསྟེན་ཅིང་དམིགས་པས་སོ། །དེ་ཡང་ཇི་ལྟར་བྱ་ཞེ་ན།
ཏིང་ངེ་འཛིན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཏིང་ངེ་འཛིན་ནི་དེ་ཁོ་ན་ཉིད་དམིགས་པ་སྔོན་དུ་འགྲོ་བས། ཟླ་བའི་དཀྱིལ་འཁོར་སྒོམ་པའི་མཚན་ཉིད་ཅན་ནོ། །རྡོ་རྗེ་ནི་དེའི་སྟེང་དུ་ས་བོན་དགོད་པ་སྔོན་དུ་འགྲོ་བས་རྡོ་རྗེ་ལ་སོགས་པ་དམིགས་པ་དང་། དེ་ཡོངས་སུ་གྱུར་པ་ལས་རྡོ་རྗེ་

འཆང་ཆེན་པོ་ལ་སོགས་པའི་ལྷ་རྣམས་དམིགས་པ་སྟེ། དེ་དག་ནི་ཏིང་ངེ་འཛིན་རྡོ་རྗེ་ཡེ་ཤེས་རྣམས་སོ། །རྡོ་རྗེའི་དཀྱིལ་འཁོར་ནི་བཀའི་འཁོར་ལོ་ལ་དམིགས་པའོ། །འགྲུབ་པར་འགྱུར་བ་ནི་འབྲས་བུར་འགྱུར་བ་སྟེ། དྲང་བའི་དོན་ཏོ། །སངས་རྒྱས་ནི་རྣམ་པར་སྣང་མཛད་
ལ་སོགས་པའོ། །དེ་རྣམས་ཀྱི་འཁོར་ལོ་ནི་ཚོགས་ཏེ། སངས་རྒྱས་ཀྱི་འཁོར་ལོ་ཞེས་རྟོག་ཅིང་། ངེས་པར་བསྟེན་པའི་ངོ་བོ་ཉིད་གང་ཡིན་པ་དེ་ནི། སངས་རྒྱས་འཁོར་ལོ་བསྟན་པ་ཡིས་ཏེ། གཟུགས་ཀྱི་ཕུང་པོ་ལ་སོགས་པའོ། །དེ་རྣམས་འགོག་པ་ནི་དོན་དམ་པའི་བདེན་པར་རྗེས་སུ་ཞུགས་པའོ། །
ཁྲོ་བོ་ནི་རང་བཞིན་གྱི་ལུས་ལ་རྒྱབ་ཀྱིས་ཕྱོགས་པའོ། །དེ་ཉིད་འཁོར་ལོ་སྟེ་མཚོན་པ་གང་ཡིན་པ་དེ་ནི་ཁྲོ་བོའི་འཁོར་ལོ་སྟེ། རྫོགས་པའི་རིམ་པའི་ཏིང་ངེ་འཛིན་ལ་གནས་པའོ། །དེས་ལུས་ལྡང་བར་སྟོན་པ་ནི་ཏིང་ངེ་འཛིན་རྡོ་རྗེ་སྟེ། དེ་ཤེས་ཤིང་ཏིང་ངེ་འཛིན་གྱི་བདག་ཉིད་ཅན་དུ་ཤེས་
པས་ན་རྡོ་རྗེ་ཡེ་ཤེས་སོ། །རྡོ་རྗེའི་དཀྱིལ་འཁོར་ནི། དོན་དམ་པའི་དཀྱིལ་འཁོར་ལས་ལྡང་བར་གྱུར་པ་ལ། འགྲུབ་པར་འགྱུར་རོ་ཞེས་བྱ་བ་སྟེ་ངེས་པའི་དོན་ཏོ། །རྡོ་རྗེ་ནི་དེ་བཞིན་གཤེགས་པ་རྣམས་སོ། །དམ་ཚིག་ནི་སྤྱན་ལ་སོགས་པའོ། །བཀོད་པ་ནི་ཁྲོ་བོ་རྣམས་ཏེ། དེ་རྣམས་བསྐྱེད་པར་
བྱ་བའི་ཕྱིར། དེ་ཁོ་ན་ཉིད་ཀྱི་དོན་བསྒོམ་པ་ནི། དོན་དམ་པའི་བདེན་པ་ལ་དམིགས་པའོ། །དེ་སྔོན་དུ་འགྲོ་བའི་མངོན་པར་བྱང་ཆུབ་པ་ནི། ཕྱག་རྒྱ་ཆེན་པོ་རྫོགས་པ་སྟེ། དེ་སྟོན་པའི་གཞུང་གི་ཚོགས་ནི་ལེའུའོ། །སྒྲོན་མ་གསལ་བར་བྱེད་པ་ཞེས་བྱ་བའི་རྒྱ་ཆེར་བཤད་པ་ལས་ལེའུ་བཅུ་གསུམ་
པ་མཐའ་དྲུག་གིས་བཤད་པའོ།། །།ད་ནི་སྔགས་སྨྲ་བ་རྣམ་པ་བཞིའི་རྗེས་སུ་འབྲངས་ནས། ཞི་བ་ལ་སོགས་པའི་ལས་ཀྱི་ཚོགས་ཉམས་སུ་བླང་བར་བྱའོ་ཞེས་བསྟན་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་ལེའུ་བཅུ་བཞི་པ་གསུངས་ཏེ། དེ་ལ་དང་པོར་
ལས་ཀྱི་ཚོགས་རྣམས་ཀྱི་གོ་རིམས་ནི་བཤད་པའི་རྒྱུད་ལ་འཇུག་པར་བྱ་སྟེ། ཞི་བ་དང་ནི་རྒྱས་པ་དག །ཟླ་བ་ཡར་གྱི་ངོ་ལ་བྱ། །དབང་དང་མངོན་སྤྱོད་ལ་སོགས་པ། །ཟླ་བ་མར་གྱི་ངོ་ལ་བརྩམ། །བྱང་དུ་ཁ་བལྟས་ཞི་བ་ལ། །དེ་བཞིན་རྒྱས་ལ་ཤར་དུ་བལྟ། །དྲག་པོའི་ལས་

ལ་ལྷོ་ཕྱོགས་སུ། །དབང་གི་ལས་ལ་ནུབ་ཏུ་བལྟ། །གསོད་པ་ཉིད་ལ་མེ་ཡི་ཕྱོགས། །སྡང་བར་བྱ་ལ་བདེན་བྲལ་དུ། །གནས་ལས་བསྐྲད་ལ་རླུང་གི་ཕྱོགས། །གནོན་པ་ལ་ནི་དབང་ལྡན་ཕྱོགས། །ཞི་ལ་ཁ་དོག་དཀར་པོ་སྟེ། །རྒྱས་པ་ལ་ནི་སེར་པོར་བྱ། །དབང་དང་དགུག་པ་དག་ལ་
དམར། །ཁ་དོག་ནག་པོ་གསོད་པ་ལའོ། །བྱམས་པའི་སེམས་ཀྱིས་ཞི་བ་ལ། །དགའ་བའི་སེམས་ཀྱིས་རྒྱས་པ་ལ། །ཆགས་པའི་སེམས་ཀྱིས་དབང་དག་ལ། །ཁྲོ་བའི་སེམས་ཀྱིས་གསོད་པ་ལའོ། །ཞི་ལ་ཕལ་ཆེར་སྲོད་ལ་བྱ། །དེ་བཞིན་རྒྱས་པ་སྔ་དྲོ་བྱ། །དབང་དང་མངོན་སྤྱོད་དག་གི་ལས། །
ཉི་མ་གུང་དང་མཚན་ཕྱེད་ལའོ། །རྫོགས་པའི་རིམ་པ་ལ་གནས་པས། །ནང་གི་བདག་ཉིད་ཅན་གྱི་དུས་ལ་བརྟེན་ཏེ། ཞི་བ་ལ་སོགས་པའི་ལས་རྣམས་བྱའོ་ཞེས་བྱ་བ་ནི་ཁྱད་པར་ཏེ། བཅོམ་ལྡན་འདས་ཀྱིས་ཇི་སྐད་དུ་བཤད་པའི་རྒྱུད་ལས། ཕྱག་ན་རྡོ་རྗེས་གསོལ་བ། བཅོམ་ལྡན་འདས་ནང་
གི་བདག་ཉིད་ཅན་གྱི་དུས་ཞེས་གང་ལ་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཕྱག་ན་རྡོ་རྗེ་ནང་གི་བདག་ཉིད་ཅན་གྱི་དུས་ནི། གསང་བ་ཆེན་པོ་ཤིན་ཏུ་གསང་བ་ཤིན་ཏུ་ཕྲ་བ། བྱང་ཆུབ་ཀྱི་སེམས་ཀྱིས་བྱིན་གྱིས་བརླབས་པ་ཡིན་ཏེ། སེམས་ཅན་གྲོལ་ཕྱིར་ཡེ་ཤེས་ཡིན། །སྔགས་
རྣམས་སྒྲུབ་ལ་དངོས་གྲུབ་ཡིན། །ཞི་དང་རྒྱས་པའི་ལས་དག་དང་། །དེ་བཞིན་དབང་དང་མངོན་སྤྱོད་ལ། །བཅོམ་ལྡན་གཟུང་མིན་ཞི་བ་སྟེ། །སེམས་དབྱིངས་དེ་བཞིན་གཤེགས་པ་ཡིན། །མེ་ཏོག་ལ་དྲི་ཇི་ལྟ་བར། །དེ་བཞིན་འགྲོ་བའི་སྙིང་ལ་གནས། །རིམ་ནི་གོ་རིམས་ཇི་
བཞིན་དུ། །ཐུན་ཕྱེད་ཀྱི་ནི་དུས་སུ་གནས། །མེ་དང་རླུང་དང་དབང་ཆེན་དང་། །ཆུ་སྟེ་སོ་སོའི་དཀྱིལ་འཁོར་ཏེ། །དམར་དང་གནག་དང་དེ་བཞིན་སེར། །དཀར་པོ་ཉིད་དེ་མདོར་བསྡུས་པའོ། །ཞེས་གསུངས་སོ། །དེས་ནི་འདི་སྐད་སྟོན་པར་འགྱུར་ཏེ། ཆུའི་དཀྱིལ་འཁོར་
སྙིང་གའི་པདྨ་ལ་གནས་པ་དེའི་འབྱུང་བའི་དུས་སུ། འོད་ཟེར་ཁ་དོག་དཀར་པོར་བྱུང་ནས་ཐུན་ཕྱེད་དུ་གནས་ཏེ་དེའི་ཚེ་ཞི་བ་ཆེན་པོ་བྱའོ། །དབང་ཆེན་གྱི་དཀྱིལ་འཁོར་བཤང་སྒོའི་པདྨར་གནས་པ་དེའི་འབྱུང་བ་ན། འོད་ཟེར་ཁ་དོག་སེར་པོར་བྱུང་ནས་ཐུན་ཕྱེད་དུ་གནས་ཏེ་དེའི་

ཚེ་རྒྱས་པ་བྱའོ། །མེའི་དཀྱིལ་འཁོར་ལྐོག་མའི་པདྨ་ལ་གནས་པ་དེའི་འབྱུང་བ་ན། འོད་ཟེར་དམར་པོར་བྱུང་ནས་ཐུན་ཕྱེད་དུ་གནས་ཏེ། དེའི་ཚེ་དབང་དང་དགུག་པ་དག་བྱའོ། །རླུང་གི་དཀྱིལ་འཁོར་ལྟེ་བའི་པདྨ་ལ་གནས་པ་དེའི་འབྱུང་བ་ན། འོད་ཟེར་གནག་ཅིང་སྔོ་བ་
བྱུང་ནས་ཐུན་ཕྱེད་དུ་གནས་ཏེ་དེའི་ཚེ་དྲག་པོའི་ལས་བྱའོ། །ད་ནི་ལེའུ་ལ་འཇུག་པར་བྱ་སྟེ། དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། དེ་བཞིན་གཤེགས་པ་ཐམས་ཅད་ནི་མི་བསྐྱོད་པ་ལ་སོགས་པའོ། །དམ་ཚིག་ནི་ལྷ་མོ་རྣམས་སོ། །དེ་རྣམས་ཀྱི་བདག་པོ་ནི་རྡོ་རྗེ་འཆང་ཆེན་པོའོ། །ཞི་བ་ནི་རིམས་ལ་
སོགས་པ་ཉེ་བར་ཞི་བའོ། །དེ་བྱེད་པས་ན་ཞི་བའི་དམ་ཚིག་གོ། །དེ་ནི་འདི་ལྟར་ཁྱད་པར་དུ་གྱུར་པས་ན་མཆོག་སྟེ། དེ་སྐད་ཅེས་བྱ་བའི་ཏིང་ངེ་འཛིན་གྱི་གནས་སྐབས་ཀྱི་ཁྱད་པར་ལ་སྙོམས་པར་ཞུགས་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཅེས་བྱ་བ་ནི་སྒྲུབ་པ་པོ་རྣམས་སོ། །དེ་རྣམས་ཀྱིས་
གཟུང་བར་བྱ་བ་ཡིན་པས་ན། བཙུན་མོ་སྟེ་གཟུངས་སྔགས་ཡིན་ལ། དེ་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་བསྡུས་པ་ལས་ཕྱུང་ཞིང་བཀའ་སྩལ་པའོ། །ཨོཾ་ཞེས་བྱ་བ་ལ་སོགས་པ་ནི་སྔགས་ཡིན་ལ། མིང་ནི་སྦྲུལ་ཞེས་བྱ་སྟེ། རྡོ་རྗེ་གཙུག་ཏོར་གྱི་རྒྱུད་ལས། ཐོག་མར་ཨོཾ་ལྡན་ཐ་མར་ནི། །
སྭཱ་ཧཱར་ཡང་དག་ལྡན་པ་འདི། །སྦྲུལ་ཏེ་ཞི་བའི་ལས་ཅན་དུ། །སྔགས་སྟོན་རྣམས་ཀྱིས་ཤེས་པར་བྱ། །ཞེས་གསུངས་པས་སོ། །སྔགས་ཀྱི་མིང་བསྟན་ནས། སྔགས་ཀྱི་དོན་བཤད་པར་བྱ་སྟེ། འདི་ལྟ་སྟེ། ཡི་གེ་ཨ་དང་། ཨུ་དང་། ཨཾ་སྟེ། རྡོ་རྗེ་གསུམ་གྱི་བདག་ཉིད་དུ་གྱུར་པས། ཨོཾ་ཞེས་བྱ་
སྟེ། བསོད་ནམས་ལེན་པའོ། །རུ་རུ་ཞེས་བྱ་བ་ལ། རུའི་སྒྲ་ནི་སྔགས་ཀྱི་ལྷ་རྣམས་ཀྱི་གནས་སོ། །སྥུ་རུ་ཞེས་བྱ་བ་ནི་སྥུ་རུ་སྥ་ར་ཎ་སྟེ། གསལ་བར་བྱེད་པའོ། །ཛྭ་ལ་ནི་ཤིན་ཏུ་ཡང་གཟི་བརྗིད་དང་ལྡན་པར་མཛོད་ཅིག་པའོ། །ཏིཥྛ་ཞེས་པ་ནི་བདག་གི་བསམ་པ་མ་ལུས་པར་རྫོགས་པར་བྱ་
བའི་ཕྱིར་བཞུགས་ཤིག་པའོ། །སིདྡྷ་ལོ་ཙ་ནེ་ཞེས་པ་ནི་ཐོགས་པ་མེད་པར་གྲུབ་པའི་ལོ་ཙ་ན་སྟེ། སྤྱན་གང་ལ་ཡོད་པ་དེ་ནི་སིདྡྷ་ལོ་ཙ་ནེ་ཞེས་བྱའོ། །སརྦ་ཨཱརྠ་སཱ་དྷ་ནི་ཞེས་པ་འདི་ནི་ཀྱེ་དོན་ཐམས་ཅད་གྲུབ་པ་ཞེས་བོད་ལ། སྭཱ་ཧཱ་ཞེས་བྱ་བ་ནི་ཞི་བ་གསལ་བར་བྱེད་པའི་ས་བོན་ཏེ།

འདིར་ཞི་བའི་གཟི་བརྗིད་བསྐྱེད་པར་བྱ་བའི་ཕྱིར་སྔགས་སྤེལ་བར་བྱ་སྟེ། ཇི་ལྟ་ཞེ་ན། སྭཱ་ཧཱའི་སྔོན་དུ་འགྲོ་བའི་ཆེ་གེ་མོ་ཤཱནྟིཾ་ཀུ་རུ་ཞེས་བྱ་བའོ། །འདིར་སྔགས་ཀྱི་ཡི་གེ་དང་མེ་ཏོག་དང་སྤོས་ལ་སོགས་པ་རྣམས་ནི་ཁ་དོག་དཀར་པ་ཉིད་དུ་བསམ་པར་བྱའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་
ལ། །གཟུངས་འདི་ནི་གསུངས་ཙམ་གྱིས་ཏེ་འདི་བཀའ་སྩལ་མ་ཐག་གི་མོད་ལ་ཡང་། འབྱོར་བ་ཀུན་ལ་དགྱེས་པ་རྣམས། །ཞེས་བྱ་བ་སྟེ། སེམས་ཅན་ཐམས་ཅད་ནད་མེད་པར་བཞེད་པའོ། །སངས་རྒྱས་རྡོ་རྗེ་ནི་རྣམ་པར་སྣང་མཛད་དེ། དེ་རྗེས་སུ་དྲན་པས་མཉེས་ཤིང་ཡིད་མགུ་
བར་གྱུར་ཅིང་། དགྱེས་པར་གྱུར་པས་རྩེ་གཅིག་པར་གྱུར་པ་ཐོབ་པར་གྱུར་ཏོ། །སངས་རྒྱས་ནི་སྒྲུབ་པ་པོར་མངོན་པར་འདོད་པ་རྣམས་སོ། །དེ་རྣམས་ཞི་བ་འབྱུང་བ་སྟེ་ཞི་བ་འབྱུང་བ་འབའ་ཞིག་ཏུ་མ་ཟད་ཀྱི། བསྐུལ་བ་དང་ཁ་དོག་དང་བསམ་པའི་བྱེ་བྲག་གིས་ལས་ཐམས་ཅད་རབ་ཏུ་སྒྲུབ་
པའོ། །རྡོ་རྗེ་དམ་ཚིག་ནི་རྣམ་པར་སྣང་མཛད་དེ་དེ་སྐུལ་བར་བྱེད་པས་ན། རྡོ་རྗེ་དམ་ཚིག་བསྐུལ་བར་མཛད་མ་སྟེ་གཟུངས་སོ། །ཤི་བ་སློང་བར་བྱེད་པས་ན་ཤི་བ་སོས་པར་བྱེད་པར་ཞེས་བྱ་སྟེ། དེ་དག་ནི་སྔགས་ཀྱི་མཐུ་གསུངས་པ་ཡིན་ནོ། །གསུངས་ཞེས་བྱ་བ་ནི་བཅོམ་ལྡན་
འདས་རྡོ་རྗེ་འཆང་ཆེན་པོས་གསུངས་སོ་ཞེས་པ་སྟེ། སྡུད་པར་བྱེད་པའི་ཚིག་གོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། བཅོམ་ལྡན་འདས་ནི་རྡོ་རྗེ་འཆང་ཆེན་པོའོ། །སྐུ་གསུམ་ནི་ཁམས་གསུམ་མོ། །དེ་དང་མཉམ་པར་རྗེས་སུ་འཇུག་པའི་ཕྱིར་སྐུ་གསུམ་གྱི་དམ་ཚིག་ནི་ཁྲོ་བོའོ། །དེ་ཉིད་
ནི་མི་ཕྱེད་པས་ན་རྡོ་རྗེའོ། །དེ་གང་ཡིན་པ་དེ་ནི་སྐུ་གསུམ་གྱི་དམ་ཚིག་རྡོ་རྗེ་ཁྲོ་བོ་སྟེ། བཅོམ་ལྡན་འདས་སོ། །དངོས་པོ་ནི་བགེགས་རྣམས་སོ། །དེ་རྣམས་མེད་པས་དངོས་པོ་མེད་པའོ། །དེའི་དམ་ཚིག་ནི་འདའ་བར་མི་བྱ་བའོ། །དེ་ཉིད་མི་ཕྱེད་པས་ན་རྡོ་རྗེ་སྟེ། ཏིང་ངེ་འཛིན་གང་ལ་དེ་
སྐད་ཅེས་བྱ་བ་དེ་ལ་སྙོམས་པར་ཞུགས་ཤིང་དམིགས་པའོ། །རྡོ་རྗེ་འཛིན་ཐམས་ཅད་ནི། གདུག་པ་ཅན་ཐམས་ཅད་འཇིག་པར་མཛད་པས་རྡོ་རྗེ་འཛིན་པའོ། །དེའི་བཙུན་མོའི་མཆོག་ནི་བཙུན་མོའི་མཆོག་ལྟར་གཟུངས་ཐམས་ཅད་ཀྱི་གཙོ་བོར་གྱུར་པ་སྟེ། འདི་ཉིད་ཀྱི་སྐུ་དང་གསུང་

དང་ཐུགས་རྡོ་རྗེ་ལས་ཕྱུང་ངོ་། །ཨོཾ་ཞེས་བྱ་བ་ལ་སོགས་པ་ལ་མིང་ནི་སྦྲུལ་ཏེ། ཨོཾ་གྱི་དོན་ནི་བཤད་ཟིན་ཏོ། །ཤཾ་ཀ་རེ་ཤཱནྟིཾ་ཀ་རེ་གྷུ་ཊྚི་ནི་ཞེས་བོད་པ་སྟེ། གྷུཊྚ་གྷཱ་ཏ་ཡ་ཞེས་པ་ནི་སྦོད་པའོ། །ཤ་མ་ཨུ་པ་ཤ་མ་སྟེ། གདུག་པ་རྣམས་ཉེ་བར་ཞི་བར་མཛད་པས་ན་ཤཾ་ཀ་
རེའོ། །གདུག་པ་རྣམས་ཉེ་བར་ཞི་བའི་འོག་ཏུ་ཞི་བར་མཛད་པས་ན་ཤཱནྟིཾ་ཀ་རེའོ། །གྷུཊྚ་ནི་གདུག་པ་རྣམས་གཞིག་པར་གྱིས་ཤིག་པ་སྟེ། གྷུཊྚི་ནི་རབ་ཏུ་འཇོམས་པའོ། །གྷུཊྚི་ནི་གྷུཊྚི་ནི་ཞེས་པ་ནི་གདུག་པ་རྣམས་རབ་ཏུ་བརླག་པ་སྟེ། ཤིན་ཏུ་སྦོད་པའི་ཕྱིར་ལན་གཉིས་སྨོས་སོ། །གྷ་ཏ་ཡ་
ཞེས་པ་ནི་སློབ་ཅིག་པ་སྟེ། འདི་ལ་ཧ་ན་ནི་འཚེ་བའོ། །འདིར་ཡང་སྭཱ་ཧཱའི་སྔོན་དུ་འགྲོ་བའི་ཆེ་གེ་མོ་རཀྵ་རཀྵ་ཞེས་བྱ་བ་དང་སྤེལ་ལོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། རྡོ་རྗེ་གསུམ་ནི་སེམས་ཅན་ཐམས་ཅད་དོ། །དེ་རྣམས་ཀྱིས་མི་ཕྱེད་པས་རྡོ་རྗེ་ལྟ་བུའི་ལུས་གང་ཡིན་པ་དེ་ནི། སྐུ་གསུམ་
དབྱེར་མེད་རྡོ་རྗེ་ཅན་ཏེ་སྒྲུབ་པ་པོའོ། །དེ་དགའ་བས་མཉེས་པའི་སྤྱན་གྱི་ཨུཏྤལ་མདངས་ནས་སུ། རྡོ་རྗེའི་ཐུགས་ནི་སྟེ་མི་བསྐྱོད་པ་རྗེས་སུ་དྲན་ནོ། །བདུད་ལ་སོགས་པ་ལས་བསྲུང་བ་དེ་ཉིད་མི་ཕྱེད་པས་ན་རྡོ་རྗེའོ། །དེའི་སྦྱོར་བ་ལ་བསྲུང་བའི་ལས་ཀྱི་མཆོག་རྣམས་ལ་རྟག་ཏུ་སྟེ། དུས་ཐམས་
ཅད་དུ་སྐུ་གསུམ་གྱི་དངོས་གྲུབ་བྱེད་པའོ། །གཞན་ཡང་རྡོ་རྗེ་ཆེན་པོ་འཇིགས་ཉེན་ནི། བགེགས་དང་ལོག་འདྲེན་གྱི་འཇིགས་པའོ། །དེས་གདུངས་ཤིང་གཟིར་བ་རྣམས་ལ་རྟག་ཏུ་སྟོབས་ནི་བྱེད་པ་སྟེ། བགེགས་གཞན་གྱིས་མི་ཐུབ་པའི་སྟོབས་སུ་འགྱུར་བའོ། །བཤད་དོ་ཞེས་
བྱ་བ་ནི་གཟུགས་ལ་བྱའོ། །རིན་པོ་ཆེའི་རིགས་ཀྱི་གཟུངས་ཀྱང་འདི་ཉིད་ཡིན་ཏེ། མཱ་མ་ཀཱི་ནི་རིགས་གཉི་གའི་ཐུན་མོང་དུ་གྱུར་པ་ཡིན་པའི་ཕྱིར་རོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། བཅོམ་ལྡན་འདས་ནི་རྡོ་རྗེ་འཆང་ཆེན་པོའོ། །འདོད་ཆགས་ཆེན་པོའི་དམ་ཚིག་ནི་འོད་དཔག་ཏུ་
མེད་པའོ། །དེ་ཏིང་ངེ་འཛིན་གང་གིས་གཟིགས་ཤིང་ཡུལ་དུ་བྱས་པ་དེ་ནི། འདོད་ཆགས་ཆེན་པོའི་དམ་ཚིག་ལ་གཟིགས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཅེས་བྱ་སྟེ། དེ་ལ་སྙོམས་པར་ཞུགས་ཤིང་མངོན་སུམ་དུ་མཛད་པའོ། །ཆོས་ཀྱི་དམ་ཚིག་གི་སྐུ་ནི་པདྨའི་རིགས་ཀྱི་ལྷ་རྣམས་

སོ། །དེ་རྣམས་ཀྱི་ནང་ན་བཙུན་མོའི་མཆོག་ཡིན་ཞིང་ཁྱད་པར་དུ་བཅང་བར་བྱ་བ་ཡིན་པས་ན། བཙུན་མོའི་མཆོག་སྟེ་གཟུངས་འདི་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་ཕྱུང་བའོ། །ཨོཾ་ཞེས་བྱ་བ་ལ་སོགས་པ་ལ། ཀ་ཊེ་ཞེས་བྱ་བ་ནི་ཤིན་ཏུ་གསོ་བ་ལ་རྣོ་བ་སྟེ། ཀ་ཊ་ཀྲིཙྪཛཱི་བ་ནེ་ཞེས་
ཟེར་བས་ཕོངས་པ་རྣམས་གསོ་བའོ། །བི་ཀ་ཊེ་ཞེས་པ་ནི་ཁྱད་པར་དུ་གསོ་བའོ། །ནི་ཀ་ཊེ་ཞེས་པ་ནི་ཉེ་བ་སྟེ། སྒྲུབ་པ་པོ་དང་ཉེ་བའོ། །ཀ་ཊཾ་ཀ་ཊེ་ཞེས་པ་ནི་ཤིན་ཏུ་ཡང་གསོ་བའོ། །འདིར་སྭཱ་ཧཱའི་སྔོན་དུ་འགྲོ་བའི་ཆེ་གེ་མོ་པུཥྚིཾ་ཀུ་རུ་བཽཥཊ་ཅེས་བྱ་བ་དང་སྔགས་སྤེལ་ལོ། །དེ་ནས་ཞེས་
བྱ་བ་ལ་སོགས་པ་ལ། རྡོ་རྗེ་ཆོས་མཆོག་འཛིན་པ་རྣམས། །ཞེས་བྱ་བ་ནི། པདྨའི་རིགས་ལ་ལྷག་པར་མོས་པ་རྣམས་སོ། །རྡོ་རྗེ་ཆོས་ནི་རྗེས་སུ་དྲན། །ཞེས་བྱ་བ་ནི། འོད་དཔག་ཏུ་མེད་པ་ལ་དམིགས་པར་བྱེད་པས་མཉེས་ནས་བསམ་གཏན་ཏེ། སེམས་རྩེ་གཅིག་པ་ཐོབ་པར་འགྱུར་བ་རྙེད་
པར་གྱུར་པའོ། །ཆོས་ནི་ཆེད་དུ་བརྗོད་པ་ལ་སོགས་པའོ། །རྒྱས་པ་ནི་ལུས་རྒྱས་པའོ། །སྟོབས་ནི་བྱ་བ་རྣམས་ལ་སྤྲོ་བའོ། །མཛོད་པོ་ཆེ་ནི་ནོར་དང་འབྲུ་ལ་སོགས་པ་སྟེ། དེ་དག་ཐམས་ཅད་རྡོ་རྗེ་གསུང་གི་བཀའ་ཇི་ལྟ་བ་བཞིན་དུ། མངོན་པར་འདོད་པའི་དངོས་གྲུབ་སྒྲུབ་པ་
པོས་བཟླས་ཤིང་བཏོན་པ་ཙམ་གྱིས་ཀྱང་བྱེད་པར་འགྱུར་བའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། བཅོམ་ལྡན་འདས་ནི་རྡོ་རྗེ་འཆང་བའོ། །དམ་ཚིག་ཀུན་ནས་འབྱུང་བ་ནི་དོན་ཡོད་གྲུབ་པ་སྟེ། དེ་གང་གིས་འབྱུང་བའི་ཏིང་ངེ་འཛིན་དེ་ལ་སྙོམས་པར་ཞུགས་པའོ། །དམ་
ཚིག་ནི་དམ་པར་གྲུབ་པའོ། །དེའི་སེམས་དཔའ་ནི་དོན་ཡོད་པར་གྲུབ་པའི་རིགས་ཀྱི་ལྷ་མོ་རྣམས་སོ། །དེ་རྣམས་ཀྱི་ནང་ན་བཙུན་མོའི་མཆོག་ཡིན་ཞིང་ཁྱད་པར་དུ་བཅང་བར་བྱ་ཞིང་གཟུང་བར་བྱ་བ་ཡིན་པས་ན། བཙུན་མོའི་མཆོག་སྟེ། གཟུངས་འདི་ཉིད་ཀྱི་སྐུ་
དང་གསུང་དང་ཐུགས་རྡོ་རྗེ་ལས་ཕྱུང་བའོ། །ཨོཾ་ཞེས་བྱ་བ་ལ་སོགས་པའི་དོན་ནི་བཤད་ཟིན་ཏོ། །ཏཱ་རེ་ཞེས་བྱ་བ་ནི་སྒྲོལ་བ་སྟེ། སྡུག་བསྔལ་གྱི་རྒྱ་མཚོ་ལས་སྒྲོལ་བར་མཛད་པས་ན་སྒྲོལ་མའོ། །ཏུཏྟཱ་རེ་ཞེས་བྱ་བ་ནི་ནད་རྣམས་ལས་སྐྱོབ་པར་མཛད་པ་སྟེ། ཏུཏ་ནི་ཉམ་

ཐག་པའོ། །ཏྲེཾ་ནི་སྐྱོང་བའོ། །ཏུ་རེ་ནི་ཏུ་ར་ཏྭ་ར་ནེ་སྟེ། མྱུར་དུ་མཛད་པའོ། །ཚིག་འདི་གསུམ་ཅར་ཡང་བོད་པའོ། །འདིར་སྭཱ་ཧཱའི་སྔོན་དུ་འགྲོ་བའི་ཆེ་གེ་མོ་བ་ཤ་མཱ་ན་ཡ་ཞེས་བྱ་བ་དང་སྔགས་སྤེལ་བར་བྱའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། སངས་རྒྱས་ཀུན་ནི་དོན་ཡོད་
གྲུབ་པའོ། །དེའི་བདག་ཉིད་ཆེ་བ་ལས་སྐྱེས་པ་ནི་དེ་ལ་ལྷག་པར་མོས་པ་རྣམས་སོ། །མཉེས་པ་ནི་མགུ་བར་གྱུར་པའོ། །ཡེ་ཤེས་ནི་སེམས་རྩེ་གཅིག་པའོ། །ཐོབ་གྱུར་ནས་ཞེས་པ་ནི་རྙེད་པར་གྱུར་པའོ། །རྡོ་རྗེའི་སྐུ་ནི་དོན་ཡོད་པར་གྲུབ་པའོ། །རྗེས་སུ་དྲན་པ་ནི་བསྒོམས་པའོ། །སངས་རྒྱས་ནི་
སྐྱེས་བུའི་གཙོ་བོའོ། །རྡོ་རྗེ་ནི་སྙིང་སྲ་བ་རྣམས་སོ། །བདེ་ཆེན་ནི་རྒྱལ་པོ་རྣམས་སོ། །སེམས་ཅན་ཁམས་ནི་འཇིག་རྟེན་ཐ་མལ་པ་རྣམས་ཏེ། དེ་དག་མ་ལུས་པར་ཏེ། ཀུན་ནས་རྣམ་པ་ཐམས་ཅད་དུ་སྐད་ཅིག་གིས་ནི་ཞེས་པ། འཕྲལ་དུ་བྲན་བཞིན་དུ་དབང་དུ་འགྱུར་ཞིང་། སྔར་བཤད་པ་
ཐམས་ཅད་སྒྲུབ་པ་པོའི་དབང་དུ་གྱུར་པས། གཡོ་མེད་པ་སྟེ་སེམས་དང་བྲལ་བ་བཞིན་དུ་གཞན་གྱི་དབང་དུ་འགྱུར་རོ་ཞེས་བཅོམ་ལྡན་འདས་ཀྱིས་གསུངས་སོ་ཞེས་པ་ནི་སྡུད་པར་བྱེད་པའི་ཚིག་གོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། བཅོམ་ལྡན་འདས་ཞེས་བྱ་བ་ནི། བཅོམ་ལྡན་
འདས་རྡོ་རྗེ་འཆང་ཆེན་པོ་ཡིན་པར་བཤད་དོ། །དྲི་མ་མེད་པའི་འོད་ཟེར་ནི་འོད་ཟེར་དཀར་པོའོ། །དེའི་ཚོགས་ནི་དྲི་མ་མེད་པའི་འོད་ཟེར་གྱི་སྤྲིན་ནོ། །དེ་རྡོ་རྗེ་ལྟར་མི་ཕྱེད་པས་ན་དྲི་མ་མེད་པའི་འོད་ཟེར་གྱི་སྤྲིན་རྡོ་རྗེ་ནི། རྣམ་པར་སྣང་མཛད་དེ་མི་ཤིགས་པའི་ཕྱིར་རོ། །དེ་སྐྱེད་པའི་ཏིང་ངེ་
འཛིན་ལ་ཡང་དེ་སྐད་ཅེས་བྱ་སྟེ། དེ་ལ་སྙོམས་པར་ཞུགས་ནས་རྡོ་རྗེ་གཤིན་རྗེའི་གཤེད་པོ་ཆེན་པོ་ཞེས་བྱ་བ། རྡོ་རྗེ་ཁྲོ་བོ་ཆེན་པོའི་སྔགས་ཀྱི་བདག་ཉིད་ཅན་འདི་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་ཕྱུང་ངོ་། །ན་མཿས་མནྟ་ཀཱ་ཡི་བཱ་ཀ་ཙིཏྟ་བཛྲ་ཎཱཾ་ཞེས་བྱ་བ་ནི། ཀུན་ནས་སྐུ་དང་གསུང་
དང་ཐུགས་རྡོ་རྗེ་ལ་ཕྱག་འཚལ་ལོ་ཞེས་བྱ་བའི་དོན་ཏེ། འདི་ནི་སྔགས་འདོན་པའི་དུས་སུ་སྔགས་པ་རྣམས་ཀྱིས་དང་པོར་གདོན་པར་བྱ་བ་ཡིན་ནོ། །ཨོཾ་ཞེས་བྱ་བ་ལ་སོགས་པ་ནི་སྔགས་ཀྱི་ཚིག་གོ། །ཁ་ཁ་ཁཱ་ཧི་ཁཱ་ཧི་ཞེས་པ་ནི་ཟོ་ཤིག་ཟོ་ཤིག་ཅེས་པ་སྟེ། གཤིན་རྗེ་གཤེད་ལ་

གདུག་པ་རྣམས་ཟ་བའི་ཕྱིར་སྦོད་པའོ། །སརྦ་དུཥྚཱཾ་སཏྭ་དམ་ཀ་ཞེས་པ་ནི་སེམས་ཅན་གདུག་པ་ཅན་ཐམས་ཅད་འདུལ་བ་པོའོ། །ཨ་སི་མུ་སལ། པར་ཤུ། པཱ་ཤ་ཧ་སྟེ་ཞེས་པ་ནི་ཕྱག་མཚན་ཏེ། རལ་གྲི་དང་གཏུན་ཤིང་དང་དགྲ་སྟ་དང་། ཞགས་པ་རྣམས་ཕྱག་ན་བསྣམས་པའོ། །ཙ་ཏུརྨུ་
ཁ་ཙ་ཏུརྦྷུ་ཛ། ཥཊྩ་ར་ཎ་ཞེས་པ་ནི་སྐུའི་ཆ་ལུགས་ཏེ། ཞལ་བཞི་དང་ཕྱག་བཞི་དང་ཞབས་དྲུག་དང་ལྡན་པའོ། །ཨཱ་གཙྪ་ཨཱ་གཙྪ་ཞེས་པ་ནི་དགུག་པ་སྟེ། ཚུར་སྤྱོན་ཚུར་སྤྱོན་ཞེས་བོད་པའི་དོན་ཏོ། །སརྦ་དུཥྚ་པྲཱ་ཎ་ཨཱ་བ་ཧ་རེ་ཎེ་ཞེས་པ་ནི་ཁྲོ་བོའི་རང་བཞིན་ཏེ། མ་རུངས་པ་ཐམས་
ཅད་ཀྱི་སྲོག་འཕྲོག་པར་མཛད་པའོ། །མ་ཧཱ་བིགྷྣཱན་གྷ་ཏ་ཀ་ཞེས་པ་ནི་བགེགས་ཆེན་པོ་སྟེ་གཤིན་རྗེ་གསོད་པའོ། །བི་ཀྲྀ་ཏཱ་ན་ན། སརྦ་བྷཱུ་ཏ། བྷ་ཡཾ་ཀ་ར་ཞེས་པ་ནི། ཞལ་རྣམ་པར་འགྱུར་བས་འབྱུང་པོ་ཐམས་ཅད་འཇིགས་པར་མཛད་པ་ཞེས་པའི་དོན་ཏོ། །ཨ་ཊྚ་ཧཱ་སེ་ནཱ་དི་ནེ་
ཞེས་པ་ནི་སྐྲག་པར་བྱེད་པའི་སྒྲ་སྟེ་ཧ་ཧ་ཞེས་སྒྲ་སྒྲོགས་པའོ། །བྱཱ་གྷྲ་ཙ་རྨ་ནི་བས་ན་ཞེས་བྱ་བ་ནི་སྟག་གི་པགས་པ་ཤམ་ཐབས་སུ་བསྣམས་པ་སྟེ། འདི་དག་ནི་བོད་པའི་ཚིག་ཡིན་ནོ། །ཀུ་རུ་ཀུ་རུ་སརྦ་ཀརྨཱ་ནི་ཞེས་པ་ནི་ལས་ཐམས་ཅད་མཛོད་ཅིག་མཛོད་ཅིག་ཅེས་པའི་དོན་ཏོ། །
ཚིནྡྷ་ཚིནྡྷ་སརྦ་མནྟྲཱ་ན་ཞེས་པ་ནི་གཞན་གྱི་སྔགས་ཐམས་ཅད་ཆོད་ཅིག་ཆོད་ཅིག་ཅེས་པའོ། །བྷིནྡ་བྷིནྡ་པ་ར་མུ་དྲཱ་མ་ཞེས་པ་ནི་ཕ་རོལ་གྱི་ཕྱག་རྒྱ་ཕུག་ཅིག་ཕུག་ཅིག་པའོ། །ཨཱ་ཀཪྵ་ཡ་ཨཱ་ཀཪྵ་ཡ་སརྦ་བྷཱུ་ཏཱ་ནཱན་ཞེས་པ་ནི། འབྱུང་པོ་ཐམས་ཅད་ཁུག་ཤིག་ཁུག་ཤིགཔའོ། །མ་ཐ་
མ་ཐ་ཞེས་པ་ནི་ཆོམ་ཤིག་ཆོམ་ཤིག་པའོ། །ནིརྨ་ཐ་ནིརྨ་ཐ་སརྦ་དུཥྚཱན་ཞེས་པ་ནི། མ་རུངས་པ་ཐམས་ཅད་ངེས་པར་ཐུལ་ཅིག་ངེས་པར་ཐུལ་ཅིག་པའོ། །པྲ་བེ་ཤ་ཡ་པྲ་བེ་ཤ་ཡ་མཎྜལ་མོ་དྷྱ་ཞེས་པ་ནི་དཀྱིལ་འཁོར་གྱི་ནང་དུ་ཆུག་ཅིག་ཆུག་ཅིག་པ་སྟེ། འདི་དག་ནི་སྦོད་གཏོང་བྱ་བའི་
ཚིག་གོ། །བཻ་བྷ་སྭ་ཏ་ཛཱི་བི་ཏཱནྟ་ཀ་ར་ཞེས་བྱ་བ་ལ། བཻ་བྷ་སྭ་ཏ་ཞེས་པ་ཉི་མའི་བུ་སྟེ་གཤིན་རྗེའོ། །ཛཱི་བི་ཏཱནྟ་ཀ་ར་ཞེས་པ་ནི་སྲོག་མཐར་བྱེད་པ་སྟེ། དེའི་སྲོག་རྣམ་པར་འཇིག་པར་བྱེད་པ་ཞེས་བྱ་བའི་དོན་ཏོ། །མ་མ་སརྦ་ཀརྱཾ་ཀུ་རུ་ཀུ་རུ་ཞེས་པ་ནི་བདག་གི་བྱ་བ་ཐམས་ཅད་གྱིས་

ཤིག་གྱིས་ཤིག་པ་སྟེ། བདག་གི་བྱ་བ་རྣམས་སྒྲུབས་ཤིག་པའོ། །ད་ཧ་ད་ཧ་ཞེས་པ་ནི་སྡིག་པ་ཐམས་ཅད་བསྲེགས་ལ་ཐལ་བར་གྱིས་ཤིག་པའོ། །པ་ཙ་པ་ཙ་ཞེས་པ་ནི་སྡིག་པ་ཐམས་ཅད་ཚོས་ཤིག་པའོ། །མཱ་བི་ལམྦ་མཱ་བི་ལམྦ་ཞེས་པ་ནི་མ་ཐོགས་མ་ཐོགས་
ཞེས་པ་སྟེ། དུས་རིང་པོར་སྡོད་པར་མ་བྱེད་ཅིག་པའོ། །ས་མ་ཡ་མ་ནུ་སྨ་ར་ཞེས་པ་ནི་དམ་ཚིག་རྗེས་སུ་དྲན་ཅིག་པ་སྟེ། དམ་ཚིག་ནི་རྡོ་རྗེ་སེམས་དཔའ་སྟེ། དེའི་བཀའ་རྗེས་སུ་དྲན་པར་གྱིས་ཤིག་པའོ། །ཧཱུཾ་ཧཱུཾ་ཞེས་པ་ནི་བགེགས་གཞིག་པའི་ཕྱིར་སྡིགས་མཛུབ་བྱ་བའོ། །ཕཊ་ཕཊ་ཅེས་
པ་ནི་བགེགས་རྣམས་དགས་པའོ། །བི་སྥོ་ཊ་ཡ་བི་སྥོ་ཊ་ཡ་ཞེས་བྱ་བ་ནི་བགེགས་རྣམས་རྣམ་པར་དགས་ཤིག་པའོ། །སརྦཱནྣཱ་ཤ་ཡ་ཞེས་པ་ནི་དགྲ་ཐམས་ཅད་རློག་ཤིག་པའོ། །ཀ་ར་ཀ་ར་བིགྷྣཱན་ཞེས་པ་ནི་བགེགས་རྣམས་གཏུབས་ལ་ཕྱོགས་བཅུར་གཏོར་ཅིག་པའོ། །སརྦ་ཨཱ་ཤཱ་
པ་རི་པཱུ་ར་ཀ་ཞེས་པ་ནི་བསམ་པ་ཐམས་ཅད་རྫོགས་པར་མཛད་པའོ། །ཧེ་ཧེ་བྷ་ག་བཱན་ཞེས་པ་ནི་ཀྱེ་ཀྱེ་བཅོམ་ལྡན་འདས་ཞེས་བོད་པའོ། །ཀིཉྩི་རཱ་ཡ་སཱི་ཞེས་པ་ནི་ཅིའི་ཕྱིར་ཡུན་རིང་པོར་ཐོགས་ཤིག་པའོ། །མ་མཱ་སརྦ་ཨརྠན་ཞེས་པ་ནི་བདག་གི་དོན་ཐམས་ཅད་དོ། །སཱ་དྷ་ཡ་ཞེས་པ་ནི་
སྒྲུབས་ཤིག་པའམ། རྫོགས་པར་མཛོད་ཅིག་པའོ། །འདིར་སྭཱ་ཧཱའི་སྔོན་དུ་འགྲོ་བའི་ཆེ་གེ་མོ་ཨཱ་ཀཪྵ་ཡ་ཧྲི་ཞེས་བྱ་བ་དང་སྔགས་སྤེལ་བར་བྱའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། དེ་ནས་འདིར་སྔགས་ཀྱི་རྒྱལ་པོ་གསུངས་པ་ཙམ་གྱིས་སོ། །སངས་རྒྱས་ཀུན་གྱིས་ཞེས་
པ་ནི་དེ་ཉིད་བསྒྲུབ་པར་བྱ་བ་ཉིད་དང་། གདུལ་བར་བྱ་བ་ཉིད་དུ་ཤེས་པས་ན་སངས་རྒྱས་ཏེ། བརྒྱ་བྱིན་ལ་སོགས་པ་འཇིག་རྟེན་སྐྱོང་བའི་གྲགས་པ་ཆེན་པོ་རྣམས་སོ། །འཇིགས་ཤིང་ཞེས་པ་ནི་འཁྲུལ་པའོ། །ཀུན་ཏུ་སྐྲག་པར་གྱུར་ནས་ཞེས་པ་ནི་སེམས་འཁྲུགས་པའོ། །རྡོ་རྗེ་
སེམས་དཔའ་ནི་རྡོ་རྗེ་འཆང་ཆེན་པོའོ། །རྗེས་སུ་དྲན་པ་ནི་སྐྱབས་སུ་སོང་བའོ། །དེ་ལ་རྣམ་པར་སྣང་མཛད་ཀྱི་སྦྱོར་བ་དང་ལྡན་པས་བུད་མེད་ཀྱི་ཐོད་པ་མ་ཆག་མ་གས་པ་ལ། གཟུགས་མཛེས་པ་ཡིད་དུ་འོང་ཞིང་ཡིད་ཚིམ་པར་བྱེད་པ་བླངས་ལ། དེའི་དབུས་སུ་རྒྱ་སྐྱེགས་ཀྱི་

ཁུ་བས་བུད་མེད་ཀྱི་གཟུགས་བརྙན་བྲིས་ལ། སྙིང་གའི་ཕྱོགས་སུ་མིང་གི་ཡི་གེ་རྣམ་པར་བཀོད་ནས། རྐང་པས་མནན་པའི་ཚུལ་བྱས་ནས་ཞེས་བྱ་བ་སྟེ། ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཡི་གེ་ཧཱུཾ་ལས་བྱུང་བའི་རྡོ་རྗེ་ལྕགས་ཀྱུས་བྱིན་གྱིས་བརླབས་པའི་ཁྲོ་བོ་གཤིན་རྗེ་གཤེད་ཀྱི་
རྐང་པ་གཡས་བརྐྱང་བས་གནས་པ་དེའི་སྙིང་གར་མནན་ཏེ་ལྕགས་ཀྱུ་དེས་སྙིང་ག་ཕུག་ནས། མངོན་པར་འདོད་པའི་བུད་མེད་འགུགས་པར་གྱུར་པར་བསམས་ལ། སྔགས་འདི་རྗེས་སུ་དྲན་པར་བྱས་ནས་ཁྲོ་བས་གདོན་པར་བྱའོ། །དེ་ནས་ཅིར་འགྱུར་ཞེས། མཱ་མ་ཀཱིའམ་ཞེས་བྱ་བ་ལ་
སོགས་པ་སྟེ། མཱ་མ་ཀཱི་ནི་རྒྱལ་རིགས་ཀྱི་བུ་མོའོ། །སྤྱན་ནི་བྲམ་ཟེའི་རིགས་ཀྱི་བུ་མོའོ། །རྡོ་རྗེ་ནི་རྒྱལ་པོ་དང་བློན་པོ་དེ་རྣམས་ཀྱི་རིགས་ཆེན་ལས་བྱུང་བ་ནི་རིགས་མཐོན་པོའི་བུད་མེད་དོ། །ལན་གསུམ་ཞེས་བྱ་བ་ནི་དུས་གསུམ་དག་ཏུ་སྟེ། ཕྲེང་བའི་སྔགས་ཅི་ནུས་པ་བརྗོད་
ན་ནི། དེ་མ་ཐག་ཏུ་སྟེ་ཞག་བདུན་གྱིས་ངེས་པར་འགུགས་པར་འགྱུར་ཞིང་ལུས་ཁུག་པར་འགྱུར་རོ། །སྐྱེས་པ་འགུགས་པར་འདོད་ན་སྐྱེས་པའི་ཐོད་པ་ལ་བཤད་མ་ཐག་པའི་ཆོ་གས་གཟུགས་བརྙན་བྲིས་ནས། གཡོན་བརྐྱང་བའི་གནས་པས་མནན་ལ་དགུག་པར་བྱ་སྟེ་ཁྱད་པར་
ནི་དེ་དག་གོ། །བཅོམ་ལྡན་འདས་ཐུགས་རྡོ་རྗེས་དེ་སྐད་གསུངས་སོ་ཞེས་བྱ་བ་ནི་རྡོ་རྗེ་འཆང་ཆེན་པོས་སོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་ནི་རྡོ་རྗེ་འཆང་ཆེན་པོའོ། །དམ་ཚིག་ནི་དོན་ཡོད་པར་གྲུབ་པའོ། །དེའི་འོད་ཟེར་ནི་
མརྒ་ཏ་ལྟ་བུའི་མདོག་ཅན་གྱི་འོད་དེ། དེ་རྣམས་ཀྱིས་ནམ་མཁའ་ཁྱབ་པའི་ཕྱག་རྒྱ་ཆེན་པོའི་གཟུགས་ཏེ། དེ་དང་ཁྱད་པར་མེད་པས་ཏིང་ངེ་འཛིན་དེ་ལ་དེ་སྐད་ཅེས་བྱ་སྟེ། དེ་ལ་སྙོམས་པར་ཞུགས་པའོ། །མི་འཆི་བའི་དམ་ཚིག་ནི་དོན་ཡོད་པར་གྲུབ་པ་སྟེ། དེ་ལས་བྱུང་བའི་ཁྲོ་
བོའི་སྔགས་ཀྱི་བདག་ཉིད་ཅན་ནི་ཁྲོ་བོ་སྟེ། ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་ཕྱུང་ངོ་། །ནམཿཞེས་བྱ་བ་ལ་སོགས་པའི་དོན་ནི་བཤད་ཟིན་ཏོ། །ན་མོ་བཛྲ་ཀྲོ་དྷཱ་ཡ། མ་ཧཱ་དཾཥྚོཏྐ་ཊ་བྷཻ་ར་བཱ་ཡ། ཨཱ་སི་མུ་ས་ལ་པ་ར་ཤུ་པཱ་ཤ་ཧ་སྟཱ་ཡ་ཞེས་པ་ནི། རྡོ་རྗེ་ཁྲོ་བོ་ཆེན་པོ་མཆེ་

བ་གཙིགས་པས་འཇིགས་སུ་རུང་བ། རལ་གྲི་དང་གཏུན་ཤིང་དང་དགྲ་སྟ་དང་ཞགས་པ་ཕྱག་ན་བསྣམས་པ་ལ་ཕྱག་འཚལ་ལོ་ཞེས་ཁྲོ་བོ་བདུད་རྩི་ཐབ་སྦྱོར་ཉིད་ལ་ཕྱག་འཚལ་བའོ། །ཨོཾ་ཞེས་བྱ་བ་ལ་སོགས་པ་ནི་སྔགས་ཀྱི་ཚིག་གོ། །ཨ་མྲྀ་ཏ་ཀུཎྜ་ལི་ཞེས་པ་ནི་
བདུད་རྩི་འཁྱིལ་པ་ཞེས་པའོ། །ཁ་ཁ་ཁཱ་ཧི་ཁཱ་ཧི་ཞེས་པ་ནི་སྦོད་པ་སྟེ། ཟོ་ཤིག་པའོ། །ཏིཥྛ་ཏིཥྛ་ཞེས་པ་ནི་སྒྲུབ་པའི་དོན་དུ་གནོས་ཤིག་པའོ། །བནྡྷ་བནྡྷ་ཞེས་པ་ནི་ཆིངས་ཤིག་པའོ། །ཧ་ན་ཧ་ན་ཞེས་པ་ནི་རྒྱོབ་ཅིག་པའོ། །ད་ཧ་ད་ཧ་ཞེས་པ་ནི་སྲེགས་ཤིག་པའོ། །གརྫ་གརྫ་ཞེས་པ་ནི་གདུག་
པ་རྣམས་འཇིགས་པའི་སྒྲ་སྒྲོགས་ཤིག་པའོ། །བི་སྥོ་ཊ་ཡ་བི་སྥོ་ཊ་ཡ་ཞེས་པ་ནི་རྣམ་པར་དགས་ཤིག་པའོ། །སརྦ་བིགྷྣཱན་ནི་བགེགས་ཐམས་ཅད་དོ། །བི་ནཱ་ཡ་ཀཱན་ནི་ལྷ་ཆེན་པོའི་བུ་ལོག་འདྲེན་ནོ། །དེ་དངོས་གང་ཡིན་ཞེ་ན། ག་ཎ་པ་ཏི་སྟེ་ཚོགས་ཀྱི་བདག་པོའོ། །ཛཱི་བི་ཏཱནྟ་ཀ་རཱ་ཞེས་པ་ནི་སྲོག་
མཐར་བྱེད་པ་སྟེ། ཁྲོ་བོ་བདུད་རྩི་ཐབ་སྦྱོར་ནི་ལོག་འདྲེན་འདུལ་བར་མཛད་པ་ཡིན་པས་འདི་སྐད་ཅེས་བྱའོ། །འདི་དག་ནི་ཁ་ཁ་ཁཱ་ཧི་ཁཱ་ཧི། ཏིཥྛ་ཏིཥྛ། བནྡྷ་བནྡྷ། ཧ་ན་ཧ་ན། ད་ཧ་ད་ཧ། གརྫ་གརྫ། བི་སྥོ་ཊ་ཡ་བི་སྥོ་ཊ་ཡ། སརྦ་བིགྷྣཱན་བི་ནཱ་ཡ་ཀཱ་ན་མ་ཧཱ་ཀྲོ་དྷཱ། མ་ཧཱ་དཾཥྚོཏྐ་ཊ་བྷཻ་ར་བཱ་ཡ་ཨ་
སི་མུ་ས་ལ། པ་ར་ཤུ་པཱ་ཤ་ཧསྟཱ་ཡ། མ་ཧཱ་ག་ཎ་པ་ཏི་ཛཱི་བི་ཏཱནྟ་ཀ་རཱ་ཡ་ཞེས་གདོན་པར་བྱའོ། །འདིར་སྭཱ་ཧཱ་སྔོན་དུ་འགྲོ་བའི་ཆེ་གེ་མོ་ཨུ་ཙ་ཏ་ཡ་ཧཱུཾ་ཞེས་བྱ་བ་དང་སྔགས་སྤེལ་ལོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ནི་བཤད་ཟིན་ཏོ། །རྡོ་རྗེ་སྐུ་ཞེས་བྱ་བ་ནི་དོན་ཡོད་པར་གྲུབ་པ་སྟེ། དེ་རྗེས་
སུ་དྲན་ཞིང་སྒོམ་པའོ། །སྔགས་རྣམས་ཀུན་ནི་སྐྲོད་པ་ལ་སོགས་པའི་དབང་དུ་བྱས་པའི་སྔགས་རྣམས་ཏེ། དེ་རྣམས་ཀྱི་སྦྱོར་བ་ཡོད་པ་རྣམས་ལ་ཡང་ངོ་། །རྡོ་རྗེ་ནི་དགའ་བས་བསྒྲུབ་པར་བྱ་བ་སྟེ། དེ་རྣམས་བསྐྲད་པའི་ལས་རྣམས་ལ་ཞེས་པ་ནི་རྟོག་པ་ལས་བཤད་པའི་བྱ་བའི་ཆོ་
གས་སོ། །སངས་རྒྱས་ནི་ལས་ཀྱི་ཚོགས་རྣམས་ལ་མཁས་པའོ། །དེ་རྣམས་ཉིད་ཀྱི་དཔུང་ནི་ཚོགས་ཏེ། རང་ཉིད་དོན་ཡོད་པར་གྲུབ་པའི་སྦྱོར་བ་དང་ལྡན་པས། ཚུལ་བཞིན་དུ་བྱས་ན་སྐྲོད་པར་འགྱུར་ཞིང་གནས་ལས་འཕོ་བར་འགྱུར་རོ། །རིམ་པ་ནི་འདིས་བྱ་སྟེ་སྐེ་ཚེ་དང་ལན་ཚ་དང་

ཏིལ་དང་དུག་དང་ད་དུ་རའི་ཁུ་བ་དང་། མཛུབ་མོའི་ཁྲག་གཅིག་ཏུ་བྱས་ལ་དེས་དུར་ཁྲོད་ཀྱི་རས་ལ་རླུང་གི་དཀྱིལ་འཁོར་ཟླ་གམ་ངོས་གཉིས་སུ་རྡོ་རྗེས་མཚན་པ་བྲིས་ལ་དེའི་དབུས་སུ་བསྒྲུབ་པར་བྱ་བའི་མིང་གི་ཡི་གེ་དང་སྤེལ་བ་བྲིས་ལ། དགུག་པ་སྔོན་དུ་འགྲོ་བས་མནན་ལ་སྔ་མ་བཞིན་དུ་བཟླས་
ནས་དུར་ཁྲོད་དུ་སྦས་ན་ངེས་པར་སྐྲོད་པར་འགྱུར་རོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། བཅོམ་ལྡན་འདས་རིན་ཆེན་ཏོག་ཅེས་བྱ་བ་ནི། དེ་ཁོ་ན་ཉིད་ཀྱི་རིན་པོ་ཆེའི་རྒྱལ་མཚན་གང་ལ་ཡོད་པ་དེ་ནི་རིན་ཆེན་ཏོག་སྟེ། དེ་བཞིན་གཤེགས་པ་རྡོ་རྗེ་འཆང་ཆེན་པོའོ། །སངས་རྒྱས་ཀྱི་
འོད་ཟེར་ནི་རིན་ཆེན་འབྱུང་ལྡན་ནོ། །དེ་ཉིད་མི་ཕྱེད་པས་ན་རྡོ་རྗེ་སྟེ། དེ་སྐྱེད་པའི་ཏིང་ངེ་འཛིན་ཀྱང་དེ་དང་དབྱེར་མི་ཕྱེད་པས་དེ་སྐད་ཅེས་བྱ་སྟེ། དེ་ལ་སྙོམས་པར་ཞུགས་ཤིང་མངོན་སུམ་དུ་མཛད་ནས། རྡོ་རྗེ་ཁྲོ་བོ་ཆེན་པོ་གཞན་གྱིས་མི་ཐུབ་པའི་སྔགས་ཀྱི་བདག་ཉིད་དུ་ཉིད་ཀྱི་སྐུ་དང་
གསུང་དང་ཐུགས་རྡོ་རྗེ་ལས་ཕྱུང་ངོ་། །ན་མཿཞེས་བྱ་བ་ལ་སོགས་པའི་དོན་ནི་བཤད་ཟིན་ཏོ། །ཨོཾ་ཞེས་བྱ་བ་ལ་སོགས་པ་ནི་ཁྲོ་བོའི་སྔགས་སོ། །དེའི་དོན་ནི་འདི་ཡིན་ཏེ། སྔར་ཨོཾ་ནི་སྔར་བཤད་ཟིན་ཏོ། །ཧཱུཾ་ནི་བསྡིགས་པའོ། །ཛི་ན་ནི་གཞན་གྱིས་མི་ཐུབ་པ་སྟེ་བོད་པའོ། །
རི་ཊིཊྚ་ཞེས་པ་ནི་བགེགས་རྣམས་ཕྱེ་མར་ལྷོགས་ཤིག་པའོ། །ཧཱུཾ་ཕཊ་ནི་སྔར་བཤད་ཟིན་ཏོ། །འདིར་སྭཱ་ཧཱའི་སྔོན་དུ་འགྲོ་བའི་ཆེ་གེ་མོ་རཀྵས་་དྷི་བྷྱོ་བི་མོ་ཙ་ཡ་ཧྲི་ཞེས་བྱ་བ་དང་སྤེལ་ལོ། །དེ་ནས་འདི་ནི་ཞེས་བྱ་བ་ལ་སོགས་པ་ལ། སངས་རྒྱས་ནི་སྒྲུབ་པ་པོ་སྟེ། ངེས་པར་བསྟེན་པར་
མངོན་པར་འདོད་པ་ཡིན་པའི་ཕྱིར་སངས་རྒྱས་སོ། །བརྩོན་འགྲུས་དང་ལྡན་པའི་ཕྱིར་བདག་ཉིད་ཆེ་སྐྱེས་ཀུན་ཏེ། འཇིགས་ཤིང་ཀུན་ཏུ་སྐྲག་པར་གྱུར་པའོ། །བྱང་ཆུབ་སེམས་ནི་ཞེས་བྱ་བ་ནི་རིན་ཆེན་འབྱུང་ལྡན་ནོ། །རྗེས་སུ་དྲན་པ་ནི་སྒོམ་པར་གྱུར་པའོ། །སྲིན་པོ་ནི་ཤ་ཟའོ། །
མ་རུངས་པ་ནི་སེང་གེ་ལ་སོགས་པའོ། །གཏུམ་པོ་ནི་ཕྱིར་རྒོལ་བ་རྣམས་ཏེ། གནོད་པར་བྱེད་པ་རྣམས་དང་འཇིགས་པ་ཆེན་པོ་འཁྲུག་པ་སྟེ། མེ་དང་སྦྲུལ་ལ་སོགས་པས་འཇིགས་པར་བྱེད་པའི་གནས་རྣམས་སུའོ། །རྡོ་རྗེ་སེམས་ནི་རྡོ་རྗེ་འཆང་ཆེན་པོའོ། །དེས་རབ་ཏུ་སྦྱར་ཞིང་

གཏོང་བས་ན། རྡོ་རྗེ་སེམས་ཀྱིས་རབ་སྦྱར་ན་སྟེ་རིན་ཆེན་འབྱུང་ལྡན་ནོ། །དེ་བས་ན་རིན་ཆེན་འབྱུང་ལྡན་གྱི་ཏིང་ངེ་འཛིན་ལ་དམིགས་ནས། ཁྲོ་བོ་གཞན་གྱིས་མི་ཐུབ་པ་ལ་བཀའ་བསྒོའོ་ཞེས་བྱ་བར་དགོངས་སོ། །དེ་ནས་ཀྱང་ཅི་ཞིག་བྱེད་ཅེ་ན། ལས་རྣམས་ཏེ་བསྲུང་བ་
ལ་སོགས་པའི་ལས་རྣམས་ཆོ་ག་བཞིན་དུ་སྟེ། རྟོག་པ་ལས་བྱུང་བའི་ཆོ་ག་བཞིན་དུ་བྱེད་པར་འགྱུར་བའོ། །དེ་ལ་འདིར་ཆོ་ག་ནི་འདི་ཡིན་ཏེ། རིན་ཆེན་འབྱུང་ལྡན་གྱི་རྣལ་འབྱོར་དང་ལྡན་པས། ལག་མཐིལ་གཉིས་སུ་ཡི་གེ་ཧཱུཾ་རིང་པོ་ཡོངས་སུ་གྱུར་པ་ལས། ཉི་མའི་དཀྱིལ་འཁོར་གཉིས་
བསམས་ལ། གཞན་གྱིས་མི་ཐུབ་པ་ལ་བསྒོ་སྟེ་སྲིན་པོ་ལ་སོགས་པས་གཟུང་བའི་བསྒྲུབ་པར་བྱ་བའི་ལུས་ལས་སྲིན་པོ་ལ་སོགས་པ་དྲངས་ནས། ཉི་མའི་དཀྱིལ་འཁོར་གཉིས་ཀྱི་དབུས་སུ་ཆུད་པར་བྱས་ལ། ཉི་མའི་འོད་ཟེར་གྱིས་བསྲེགས་ཏེ་ཐལ་བར་བྱས་ལ་སྔགས་བརྗོད་ན་བདེ་བར་གནས་
པར་འགྱུར་རོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་ཚེ་དཔག་ཏུ་མེད་པ་བསྐྱེད་པས་ཚེ་དཔག་ཏུ་མེད་པ་ནི་རྡོ་རྗེ་འཆང་ཆེན་པོའོ། །དཔག་ཏུ་མེད་པ་ནི་འོད་དཔག་ཏུ་མེད་པའོ། །དེ་གང་དུ་འབྱུང་བའི་ཏིང་ངེ་འཛིན་ནི་དཔག་ཏུ་མེད་པའི་རྡོ་རྗེ་ཞེས་བྱ་སྟེ་ཏིང་ངེ་འཛིན་དེ་ལ་དམིགས་པའོ། །པདྨོ་
ནི་འོད་དཔག་ཏུ་མེད་པའོ། །དེ་ལས་བྱུང་བ་ནི་ཁྲོ་བོ་རྟ་མགྲིན་ཏེ་ཁྲོ་བོ་ཆེན་པོ་དེ་སྔགས་ཀྱི་བདག་ཉིད་དུ་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་ཕྱུང་ངོ་། །ན་མཿཞེས་པ་ལ་སོགས་པའི་དོན་ནི་བཤད་ཟིན་ཏོ། །ཨོཾ་ཞེས་བྱ་བ་ལ་སོགས་པ་ནི་སྔགས་ཏེ། སེམས་ཅན་གདུག་པ་
ཅན་རྣམས་ཀྱི་ལུས་དང་ངག་དང་ཡིད་རྣམ་པར་གཞིག་པའི་སྡིགས་མཛུབ་བྱ་བའི་ཕྱིར་ཧཱུཾ་གསུམ་སྨོས་སོ། །ཏ་རུ་ལ་ཞེས་པ་ལ། ཏ་རུ་ནི་སྒྲོལ་བ་སྟེ། ཡམས་དང་གནོད་པ་ཐམས་ཅད་ལས་སྒྲོལ་བའོ། །ལ་ནི་དེ་ལེན་པའོ། །བི་རུ་ལ་ཞེས་པ་ནི། བི་ནི་བི་ཀ་ར་སྟེ་རྣམ་པར་འགྱུར་བའོ། །
རུ་ནི་བྷཾ་ག་སྟེ་དེ་རྣམས་འཇིག་པའོ། །ལ་ནི་ཨཱ་དཱ་ན་སྟེ་དེ་ལེན་པར་བྱེད་པའོ། །སརྦ་བི་ཥ་གྷཱ་ཏ་ཀ་ཞེས་པ་ནི་དུག་ཐམས་ཅད་འཇོམས་པ་སྟེ། རྒྱུ་བ་དང་མི་རྒྱུ་བ་ལས་བྱུང་བའི་དུག་མ་ལུས་པར་འཇིག་པའོ། །ཛྭ་ལི་ཏ་བི་སྥུ་ལིཾ་ག་ཞེས་པ་ནི་འབར་བ་རྣམ་པར་འཁྲུགས་པ་སྟེ། མེ་སྟག་

རབ་ཏུ་འབར་བ་དང་བཅས་པའོ། །ཨཊྚཊྚ་ཧཱ་ས་ཞེས་པ་ནི་ཧ་ཧ་ཞེས་དགོད་པའི་སྒྲ་དང་བཅས་པའོ། །ཀེ་ས་རི་ས་ཊཱ་ཊོ་པ་ཞེས་པ་ལ་ཀེ་ས་རི་ནི་རི་དགས་ཀྱི་རྒྱལ་པོ་སེང་གེའོ། །ས་ཊ་ནི་རལ་པའི་ཚོགས་ཕྲག་དོག་གོང་དུ་འཕྱང་བའོ། །ཨ་ཊོ་པ་ནི་བསྒྱིངས་པ་སྟེ་སེང་གེའི་རལ་པ་ལྟར་བསྒྱིངས་
པ་གང་ལ་ཡོད་པའོ། །བཛྲ་ཁུ་ར་ནིརྒྷཱ་ཏ་ན་ཙ་ལི་ཏ་བ་སུ་དྷཱ་ཏ་ལ་ཞེས་པ་ནི། རྡོ་རྗེའི་ཞགས་པས་སའི་གཞི་རྣམས་བསྐྱོད་པའོ། །ནི་ཤྭ་ས་མཱ་རུ་ཏོཏ་ཀྵིཔྟ་དྷ་ར་ཎཱི་དྷ་ར་ཞེས་པ་ལ། ནི་ཤྭ་ས་མཱ་རུ་ཏ་ཞེས་པ་ནི་དབུགས་འབྱིན་པའི་རླུང་སྟེ་སྣའི་དབུགས་སོ། །ཨུཏ་ཀྵིཔྟ་ནི་འཐོར་བའོ། །
དྷ་རཎཱི་དྷ་ར་ཞེས་པ་ནི་རི་བོ་སྟེ། དེའི་སྣའི་དབུགས་ཀྱིས་རི་བོ་རྣམས་གྱེན་དུ་འཐོར་བར་བྱེད་པ་དེ་ལ་དེ་སྐད་ཅེས་བྱའོ། །བྷཱི་ཥ་ཎ་ཨཊྚཊྚ་ཧཱ་ས་ཞེས་པ་ནི། ཧ་ཧ་ཞེས་བཞད་པས་འཇིགས་སུ་རུང་བའོ། །ཨ་པཱ་ར་མི་ཏ་བ་ལ་པ་རཱ་ཀྲ་མ་ཞེས་བྱ་བ་ནི་སྟོབས་དང་། ཕ་རོལ་གནོན་པས་
དཔག་ཏུ་མེད་པ་མངའ་བ་སྟེ། འདི་དག་ནི་བོད་པའི་ཚིག་གོ། །ཨཱརྱ་ག་ཎ་བྷཱི་ཏ་བྷཱུ་ཏ་ག་ཎ་ཞེས་པ་ལ་ཨཱརྱ་ནི་འཕགས་པ་སྟེ། དེ་བཞིན་གཤེགས་པ་རྣམས་སོ། །དེ་རྣམས་ཀྱིས་བརྩིས་པ་ཡིན་པས་ན་འཕགས་པས་བགྲངས་པའོ། །བྷཱི་ཏ་ཞེས་པ་ནི་འཇིགས་པའོ། །བྷཱུ་ཏ་ག་ཎ་ནི་
འབྱུང་པོའི་ཚོགས་ལྷ་མ་ཡིན་ལ་སོགས་པའི་ཚོགས་རྣམས་ཏེ། གང་གི་འབྱུང་པོའི་ཚོགས་དེ་འཇིགས་པའོ། །བུདྡྷྱ་བུདྡྷྱ་ཞེས་པ་ནི་བསྐུལ་བའི་ཕྱིར་ཡང་དག་པར་སད་པར་བྱས་ནས་སྦོད་པའོ། །ཧ་ཡ་གྲཱི་བ་ཞེས་པ་ནི་ཀྱེ་རྟ་མགྲིན་ཞེས་བོད་པའོ། །ཁཱ་ད་ཁཱ་ད་ཞེས་པ་ནི་གདུག་
པ་ཐམས་ཅད་ཟོ་ཤིག་པའོ། །ཚིནྡ་ཚིནྡ་ཞེས་པ་ནི་གཞན་གྱི་སྔགས་ཆོད་ཅིག་ཆོད་ཅིག་པའོ། །སིདྡྷི་མ་མེ་དི་ཤ་ཞེས་པ་ནི་བདག་ལ་དངོས་གྲུབ་སྩོལ་ཅིག་པའོ། །ཨཱ་བེ་ཤ་ཡ་ནི་ཕོབ་ཤིག་པའོ། །སརྦ་ཛྭ་ར་པི་ཤཱ་ཙཱ་ན་ཞེས་པ་ནི་རིམས་དང་ཤ་ཟ་ཐམས་ཅད་དོ། །སརྦ་གྲ་ཧེ་ཥུ་ཨཱ་
པྲ་ཏི་ཧ་ཏོ་བྷ་བ་ཞེས་པ་ནི། གདོན་ཐམས་ཅད་ཀྱིས་མི་ཚུགས་པར་མཛོད་ཅིག་པའོ། །བཛྲ་དཾཥྚཱ་ཀིཉྩི་རཱ་ཡ་སི་ཞེས་པ་ནི། རྡོ་རྗེ་མཆེ་བ་ཅན་ཅིའི་ཕྱིར་ཕྱི་བཤོལ་མཛད་ཅེས་པའོ། །ཨི་དཾ་དུཥྚ་གྲ་ཧཾ་དུཥྚ་སརྦ་བཱ་ཞེས་པ་ནི་གདོན་མ་རུངས་པའམ་སྦྲུལ་གདུག་པ་འདིའོ། །དྷུ་ན་དྷུ་ན་ནི་

སྐྱོད་ཅིག་སྐྱོད་ཅིག་པའོ། །མ་ཐ་མ་ཐ་ཞེས་པ་ནི་རྣམ་པར་རྟོགས་ཤིག་པའོ། །མརྡ་མརྡ་ཞེས་པ་ནི་བརླག་པར་མཛོད་ཅིག་པའོ། །པཱ་ཊ་ཡ་པཱ་ཊ་ཡ་ཞེས་པ་ནི་ཁོས་ཤིག་པའོ། །མ་ཊ་མ་ཊ་བནྡྷ་བནྡྷ་ནི་ཆིངས་ཤིག་པའོ། །བུདྷ་དྷརྨ་སཾ་གྷ་ཨ་ནུ་ཛྙཱ་ཏཾ་ཀརྨ་ཀུ་རུ་ཞེས་པ་ནི། སངས་
རྒྱས་དང་ཆོས་དང་དགེ་འདུན་གྱིས་བཀའ་སྩལ་པའི་ལས་ཀྱིས་ཤིག་པ་སྟེ་སྦོད་པའོ། །གལ་ཏེ་དེ་ལྟར་མི་བྱེད་ན་དེའི་ཚེ་རང་ཉིད་ལ་སྨྲས་པ། ཧ་ཡ་གྲྀ་བཱ་ཡ་ཕཊ་ཅེས་པ་ནི་རྟ་མགྲིན་ལའོ། །བཛྲ་ཡ་ཕཊ་ཅེས་པ་ནི་རྡོ་རྗེ་ལའོ། །བཛྲ་གཱ་ཏྲཱ་ཡ་ཕཊ་ཅེས་པ་ནི་རྡོ་རྗེའི་ལུས་ཅན་ལའོ། །བཛྲ་ནི་ཏྲཱ་ཡ་ཕཊ་ཅེས་པ་ནི་རྡོ་རྗེའི་མིག་ལའོ། །བཛྲ་
དཾཥྚྲཱ་ཡ་ཕཊ་ཅེས་པ་ནི་རྡོ་རྗེའི་མཆེ་བ་ཅན་ལའོ། །བཛྲ་ཁུ་རཱ་ཡ་ཕཊ་ཅེས་པ་ནི་རྡོ་རྗེའི་ཞབས་ཅན་ལའོ། །བཛྲ་ཁུ་ར་ནིརྒྷཱ་ཏ་ནཱ་ཡ་ཕཊ་ཅེས་པ་ནི་རྡོ་རྗེའི་ཞབས་ཅན་ངེས་པར་རྡེབས་པ་ལའོ། །ཏྲཻ་ལོ་ཀྱ་བྷ་ཡཾ་ཀ་རཱ་ཡ་ཕཊ་ཅེས་པ་ནི་འཇིག་རྟེན་གསུམ་འཇིགས་པར་མཛད་པའོ། །སརྦ་ཀརྨེ་ཥུ་ཨ་པྲ་ཏི་
ཧ་ཏཱ་ཡ་ཕཊ་ཅེས་པ་ནི་ལས་ཐམས་ཅད་ལ་ཐོགས་པ་མེད་པ་ལའོ། །བཛྲ་ཀུ་ལ་སནྟྲཱ་ས་ནཱ་ཡ་ཕཊ་ཅེས་པ་ནི་རྡོ་རྗེའི་རིགས་རྣམས་ཡང་དག་པར་འཛིན་པར་མཛད་པ་ལའོ། །ཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཅེས་བྱ་བ་ནི་བཅོམ་ལྡན་འདས་ཀྱིས་རྟ་མགྲིན་ལ་བསྡིགས་པར་མཛད་པའོ། །སྭཱ་ཧཱ་ཞེས་པ་ནི་དེ་ལྟར་བསྡིགས་པའི་
མཐར་དབུགས་དབྱུང་བར་བྱ་བའི་ཕྱིར་མཛད་པ་ཡིན་ཏེ། སྭཱ་ཧཱའི་སྒྲ་ནི་དབུགས་འབྱིན་པ་སྟེ། རྡོ་རྗེའི་བདུད་རྩིའི་རྒྱུད་ལས། ཡི་གེ་སྭཱ་ཧཱ་མཱ་མ་ཀཱིའི་དངོས་གྲུབ་ཐམས་ཅད་རབ་སྟེར་བའོ། །ཞེས་གསུངས་པས་སོ། །འདིར་ཆེ་གེ་མོ་བི་ཤ་དི་ཀཾ་ཨ་པ་ཧ་ར་ཧཱུཾ་ཞེས་བྱ་བ་དང་སྔགས་སྤེལ་ལོ། །
དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། ཆོས་ཀྱི་རྡོ་རྗེ་ནི་འོད་དཔག་ཏུ་མེད་པའོ། །དེའི་ཆེ་མཆོག་སྐྱེས་པ་ནི་དེ་ལས་སྐྱེས་པའི་གཙོ་བོ་རྟ་མགྲིན་ལ་སོགས་པ་སྟེ། དེ་གདུལ་བའི་ཕྱིར་རོ། །ཡེ་ཤེས་རྒྱལ་པོ་ནི་འོད་དཔག་ཏུ་མེད་པ་སྟེ། དེ་རྗེས་སུ་དྲན་པ་ནི་སྒོམ་པ་རྩེ་གཅིག་པ་ཐོབ་པར་གྱུར་པའོ། །
མཁའ་དབྱིངས་ནི་ནམ་མཁའི་དབྱིངས་སུ་གཏོགས་པ་སྟེ། དེ་དུག་གིས་ཡོངས་སུ་གང་བའོ། །ཇི་ལྟ་བུ་ཞེ་ན། རྡོ་རྗེ་ནི་མི་ཕྱེད་པའོ། །ཧ་ལ་ཧ་ལ་ནི་དུག་གི་ཁྱད་པར་རོ། །ཁྲོ་བོའི་རྒྱལ་པོ་བསྐུལ་བ་ཡིས། །ཞེས་བྱ་བ་ནི་སྦོད་པས་སོ། །དུག་རྣམས་ཐམས་ཅད་མེད་པར་བྱེད། །ཅེས་

བྱ་བ་ནི། ཧ་ལ་ཧ་ལ་འཐུངས་ཀྱང་དུག་མེད་པར་མཛད་པའོ། །འདིར་མན་ངག་ནི་འདི་ཡིན་ཏེ། བསྒྲུབ་པར་བྱ་བ་སེམས་དཔའ་གསུམ་གྱི་བདག་ཉིད་དུ་ངེས་པར་བསམས་ལ། དེའི་སྙིང་ག་ལ་གནས་པའི་ཏིང་ངེ་འཛིན་སེམས་དཔའི་འོད་ཟེར་རྣམས་ཀྱིས། ལུས་ཡོངས་སུ་བཀང་ནས་དེ་ནས་ལག་པ་
གཡས་པའི་ལག་མཐིལ་དུ་ཟླ་བའི་སྟེང་དུ། ཡི་གེ་ཧཾ་མདོག་དཀར་པོ་བསམས་ནས། ལག་པའི་སོར་ཚིགས་རྣམས་ལ་ཨོཾ་ཛྲིཾ་ཧྲིཾ་ཀྵིཾས་ཞེས་བྱ་བ་རྣམ་པར་བཀོད་ལ། སྤྱི་བོ་ནས་བརྩམས་ཏེ་སྔགས་བརྗོད་པ་སྔོན་དུ་འགྲོ་བས་ལག་པ་ལ་བཀོད་པའི་འོད་ཀྱི་ཚོགས་ཀྱིས་བྱབས་པས། འོད་ཟེར་དཀར་པོ་
འགྱེད་ཅིང་དྲི་མ་མེད་པའི་ཆུའི་རྒྱུན་ལྟ་བུས། དུག་སྔོན་པོ་ལྟ་བུ་འོག་ཏུ་བཏང་ནས་སྟོངས་པར་གྱུར་པར་བསམས་ན་དུག་སེལ་བར་འགྱུར་རོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། དོན་ཡོད་པའི་དངོས་གྲུབ་རབ་ཏུ་སྩོལ་བས། དེ་བཞིན་གཤེགས་པ་གདོན་མི་ཟ་བར་གྲུབ་པ་ནི་རྡོ་རྗེ་འཆང་ཆེན་པོའོ། །
གདོན་མི་ཟ་བའི་དམ་ཚིག་ནི་དོན་ཡོད་པར་གྲུབ་པ་སྟེ། དེའི་བྱང་ཆུབ་ནི་གདོན་མི་ཟ་བར་དམ་ཚིག་འབྱུང་བའོ། །དེ་ཉིད་དཔལ་ཡིན་ལ་རྡོ་རྗེ་ནི་མི་ཕྱེད་པའི་མཚན་མ་སྟེ། དེ་ལ་དམིགས་པའི་ཏིང་ངེ་འཛིན་གང་ཡིན་པ་དེ་ལ་སྙོམས་པར་ཞུགས་ནས། རྡོ་རྗེ་བེ་ཅོན་སྔོན་པོ་ཞེས་བྱ་བའི་ཁྲོ་
བོའི་རྒྱལ་པོ་འདི་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་ཕྱུང་ངོ་། །ན་མཿཞེས་བྱ་བ་ལ་སོགས་པའི་དོན་ནི་བཤད་ཟིན་ཏོ། །ཨོཾ་ཞེས་བྱ་བ་ལ་སོགས་པ་ནི་སྔགས་ཡིན་ཏེ། ཨེ་ཧྱ་ཧི་ཞེས་པ་ནི་ཚུར་སྤྱོན་ཚུར་སྤྱོན་ཞེས་བོད་པའོ། །བྷ་ག་བཱན་ནཱི་ལ་བཛྲ་དཎྜ་ཞེས་པ་ནི་བཅོམ་ལྡན་འདས་
དབྱིག་སྔོན་ཞེས་བོད་པའོ། །ཏུ་རུ་ཏུ་རུ་ཧུ་ལུ་ཧུ་ལུ་ཞེས་པ་ནི་ཏུ་རུ་ཏྭ་ར་ནི་སྟེ་རིངས་པ་རིངས་པར་རོ། །ཧ་ཧ་ཞེས་པ་ནི་ཡང་དག་པར་སད་པར་བྱ་བའོ། །གུ་ལུ་གུ་ལུ་ཞེས་པ་ནི་ཚིར་ཅིག་པའོ། །གུ་ལཱ་པ་ཡ་གུ་ལཱ་པ་ཡ་ཞེས་པ་ནི་འཁོར་རྣམས་ཀྱང་འཚིར་དུ་ཆུག་ཤིག་པའོ། །ཀྲ་མ་ཀྲ་མ་ཞེས་
པ་ནི་ཀྲ་མ་པཱ་ད་བི་ཀྵེ་པ་སྟེ་གོམ་པ་བསྐྱོད་པར་རབ་ཏུ་སྤྲོ་བར་བྱའོ། །བྷ་ག་བཱན་ཞེས་པ་ནི་བཅོམ་ལྡན་འདས་ཞེས་བོད་པའོ། །བཱ་ཡུ་བེ་གེ་ཎཱ་ཞེས་པ་ནི་རླུང་གི་ཤུགས་ཀྱིས་སོ། །བྷཱུ་ཏཾ་ཤཱི་གྷཾ་ད་ཧ་ད་ཧ་ཞེས་པ་ནི་འབྱུང་པོ་རྣམས་མྱུར་དུ་བསྲེགས་ལ་ཐལ་བར་གྱིས་ཤིག་པའོ། །ད་ར་ད་ར་ཞེས་

པ་ནི་ཁོས་ཤིག་པའོ། །བ་ཧ་བ་ཧ་ཞེས་པ་ནི་ཆོམས་ཤིག་པའོ། །པ་ཙ་པ་ཙ་ཞེས་པ་ནི་སྐོལ་ཅིག་པའོ། །མ་ཐ་མ་ཐ་ཞེས་པ་ནི་རྣམ་པར་ཤིག་ཅིག་པའོ། །པཱ་ཏ་ཡ་པཱ་ཏ་ཡ་ཞེས་པ་ནི་འོག་ཏུ་ལྟུང་བར་གྱིས་ཤིག་པའོ། །མ་ཊ་མ་ཊ་ཞེས་པ་ནི་རློམ་ཤིག་པའོ། །མོ་ཊ་པ་ཡ་མོ་ཊ་པ་ཡ་
ཞེས་པ་ནི་འཁོར་རྣམས་ཀྱིས་ཀྱང་བརླག་པར་གྱིས་ཤིག་པའོ། །སརྦ་ཀརྨཱ་ཎི་ཚིནྡ་ཚིནྡ་ཞེས་པ་ནི། ལས་ཐམས་ཅད་ཆོད་ཅིག་པ་སྟེ། དགྲ་བོས་རབ་ཏུ་སྦྱར་བའི་སྤྲད་པ་ལ་སོགས་པའི་ལས་རྣམས་ཤིག་ཅིག་ཤིག་ཅིག་པའོ། །བྷཀྵ་ཡ་བྷཀྵ་ཡ་ཞེས་པ་ནི་ཟོ་ཤིག་པའོ། །མེ་དཾ་ནི་ཚིལ་ལོ། །ཨཱ་སྱ་
ནི་འདིའི་སྟེ། འདི་ནི་བསྒྲུབ་པར་བྱ་བའི་དོན་དུ། མེད་མད་ཛ་རུ་དྷི་ར། པྲི་ཡ་ཨེ་ཧྱ་ཧི་བྷ་ག་བཱན་ཞེས་བྱ་བ་ནི་ཀྱེ་བཅོམ་ལྡན་འདས་ཚིལ་དང་། རྐང་དང་། ཞག་དང་། ཁྲག་ལ་དགྱེས་པ་ཚུར་སྤྱོན་ཚུར་སྤྱོན་ཞེས་བོད་པའོ། །སརྦ་བིགྷྣཱན་ཞེས་པ་ནི་བགེགས་ཐམས་ཅད་དོ། །སརྦ་བི་དྱཱ་ནི་ཞེས་པ་ནི་
རིག་པ་ཐམས་ཅད་དོ། །སརྦ་མནྟྲ་ནི་ཞེས་པ་ནི་སྔགས་ཐམས་ཅད་དོ། །སརྦ་མཱུ་ལ་ཀརྨ་ནི་ཞེས་པ་ནི་རྩ་བའི་ལས་ཐམས་ཅད་དང་། ཀྲི་ཏྲི་མ་བི་ཥཱ་དེ་ནི་ཞེས་པ་ནི་བཅོས་པའི་དུག་ལ་སོགས་པའོ། །སརྦ་གྲ་ཧཱ་ན་ཞེས་པ་ནི་གདོན་ཐམས་ཅད་དོ། དེ་རྣམས་ཧ་ན་ཧ་ན་ཞེས་པ་ནི་ཆོམས་ཤིག་
པའོ། །བྷན་ཛ་བྷན་ཛ་ཞེས་པ་ནི་ཤིག་ཤིག་པའོ། །མརྡ་མརྡ་ཞེས་པ་ནི་ཉེས་ཤིག་པའོ། །ཨི་དཾ་ཞེས་པ་ནི་འདི་ཞེས་པའི་དོན་ཏེ། གང་འདོད་པའི་ལས་དེ་ལ་འདི་ཞེས་བརྗོད་དོ། །ཀཱརྱཾ་སཱ་དྷ་ཡ་ཞེས་པ་ནི་བྱ་བ་སྒྲུབས་ཤིག་པའོ། །ཧཱུཾ་ཞེས་པ་ནི་རྗེས་སུ་བྱེད་པའི་སྡིགས་མཛུབ་བྱ་བའོ། །
ནཱི་ལཱ་ཡ་ཞེས་པ་ནི་སྔོན་པོ་ལའོ། །ནཱི་ལ་བཛྲ་དཎྜཱ་ཡ་ཞེས་པ་ནི་རྡོ་རྗེ་དབྱིག་པ་སྔོན་པོ་ཅན་ལའོ། །ཏུ་རུ་ཏུ་རུ་ཞེས་པ་ནི་རིངས་པར་མཛོད་ཅིག་པའོ། །བིགྷྣཱན་བི་ནཱ་ཡ་ཀ་ནཱ་ཤཱ་ཡ་ནཱ་ཤཱ་ཡ་ཞེས་པ་ནི་བགེགས་དང་ལོག་འདྲེན་རློག་ཤིག་རློག་ཤིག་པའོ། །ཧུ་རུ་ཧུ་རུ་ཞེས་བྱ་བ་ནི་བྱ་བ་ལ་འབད་
པར་མཛོད་ཅིག་པའོ། །དཱིཔྟ་ཙཎྜཱ་ཡ་ཞེས་པ་ནི་འབར་བ་གཏུམ་པོ་སྟེ། ལྷག་པར་ཁྲོ་བའི་ཕྱིར་རོ། །སརྦ་ཤ་ཏྲཱུཾ་ཎཱཾ་ཧྲྀ་ད་ཡཱ་ནི་བི་ཊ་ཡ་ཞེས་པ་ནི་དགྲ་ཐམས་ཅད་ཀྱི་སྙིང་ངེས་པར་ཚིར་ཅིག་པའོ། །ཚིནྡ་ཚིནྡ་པ་ར་བིདྱཱ་ཎཱཾ་ཚེ་ད་ཀ་ཞེས་པ་ནི་གཞན་གྱི་རིག་པ་གཅོད་པ་པོས་གཞན་གྱི་རིག་

པ་ཆོད་ཅིག་པའོ། །ཧཱུཾ་ནི་དེ་གསལ་བར་བྱེད་པའི་ས་བོན་ནོ། །བིདྱཱ་ཎཱཾ་ཤིཥྚ་ཀ་ཞེས་པ་ནི་རིག་པ་རྣམས་ཀྱི་དམ་པར་གྱུར་པ་སྟེ་བྱེད་པ་པོའོ། །ས་མ་ཡ་མ་ནུ་སྨ་རཾ་ཞེས་པ་ནི་དམ་ཚིག་རྗེས་སུ་དྲོན་ཅིག་པ་སྟེ། ཀྱེ་རྡོ་རྗེ་