Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 25

Văn bản gốc(Tây Tạng)

Trang 21 / 21 (50.000 ký tự/trang)
ྡོ་རྗེ། །ས་ཁམས་
མེ་ལོང་རང་བཞིན་ནོ། །མདོག་སེར་རིན་ཆེན་མཁའ་འགྲོ་མ། །ལྷོ་ཡི་པད་འདབ་བསམ་པར་བྱ། །གཡས་ནག་གཡོན་ནི་ལྗང་གུའི་ཞལ། །ལྷག་པའི་ཞལ་ནི་དཀར་པོའོ། །གཡོན་གཉིས་བ་དན་ཅེ་སྤྱང་སྟེ། །གཡས་གཉིས་རྩེ་གསུམ་རིན་ཆེན་འཛིན། །ཆུ་ཁམས་མཉམ་ཉིད་རང་བཞིན་ནོ། །
མདོག་དཀར་པདྨ་མཁའ་འགྲོ་མ། །ནུབ་ཀྱི་པད་འདབ་བསམ་པར་བྱ། །གཡས་སེར་གཡོན་ནི་ལྗང་བའི་ཞལ། །ལྷག་པའི་ཞལ་ནི་ནག་པོ་སྟེ། །གཡོན་གཉིས་གཞུ་དང་ཀ་པཱ་ལ། །གཡས་གཉིས་མདའ་དང་སྣ་ཚོགས་པད། །མེ་ཁམས་སོ་སོར་རྟོག་རང་བཞིན། །ལྗང་མདོག་སྣ་ཚོགས་མཁའ་འགྲོ་
མ། །བྱང་གི་པད་འདབ་བསམ་པར་བྱ། །གཡས་སེར་གཡོན་ནི་སྔོ་བའི་ཞལ། །ལྷག་པའི་ཞལ་ནི་དཀར་པོའོ། །གཡོན་གཉིས་ཞགས་པ་ཀ་པཱ་ལ་འཛིན། །གཡས་གཉིས་རལ་གྲི་ཅང་ཏེའུ་འཛིན། །རླུང་ཁམས་ནན་ཏན་རང་བཞིན་ནོ། །རྡོ་རྗེ་མཁའ་འགྲོ་ལ་སོགས་བཞི། །ཉི་མའི་གདན་
ལ་རབ་ཏུ་གནས། །ཀ་པཱ་ལ་སོགས་རྒྱན་རྣམས་ནི། །གཙོ་བོའི་རྒྱན་དང་མཐུན་པར་བཤད། །སྤྱན་ནི་གཙོ་བོ་ཉིད་དང་མཐུན། །ཅུང་ཟད་ཞལ་གདངས་མཆེ་གཙིགས་ལ། །དབུ་སྐྲ་དམར་སེར་གྱེན་དུ་འབར། །ཐམས་ཅད་ཀྱི་ནི་སྐུ་རྣམས་ལ། །མེ་དཔུང་འབར་བའི་འོད་ཟེར་འཕྲོས། །སྙིང་རྗེའི་སྟོབས་ཀྱི་རྡོ་རྗེ་
མ། །ལྷ་མོ་འདི་བཞིས་མཛེས་བསྐོར་བསྒོམ། །ཇི་ལྟར་རྫོགས་པའི་རིམ་པ་ནི། །སློབ་དཔོན་དག་ལ་དྲི་བར་བྱ། །སྤྱི་བོར་རླུང་གི་དཀྱིལ་འཁོར་བསམ། །སྙིང་གར་ས་ཡི་དཀྱིལ་འཁོར་རོ། །ལྟེ་བར་ཆུ་ཡི་དཀྱིལ་འཁོར་བསམ། །གསང་བར་མེ་ཡི་དཀྱིལ་འཁོར་ཏེ། །མ་ནིང་གིས་ནི་བསྒོམ་པར་བྱ། །
ཨོཾ་ཨཱཿཧཱུཾ། རྣལ་འབྱོར་པ་ནི་ངལ་བསོའི་ཕྱིར། །སྔགས་ཀྱི་འཛབ་ནི་བཟླས་པར་བྱ། །ཨོཾ་ཨཱཿཧྲཱིཿཧཱུཾ་ཕཊ། ཏིང་ངེ་འཛིན་ལས་ལངས་ནས་ནི། །འཁོར་བ་དང་ནི་མྱ་ངན་འདས། །གཉིས་སུ་མེད་པར་བསྒོམ་པར་བྱ། །རྒྱ་གར་གྱི་མཁན་པོ་སྐུ་མེད་རྡོ་རྗེས་མཛད་པ་སྒྱུ་འཕྲུལ་ཆེན་མོའི་སྒྲུབ་ཐབས་རྫོགས་སོ།། །།