Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 30

Văn bản gốc(Tây Tạng)

Trang 3 / 15 (50.000 ký tự/trang)
་པ་སྟེ། སངས་རྒྱས་རབ་ཏུ་བྱུང་བས་ནམ་མཁའི་ཁམས་མ་ལུས་པར་བརྒྱན་པར་གྱུར་པར་སྤྲོའོ། །འདི་
སྐད་སྟོན་པ་ཡིན་ཏེ། བྱང་ཆུབ་ཀྱི་སེམས་ཀྱི་རྡུལ་ཕྲ་རབ་ལས་བསྒྲུབས་པའི་ནམ་མཁའི་ཁོངས་སུ་ཁྱབ་པའི་དེ་བཞིན་གཤེགས་པའི་ཚོགས་བསམ་པར་བྱའོ་ཞེས་པའོ། །བྱང་ཆུབ་ཀྱི་སེམས་འབའ་ཞིག་གིས་མཆོད་པར་མ་ཟད་དེ། གཞན་ཡང་ལུས་ཀྱི་རྒྱུ་མཐུན་པས་ཀྱང་
མཆོད་པར་བསྟན་པའི་ཕྱིར། བཤང་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་བདུད་རྩི་ལྔ་ལྷ་རྣམས་ལ་དབུལ་བར་བྱ་སྟེ། ལྷ་བཤོས་སུ་གྱུར་པས་དཀྱིལ་འཁོར་གྱི་འཁོར་ལོ་ལ་བལྟ་བར་བྱ་ཞིང་དེ་ཉིད་ཀྱིས་བདག་ཉིད་ཚིམ་པར་བྱའོ། །དེ་ལྟར་བྱས་པའི་ཡོན་ཏན་ནི། །དེ་ལྟར་བྱས་ན་
ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སངས་རྒྱས་ནི་གཟུགས་ཀྱི་ཕུང་པོ་ལ་སོགས་པའོ། །བྱང་ཆུབ་སེམས་དཔའ་ནི་མིག་ལ་སོགས་པའི་སྐྱེ་མཆེད་དེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་གྲགས་པ་ཆེ་ཞིང་སྤྱོད་པ་བཟང་བ་དེ་རྣམས་མཉེས་ཤིང་དགྱེས་པར་འགྱུར་

བས་འཇིག་རྟེན་གྱི་མིག་དགའ་བར་མཛད་པར་འགྱུར་རོ་ཞེས་པ་སྟེ་དྲང་བའི་དོན་ཏོ། །ལུང་གི་བཤད་པ་བརྗོད་པར་བྱ་སྟེ། དེ་ནས་ཐུགས་ཀྱི་དཀྱིལ་འཁོར་མཆོག །རྡོ་རྗེ་ཡེ་ཤེས་རབ་འདྲ་བ། །སྐུ་དང་གསུང་དང་ཐུགས་རྣམས་ཀྱི། །དཀྱིལ་འཁོར་རབ་ཏུ་བཤད་པར་བྱ། །འདི་
ནི་དགུ་ཡི་བདག་ཉིད་མཆོག །ལེགས་བསྒྲིལ་དེ་བཞིན་ཉིད་སྟོན་པའོ། །སྣ་ཚོགས་ལུང་གི་བརྡར་གྱུར་པ། །ཚད་མ་བཟང་པོར་དེ་བཤད་དོ། །ཀུན་རྫོབ་དང་ནི་དོན་དམ་དག །གཉིས་སུ་མེད་པ་མཛེས་པ་ཡིན། །ཤེས་རབ་འདི་ནི་ཐིག་ཡིན་ཏེ། །ཐབས་ནི་དེ་ཡི་
རྗེས་འཇུག་པའོ། །ཆོས་དང་ལོངས་སྤྱོད་རྫོགས་པ་མཆོག །ཤེས་རབ་ཐབས་ཀྱི་ཐིག་གཅིག་གིས། །ཐུགས་ཀྱི་དཀྱིལ་འཁོར་ཐིག་གདབ་བྱ། །རྟེན་འབྲེལ་ཡན་ལག་བཅུ་གཉིས་པ། །འཕགས་པའི་བདེན་བཞི་ངོས་བཞི་སྟེ། །ཚངས་པའི་གནས་བཞི་གྲ་བཞི་ཡིན། །
བསྡུ་བའི་དངོས་གྲགས་སྒོ་ཡིན་ཏེ། །རེ་རེ་འང་བཞི་ཡི་མིང་ཅན་ནོ། །ཆོས་ཀྱི་དེ་ཉིད་དོན་གྱི་བརྡ། །འཁོར་ལོའི་ནང་གི་དཀྱིལ་འཁོར་རོ། །མི་ཕྱེད་ཡེ་ཤེས་མཚན་ཉིད་དེ། །རྡོ་རྗེ་ཨིནྡྲ་ནཱི་ལའི་རྒྱ། །རྣམ་པ་ལྔ་རུ་ཕྱེ་སྟེ་བཤད། །རྩེ་མོ་འཁོར་བ་འཇིག་བྱེད་པའོ། །ཤར་
ནས་མེ་ལོང་གཟུགས་ཉིད་ནི། །འཁོར་ལོ་འབར་བའི་འོད་ཀྱིས་བརྒྱན། །ལྷོ་རུ་མཉམ་ཉིད་ཡེ་ཤེས་ནི། །རྩེ་མོ་དགུ་པའི་རིན་པོ་ཆེ། །ནུབ་ཏུ་སོ་སོར་རྟོག་པདྨ། །པདྨ་རཱ་གའི་འོད་འདྲ་བ། །བྱང་དུ་མཆོག་གི་སེམས་གང་ཡིན། །འགྲོ་བའི་རྣམ་རྟོག་འཇོམས་བྱེད་
པ། །བྱ་བ་སྒྲུབ་པ་རལ་གྲིར་གྱུར། །འོད་ཟེར་འབར་བ་འདྲ་བའི་མདོག །སྤྲིན་སྔོན་དང་ནི་མཉམ་པའི་འོད། །ཤར་ལྷོ་བྱམས་པའང་སྤྱན་ཡིན་ཏེ། །ལྷོ་ནུབ་སྙིང་རྗེ་ཞེས་བྱ་བ། །མཱ་མ་ཀཱི་ཡི་རིགས་རྡོ་རྗེ། །ནུབ་བྱང་སྡོང་བུ་དང་བཅས་པའི། །པདྨ་དགའ་བས་ཡང་དག་
གནས། །བྱང་ཤར་ཨུཏྤལ་འོད་ཟེར་ནི། །སྔོ་དང་བཅས་པ་བཏང་སྙོམས་ཡིན། །དེ་བཞིན་ཤར་སྒོར་སྦྱིན་པ་ནི། །ཐོ་བ་མདངས་ལྡན་འོད་དང་བཅས། །དེ་བཞིན་སྙན་སྨྲ་ཞེས་གྲགས་པ། །དབྱིག་པ་འོད་བཟང་རྡོ་རྗེ་འབར། །ནུབ་ཏུ་དོན་སྤྱོད་ཅེས་བྱ་བ། །རྟ་མགྲིན་

གྱི་ནི་པདྨའོ། །དོན་མཐུན་པ་ནི་རྡོ་རྗེ་སྟེ། །རྡོ་རྗེ་འཁྱིལ་པ་རྡོ་རྗེ་ཅན། །ཕྱག་རྒྱ་དགོད་པའི་མཚན་ཉིད་དེ། །ལེགས་པར་བཤད་པ་འདི་ཡིན་ནོ། །ཇི་བཞིན་ཡང་དག་གནས་མཆོད་པ། །རྣམ་གསུམ་བསྒོམས་པས་འགྱུར་བ་ཡིན། །དང་པོར་ཆེན་པོ་ཡོད་པ་ཡི། །
ཕྱག་རྒྱའི་དཀྱིལ་འཁོར་ཡིན་པར་བཤད། །ནང་ལ་སོགས་པའི་དབྱེ་བ་ཡི། །སྟོང་ཉིད་ཀྱིས་ལོ་བཅུ་དྲུག་པ། །མ་སྐྱེས་པ་ཡི་ཞི་བ་གང་། །དེ་ནི་བུད་མེད་ཅེས་བྱར་བཤད། །ཞི་བའི་ཆོས་དང་རྫས་ལྡན་པ། །མདངས་བཟང་འོད་ནི་ཡིན་པར་གསུངས། །རྟེན་འབྲེལ་བག་ཆགས་དྲི་
ཡིན་ཏེ། །ཡེ་ཤེས་ཁ་བྱེ་མེ་ཏོག་གོ། །དངོས་པོ་མེད་པར་རིགས་ཡིན་ཏེ། །ཀུན་མཁྱེན་ཡེ་ཤེས་དབུས་ཉིད་དོ། །ཆོས་དབྱིངས་ཉིད་ཀྱི་བུད་མེད་ནི། །ཤེས་རབ་འདི་འདྲས་མཉེས་པར་བྱས། །ནང་ན་མ་ཡིན་ཕྱི་ན་མིན། །གཉིས་ཀར་མ་ཡིན་གཞན་གནས་མིན། །གནས་མེད་
གནས་པའི་རྣལ་འབྱོར་གྱུར། །དེ་བས་མཱ་མ་ཀཱིར་བཤད་དོ། །དེ་ཡི་ངོ་བོ་ཉིད་གཅིག་པ། །བྱིན་གྱིས་བརླབ་ཅེས་དེ་བཤད་དོ། །ནམ་མཁའ་དང་ནི་གཅིག་ཏུ་གནས། །སངས་རྒྱས་ཞི་བའི་གནས་སུ་འགྱུར། །དེ་བས་ཡུལ་དུ་རྣམ་བརྟགས་པ། །སྡུད་པ་དག་ནི་བཤང་བ་ཡིན། །
ཡེ་ཤེས་དབང་པོ་སྟོང་པ་གཅིན། །རྣམ་དག་ཆོས་ཉིད་ཁུ་བ་ཡིན། །ཐམས་ཅད་མཁྱེན་པའི་ཡེ་ཤེས་ཁྲག །གང་ཞིག་ཆོས་སུ་ཡོངས་བརྟགས་པ། །དེ་ཉིད་ལྷ་རྣམས་ཞེས་བྱ་སྟེ། །དངོས་མེད་པ་ནི་དབུལ་བའོ། །དེ་བས་སངས་རྒྱས་རྒྱལ་སྲས་རྣམས། །ཁྱད་པར་དུ་ནི་མཉེས་
པར་འགྱུར། །གང་ཡང་འཇིག་རྟེན་པས་བརྟགས་པ། །དེ་རྣམས་ཇི་སྐད་བཤད་པ་ཉིད། །ཅེས་བྱ་བ་སྟེ། དེ་ལྟར་བྲི་བའི་དཀྱིལ་འཁོར་ལ་སོགས་པ་བསྟན་པས་ཡོངས་སུ་དག་པའི་ལྷའི་ངོ་བོ་ཉིད་རབ་ཏུ་བསྟན་པ་ཡིན་ཏེ་ངེས་པའི་དོན་ཏོ། །དེ་བཞིན་གཤེགས་པ་ཐམས་ཅད་
ཅེས་བྱ་བ་ཐུགས་རྡོ་རྗེ་བདག་པོར་གྱུར་པའི་དཀྱིལ་འཁོར་ནི་ཐུགས་ཀྱི་དཀྱིལ་འཁོར་ཏེ། དཀྱིལ་ནི་སྙིང་པོ་སྟེ་ཀུན་རྫོབ་ཀྱི་བདེན་པའོ། །འཁོར་ནི་དེ་ལེན་ཅིང་འཛིན་པས་ན་དཀྱིལ་འཁོར་ཏེ་དྲང་བའི་དོན་ཏོ། །དཀྱིལ་ནི་སྙིང་པོ་སྟེ་དོན་དམ་པའི་བདེན་པའོ། །འཁོར་ནི་དེ་ལེན་ཅིང་

འཛིན་པས་ན་དཀྱིལ་འཁོར་ཏེ། ཇི་སྐད་དུ་བཅོམ་ལྡན་འདས་ཀྱིས་བཤད་པའི་རྒྱུད་ལས། ཡན་ལག་ཀུན་བསྒོམ་ལས་འདས་ཤིང་། །རྟོག་དང་རྟོག་མེད་རྣམ་པར་སྤངས། །གུག་སྐྱེད་ཐིག་ལེ་ལས་འདས་པ། །འདི་ནི་དཀྱིལ་འཁོར་མཆོག་ཡིན་ནོ། །ཞེས་གསུངས་ཏེ། ངེས་པའི་
དོན་ཏོ། །སྒྲོན་མ་གསལ་བར་བྱེད་པ་ཞེས་བྱ་བའི་རྒྱ་ཆེར་བཤད་པ་ལས་ལེའུ་བཞི་པ་མཐའ་དྲུག་གིས་བཤད་པའོ།། །།རིམ་པ་གཉིས་རྟོགས་ཤིང་དབང་བསྐུར་བ་ཐོབ་པས་ཀྱང་སྤྱོད་པ་དང་བྲལ་བས་ནི་འགྲུབ་པར་མི་འགྱུར་རོ། །ཞེས་བསྟན་པའི་ཕྱིར། དེ་ནས་ཞེས་བྱ་བ་ལ་
སོགས་པ་གསུངས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་བདག་ཉིད་ཅན་གྱི་རྒྱལ་པོ་ནི་ཁམས་གསུམ་གྱི་བདག་པོའོ། །ས་འོག་དང་ས་སྟེང་དང་མཐོ་རིས་རྣམས་སུ་རྗེས་སུ་སྟོན་པར་མཛད་པས་ན་གནས་ཀྱི་དབང་ཕྱུག་གོ། །ཁྱབ་འཇུག་དང་ལྷ་
ཆེན་པོ་ལ་སོགས་པ་འཇིག་རྟེན་པའི་ལྷ་རྣམས་དང་། ཉན་ཐོས་ལ་སོགས་པ་འཇིག་རྟེན་ལས་འདས་པ་རྣམས་རྫུ་འཕྲུལ་ལ་སོགས་པས་ཟིལ་གྱིས་གནོན་པར་མཛད་པས་ཀུན་གྱི་མཆོག་གིས་སོ། །བདག་དང་གཞན་གྱི་དོན་གྱི་ཚོགས་ཀྱི་སྤྱོད་པ་ནི་སྤྱོད་པ་ཀུན་ཏེ། ཐམས་ཅད་ཀྱི་
ཕྱིར་སྤྱོད་པ་ཞེས་བྱ་བའི་དོན་ཏོ། །མཆོག་གི་ཆོས་ཀྱང་ཡིན་ལ་དོན་ཡང་ཡིན་པས་མཆོག་གི་ཆོས་ཀྱི་དོན་ཏེ་རྡོ་རྗེ་འཆང་ཆེན་པོ་སྤྱོད་པ་ཐམས་ཅད་ཀྱིས་ཐོབ་པར་བྱ་བ་གང་ཡིན་པ་དེ་ལ་ནི་མཆོག་གི་ཆོས་ཀྱི་དོན་ཞེས་བྱ་སྟེ། ཐམས་ཅད་མཁྱེན་པ་ཉིད་ནི་ཐར་པ་འདོད་པ་རྣམས་ཀྱིས་དོན་དུ་
གཉེར་བར་བྱ་བ་ཡིན་པས་སོ། །དེའི་དོན་དུ་སྤྲོས་པ་དང་བཅས་པ་དང་། སྤྲོས་པ་མེད་པ་དང་། ཤིན་ཏུ་སྤྲོས་པ་མེད་པ་སྟེ་སྤྱོད་པ་རྣམ་པ་གསུམ་པོ་འདི་ལ་སྤྱད་པས་ན་སྤྱོད་པའོ། །དེའི་མཚན་ཉིད་ནི་རང་གི་ངོ་བོ་ཉིད་དེ་བཀའ་སྩལ་པ་སྟེ་སྒྲ་ཇི་བཞིན་པའོ། །རྣམ་པར་མི་རྟོག་ཅེས་བྱ་
བ་ལ་སོགས་པ་ལ། རྣམ་པར་མི་རྟོག་པ་ནི་དོན་དམ་པའི་བདེན་པ་ཏེ་ཟབ་པའི་མཚན་ཉིད་དོ། །དོན་ནི་ཀུན་རྫོབ་ཀྱི་བདེན་པ་སྟེ་རྒྱ་ཆེ་བའི་མཚན་ཉིད་དེ། གཉིས་པོ་དེ་དག་གཉིས་སུ་མེད་པའི་རྣམ་པས་ཡང་དག་པར་བསྒོམ་པ་གང་ཡིན་པ་དེ་ནི། རྣམ་པར་མི་རྟོག་དོན་ལས་བྱུང་། །ཞེས་བྱ་སྟེ།

རྣལ་འབྱོར་པ་དེ་འདོད་ཆགས་ལ་སོགས་པས་འཁྲུགས་ཀྱང་། ཐེག་པའི་མཆོག་སྟེ་རྡོ་རྗེ་ཐེག་པ་ནི་ཐེག་པ་ཐམས་ཅད་ཀྱི་བླ་མར་གྱུར་པས་ན་བླ་ན་མེད་པ་སྟེ། གཞན་རྣམས་ལས་ཞེས་བྱ་བ་ནི་ཚིག་གི་ལྷག་མའོ། །དེ་ལ་དངོས་གྲུབ་རབ་མཆོག་ནི་ཕུལ་དུ་བྱུང་བས་དངོས་
གྲུབ་སྟེ། ཕྱག་རྒྱ་ཆེན་པོའི་དངོས་གྲུབ་སྒྲུབ་པར་བྱེད་ཅིང་སྐྱེད་པར་བྱེད་པ་སྟེ་དགོངས་པ་མ་ཡིན་པའོ། །རང་བཞིན་ཡོངས་སུ་ཤེས་པ་ཉིད་འཚང་རྒྱ་བའི་རྒྱུ་ཡིན་གྱི། སྐྱེ་གནས་ལ་སོགས་པ་ནི་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར། རིགས་ངན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རིགས་ངན་ཞེས་བྱ་
བ་ནི་སྐྱེ་གནས་ཀྱིས་སྨད་པ་ཉིད་དུ་བསྟན་པའོ། །སྨིག་མ་མཁན་ཞེས་བྱ་བ་ནི་ལས་ཀྱིས་སོ། །སོགས་པའི་སྒྲ་ནི་ལས་གཞན་དག་གིས་སོ། །གསོད་དོན་དོན་གཉེར་སེམས་པ་རྣམས་ནི་རླུབས་དང་འཁྲུལ་འཁོར་དང་། མཚོན་དང་། རྒྱ་ལ་སོགས་པ་སྟེ་དེ་རྣམས་ནི་དོན་ཏེ་དགོས་པར་སེམས་པས།
གསོད་དོན་དོན་དུ་གཉེར་བ་རྣམས། །ཞེས་བྱའོ། །ཐེག་ཆེན་བླ་ན་མེད་པ་ཡི། །ཐེག་མཆོག་འདི་ལ་འགྲུབ་པར་འགྱུར། །ཞེས་བྱ་བ་ནི་རྡོ་རྗེ་ཐེག་པ་ནི་ཐེག་པ་ཆེན་པོ་བླ་ན་མེད་པའོ། །མཆོག་ནི་རིན་པོ་ཆེའི་གང་ཟག་སྟེ། དེ་འདི་ཉིད་ཀྱིས་འགྲོ་བས་ན་ཐེག་པ་མཆོག་སྟེ་འདི་ལས་འགྲུབ་པར་
འགྱུར་བའོ། །སེམས་ཅན་མཚམས་མེད་ཅེས་བྱ་བ་ལ་སོགས་པ་ལ། ཕ་དང་མ་དང་དགྲ་བཅོམ་པ་གསོད་པ་དང་། སངས་རྒྱས་ཀྱི་སྐུ་འཇིག་པ་དང་། དམ་པའི་ཆོས་སྤོང་བ་ཞེས་བྱ་བའི་ལས་ལྔས་ནི། འཆི་བའི་དུས་བྱས་མ་ཐག་ཏུ་དམྱལ་བར་ལྟུང་བར་གྱུར་པས་ན་མཚམས་མེད་པ་
སྟེ། ཉེ་བར་མཚོན་པ་འདིས་ནི་མཚམས་མེད་པ་ཞེས་བྱ་བའི་སྒྲ་ནི་དེ་བྱེད་པ་ལ་འཇུག་གོ། །སོགས་པ་ཞེས་བྱ་བའི་སྒྲ་ནི། མཚམས་མེད་པ་དང་ཉེ་བ་རྣམས་གཟུང་ངོ་། །སྡིག་པ་ཆེན་པོ་བྱེད་པ་ཞེས་བྱ་བ་ནི། དགེ་སློང་གི་རྩ་བ་བཞིའི་ལྟུང་བ་བྱུང་བས། ཏཱ་ལ་མགོ་བཅད་པ་ལྟར་
སངས་རྒྱས་ཀྱི་བསྟན་པ་ལས་ཉམས་ནས་སེམས་ཅན་དམྱལ་བ་ལ་གཞོལ་བ་སྟེ། དེ་རྣམས་ཀྱང་འདིར་བླ་མའི་དྲིན་གྱིས་རྫོགས་པའི་རིམ་པ་ཐོབ་ནས། འགྲུབ་པར་འགྱུར་ཞིང་སངས་རྒྱས་ཉིད་ཐོབ་པར་འགྱུར་ན། རིགས་ངན་ལ་སོགས་པ་ལྟ་སྨོས་ཀྱང་ཅི་དགོས་ཞེས་དེའི་ཉེས་པ་ལས་འདའ་བའོ། །

དེ་ལྟར་སྣོད་དང་སྣོད་མ་ཡིན་པ་ལ་ལྟོས་པ་མེད་པར་དོན་མཛད་པས་ན་ཐེག་པའི་ཆེ་བའི་བདག་ཉིད་གསལ་བར་སྟོན་པ་ཡིན་ནོ། །དེ་ལྟར་སྐྱེ་བོ་སྡིག་ཅན་མ་ལུས་པ་རྣམ་པར་སྦྱོང་བ་ནི། རྡོ་རྗེ་ཐེག་པ་ཡིན་པས་འགའ་ཞིག་གལ་ཏེ་སློབ་དཔོན་ལ་འཁུ་བ་ཡང་འགྲུབ་པར་འགྱུར་རོ་ཞེས་རྟོག་པར་
འགྱུར་ཏེ། དེ་བས་ན་དེ་དགག་པའི་ཕྱིར། སྙིང་ནས་སློབ་དཔོན་སྨོད་པ་དག །ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། དང་པོར་སློབ་དཔོན་ལ་བསྙེན་བཀུར་བྱས་ཏེ། ཐོས་པ་དང་བསམ་པའི་རིམ་གྱིས་དེ་ཁོ་ན་ཉིད་རྟོགས་ནས། དེ་ནི་འདིས་ཅི་ཞིག་བྱ་ཞེས་གང་བླ་མ་ལ་བརྙེས་པར་བྱེད་
པ་དེ་ནི་སློབ་དཔོན་ལ་སྨོད་པ་སྟེ། དེ་དང་ལྷན་ཅིག་ཟང་ཟིང་གི་ལོངས་སྤྱོད་ཀྱིས་ཀུན་དུ་དགའ་བར་བྱེད་པ་གང་ཡིན་པ་ཡང་སློབ་དཔོན་ལ་སྨོད་པ་སྟེ་དེ་ཡང་འགྲུབ་པར་མི་འགྱུར་ན། སློབ་དཔོན་ལ་སྙིང་ནས་སྨོད་པ་ཉིད་ལྟ་སྨོས་ཀྱང་ཅི་དགོས་ཏེ། ནམ་ཡང་གྲུབ་པར་མི་འགྱུར་རོ་
ཞེས་ངེས་པར་མཛད་པའོ། །གྲུབ་པར་མི་འགྱུར་བ་སྡིག་པ་ཐམས་ཅད་བྱེད་པ་ཡང་གྲུབ་པར་འགྱུར་བ་གསང་བ་འདུས་པ་ཉིད་སྒྲུབ་པ་དེ་ལ་ཡང་འགྲུབ་པར་མི་འགྱུར་ན་གཞན་དག་ཏུ་འགྲུབ་པ་ལྟ་སྨོས་ཀྱང་ཅི་དགོས་ཏེ། ཇི་སྐད་དུ་སྒྱུ་འཕྲུལ་དྲ་བའི་རྒྱུད་ལས་ཀྱང་། སློབ་དཔོན་སྨོད་
པར་བྱེད་པ་དག །རྨི་ལམ་དུ་ཡང་མཐོང་མི་བྱ། །སློབ་དཔོན་སྨོད་པ་གང་ཡིན་དེ། །བགེགས་དང་ལོག་འདྲེན་རྣམས་ཀྱིས་བཟུང་། །ངན་པ་གཏུམ་པོའི་ལས་བྱེད་པ། །མཁས་པས་རྟག་ཏུ་སྤང་བར་བྱ། །ཞེས་གསུངས་ཏེ་སྒྲ་ཇི་བཞིན་པའོ། །རྒྱུད་ཀྱི་རྒྱལ་པོ་ཁྱད་པར་དུ་
གྱུར་པར་བསྟན་ནས། སློབ་དཔོན་མེད་པར་འཇུག་པར་མ་གྱུར་ཅིག་སྙམ་དུ་དགོངས་པས། འཇིག་རྟེན་དང་འགལ་བའི་ཚིག་གིས་སྤྱོད་པའི་ཁྱད་པར་བསྟན་པའི་ཕྱིར། སྲོག་གཅོད་པ་ཡི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིའི་དོན་ནི་བཤད་པའི་རྒྱུད་ལས་གསུངས་
ཏེ། གང་གིས་ཕུང་སོགས་དངོས་མེད་པར། །ཞི་གནས་ལས་བྱུང་སེམས་ཀྱིས་བྱས། །དེ་ནི་སྲོག་གཅོད་བྱེད་པ་དེ། །ཐེག་པ་མཆོག་ལ་གནས་པ་ཡིན། །ནང་དང་དེ་བཞིན་ཕྱི་རོལ་དག །རྟེན་འབྱུང་གཉིས་སུ་སྟོན་པ་ནི། །དེ་ནི་བརྫུན་སྨྲ་དགའ་བ་སྟེ། །གནས་མེད་

ལ་གནས་རྣལ་འབྱོར་པས། །རྫོགས་སངས་རྒྱས་ཀྱི་ཡེ་ཤེས་གང་། །དེ་ནི་རྫས་སུ་ཤེས་བྱ་སྟེ། །དེ་འཕྲོག་ངང་ཚུལ་གང་ཡིན་པ། །གཞན་གྱི་ནོར་ལ་ཆགས་པར་འདོད། །གང་ཞིག་དེ་ཉིད་དངོས་གཅིག་པ། །དེ་བཞིན་ཉིད་ལ་རྟག་སྦྱོར་བ། །སེམས་ཅན་དེ་
དེ་འདོད་ལ་དགའ། །སྒྲུབ་པ་མཆོག་ལ་དམ་པར་འགྱུར། །སྟོང་ཉིད་ཀྱིས་སྐྲག་གཏི་མུག་གི། །ཡུལ་ནི་བཤང་བ་ཞེས་གྲགས་ཏེ། །དབང་པོ་གཅི་བ་ཞེས་བྱ་ལ། །དེ་དག་ཞི་བ་ཟ་བ་ཡིན། །ཐེག་པ་ཆེན་པོའི་ཆོས་མཆོག་འདིར། །དེ་དག་སྒྲུབ་པའི་སྣོད་དུ་འགྱུར། །ཞེས་བྱ་སྟེ། འདི་
ནི་དགོངས་པས་བཤད་པའོ། །མ་དང་སྲིང་མོ་ཞེས་བྱ་བ་ལ་སོགས་པ་ལ། མ་ཞེས་བྱ་བ་ནི་མ་དང་འདྲ་བར་རྗེས་སུ་མཐུན་པའོ། །སྲིང་མོ་དང་བུ་མོ་ཡང་དེ་བཞིན་ཏེ། འདི་རྣམས་ལས་གང་ཡང་རུང་བའི་རང་གི་རིགས་ཀྱི་བུད་མེད་བླངས་ལ། སྒྲུབ་པའི་ཐབས་ལ་བཤད་པའི་རིམ་པས་
རིགས་ལྔ་དགོད་པ་བྱས་ལ་སྒྲུབ་པ་པོ་གང་གིས་མཉེས་པར་བྱས་ན་དེ་དངོས་གྲུབ་རྒྱ་ཆེན་པོ་ཐོབ་པར་འགྱུར་ཏེ། ཐེག་པ་ཆེན་པོ་ཞེས་བྱ་བ་མཆོག་གི་ཆོས་གང་ཡིན་པ་དེ་ནི་ཐེག་ཆེན་མཆོག་གི་ཆོས་ཉིད་དེ། དེའི་ནང་དུ་དངོས་གྲུབ་རྒྱ་ཆེ་ཞིང་མཆོག་ཏུ་གྱུར་པ་དེས་ཐོབ་པར་འགྱུར་གྱི། རྗེས་སུ་མི་
མཐུན་པའི་ཕྱག་རྒྱ་དང་མཉམ་པར་སྦྱོར་བས་ནི་ངེས་པར་སེམས་གཡེང་བ་སྐྱེ་བར་འགྱུར་རོ། །རྗེས་སུ་མཐུན་པ་དེ་ཡང་སྐྱེ་བ་གཞན་དག་ཏུ་འང་ཡིད་གཅུགས་པར་གྱུར་པ། སྔགས་དང་རྒྱུད་ལ་སོགས་པ་ལ་ལེགས་པར་བསླབས་པའོ། །གལ་ཏེ་སྒྲུབ་པ་པོ་དང་རྗེས་སུ་མཐུན་པའི་
ཕྱག་རྒྱ་མ་རྙེད་ན་དེའི་ཚེ་ཇི་ལྟར་བྱ་ཞེ་ན། སངས་རྒྱས་གཙོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སངས་རྒྱས་ཀྱི་ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རང་གི་སྙིང་ལ་གནས་པ་ཕྱུང་ལ་དེ་དང་ལྷན་ཅིག་སྙོམས་པར་འཇུག་པར་བྱ་སྟེ། སྙིང་ལ་གནས་པའི་ལྷ་མོ་ཆེ། །རྣལ་འབྱོར་
པ་ཡི་རྣལ་འབྱོར་བསྐྱེད། །སངས་རྒྱས་ཀུན་གྱི་ཡུམ་གྱུར་པ། །རྡོ་རྗེ་དབྱིངས་ཀྱི་དབང་མོར་བཤད། །ཅེས་གསུངས་པས་སོ། །མཉེས་པར་བྱས་ཀྱང་ཞེས་བྱ་བ་ནི། མ་དང་སྲིང་མོ་དང་བུ་མོ་དང་འདྲ་བར་ཕན་པར་འདོད་པ་དང་། དམ་ཚིག་ཤེས་པའི་ཡེ་ཤེས་ཀྱི་ཕྱག་རྒྱ་རྣམས་ཀྱིས་

ནི་མཆོག་ཏུ་དགའ་བའི་བདེ་བ་ཉམས་སུ་མྱོང་བར་བྱས་པས་ནི་མི་ཆགས་ཞེས་བྱ་བ་སྟེ། འདོད་ལ་སོགས་པའི་ཉོན་མོངས་པས་གོས་པར་མི་འགྱུར་བའོ། །འདོད་ཆགས་ལ་སོགས་པའི་ཉེས་པ་རྣམས་ཀྱིས་མ་གོས་པ་འབའ་ཞིག་ཏུ་མ་ཟད་ཀྱི། གཞན་ཡང་ཕུན་སུམ་ཚོགས་པ་ཐམས་
ཅད་ཐོབ་པོ་ཞེས་བསྟན་པའི་ཕྱིར། དེ་ནི་སངས་རྒྱས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྒྲུབ་པ་པོ་དེ་ནི་བློ་སྟེ། ལེགས་པར་བསླབས་པའི་ཕྱག་རྒྱ་གང་ལ་ཡོད་པ་དེ་ནི་བློ་ཅན་ཏེ་རྣམ་པར་མི་རྟོག་པའི་ངོ་བོ་ཉིད་ཤེས་པས་ནི། སངས་རྒྱས་ཉིད་དེ་རྡོ་རྗེ་འཆང་ཆེན་པོ་ཉིད་དུ་འགྲུབ་
པར་འགྱུར་ཞིང་བདག་ཉིད་རྫོགས་པར་འགྱུར་བ་སྟེ་དྲང་བའི་དོན་ཏོ། །ཡང་ལུང་གིས་བརྗོད་པར་བྱ་སྟེ། ཆོས་སྐུར་མཚན་ཉིད་གཅིག་པ་ཡི། །ཤེས་རབ་ཕ་རོལ་ཕྱིན་ཡུམ་མ། །གཉིས་མེད་དེ་བཞིན་ཉིད་སྦྱོར་བས། །དངོས་མེད་ཅེས་བྱ་འདོད་སྤྱོད་པའོ། །ལོངས་སྤྱོད་རྫོགས་དང་
མཉམ་གང་ཡིན། །དེ་ཉིད་སྲིང་མོ་ཡིན་པར་བརྗོད། །རང་ལྷའི་རྣལ་འབྱོར་ལྡན་པ་ཡི། །གསང་སྔགས་ལུས་ཀྱིས་མཉེས་པར་བྱ། །སྤྲུལ་སྐུའི་གཟུགས་ཅན་བུ་མོ་དེ། །སྒྲུབ་པ་པོས་ནི་བསྒོམ་པར་བྱ། །མ་དང་སྲིང་མོ་བུ་མོ་ནི། །འདི་འདྲ་རྣལ་འབྱོར་པས་མཉེས་བྱས། །ཐེག་ཆེན་
མཆོག་གི་ཆོས་ཉིད་ལ། །དངོས་གྲུབ་རྒྱ་ཆེན་དེས་འཐོབ་པོ། །ཞེས་བྱ་བ་སྟེ་ངེས་པའི་དོན་ཏོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། རིགས་ངན་ལ་སོགས་པ་སངས་རྒྱས་ཉིད་དུ་འགྲུབ་པར་ཐོས་པས་ངོ་མཚར་དུ་གྱུར་ལ། མཚམས་མེད་པ་ལ་སོགས་པ་སྡིག་པ་བྱེད་པ་རྣམས་བདེ་བ་
ཆེན་པོའི་གོ་འཕང་ཐོབ་པར་ཐོས་པས་ནི་རྨད་དུ་གྱུར་ཏོ། །དེ་ལྟར་ངོ་མཚར་དང་། རྨད་དང་ལྡན་པ་ནི་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་ལ་སོགས་པ་སྟེ། པདྨ་དཀར་པོ་ལྟ་བུའི་གང་ཟག་ལ་སོགས་པ་དབང་པོ་རྟུལ་པོ་རྣམས་ཀྱིས་སྲོག་གཅོད་པའི་ཞེས་བྱ་བ་ལ་སོགས་པའི་ཚིག་རྣམས་
དགོངས་པས་བཤད་པ་ལ་སྒྲ་ཇི་བཞིན་པའི་དོན་ལ་མངོན་པར་ཞེན་པར་གྱུར་པས། བཅོམ་ལྡན་འདས་ཅིའི་སླད་དུ་ཞེས་བྱ་བ་ལ་སོགས་པས་རྒོལ་བར་བྱེད་དེ། ཅིའི་སླད་དུ་གསུངས་ཞེས་གསོལ་ཏོ། །ཞེས་བྱ་བར་སྦྱར་རོ། །བཅོམ་ལྡན་འདས་ནི་ཚོགས་གཉིས་དང་ལྡན་པའོ། །དེ་བཞིན་

གཤེགས་པ་ཐམས་ཅད་ནི་འཕགས་པར་གྱུར་པ་རྣམས་ཏེ། ཚིག་འདི་གཉིས་ཀྱིས་ནི་ཚིག་ངན་པ་གསུངས་པའི་གནས་མ་ཡིན་པར་བསྟན་ཏོ། །དེ་བཞིན་གཤེགས་པ་ཐམས་ཅད་ནི་རྫོགས་པ་དང་མ་རྫོགས་པ་སྟེ། དེ་རྣམས་ཀྱི་འཁོར་གྱི་ཚོགས་ཀྱི་དབུས་དེར་ཡང་ཚིག་
ངན་པ་གསུངས་པ་འདི་མི་རིགས་ཏེ། ངན་པར་གསུངས་པའི་ཚིག་ནི་ཚིག་ངན་པ་སྟེ། སྲོག་གཅོད་པའི་ཞེས་བྱ་བ་ལ་སོགས་པ་འཕགས་པ་མ་ཡིན་པ་རབ་ཏུ་འཇུག་པའི་ལས་ཀྱི་མཚན་ཉིད་དོ། །དེ་གསུངས་པས་ན་གསུངས་པ་སྟེ། ཚིག་ངན་པ་ཡང་དེ་ཡིན་ལ་གསུངས་པ་ཡང་དེ་ཉིད་ཡིན་
པས་ན་ཚིག་ངན་པར་གསུངས་པ་སྟེ་དེ་ཅིའི་ཕྱིར་མཛད་ཅེས་བྱ་བའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཚིག་གིས་རྗེས་ཐོགས་སུ་དེ་བཞིན་གཤེགས་པ་ཐམས་ཅད་དེ། མི་བསྐྱོད་པ་ལ་སོགས་པས་དེ་ལ་འདི་སྐད་ཅེས་བཀའ་སྩལ་པའོ། །མཐོང་ཞེས་
བྱ་བ་ལ་སོགས་པ་ལ་མཐོང་ཞེས་བྱ་བ་ནི་ཟློག་པ་སྟེ། ཁྱེད་རྣམས་ཀྱི་བསམ་པ་ཤེས་ཀྱི་མང་པོས་ཅི་ཞིག་བྱ་ཞེས་དགོངས་པ་སྟེ། བཅོམ་ལྡན་འདས་ཀྱིས་དགོངས་པས་བཤད་པའི་གསུང་སྒྲ་ཇི་བཞིན་པར་བཟུང་བས་ཚིག་ངན་པ་ཞེས་སེམས་པ་འདི་ལྟ་བུ་མ་སྨྲ་ཤིག །དེ་ཅིའི་ཕྱིར་ཞེ་ན།
སྲོག་གཅོད་པའི་ཞེས་བྱ་བ་ལ་སོགས་པ་རྡོ་རྗེའི་ཚིག་ཏུ་གསུངས་པས། ཆོས་རྣམས་ཀྱིས་དེ་ཉིད་གང་གསུངས་པའི་ཆོས་རྣམས་ཀྱི་དེ་ཉིད་འདི་ནི། སངས་རྒྱས་རྣམས་ཀྱི་བློ་མཆོག་ཏུ་གྱུར་པ་རིན་པོ་ཆེ་ལྟ་བུའི་གང་ཟག་སྙིང་པོ་ཤེས་པ་ལ་གསུངས་ཏེ། སྙིང་པོ་ནི་མི་གནས་པའི་མྱ་ངན་ལས་འདས་
པའོ། །ཡེ་ཤེས་ཅན་ནི་དེ་ཤེས་ཤིང་དེ་ཁོང་དུ་ཆུད་པར་ནུས་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །སྙིང་པོའི་ཆོས་ནི་དོན་དམ་པའི་བདེན་པའོ། །དོན་ནི་ཀུན་རྫོབ་ཀྱི་བདེན་པ་སྟེ་དེ་མི་ཕྱེད་པའི་རྣམ་པས་ཐོབ་པ་ནི་བྱུང་བ་སྟེ། སྙིང་པོའི་ཆོས་ཀྱི་དོན་ལས་བྱུང་བ་ནི་ཐོབ་པའོ། །དེ་ལྟར་ཁྱད་
པར་ཅན་གྱི་ངོ་བོ་ཉིད་ཀྱི་ཆོས་ཉིད་ནི་རིན་པོ་ཆེའི་གང་ཟག་ཉིད་ལ་སྦྱིན་པར་བྱ་བ་ཡིན་གྱི་གཞན་དག་ལ་ནི་མ་ཡིན་ཏེ། དེ་བས་ན་དགོངས་པའི་གསུང་གིས་སྟོན་པར་མཛད་པ་ནི། དེ་བཞིན་གཤེགས་པ་རྣམས་ཀྱིས་དགོངས་པ་ཅན་ཡིན་ནོ། །བྱང་ཆུབ་སྤྱོད་པའི་གནས་འདི་ཡིན། །ཞེས་

བྱ་བ་ནི་བྱང་ཆུབ་པའི་སྤྱོད་པ་ནི་བྱང་ཆུབ་སྤྱོད་པའོ། །གནས་ནི་རྡོ་རྗེ་འཆང་ཉིད་དོ། །འདི་ནི་འདི་ཉིད་དེ་འདིས་ངེས་པར་རྡོ་རྗེ་འཆང་ཆེན་པོ་ཉིད་ཐོབ་པར་འགྱུར་བས་ན་སྤྱོད་པའི་གནས་ཞེས་གསུངས་ཏེ་སྒྲ་ཇི་བཞིན་པའོ། །དེ་ནས་ཡང་བརྗོད་ཀྱིས་མི་ལང་བ་ཞེས་བྱ་བའི་དོན་བཤད་ཟིན་ནོ། །འཇིགས་
པ་ནི་སྔར་སྲོག་གཅོད་པ་ལ་སོགས་པ་བྱའོ། །ཞེས་པའི་བྱ་བ་དེའི་རྣམ་པར་སྨིན་པ་ཚ་བའི་ཕྱིར་འཇིགས་པ་སྐྱེས་པར་གྱུར་ལ། བྱ་བ་མ་ཡིན་པས་བཅོམ་ལྡན་འདས་ཀྱི་བཀའ་ལས་འདས་པའི་དམྱལ་བའི་འཇིགས་པས་སྐྲག་པར་གྱུར་ཅིང་། བྱ་བ་ལ་རྨོངས་པས་ཀུན་དུ་འཁོར་བར་གྱུར་ཏོ། །ཕྱི་
ནས་སྲོག་གཅོད་པའི་ཞེས་བྱ་བ་ལ་སོགས་པ་རྡོ་རྗེའི་ཚིག་རྣམས་ཀྱི་ངེས་པའི་དོན་དེ་བཞིན་གཤེགས་པ་ལས་ཐོས་པས་དགའ་བའོ། །གཞན་གྱི་དབང་དུ་གྱུར་པས་བརྒྱལ་བར་གྱུར་ཏེ་སྔོན་ཆད་མ་རྟོགས་པའི་ཆོས་ཉིད་རྟོགས་པས་དེ་ཡིད་རྩེ་གཅིག་ཏུ་གྱུར་པས་དབང་པོ་མ་ལུས་པ་ལྡོག་ཅིང་
འགག་པར་གྱུར་ཏོ་ཞེས་བྱ་བར་དགོངས་སོ་དྲང་བའི་དོན་ཏོ། །ཡང་ལུང་གིས་བཤད་པ་བརྗོད་པར་བྱ་སྟེ། མི་གཡོ་བ་འདི་གསང་བ་སྟེ། །ཞི་བ་གཅིག་པུ་བདེ་བའི་མཆོག །རྫོགས་པའི་བྱང་ཆུབ་འཐོབ་བྱེད་པ། །འདི་ནི་དགོངས་པས་གསུངས་པ་ཡིན། །ནམ་མཁའ་མཐའ་ཡས་སྦྱོར་
བ་ཡིན། །གཟུགས་ལ་སོགས་པ་མཐའ་ཡས་སོ། །དེ་ཉིད་དེ་བཞིན་གཤེགས་པ་དང་། །དེ་བཞིན་བྱང་ཆུབ་སེམས་དཔར་བཤད། །དེ་ཉིད་བསྡུས་པ་འདི་ལྟ་བུ། །དཀྱིལ་འཁོར་རང་ལུས་གང་ཡིན་པ། །འདི་ན་འཇིག་ཚོགས་ལུས་རྟོགས་ལ། །བྱང་ཆུབ་སེམས་དཔའ་བརྒྱལ་
བར་གྱུར། །དེ་ལྟའི་བདེ་འདི་མ་ཤེས་པས། །བརྒྱལ་ལ་བསྐུལ་བར་མཛད་པ་དང་། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན། །བརྒྱལ་བ་ཞེས་ནི་བཤད་པ་ཡིན། །ཞེས་བྱ་བ་ནི་ངེས་པའི་དོན་ཏོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་བྱང་ཆུབ་སེམས་དཔའ་ཆེན་པོ་དེ་དག་བསླང་
བར་གསོལ་ཞེས་པའི་བར་དུ་ནི་གོ་སླ་སྟེ་སྒྲ་ཇི་བཞིན་པའོ། །ནམ་མཁའ་དང་མཉམ་ཞིང་དེ་དང་འདྲ་བར་གཉིས་སུ་མེད་པས་ན་ནམ་མཁའ་དང་མཉམ་པ་གཉིས་སུ་མེད་པའོ། །དེ་ཉིད་རྡོ་རྗེ་སྟེ་དེ་སྐད་ཅེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པའོ། །སྙོམས་པར་ཞུགས་

མ་ཐག་ཏུ་ཞེས་བྱ་བ་ནི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པ་ཙམ་གྱིས་སོ། །བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པའི་དོན་ནི་བཤད་ཟིན་ཏོ། །དེ་ལྟ་བུའི་རྡོ་རྗེ་འཆང་ཆེན་པོའི་འོད་ཏེ་འོད་ཟེར་དུ་ཡང་དག་པར་བསྡུས་པར་གྱུར་པས་རེག་པ་ཙམ་གྱིས་ཞེས་པ་རེག་པར་
གྱུར་པ་ཙམ་གྱིས་སོ། །རང་རང་གི་སྟན་ལ་གནས་པར་གྱུར་ཏོ་ཞེས་བྱ་བ་ནི་དྲན་པ་སླར་སོ་སོར་རྙེད་པར་གྱུར་ཏོ་ཞེས་པ་སྟེ་དྲང་བའི་དོན་ཏོ། །ནམ་མཁའ་ནི་སྟོང་པ་ཉིད་གསུམ་མོ། །མཉམ་པ་ནི་འོད་གསལ་བ་སྟེ་དེ་དག་གཉིས་སུ་མེད་པ་ནི་ཟུང་དུ་འཇུག་པའོ། །མི་ཕྱེད་པས་ནི་རྡོ་རྗེ་སྟེ་དེ་
སྐད་ཅེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ་ཞེས་བྱ་བ་སྟེ། མི་གཡོ་བའི་ཏིང་ངེ་འཛིན་ལ་གནས་པའི་བྱང་ཆུབ་སེམས་དཔའི་གཟུགས་སུ་གནས་པའི་བདག་ཉིད་ཐོབ་པར་གྱུར་པའོ། །སྙོམས་པར་ཞུགས་མ་ཐག་ཏུ་ཞེས་བྱ་བ་ནི་དེ་ལྟར་བྱིན་གྱིས་བརླབས་པ་ཙམ་གྱིས་རྡོ་རྗེ་
འཆང་ཆེན་པོ་དང་འབྲེལ་བའི་འོད་དེ་སྣང་བའི་འོད་ཚོགས་ཀྱིས་རེག་པ་ཙམ་གྱིས་ཤེས་པ་ནི། འོད་ཀྱི་ཁྱད་པར་ཏེ་རེག་པ་ཞེས་བྱ་བ་ནི་རླུང་དང་འདུས་པའོ། །དེས་རེག་པ་ཙམ་གྱིས་འོད་དེ་ཁམས་ཕྲ་བ་ལ་རྗེས་སུ་ཞུགས་པའི་ཡེ་ཤེས་ཀྱི་འོད་ཟེར་འཕྲོས་པས་འོད་གསལ་བ་ལས་ལྡང་བར་
གྱུར་ཏོ་ཞེས་བྱ་བའི་དོན་ཏོ། །རང་རང་གི་སྟན་ལ་ཞེས་བྱ་བ་ནི་རང་གི་འཇིག་རྟེན་གྱི་ཁམས་ཇི་ལྟ་བར་རོ། །གནས་པ་ཞེས་བྱ་བ་ནི་སེམས་ཅན་གྱི་དོན་རྫོགས་པར་བྱེད་ནུས་གྱུར་པ་སྟེ་ངེས་པའི་དོན་ཏོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། བཅོམ་ལྡན་འདས་ཟབ་པའི་ཆོས་སྟོན་པ་ལ་
མཁས་པས་ན་ངོ་མཚར་དུ་གྱུར་པའོ། །སྔོན་མ་བྱུང་བར་གྱུར་པས་ན་རྨད་དུ་གྱུར་པའོ། །ཤིན་ཏུ་དགྱེས་པས་ཁྱབ་པར་གྱུར་པ་ནི་དགྱེས་པ་ཁྱབ་པར་གྱུར་ཅིང་རངས་ཏེ་བཀའ་སྩལ་པ་རྟོགས་ཤིང་ཏིང་ངེ་འཛིན་གྱི་ཁྱད་པར་གྱིས་བསྐྱེད་པའི་སེམས་ཅན་གྱི་ཚོགས་གཟིགས་པས་དགྱེས་པས་
ཁྱབ་པར་གྱུར་པའོ། །ཆོས་ཀྱི་དབྱིངས་འདི་སྐད་ཅེས་གསུངས་སོ། །ཞེས་བྱ་བ་ནི་རྣམ་པ་དེ་ལྟ་བུའི་ཆོས་རྣམས་ཀྱི་ཆོས་ཀྱི་དབྱིངས་ཏེ། ཆོས་དང་ཡང་དག་པར་ལྡན་པའི་དབྱངས་གསུང་པར་མཛད་པའོ། །དེ་བཞིན་གཤེགས་པ་རྣམས་ཆོས་བསྟན་པར་དགྱེས་པས་ཆོས་བསྟན་པའི་

སྒོ་ནས་དེ་སྟོན་པར་མཛད་པ་ཉིད་ལ། ཨེ་མའོ་ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པས་བསྟོད་པར་མཛད་པ་སྟེ། ཨེ་མའོ་ཞེས་བྱ་བ་ནི་ངོ་མཚར་དུ་གྱུར་པའོ། །ཆོས་ཞེས་བྱ་བ་ནི་བསྟན་པའི་མཚན་ཉིད་ཅན་གྱི་ཆོས་སོ། །ཆོས་ཀྱི་སྒྲ་གཉིས་པས་ནི་དེས་བསྟན་པའི་དོན་མཚོན་པ་
ཡིན་ནོ། །ཆོས་ཀྱི་དོན་འབྱུང་བ་ཞེས་བྱ་བ་ལ་ཆོས་ནི་བརྗོད་པའི་མཚན་ཉིད་དོ། །དོན་ནི་བརྗོད་པར་བྱ་བའི་མཚན་ཉིད་དེ་དེ་འབྱུང་བས་ན་ཆོས་ཀྱི་དོན་འབྱུང་བའོ། །དེ་གང་ཡིན་ཞེ་ན། ཆོས་དོན་དག་པ་བདག་མེད་པ། །ཞེས་བྱ་བ་སྟེ། ཆོས་ནི་ཐོས་པའི་རང་བཞིན་ནོ། །དོན་དག་པ་ནི་
བསམ་པའི་རང་བཞིན་ནོ། །དེ་དག་མངོན་སུམ་དུ་བྱས་པ་ནི་བདག་མེད་པ་སྟེ། དེ་གང་ཡིན་ཞེ་ན་སྒོམ་པའོ། །རྡོ་རྗེ་རྒྱལ་པོ་ཞེས་བྱ་བ་ལ། རྡོ་རྗེ་ནི་དེ་བཞིན་གཤེགས་པ་རྣམས་སོ། །དེ་རྣམས་ཀྱི་རྒྱལ་པོ་ནི་བདག་པོ་སྟེ་རྡོ་རྗེ་འཆང་ཆེན་པོའོ། །དེ་ལྟ་བུ་ཁྱེད་ལ་ཕྱག་འཚལ་འདུད།
ཅེས་ཕྱག་འཚལ་བའི་ཚིག་གཉིས་སྨོས་པ་ནི་བཅོམ་ལྡན་འདས་བདེན་པ་གཉིས་ཀྱི་བདག་ཉིད་ཅན་ཡིན་པས་ན་ཚིག་གཉིས་སྨོས་སོ། །སྐུ་དང་གསུང་ཐུགས་རབ་ཏུ་དག །ཅེས་བྱ་བ་ནི། སྐུ་ལ་སོགས་པ་ཕན་ཚུན་ཐ་དད་པ་མ་ཡིན་པས་སོ། །ནམ་མཁའ་དང་ནི་མཉམ་པ་ཉིད་ནི་འོད་གསལ་
བ་སྟེ་དེའི་གནས་ཡོད་པ་གང་ཡིན་པ་དེ་ལ་འདི་སྐད་ཅེས་བྱའོ། །སྐྱེ་བ་དང་འགག་པ་དང་བྲལ་བས་རྣམ་པར་མི་འགྱུར་བའོ། །སྣང་བ་རྣམ་པར་དག་པས་སྣང་བ་མེད་པའོ། །རྡོ་རྗེ་སྐུ་ལ་ཞེས་བྱ་བ་ནི་འཇའ་ཚོན་ལྟར་འོད་ཟེར་ལྔ་ལས་བསྒྲུབས་ཤིང་། རྣམ་པ་ཐམས་ཅད་ཀྱི་མཆོག་
དང་ལྡན་པ་མི་འཇིག་པའི་སྐུ་ནི་རྡོ་རྗེའི་སྐུ་སྟེ། དེ་ལྟ་བུ་ཁྱོད་ལ་ཕྱག་འཚལ་འདུད་ཅེས་ཕྱག་འཚལ་བའི་ཚིག་གཉིས་སྨོས་པ་ནི་སྔ་མ་བཞིན་དུ་གཉིས་སྨོས་སོ། །སངས་རྒྱས་ཐམས་ཅད་ཀྱི་ཡོན་ཏན་ཐུགས་ཉིད་ཡིན་པས་ན་ཐུགས་ནིའོ། །དེ་བཞིན་གཤེགས་པ་རྣམས་ཀྱི་ཐོག་མར་
གྱུར་པས་ན་དེ་བཞིན་གཤེགས་པའི་གཙོ་སྟེ་དམ་པར་གྱུར་པའོ། །དུས་གསུམ་གྱི་ལམ་ལ་རབ་ཏུ་གནས་པའི་ངང་ཚུལ་ཅན་གང་ཡིན་པ་དེ་ནི། དུས་གསུམ་དག་གི་ལམ་དུ་བྱུང་། །ཞེས་བྱ་སྟེ། འདས་པ་ལ་སོགས་པའི་དུས་སུ་བྱུང་བའི་དངོས་པོ་རྣམས་ཉིད་ཡིན་ཞིང་དངོས་པོ་ཐམས་

ཅད་ཀྱི་ངོ་བོ་ཉིད་དུ་གྱུར་པས་སོ། །ནམ་མཁའ་ཆེན་པོ་ཞེས་བྱ་བ་འོད་གསལ་བའང་ཁྱེད་ཉིད་དོ། །ཁྱེད་ཉིད་ནི་དབྱིངས་སུ་གྱུར་པ་ཡང་ཡིན་ཏེ་ཁམས་གསུམ་པའོ། །ཁྱེད་ནི་ནམ་མཁའི་ལམ་ལ་རྫུ་འཕྲུལ་གྱི་དབང་བརྙེས་པས་ཁྱེད་ལ་ཕྱག་འཚལ་འདུད་ཅེས་ཕྱག་
འཚལ་བའི་ཚིག་གཉིས་སྨོས་པ་ནི། བདེན་པ་གཉིས་ཀྱི་བདག་ཉིད་ཅན་ཡིན་པས་གཉིས་སྨོས་སོ། །ནམ་མཁའི་སྐུ་ལས་ཡང་དག་འབྱུང་། །ཞེས་བྱ་བ་ནི། ནམ་མཁའ་ལྟ་བུའི་སྐུ་གང་ཡིན་པ་དེ་ནི་ནམ་མཁའི་སྐུ་སྟེ་མེ་ལོང་ལྟ་བུའི་ཡེ་ཤེས་སོ། །དེ་ལས་ཡང་དག་པར་བྱུང་བ་ནི་རྣམ་པར་
སྣང་མཛད་དེ་དེའི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །ནམ་མཁའི་ལམ་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་སོ། །དེ་ལས་བྱུང་བས་གནས་པར་མཛད་ཅིང་སྐྱེས་པར་གྱུར་པའི་རིན་ཆེན་འབྱུང་ལྡན་གང་ཡིན་པ་དེ་ནི། ནམ་མཁའི་ལམ་ལ་གནས་པ་པོ། །ཞེས་བྱའོ། །ནམ་མཁའ་འདྲ་བའི་ཐུགས་མངའ་བ་
གང་ཡིན་པ་དེ་ནི་ནམ་མཁའི་ཐུགས་ཏེ། ཆོས་ཀྱི་དབྱིངས་རྣམ་པར་དག་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་མི་བསྐྱོད་པའོ། །ཆོས་རྣམས་ནི་པདྨའི་རིགས་སོ། །དེ་རྣམས་ཀྱི་མཆོག་ནི་སོ་སོར་རྟོག་པའི་ཡེ་ཤེས་ཀྱི་བདག་ཉིད་ཅན་ཏེ་འོད་དཔག་ཏུ་མེད་པའོ། །འགྲོ་བ་མ་ལུས་པའི་དོན་ནི་སྤྱོད་པའོ། །
དེ་རྣམས་ཀྱི་གནས་ནི་བཞི་སྟེ། བྱ་བ་སྒྲུབ་པའི་ཡེ་ཤེས་ཀྱི་ངོ་བོ་ཉིད་དེ་དོན་ཡོད་པར་གྲུབ་པའོ། །དེ་ལྟར་ན་ཚིགས་སུ་བཅད་པ་འདི་རྣམས་ཀྱིས་ནི་རིགས་ལྔའི་བདག་ཉིད་ཅན་ཉིད་ཀྱིས་བཅོམ་ལྡན་རྡོ་རྗེ་འཆང་ཆེན་པོ་ལ་བསྟོད་པའོ། །བདག་དང་གཞན་གྱི་དོན་སྒྲུབ་པའི་སྤྱོད་པ་ནི་ཀུན་ཏུ་སྤྱོད་
པའོ། །དེ་ཉིད་ནི་ཁྱད་པར་དུ་གྱུར་པས་ན་མཆོག་སྟེ་ཀུན་ཏུ་སྤྱོད་པའི་མཆོག་གོ། །དེའི་དོན་སྟོན་པའི་ལེའུ་ནི་ཀུན་ཏུ་སྤྱོད་པ་མཆོག་གི་ལེའུ་ཞེས་བྱ་སྟེ་དགོངས་པ་མ་ཡིན་པའོ། །སྒྲོན་མ་གསལ་བར་བྱེད་པ་ཞེས་བྱ་བའི་རྒྱ་ཆེར་བཤད་པ་ལས་ལེའུ་ལྔ་པ་མཐའ་དྲུག་གིས་བཤད་པའོ།། །།
བདག་ལ་བྱིན་གྱིས་བརླབ་པའི་ང་རྒྱལ་སྔོན་དུ་འགྲོ་བས་སྤྱོད་པ་བྱ་བ་ཡིན་པས། དེ་ནས་ཞེས་བྱ་བ་ལ་སོགས་པས་སྐུ་ལ་སོགས་པ་བྱིན་གྱིས་བརླབ་པའི་རིམ་པ་རབ་ཏུ་སྟོན་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ནི་མི་བསྐྱོད་པའོ། །དེའི་གསང་བ་ནི་དེ་བྱིན་གྱིས་

རློབ་པའི་གསང་སྔགས་ཏེ། མིང་དེ་སྐད་ཅེས་བྱ་བའི་ཏིང་ངེ་འཛིན་དེ་ལ་ཐུགས་རྩེ་གཅིག་ཏུ་མཛད་དེ། སྙོམས་པར་ཞུགས་ཤིང་མངོན་སུམ་དུ་མཛད་ནས་འོག་ནས་བཤད་པ་འདིས་ཐུགས་བྱིན་གྱིས་རློབ་པ་གང་ཡིན་པ་དེ་ནི་ཐུགས་བྱིན་གྱིས་རློབ་པའོ། །ཡིད་སྐྱོབ་པས་ན་སྔགས་ཞེས་བྱ་སྟེ། དེ་
གསུངས་པ་ནི་བཀའ་སྩལ་པར་གྱུར་པ་སྟེ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཙིཏྟ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ་ཞེས་བྱའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་རྡུལ་དང་བྲལ་བའི་གནས་རྡོ་རྗེ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་བདག་ཉིད་ཅན་རྣམ་པར་སྣང་མཛད་དེ། དེའི་གནས་ནི་དེར་བྱིན་གྱིས་རློབ་པའི་སྔགས་
ཏེ། དེ་སྐད་ཅེས་བྱ་བའི་ཏིང་ངེ་འཛིན་དེ་ལ་དམིགས་ནས་སྐུ་བྱིན་གྱིས་རློབ་པའི་སྔགས་གསུངས་པ་ནི། ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ་ཞེས་བྱ་བའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། ཚེ་དཔག་ཏུ་མེད་ཅིང་ཚད་མེད་པ་གང་གིས་བརྙེས་པ་དེ་ནི་ཚེ་དཔག་ཏུ་མེད་པ་སྟེ་མཉམ་
པ་ཉིད་མི་གཉིས་པ་ནི་སོ་སོར་རྟོག་པའི་ཡེ་ཤེས་ཀྱི་བདག་ཉིད་ཅན་ཏེ་འོད་དཔག་ཏུ་མེད་པའོ། །དེའི་རྡོ་རྗེ་ནི་དེར་བྱིན་གྱིས་རློབ་པར་བྱེད་པའི་མི་ཕྱེད་པའི་ངོ་བོ་ཉིད་ཀྱི་སྔགས་ཏེ། དེ་སྐད་ཅེས་བྱ་བའི་ཏིང་ངེ་འཛིན་མངོན་སུམ་དུ་མཛད་ནས། གསུང་བྱིན་གྱིས་རློབ་པའི་སྔགས་གསུངས་པ་
ནི། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཝཱཀ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ་ཞེས་བྱ་བའོ། །དེ་ལྟར་སྐུ་ལ་སོགས་པ་བྱིན་གྱིས་རློབ་པའི་སྔགས་བསྟན་ནས། ཡང་དེ་བཤད་པར་བྱ་བའི་ཕྱིར། དེ་བཞིན་གཤེགས་པའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མི་བསྐྱོད་པ་ལ་སོགས་པའི་ངོ་བོ་ཉིད་ནི་དེ་བཞིན་
གཤེགས་པའོ། །ཉན་ཐོས་ལ་སོགས་པས་ཡོངས་སུ་མི་ཤེས་པས་ན་གསང་བའོ། །སྐུ་དང་གསུང་དང་ཐུགས་རྡོ་རྗེ་གང་ཡིན་པ་གསུམ་པ་དེ་ནི་རྡོ་རྗེ་གསུམ་མོ། །དེ་གང་ཞེ་ན། གནས་ནི་ཞེས་པ་ནི་ལུས་ཏེ། ལྷ་རྣམས་ཀྱི་འཁོར་ལོའི་གཞིར་གྱུར་པའི་ཕྱིར་རོ། །གནས་ཀྱི་རྣམ་པ་
བསྒོམ་ཞེས་བྱ་བ་ལ་གནས་ཀྱི་ཞེས་པ་ནི་སྤྱན་ལ་སོགས་པའི་བཀོད་པ་གསུམ་པོ་སྟེ། བདག་དང་གཞན་གྱི་ཕུན་སུམ་ཚོགས་པའི་གཞིར་གྱུར་པའི་ཕྱིར་རོ། །དེའི་རྣམ་པར་བསྒོམ་པར་བྱ་བ་ནི་སྐུ་རྡོ་རྗེ་ལ་སོགས་པར་བྱིན་གྱིས་བརླབ་པའི་ཕྱིར་གང་དུ་སྤྲོས་པ་དེ་ཉིད་དོ། །སྔགས་ནི་མི་བསྐྱོད་

པ་ལ་སོགས་པ་སྟེ། དེ་རྣམས་ཀྱིས་མཚོན་པ་གང་ཡིན་པ་དེ་ནི་སྔགས་ཀྱི་མཚན་གྱིས་ཏེ་ཡི་གེ་གསུམ་མོ། །དེས་མགོ་དང་ལྐོག་མ་དང་སྙིང་གའི་ཕྱོགས་སུ་རྣམ་པར་བཀོད་པ་ནི་དེས་ཤིན་ཏུ་མཚན་པའོ། །སྔར་བཤད་མ་ཐག་པའི་སྐུ་ལ་སོགས་པ་བྱིན་གྱིས་རློབ་པའི་
སྔགས་དེ་དག་ཉིད་ཀྱིས་མཆོག་རབ་སྟེ་དམ་པར་གྱུར་པ་འདི་ཡིས་བསྒྲུབ་པ་ཉིད་དུ་བྱ་ཞིང་བྱིན་གྱིས་བརླབ་པོ་ཞེས་པ་སྟེ་དྲང་བའི་དོན་ཏོ། །རྫོགས་པའི་རིམ་པའི་རྣལ་འབྱོར་པ་རྣམས་ཀྱིས་སྐུ་དང་གསུང་དང་ཐུགས་བྱིན་གྱིས་བརླབ་པ་བཤད་པའི་རྒྱུད་ལས་བསྟན་པ་ལ་འཇུག་པར་བྱ་སྟེ། དེ་ནས་
དཔལ་ཆེན་མི་བསྐྱོད་པ། །སྐུ་གསུང་ཐུགས་ཀྱི་གསང་བ་པོ། །ཏིང་ངེ་འཛིན་ལ་སྙོམས་ཞུགས་ནས། །ཐུགས་བྱིན་རློབ་ཅེས་བྱ་བ་ཡི། །གསང་སྔགས་དེ་ནི་བཀའ་སྩལ་པ། །ཨོཾ་ཞེས་བྱ་བ་དང་པོ་ཡིན། །སརྦ་ཏ་ཐཱ་ག་ཏ་གཉིས། །ཙིཏྟ་ཡོན་ཏན་ཡོངས་སུ་བརྟག །བཛྲ་གཉིས་གཉིས་དང་
ལྡན་པ། །སྭ་བྷཱ་ཝ་ཨཱཏྨ་ཀོ་ལྔ་པ། །ཨ་ཧཾ་ཞེས་པ་དྲུག་པ་སྟེ། །སྐུ་དྲུག་གསུམ་པའི་མིང་ཅན་ནོ། །དེ་ནས་དཔལ་ལྡན་རྣམ་སྣང་མཛད། །རྡུལ་བྲལ་རྡོ་རྗེ་ཞེས་བྱ་བའི། །ཏིང་ངེ་འཛིན་ལ་སྙོམས་ཞུགས་ནས། །སྐུ་ནི་བྱིན་གྱིས་བརླབ་པ་གསུངས། །ཨོཾ་ཞེས་བྱ་བ་ཚངས་པར་བཤད། །
སརྦ་ཏ་ཐཱ་ག་ཏ་གཉིས། །ཀཱ་ཡ་ཆགས་རྟོག་དབང་ཕྱུག་སྟེ། །བཛྲ་རིག་བྱེད་ཡིན་པར་གྲགས། །སྭ་བྷཱ་བ་ཨཱཏྨ་ཀ་འདོད་པ། །ཨ་ཧཾ་སྐེམ་བྱེད་ཅེས་བརྗོད་དེ། །དགོངས་པ་ཡིས་ནི་ཡང་དག་བརྟགས། །ཤེས་རབ་དབྱེ་བས་དབྱེ་བར་བྱ། །དེ་ནས་ཚེ་དཔག་མེད་ཅེས་པ། །ཀུན་ཏུ་
མིག་གཉིས་རྡོ་རྗེ་ཅན། །ཏིང་ངེ་འཛིན་ལ་སྙོམས་ཞུགས་ནས། །གསུང་ནི་བྱིན་གྱིས་རློབ་པ་གསུངས། །ཨོཾ་ནི་དང་པོར་བསྒྲགས་པ་ཡིན། །སརྦ་ཏ་ཐཱ་ག་ཏ་གཉིས། །བཱཀ་ནི་ཡོན་ཏན་གསུམ་དུ་གྱུར། །བཛྲ་དུས་ཀྱི་མིང་ཅན་ཡིན། །སྭ་བྷཱ་བ་ཨཱཏྨ་ཀ་འདོད་པ། །ཨ་ཧཾ་ཞེས་པ་དུས་
སུ་བཤད། །དེ་ལྟར་ཡང་དག་བཤད་གསུམ་ཅར། །རེ་རེ་ཞིང་དྲུག་གསུམ་དུ་བཤད། །ཐུགས་དང་སྐུ་དང་དེ་བཞིན་གསུང་། །རིམ་ནི་རིམ་པ་མིན་པས་གསུངས། །རྡོ་རྗེ་གསུམ་ཞེས་བྱ་བ་ལས། །བདག་པོའི་ཆོས་ཅན་གཅིག་ཏུ་བྱུང་། །ཞེས་བྱ་བའོ། །རྡོ་རྗེ་གསུམ་པོ་དེ་བཞིན་

གཤེགས་པའི་གསང་། །ཞེས་བྱ་བ་ལ་རྡོ་རྗེ་གསུམ་ནི་ཡེ་ཤེས་གསུམ་མོ། །ཇི་ལྟ་བུ་ཞེ་ན་དེ་བཞིན་གཤེགས་པའི་སྟེ་དེ་བཞིན་གཤེགས་པ་རྣམས་ལས་བྱུང་བའོ། །གསང་བ་ནི་བསྐྱེད་པའི་རིམ་པ་ལ་གནས་པའི་རྣལ་འབྱོར་པའི་སྤྱོད་ཡུལ་མ་ཡིན་པའི་ཕྱིར་རོ། །གནས་ནི་གནས་ཀྱི་
རྣམ་པར་བསྒོམ་པར་བྱ། །ཞེས་བྱ་བ་ལ་གནས་ནི་དོན་དམ་པའི་བདེན་པ་སྟེ། རྣམ་པར་ཤེས་པ་གསུམ་གྱི་གནས་སུ་གྱུར་པ་ཡིན་པའི་ཕྱིར་རོ། །གནས་ཀྱི་ཤེས་པ་ནི་ཀུན་རྫོབ་ཀྱི་བདེན་པ་སྟེ། གང་གི་ཕྱིར་དེ་རྣམ་པར་བསྒོམ་ཞིང་སྐྱེད་པར་གྱུར་པ་ནི། གནས་སུ་རྣམ་པར་བསྒོམ་པར་བྱ་བ་
སྟེ་དོན་དམ་པའི་བདེན་པ་དེ་ཉིད་ཀྱི་ཁྱད་པར་རོ། །དེ་ལྟར་བཤད་མ་ཐག་པ་དེ་དག་གིས་མཆོག་རབ་སྟེ་སྟོང་པ་ཉིད་བཞིའོ། །སྔགས་ནི་དེ་བཞིན་གཤེགས་པ་རྣམས་སོ། །དེ་རྣམས་ཀྱི་མཚན་ནི་འོད་ཟེར་ལྔ་སྟེ། སྔགས་ཀྱི་མཚན་པ་དེས་མཚན་ཅིང་ཡུལ་དུ་གྱུར་པའི་རྡོ་རྗེའི་སྐུ་བསྒྲུབ་པ་
ཉིད་དུ་བྱ་ཞིང་བསྐྱེད་པར་བྱའོ་ཞེས་པ་སྟེ་ངེས་པའི་དོན་ཏོ། །དེ་ལྟར་བདག་ལ་སྐུ་བྱིན་གྱིས་བརླབ་པ་ལ་སོགས་པ་བྱས་ནས་རང་གི་རིགས་ཀྱི་ཡུམ་ལ་རིགས་ལྔ་དགོད་པར་བྱས་ལ། གཉི་གའི་འཁོར་ལོ་རྗེས་སུ་མཉེས་པའི་གསང་སྔགས་བསྟན་པའི་ཕྱིར་དེ་ནས་ཞེས་བྱ་བ་ལ་སོགས་པ་
གསུངས་ཏེ། དེ་ནས་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པའི་དོན་ནི་བཤད་ཟིན་ནོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ཎ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ་ཞེས་བྱ་བ་འདིས་འཁྱུད་པ་ལ་སོགས་པ་བྱའོ། །སྙོམས་པར་ཞུགས་པའི་འོག་ཏུ་དེ་བཞིན་གཤེགས་པ་ཐམས་ཅད་མཆོད་པའི་སྔགས་
བསྟན་པའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ནས་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་འདི་དག་གི་དོན་ཡང་བཤད་ཟིན་ཏོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་བཛྲ་སྲ་བྷཱ་བ་ཨཱཏྨ་ཀོ྅ཧཾ་ཞེས་བྱ་བའོ། །བཤད་མ་ཐག་པའི་ཆོ་ག་རྒྱས་པ་ཉིད་ཀྱིས་སྔགས་པས་རྟག་ཏུ་
གནས་པར་བྱའོ། །དེ་ཉིད་ལ་བརྟན་པར་བྱ་བ་བསྐྱེད་པའི་ཕྱིར། རྟག་ཏུ་འདོད་པའི་ཡོན་ཏན་ལྔས། །སངས་རྒྱས་ཚུལ་བཞིན་མཆོད་པར་བྱ། །ཞེས་བྱ་བ་གསུངས་སོ། །རྫོགས་པའི་རིམ་པ་ལ་གནས་པའི་རྣལ་འབྱོར་པ་རྣམས་ཀྱི་ཡང་མཆོད་པའི་ཆོ་ག་གཞན་དག་ངེས་པར་

བསྟན་པའི་ཕྱིར། མཆོད་པ་རྣམ་པ་ལྔ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཉེ་བར་འཕྲོག་ཅིང་ཞུ་བར་གྱུར་པས་ན་མཆོད་པ་སྟེ། གང་ལ་མཆོད་པ་རྣམ་པ་ལྔ་ཡོད་པ་དེ་ནི་མཆོད་པ་རྣམ་པ་ལྔ་རྣམས་ཏེ། དེའི་མཆོད་པ་ནི་དེ་བཞིན་གཤེགས་པ་ལྔའི་ངོ་བོ་ཉིད་མེ་ལོང་
ལྟ་བུ་ལ་སོགས་པ་ཡེ་ཤེས་ལྔའི་རྒྱུར་གྱུར་པ་རྣམས་ཀྱིས་འོད་གསལ་བ་རྟོགས་པ་སྟེ། མཆོད་པ་དེ་རྣམས་ཀྱིས་སངས་རྒྱས་ཉིད་དེ་སྐུ་གསུམ་གྱི་བདག་ཉིད་ཅན་གྱི་བདེ་བར་གཤེགས་པའི་གོ་འཕང་མྱུར་ཞིང་མགྱོགས་པར་ཚེ་འདི་ཉིད་ལ་ཐོབ་པར་འགྱུར་བའོ། །མཆོད་པ་རྣམ་པ་གཉིས་སྨོས་
པས། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་བདག་པོ་རྡོ་རྗེ་འཆང་ཆེན་པོའི་མཆོད་པའི་ཆོ་ག་འདི་ཉིད་གསལ་བར་བྱ་བའི་ཕྱིར་བཤད་པའི་རྒྱུད་ལས་གསུངས་པ། གཟུགས་དང་སྒྲ་དང་དྲི་དང་རོ། །རེག་བྱ་དང་ནི་ཆོས་ཀྱི་ཁམས། །དེ་
དག་དངོས་པོ་མེད་བྱས་པ། །སངས་རྒྱས་མཆོད་པ་བླ་མེད་དེ། །མིག་སོགས་ཡེ་ཤེས་ལས་བྱུང་བ། །མངོན་ཤེས་ལྔས་ནི་མཛེས་བྱས་པའི། །མཆོད་པ་བཟང་པོར་བཤད་པ་འདིས། །བྱང་ཆུབ་མྱུར་དུ་ཐོབ་པར་འགྱུར། །ཞེས་བྱ་སྟེ་དགོངས་པས་བཤད་པའོ། །དེ་ལྟར་ཕྱི་དང་ནང་གི་
མཆོད་པ་བསྟན་ནས་རྫོགས་པའི་རིམ་པ་དང་བྲལ་བས་བྱང་ཆུབ་མྱུར་དུ་འཐོབ་པར་མི་འགྱུར་རོ་ཞེས་བསྟན་པའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྡོ་རྗེ་འཆང་ཆེན་པོས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྔགས་ཞེས་པ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་
གསུང་དང་ཐུགས་ཉེ་བར་མཚོན་པའི་སྔགས་ཏེ། དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་གསང་བ་རྣམ་པར་དག་པ་འོག་ནས་བཤད་པ་འདི་གསུངས་པའོ། །སྔགས་ལ་དམིགས་པའི་ཞེས་བྱ་བ་ལ་སོགས་པ་ལ། སྔགས་ནི་ཨཱ་ལི་ཀཱ་ལི་ལས་བྱུང་བ་
རྣམས་ཏེ་སྤྲུལ་ལ་སོགས་པའི་ངོ་བོ་ཉིད་ཡིན་པ། དེ་རྣམས་ནི་བུད་མེད་དང་སྐྱེས་པ་དང་མ་ནིང་ཉིད་ཀྱིས་ཡི་གེ་གསུམ་གྱི་གཞིར་གྱུར་པས་སྔགས་ནི་ཡི་གེ་གསུམ་སྟེ། དེ་རྣམས་ཀྱི་འཇུག་པ་དང་གནས་པ་དང་ལྡང་བའི་ངོ་བོ་ཉིད་ཀྱིས་ཡོངས་སུ་ཤེས་པ་ནི་སྔགས་ལ་དམིགས་པའོ། །

དེ་ལ་ལུས་ཞེས་བྱ་བ་ལ། ལུས་སྔོན་དུ་འགྲོ་བས་རྡོ་རྗེ་བཟླས་པའི་སྒྲུབ་པར་གྱུར་པས་སྤྲུལ་པའི་ལུས་དང་། ངག་ཅེས་བྱ་བ་རྡོ་རྗེ་བཟླས་པ་ཉེ་བར་མཚོན་པས་ཡིད་ཅེས་བྱ་བ། སྙིང་གར་གནས་པའི་རྡོ་རྗེ་སེམས་དཔའ་བསྐུལ་ཞིང་ཇི་ལྟ་བ་བཞིན་དུ་ཡོངས་སུ་ཤེས་པས་ཡུལ་དུ་བྱས་པའོ། །ཡིད་ནི་
དགའ་ཞིང་ཞེས་བྱ་བ་ནི་ཡིད་ཡང་དག་པར་དགའ་བར་གྱུར་པ་སྟེ། ཕྱག་རྒྱ་ཆེན་པོ་རྣམ་པར་དག་པར་བྱེད་པའི་ཕྱིར་རོ། །དེ་གང་ཡིན་ཞེ་ན་དོན་དམ་པའི་བདེན་པའོ། །མགུ་བ་ཡིས་ཞེས་བྱ་བ་ནི། སྲིད་པ་དང་ཞི་བ་རོ་གཅིག་པའི་མཚན་ཉིད་ཅན། ཡིད་དུ་འོང་བའི་རྡོ་རྗེ་འཆང་ཆེན་པོའི་སྐུ་སྐྱེད་
པར་གྱུར་པའོ། །དེ་གང་ཡིན་ཞེ་ན། དངོས་གྲུབ་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། དངོས་གྲུབ་ནི་བདག་ལ་བྱིན་གྱིས་བརླབ་པའི་མཚན་ཉིད་ཅན་ཕྱག་རྒྱ་ཆེན་པོའོ། །རབ་མཆོག་ནི་ཕུལ་དུ་བྱུང་བ་སྟེ་སེམས་རྣམ་པར་དབེན་པའི་མཚན་ཉིད་ཅན། རྡོ་རྗེ་བཟླས་པས་རྟོགས་པར་འགྱུར་བའི་
ཕྱིར་རོ། །བསྒྲུབ་པར་བྱ་ཞེས་བྱ་བ་ནི་རྣལ་འབྱོར་པའི་རྒྱུད་ལ་འོག་ནས་བཤད་པའི་གནས་སྐབས་བཞི་པོ་རྫོགས་པར་བྱ་བ་སྟེ་འདི་དག་གིས་ནི་རྡོ་རྗེ་བཟླས་པའི་ཕན་ཡོན་གསུངས་པ་ཡིན་ནོ། །མདོར་བསྟན་པའི་ཚིག་བཞིའི་བཤད་པ་བསྟན་པའི་ཕྱིར། སེམས་ལ་དམིགས་པ་ཞེས་བྱ་བ་
ལ་སོགས་པ་གསུངས་ཏེ་སེམས་ལ་དམིགས་པ་ནི་རིམ་པ་གཉིས་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་ཤེས་པའོ། །དེ་བྱས་པ་ནི་སེམས་ཀྱི་བདག་མེད་པ་གང་ཡིན་པ་སྟེ་དེ་ནི་སེམས་ཀྱི་བདག་མེད་པའོ། །ངག་དང་ལུས་ཀྱང་ཞེས་བྱ་བ་ལ་སོགས་པ་ལ་ངག་དང་ལུས་དག་ཀྱང་བདག་མེད་པར་
རྣམ་པར་བསྒོམས་པས་སེམས་སོ་སོར་རྟོགས་པ་བསྒྲུབ་པར་བྱའོ་ཞེས་བྱ་བའི་དོན་ཏོ། །འདི་ནི་སྐུ་དང་གསུང་དང་ཐུགས་ཀྱི་མཚན་ཉིད་ཤེས་རབ་དང་ཐབས་དང་ཉེ་བར་ཐོབ་པ་གསུམ་སྟོན་པར་གྱུར་པ་ཡིན་ནོ། །དེ་ནས་ཅི་ཞེ་ན། ནམ་མཁའ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ནམ་མཁའ་
བཞིན་དུ་མཉམ་པ་ནི་དོན་དམ་པའི་བདེན་པ་སྟེ། དེ་བསྐྱེད་པའི་གནས་ཡིན་པས་ན་གནས་ཡིན་ཏེ། རྡོ་རྗེ་འཛིན་པ་གང་ཡིན་པ་དེ་བསྐྱེད་པར་བྱའོ། །སྦྱོར་བ་རྣམ་པ་གསུམ་ནི་གང་དུ་སྦྱོར་བ་གསུམ་པོ་གཅིག་ཏུ་གྱུར་པ་དེ་ནི་སྦྱོར་བ་རྣམ་པ་གསུམ་སྟེ་ཡིད་ཀྱི་རང་བཞིན་ལྷའི་གཟུགས་

སོ། །ལུས་དང་ངག་དང་སེམས་དམིགས་ན། །ངོ་བོ་ཉིད་ནི་དམིགས་སུ་མེད། །ཅེས་བྱ་བ་ལ། ལུས་དང་ངག་དང་སེམས་ཀྱི་དམིགས་པ་ནི། ཉེ་བར་བརྟགས་ནས་གང་ཐོབ་པའི་ཀུན་རྫོབ་ཀྱི་བདེན་པའི་ངོ་བོ་ཉིད་དེ། དེ་ནི་དམིགས་སུ་མེད་དེ་ཐམས་ཅད་ཀྱང་དོན་དམ་པའི་
བདེན་པ་ཉིད་དུ་གཏོགས་པས་སོ། །འདིས་ནི་མངོན་པར་བྱང་ཆུབ་པའི་རིམ་པ་གསལ་བར་བྱེད་དོ། །འདིར་ཡེ་ཤེས་ཀྱི་རང་བཞིན་གྱི་སྐུ་ལ་གནས་པ་མི་དམིགས་ཀྱང་། གལ་ཏེ་རྟོག་པའི་རྣལ་འབྱོར་གྱིས་ལྷའི་སྐུར་གནས་པ་དམིགས་པར་འགྱུར་རོ། །ཞེས་རྟོག་པར་གྱུར་ན་དེ་བཟློག་པའི་ཕྱིར།
སྔགས་ཀྱི་ལུས་སུ་སྦྱོར་བ་ལ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྔགས་ནི་ཨོཾ་ལ་སོགས་པའོ། །དེས་ལུས་སུ་བྱས་པ་གང་ཡིན་པ་དེ་ནི་སྔགས་ཀྱི་ལུས་ཏེ། གང་གི་སྦྱོར་བ་རྡོ་རྗེ་བཞི་པོ་དེས་ནི་བྱང་ཆུབ་པ་མེད་པ་སྟེ་སངས་རྒྱས་པ་ཉིད་མེད་དོ། །གང་གི་ཕྱིར་ཞེ་ན། སྔགས་ཀྱི་ཡི་གེ་ཇི་
སྲིད་ཡོད་པ་དེ་སྲིད་ཚོགས་པ་ལས་སྐྱེས་པ་ཡིན་ཏེ་དེ་ནི་སྐྱེས་ནས་འཇིག་པར་འགྱུར་བས་ནམ་མཁའ་དང་མཉམ་ན་དེས་ལུས་སྐྱེད་པར་ལྟ་ག་ལ་འགྱུར། སྒོམ་པའང་མེད་ཅེས་བྱ་བ་ནི། བསྒོམ་བཞིན་པ་ཉིད་ནའང་ལྷའི་སྐུ་མེད་པས་དེ་སྒོམ་པ་ཡང་མེད་དོ། །དེ་ལྟར་ཆོས་དང་ལོངས་སྤྱོད་
རྫོགས་པའི་སྐུ་ལ་སོགས་པ་རྣམས་ཀྱང་སྤངས་པ་ཡིན་པའི་ཕྱིར། མཉམ་པར་བྱུང་ཞིང་མི་གནས་པའི་མཚན་ཉིད་ཅན་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་བསྟན་པར་བྱ་བའི་ཕྱིར། སྐུ་གསུང་ཐུགས་ཀྱི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྐུ་དང་གསུང་དང་ཐུགས་ཀྱི་མཚན་ཉིད་ནི་
སྔགས་ལ་དམིགས་པ་ལ་སོགས་པའི་རིམ་གྱིས་སྐུ་དང་གསུང་དང་ཐུགས་གང་གིས་བརྟགས་པ་དེ་ནི་སྐུ་དང་གསུང་དང་ཐུགས་ཀྱི་མཚན་ཉིད་དེ་སྟོང་པ་ཉིད་གསུམ་མོ། །འདི་ནི་ཞེས་བྱ་བ་ནི་བཤད་མ་ཐག་པའོ། །རྣམ་པར་དཔྱད་ནས་ཞེས་བྱ་བ་ནི་ཡོངས་སུ་ཤེས་པའོ། །མདོར་ན་ཞེས་བྱ་
བ་ནི། ཀུན་རྫོབ་ཀྱི་བདེན་པ་ཉིད་ཀྱིས་གཅིག་ཏུ་བྱས་པས་སོ། །སྔགས་ཀྱིས་བརྟགས་པའི་ཏིང་ངེ་འཛིན་ནི། བྱང་ཆུབ་སྦྱོར་བ་བསྒོམ་པར་བྱ། །ཞེས་བྱ་བ་ལ་སྔགས་ནི་འོད་ཟེར་ལྔའོ། །དེ་རྣམས་ཀྱིས་བརྟགས་པ་ནི་བསྐྱེད་པའོ། །ཏིང་ངེ་འཛིན་ནི་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ཏོ། །

བྱང་ཆུབ་ནི་དོན་དམ་པའི་བདེན་པའོ། །དེ་དང་སྦྱོར་བ་གང་ཡིན་པ་དེ་ནི་བྱང་ཆུབ་སྦྱོར་བའོ། །བསྒོམ་པར་བྱ་ཞེས་བྱ་བ་ནི་བརླབ་པར་བྱའོ་ཞེས་པ་སྟེ་འདིས་ནི་ཟུང་དུ་སྦྱོར་བའི་རིམ་པ་སྟོན་པ་ཡིན་ཏེ་དགོངས་པས་བཤད་པའོ། །ད་ནི་ལེའུ་གསུམ་པ་ལས་གསུངས་པའི་ཕྲ་མོའི་རྣལ་འབྱོར་
ཉིད་སླར་ཡང་རྣམ་པར་ཤེས་པ་རླུང་དང་བཅས་པ་བསྟན་པའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ནས་ཞེས་བྱ་བའི་སྒྲ་ནི་རྫོགས་པའི་རིམ་པ་བསྟན་པའི་འོག་ཏུའོ། །ཚོགས་གཉིས་དང་ལྡན་པས་ན་དཔལ་ལྡན་ནོ། །རྡོ་རྗེ་འཛིན་ཞེས་བྱ་བ་ནི་རྡོ་རྗེ་འཆང་བར་མཛད་པས་
ན་རྡོ་རྗེ་འཛིན་པ་སྟེ་ཡི་གེའི་དོན་ཏོ། །མེ་ལོང་ལྟ་བུ་ལ་སོགས་པའི་ཡེ་ཤེས་ལྔ་པོ་དེའི་རང་བཞིན་གྱིས་འཆང་བར་མཛད་པས་ན་རྡོ་རྗེ་འཛིན་པ་སྟེ་སྤྱིའི་དོན་ཏོ། །ཡིད་ཀྱི་རང་བཞིན་གྱི་སྐུ་སྒྱུ་ལུས་འཛིན་པར་མཛད་པས་ན་རྡོ་རྗེ་འཛིན་པ་སྟེ་སྦས་པའོ། །རྡོ་རྗེ་ནི་གཉིས་སུ་མེད་པའི་ཡེ་ཤེས་ཏེ། དེའི་
ངོ་བོ་ཉིད་ཀྱིས་འཆང་བར་མཛད་པས་ན་རྡོ་རྗེ་འཛིན་པ་སྟེ་མཐར་ཐུག་པའོ། །དེ་བཞིན་གཤེགས་པ་ཀུན་ནི་སྤྱན་ལ་སོགས་པ་སྟེ་དེ་རྣམས་ཀྱིས་མཆོད་པས་ན་དེ་བཞིན་གཤེགས་པ་ཀུན་གྱིས་མཆོད་དོ། །སངས་རྒྱས་ཀུན་ནི་རྣམ་པར་མཛད་ལ་སོགས་པ་སྟེ་དེ་རྣམས་ཀྱི་ནང་ན་མཆོག་དུ་གྱུར་
པའོ། །ཀུན་མཁྱེན་པ་ནི་ཐུགས་རྡོ་རྗེ་སྟེ་དེས་བསྒོམ་པའི་མཆོག་འོག་ནས་བཤད་པ་བཀའ་སྩལ་ཅིང་གསུངས་པའོ། །ནམ་མཁའི་དབྱིངས་ཀྱི་དབུས་གནས་པར། །ཞེས་བྱ་བ་ནི་འོད་གསལ་བ་ལ་གནས་པའོ། །ཟླ་བའི་དཀྱིལ་འཁོར་ནི་སྣང་བའི་ཚོགས་སོ། །བསྒོམ་པར་
བྱ་ཞེས་བྱ་བ་ནི་དང་པོ་ལོངས་སྤྱོད་རྫོགས་པའི་སྐུར་བསྐྱེད་པའོ། །སངས་རྒྱས་གཟུགས་ནི་རབ་བསྒོམས་ནས། །ཞེས་བྱ་བ་ནི་ཕྱི་ནས་ཕུང་པོ་ལ་སོགས་པར་རྗེས་སུ་གཞུག་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྲ་རབ་ཀྱི་ལས་བསྒྲུབ་པའི་སྤྲུལ་པའི་སྐུར་བདག་ཉིད་བསྐྱེད་ལ་
འོག་ནས་བཤད་པའི་རིམ་གྱིས་ཕྲ་མོའི་སྦྱོར་བ་ཀུན་ཏུ་བརྩམ་པར་བྱའོ། །སྣ་ཡི་རྩེ་མོར་ཡུངས་ཀར་བསམ། །འགྲོ་དང་མི་འགྲོ་ཡུངས་ཀར་ལ། །ཡེ་ཤེས་གནས་ནི་ཉམས་དགའ་བ། །གསང་བའི་ཡེ་ཤེས་ཀྱིས་བརྟགས་བསྒོམ། །ཞེས་བྱ་བའི་རྡོ་རྗེའི་མདོ་འདིས་ནི་ཐ་མལ་པའི་

སེམས་ཅན་རྣམས་ཀྱི་སྐྱེ་བ་ལྟར་བརྟགས་པའི་ལྷར་དམིགས་པ་དང་། རླུང་གི་དེ་ཁོ་ན་ཉིད་དང་ཡེ་ཤེས་ཀྱི་དེ་ཁོ་ན་ཉིད་དང་ཡོངས་སུ་དག་པའི་ལྷའི་དེ་ཁོ་ན་ཉིད་སྟོན་ཏེ། དང་པོ་སེམས་ཅན་སྐྱེ་བའི་རྒྱུ་བསྟན་པ་ནི། སྟེང་ན་གནས་པའི་སྲོག་དང་རྩོལ་བ་དང་དབང་པོ་གཉིས་
འདུས་པ་ལས་ནང་གི་ཤེས་རབ་དང་ཐབས་ཀྱིས་སྙོམས་པར་འཇུག་པའི་དགའ་བས་དྲངས་པས་ཡན་ལག་མ་ལུས་པ་ལས་འདོད་ཆགས་ཆེན་པོའི་མེས་བཞུས་པར་གྱུར་ནས། བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེའི་གཟུགས་སུ་པདྨའི་སྣ་ཡི་རྩེ་མོར་ལྟུང་བ་སྟེ། འདི་ནི་སྲིད་པ་སྐྱེ་བའི་རིམ་པ་ལྟར་
སྒོམ་པ་རྣམས་ལ། དེ་བཞིན་གཤེགས་པ་རྣམས་ལས་ཡུངས་ཀར་གྱི་སྒྲས་མཚོན་པར་མཛད་དེ། འདི་ཉིད་ནི་འདུས་པའི་རྒྱུད་ཕྱི་མ་ལས་ཀྱང་གསུངས་ཏེ། ཡེ་ཤེས་ལྔ་ཡི་རང་བཞིན་དབུགས། །འབྱུང་བ་ལྔ་ཡི་ངོ་བོ་ཉིད། །པདྨའི་སྣ་རྩེར་ཕྱུང་ནས་ནི། །ཐིག་ལེའི་གཟུགས་སུ་བརྟག་
པར་བྱ། །རིན་ཆེན་ཁ་དོག་སྣ་ལྔ་པ། །སྲོག་དང་རྩོལ་བ་ཞེས་བྱར་བཤད། །ཅེས་གསུངས་པས་སོ། །འགྲོ་དང་མི་འགྲོ་ཡུངས་ཀར་ལ། །ཞེས་བྱ་བ་ནི་ཡུངས་ཀར་ཏེ་ས་བོན་གྱི་ཐིག་ལེའི་དབུས་སུ་རྒྱུ་བ་དང་མི་རྒྱུ་བའི་འཇིག་རྟེན་རྣམས་བསམ་ཞིང་སྐྱེ་བཞིན་པར་ཤེས་པར་བྱ་སྟེ། བདུད་རྩི་ས་བོན་
ཞེས་བཤད་དེ། །དེ་ལས་འགྲོ་བ་གསུམ་པོ་སྐྱེས། །ཞེས་གསུངས་པས་སོ། །ཡུངས་ཀར་འདི་ཉིད་ལ་རྟོག་པའི་རྣལ་འབྱོར་སློབ་པ་ན། རྒྱུ་བ་དང་མི་རྒྱུ་བ་རྡོ་རྗེ་སེམས་དཔར་བསམ་མོ། །འདི་ཉིད་ཀྱི་ཁྱད་པར་ནི། ཡེ་ཤེས་གནས་ནི་ཉམས་དགའ་བ། །གསང་བའི་ཡེ་ཤེས་ཀྱིས་
བརྟགས་བསྒོམ། །ཞེས་བྱ་བ་སྟེ་དྲང་བའི་དོན་ཏོ། །སྣ་ཡི་རྩེ་མོར་ཡུངས་ཀར་བསམ། །ཞེས་བྱ་བ་ལ་སོགས་པ་རྫོགས་པའི་རིམ་པའི་བཤད་པ་གསུངས་པ་ནི། སྙིང་ག་དང་། གསང་བའི་གནས་དང་། ལྐོག་མ་དང་། ལྟེ་བ་དང་། ལུས་ཐམས་ཅད་ལ་གནས་པའི་ཡེ་ཤེས་ལྔའི་ངོ་
བོའི་འོད་ཟེར་ལྔ་པོ་སྲོག་དང་རྩོལ་བར་གྱུར་ནས་སྣ་ཡི་རྩེ་མོ་སྟེ། སྟེང་གི་སྣ་ཡི་བུ་ག་ནས་དཀྱིལ་འཁོར་བཞིའི་ཁ་དོག་གིས་གོ་རིམས་བཞིན་དུ་ངེས་པར་འབྱུང་སྟེ། ཇི་སྐད་དུ་རྡོ་རྗེ་ཕྲེང་བ་ལས། སྣ་རྩེར་ཡུངས་ཀར་ཞེས་བྱ་བ། །སྲོག་དང་རྩོལ་བའི་བརྟག་པའོ། །སྲོག་དང་རྩོལ་ལ་

གནས་པ་ནི། །འོད་ཟེར་ལྔ་པོ་སངས་རྒྱས་དངོས། །སྟེང་གི་སྣ་ལས་ངེས་འབྱུང་བ། །གཡོན་དང་གཡས་དང་གཉི་ག་དང་། །དལ་བ་ཞེས་བྱ་རྣམ་བཞིར་འགྱུར། །ནང་གི་དུས་ནི་ཡིན་པར་བཤད། །རང་སྔགས་བཞི་ཡི་སྦྱོར་བ་ཡིས། །ཉིན་མཚན་རྣམ་པ་ཐམས་ཅད་དུ། །ཐུན་ཕྱེད་
དུས་སུ་གནས་བྱེད་དེ། །རིམ་ནི་གོ་རིམས་བཞིན་དུའོ། །ཞེས་གསུངས་པ་སྟེ། སྣ་ཡི་རྩེ་མོར་ཡུངས་ཀར་བསམ། །ཞེས་བྱ་བའི་རྡོ་རྗེའི་ཚིག་གི་དོན་འདིས་རླུང་གི་དེ་ཁོ་ན་ཉིད་དང་། སྔགས་ཀྱི་དེ་ཁོ་ན་ཉིད་སྟོན་པ་ཡིན་ནོ། །འགྲོ་དང་མི་འགྲོ་ཡུངས་ཀར་ལ། །ཞེས་བྱ་བ་ལ། འགྲོ་བ་དང་མི་
འགྲོ་བ་ཞེས་པ་ནི། རྣམ་པར་ཤེས་པ་གསུམ་པོ་བྱང་ཆུབ་ཀྱི་བདག་ཉིད་ཅན་གྱི་སེམས་སོ། །ཡུངས་ཀར་ནི་ཁམས་ཕྲ་བ་ཏེ་རྟེན་དང་བརྟེན་པར་གྱུར་པར་བསམ་ཞིང་རྣམ་པར་ཤེས་པར་བྱ་བ་སྟེ་ཡེ་ཤེས་ཀྱི་དེ་ཁོ་ན་ཉིད་དུ་བསྒོམ་པར་བྱའོ། །ཡེ་ཤེས་གནས་ནི་ཉམས་དགའ་བ། །གསང་བའི་
ཡེ་ཤེས་ཀྱིས་བརྟགས་བསྒོམ། །ཞེས་བྱ་བ་ལ་རླུང་དང་རྣམ་པར་ཤེས་པ་ཞེས་བརྟགས་པའི་ཡེ་ཤེས་ཀྱི་སྐུ་ནི་ཡེ་ཤེས་ཀྱི་གནས་སོ། །འཇའ་ཚོན་ལྟར་དཀར་པོ་ལ་སོགས་པའི་འོད་ཟེར་རྣམས་དང་ལྡན་པས་ན་ཉམས་དགའ་བའོ། །རྟོག་པའི་རྣལ་འབྱོར་པ་རྣམས་ཀྱི་ཡུལ་མ་
ཡིན་པའི་ཕྱིར་གསང་བའོ། །འོད་གསལ་བའི་ཡེ་ཤེས་ལས་བྱུང་བས་ན་ཡེ་ཤེས་ཀྱིས་བརྟགས་པའོ། །འདིའི་དོན་ཐེག་པ་ཆེན་པོའི་མདོ་སྡེ་ལས་ཀྱང་དགོངས་པས་བཤད་པར་སྟོན་ཏེ། སྐྲ་ཙམ་ཁྱོན་གཅིག་ལ་ཡང་སངས་རྒྱས་ནི། །རྣམ་མང་གངྒཱའི་ཀླུང་གི་བྱེ་སྙེད་བཞུགས། །
ཞེས་བྱ་བ་དང་། རྡུལ་གཅིག་སྟེང་ན་རྡུལ་སྙེད་སངས་རྒྱས་རྣམས། །སངས་རྒྱས་སྲས་ཀྱི་དབུས་ན་བཞུགས་པ་དག །ཅེས་བྱ་བ་གསུངས་པས་ལྷའི་དེ་ཁོ་ན་ཉིད་སྟོན་པ་ཡིན་ཏེ་ངེས་པའི་དོན་ཏོ། །ད་ནི་སྔགས་དང་རླུང་མཉམ་པར་སྦྱོར་བ་ལས། དཀྱིལ་འཁོར་བཞི་འབྱུང་
བ་རིགས་ཀྱི་དབྱེ་བས་བྱ་བའི་ཡན་ལག་གི་བཟླས་པ་བསྟན་པའི་ཕྱིར། ནམ་མཁའི་དབྱིངས་ཀྱི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་ནམ་མཁའི་དབྱིངས་ནི་འདིར་མི་ཤིགས་པའོ། །དེའི་དབུས་ན་གནས་ན་ནི་དེ་ལས་བྱུང་བའོ། །ཉི་མའི་དཀྱིལ་འཁོར་ནི་མེའི་དཀྱིལ་འཁོར་ཏེ་

འོད་ཟེར་དམར་པོའི་ངོ་བོ་ཉིད་གཡས་ལས་བྱུང་བའི་འོད་ཀྱི་ཚོགས་སོ། །བསྒོམ་པ་ནི་ཤེས་པར་བྱའོ། །སངས་རྒྱས་སྐུ་ཡི་གནས་བསྒོམས་ཏེ། །ཞེས་བྱ་བ་ལ་སངས་རྒྱས་ནི་རྣམ་པར་སྣང་མཛད་དོ། །སྐུ་ནི་འོད་དཔག་ཏུ་མེད་པའོ། །དེ་དག་གི་གནས་ནི་ཡི་གེ་ཨོཾ་
དང་ཨཱཿསྟེ། དེ་འཇུག་པ་དང་། གནས་པར་བསྒོམ་ཞིང་ཉེ་བར་མཚོན་པའོ། །ཡི་གེ་ཨོཾ་དང་ཨཱཿདེ་དག་གི་སྟེང་དུ་གནས་ཏེ། ཡི་གེ་ཧཱུཾ་ལྡང་བའི་བདག་ཉིད་ཅན་དགོད་ཅིང་། ཡོངས་སུ་བརྟགས་པ་འདི་ནི་འོད་དཔག་ཏུ་མེད་པའི་བཟླས་པའོ། །གསལ་བའི་དཀྱིལ་འཁོར་ནི་ཆུའི་དཀྱིལ་
འཁོར་ཏེ་དལ་བའི་ངོ་བོ་ཉིད་དོ། །སྤྱན་གྱི་ཚུལ་དང་སྦྱོར་བ་ནི་དཀར་ཞིང་རྒྱུ་བ་དལ་བར་མཚོན་པའོ། །རྡོ་རྗེ་པདྨོ་རྣམ་པར་བསྒོམ། །ཞེས་བྱ་བ་ལ། དེ་ནས་ཏེ། ཡི་གེ་ཨོཾ་ཡོངས་སུ་གྱུར་པའི་རྗེས་ལ་པདྨ་སྟེ། ཡི་གེ་ཨཱཿཡོངས་གྱུར་པ་དང་། རྡོ་རྗེ་སྟེ་ཧཱུཾ་ལྡང་བ་རབ་ཏུ་བརྗོད་པར་བྱ་
བ་སྟེ། འདི་ནི་རྡོ་རྗེའི་བཟླས་པའོ། །རིན་ཆེན་དཀྱིལ་འཁོར་ནི་རིན་ཆེན་འབྱུང་ལྡན་གྱི་དབང་ཆེན་གྱི་དཀྱིལ་འཁོར་ཏེ། གཉི་ག་ནས་རྒྱུ་བ་ཁ་དོག་སེར་པོའོ། །མཆོག་གི་སྦྱོར་བ་ནན་ཏན་གྱིས། །དེ་ཡི་སྟེང་དུ་ཡོངས་སུ་བསྒོམ། །ཞེས་བྱ་བ་ནི། དཀྱིལ་འཁོར་དེའི་སྟེང་དུ་
མཆོག་གི་སྦྱོར་བ་སྟེ། ཡི་གེ་གསུམ་སྤྲོ་བ་དང་བསྡུ་བ་དང་གནས་པའི་བདག་ཉིད་ཅན་ནན་ཏན་གྱིས་རྩེ་གཅིག་ཏུ་བསྒོམ་ཞིང་ཤེས་པར་བྱ་སྟེ་འདི་ནི་རིན་པོ་ཆེའི་བཟླས་པའོ། །ནམ་མཁའི་དབྱིངས་ཀྱི་དབུས་གནས་པར། །འོད་ཀྱི་དཀྱིལ་འཁོར་བསྒོམ་པར་བྱ། །ཞེས་བྱ་བ་ལ་
མི་ཤིགས་པ་ལས་འོད་ཀྱི་དཀྱིལ་འཁོར་ནི་རླུང་གི་དཀྱིལ་འཁོར་ཏེ། ཁ་དོག་ནག་པོ་གཡོན་ནས་འབྱུང་བའོ། །དེའི་སྟེང་དུ་སངས་རྒྱས་ཀྱི་ཚུལ་ཏེ། ཡི་གེ་ཧཱུཾ་ཞི་བ་ཐུང་ངུ་འཇུག་པ་དང་། གནས་པའི་རྗེས་ལ་སྤྲོ་ཞིང་འབྱིན་པ་འདི་ནི་དོན་ཡོད་པའི་བཟླས་པའོ། །འཁོར་ཡང་ཁྱད་པར་
དག་ཏུ་སྤྲོ། །ཞེས་བྱ་བ་ལ། དེ་ནས་དཀྱིལ་འཁོར་གྱི་རབ་ཏུ་འཇུག་པ་ལ་སྤྱོད་པ་ན་དཀྱིལ་འཁོར་གསུམ་པོ་འཁོར་དུ་གྱུར་པས་དེའི་ནང་དུ་ཆུད་པར་སྤྲོའོ་ཞེས་པའོ། །རྡོ་རྗེའི་བཟླས་པ་འདིའི་ཉིན་མཚན་དུ་བཟླས་པའི་གྲངས་ནི། བཤད་པའི་རྒྱུད་ལས་སྟོན་པས་དེ་ལ་འཇུག་པར་བྱ་སྟེ།

གོས་དཀར་ལ་སོགས་བཟླས་བཤད་པ། །བརྒྱ་ཕྲག་གཉིས་དང་ཉི་ཤུ་ལྔ། །བཞི་པོ་ལེགས་པར་བགྲེས་པ་ནི། །བཞི་བསྡུས་བརྒྱ་ཕྲག་དགུ་ཉིད་དོ། །དགུ་བརྒྱ་དག་ཏུ་གང་བསྟན་པ། །ཉི་ཤུ་རྩ་བཞིའི་རིམ་གྱིས་ནི། །དེ་ནི་སོ་སོར་འབྱུང་བ་ལས། །ཉི་ཁྲི་ཆིག་སྟོང་དྲུག་བརྒྱའོ། །ཞེས་བྱ་
བའོ། །རྣལ་འབྱོར་པ་གཉིས་གཉི་གའི་ཕྲ་མོའི་རྣལ་འབྱོར་པ་གཞན་དག་བསྟན་པའི་ཕྱིར། ཨུཏྤལ་མཐིང་ག་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཨུཏྤལ་མཐིང་གའི་ཁ་དོག་འདྲ་བའི་རྡོ་རྗེ་ནས་འབྲུའི་ཚད་ཙམ་རང་གི་རྡོ་རྗེའི་བུ་གར་བསམ་པར་བྱ་བ་དང་། ཙ་ན་ཀའི་འབྲུའི་ཚད་ཙམ་གྱི་
པདྨ་གེ་སར་གྱི་ཕྲེང་བས་བརྒྱན་པ་ཆོས་འབྱུང་བའི་ནང་དུ་ཆུད་པ་ནི་བྱང་ཆུབ་ལ་གཞོལ་བ་སྟེ། བྱང་ཆུབ་འཐོབ་པར་བྱེད་པ་བསྒོམ་པར་བྱ་བ་དང་། ཡུམ་གྱི་སྣ་རྩེ་དེར་འཁོར་ལོ་དང་རིན་པོ་ཆེ་དང་རྡོ་རྗེ་རྣམས་བསྒོམ་པ་དང་། ཙ་ན་ཀའི་འབྲུ་ཙམ་པ་ཉིད་རང་གི་རིགས་ཀྱི་དབྱེ་བས་
བསྒོམ་པར་བྱའོ་ངས་ཀྱང་ཅིར་འགྱུར་ཞེ་ན། དངོས་གྲུབ་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། དངོས་གྲུབ་ཐམས་ཅད་ནི་ཞི་བ་ལ་སོགས་པའོ། །ཡོན་ཏན་ནི་འདོད་པའི་དབང་ཕྱུག་ལ་སོགས་པ་བརྒྱད་དོ། །བྱང་ཆུབ་ཀྱི་གནས་འགྲུབ་ཅེས་བྱ་བ་ལ་བྱང་ཆུབ་ནི་གཉིས་སུ་
མེད་པའི་ཡེ་ཤེས་སོ། །དེའི་གནས་ནི་རྒྱུ་སྟེ་དེ་གང་ཡིན་ཞེ་ན་དོན་དམ་པའི་བདེན་པའོ། །ཉོན་མོངས་པ་ཐམས་ཅད་རྣམ་པར་དག་པས་ན། ཉམས་དགའ་བ་སྟེ་ཡིད་དགའ་བའོ། །དེ་ལྟ་བུའི་དངོས་གྲུབ་ཐམས་ཅད་ཀྱི་གཞིར་གྱུར་པའི་བྱང་ཆུབ་ཀྱི་གནས་འགྲུབ་པར་འགྱུར་བ་སྟེ་
རྣལ་འབྱོར་པ་དེའི་མངོན་དུ་འགྱུར་བའོ། །དོན་དམ་པའི་བདེན་པ་ཇི་ལྟར་མངོན་དུ་བྱེད་ཅེ་ན། སངས་རྒྱས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སངས་རྒྱས་ནི་ཕུང་པོ་ལ་སོགས་པའོ། །བྱང་ཆུབ་ཀྱི་གནས་རྣམས་ནི་སྤྲུལ་པའི་སྐུ་ལ་གནས་སྐབས་སོ། །མདོར་ན་ཞེས་བྱ་བ་
ནི་ཡེ་ཤེས་གསུམ་གྱི་སྦྱོར་བས་གནས་པར་བྱས་ནས་དོན་དམ་པའི་བདེན་པ་དེར་སྤྲོ་ཞིང་གཞུག་པའོ། །དེ་ལྟར་དོན་དམ་པའི་བདེན་པ་ལ་འཇུག་པའི་འོག་ཏུ་ལྡང་བ་བསྟན་པར་བྱ་བའི་ཕྱིར། སྐུ་གསུང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། །སྐུ་གསུང་ཐུགས་ཀྱི་མཚན་པ་ཡི། །

ཞེས་བྱ་བ་ནི་སྐུ་གསུམ་གྱི་བདག་ཉིད་ཅན་ནོ། །ཆོས་ནི་འོད་གསལ་བའོ། །དེའི་ཚིག་ནི་རྒྱུ་གང་ཡིན་པ་དེ་ལ་ཆོས་ཀྱི་ཚིག་ཅེས་བྱ་སྟེ་རྡོ་རྗེ་འཆང་ཆེན་པོའི་བདག་ཉིད་དུ་བསྐྱེད་པར་བྱའོ་ཞེས་པ་སྟེ་དགོངས་པས་བཤད་པའོ། །ད་ནི་འདོད་པའི་ཡོན་ཏན་ལྔའི་སྒོ་ནས་རྫོགས་
པའི་རིམ་པ་གསལ་བར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ནས་ནི་ཕྲ་མོའི་རྣལ་འབྱོར་བཤད་པའི་འོག་ཏུའོ། །དེ་ཉིད་དོན་ནི་གཉིས་སུ་མེད་པའི་ཡེ་ཤེས་ཏེ་དེ་སྟོན་པར་མཛད་པས་ན་དེ་ཉིད་དོན་ཀུན་སྟོན་པ་པོའོ། །སྤྱོད་པ་ཀུན་ནི་སྤྲོས་པ་དང་བཅས་པའི་སྤྱོད་པ་
དང་། སྤྲོས་པ་མེད་པའི་སྤྱོད་པ་དང་། ཤིན་ཏུ་སྤྲོས་པ་མེད་པའི་སྤྱོད་པ་ནི་སྤྱོད་པ་ཀུན་ནོ། །དེ་རྣམས་ཀྱི་མཆོག་ནི་ལོངས་སྤྱོད་པ་དང་གྲོལ་བའི་སྤྱོད་པའོ། །དེ་རྣམས་ཀྱི་དག་པ་ནི་རྡོ་རྗེ་འཆང་གི་གོ་འཕང་ཐོབ་པས་སོ། །གསང་བའི་དམ་པ་ནི་འོག་ནས་བཤད་པ་སྟེ་དེ་བཀའ་སྩལ་པ་ནི།
གཟུགས་དང་ཞེས་བྱ་བ་ལ་སོགས་པའོ། །གཟུགས་དང་སྒྲ་དང་རོར་ལྡན་པ། །ཞེས་བྱ་བ་ནི། རྡོ་རྗེ་གསུམ་མི་ཕྱེད་པའི་ངོ་བོའི་བདག་ཉིད་ཅན་དུ་ཤེས་ནས། སྒྲུབ་པ་པོས་ཟླ་བ་དྲུག་ཏུ་རྟག་ཏུ་བསྒོམ་པར་བྱའོ། །ཟས་སུ་བཤང་ཅི་ཞེས་བྱ་བ་ནི་བཤང་བ་དང་གཅི་བ་བཟའ་བར་བྱ་བའི་ཕྱིར་
དང་། ལུས་གནས་པའི་ཕྱིར་དངོས་གྲུབ་ཀྱི་འབྲས་བུ་དོན་དུ་གཉེར་བས་བྱའོ། །དེས་བླ་ན་མེད་པའི་དེ་ཁོ་ན་ཉིད་ཅི་ཞིག་འགྲུབ་པར་འགྱུར་ཞེ་ན། དེ་ཉིད་བསྟན་པར་བྱ་བའི་ཕྱིར། སངས་རྒྱས་བྱང་ཆུབ་སྐྱོན་མེད་པ། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཟས་སུ་ཞེས་བྱ་བ་ལ་སོགས་
པ་ལ། ཤ་རྣམས་ཟ་བ་དང་ཞེས་བྱ་བ་ནི་ཟས་སུ་བྱ་བའི་ཕྱིར་དང་ཉེ་བར་ལོངས་སྤྱོད་པའི་དོན་དང་། ཁྲོ་བོའི་ལྷ་རྣམས་ལ་དབུལ་བར་བྱ་བའི་ཕྱིར་ཏེ། གལ་ཏེ་ཤ་བརྟགས་པར་གྱུར་ན་དེའི་ཚེ་ཤ་ཆེན་པོ་བརྟག་པར་བྱའོ། །གསང་བ་ནི་གསང་བ་ལ་སོགས་པའི་ལས་སོ། །དེ་ལས་འབྱུང་བ་དེའི་
ཡུལ་ཅན་ནི་གསང་བའོ། །དེ་གང་ཡིན་ཞེ་ན། སྐུ་དང་གསུང་དང་ཐུགས་ཞེས་བྱ་བ་སྟེ་རྗེས་སུ་མཐུན་པ་འབྱུང་བར་འགྱུར་བའོ། །དེ་དག་ལ་སོགས་པ་འབའ་ཞིག་ཏུ་བསྟན་པར་མ་ཟད་ཀྱི། དངོས་གྲུབ་ཐམས་ཅད་ཅེས་བྱ་བ་སྟེ། རི་ལུ་ལ་སོགས་པའི་དངོས་གྲུབ་རྣམས་ལ་རྣལ་

འབྱོར་པ་དེའི་ལུས་དང་ངག་དང་ཡིད་ལེགས་པར་གནས་པ་སྐྱེ་བའོ། །དེ་ལྟར་རྡོ་རྗེའི་རིགས་ཀྱི་ཁྲོ་བོ་རྣམས་ཀྱི་ཉེ་བར་སྤྱོད་པ་གསུངས་ནས། དེ་བཞིན་གཤེགས་པ་ལ་སོགས་པའི་རིགས་ཀྱི་ཁྲོ་བོ་རྣམས་ཀྱི་ཉེ་བར་ལོངས་སྤྱོད་པ་བསྟན་པའི་ཕྱིར། གླང་པོའི་ཞེས་བྱ་བ་ལ་སོགས་པ་གསུངས་
ཏེ། དམ་པ་ཞེས་བྱ་བ་ནི་བ་ལང་གི་ཤའོ། །བཟའ་བར་བྱ་ཞེས་བྱ་བ་ནི་ཤ་བཞི་པོ་དེ་རྣམས་བཟའ་བར་བྱ་བའི་ཕྱིར་དང་། ལྷ་བཤོས་ཀྱི་ཕྱིར་དེ་བཞིན་གཤེགས་པའི་རིགས་ལ་སོགས་པའི་ཁྲོ་བོའི་ཚོགས་ཀྱིས་བཟའ་བར་བྱའོ། །དེ་རྣམས་མེད་ན་ཇི་ལྟར་བྱ་ཞེ་ན། ཟས་གཞན་ཞེས་བྱ་བ་ལ་
སོགས་པ་གསུངས་ཏེ། བཟའ་བ་ལ་སོགས་པ་གསུངས་ཏེ་གཞན་དག་ཀྱང་ཤར་དབུལ་ལོ། །ཟས་ནི་འབྲས་ཆེན་ནོ། །གཞན་དག་ནི་འབྲུ་རྣམས་སོ། །དེ་དག་ཀྱང་མི་བཟའ་འམ་ཞེ་ན་བཟའ་བར་བྱ་སྟེ། ཁྲོ་བོ་རྣམས་ཀྱི་དྲག་པོའི་ལས་ལ་ནི་ཟས་གཞན་མི་དབུལ་བ་ཡིན་པས་སོ། །འབྲས་
བུ་བསྟན་པར་བྱ་བའི་ཕྱིར། བྱང་ཆུབ་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། རིགས་དེ་དང་འབྲེལ་པའི་བྱང་ཆུབ་སེམས་དཔའ་རྣམས་དང་། བློ་ཅན་དེ་རང་གི་ཕྱག་རྒྱ་དང་བཅས་པ་རྣམས་དང་། སངས་རྒྱས་ཏེ་མི་བསྐྱོད་པ་ལ་སོགས་པ་རྣམས་རང་གི་རིགས་ཀྱི་མཆོད་པ་བྱས་པས་
མཉེས་པར་འགྱུར་རོ། །ཡང་འདི་ཉིད་ཀྱི་ཕན་ཡོན་བསྟན་པར་བྱ་བའི་ཕྱིར། འདི་ལྟ་བུ་ཡི་སྦྱོར་བ་ཡིས། །མྱུར་དུ་སངས་རྒྱས་ཉིད་ཐོབ་འགྱུར། །ཞེས་བྱ་བ་གསུངས་ཏེ། གཏོར་མའི་སྦྱོར་བ་འདི་ཡིས་ནི། །མྱུར་ཞིང་རིང་བར་སངས་རྒྱས་ཉིད་དེ་བྱང་ཆུབ་པ་ཉིད་ཐོབ་པར་འགྱུར་
བའོ། །ཡེ་ཤེས་དང་ལྡན་པ་འབའ་ཞིག་ཏུ་མ་ཟད་ཀྱི་འདོད་པའི་དབང་ཕྱུག་ཏུ་འགྱུར་རོ་ཞེས་བསྟན་པར་བྱ་བའི་ཕྱིར། འདོད་ཁམས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདོད་ཁམས་དབང་ཕྱུག་འཇིག་རྟེན་ན། །གོ་འཕང་ལས་ནི་བྱེད་པར་འགྱུར། །ཞེས་བྱ་བ་ལ་
འདོད་པའི་ཁམས་ནི་བུད་མེད་ཐམས་ཅད་དེ་དེ་རྣམས་ཀྱི་ཡུལ་ལ་དགའ་བའི་དབང་ཕྱུག་ཏུ་འགྱུར་བའོ། །དེ་ཡང་། རི་རབ་སུམ་ཅུ་རྩ་དྲུག་གི། །རྡུལ་ཕྲན་ཇི་སྙེད་ཡོད་པ་ཡི། །དེ་སྙེད་ཀྱི་ནི་བུད་མེད་རྣམས། །ཡོན་ཏན་ཅན་ནི་བདག་གིར་འགྲུབ། །ཅེས་འདི་ཉིད་ཀྱི་འོག་ནས་གསུངས་

པའི་ཕྱིར་རོ། །འཇིག་རྟེན་ནི་ལས་ཀྱི་སའོ། །གོ་འཕང་ནི་ཕྱིར་མི་ལྡོག་པའོ། །དེའི་ལས་ནི་སེམས་ཅན་སྨིན་ཅིང་གྲོལ་བར་བྱེད་པའི་མཚན་ཉིད་ཅན་ནོ། །དེ་མཛད་པས་ན་གོ་འཕང་ལས་ནི་བྱེད་པར་འགྱུར་བའོ། །ཡོངས་སུ་བརྟགས་པའི་རྣལ་འབྱོར་པ་
རྣམས་ཀྱི་མཆོག་ཏུ་གྱུར་པས་ན་གཙོ་བོའོ། །སྡུག་བསྔལ་བ་དང་ཡིད་མི་བདེ་བ་ཐམས་ཅད་ཟིལ་གྱིས་གནོན་པས་ན་གཟི་བརྗིད་དེ། དེ་ཡོད་པས་ན་གཟི་བརྗིད་ཅན་ནོ། །འཇིག་རྟེན་གྱི་ཆོས་བརྒྱད་ཀྱིས་མི་བརྫི་བས་ན་སྟོབས་དང་ལྡན་པའོ། །རྡོ་རྗེ་སེམས་དཔའི་ཚེ་དང་ལང་ཚོ་དང་ལྡན་
པས་ན་མདངས་བཟང་ངོ་། །རྟག་ཏུ་རབ་ཏུ་དགའ་བར་གྱུར་པས་ན་མཐོང་ན་ཡིད་དུ་འོང་བའོ། །དེ་ལྟ་བུའི་རྣལ་འབྱོར་ཆེན་པོ་དང་ལྡན་པའི་རྣལ་འབྱོར་པས་ནི་མཐོང་བ་སྟེ་མཐོང་བ་ནི་ཁོང་དུ་ཆུད་པའོ། །དེ་ཡང་རྣམ་པ་གསུམ་སྟེ། མིག་དང་། རྣ་བ་དང་། ཡིད་ཀྱིས་སོ། །དེ་ལ་
མཐོང་བ་ཙམ་གྱིས་འཇིག་རྟེན་ཏེ། སྣ་ཚོགས་པས་རྣམ་པར་ཕྱེ་བའི་འགྲོ་བ་དབང་དུ་བྱེད་པར་འགྱུར་བ་སྟེ་དཔོན་པོ་ལ་སོགས་པ་ལྟ་བུར་མཐོང་བར་འགྱུར་བའོ། །དབང་དུ་འགྱུར་བ་ནི་དབང་ཐོབ་པའི་རྣམ་གྲངས་སོ། །བསྐུལ་མེད་པར་ཞེས་བྱ་བ་ནི་ཕྱིའི་སྔགས་དང་། ཕྱག་རྒྱ་ལ་
སོགས་པས་བསྐུལ་ཞིང་དྲངས་པ་མེད་པ་སྟེ་མཚན་མའི་ཏིང་ངེ་འཛིན་ལ་གནས་པས། མཚན་མེད་འབྲས་བུ་འཐོབ་མི་འགྱུར། །ཞེས་རྣམ་པར་སྣང་མཛད་མངོན་པར་བྱང་ཆུབ་པ་ལས་གསུངས་པའི་ཕྱིར་བདེ་བ་ཐམས་ཅད་ལྷུན་གྱིས་གྲུབ་པ་ཉིད་དུ་འབྱུང་བར་འགྱུར་བའོ། །འདི་
ནི་ཞེས་པ་ནི་བཤད་མ་ཐག་པའོ། །སངས་རྒྱས་ཐམས་ཅད་ཀྱི་ཞེས་བྱ་བ་ནི་རྟོག་པའི་རྣལ་འབྱོར་པ་ཐམས་ཅད་དེ། དེ་རྣམས་ཀྱི་ཕུལ་དུ་བྱུང་བའི་སངས་རྒྱས་རྟོགས་ཤིང་རྫོགས་པའི་རིམ་པའི་ཏིང་ངེ་འཛིན་ལ་གནས་པའོ། །དེ་རྣམས་ཀྱི་གསང་བ་ནི་སྦས་པའོ། །བྱང་ཆུབ་
དམ་པ་ཞེས་བྱ་བ་ནི་བྱང་ཆུབ་དེ་འཐོབ་པར་འགྱུར་བ་ལས་ཉེ་བར་མཚོན་པའོ། །ཡང་དག་སྔགས་ཀྱི་གསང་བ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་གསང་བའོ། །འདི་ཞེས་བྱ་བ་ནི་བཤད་མ་ཐག་པའོ། །ལུས་ངག་སེམས་ལས་འདའ་བའོ། །ཞེས་བྱ་བ་ནི་ཐ་མལ་པའི་ལུས་དང་

ངག་དང་སེམས་ལས་འདའ་བ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །འདི་སྐད་སྟོན་པར་འགྱུར་ཏེ། ཐ་མ་ལ་པ་ཡི་ལུས་སྤངས་ནས། །གང་གིས་རྡོ་རྗེའི་རང་བཞིན་གྱི་ལུས་ཐོབ་པར་འགྱུར་བའི་དེ་ཁོ་ན་ཉིད་ནི་འདི་ལྟ་བུ་ཡིན་ནོ་ཞེས་པ་སྟེ། དེ་སྐད་དུ། རྣམ་རྟོག་མེད་པའི་སྔགས་པ་ནི། །
འདི་ལྟའི་ཏིང་འཛིན་ལྡན་པ་དག །ངེས་པའི་དུས་ནི་ཡོངས་སྤངས་ནས། །བླ་མེད་གོ་འཕང་ཐོབ་པར་འགྱུར། །ཞེས་གསུངས་པ་སྟེ་དྲང་བའི་དོན་ཏོ། །རྡོ་རྗེའི་ཚིག་འདི་དག་བཤད་པའི་རྒྱུད་ཀྱི་རྗེས་སུ་འབྱངས་པས་རྣམ་པར་དབྱེ་བ་ལ་འཇུག་པར་བྱ་སྟེ། དེ་ནས་བདེ་གཤེགས་
གཙོ་བོས་ཀྱང་། །གསང་བའི་དམ་པ་གསུངས་པ་ནི། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །སྤྱོད་མཆོག་དམ་པ་ཀུན་གསུངས་སོ། །སྐད་ཅིག་ཐང་ཅིག་ཡུད་ཙམ་དང་། །ཟླ་ཕྱེད་ཟླ་བ་ལོ་ཡི་དུས། །བསྐལ་པ་གྲངས་མེད་གསུམ་པོ་ནི། །སྐད་ཅིག་གཅིག་ཏུ་མཉམ་པར་
བཤད། །ཟླ་བ་དྲུག་བཤད་དེ་ཉིད་ཡིན། །དངོས་མེད་རྫོགས་པར་ལོངས་སྤྱོད་པ། །སྐད་ཅིག་གཅིག་ཏུ་བསྔགས་པ་སྟེ། །དུས་གསུམ་ལས་འདས་ཡིན་པར་དགོངས། །གཟུགས་དང་སྒྲ་དང་རོར་ལྡན་པ། །རྣལ་འབྱོར་པས་ནི་ཟླ་དྲུག་བསྒོམ། །མཆོད་ཆེན་དེ་ནི་
བྱས་ནས་སུ། །གསང་བའི་དེ་ཉིད་རྣམ་པར་བསྒོམ། །ཡུལ་དང་དབང་པོ་སྦྱོར་བ་ནི། །བཤང་གཅི་ཟས་སུ་བྱེད་པའོ། །བྱས་ན་དེ་འདྲའི་དངོས་གྲུབ་ནི། །བཟའ་བ་རྣམ་རྟོག་མེད་པའོ། །དེ་ཉིད་འདི་ནི་བླ་མེད་པ། །བྱང་ཆུབ་སེམས་གཅིག་ལས་བྱུང་བའོ། །རྟོག་མེད་
འདུས་ནི་མ་བྱས་ཤིང་། །མི་རྟོག་དོན་ནི་འགྲུབ་པར་འགྱུར། །མཱཾ་ནི་མཱ་མ་ཀཱིར་བཤད་དེ། །ས་ནི་མངོན་པར་བྱང་ཆུབ་པའོ། །བསམ་གཏན་དེ་ནི་དགའ་སྤྱོད་པ། །ཤ་ཞེས་བྱ་བར་དེ་བཤད་དོ། །ནམ་མཁའ་མཐའ་ཡས་རྣལ་འབྱོར་ནི། །ཤ་ཆེན་དེ་ནི་ཡིན་པར་བཤད། །
གསང་བ་ཡི་ནི་གོ་འཕང་མཆོག །རྡོ་རྗེ་གསུམ་ནི་མྱུར་དུ་འགྲུབ། །དམ་ཚིག་ཆེན་པོ་གླང་ཆེན་རྟ། །དེ་བཞིན་ཁྱི་ལ་སོགས་པའི་ཤ །ཕུང་པོ་ལ་སོགས་རིགས་དབྱེ་བས། །ཇི་སྐད་བཤད་དང་གྲངས་མཉམ་པའོ། །རྣལ་འབྱོར་གང་ཞིག་གཉིས་མེད་པ། །བསམ་གཏན་

དགའ་བ་ཞེས་བྱ་ཟས། །ཁམས་ཞེས་བྱ་བའི་ངོ་བོ་ནི། །འཇིག་རྟེན་པ་དང་འཇིག་རྟེན་འདས། །གང་ཡང་འཇིག་རྟེན་ལས་འདས་མཆོག །མཁས་པའི་རྣམ་པར་མི་རྟོག་པའོ། །དེ་བཞིན་ཉིད་དུ་རོ་གཅིག་པོ། །དེ་ནི་འཁོར་དང་ཅིག་ཤོས་སྤངས། །རྣལ་འབྱོར་
བརྟུལ་ཞུགས་བཟང་པོ་འདིས། །བྱང་ཆུབ་སེམས་དཔའ་བློ་ཅན་དང་། །སངས་རྒྱས་རྣམས་ནི་མཉེས་འགྱུར་ཞིང་། །དངོས་གྲུབ་མྱུར་དུ་འཐོབ་པར་འགྱུར། །འདོད་ཁམས་དབང་ཕྱུག་འཇིག་རྟེན་ན། །ལས་ཀྱི་གོ་འཕང་ཐོབ་པར་འགྱུར། །གཙོ་བོ་གཟི་ཆེན་སྟོབས་ཀྱིས་ཕྱུག །
མདངས་དང་ལྡན་ཞིང་མཐོང་ན་དགའ། །མཐོང་བ་ཙམ་གྱིས་བསྐུལ་མེད་པར། །འཇིག་རྟེན་འདི་དག་དབང་དུ་འགྱུར། །འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །གསང་བ་བྱང་ཆུབ་དམ་པའོ། །ཡང་དག་སྔགས་ཀྱི་གསང་བ་འདི། །རྡོ་རྗེ་གསུམ་འདས་དམ་པའོ། །གཙོ་བོ་དེ་
བཞིན་གཤེགས་ཀུན་གྱི། །དམ་ཚིག་ཡིན་ཏེ་དམ་ཚིག་མཆོག །ཅེས་བྱ་བ་སྟེ། ངེས་པའི་དོན་ཏོ། །དེ་ཁོ་ན་ཉིད་རྣམ་པར་མི་འཇིག་པའི་ངོ་བོ་ཉིད་གང་གིས་ལུས་དང་ངག་དང་ཡིད་བྱིན་གྱིས་རློབ་ཅིང་སྐྱེད་པའི་ཚིག་དེའི་གཞུང་གི་ཚོགས་ཀྱི་ལེའུ་ལ་ནི། སྐུ་དང་གསུང་དང་ཐུགས་བྱིན་
གྱིས་རློབ་པའི་ལེའུ་ཞེས་བྱའོ། །སྒྲོན་མ་གསལ་བར་བྱེད་པ་ཞེས་བྱ་བའི་རྒྱ་ཆེར་བཤད་པ་ལས་ལེའུ་དྲུག་པ་མཐའ་དྲུག་གིས་བཤད་པའོ།། །།དེ་ལྟར་རྣལ་འབྱོར་པ་ཐ་མལ་པ་དང་། མཆོག་རྣམས་ཀྱི་སྤྱོད་པ་ཡང་དག་པར་བསྟན་ནས། དེ་ཉིད་སླར་ཡང་སྤྲོས་ནས་བཤད་
པའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་དམ་ཚིག་ཆེན་པོ་ནི་རྡོ་རྗེ་འཆང་ཆེན་པོའོ། །དེའི་དེ་ཁོ་ན་ཉིད་ནི་ཡན་ལག་དྲུག་གོ། །སྔགས་ཀྱི་སྤྱོད་པའི་མཆོག་ནི་ཐུན་མོང་གི་བསྒྲུབ་པའོ། །དེ་དག་གིས་མངོན་པར་རྫོགས་པར་བྱང་ཆུབ་པ་ཐོབ་པ་ནི། རྡོ་རྗེ་འཆང་
ཉིད་ཐོབ་པ་སྟེ། དམ་ཚིག་ཆེན་པོའི་དེ་ཁོ་ན་ཉིད་མངོན་པར་རྫོགས་པར་བྱང་ཆུབ་པ་ཞེས་བྱའོ། །དེའི་དོན་གྱི་ལེའུ་ནི་དེ་རབ་ཏུ་སྟོན་པའི་ཚིག་གི་ཚོགས་ཏེ། དེ་བཅོམ་ལྡན་འདས་ཀྱིས་གསུངས་སོ་ཞེས་བྱ་བར་སྦྱར་རོ། །འདོད་པའི་ལོངས་སྤྱོད་ཅེས་བྱ་བ་ལ་སོགས་

པ་ལ། འདོད་པ་ཐམས་ཅད་ནི་གཟུགས་ལ་སོགས་པའི་ཡུལ་རྣམས་སོ། །དེ་རྣམས་ལ་ཉེ་བར་ལོངས་སྤྱོད་པ་ནི་རྗེས་སུ་མྱོང་ཞིང་ཡིད་ཀྱིས་གོམས་པར་བསྟེན་པས་སོ། །ཇི་ལྟར་བསྟེན་ཞེ་ན། ཇི་ལྟར་འདོད་པ་ཞེས་གསུངས་ཏེ། ཇི་ལྟར་འདོད་པ་ཞེས་བྱ་བ་ལ། འདོད་པ་ནི་
འདུན་པ་སྟེ། གང་དང་གང་འདོད་པ་ནི་ཇི་ལྟར་འདོད་པའོ། །དེ་ལ་འདོད་པ་སྨོས་པའི་རྣམ་པ་ནི། མིག་ལ་སོགས་པས་གཟུགས་ལ་སོགས་པ་ངན་པ་དང་། འབྲིང་དང་། མཆོག་རྣམས་གཅིག་པའི་རྣམ་པས་ཡུལ་དུ་བྱེད་པའོ། །རྣལ་འབྱོར་པས་ཀྱང་དབང་པོ་དང་
ཇི་ལྟར་རྗེས་སུ་མཐུན་པར་ལོངས་སྤྱོད་པས་བསྟེན་པར་བྱེད་པ་ནི། ཇི་ལྟར་འདོད་པ་ཞེས་བྱ་སྟེ། འདིར་སྤྲོས་པ་དང་བཅས་པའི་སྤྱོད་པ་ལ་སྤྱོད་དོ་ཞེས་བྱ་བ་ནི་ཚིག་གི་ལྷག་མའོ། །ཅི་ཞིག་ཅེ་ན། འདི་ལྟ་བུ་ཡི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདི་ལྟ་བུ་ནི་བཤད་མ་
ཐག་པའོ། །སྦྱོར་བ་ཡིས་ཞེས་བྱ་བ་ནི་ཡུལ་དང་དབང་པོ་མཉམ་པར་སྦྱོར་བས་སངས་རྒྱས་ཏེ། རྡོ་རྗེ་འཆང་ཉིད་མྱུར་ཞིང་རིངས་པར་ཚེ་འདི་ཉིད་ལ་ངེས་པར་འཐོབ་པར་འགྱུར་བའོ། །དེ་ལྟར་སྤྲོས་པ་དང་བཅས་པའི་སྤྱོད་པ་བསྟན་ནས་སྤྲོས་པ་མེད་པའི་སྤྱོད་པའི་དབང་དུ་
མཛད་ནས། འདོད་པའི་ལོངས་སྤྱོད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། ཇི་ལྟར་འདོད་པ་ཞེས་བྱ་བ་ནི། བདག་ཉིད་འདོད་པ་དང་རྗེས་སུ་མཐུན་པ་དང་། ཇི་ལྟར་བདེ་བ་ཉམས་སུ་མྱོང་བའི་འདོད་པའི་ཡོན་ཏན་ལྔས་བདག་སྟེ་རང་ཉིད་དང་། གཞན་རྣམས་ལ་མཆོད་པར་བྱ་ཞིང་
ཚིམ་པར་བྱའོ། །ཇི་ལྟར་ཞེ་ན། རང་གི་ལྷ་ཡི་སྦྱོར་བ་ཡིས། །ཞེས་བྱ་བ་སྟེ། རང་གི་ལྷའི་ཏིང་ངེ་འཛིན་གྱིས་སོ། །དེ་ཉིད་ཀྱིས་ན། དཀའ་ཐུབ་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། ལུས་ངལ་ཞིང་དུབ་པའི་སྦྱོར་བས་གཙུག་ལག་ཁང་ལ་སོགས་པ་སྒྲུབ་པའི་དཀའ་ཐུབ་
དང་། ཤིང་དྲུང་པ་ལ་སོགས་པའི་སྦྱངས་པའི་ཡོན་ཏན་བཅུ་གཉིས་ཀྱི་སྡོམ་པ་དང་། རི་ལས་མཆོང་ཞིང་མེར་འཇུག་པ་ལ་སོགས་པ་མི་བཟད་པ་སྟེ། དེ་རྣམས་ཀྱིས་བསྟེན་ཅིང་གདུངས་བཞིན་པས་ནི་འགྲུབ་པར་མི་འགྱུར་ཏེ། བྱང་ཆུབ་རྙེད་པར་མི་འགྱུར་རོ། །

འོ་ན་གང་གིས་འགྱུར་ཞེ་ན། འདོད་པའི་ལོངས་སྤྱོད་ཐམས་ཅད་ལ། །བསྟེན་ན་མྱུར་དུ་འགྲུབ་པར་འགྱུར། །ཞེས་བྱ་བ་གསུངས་ཏེ། ཐམས་ཅད་ཀྱིས་འདོད་ཅིང་དོན་དུ་གཉེར་བར་བྱ་བ་ཡིན་པའི་ཕྱིར་འདོད་པ་ཐམས་ཅད་དོ། །དེ་རྣམས་ལ་ཉེ་བར་ལོངས་
སྤྱོད་པས་བསྟན་པ་ནི། རྡོ་རྗེ་འཆང་ཆེན་པོ་མཉེས་པར་བྱེད་པ་སྟེ། དེས་ནི་མྱུར་དུ་ཚེ་འདི་ཉིད་ལ་ཕྱག་རྒྱ་ཆེན་པོར་གྲུབ་པ་འཐོབ་པར་འགྱུར་རོ་ཞེས་པ་སྟེ་སྒྲ་ཇི་བཞིན་པའོ། །དེ་ལྟར་ལུས་གདུང་བའི་སྒོ་ནས་ཕྱག་རྒྱ་ཆེན་པོར་གྲུབ་པ་ཐོབ་པ་ཡོངས་སུ་བཀག་ནས། སྒྲུབ་པ་པོའི་ཡིད་
ཀྱི་གདུང་བའང་དགག་པར་བྱ་བའི་ཕྱིར། སློང་མོ་ཟ་ཞིང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སློང་མོ་ཟ་བའི་ངང་ཚུལ་གྱིས་མི་བཟླ་ཞིང་བརྗོད་པར་མི་བྱ་བའོ། །སློང་མོ་ཟ་བ་ནི་ཉེ་བར་མཚོན་པའི་དོན་ཡིན་ཏེ། དེ་བས་ན་སློང་དུ་འགྲོ་བ་དང་འདྲ་བར་ཡོངས་སུ་ཚོལ་བ་ལ་
སོགས་པ་དམན་པ་ལ་འཇུག་པ་གཞན་རྣམས་དང་ལྡན་པས་ཀྱང་བཟླས་པར་མི་བྱའོ། །སློང་ལའང་དགའ་བར་མི་བྱའོ། །ཞེས་བྱ་བ་ནི། སློང་མོ་ཟ་བ་ནི་ཉེ་བར་མཚོན་པ་སྟེ། སློང་བ་ལའང་མ་ཆགས་ཤིང་ཟས་ལ་ཞེན་པར་མ་གྱུར་པར། ཇི་ཙམ་གྱིས་ལུས་གནས་པར་འགྱུར་
བ་དེ་ཙམ་གྱིས་ཆོག་ཤེས་པས་ཤིན་ཏུ་སྤྲོས་པ་མེད་པའི་སྤྱོད་པ་སྤྱད་པར་བྱའོ། །དེ་ལྟ་བུའི་སྤྱོད་པ་ལ་གནས་པས་ཅི་ཞིག་བྱ་ཞེ་ན། འདོད་པ་ཀུན་ལ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྔགས་ནི་ཡི་གེ་གསུམ་མོ། །ཡན་ལག་མ་ཉམས་པ་ནི་ལྷའི་རྣལ་འབྱོར་དང་མི་ཕྱེད་པའི་
འདོད་པ་ཀུན་ལ་ལོངས་སྤྱོད་པའི་སྔགས་པས་བཟླས་པར་བྱ་བའོ། །དེ་ལྟར་བྱས་པ་ལ་ཡོན་ཏན་ཅི་ཞིག་ཡོད་ཅེ་ན། ལུས་དང་ངག་དང་སེམས་རྣམས་ནི། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ལུས་དང་ངག་དང་སེམས་བདེ་བར་གནས་པ་ནི། རྩེ་གཅིག་པར་གྱུར་པའོ། །དེ་
ཐོབ་ན་བྱང་ཆུབ་སྟེ། རྡོ་རྗེ་འཆང་ཆེན་པོ་ཉིད་ཐོབ་ཅིང་ཡང་དག་པར་ཉམས་སུ་མྱོང་བ་རྙེད་པར་འགྱུར་བའོ། །གཞན་དུ་ཞེས་བྱ་བ་ལ་སོགས་པ་ནི། དཀའ་ཐུབ་ཀྱི་སྤྱོད་པའི་ཉེས་པ་དང་། བདེ་བར་སྤྱད་པའི་ཕན་ཡོན་སྟོན་པ་ཡིན་ཏེ། ཡ་ང་བ་མ་སྤངས་པས་འཆི་བའི་དུས་བྱས་

ཤིང་འདི་ནས་ཤི་འཕོས་ནས་དམྱལ་བ་སྟེ། མནར་མེད་པ་ལ་སོགས་པར་ངེས་པར་བསྲེག་པར་འགྱུར་རོ་ཞེས་པ་སྟེ་དྲང་བའི་དོན་ཏོ། །ལུང་གིས་བཤད་པ་བརྗོད་པར་བྱ་སྟེ། ཐ་དད་ཡི་གེ་སློང་མོ་ཡིན། །དེ་འདོན་པ་ནི་ཟ་བ་སྟེ། །དེ་དག་སློང་མོ་ཟ་བར་འདོད། །གང་ཞིག་ཟློས་པར་
དགའ་བ་དེ། །རྣལ་འབྱོར་པ་ཡི་དབུགས་འབྱུང་རྔུབ། །སྦྱོར་བ་བཞི་ཡི་དེ་ཉིད་ནི། །ཤེས་རབ་ཐབས་ཀྱི་གཞིར་གནས་ནས། །སྔགས་ཀྱི་ཡན་ལག་མ་ཉམས་བཟླས། །རྣལ་འབྱོར་དབང་པོ་ཉིན་མཚན་དུ། །བཟླས་བརྗོད་གྲངས་སུ་བྱས་པ་ནི། །ཁྲི་ཕྲག་གཉིས་དང་ཆིག་སྟོང་དང་། །
དེ་བཞིན་དྲུག་བརྒྱ་དག་ཏུ་འགྱུར། །ཞེས་བྱ་བ་སྟེ། ངེས་པའི་དོན་ཏོ། །འདས་པའི་ཡེ་ཤེས་ཅན་རྣམས་ཀྱང་སྤྱོད་པ་འདི་ཉིད་ཀྱིས་རྡོ་རྗེ་འཆང་ཆེན་པོ་ཉིད་འཐོབ་པར་བསྟན་པའི་ཕྱིར། སངས་རྒྱས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སངས་རྒྱས་ནི་རིན་པོ་ཆེ་ལྟ་བུའི་གང་ཟག་གོ། །བྱང་ཆུབ་
སེམས་དཔའ་ནི་པདྨ་དཀར་པོ་ལྟ་བུའི་གང་ཟག་ལ་སོགས་པའོ། །སྔགས་ཀྱི་སྤྱོད་པ་ནི་བྱ་བ་དང་། སྤྱོད་པ་དང་། གཉི་གའི་རྒྱུད་ལས་བཤད་པའི་སྤྱོད་པའོ། །དེ་དག་གི་མཆོག་ནི་རྣལ་འབྱོར་གྱི་སྤྱོད་པ་སྟེ། དེ་རྣམས་སྤྱོད་པའི་ངང་ཚུལ་ཅན་གང་ཡིན་པ་དེ་ནི་ཆོས་ཞེས་བྱ་སྟེ། ཀུན་
རྫོབ་ཀྱི་བདེན་པའོ། །མི་གཡོ་བ་ནི་དོན་དམ་པའི་བདེན་པ་སྟེ། ཆོས་དང་ལྡན་པའི་མི་གཡོ་བ་ནི་ཆོས་མི་གཡོ་བའོ། །དེ་དག་ཟུང་དུ་འཇུག་པའི་བདག་ཉིད་ཅན་རྡོ་རྗེ་འཆང་ཆེན་པོ་ཉིད་ནི། དབང་ཕྱུག་ཐམས་ཅད་ཀྱི་གཞིར་གྱུར་པས་ན་མཆོག་སྟེ་ཕུལ་དུ་བྱུང་བའོ། །དེ་བརྙེས་པ་ནི་
མངོན་སུམ་དུ་བྱས་པའོ། །འདོད་པ་ཐམས་ཅད་བསྟེན་པས་སོ་ཞེས་བྱ་བས་ནི། རྩེ་གཅིག་པར་མི་འགྱུར་བའི་ཕྱིར་ཡང་དཀའ་ཐུབ་ལ་སོགས་པ་དགག་པར་མཛད་པ་སྟེ། དགོངས་པ་མ་ཡིན་པས་བཤད་པའོ། །དེ་རྣམས་ཀྱིས་བསྟེན་པར་གྱུར་པའི་ཡུལ་རྣམས་ནི། རྣམ་པ་གསུམ་དུ་
བསྟན་ཅིང་གནས་ཀྱི་དགོད་པ་བྱ་བའི་ཕྱིར། ཆགས་ཅན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཆགས་ཅན་ཞེས་པ་ལ་ཆགས་པ་ནི། ཡུལ་ཐོབ་པ་རྣམས་ལ་ཞེན་པ་ཡིན་ལ