Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 20

Văn bản gốc(Tây Tạng)

Trang 15 / 21 (50.000 ký tự/trang)
ཀྱིལ་འཁོར་གྱི་འཁོར་ལོ་ཡང་ཨོཾ་མོ་བི་ཞེས་བྱ་བ་ལ་སོགས་
པས་སྔོན་དུ་བཤད་པའི་རིམ་པ་རྣམས་ཀྱིས་རྣལ་འབྱོར་མའི་ཀུན་དུ་སྤྱོད་པ་དང་རྡོ་རྗེ་ལ་སོགས་པའི་ས་བོན་རྣམས་ཀྱིས་རླུང་དང་རླུང་གི་རང་བཞིན་གྱི་ཡི་གེ་རྣམས་སོ། །དེ་ལྟར་ཡེ་ཤེས་གསུམ་པོ་རྣམས་ཀྱིས་རེ་རེའི་རྩ་ཡིས་རྩ་རྣམས་ཀྱི་སྒོ་སོ་སོའི་ཁའི་བུ་ག་རྣམ་པར་དག་པར་བྱའོ། །འདིར་བཤད་
པ། རྩ་ཡི་གུར་གྱི་ནམ་མཁའ་ནི། ཡེ་ཤེས་གཟུགས་སུ་དེ་བརྗོད་དེ། །དཀྱིལ་འཁོར་དབང་པོའི་ས་བོན་གྱིས། །བུ་ག་ཆེན་པོ་དེ་སྲུང་ངོ་། །གཞན་དུ་ཐ་མལ་པར་འགྲོ་སྟེ། །བདེ་དང་སྡུག་བསྔལ་ཟད་པར་འགྱུར། །རྣལ་འབྱོར་ཡེ་ཤེས་གསུམ་དག་པར། །བྱས་པས་སྡུག་བསྔལ་མི་མྱོང་ངོ་། །གང་གང་བསྒོམ་པས་རྒྱུ་

དྲན་ན། །དེ་དེའི་ཉམས་མྱོང་བཅས་པར་འགྲོ། །རང་གཟུགས་གཟུགས་བརྙན་དེ་བཞིན་འདིར། །སངས་རྒྱས་རང་བཞིན་དུ་ནི་ལྟོས། །ནང་གི་དངོས་པོའི་བདག་ཉིད་ཅན། །ཡེ་ཤེས་ཙམ་གྱི་གོ་འཕང་གནས། །ཐམས་ཅད་བདེན་པའི་སྦྱོར་བ་ཡིས། །དགའ་བ་ལ་སོགས་བཞི་པོ་སྟེ། །སྒོ་གླེགས་དེ་བཞིན་འདིར་བཞག་པས། །
ལྷ་རྫས་དབང་པོ་ཡང་དག་འབྱུང་། །དེ་ཡི་གཟུགས་ནི་བདག་མེད་པར། །འགྲོ་འོང་ཡོད་པ་མ་ཡིན་ནོ། །ལྷག་མ་རྟོགས་པར་སླའོ། །དཔལ་མཁའ་འགྲོ་རྒྱ་མཚོ་རྣལ་འབྱོར་མའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོའི་འགྲེལ་པ་གྲུ་གཟིངས་ལས་མིའུ་ཐུང་མའི་ཡི་གེའི་ཙྪོ་མའི་བརྡའི་མཚན་ཉིད་ཀྱི་ཆོ་གའི་རྣམ་པར་
གཞག་པ་དང་དེས་དེ་ལྟར་ཡེ་ཤེས་ཀྱི་གཟུགས་ཀྱི་རྣམ་པར་གཞག་པ་ལ་སོགས་པ་རྒྱས་པར་བསྟན་པ་སྟེ་ལེའུ་སུམ་ཅུ་རྩ་གཅིག་པའི་བཤད་པའོ།། །།དང་པོར་ལང་དབང་རབ་བཏུད་ནས། །ཕྱག་རྒྱའི་རྣམ་གྲངས་སྟོན་པ་མོ། །ཡེ་ཤེས་ཀྱི་རྐྱེན་བདག་ཉིད་ཀྱི། །དེ་ཡི་འགྲེལ་པ་རྒྱ་ཆེར་བྱ། །ད་ནི་ལེའུ་
སུམ་ཅུ་རྩ་གཉིས་པའི་བཤད་པ་གསུངས་པ། སླར་ཡང་ཞེས་བྱ་བ་ལ་སོགས་པ་སྟེ་ལྷན་ཅིག་སྐྱེས་པའི་བདག་ཉིད་ཀྱིས་མཆོད་པ་བྱས་ནས་སླར་ཡང་ནས་ཡང་དུའོ་བྱས་ཏེ་ཞུས་པ་དེ་ལྟར་གསུངས་པ། དངོས་པོ་ཞེས་བྱ་བ་ལ་སོགས་པ་སྟེ། སྣ་ཚོགས་པའི་དངོས་པོ་འདུ་ཤེས་རྣམས་དང་དངོས་པོ་ཡེ་ཤེས་ཀྱི་
བདག་ཉིད་ཅན་རྣམས་ཀྱི་ཀྱེ་བཅོམ་ལྡན་འདས་ཁྱབ་བདག་ཕྱག་རྒྱ་ཇི་ལྟར་ཡིན་དེ་ལྟར་དྲིས་པའི་ལན་གསུངས་པ། ཉོན་ཞེས་བྱ་བ་ལ་སོགས་པ་སྟེ། རྡོ་རྗེ་ཕག་མོའི་གཟུགས་བརྙན་གྱི་བདག་ཉིད་ཀྱི་ལང་ཀའི་དབང་ཕྱུག་མ་ལ་གསུངས་པ་སྟེ། དེ་གསུངས་པ་ལྷན་ཅིག་སྐྱེས་ཞེས་བྱ་བ་ལ་སོགས་པ་ནས་སྨྲ་བཅད་
དེ་ཞེས་བྱ་བའི་བར་དུ་ཕྱག་རྒྱའི་བརྡ་རྣམས་ཀྱི་རྣམ་གྲངས་དོན་ཇི་ལྟ་འདིའོ། །སླར་ཡང་ལན་གྱི་ཙྪོ་མ་གསུངས་པ། དང་པོ་ཞེས་བྱ་བ་ལ་སོགས་པ་སྟེ། ལྷན་སྐྱེས་ལ་སོགས་པ་འདི་རྣམས་ཀྱི་ཇི་ལྟར་དང་པོའི་ཡི་གེ་སའི་ཡི་གེ་ལ་སོགས་པས་དེ་ལྟར་འདིའི་དོན་གསུངས་པ། ཇི་ལྟར་ཡི་གེའི་དེ་བཞིན་དོན། །ཞེས་བྱ་བ་སྟེ།
མཚམས་ཀུན་དུ་ནི་འཛག་པ་ནི། །སུ་མ་ན་ཡི་ནང་དུ་སྟེ། །རྩེ་མོའི་རྣམ་པའི་རྩ་གསུམ་ནི། །རང་གི་རང་བཞིན་བདག་ཚོར་བ། །ཡིད་ནི་བདེ་བར་འགྲོ་བ་སྟེ། །འཛིན་པ་འཕོ་བ་མེད་པ་ཚེ། །ལྷན་སྐྱེས་སུ་ནི་རབ་ཞུགས་པའི། །རྣམ་པ་མེད་པ་འཐོབ་པར་འགྱུར། །བདེ་ཆེན་འཁོར་ལོར་གྱུར་པ་ནི། །རབ་ཏུ་ཞུགས་པས་

བགྲོད་པར་བྱོས། །སེམས་ཀྱི་ཡི་གེའི་ཡོངས་སྦྱོར་ལས། །བསམ་པ་ཡེ་ཤེས་ཕ་རོལ་འགྲོ། །རྟག་པའི་རྣམ་པ་ཐོབ་པ་སྟེ། །རྣམ་རྟོག་མེད་པའི་སེམས་ཀྱིས་སོ། །བདེ་བའི་བདག་ཉིད་མཆོག་ཐོབ་སྟེ། །ཀུན་ནས་ཡོངས་སུ་སྤངས་པས་སོ། །གཏི་མུག་སྤོང་བར་འགྱུར་བ་སྟེ། །ཡེ་ཤེས་རྣམ་པར་ལྟ་རྣམས་ཀྱི། །རྣམ་པ་
གཉིས་ཀྱི་ལམ་དུ་ནི། །བྱང་ཆུབ་ཀུན་མཁྱེན་བགྲོད་པར་བྱོས། །རྣལ་འབྱོར་རྒྱུན་དུ་བཟུང་གྱུར་པས། །གྲོང་ཁྱེར་མཆོག་ཀྱང་འགྲུབ་གྱུར་པའོ། །དོན་དམ་རང་བཞིན་རྣམས་སུའོ། །ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར། །འདི་ཉིད་རིག་པར་ཅུང་ཟད་པ། །རང་རིག་བདེ་བ་ཆེན་པོས་སོ། །མགོ་བོར་བ་ཐག་གཟུགས་གང་གིས། །སྣ་
ཚོགས་སྒྲ་ཡིས་གང་འགྲོ་བ། །གསང་བའི་ཡི་གེའི་རབ་སྦྱོར་བར། །བདུད་རྩི་ཉི་ཤུའི་དབུས་ལས་སོ། །ནང་དུ་སོན་པའི་ཡིད་ཀྱི་ནི། །ལས་ཀྱིས་འདོད་པར་འགྲོ་བའོ། །དཔའ་བོ་རྣལ་འབྱོར་མ་རོལ་ཏེ། །ངེས་པར་སྨྲ་བཅད་བྱས་པས་སོ། །དེ་ལྟར་དེ་ཉིད་ཅེས་རྣལ་འབྱོར། །ལན་གྱི་ཕྱག་རྒྱ་བསྟན་པར་བྱ། །ཞེས་སོ། །ད་ནི་འདི་ཡིས་རྣལ་
འབྱོར་ལང་ཀའི་དབང་ཕྱུག་མའི་ཡི་གེའི་རབ་ཏུ་སྦྱོར་བ་དང་ལྡན་པ་གསུངས་པ། ལང་ཀའི་དབང་ཕྱུག་ཅེས་བྱ་བ་ལ་སོགས་པ་སྟེ། དེ་ལྟར་འཕྱང་ཞེས་བྱ་བ་ལ་སོགས་པས་ལང་ཀའི་ཡི་གེའི་དོན་ཏེ། འཕྱང་བར་འགྱུར་བའི་ས་བོན་གྱི། །ཞེས་བྱ་བ་ནི་རྐན་གྱི་དབུས་ནས་འཕྱང་བ་ཧཾ་གི་དབྱིབས་ཞེས་ཁ་ཐུར་དུ་བལྟས་པའི་རྩེ་
མོར་སེམས་ཀྱི་ས་བོན་ཐིག་ལེ་མཚོན་པ་འཛིན་པ་པོ་འདི་རྣལ་འབྱོར་པ་དེས་དེ་ལྟར་མཚོན་པས་དེའི་དབུས་སུ་ཐམས་ཅད་དུ་བརྡ་ཞེས་བྱ་བ་ནི་སྔོན་དུ་བཤད་པའི་རང་བཞིན་དུ་འགྱུར་རོ། །གེ་སར་ཞེས་བྱ་བ་ལ་སོགས་པས་དེ་དེ་ལྟར་ཡི་གེའི་དོན་ཏེ། གེ་སར་ཡེ་ཤེས་ཁམས་ཞེས་བྱ་བ་ནི་དེའི་ཐིག་ལེ་ལ་བརྟེན་པའི་བདེ་བ་གང་དེ་
གེ་སར་ཉིད་དེ་བརྗོད་དུ་མེད་པའོ། །དེ་ལ་བརྟེན་པའི་ཡིད་དེ་ཡེ་ཤེས་ཀྱི་རྣམ་པ་ཉིད་པས་ཡེ་ཤེས་འཛིན་པ་པོ་ཞེས་བྱ་བའོ། །རང་གི་རང་བཞིན་མཚན་ཉིད་དོ། །ཞེས་བྱ་བ་ནི་གང་བཤད་པའི་ལྷན་ཅིག་སྐྱེས་པ་ལ་སོགས་པ་ཕྱག་རྒྱ་སུམ་ཅུ་རྩ་དྲུག་དེ་ལ་དེ་བཞིན་དུ་བཤད་དོ། །འདི་ཡང་དེ་ལྟར་སླར་ཡང་གསལ་བར་བྱ་བའི་
དོན་དུ་རང་ཡོད་ཅེས་བྱ་བ་ལ་སོགས་པས་སྭའི་ཡི་གེའི་དོན་གྱི་གསུངས་པ། རང་ཡོད་དེ་མཉམ་ཞེས་བྱ་བ་སྟེ། དབུགས་ཀྱི་ལམ་དུ་སྣ་ཚོགས་པའི་རང་གི་སེམས་ཀྱི་རང་བཞིན་རྣམ་པར་འཕྲོ་བར་བྱེད་དེ་དེ་གང་གི་ཚེ་རྣལ་འབྱོར་པ་སངས་རྒྱས་ཀྱི་གཟུགས་སུའོ། །པདྨའི་སྙིང་པོ་རུ་ནི་གནས། །ཞེས་བྱ་བ་ནི་མགོ་

བོའི་ཐོད་པར་ཐིག་ལེའི་ནང་དུ་བཤད་པའི་དོན་བྱེད་དོ། །འདི་ཡིས་རྣལ་འབྱོར་གྱིས་གནས་པ་ན་དེའི་ཚེ་འདིའི་རྟེན་ཅིང་འབྲེལ་པར་འབྱུང་བའོ། །རི་ནི་ཞེས་བྱ་བ་ལ་སོགས་པས་རིའི་ཡི་གེའི་དོན་གྱི་རྣམ་པར་གཞག་པ་གསུངས་པ། རི་ནི་རྣམ་ཤེས་འགྲོ་བ་སྟེ། །ཞེས་བྱ་བ་ནི་རྩ་ཐམས་ཅད་མདོར་བསྡུས་པས་ཐིག་ལེའི་ནང་དུ་
སོན་པའི་ཡེ་ཤེས་ཀྱི་གཟུགས་ཀྱི་རྣམ་པར་ཤེས་པ་རབ་ཏུ་སྤྲོ་བའོ། །དེའི་ཚེ་ཁམས་ཐམས་ཅད་དུ་ཡིད་མིན་ནོ་ཞེས་བྱ་བ་ནི་འདིའི་བསམ་པས། ཇི་ལྟར་ནམ་མཁའི་རྣམ་པའི་ཡིད་དངོས་པོ་ཐམས་ཅད་ཀྱི་ནང་དུ་ཐིམ་པ་དེ་བཞིན་དུ་ཡིད་ལུས་ཐམས་ཅད་ཀྱི་ཁམས་ཀྱི་ནང་དུ་ཐིམ་པར་འགྱུར་བའོ། །བག་ཆགས་
ཀྱི་ཕྱི་རོལ་དུ་སོན་པས་སོ། །དེའི་ཕྱིར་ལང་ཀའི་བདག་ཉིད་དུ་འགྲོ་བ་སྟེ་སྔོན་གྱི་འདུ་ཤེས་ལ་དེའི་དངོས་པོའི་ཡེ་ཤེས་སུ་དེ་ཉིད་འདྲེས་པར་གྱུར་པ་སྟེ། མིག་ལ་སོགས་པས་གང་བལྟས་པ་དེར་འགྲོ་བ་སྟེ་སླར་ཡང་སྐྱེ་བ་ལེན་པར་བྱེད་དེ་རྣལ་འབྱོར་མའི་གཟུགས་སུའོ། །དེ་ལྟར་དབང་ཕྱུག་འབྱུང་
པོ་ཐམས་ཅད་ཀྱི་མངལ་སྐྱེས་ལ་སོགས་པ་སྟེ། དེ་ཡང་ཟག་པ་མེད་པ་རྗེས་སུ་འཛིན་པ་ལ་སོགས་པའི་དངོས་པོ་རྣམས་ཀྱིས་སོ། །ཡེ་ཤེས་མིན་པ་དངོས་ཀུན་སྐྱེས། །ཞེས་བྱ་བ་ནི་རྣམ་པ་མེད་པ་ཉིད་དེ་འདི་ནི་ངེས་པའོ། །དེ་ལྟར་སླར་ཡང་དེ་བི་ཀོ་ཊི་ལ་སོགས་པའི་མིང་གི་ཡི་གེ་རྣམས་ཀྱིས་
གསལ་བར་གསུངས་པ། དེ་བི་ཀོ་ཊི་ཞེས་བྱ་བ་ལ་སོགས་པ་སྟེ་སྟོན་ཞེས་བྱ་བ་ནི་དེའི་ཡི་གེའི་དོན་ཏེ། སྟོན་པ་ཉན་ནོ། །དེར་ཞེས་བྱ་བ་ནི་རང་གི་ལུས་ཀྱི་ཁམས་ཀྱི་ནང་དུ་མ་བསམས་པའི་ཡེ་ཤེས་ཀྱིས་ཐིམ་པའི་ཁམས་ཀྱིས་སོ། །གང་ཉིད་དུ་བྲག་ཅ་བཞིན་ནོ། །འོན་ཀྱང་བི་ནི་ཞེས་བྱ་བ་ནི་པའི་
ཡི་གེའི་དོན་གྱིས་ཐམས་ཅད་དུ་འགྲོ་བའི་ཡེ་ཤེས་ཏེ་ཕྱི་དང་ནང་གི་བདག་ཉིད་རྣམས་སུ་ཁམས་ཀྱིས་འགྲོ་བ་སྟེ་ཐམས་ཅད་དེ་ལྟར་མི་བདེན་པའི་གཟུགས་འཁྲུལ་པ་ཙམ་གང་སོ་སོར་བསལ་ཏེ། གཅིག་ལ་གཅིག་ཐ་མལ་པ་དང་འདུས་བྱས་རྣམས་ཀྱིས་དེའི་ཚེ་རྣལ་འབྱོར་པ་རྣམས་ཀྱི་འཁྲུལ་པ་
ནུབ་པར་གྱུར་པ་སྟེ་འགྲོ་བའི་སྒྲ་དང་ཡེ་ཤེས་ཀྱིས་སོ། །འདིར་དེ་བཞིན་དུ་གང་བདག་གིས་འདོད་ཆགས་དང་བྲལ་བ་ཞེས་བྱ་བའི་ཚིག་གིས་ཤཱཀྱ་ཐུབ་པས་རང་གི་ཕྱོགས་རབ་ཏུ་སྟོན་པའི་ཇི་ལྟར་བདག་ཤཱཀྱ་ཐུབ་པས་འདོད་ཆགས་དང་བྲལ་བའི་རང་བཞིན་དུ་སོན་པ་རྣམ་པར་རྟོག་པ་

ཐམས་ཅད་ནུབ་པས་ཡེ་ཤེས་མེད་ཅིང་ཡེ་ཤེས་ལྡན་པ་མེད། ཡེ་ཤེས་ཀྱང་ནི་དེ་བཞིན་ཡང་འདིར་བལྟ་བར་བྱ། །ཞེས་སོ། །དེ་ལྟར་གང་གིས་རྒྱུ་མཚན་ཡོངས་སུ་བསྐྱེད་ཅེ་ན། དེའི་ཚེ་མཁར་ཞེས་བྱ་བ་ལ་སོགས་པས་ཀོའི་ཡི་གེའི་དོན་གང་དེ་གསུངས་པ། མཁར་རྣམས་སུ་ནི་རླུང་
རྣམས་ཀྱི། །ཞེས་བྱ་བ་ནི་སྲོག་ལ་སོགས་པ་བཅུ་རྣམས་ཀྱི་རྒྱུས་དེ་རྣམས་ཀྱི་བཟུང་བར་གྱུར་པས་ཇི་ལྟ་བའི་རིམ་པས་ས་བཅུ་རྣམས་སུ་འགྲོ་སྟེ་ལྷུན་གྱིས་གྲུབ་པར་རབ་ཏུ་འབབ་པས་སོ། །ཡེ་ཤེས་བཅུའི་དབང་གིས་བསྒོམས་པའི་བདག་ཉིད་ཀྱིས་བསྐྱེད་པ་སྟེ། ཡེ་ཤེས་བཅུ་ཞེས་བྱ་བ་ནི་དུ་བ་
ལ་སོགས་པ་སྟེ་དེ་ཉིད་ཀྱི་རིགས་པ་དབང་པོ་རྣམས་ཀྱིས་མིག་ལ་སོགས་པའི་བདེ་བ་དེ་བཞིན་དུ་རང་རང་སོ་སོར་སྣང་བའི་ཆོས་ཉིད་ཀྱི་ཕྱིར་རོ། །འདིའི་དེ་ལྟར་ཌེ་ནི་ཞེས་བྱ་བ་ནི་ལ་སོགས་པས་ཌེའི་ཡི་གེའི་དོན་གྱིས་གསལ་བར་གསུངས་པ། རྡོ་རྗེའི་ནུས་པར་བཤད་ཅེས་བྱ་བ་ནི་རྡོ་རྗེ་ནོར་བུར་ཡོངས་
སུ་རིག་པའི་ཡེ་ཤེས་དེའི་ནུས་པ་དང་དབང་པོ་ཐམས་ཅད་ཀྱིས་དེའི་དབུས་སུ་ལྷུང་བ་སྟེ། དེའི་ཕྱིར་ཡུལ་གྱི་གྲོང་ཁྱེར་དུ་མི་འགྲོ་བའི་དོན་དུ་དགོངས་སོ། །དེ་དེ་ལྟར་རིགས་པས་དྲན་པའི་དབང་པོའི་བྱང་ཆུབ་ཀྱི་ཕྱོགས་ཀྱི་གསུངས་པ། དྲན་པ་ཞེས་བྱ་བ་ནི་སྒྲའི་ཡི་གེའི་དོན་ཏེ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་
གང་དུ་ཡིད་དུ་རབ་ཏུ་བརྗོད་ཅེས་བྱ་བ་ནི། རྡོ་རྗེ་ནོར་བུའི་དབུས་སུ་ཡུལ་ཐམས་ཅད་ལ་སོགས་པས་ལྷན་ཅིག་སྐྱེས་པའི་ཡིད་ཀྱིས་དྲན་པར་གྱིས་ཤིག་པའོ། །དེ་ལྟར་དེ་ནི་ཞེས་བྱ་བ་ནི་རྡོ་རྗེའི་ཚུལ་གྱི་བདག་ཉིད་ཀྱི་བྱང་ཆུབ་སེམས་དཔའི་རྣམས་ཀྱི་དེ་དེ་བཞིན་དུ་བཤད་དོ། །དེ་ལྟར་ཞེས་བྱ་བ་ལ་སོགས་
པ་ཕྱེད་དང་བཅས་པའི་ཚིགས་སུ་བཅད་པས་རྣམ་པར་གཞག་པ་བཤད་པར་འགྱུར་རོ། །གཞན་རྟོགས་པར་སླའོ། །དེ་ལྟར་ཡང་གང་གི་དྲིན་གྱིས་ཐོབ་པར་བྱ་བ་དེ་གསུངས་པ། བརྒྱུད་པ་ཞེས་བྱ་བ་ལ་སོགས་པ་སྟེ་བླ་མ་རྡོ་རྗེ་འཆང་གི་ཞལ་ལས་ཞེས་བྱ་བ་ནི་དེ་ལྟར་རྡོ་རྗེ་འཆང་
དེའི་ཞལ་ལས་མན་ངག་གཅིག་ནས་གཅིག་ཏུ་བརྒྱུད་པ་ལས་འོངས་པའི་ལམ་གྱི་མན་ངག་སྟོན་པ་སྟེ་དེ་ལྷག་པར་རྟོགས་པར་བྱ་བ་སྟེ་བདག་གིས་ཀྱང་མ་བཤད་དེ་མན་ངག་བཅོམ་པར་འགྱུར་བས་སོ། །མེའི་དཀྱིལ་འཁོར་དུ་ཞེས་བྱ་བ་ནི་ལེའུ་བཅོ་ལྔ་པའིའོ། །ད་ནི་དཀྱིལ་འཁོར་གྱི་འཁོར་ལོ་

བསྒོམ་པ་གསུངས་པ། རྩ་བདུན་ཞེས་བྱ་བ་ལ་སོགས་པས་ཏེ་དེ་ལྟར་སྔོན་བཞིན་དུ་བྱས་ནས་ཀུན་དུ་སྤྱོད་པ་ཡང་ཁྱད་པར་དུའོ། །འདི་ཡིས་ཀྱང་རྣལ་འབྱོར་མ་བསྒོམ་པས་དངོས་གྲུབ་རི་བོའི་སྒྲ་ཡིས་རྒྱུ་སྐར་ཉི་ཤུ་རྩ་བརྒྱད་རྣམས་དེ་དེ་བཞིན་དུ་གཟའ་རྣམས་ཏེ། དེ་རྣམས་ཀྱི་སྔགས་བཟུང་
བས་སྒྲུབ་པ་པོ་འགྲུབ་སྟེ་གྲུབ་པས་རང་དང་གཞན་ལ་གནས་པའི་དངོས་གྲུབ་སྟེར་རོ། །དེ་ཉིད་སླར་ཡང་ཐམས་ཅད་དུ་ཟླ་བའི་སྤྱོད་བདག་ཉིད་ཅེས་བྱ་བ་ནི། རྣལ་འབྱོར་མ་ཐམས་ཅད་སྨན་དང་རྒྱུ་སྐར་དང་རྩ་ཡང་བྱང་ཆུབ་ཀྱི་སེམས་སུ་ཞུ་བས་འགྲུབ་པོ་ཞེས་བྱ་བའི་དོན་ཏོ། །ཅིའི་རང་བཞིན་དུ་
འགྲུབ་པ་གསུངས་པ། ནམ་མཁའ་རབ་ཏུ་འཇུག་འགྱུར་རྣམས། །ཞེས་བྱ་བ་སྟེ། ནམ་མཁའ་ནི་མཉམ་པའི་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ལས་ཏེ། འཆད་པར་འགྱུར་བ་ཞེས་བྱ་བ་ནི་ཕྱག་རྒྱའི་ལེའུའི་ནང་རྣམས་སུ་སྟེ་དེ་ལྟར་ཐམས་ཅད་རྟོགས་པར་སླའོ། །དཔལ་མཁའ་འགྲོ་རྒྱ་མཚོ་རྣལ་འབྱོར་
མའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོའི་འགྲེལ་པ་གྲུ་གཟིངས་ལས་ལང་ཀའི་དབང་ཕྱུག་མའི་ཡེ་ཤེས་ཀྱི་ཕྱག་རྒྱའི་བརྡའི་མཚན་ཉིད་ཀྱི་ཆོ་ག་དང་མིང་གི་ཡི་གེའི་རྣམ་པར་གཞག་པ་དང་དཀྱིལ་འཁོར་གྱི་འཁོར་ལོའི་བདག་པོའི་རང་བཞིན་དང་འདིའི་དངོས་གྲུབ་ཀྱི་སྒྲུབ་ཐབས་ནང་གི་བདག་ཉིད་དང་དེ་
བཞིན་དུ་ཡེ་ཤེས་ཀྱི་ངེས་པའི་ཚིག་གི་མཚན་ཉིད་དང་རྟེན་ཅིང་འབྲེལ་པར་འབྱུང་བ་རྒྱས་པར་བསྟན་པ་སྟེ་ལེའུ་སུམ་ཅུ་རྩ་གཉིས་པའི་བཤད་པའོ།། །།རྨད་བྱུང་ལྷ་མོར་ཕྱག་བྱས་ནས། །ཤིང་གྲིབ་མ་ཡི་རང་མཚན་ཉིད། །ཕྱག་རྒྱ་བརྡ་ཡི་སྐད་ཀྱི་ནི། །འགྲེལ་པ་གསལ་བར་བྲི་བར་བྱ། །ད་ནི་ལེའུ་སུམ་ཅུ་རྩ་
གསུམ་པའི་བཤད་པ་གསུངས་པ། སླར་ཡང་ཞེས་བྱ་བ་ལ་སོགས་པ་སྟེ། གཞན་ཞེས་བྱ་བ་ནི་སྔོན་མ་ལ་ལྟོས་པས་གཞན་ཏེ་དགོས་པ་དང་བྱེད་པའི་ཕྱག་རྒྱ་ཞེས་བྱ་བ་ནི་ཕྱག་རྒྱ་དང་ལན་གྱི་ཕྱག་རྒྱ་དག་གིས་འཆད་པར་འགྱུར་བའི་སྦྱོར་བའི་དགོས་པ་དང་བྱེད་པའི་ཕྱག་རྒྱ་ལ་སོགས་པའི་སྒོ་ནས་དེ་བཤད་
པར་བྱའོ་ཞེས་འབྲེལ་ཏོ། །གང་གིས་ཞེས་བྱ་བ་ནི་ཕྱག་རྒྱ་ལ་སོགས་པས་ཏེ་དེ་དེ་བཞིན་དུ་བཤད་དོ། །དེ་ལྟར་ཟླ་བ་ཞེས་བྱ་བ་ལ་སོགས་པ་གསུངས་པ། ཟླ་བ་དང་ནི་ཉི་མ་གཟས་གཟུང་བར་ནི་གཡོན་པ་དང་གཡས་པ་འགོག་པས་དབུ་མའི་ནང་དུ་ཡེ་ཤེས་དང་། ཤེས་བྱ་དག་གིས་ཕྱག་རྒྱ་

དང་ཕྱག་རྒྱའི་ལན་དུ་གནས་ཏེ་བར་ཆད་མེད་པར་བདུད་རྩིའི་རྒྱུན་རྩ་སོ་སོར་བརྡ་བྱེད་དེ་རྣལ་འབྱོར་མ་རྣམས་ཀྱི་རང་གི་མཚན་ཉིད་རེ་རེའི་མཐོང་བའོ། །དེ་ཇི་ལྟར་ཡང་དེ་ཕྱི་རོལ་དུ་ཟླ་བ་དང་ཉི་མ་སྒྲ་གཅན་གྱིས་བཟུང་བའི་དུས་སུ་ཡུལ་དང་ཡུལ་ཐམས་ཅད་དུ་མཐོང་སྟེ་རང་གི་མཚན་ཉིད་
དོ། །དེ་བཞིན་དུ་འདིའི་ཡང་མཐོང་བར་གྱུར་པ་རྣམས་ཀྱི་བརྡའི་སྐད་ཀྱིས་གསུངས་པ། པོ་ཏཾ་གི་ནི་ཕྱག་བྱེད་པའོ། །ཞེས་བྱ་བ་ལ་སོགས་པ་སྟེ། དེ་ལྟར་པོ་ཏཾ་གི་ཞེས་བྱ་བ་འདི་བཤད་པས་གསོ་བས་ཐུར་སེལ་བཙིར་བས་དེར་འོང་བ་སྟེ་པོ་ཏཾ་གི་ནི་བདེ་བ་སྟེ། དེ་ཤེས་ན་བསྙུན་མེད་པ་སྟེ་དགའ་བ་
གང་གི་འཐོབ་པ་དེ་དེ་བཞིན་དུ་བཤད་དེ་འདི་ནི་ངེས་པའོ། །དེ་བཞིན་དུ་པྲ་ཏི་པོ་ཏཾ་གི་བསྙུན་གྱི་ལན་བརྗོད་པ་སྟེ་མཉམ་པ་དེ་རང་བཞིན་ཞེས་བྱ་བའི་དོན་ཏོ། །ག་མུ་གྲོང་ཁྱེར་མཆོག་ཏུ་གཤེགས་ཤིག་པའོ། །ལུམ་པ་ཡང་སངས་རྒྱས་ཀྱི་ཡུལ་ནས་བྱོན་ཅིག་པའོ། །དེ་ཧོ་ནི་རྣལ་འབྱོར་མ་འདུ་བའི་གྲོང་ཁྱེར་རོ། །
ཙ་དུང་ཀམ་ནི་མཁའ་སྤྱོད་ཀྱི་སེམས་ཟུང་ཞིག་པའོ། །ཧྲྀ་ད་ཡ་ནི་བྱང་ཆུབ་ཀྱི་ས་བོན་ནོ། །ཀོ་ར་ཝ་ནི་དབང་པོ་རྣམས་སོད་ཅིག་པའོ། །ཀ་ནི་ཀ་ལམ་བི་ཀ་དྲིལ་བུ་འཁོར་བར་བྱེད་པ་ནི་འོད་གསལ་བའོ། །སི་ར་བ་རཱ་ཧ་གྱ་གྱུའི་སེམས་ཅན་ཏེ་སྒྲའོ། །ཉན་པ་མཁས་པ་རྣམས་འབིགས་པས་རྣ་བའོ། །
མན་ཐཱ་ནི་རྡོ་རྗེ་བདུད་རྩིའི་གནས་ནི་པདྨའོ། །ན་ར་ཀུན་གཞི་རྣམ་པར་ཤེས་པ་སྟེ་ཚིག་གི་དོན་ཐམས་ཅད་འདུས་པའོ། །ཏཱ་ལི་ཀཱ་སྒྲའི་བདག་ཉིད་ཅན་མཁའ་འགྲོ་མའོ། །ན་ར་ཀ་བདུད་རྩིས་གང་བའི་རྩ་སྤྱི་བླུགས་སོ། །ཨ་མུ་ཀཾ་ནི་ཆ་ཤས་བཅུ་དྲུག་སྟེ་དུར་ཁྲོད་དོ། །ཀཱ་བི་ལ་སྒོ་གླེགས་ལ་སོགས་པའི་
སྒོའོ། །སྭ་པ་ནི་རྐང་པའི་མཐེ་བོང་ལ་སོགས་པ་ནས་ཇི་སྲིད་གཙུག་ཏོར་གྱི་བར་དུ་གཞུའི་དབྱུག་པ་ལྟ་བུར་བརྟན་པའི་སྲོག་གི་རླུང་གི་བྲམ་ཟེའོ། །ལྷུང་བ་དེར་གནས་པས་ཐམས་ཅད་དུ་ཁྱབ་པས་རྒྱལ་རིགས་སོ། །བི་ར་ཏི་སྲིད་པའི་རྩེ་མོས་རྗེའུ་རིགས་སོ། །ཀྲུ་ར་དངོས་པོ་ཐམས་ཅད་རྟོག་པ་མེད་པས་
དམངས་རིགས་སོ། །ཨ་ན་ཏ་ནི་དངོས་པོ་ཐམས་ཅད་སྲིད་པ་དང་མྱ་ངན་ལས་འདས་པ་ཟ་བས་ཙཎྜ་ལཱིའོ། །ཨཱ་ལི་ཀ་འཁོར་བའི་ཕྱུགས་སོ། །ཌཱ་ཀི་ནི་མྱ་ངན་ལས་འདས་པའི་གཟུགས་ཅན་མ་ཤེས་རབ་ཀྱི་རྩ་ནི་སྲིང་མོའོ། །མུ་ད་ཀཾ་སྙིང་རྗེའི་རོའི་ཚིལ་ལོ། །དན་ཏ་སྤར་ཤ་ནི་འཁོར་བ་ཐམས་ཅད་ཟ་བས་ལྕེས་སོ། །

བྷུ་ཀྵི་ཏ་ནི་བྱང་ཆུབ་ཀྱི་རྒྱུས་ཟོས་སོ། །ཏྲིཥྞི་ནི་སེམས་ཅན་རྣམས་ཀྱི་ལམ་ལ་གཞུག་པའི་དོན་དུ་དྲིའི་ངད་ཅན་ནོ། །ཨ་གམ་ནི་ཞེས་བྱ་བ་ནི་ལོངས་སྤྱོད་རྫོགས་པ་ལས་སྤྲུལ་པ་འཛིན་པས་གནས་གང་ནས་དཔའ་བོ་ཆེན་པོ་ཆེ་གེ་མོ་ཞེས་བྱ་བ་ལ་སོགས་པའོ། །ཀི་ར་ཎ་ནམ་མཁའི་མེ་ཏོག་སྟེ་ལམྦ་ཟབ་པའི་ལྟོ་བའོ། །དན་
ཏ་བདེ་བ་ཆེན་པོ་ཉིད་པས་རྒོད་པའོ། །ནི་རོ་དྷ་སྟེང་དང་འོག་དག་བྱང་ཆུབ་ཀྱི་སེམས་ཀྱི་འཆར་རོ། །བི་ཛྙཱ་བ་ཏི་ཡེ་ཤེས་ཙམ་གྱི་ཁམས་གསུམ་དུ་ཚིམ་པའོ། །དྷུ་སྨ་རྟགས་ལ་སོགས་པས་སྤྲིན་ནོ། །པརྦ་ཏ་ནི་སྣ་ཚོགས་པའི་ཏིང་ངེ་འཛིན་གྱི་དབང་གིས་བདེ་བའི་རྗེས་སུ་འབྲང་བ་བདེ་བ་འཛག་པས་ཆུ་ཀླུང་ངོ་། །ཨང་
གུ་ལྱ་ཕྱག་རྒྱ་ཆེན་པོ་རྣམས་ཀྱི་ཆ་ཤས་སོ། །བ་ད་ན་ནི་གཙོ་བོ་ཡིས་རྡོ་རྗེ་འཆང་གི་ཞལ་ལོ། །རཱ་ཛི་ཀ་ནི་ཐམས་ཅད་དུ་ཆོས་ཀྱི་རོ་ལ་མྱང་བས་ན་ལྕེའོ། །ཨནྡྷ་ར་ནི་སྟོང་པ་ཉིད་ཀྱི་བདུད་རྩིའི་རང་བཞིན་རྣམས་ཀྱི་དཔའ་བོའི་ཕྲེང་བའི་སོའི་ཕྲེང་བའོ། །དྷྭ་ཛ་ནི་སྐྱེ་བོ་ཐམས་ཅད་ཀྱི་དགའ་བའོ། །དེ་བཞིན་དུ་ཙྪནྡོ་ཧ་གཅིག་ནས་
གཅིག་ཏུ་བརྒྱུད་པའི་ལུང་གི་སྒོ་ནས་འོངས་པས་ཕྲེང་བ་སྟེ་སྣ་ཚོགས་པའི་མན་ངག་གི་བདེ་བའོ། །ཙ་ལ་ནི་རྣམ་པར་ཤེས་པའི་ཁམས་རླུང་གི་རྣམ་པས་སོ། །མྱྀ་ག་པ་ཏི་ནི་དབུགས་ཀྱི་ཕྱུགས་སོ། །མཎྜལ་ནི་རང་བཞིན་ཐམས་ཅད་འདུ་བར་བྱེད་པའི་གནས་ཨ་ཝ་དྷཱུ་ཏཱི་མཉམ་པའོ། །སྭཱ་ས་ནི་ཕུང་པོའི་རྩ་བས་ལམ་
གྱི་བཞི་མདོའོ། །ཛ་ན་ནི་རྩ་ཐམས་ཅད་ཀྱི་བུམ་པ་ཅན་གྱི་སྦྱོར་བས་འགེངས་པས་ཕལ་གུ་ནའོ། །མ་ཧཱ་ཀྵར་ནི་རྡོ་རྗེའི་ནོར་བུ་དག་ཏུ་འོངས་པ་སྟེ་རྣམ་འགྱུར་མེད་པའི་བྱང་ཆུབ་ཀྱི་སེམས་ཕྱུགས་ཆེན་པོའོ། །ཙྪ་ནི་གཡོག་པ་སྟེ་མིད་པས་ལུས་ནི་ཙྪ་ག་ལའོ། །ན་ནི་སྣའི་བུ་ག་མཐོང་བ་སྟེ་སྲོག་མཉམ་པ་ཨ་ཝ་དྷཱུ་ཏཱིའི་
སྦྱོར་བ་མིང་ཡང་འཆིང་བ་སྟེ་དེར་དེ་ལྟར་ཏིང་ངེ་འཛིན་གྱི་སྟོབས་འཕེལ་བ་སྟེ་མ་ནི་ཡིད་ཀྱི་ཆགས་པས་དེ་འདོད་པ་སྟེ་མ་ཧེའོ། །བྷ་དེ་ཡང་ནང་གི་བདག་ཉིད་ཟ་བ་སྟེ་འདི་ནི་ཟ་བའོ། །སི་ནི་བགེགས་དང་ལོག་འདྲེན་རྣམས་གསོད་པས་སེང་གེའོ། །བྱ་ནི་ཐེག་པ་གསུམ་གྱི་བདག་ཉིད་ཀྱིས་སྟག་གོ། །
སྠ་ནི་དེ་ལྟར་གནས་པའོ། །མུ་ཁ་པཪྵ་ནི་སྔགས་ཀྱི་ཐེག་པ་ཆེན་པོའི་ལོངས་སྤྱོད་པ་ཟ་བའོ། །དནྡ་པཪྵ་ནི་དམ་པའི་ཆོས་ཀྱི་རོ་དེའི་ཡོན་ཏན་གྱིས་ཚིམ་པའོ། །ཧྲི་ག་ནི་སྲིད་པའི་སྐབས་ཀྱི་ངོ་ཚ་བའོ། །ཤཱུ་ནྱ་པཪ་ནི་ཆོས་ཀྱི་དབྱིངས་ལ་ཐམས་ཅད་སྲུབ་པས་འཁྲིག་པའོ། །ཨུ་ཏུ་པཪྵ་ནི་སྙིང་གའི་

ནང་དུ་ཞུགས་པ་ཆོས་ཐམས་ཅད་ལ་མི་དམིགས་པ་སྟེ། ཐོག་མའི་ཏིང་ངེ་འཛིན་གྱིས་དེའི་ཚེ་དེ་ལྟར་གྱིས་ཤིག་ཅེས་བྱ་བ་སྟེ། དེ་ལྟར་ཡེ་ཤེས་དང་ཤེས་བྱའི་བདག་ཉིད་ཀྱི་ཕྱག་རྒྱར་མཆོག་ཏུ་མཐུན་མ་ཞེས་བྱ་བ་སྟེ་རྡོ་རྗེ་ཕག་མོའི་ཁྱད་པར་གྱིས་སོ། །འདིར་དགོས་པ་སླར་བཤད་པ་ཞེས་
བྱ་བ་ནི་དཔའ་བོ་རྣམས་ཀྱིས་ཀྱང་ལན་གྱི་བརྡ་འཆད་པར་འགྱུར་བས་བཤད་པ་སྟེ་སྔོན་དུ་བཤད་པས་ཤེས་པའི་བདག་ཉིད་དེས་བསྲུབ་པར་བྱའོ་ཞེས་བྱ་བ་ནི་རྟོགས་པ་ཙམ་གྱི་བདག་ཉིད་ཀྱིས་སོ། །དེའི་ཕྱིར་བརྗོད་པར་མི་བྱའོ། །དེའི་དེ་ལྟར་རྣལ་འབྱོར་མ་ནི་དགོངས་ཞེས་བྱ་བ་སྟེ། དེའི་རང་
བཞིན་གྱི་བདག་ཉིད་ཅན་དུ་དཔའ་བོས་སྟེར་བར་འགྱུར་དེ་དེ་བཞིན་དུ་བཤད་དོ། །ཡེ་ཤེས་ཞེས་བྱ་བ་ལ་སོགས་པས་འདི་རྣམས་ཀྱི་ཁྱད་པར་དུ་བྱེད་པའི་ཚིག་གོ། །འདིར་ལན་གྱི་བརྡ་གསུངས་པ། བསྐྱེད་པ་ཞེས་བྱ་བ་ལ་སོགས་པ་ནས་ཡན་ལག་བཅུ་གཉིས་ཀྱི་བར་རྣམས་སུམ་ཅུ་རྩ་དྲུག་པོ་རྣམས་ཀྱིས་
ཤེས་པར་བྱ་སྟེ་ཇི་ལྟ་བའི་རིམ་པས་སྔོན་དུ་བཤད་པ་རྣམས་ཀྱི་པོ་ཏཾ་གི་ལ་སོགས་པ་རྣམས་ཀྱི་ཡང་སྟེ། དེ་ལྟར་སླར་ཡང་ཕྱག་རྒྱའི་ལན་བྱེད་པས་འཁོར་བའི་སྐྱོན་གྱི་རྒྱུ་ལས་པོ་ཏཾ་གི་ལ་སོགས་པས་སླུ་བ་སྟེ། གང་གི་མན་ངག་གི་སླུ་ཞེ་ན་དེའི་ཕྱིར་གསུངས་པ། མཱ་ལ་བ་ཞེས་བྱ་བ་ལ་སོགས་པ་སྟེ། མཱ་ལ་བ་ཞེས་བྱ་བ་དང་
དེ་བཞིན་དུ་ཤིང་གྲིབ་མའི་ཡི་གེ་དང་བྱང་ཆུབ་ཀྱི་ཕྱོགས་ཀྱིས་ཏེ། ཡི་གེའི་དོན་གྱིས་མན་ངག་ལ་འཇུག་པར་འགྱུར་ཏེ། དེ་གསུངས་པ། ཏིང་ངེ་འཛིན་ཞེས་བྱ་བ་ལ་སོགས་པ་སྟེ་ཕྱོགས་རྣམས་སུ་ཞེས་བྱ་བ་ནི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུ་འཇུག་པ་མེད་པ་ནི་དོན་དམ་པ་བསམ་དུ་མེད་པའི་གཟུགས་ཏེ་ཀུན་རྫོབ་ཏུ་སྒོམ་
པ་ལ་སོགས་པས་རིམ་པས་དེ་ལྟར་བྱས་པ་ཡོད་པས་དབང་པོ་སྟེ་འདོད་ཆགས་དང་ཆགས་བྲལ་དག་གིས་བརྟགས་པ་ལ་ཉམས་པར་འགྱུར་རོ། །དེའི་ཚེ་ཡང་དག་པའི་ཕུན་སུམ་ཚོགས་པ་ལྷག་པར་རྟོགས་པ་ལ་འོད་གསལ་བའི་རྣམ་པ་ཉིད་རྣམས་སུ་འཐོབ་སྟེ་འདི་ལ་ཐེ་ཚོམ་མེད་དོ། །
གང་དུ་ལྷག་པར་རྟོགས་པའི་རྒྱུ་ཞེ་ན། དེའི་ཕྱིར་གསུངས་པ། མཱ་མ་ཞེས་བྱ་བ་ལ་སོགས་པ་སྟེ། མའི་ཡི་གེའི་དོན་ཏེ་དེའི་མཱ་མ་ཀཱི་མྱོས་བྱེད་ཆེན་པོའི་རོ་དེ་ཡང་རྡོ་རྗེའི་བུ་ག་ཨོཌྱཎ་གྱི་བུ་ག་ལས་མགོ་བོར་གཙུག་ཏོར་གྱི་གནས་སུ་ཡོངས་སུ་གནས་སོ། །དེ་གཟུགས་ཅིར་འགྱུར་ཞེ་ན། ཁའི་ཡི་

གེས་གསུངས་པ། འཕྱང་བར་གྱུར་པ་ཁ་འོག་ཏུ། །ཞེས་བྱ་བ་ནི་རྩ་འདི་རྣམས་ཐམས་ཅད་ཀྱི་བསྡུས་པའི་གཟུགས་སུ་ཁའི་གནས་ལ་རྩེ་མོ་ལྕེ་ལྟར་ཁ་འོག་ཏུ་འཕྱང་བར་གྱུར་པ་སྐྱེ་གནས་ཀྱི་ཁྱད་པར་དུ་བྱེད་པ་སྟེ་དེ་ཉིད་ཀཾ་པོ་ཛིའི་ཕྱག་རྒྱས་ཞེས་བྱ་བ་ནི་ཀཾ་པོ་ཛིའི་ས་བོན་ལྟར་ལཱའི་ཡི་གེའི་རྣམ་པ་སྟེ། དེའི་དེ་
ལྟར་བུ་གར་ནི་ཞེས་བྱ་བ་སྟེ་ཏུའི་ཡི་གེས་རྒྱས་གདབ་པའི་ཕྱིར་གཡོ་བ་མེད་པའི་བདེ་བའི་གཟུགས་ཀྱི་ཕྱིར་དེ་འདི་ཉིད་དུ་ཐབས་དང་ཤེས་རབ་ཀྱི་བདག་ཉིད་ཀྱིས་ཕྱག་རྒྱ་ཆེན་པོ་ཞེས་བྱ་བར་དགོངས་སོ། །དེ་ལྟར་འདིའི་འབྲས་བུ་གསུངས་པ་བེ་ནི་ཞེས་བྱ་བ་ལ་སོགས་པ་སྟེ། བེའི་ཡི་གེའི་དོན་གྱིས་
ཀྱང་སྟེ། རྒྱུད་ཡོངས་སུ་རིག་ཅེས་བྱ་བ་ནི་སྔོན་དུ་བཤད་པའི་རབ་ཏུ་སྦྱོར་བས་ཡང་དག་པར་རིག་པ་སྟེ་རྒྱུད་ཅེས་བྱ་བ་ནི་སྣ་ཚོགས་པའི་སྲིད་པ་དང་མྱ་ངན་ལས་འདས་པ་སྣ་ཚོགས་པའི་ལུང་གི་སྒོ་ནས་རྣམ་པར་གཞག་པ་བདེ་བའི་བདག་ཉིད་ཅན་ཀྱང་ངོ་། །དེའི་རང་བཞིན་ཅིར་རིག་ཅེ་ན། དེའི་
ཕྱིར་གསུངས་པ། རང་བཞིན་སྒྱུ་མའི་རང་མཚན་ཉིད། །ཅེས་བྱ་བ་སྟེ་འདི་དེའི་དོན་དུ་གྲུབ་པའི་མཐའ་མེད་དོ། །འོན་ཀྱང་སྲིད་པའི་དབུས་ཉིད་དུ་ནི་སྒྱུ་མའི་སྲིད་པ་སྒྱུ་མ་དེ་སྤང་བ་ཞེས་བྱ་བ་ནི་གྲུབ་མཐའོ། །གནས་གང་དུ་འགྱུར་ཞེ་ན་གསུངས་པ། དེ་ལྟར་ཞེས་བྱ་བ་ལ་སོགས་པ་སྟེ་བྱས་པ་ནི་སྒྱུ་མ་དེ་མངོན་སུམ་དུའོ། །མ་བྱས་
པས་ནི་བསླབ་པར་བྱ་བ་ཉིད་ཀྱིས་སོ། །དེ་ཐམས་ཅད་དབུས་མ་མྱུར་བར་བྱ་བ་ནི་ཐིག་ལེ་ཞེས་བྱ་བར་བྱའོ། །ཡེ་ཤེས་ཀྱི་རྣམ་པ་དེའི་གསུངས་པ། ཞུ་བ་ཞེས་བྱ་བ་ལ་སོགས་པ་སྟེ་དྲུའི་ཡི་གེའི་དོན་ཏོ། །ཧོའི་ཡི་གེ་ནི་གང་གི་ཕྱིར་གྱི་དོན་ཏེ་ཞུ་བ་ནི་རང་གི་སེམས་ཀྱི་སྤྱོད་པའི་དངོས་པོ་སྒྱུ་མའི་མཚན་ཉིད་དེ་བསྒོམ་པའི་
ཡེ་ཤེས་མི་བདེན་པ་ཉེ་བར་རྟོགས་པ་ཡུལ་དང་དབང་པོ་རྣམས་ཀྱིས་སོ། །འདིར་ཞེས་བྱ་བ་ནི་དབུས་མའི་བསྒོམ་པའི་བདག་ཉིད་ཀྱིས་རྣལ་འབྱོར་བདུད་རྩིའི་རང་བཞིན་གྱི་རིས་སྣ་ཚོགས་པའི་དངོས་པོར་འགྲོ་བས་སོ། །རྣལ་འབྱོར་ཞེས་བྱ་བ་ནི་བསམ་དུ་མེད་པའི་གཟུགས་དེ་ཉིད་བདུད་རྩི་སྟེ་འཕོ་བ་མེད་པ་ཉིད་ཀྱིས་
འཆི་བ་མེད་པ་ཞེས་བྱ་བའི་དོན་དུ་དགོངས་སོ། །འདིའི་དེ་ལྟར་རང་གི་མཚན་ཉིད་ཀྱིས་དཔེ་གསུངས་པ། མིག་ཅེས་བྱ་བ་ལ་སོགས་པ་སྟེ་མའི་ཡི་གེའི་དོན་གྱིས་ཏེ། བདག་ཉིད་གཟུགས་ཞེས་བྱ་བ་ནི། ཇི་ལྟར་བསམས་པའི་བདག་ཉིད་ཀྱི་གཟུགས་ཡེ་ཤེས་ཀྱི་རྣམ་པའི་གཟུགས་སྔོན་དུ་བཤད་པའི་རིགས་

པས་བསྒྲུབས་པ་དེས་དེ་ལྟར་དེའི་གཟུགས་མཐོང་བའོ། །སྨིག་སྒྱུ་དང་འདྲ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་ལྷའི་གཟུགས་རྒྱུད་ཐམས་ཅད་ཀྱི་ནང་དུ་བལྟ་བར་བྱའོ་ཞེས་པའོ། །དེ་སླར་ཡང་གཡོ་ཞེས་བྱ་བ་ནི་ཙྪའི་ཡི་གེའི་དོན་གྱིས་གསལ་བར་གསུངས་པ་ཤིན་ཏུ་བའི་ཡེ་ཤེས་ཀུན་དུ་འགྲོ་བ་ཞེས་བྱ་བ་
ནི་རྣལ་འབྱོར་པས་གང་དང་གང་གིས་དངོས་པོ་ལ་བལྟས་པས་དེ་དང་དེའི་གཟུགས་སུ་འགྱུར་བའོ། །འོན་ཀྱང་གང་འདྲའི་ཞེས་བྱ་བ་ལ་སོགས་པས་ཡཱའི་ཡི་གེའི་དོན་གྱིས་འདིའི་དེ་ལྟར་ཁྱད་པར་དུ་བྱེད་པ་དེ་རྟོགས་པར་སླའོ། །ད་ནི་འདིའི་མདོར་བསྟན་པའི་ཚིག་རྣམས་སུ་དཀྱིལ་འཁོར་གྱི་འཁོར་
ལོ་བསྒོམ་པ་ལ་སོགས་པའི་རྒྱས་པར་བཤད་པའི་ཚིག་རྣམས་གསུངས་པ། རྩ་བདུན་ཞེས་བྱ་བ་ལ་སོགས་པ་སྟེ། རྒྱུའི་ཕྱག་རྒྱ་ནི་ལྷའི་རྣལ་འབྱོར་ལ་ནི་སྔགས་ཀྱི་ཡི་གེ་རྣམས་ཀྱི་ཕྱག་རྒྱའི་ལན་ཞེས་བྱ་བར་ངེས་པ་སྟེ། དེ་ཉིད་དེ་ལྟར་ཀུན་དུ་སྤྱོད་པའི་རིམ་པར་ཤེས་པར་བྱའོ། །མཆོད་པ་རྡོ་རྗེ་
ཞེས་བྱ་བ་ལ་སོགས་པས་སྔོན་དུ་བཤད་པའི་རྡོ་རྗེའི་བུ་ག་ལས་སོ། །ལྷན་སྐྱེས་མཛེས་མ་འདུས་པ་ཞེས་བྱ་བ་ནི་རྩ་ཐམས་ཅད་ཀྱི་ནང་དུ་བདེ་བའི་ཕོ་ཉ་དཔྲལ་བའི་གནས་སུ་འོང་བ་སྟེ། དེའི་ཚེ་དེ་ཉིད་དེ་ལྟར་འཁོར་ལོ་ཡེ་ཤེས་ཀྱི་མཁའ་འགྲོ་མའི་དངོས་པོའི་བདག་ཉིད་དུ་གནས་པ་སྟེ། ཡེ་ཤེས་ནམ་མཁའི་རང་
བཞིན་དུ་འགྲོ་བས་ཡེ་ཤེས་མཁའ་འགྲོ་མ་དང་མཉམ་པར་རྣལ་འབྱོར་ནམ་མཁའ་གཙོ་མོའོ། །གང་གི་ཚེ་དེའི་ཚེ་ནམ་མཁའི་དངོས་པོ་མ་གདན་བཞིར་སྐྱེས་པ་རྣམས་ཀྱིས་བདག་པོའི་དོན་ཞེས་བྱ་བར་དགོངས་སོ། །དེ་ལྟར་ཅི་བྱས་པས་འགྱུར་གསུངས་པ། བྱས་ནས་ཞེས་བྱ་བ་ལ་སོགས་པ་སྟེ་སྦ་
བ་ནི་གསང་བའི་གནས་དཔྲལ་བར་ཐིམ་པ་སྟེ་དབུགས་ཕྱིར་རྒྱུ་བ་དང་ནང་དུ་འཇུག་པ་རྣམ་པར་གཟུང་བའི་བུམ་པ་ཅན་གྱིས་སོ། །དེའི་ཚེ་ཨོ་ཌྱཎ་ཞེས་བྱ་བ་ནི་ཨོ་ཌྱཎ་གྱི་བུ་ག་སྟེ་ཐམས་ཅད་དུ་འགྲོ་ཞེས་བྱ་བ་ནི་སླར་ཡང་གནས་དེ་ལས་ལུས་ཐམས་ཅད་ཀྱི་རྩ་རྣམས་ལ་ཁྱབ་པར་བྱེད་པའོ། །ས་
གསུམ་ཞེས་བྱ་བ་ནི་ལུས་དང་ངག་དང་ཡིད་ཀྱི་བདག་ཉིད་ཅན་གྱི་ཁམས་གསུམ་མོ། །དེའི་རིས་ཞེས་བྱ་བ་ནི་ལྷན་ཅིག་སྐྱེས་པའི་བདག་ཉིད་ཀྱི་རང་བཞིན་ཁམས་ཐམས་ཅད་ཀྱི་ངོ་བོ་གཟུགས་ཀྱི་གཙོ་མོ་རྡོ་རྗེ་རྣལ་འབྱོར་མའོ། །སེམས་དབང་བྱས་པར་འཆད་པའོ། །འདི་ཉིད་ཀྱི་རང་གི་བདག་ཉིད་ཀྱི་

རབ་ཏུ་སྦྱར་བའི་མན་ངག་གསུངས་པ། ནང་དུ་ཞེས་བྱ་བ་ལ་སོགས་པ་སྟེ། ནང་དུ་སོན་པའི་ཡིད་ཀྱིས་ནི། །ཞེས་བྱ་བ་ནི་རང་གི་བདེ་བར་ཡིད་འགྲོ་བ་སྟེ་དེའི་ཚེ་འདོད་པའི་དངོས་གྲུབ་བསྒོམ་པར་ཞེས་བྱ་བ་ནི་སྔོན་དུ་བཤད་པའི་ལེའུ་བཅོ་ལྔ་པར་ཉི་ཤུ་རྩ་བཞི་པའི་བདག་ཉིད་ཀྱི་འཁོར་ལོའི་རིམ་པས་འདོད་པའི་དངོས་
གྲུབ་བསྒྲུབ་པར་བྱའོ། །དེའི་ཕྱིར་རིགས་ཅན་མ་རྡོ་རྗེ་ཕག་མོ་དབུས་སུ་མཆོད་པར་བྱ་སྟེ་བཞུགས་པར་བྱའོ་ཞེས་བྱ་བའོ། །ཕྱི་རོལ་དུ་ཡང་དེ་དང་མཉམ་པར་འདོད་པར་བྱའོ། །དེ་དག་གིས་བསྐྱེད་པས། ལྷ་རྫས་མིའི་བདེ་བ་ཞེས་བྱ་བ་ནི་ཤེས་རབ་དང་ཐབས་ཀྱི་བདག་ཉིད་ཀྱིས་བྱང་ཆུབ་ཀྱི་སེམས་ཆོས་ཀྱི་
འབྱུང་གནས་ལས་རྡོ་རྗེའི་ལམ་ནས་བླངས་ནས་དེ་ལྟར་བསྡུས་པར་བྱས་པ་དེ་ནི་མཆོག་སྟེ་ལུས་ཐམས་ཅད་དུ་གཟུང་བར་བྱ་སྟེ་མགོ་བོའི་དབུས་སོ། །དེའི་ཚེ་རྣལ་འབྱོར་པ་གཟུགས་གསེར་གྱི་འོད་ཅན་རྣལ་འབྱོར་མ་ཐམས་ཅད་ཀྱི་སྡུག་པར་འགྱུར་རོ། །དེ་ལྟར་བསྒྲུབས་པས་རང་གི་སེམས་ཀྱི་ཡེ་ཤེས་ཀྱི་
རྣམ་པའི་རང་བཞིན་དུ་ན་དའི་བདག་ཉིད་རྣམས་ཀྱི་བདེ་བའི་རང་བཞིན་རྣམས་ཀྱི་རྣམ་པར་གཞག་པའི་བདག་པོའི་སྒོ་ནས་འབྲས་བུ་གསུངས་པ། མ་མོའི་འཁོར་ལོ་ཞེས་བྱ་བ་ལ་སོགས་པ་སྟེ། ཉི་ཤུ་རྩ་བཞིའི་བདག་ཉིད་ཅན་གྱི་མ་མོའི་འཁོར་ལོར་ཏེ་དེ་ལྟར་གྲོང་ནི་ཐར་པའི་གྲོང་ཁྱེར་ལ་ཉམས་དགའ་བ་ནི་
ཡིད་དགའ་བ་ཉིད་ཀྱིས་སོ། །རྩེན་པས་ནི་འགྲོ་བའི་གཙོ་བོ་ཡེ་ཤེས་ཀྱི་རྣམ་པར་རང་གི་སེམས་དེ་བསྒོམ་པར་བྱའོ་ཞེས་བྱ་བར་གནས་སོ། །དུས་ཀྱི་ཡེ་ཤེས་ཞེས་བྱ་བ་ནི་ཨ་ཝ་དྷཱུ་ཏཱིར་མཉམ་པའི་དུས་ཏེ་ངན་པའི་དུས་སྤང་བར་བྱ་སྟེ། །དེས་འདི་འདྲ་བ་རྣམས་ཞེས་བྱ་བ་ནི་དེ་དེ་བཞིན་དུ་བཤད་དེ་ལྷག་མ་རྟོགས་
པར་སླའོ། །འདི་འདྲའི་རྣལ་འབྱོར་དང་ལྡན་པས་སྲིད་པ་ལས་རིང་དུ་འགྲོ་བ་སྟེ། དེའི་འཇུག་པའི་དུས་སུ་གནས་པ་སྟེ་འདིར་རྣམ་པར་མི་དཔྱད་དོ། །དཔལ་མཁའ་འགྲོ་རྒྱ་མཚོ་རྣལ་འབྱོར་མའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོའི་འགྲེལ་པ་གྲུ་གཟིངས་ལས་ཤིང་གྲིབ་མའི་པོ་ཏཾ་གི་ལ་སོགས་པའི་ཕྱག་རྒྱའི་བརྡ་དང་
ཡེ་ཤེས་དང་རྣམ་པར་ཤེས་པའི་རང་བཞིན་གྱི་རང་གི་རང་བཞིན་དང་མིང་གི་ཡི་གེ་དང་པོ་རྣམས་ཀྱི་ཆོ་གའི་མཚན་ཉིད་ཀྱི་མན་ངག་དང་དེ་བཞིན་དུ་དཀྱིལ་འཁོར་གྱི་འཁོར་ལོ་བསྒོམ་པ་ལ་སོགས་པ་རྒྱས་པར་བསྟན་པའི་ལེའུ་སྟེ་སུམ་ཅུ་རྩ་གསུམ་པའི་བཤད་པའོ།། །།

ས་སྲུང་མ་ལ་ཕྱག་བྱས་ནས། །ཕག་མོ་ཡི་ནི་སྤྲུལ་པ་སྟེ། །ཕྱག་རྒྱ་བཞི་ཡི་རྒྱན་རྣམས་ཀྱིས། །དགུ་དགུ་དེ་ཁོ་ན་བདག་ཉིད། །དེ་ཡི་དབྱེ་བ་རབ་བཤད་དེ། །བརྡ་དང་བརྡ་ཡི་ལན་གྱིས་ནི། །མིང་གི་ཡི་གེར་གང་ལྡན་པ། །བདེ་ལྡན་བདག་གིས་རབ་སྨྲ་བྱ། །ད་ནི་ལེའུ་སུམ་ཅུ་རྩ་བཞི་
པའི་བཤད་པ་གསུངས་པ། དེ་ནས་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་སྟེ། ཚིགས་སུ་བཅད་པ་གཅིག་གིས་མདོར་བསྟན་པ་སྟེ་ས་སྲུང་མས་སོ། །ཡོངས་སུ་རིག་པའི་གཟུགས་ཞེས་བྱ་བ་ནི་འཆད་པར་འགྱུར་བའི་རྣལ་འབྱོར་མ་དེ་རྣམས་ཐམས་ཅད་ཀྱི་གཟུགས་དང་ཁ་དོག་དང་གནས་ལུགས་ལ་སོགས་
པ་མཐོང་བས་སངས་རྒྱས་ཀྱི་རང་བཞིན་གྱི་མཐུས་ཡོངས་སུ་དག་པར་རིག་པའི་གཟུགས་ནི་ཡོངས་སུ་རིག་པའི་གཟུགས་ཏེ་རང་གི་ལུས་དང་ངག་དང་ཡིད་དང་ཡེ་ཤེས་ཀྱི་བདག་ཉིད་ཀྱི་རང་བཞིན་གྱི་ཕྱག་རྒྱ་བཞི་རྣམས་ཀྱི་མངོན་པར་བརྗོད་པ་ཡོངས་སུ་བྱུང་བའི་རང་གི་སྲིང་མོ་ལྟར་མཐོང་བས་དེའི་གཟུགས་
སུ་འགྲོའོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་དེ་གསུངས་པ། རྡོ་རྗེ་མཁའ་འགྲོ་ཁྱབ་བདག་ཆེ། །ཞེས་བྱ་བ་ནི་མཉེས་པ་སྔོན་དུ་སོང་བའི་བདེ་བ་བྱེད་པ་སྟེ། མཁའ་འགྲོ་ནི་སྣ་ཚོགས་པའི་རྣམ་པའི་ནང་དུ་སོན་པའོ། །ཆེན་པོ་ནི་བདེ་བ་ཆེན་པོ་ལ་གནས་པ་སྟེ། ཁྱབ་བདག་ཀྱང་འཁོར་ལོ་བཞིའི་གཙོ་བོ་སྟེ་
དགུ་དགུའི་རྩ་རྣམས་ཀྱི་ནང་དུ་བདེ་བ་ཆེན་པོ་འབབ་པ་མོ་ལས་དང་ཆོས་དང་དམ་ཚིག་དང་བདེ་བ་ཆེན་པོའི་འཁོར་ལོ་རྣམས་སུ་པདྨའི་སྣ་ལམ་ལྟ་བུ་རྣམ་པར་ཐིམ་པ་རྣམ་པར་ཤེས་པའི་དངོས་པོ་རྣམས་སུ་ཞེས་བྱ་བ་སྟེ་རྒྱ་ཆེའོ། །དེ་ཉིད་དེའི་ཕྱིར་བཅོམ་ལྡན་འདས་མཁའ་འགྲོ་མ་ཐམས་ཅད་ཀྱི་བདག་
པོ་རང་གི་བདག་ཉིད་དང་རང་གི་རྐྱེན་གྱིས་ཕྱག་རྒྱའི་གཟུགས་བསྟན་པར་གསོལ་བ་སྟེ། ཇི་ལྟ་བའི་རིགས་པས་ཞེས་བྱ་བར་འབྲེལ་ཏོ། །དེ་ལྟར་བཅོམ་ལྡན་འདས་ཀྱི་ལན་ཀྱི་ཚིག་གསུངས་པ། ཕྱག་རྒྱ་བཞིའི་ཞེས་བྱ་བ་ལ་སོགས་པ་སྟེ། ཕྱག་རྒྱ་བཞི་པོ་འདི་རྣམས་ཀྱི་རང་བཞིན་གྱི་བཤད་པའོ། །
འོན་ཀྱང་རབ་ཏུ་སྦྱོར་བ་རེ་རེ་ལ་དགུ་དགུ་ཞེས་བྱ་བ་ནི་རྩ་དགུ་རྣམས་ཀྱི་བཞི་འགྱུར་དུ་འགྱུར་བ་སྟེ། དེ་ཇི་ལྟར་ན་རབ་ཏུ་སྦྱོར་བས་ཞེས་བྱ་བ་སྟེ། རེ་རེ་ལ་ལུས་ལ་སོགས་པའི་ཁམས་བཞིར་འགྱུར་ཏེ། འདི་ལྟ་སྟེ། དབང་པོ་དང་གཟུགས་དང་ཡུལ་དང་རང་རང་གི་བྱ་བའོ། །དེ་ལྟར་རང་རང་གི་བྱ་བ་

རིམ་པས་རབ་ཏུ་སྟོན་པ་དང་སྒྲ་དང་། སྣོམ་པ་དང་རོ་མྱང་བ་དང་རེག་པ་དང་ཆོས་དང་སྤྱོད་པ་དང་ཟག་པ་དང་འགྲོ་བའི་བྱེད་པ་སྟེ། ཡེ་ཤེས་ཀྱི་རྣམ་པར་རབ་ཏུ་གནས་སོ། །ཡུལ་ནི་སེམས་ཀྱི་རྣམ་པས་སོ། །དབང་པོ་ནི་ངག་གི་རྣམ་པས་ཀྱང་ངོ་། །ངག་སྤྲོས་པའི་གཟུགས་ཀྱིས་སྨྲ་བ་ཉིད་ཀྱིས་སོ། །
གཟུགས་ལུས་ཀྱི་རྣམ་པས་ལུས་ཀྱི་ཆ་ཤས་ཉིད་ཀྱིས་སོ། །དེ་ལྟར་རབ་ཏུ་སྦྱོར་བ་བསྒྲུབ་པའོ། །དེའི་ཕྱིར་ལྟེ་བ་དང་སྙིང་ག་དང་མགྲིན་པ་དང་མགོ་བོ་རྣམས་སུ་ལས་ཞེས་བྱ་བ་ནི་ལས་རྒྱ་རྒྱུ་མཐུན་པའི་འབྲས་བུ་ལས་སྐྱེས་པའོ། །ཆོས་ཞེས་བྱ་བ་ནི་ཆོས་ཀྱི་ཕྱག་རྒྱ་རྣམ་པར་སྨིན་པ་ལས་སྐྱེས་པའི་འབྲས་
བུའོ། །དམ་ཚིག་ཅེས་བྱ་བ་ནི་དམ་ཚིག་གི་ཕྱག་རྒྱ་སྐྱེས་བུ་བྱེད་པའི་འབྲས་བུའོ། །ཕྱག་རྒྱ་ཆེན་པོ་དྲི་མ་མེད་པའི་འབྲས་བུ་ལས་སྐྱེས་པའོ། །དེར་བྱ་བ་ལས་བྱུང་བའི་ཕྱག་རྒྱ་དེ་རྣམས་ཀྱི་རང་བཞིན་གྱི་མཚན་ཉིད་དེ་བརྡ་སྟོན་པའི་ཐ་སྙད་དུ་གསུངས་པ། པད་རྩ་ཞེས་བྱ་བ་ལ་སོགས་པས་ཏེ་རྣལ་འབྱོར་
མ་དགུ་ལྟེ་བའི་གནས་སུ་རྩ་དགུ་རྣམས་སྐྱེས་པ་སྟེ། ལས་ཀྱི་ཁྱད་པར་གྱིས་ལས་ཀྱི་ཕྱག་རྒྱ་སྟེ་འདི་ཞེས་བྱ་བ་ནི་སྔོན་དུ་བཤད་པའི་རབ་ཏུ་སྦྱོར་བ་འདིས་སོ། །དེ་རྣམས་གསལ་བར་གསུངས་པ། ཐོག་མའི་བསམ་གཏན་གྱི་དུས་སུ་གང་ལུས་ཀྱི་ཁམས་མི་རྟག་པའི་གཟུགས་སུ་བལྟས་པ་སྟེ་སྟོང་པ་
ཉིད་དུ་བྱེད་པ་སྭ་བྷཱ་བ་ཤུདྡྷ་ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་སྔོན་དུ་ཀློག་པས་དེ་པདྨའི་རྩ་བ་དཀར་བའི་ཡེ་ཤེས་པདྨའི་ཁྱད་པར་དུ་བྱེད་པ་སྟེ་པདྨའི་དྲི་དེའི་བག་ཆགས་ཀྱི་རང་བཞིན་ཞེས་བྱ་བའི་དོན་ཏོ། །དེ་བཞིན་དུ་པདྨ་ཨུཏྤལ་ཞེས་བྱ་བ་ལ་སོགས་པས་བསམ་གཏན་གཉིས་པའི་ཁྱད་པར་
གྱིས་ཏེ། དེ་ཡང་འདི་རྣམས་ཀྱི་སྔོན་དུ་ཆོས་ཐམས་ཅད་ཀྱི་ཡིད་ལ་དམིགས་པ་ཉིད་ཀྱིས་ཨོཾ་སརྦ་དྷརྨཱཿསྭ་བྷཱ་བ་ཤུདྡྷ་ཞེས་བྱ་བ་ལ་སོགས་པས་དང་ལས་ཀྱིས་ཀྱང་སྟེ་བདག་གི་འདུ་ཤེས་དང་། གཞན་གྱི་འདུ་ཤེས་དམིགས་པ་མེད་པའི་ཡེ་ཤེས་ཀྱི་རྣམ་པ་རྣམས་ཀྱི་སྟེ་པདྨ་དང་ཨུཏྤལའི་དྲི་སྟེ་དེའི་བག་
ཆགས་ཀྱིས་ཀྱང་ངོ་། །དེ་ལྟར་སེམས་ཅན་གྱི་དོན་གྱིས་དགའ་བའི་ཡིད་ཀྱིས་མེ་ཏོག་ཙམ་པ་ཀ་དང་འདྲ་བར་འགྱུར་རོ། །དེ་བཞིན་དུ་ཛཱ་ཏི་ཞེས་བྱ་བ་ལ་སོགས་པས་གསུམ་པ་སྟེ་གསུམ་པའི་བསམ་གཏན་གྱི་གསུངས་པ། སྔོན་དུ་སྦྱངས་པའི་ལུས་ཀྱིས་ཡང་བཅོམ་ལྡན་འདས་མདུན་གྱི་ནམ་

མཁའི་ཕྱོགས་སུ་བཞུགས་སུ་གསོལ་ནས་རང་གི་སྙིང་ག་ལས་མཆོད་པའི་རྣལ་འབྱོར་མ་མཆོད་པའི་སྣོད་ཀྱིས་ཕྱག་བྲེལ་བ་རྣམས་ཀྱིས་བཅོམ་ལྡན་འདས་དཀྱིལ་འཁོར་པ་དང་བཅས་པ་ལ་མཆོད་པ་བྱས་པ་དེས་ཛཱ་ཏིའི་མེ་ཏོག་གི་དྲིའོ། །སླར་ཡང་དེའི་མདུན་དུ་མཆོད་པའི་
ཆོ་ག་བླ་ན་མེད་པ་བདུན་སྡིག་པ་བཤགས་པ་ལ་སོགས་པ་བྱས་ནས་འགྲོ་བའི་དོན་གྱི་རྒྱུར་དེ་ཙམ་པ་ཀའི་དྲི་དང་དེའི་ཁ་དོག་དང་གཟུགས་འཛིན་པ་པོ་སྙིང་རྗེ་ལ་སོགས་པ་བསྒོམས་པས་སླར་ཡང་སྟོང་པ་ཉིད་ལ་དམིགས་པ་བྱས་ནས་ཨོཾ་ཤཱུ་ནྱ་ཏཱ་ཞེས་བྱ་བ་ལ་སོགས་པ་སྟེ། དེ་དེ་བཞིན་དུ་བཤད་
པར་འགྱུར་རོ། །དེ་སླར་ཡང་སེམས་ཅན་གྱི་དོན་དུ་དང་སྔོན་གྱི་སྨོན་ལམ་གྱི་རྒྱུ་རླུང་ལ་སོགས་པ་ནས་རི་རབ་ཀྱི་བར་གྱི་སྟེང་དུ་ཁང་པ་བརྩེགས་པ་ལ་སོགས་པ་ཉེ་བར་བཀོད་ནས་དཀྱིལ་འཁོར་གྱི་འཁོར་ལོ་ཆོས་ཀྱི་འབྱུང་གནས་ཀྱི་ནང་དུ་སོན་པས་དེར་སྐད་ཅིག་གིས་རྡོ་རྗེ་འཆང་གི་སྐུ་རྡོ་རྗེའི་གཟུགས་ཀྱང་
དམིགས་ནས་བགེགས་བསལ་བ་ལ་སོགས་པ་བྱས་པ་འདིས་ག་པུར་གྱི་དྲི་སྟེ་གང་གི་ཚེ་ལུས་ག་པུར་གྱི་སྟེ་ཡེ་ཤེས་ཀྱི་བདུད་རྩིའི་ཁུ་བ་ལས་བྱུང་བའི་སྐུ་རྡོ་རྗེའི་བག་ཆགས་ཀྱི་ཡེ་ཤེས་ཀྱི་དྲིས་རྣལ་འབྱོར་མ་འབྱུང་བའོ། །དེའི་ལས་བྱས་པས་ཀྱང་རྒྱུའི་རྡོ་རྗེ་འཆང་གི་སྐུ་འབྱུང་བ་སྟེ་ངག་རྡོ་རྗེའི་བདག་ཉིད་
ཙནྡན་གྱི་དྲི་དང་འདྲེས་པར་གྱུར་པས་རྒྱུའི་རྡོ་རྗེ་འཆང་གི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཤེས་རབ་དེས་པུཎྜ་རཱི་ཀ་ནི་པདྨ་དཀར་པོའི་འདབ་མའི་པགས་པ་ཞེས་སོ། །བཞི་པའི་ཡེ་ཤེས་ཀྱི་བསམ་གཏན་གྱི་ཁྱད་པར་གྱིས་སོ། །དེ་བཞིན་དུ་ལྔ་པ་གསུངས་པ། རི་དགས་ཞེས་བྱ་བ་ལ་སོགས་
པ་སྟེ། རྒྱུའི་རྡོ་རྗེ་འཆང་ཡོངས་སུ་གྱུར་པ་ལས་འབྲས་བུའི་རྡོ་རྗེ་འཆང་བསྐྱེད་པ་སྟེ། དེ་བཞིན་དུ་རི་དགས་ཀྱི་ལྟེ་བ་གཙོ་བོས་དེའི་རི་དགས་ཀྱི་ལྟེ་བ་དང་མཉམ་པ་འབྱུང་བར་འགྱུར་རོ། །དྲི་དེ་བཞིན་དུ་འདིར་ཐུགས་རྡོ་རྗེའི་མི་བསྐྱོད་པ་རྡོ་རྗེ་ཞུགས་པས་ཨུཏྤལ་སྔོན་པོའི་མདོག་ཅན་དུ་འགྱུར་བའོ། །སླར་
འདིའི་ཏིང་ངེ་འཛིན་དྲུག་པ་གསུངས་པ། ཨུཏྤལ་སྔོན་པོ་ཞེས་བྱ་བ་ལ་སོགས་པ་སྟེ་རྡོ་རྗེ་འཆང་གི་མདུན་དུ་ཤེས་རབ་ཀྱིས་ཁྱད་པར་དུ་འཁྱུད་པས་ཨུཏྤལ་སྔོན་པོ་ཞེས་བྱ་སྟེ་ཨུཏྤལའི་ཁྱད་པར་གྱིས་སྟོང་པ་ཉིད་ཀྱི་འདབ་མ་མདོག་ལྗང་གུ་དང་དྲི་ནི་དེའི་དེ་ལྟར་ཞེས་བྱ་བ་ནི་ཨུཏྤལའི་དྲིའོ། །སྟོང་པ་ཉིད་

དང་སྙིང་རྗེའི་བདག་ཉིད་དེ་ཨོཾ་ཡོ་ག་ཤུདྡྷ་ཞེས་བྱ་བ་ལ་སོགས་པས་དེའི་བག་ཆགས་ལས་འབྱུང་བའོ། །དེ་བཞིན་དུ་བསམ་གཏན་བདུན་པ་གསུངས་པ། མ་ཞེས་བྱ་བ་ལ་སོགས་པ་སྟེ། རྡོ་རྗེ་འཆང་གི་སྐུའི་རྡོ་རྗེ་ལ་སོགས་པ་བྱིན་གྱིས་བརླབ་པ་བྱས་ནས་ཨོཾ་ཀཱ་ཡ་བཛྲ་ཨཱཏླ་ཀོ྅ཧཾ་ཞེས་བྱ་བ་ལ་སོགས་པ་
ཚིགས་སུ་བཅད་པ་གསུམ་པ་སྔོན་དུ་སོང་བ་དེས་མལླི་ཀའི་དྲིར་འགྲོའོ། །དེ་བཞིན་དུ་འདོད་ཆགས་ཆེན་པོ་རྗེས་སུ་ཆགས་པས་ཞུ་བའི་བདག་པོའི་ཏིང་ངེ་འཛིན་གྱིས་དེ་བཞིན་གཤེགས་པ་ཐམས་ཅད་བཀུག་ནས་ཞལ་དུ་རབ་ཏུ་བཅུག་སྟེ་རྡོ་རྗེའི་ལམ་ནས་ཞུ་བ་དེ་ཕྱུང་ནས་ཤེས་རབ་ཀྱི་པདྨའི་ཁོངས་སུ་ཞུགས་པ་
འདིས་ཨུཏྤལའི་དྲི་ཅན་མ་སྟེ་དེའི་བག་ཆགས་ཀྱིས་སོ། །དེས་དེ་ལྟར་ཞུ་བས་དཀྱིལ་འཁོར་རྒྱལ་པོ་མཆོག་ཅེས་བྱ་བའི་ཏིང་ངེ་འཛིན་དམིགས་ནས་པདྨའི་ལྟེ་བར་དཀྱིལ་འཁོར་རྫོགས་པར་བྱ་སྟེ། དེ་ཇི་ལྟ་བའི་རིམ་པས་ཕྱུང་ནས་དམ་ཚིག་གི་དཀྱིལ་འཁོར་དུ་རང་རང་གི་གནས་སུ་ཡོངས་སུ་བཞག་པ་
འདིས་རྣལ་འབྱོར་མ་རྣམས་མུ་མེན་གྱི་མདོག་ལྟ་བུར་འགྲོའོ། །དེ་བཞིན་དུ་ཡང་བསམ་གཏན་བརྒྱད་པ་གསུངས་པ། ཀེ་ཏ་ཀཱི་ཞེས་བྱ་བ་ལ་སོགས་པ་སྟེ། དཀྱིལ་འཁོར་དང་དཀྱིལ་འཁོར་པ་རྣམས་ལ་དབང་བསྐུར་བར་བསྒོམ་ནས་དམ་ཚིག་དང་ཡེ་ཤེས་དང་ཏིང་ངེ་འཛིན་སེམས་དཔའ་དམིགས་ཏེ་ཡེ་
ཤེས་ཀྱི་དཀྱིལ་འཁོར་དུ་བཅུག་ནས་གཅིག་ཏུ་བྱས་པ་འདིས་ཀེ་ཏ་ཀི་དང་མཉམ་པའི་དྲི་སྟེ་དེའི་བག་ཆགས་སུ་ཤེས་པར་བྱའོ། །དེ་སླར་ཡང་མགོ་བོར་རྒྱས་བཏབ་པས་མཆོད་པ་ཆེན་པོ་ལ་སོགས་པ་ཡེ་ཤེས་ཀྱི་བདག་ཉིད་དབུལ་བར་བྱ་སྟེ་ཡིད་ལས་བྱུང་བའིའོ། །དེས་དམར་པོ་བནྡུ་ཀ་དང་འདྲ་བར་
འགྲོའོ། །དེ་བཞིན་དུ་ཏིང་ངེ་འཛིན་དགུ་པ་གསུངས་པ། པཱ་ཊ་ཞེས་བྱ་བ་ལ་སོགས་པ་སྟེ་ཐིག་ལེའི་རྣལ་འབྱོར་དང་ཕྲ་མོའི་རྣལ་འབྱོར་བསྒོམ་པས་ཡོངས་སུ་རིམ་པས་སྲོག་དང་རྩོལ་བ་མཉེས་པས་དེའི་བག་ཆགས་ཀྱི་པཱ་ཏ་ལི་དང་མལླི་ཀའི་དྲི་ཅན་མའོ། །དེ་བཞིན་དུ་སྔགས་ཀྱི་བཟླས་པ་ལ་སོགས་
པ་བྱས་པས་རང་བཞིན་མེད་པའི་བདག་ཉིད་དུ་སོན་པ་དེའི་རང་བཞིན་གྱིས་སླར་ཡང་ནམ་མཁའི་མདོག་ཏུ་འགྲོའོ། །དེ་ལྟར་ལས་འདི་རྣམས་བྱེད་པས་དེ་བཞིན་དུ་ལས་ཀྱི་ཕྱག་རྒྱར་བརྗོད་པའོ། །རང་བཞིན་ལས་ཀྱི་ཕྱག་རྒྱར་ལྷ་མོ་འདི་རྣམས་འགྲོ་སྟེ་རྒྱུ་གཞན་གྱིས་སོ། །ད་ནི་སྙིང་གའི་རྩ་རྣམས་

ཆོས་ཉེ་བར་སྤྱོད་པ་རྣམས་ཆོས་ཀྱི་ཕྱག་རྒྱ་རྣམས་ཀྱི་རང་བཞིན་གྱི་རྒྱུས་གསུངས་པ། བདེ་གཤེགས་ཞེས་བྱ་བ་ལ་སོགས་པ་སྟེ། དེ་ལྟར་ཡང་གཅིག་ལ་རྣམ་པ་དགུར་གྱུར་པ་དེ་གསུངས་པ། བདེ་གཤེགས་ཚོགས་པ་ཞེས་བྱ་བ་ནི་ཐེག་པ་གསུམ་ལ་སོགས་པའི་ཆོས་ལ་དགའ་བ་སྟེ་
མཐར་གནས་སྐྱེས་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བདག་ཉིད་ཀྱི་རང་བཞིན་གྱིས་མཐའ་ཡིས་དེ་དེ་བཞིན་དུ་གསུང་བར་འགྱུར་རོ། །སླར་ཡང་བསམ་གཏན་ཞེས་བྱ་བ་ལ་སོགས་པས་ལས་ཐམས་ཅད་བྱེད་པའི་ཡང་བསམ་གཏན་དང་བཟླས་པ་ལ་སོགས་པ་སྔོན་དུ་བཤད་པའི་སྒོམ་པ་མི་འདོར་བ་
སྟེ། དེ་ཉིད་བྲམ་ཟེའི་སྤྱོད་པ་སྟེ་བྲམ་ཟེ་མོའོ། །དེ་བཞིན་དུ་གཙང་སྦྲ་ཞེས་བྱ་བ་ལ་སོགས་པས་བདུད་རྩི་ལྔ་ལ་སོགས་པ་ཟ་བ་དང་ཁྲུས་ནི་ཡེ་ཤེས་ཀྱི་བདུད་རྩིའི་རང་བཞིན་གྱིས་ཏེ་དེས་རྗེའུ་རིགས་ཏེ་མ་གོས་པའི་ཆོས་ཀྱི་རང་བཞིན་ནོ། །དེ་བཞིན་དུ་བཞི་པ་གསུངས་པ། རྣམ་པར་རྟོག་མེད་
ཅེས་བྱ་བ་ལ་སོགས་པ་སྟེ། སེམས་དང་སེམས་པ་པོའི་དངོས་པོ་རྣམས་ཀྱི་འཛིན་པ་མེད་པ་ཉིད་ཀྱིས་མི་མོ་རྟུལ་ཞིང་དཔའ་བ་ལ་རྩེ་བ་སྟེ། ཉོན་མོངས་པའི་གཡུལ་ངོ་ལས་རྒྱལ་བ་དེ་དེ་བཞིན་དུ་བཤད་པར་འགྱུར་རོ། །རང་གི་རིགས་དང་རོལ་པས་རྣལ་འབྱོར་མ་རྒྱལ་རིགས་ཀྱི་རང་བཞིན་ནོ། །
དེ་བཞིན་དུ་ལྔ་པ་གསུངས་པ། ཡོངས་སུ་ལས་ཞེས་བྱ་བ་ལ་སོགས་པ་སྟེ། སྣ་ཚོགས་པ་དཀྱིལ་འཁོར་ལ་སོགས་པའི་ཡོངས་སུ་ལས་ཀྱིས་དང་ལག་པའི་ཕྱག་རྒྱ་ལ་སོགས་པའི་མཚན་ཉིད་ཀྱིས་རྩེ་བ་སྟེ་དམངས་རིགས་ལས་ཐམས་ཅད་མ་ཞེས་བྱ་བའོ། །ལྷག་མ་རྟོགས་པར་སླ་སྟེ་ཡི་གེའི་
དོན་ཇི་ལྟ་བའོ། །ད་ནི་དམ་ཚིག་གི་ཕྱག་རྒྱ་རྣམས་ཀྱི་རང་བཞིན་གྱི་རྒྱུས་གསུངས་པ། གཏོར་མ་ཞེས་བྱ་བ་ལ་སོགས་པ་སྟེ། དེ་ལྟར་ཡང་མགྲིན་པའི་འཁོར་ལོར་རྩ་དགུ་པོ་རྣམས་ཀྱི་ཁྱད་པར་ཏེ་དེ་ཡང་བསམ་གཏན་གྱིས་སེམས་ཅན་ཐམས་ཅད་ཀྱི་རྣལ་འབྱོར་པས་ཉེ་བར་སྤྱོད་པ་དེ་ཡང་བྱའོ་ཞེས་
སོ། །རྒྱུ་དེས་རབ་གནས་དང་གཏོར་མ་དང་མཆོད་པའི་འབྲས་བུའི་བདག་ཉིད་ཅན་གྱི་ལུས་ལ་སོགས་པའི་རྟགས་ཀྱི་བདག་ཉིད་ཅན་དུ་འགྱུར་རོ། །གཞན་རྟོགས་པར་སླའོ། །འདི་ནི་དམ་ཚིག་ལས་བྱུང་བ་རྣམས་ཀྱི་དམ་ཚིག་གི་ཕྱག་རྒྱར་ཤེས་པར་འགྱུར་རོ། །ད་ནི་ཕྱག་རྒྱ་ཆེན་པོ་རྣམས་ཀྱི་རང་

བཞིན་གྱི་མཚན་ཉིད་ཀྱིས་གསུངས་པ། ལྷན་སྐྱེས་ཞེས་བྱ་བ་ལ་སོགས་པ་སྟེ་མགོ་བོའི་འཁོར་ལོར་རྩའི་ཀུན་དུ་སྤྱོད་པའི་རང་བཞིན་གྱིས་བསྐྱེད་པ་སྟེ་རྩ་དགུ་པའོ། །ཞིང་བརྒྱད་ཀྱི་རང་བཞིན་མ་རྣམས་ཏེ་དགུ་པ་ནི་ཞིང་ཐམས་ཅད་ཀྱི་བདག་ཉིད་ཅན་ཨ་ཝ་དྷཱ་ཏཱི་དུམ་བུ་བཞིའི་བདག་ཉིད་དོ། །དེ་ཡང་པདྨ་
རྡོ་རྗེའི་དཀྱིལ་འཁོར་གྱི་གཙོ་མོ་འདི་རྣམས་ཀྱི་ལྷ་རྫས་ཀྱི་བདེ་བ་ཉམས་སུ་མྱོང་བས་དབུ་མའི་བདག་ཉིད་དུ་བྱེད་པ་ལ་སོགས་པ་སྟེ། སྒེག་དང་དཔའ་དང་འཇིགས་རུང་དང་། །དྲག་པོ་དགོད་པ་འཇིགས་བྱེད་དང་། །སྙིང་རྗེ་ངོ་མཚར་ཞི་བ་སྟེ། །གར་དགུ་ཡི་ནི་རོ་དང་ལྡན། །ཞེས་སོ། །དེ་བཤད་པ། དོ་ལ་
བཀུར་བར་ཁ་བ་དང་། །བླ་འཇོག་པ་དང་རབ་བརྐྱང་དང་། །སྦྲང་མ་དྲིལ་ཆུང་ཕྲེང་རྣམས་དང་། །རྒྱས་དང་རྐང་པ་མཉམ་པ་དང་། །རོལ་བསྐྱོད་ལ་སོགས་ཤེས་བྱ་སྟེ། །རྩ་རྣམས་མཉམ་པར་འཆིང་བའོ། །དེ་ཡི་ཕྱི་རོལ་ཕྱག་རྒྱ་རྣམས། །རྒྱུ་ཡིས་ཐམས་ཅད་བྱུང་བའོ། །ཞེས་བྱ་བ་ནི་ངེས་པའོ། །དེ་
ལྟར་ཕྱག་རྒྱའི་རང་བཞིན་རྣམས་ཀྱི་རྣལ་འབྱོར་མ་རྣམས་ཏེ་དེ་རྣམས་ཀྱིས་ཕྱག་རྒྱའི་ལན་གྱི་ཚུལ་གྱི་བདག་ཉིད་ཅན་ཞེས་བྱ་བ་ནི་ཇི་ལྟར་བཤད་པའི་སྦྱོར་བ་ལ་སོགས་པའི་ཚུལ་བྱས་ན་འདིས་ཡོངས་སུ་དགྱེས་པར་འགྱུར་རོ། །དེ་ལྟར་ཚུལ་ནི་སླར་ཡང་གང་ཞིག་གང་གི་ཞེས་བྱ་བ་ལ་སོགས་པ་སྟེ།
མདོག་དང་དྲི་ལ་སོགས་པ་ཉེ་བར་མཚོན་པ་དེའི་མེ་ཏོག་ལ་སོགས་པའི་ཚུལ་དུ་བྱའོ། །ད་ནི་འདིའི་སྦྱོར་བ་ལ་རབ་ཏུ་འཇུག་པ་ལྷུན་གྱིས་གྲུབ་པས་གང་གི་ཚེ་འགྱུར་བ་དེའི་ཚེ་མིང་གི་དང་པོའི་ཡི་གེ་ལ་སོགས་པས་གསལ་བར་གསུངས་པ། ས་སྲུང་མ་ཞེས་བྱ་བ་ལ་སོགས་པ་སྟེ་རབ་ཏུ་སྦྱོར་བས་ཞེས་
བྱ་བ་ནི་འཆད་པར་འགྱུར་བའི་མིང་གི་ཡི་གེ་རྣམས་ཀྱིས་འདིའི་དེ་ལྟར་ཤེས་པར་བྱའོ། །གནས་ལ་སོགས་པའི་དང་པོའི་ཡི་གེ་དང་བྱང་ཆུབ་ཀྱི་ཕྱོགས་ཀྱི་རིག་པ་སྟེ། འདིས་བསྒྲུབ་པར་བྱ་ཞེས་བྱ་བ་ལ་སོགས་པས་དེ་དེ་བཞིན་དུ་བཤད་དོ། །དེ་ལྟར་འདིའི་རབ་ཏུ་སྦྱོར་བ་གསུངས་
པ། ཨེའི་ཡི་གེ་ཞེས་བྱ་བ་ལ་སོགས་པ་སྟེ། ཨེའི་ཡི་གེའི་དོན་གྱིས་ཏེ་ཡེ་ཤེས་ཀྱི་རླུང་རྣམས་ཀྱི་ཞེས་བྱ་བ་ནི་སྣ་ཚོགས་པའི་རང་གི་རིག་པའི་བདེ་བའི་རྣམ་པ་ལ་སྲོག་ལ་སོགས་པའི་རླུང་རྣམས་ཀྱི་དབུས་སུ་རབ་ཏུ་འཇུག་པ་སྟེ། འཆད་པར་འགྱུར་བའི་རབ་ཏུ་སྦྱོར་བས་རང་བཞིན་གྱིས་

སེམས་ལ་སོགས་པ་རྣམས་སོ། །དེ་ལྟར་དེ་རྣམས་སླར་ཡང་རླུང་རྣམས་ཟླ་བའི་དཀྱིལ་འཁོར་དུ་ཞེས་བྱ་བ་ནི་འཕོ་བ་མེད་པ་གྱེན་དུ་འབབ་པའི་དུས་སུ་འོག་དང་སྟེང་དུ་ཨེའི་རྣམ་པ་གཉིས་འདུས་པ་ཡི་གེ་སྟེ། ཨེའི་ཡི་གེའི་འདུ་ཤེས་སུ་དེས་དབུ་མར་ཞུགས་པས་སོ། །དེ་ལ་འདོད་
ཆགས་ཞེས་བྱ་བ་ལ་སོགས་པས་རའི་ཡི་གེའི་དོན་གྱིས་གསུངས་པ། འདོད་ཆགས་མེ་ནི་བྱང་ཆུབ་ཀྱི་སེམས་དང་སྲོག་རྣམས་རབ་ཏུ་འབར་བས་ཐམས་ཅད་དེ་ལ་དེ་ལྟར་ཐིམ་པ་ཉིད་དུ་འགྲོ་བ་སྟེ་དེར་ནི་གང་ཞིག་དེར་རང་བཞིན་བསམ་དུ་མེད་པའི་གཟུགས་དེའི་བདག་ཉིད་ཀྱི་རྣམ་པ་རྣམས་རྣལ་འབྱོར་མའི་
ཐུགས་ཀྱི་འཁོར་ལོར་འགྱུར་རོ། །ཐུགས་ཀྱི་འཁོར་ལོ་ཡང་ཁམས་ཐམས་ཅད་ཀྱི་ནང་དུ་ཨ་ཝ་དྷཱུ་ཏཱིའི་རང་བཞིན་ལྟ་བུའོ། །རྡོ་རྗེ་ཞེས་བྱ་བ་ལ་སོགས་པས་འདིའི་དེ་ལྟར་རབ་ཏུ་སྦྱོར་བ་པའི་ཡི་གེའི་དོན་གྱིས་གསུངས་པ། རྡོ་རྗེའི་གསང་བ་ལས་ལངས་པའི་རྩ་ཞེས་བྱ་བ་ནི་བྱང་ཆུབ་ཀྱི་སེམས་
འབབ་པའི་རྩ་རྡོ་རྗེའི་བུ་གའི་ནང་དུ་གནས་པས་ལས་ཀྱི་ཕྱག་རྒྱ་ལ་སོགས་པའི་རྣལ་འབྱོར་མ་རྣམས་དང་སྙོམས་པར་ཞུགས་པས་དེ་རྣམས་ཀྱི་རྒྱུན་མི་འཆད་པར་བསྐུལ་ཞིང་གསོལ་བ་བཏབ་པས་དེ་ཁོ་ན་ཉིད་ཀྱིས་ལངས་པ་སྟེ་རྣལ་འབྱོར་གྱི་དབང་ཕྱུག་རྣམས་ཀྱིས་ཀྱང་གཡོ་ཞིང་འབབ་པ་རྣམ་པར་བཟུང་བས་རྣམ་
པར་བཟུང་བ་འཕོ་བ་མེད་པའི་ཁམས་ཐམས་ཅད་ཡེ་ཤེས་ཀྱི་ཁམས་ཅན་མར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་འདིའི་ཏཱིའི་ཡི་གེས་ནུས་མཐུ་བྱེད་པའི་ཁྱད་པར་གསུངས་པ། འདས་དང་མ་བྱོན་སངས་རྒྱས་རྣམས། །ཞེས་བྱ་བ་ནི་སྣ་ཚོགས་པའི་རང་གི་སེམས་ཀྱི་རང་བཞིན་རྣམས་ཀྱི་
ཆ་ཤས་འཕོ་བ་མེད་པའི་སྦྱོར་བའི་ཆ་ཤས་སོ། །སེམས་ཅན་གྱི་ཆ་ཅན་མེ་ཞེས་བྱ་བ་ནི་འདིར་སེམས་པ་དང་རྡུལ་དང་མུན་པའི་ཆ་ཤས་རྣམས་ཀྱི་དབུས་སུ་གཙོ་བོའི་ཆ་ཤས་རྣམས་ཏེ། སྙིང་སྟོབས་ཅན་གྱི་ཆ་ཤས་ནི་བཅུ་དྲུག་པ་བཞིན་ཟད་པ་མེད་ཅིང་འཕོ་བ་མེད་པའི་ཡེ་ཤེས་ཞེས་བྱ་བར་
དགོངས་སོ། །དེའི་ཁྱད་པར་དུ་བྱེད་པ་གསུངས་པ། རེ་རེའི་ཞེས་བྱ་བ་ནི་ངོ་བོ་ཉིད་ཀྱི་རང་བཞིན་གྱིས་སེམས་རེ་རེའི་ཆ་ཤས་དང་སླར་ཡང་སུམ་ཅུ་རྩ་དྲུག་གི་ཁམས་ཀྱི་བདག་ཉིད་ཅན་དུ་འགྱུར་རོ། །དེའི་ཚད་ཀྱིས་རྣལ་འབྱོར་གྱི་ཁྱད་པར་ཞེས་བྱ་བའི་དགོངས་པའི་དོན་ཏོ། །འདིའི་དེ་ལྟར་ཡང་

རྣམ་པ་དང་བཅས་པ་ཉིད་ཀྱི་ཆ་ཤས་ཀྱི་རྣམ་པར་གཞག་པ་ཀཱ་མ་རཱུ་པའི་ཡི་གེའི་མིང་གིས་གསུངས་པ། ལུས་ཅན་ཞེས་བྱ་བ་ལ་སོགས་པ་སྟེ། ཀའི་ཡི་གེའི་དོན་ཏོ། །དེ་ལྟར་ལུས་ཅན་གྱི་གཟུགས་དེས་དེ་ལྟར་ཞེས་བྱ་བ་སྟེ། འཕོ་བ་མེད་པ་དེར་བསྐྱེད་པའོ། །སངས་རྒྱས་ཀྱི་སྐུའི་དངོས་པོ་འཛིན་པའི་
ཕྱིར་རོ། །གང་དུ་འཛིན་པར་གསུངས་པ། ཞིང་དུ་ཀ་སོགས་གཟུགས་ཀྱིས་ཞེས་བྱ་བ་ནི་ཀཱ་མ་རཱུ་པ་ཞེས་བྱ་བ་ནི་ཉེ་བར་མཚོན་པ་ཙམ་སྟེ་འོན་ཀྱང་འདོད་པའི་ཁམས་ཀྱི་སེམས་ཅན་ཐམས་ཅད་ཀྱི་དགོས་པའི་རྒྱུར་གྱུར་པས་སྣ་ཚོགས་པའི་སྐུའི་གཟུགས་རྣམས་ཀྱིས་སྐྱེ་བ་ལེན་པར་བྱེད་དོ། །དེར་དེ་ལྟར་
ཆེན་པོ་ཞེས་བྱ་བ་ལ་སོགས་པས་མའི་ཡི་གེའི་དོན་ཏོ་དེ་བཞིན་དུ་བཤད་པ་བྱེད་དོ། །འདིར་གལ་ཏེ་དེ་སྲིད་སངས་རྒྱས་རྣམས་སྔགས་ཀྱི་ཚུལ་གྱི་བདག་ཉིད་ཀྱིས་རོལ་བ་དེའི་ཚེ་སྣ་ཚོགས་པའི་ཕག་ལ་སོགས་པ་སྐྱེ་བ་ལེན་པར་བྱེད་པ་ཇི་ལྟར་ཡིན། འོ་ན་ཁམས་དྲུག་གི་བདག་ཉིད་འདི་སྐྱེས་བུ་ཆེན་པོའི་
གང་ཟག་ཡིན་པ་དེའི་ཚེ་མིའི་ལུས་སུ་སྐྱེ་བ་ལེན་པར་བྱེད་ཅེ་ན། དེ་ལྟར་གཞན་གྱི་ཐེ་ཚོམ་ལ་བཅོམ་ལྡན་འདས་ཀྱི་ཚིག་གིས་སེལ་བར་བྱེད་པ་གསུངས་པ། གཟུགས་ཞེས་བྱ་བ་ལ་སོགས་པ་སྟེ། གཟུགས་ཀྱི་རྣམ་པའི་དོན་དེ་ཡིས་སངས་རྒྱས་ཅན་ཞེས་བྱ་བའི་སྟེ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་
སོ། །ཀྱང་གི་ཡི་གེས་སངས་རྒྱས་རྣམས་ཀྱང་དེ་རྣམས་ཀྱི་སྟེ་རིགས་ཀུན་ཞེས་བྱ་བ་ནི་ཕག་ལ་སོགས་པར་ཤེས་པར་མི་བྱའོ། །དེ་ཇི་ལྟར་སེམས་མངོན་ཤེས་དྲུག་རྣམས་ཀྱིས་བྱང་ཆུབ་ཀྱི་གཟུགས་ཡིན་དེའི་ཚེ་དེའི་རིགས་རྣམས་ཀྱིས་འདུལ་བ་ཉིད་པས་དེའི་གཟུགས་ཕག་མོ་ལ་སོགས་པ་སྟེ་དེའི་ཚེ་དེར་དེ་
ལྟར་ལུས་རྣམས་ཀྱི་ཕ་རོལ་པར་འཇིག་རྟེན་དུ་རབ་ཏུ་གྲགས་སོ། །དེའི་ཕྱིར་གཟུགས་དང་གཟུགས་མེད་མི་ཤེས་པ་སྟེ་ཇི་སྲིད་སངས་རྒྱས་ཉིད་ཅེས་བྱ་བའི་དོན་ཏོ། །འོན་ཀྱང་བརྩེ་བའི་འདོད་པ་ཉིད་ཆུང་མ་ལ་དེས་ཀྱང་སྨོན་ལམ་གྱི་དབང་གིས་སོ། །ཕ་རོལ་ཞེས་བྱ་བ་ལ་སོགས་པ་པའི་ཡི་གེའི་དོན་
གྱིས་ཏེ་བཞིན་གྱི་གཟུགས་སུ་བྱེད་པ་ནི་ཕག་ལ་སོགས་པས་ལྷ་མོ་གང་གི་ཚེ་སྟོང་པ་ཉིད་ཀྱི་བདག་ཉིད་ཅན་བཅོམ་ལྡན་འདས་སྙིང་རྗེ་དང་དབྱེར་མེད་པ་ཉིད་དུ་བསྐྱེད་པ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེའི་ཚེ་ཤེས་པར་བྱེད་པ་པོ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སངས་རྒྱས་ཀྱི་ལམ་དུ་དེའི་ཚེ་ཡང་དེ་དེ་ལྟར་

བཤད་དེ། འདིའི་དོན་དུ་སླར་ཡང་ཤེས་རབ་ཀྱི་དབང་པོའི་སྒོ་ནས་དང་བྱང་ཆུབ་ཀྱི་ཕྱོགས་ཀྱི་རང་བཞིན་གྱིས་གསལ་བར་གསུངས་པ། དབང་པོ་ཞེས་བྱ་བ་ལ་སོགས་པ་སྟེ། ཀུན་དུ་འགྲོ་བ་སངས་རྒྱས་ཞེས་བྱ་བ་ནི་མིག་ལ་སོགས་པ་དང་གཟུགས་དང་སྒྲ་དང་དྲི་དང་རོ་དང་རེག་བྱ་ལ་
སོགས་པ་སྟེ་འདོད་པ་ལྔ་ལ་སོགས་པས་གང་ཉེ་བར་མཚོན་པའི་ཡུལ་གྱི་ཡོན་ཏན་ལ་སོགས་པའི་དངོས་པོ་དེས་དེ་ལྟར་སྙིང་རྗེས་བརླན་པ་ལ་སོགས་པས་སངས་རྒྱས་རྣམས་སོ། །དེའི་ཕྱིར་སླར་ཡང་སྟོང་པ་ཉིད་གཅིག་ཏུ་ངེས་པ་ཉིད་ཀྱི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། དེ་ནི་དེ་ལ་དེ་བཞིན་དུ་
བཤད་པར་འགྱུར་རོ། །དེ་ལྟར་ཞེས་བྱ་བ་ལ་སོགས་པས་ཉེ་བར་སྡུད་པའི་ཚིག་སྟེ། དེའི་ཚེ་རྣལ་འབྱོར་མའི་གཟུགས་དང་འདྲ་བར་འགྱུར་བ་སྟེ་སེམས་ཅན་ཐམས་ཅད་ཀྱང་ངོ་། །དེ་ལྟར་སྣང་བ་དེས་ཀྱང་ངོ་། །འོན་ཀྱང་གཙོ་བོར་རྡོ་རྗེ་རྣལ་འབྱོར་མའི་རྒྱུད་ཉིད་པས་རྣལ་འབྱོར་མའི་གཟུགས་རྣམས་ཏེ། དེ་བཞིན་དུ་ནི་
སངས་རྒྱས་ཀྱི་གཟུགས་རྣམས་སུ་འགྱུར་རོ་ཞེས་བྱ་བར་དགོངས་པའི་དོན་ཏོ། །དེ་བཞིན་དུ་ཡང་འཆད་པར་འགྱུར་བའི་དཀྱིལ་འཁོར་གྱི་འཁོར་ལོ་བསྒོམ་པའི་རྣམ་པར་གཞག་པ་ཡེ་ཤེས་ཀྱི་འཁོར་ལོར་རྣལ་འབྱོར་མའི་གཟུགས་རྣམས་ཡོངས་སུ་གཞག་པ་སྟེ་འདི་ནི་ངེས་པའོ། །ད་ནི་དེའི་རྣམ་པར་གཞག་
པ་ཡེ་ཤེས་ཀྱི་འཁོར་ལོར་དཀྱིལ་འཁོར་གྱི་འཁོར་ལོ་བསྒོམ་པ་ཡང་གསུངས་པ་ཡེ་ཤེས་ཞེས་བྱ་བ་ལ་སོགས་པ་སྟེ། འདོད་པ་ཐམས་ཅད་སྟེར་ཞེས་བྱ་བ་ནི་སྔོན་དུ་བཤད་པའི་རིགས་པས་ཀུན་དུ་སྤྱོད་པའི་ཁྱད་པར་ལས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཀྱི་འདོད་པ་སྟེར་བའོ། །བདག་པོའི་རང་བཞིན་གྱིས་
ཞེས་བྱ་བ་ནི་དེ་རྣམས་ཀྱི་དཀྱིལ་འཁོར་གྱི་འཁོར་ལོར་བསྒོམ་པའི་ས་བོན་གྱི་ཡི་གེ་ལས་བྱུང་བ་གསུངས་པ། དཀྱིལ་འཁོར་ཞེས་བྱ་བ་ལ་སོགས་པ་སྟེ། དེ་ལྟར་སྔོན་དུ་བཤད་པའི་རིགས་པས་དགོས་པ་རྣམས་སོ། །ལྷག་མ་ཐམས་ཅད་རྟོགས་པར་སླའོ། །དཔལ་མཁའ་འགྲོ་རྒྱ་མཚོ་རྣལ་འབྱོར་
མའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོའི་འགྲེལ་པ་གྲུ་གཟིངས་ལས་ས་སྲུང་མའི་རང་བཞིན་གྱི་ཕྱག་རྒྱ་བཞིར་སྐྱེས་པ་རྣམས་ཀྱི་གཟུགས་དང་གནས་ལུགས་ལ་སོགས་པ་ཡོངས་སུ་བརྟགས་པས་བརྡའི་ཕྱག་རྒྱ་དང་ལན་གྱི་ཕྱག་རྒྱ་རྣམས་ཏེ་དེ་རྣམས་ཀྱི་རང་གི་མཚན་ཉིད་ཀྱི་ཆོས་གང་དང་རང་གི་མིང་གི་ཡི་གེ་དང་པོ་དང་

ལྡན་པ་རྣམས་ཀྱི་ཡེ་ཤེས་སྒྲུབ་པའི་དེ་ལྟར་རབ་ཏུ་སྦྱོར་བའི་ཆོ་ག་དང་སངས་རྒྱས་ལ་སོགས་པའི་འདོད་པའི་ཁམས་སུ་རོལ་པའི་མཚན་ཉིད་ཀྱི་དཀྱིལ་འཁོར་གྱི་འཁོར་ལོ་བསྒོམ་པ་རྒྱས་པར་བསྟན་པ་སྟེ་ལེའུ་སུམ་ཅུ་རྩ་བཞི་པའི་བཤད་པའོ།། །།འཇིགས་བྱེད་མ་ལ་ཕྱག་བྱས་ནས། །མིང་ཆེན་
ལྷག་པའི་རྣལ་འབྱོར་མ། །ཐམས་ཅད་བདེན་པའི་བརྡ་རྣམས་ནི། །ཡི་གེ་ཡིས་ནི་རབ་ཏུ་གནས། །གཏུམ་མོའི་གཟུགས་ཅན་ལྷ་མོ་ནི། །ཕྱག་རྒྱ་ཡོངས་སུ་རིག་བྱེད་པའི། །སྔོན་གྱི་རྣལ་འབྱོར་མའི་གནང་བས། །འགྲེལ་པ་དེ་བཞིན་ཡང་བཤད་བྱ། །ད་ནི་ལེའུ་སུམ་ཅུ་རྩ་ལྔ་པའི་བཤད་པ་གསུངས་
པ། དེ་ནས་ལྷ་མོ་ཞེས་བྱ་བ་ལ་སོགས་པས་ཏེ། རྡོ་རྗེ་ཕག་མོའི་རང་བཞིན་རང་གིས་འཇིགས་བྱེད་ཆེན་མོའི་གཟུགས་ཀྱིས་ཕྱི་དང་ནང་དང་གསང་བའི་བདག་ཉིད་ཀྱི་མཆོད་པ་འདི་བྱས་ནས་དྲི་བ་དེ་གསུངས་པ་ཉིད་ཀྱི་གསུངས་ཤིག་ཅེས་བྱ་བ་ལ་སོགས་པ་སྟེ་ཁྱོད་ཀྱིས་གསུངས་ཤིག་པའོ། །མཁའ་
འགྲོ་ཞེས་བྱ་བ་ནི་དུས་ཐམས་ཅད་དུ་ལྷན་ཅིག་སྐྱེས་པའི་རང་བཞིན་གྱིས་ཏེ་དེའི་དེ་ལྟར་རིགས་པས་ཐམས་ཅད་བདེན་པ་ལྷན་ཅིག་སྐྱེས་པའི་བརྡ་ཞེས་བྱ་བ་བདག་གིས་མི་ཤེས་པ་སྟེ། གང་གིས་ལྷན་ཅིག་སྐྱེས་པའི་ཕྱག་རྒྱ་ཡིས་འབྱུང་པོ་ཐམས་ཅད་ལ་སོགས་པ་ཞེས་བྱ་བ་ནི་ཁམས་དང་ཕུང་པོ་དང་སྐྱེ་
མཆེད་ལ་སོགས་པ་རྣམས་ཀུན་དུ་སྐྲག་པ་སྟེ། བཅོམ་པར་གྱུར་ནས་དེ་ལས་བྱུང་བ་མཐོང་བས་འཁོར་བའི་ཉོན་མོངས་པ་ལས་སྒྲོལ་བས་ན་དེའི་ཕྱག་རྒྱའི་བརྡ་བཅོམ་ལྡན་འདས་ཀྱིས་དེའི་བདག་ཉིད་དུ་གསུངས་ཤིག་པའོ། །དེ་ལྟར་འདིའི་ལན་གྱི་དོན་དུ་བཅོམ་ལྡན་འདས་ཀྱིས་གསུངས་པ། ཉོན་ཅིག་
ཅེས་བྱ་བ་ལ་སོགས་པ་སྟེ། སྙིང་པོའི་རྒྱ་མཚོ་ཞེས་བྱ་བ་ནི་དབུས་མའི་ནང་དུ་ལྷན་ཅིག་སྐྱེས་པའི་དཀྱིལ་འཁོར་མཆོག་ཏུ་ཟག་པ་མེད་པ་ཉིད་པས་སྙིང་པོའོ། །སངས་རྒྱས་ཐམས་ཅད་ཀྱི་རྟེན་ཉིད་པས་རྒྱ་མཚོའོ། །དེའི་དེ་ལྟར་ནང་དུ་ཕྱག་རྒྱ་ཐམས་ཅད་གང་སྔར་བཤད་པ་རྣམས་དང་ཕྱིས་ལྷག་པར་རྟོགས་
པ་དེ་ཡང་དག་པར་བླང་བར་བྱ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་རྒྱུད་གང་དུ་ཡང་མ་བཤད་ཅེས་བྱ་བ་ནི། དཔལ་འདུས་པ་ལ་སོགས་པར་རོ། །དེའི་ཕྱིར་ཁྱོད་ཀྱི་དོན་དུ་ཞེས་བྱ་བ་ནི་གང་གི་ཚེ་རྣམ་པར་རྟོག་པ་ཐམས་ཅད་ཟབ་མོ་འདི་འཆད་པར་འགྱུར་བའི་འཇིགས་བྱེད་ཆེན་མོའི་མིང་གིས་སོ། །ད་ནི་ཕྱག་

རྒྱ་རྣམས་ཀྱི་རབ་ཏུ་སྦྱོར་བས་བསྒྲུབ་པར་བྱ་བའི་ཆོ་ག་རྣམས་ཀྱི་ལྷན་ཅིག་སྐྱེས་པའི་དེ་བཞིན་དུ་གསུངས་པ། རྡོ་རྗེ་མེ་ཡི་རབ་སྦྱོར་བས། །ཞེས་བྱ་བ་ནི་རྡོ་རྗེའི་མེ་སྟེ་རྡོ་རྗེ་མེའོ། །ལོངས་སྤྱོད་ཀྱི་རླབས་གཉིས་བཙིར་བ་ལས་ལངས་པ་འདི་ནི་འདོད་ཆགས་ཀྱི་མེའོ། །དེའི་ཕྱིར་ཉེ་བར་
སྤྱོད་པར་འགྱུར་བས་རབ་ཏུ་སྦྱོར་བ་འདིས་གཡོན་པ་དང་གཡས་པའི་དུས་སུ་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་རབ་ཏུ་ཞུགས་པའི་དབུ་མར་ཞུགས་པ་ཡིན་ཏེ། དེའི་ཚེ་ཕྱག་རྒྱ་ཐམས་ཅད་དེའི་ནང་དུ་རབ་ཏུ་བརྗོད་པ་སྟེ་གསལ་བར་རབ་ཏུ་བཤད་པའོ། །དེ་ལྟར་འདིའི་སྦྱོར་བ་ཐོག་མར་ཅི་བྱས་ནས་གནས་ཤེ་ན།
གསུངས་པ། ལྟེ་བ་ཞེས་བྱ་བ་ལ་སོགས་པ་སྟེ། ལྟེ་བའི་འཁོར་ལོར་ལྷ་མོ་གང་། །ཞེས་བྱ་བ་ནི་ཨོཾ་གྱི་ཡི་གེའི་རྣམ་པའི་གཟུགས་དེ་བསྒོམས་པས། ཤིང་མཐའ་ལ་རེག་སྤྱོད་ཡུལ་ལོ། །ཞེས་བྱ་བ་སྟེ་སྲོག་ཤིང་རྣམས་ལ་རེག་པ་སྟེ་གང་དུ་ནི། དེའི་ནང་གི་སྤྱོད་ཡུལ་ཏེ་ནཱ་དའི་རང་བཞིན་དེའི་ནང་དུ་སྟེ།
སླར་ཡང་ལྷན་ཅིག་སྐྱེས་པའི་བྱང་ཆུབ་བྱས་ནས་འདིར་རྣལ་འབྱོར་མའི་ཕྱག་རྒྱ་སྤྱོད་པའོ། །དེ་ལྟར་མདོར་བསྟན་པ་འདིའི་རྒྱས་པར་བཤད་པ་གསུངས་པ། འགྲོ་དང་འོང་བ་ཞེས་བྱ་བ་ལ་སོགས་པ་སྟེ། སྣ་ཚོགས་པའི་རྩ་ཞེས་བྱ་བ་ནི་མདོར་བསྡུ་ན་འཁོར་ལོ་བཞིའི་རྩ་རྣམས་ཏེ། རྒྱ་ཆེ་བར་
ནི་དུ་མའོ། །དེ་རྣམས་ཀྱི་ནང་དུ་ཡང་ཡེ་ཤེས་ཀྱི་རྣམ་པའི་ཡི་གེའི་གཟུགས་སུ་སྲོག་གི་འགྲོ་བ་དང་འོང་བ་རྣམས་ཀྱིས་རྗེས་སུ་རིམ་པར་བྱེད་དོ། །དེ་དང་རབ་ཏུ་ཕྲད་པས་ཀྱང་ལྷན་ཅིག་སྐྱེས་པའི་ཕྱག་རྒྱའི་གཟུགས་འཛིན་པར་འགྱུར་བ་སྟེ། འདིའི་སྦྱོར་བ་གསུངས་པ། ཐིག་ལེ་ཞེས་བྱ་བ་ལ་
སོགས་པ་སྟེ། དེ་ལྟར་ཐིག་ལེ་ཞེས་བྱ་བ་ནི་ལྷུན་གྱིས་གྲུབ་པའི་རྩ་ཐམས་ཅད་ཀྱིས་རབ་ཏུ་བྱུང་བའི་བྱང་ཆུབ་ཀྱི་སེམས་ཀྱིས་ཐིག་ལེ་རྣམས་ཏེ། དེ་རྣམས་སུ་ཉི་མ་ཉེ་བར་སོན་པ་ཞེས་བྱ་བ་ནི་སྲོག་གི་ཉི་མ་སྟེ་འདོད་ཆགས་ཆེན་པོའི་བདག་ཉིད་ཅན་དུ་རྣམ་པར་ཐིམ་ནས་སོང་བའོ། །དེའི་ཚེ་ཕྱག་རྒྱ་ཞེས་བྱ་བ་ནི་
དེའི་རང་བཞིན་གྱི་སེམས་དང་བསམ་པ་རྣམས་ཀྱི་རང་གི་མཚན་ཉིད་ཨཱ་ལི་ཀཱ་ལིའི་སྦྱོར་བར་འགྲོའོ། །ཨཱ་ལི་ཀཱ་ལི་དེ་ཅི་ཞེ་ན་གསུངས་པ། སུམ་ཅུ་རྩ་དྲུག་ཅེས་བྱ་བ་ལ་སོགས་པ་སྟེ། དེ་ལྟར་ཐུང་ངུ་དང་རིང་པོ་ནི་དབྱངས་དང་གསལ་བྱེད་རྣམས་ཏེ། རྩ་སོ་སོ་རྣམས་སམ་མིང་གི་དང་པོའི་ཡི་གེ་རྣམས་ཏེ། དེ་

ལྟར་འདིར་མི་བདེན་པར་བྱ་བའི་ཕྱིར། དེ་གཉིས་ཀྱི་ཕྱག་རྒྱ་དང་ཕྱག་རྒྱའི་ལན་ནི་བརྡའི་ཡི་གེ་རྣམས་སོ། །ཤེས་རབ་ཐབས་ཞེས་བྱ་བ་ལ་སོགས་པས་ཤིན་ཏུ་རྒྱས་པར་བཤད་པའི་ཚིག་སྟེ་རྟོགས་པར་སླའོ། །ད་ནི་འདིའི་སྦྱོར་བའི་སྔོན་དུ་བཤད་པའི་འཇིགས་བྱེད་ཆེན་མོའི་མིང་གི་དང་
པོའི་ཡི་གེའི་ངེས་པའི་ཚིག་གི་ངག་གསུངས་པ། འཇིགས་བྱེད་ཆེན་མོ་ཞེས་བྱ་བ་ལ་སོགས་པ་སྟེ། བསྒྲུབ་པར་བྱ་ཞེས་བྱ་བ་ནི་ཕྱི་མོའི་ཡི་གེ་སྟེ། ཕྱག་རྒྱའི་རང་བཞིན་དུའོ། །དེ་གསུངས་པ། ཕྱི་མོ་ཞེས་བྱ་བ་ལ་སོགས་པ་སྟེ་མའི་ཡི་གེའི་ཐོག་མ་དོན་གྱི་ཉམས་སུ་མྱོང་བ་ཞེས་བྱ་བ་ནི་
དབུགས་རྒྱུ་བ་ནི་ཐམས་ཅད་ཨ་ཝ་དྷཱུ་ཏཱིར་འབབ་པར་བྱའོ། །དེ་དག་ཐམས་ཅད་རང་གིས་རིག་པའི་རང་བཞིན་དུ་བྱས་ནས་དེས་གང་དང་གང་གི་ངག་འབྱུང་བ་སྟེ་སེམས་ཅན་ཐམས་ཅད་ཀྱི་ཡང་ལྷན་ཅིག་སྐྱེས་པའི་ཕྱག་རྒྱ་སྔགས་ཀྱི་གཟུགས་ཞེས་བྱ་བའི་དོན་ཏོ། །དེ་ལྟར་འདིའི་
སླར་ཡང་ཧཱ་ཧཱ་རྣམས་ཀྱིས་ཞེས་བྱ་བ་ལ་སོགས་པས་ཧའི་ཡི་གེའི་དོན་གྱིས་གསལ་བར་གསུངས་པ། ཤིང་གི་རྩ་བར་ཞེས་བྱ་བ་ནི་ལྟེ་བའི་རྩ་བར་སྲོག་འཆར་བ་ན་སྟེ་གཏོང་བའི་དུས་སུའོ། །དེར་ཧ་ཧའི་རྣམ་པས་ཐམས་ཅད་ནས་སྐད་ཅིག་ཏུ་དངོས་པོ་མཐོང་བ་ལ་སོགས་པ་ནས་བརྒད་
པར་བྱའོ། །དེ་རྣམས་ཀྱི་ཡང་སྲོག་ལ་སོགས་པ་ཐམས་ཅད་དང་ཡི་གེ་རྣམ་པར་གཟུང་བར་འགྱུར་རོ། །དེ་བཞིན་དུ་བདེ་མཆོག་ཏུ་བཤད་པའི་ཚིག་ཧ་ཧཱ་ཧེ་ཧཻ་ཧོ་ཧཽ་ཧཾ་ཧཿཞེས་བྱ་བ་ནི་རྣམ་པ་བརྒྱད་ཀྱིས་བརྒད་པར་བྱའོ་ཞེས་བྱ་བ་ནི་ངེས་པའོ། །དེ་ཉིད་ཀྱིས་འདི་ལྟར་དགའ་བ་ཞེས་བྱ་བ་ལ་
སོགས་པ་སྟེ་མདོར་ན་བྷོའི་ཡི་གེ་དང་རེའི་ཡི་གེའི་དོན་གྱིས་གསུངས་པ། གང་མོ་རྣམ་པ་བརྒྱད་ཀྱིས་ཤིན་ཏུ་དགའ་བ་སྟེ། འདོད་ཆགས་ཆེན་པོའི་ཚུལ་གྱིས་དགྱེས་པའོ། །དེར་ཞེས་བྱ་བ་ནི་ཤིང་རྣམས་ཀྱི་རྩ་བར་འདུ་བ་དེ་ལ་དེ་སྐད་བཤད་དོ། །དེ་ཡང་བག་ཆགས་ཞེས་བྱ་བ་ལ་
སོགས་པ་སྟེ། བའི་ཡི་གེའི་དོན་གྱིས་རབ་ཏུ་གསལ་བར་གསུངས་པ། བག་ཆགས་དང་བྲལ་བ་ཞེས་བྱ་བ་ནི་འདུས་པ་དང་། ཁམས་དང་སྐྱེ་མཆེད་ལ་སོགས་པ་རྣམས་ཀྱིར་འགྱུར་རོ། །དེར་དེ་ལྟར། འཇིགས་བྱེད་ཆེན་མོས་ཟོས་གྱུར་པ། །ཞེས་བྱ་བ་ནི། རྡོ་རྗེ་ཕག་མོ་ལ་སོགས་པའི་

དབྱེ་བ་སྟེ། དེ་ཡང་དེ་ཉིད་ཀྱི་ལེའུར་བཤད་པའི་ཡི་གེའི་དོན་གྱིས་སོ། །གཅིག་ཏུ་ན་བག་ཆགས་ཟ་བ་མ་ཡིན་ཏེ་བརྟན་པ་ལ་སོགས་པ་དེའི་ནང་དུ་གྱུར་པ་ན་རྣམ་པར་རྟོག་པ་ཙམ་ཡང་ཟ་བའི་ཕྱིར་རོ། །དེའི་ཕྱིར་ལྷག་པར་བྱེད་པ་གསུངས་པ། ཨོ་ཌའི་གནས་དང་དད་པའི་སྟོབས། །ཞེས་
བྱ་བ་སྟེ་ཡི་གེ་འདི་རྣམས་ཀྱི་ངེས་པའི་ཚིག་གྲངས་ཇི་ལྟ་བ་རྣམས་སུ་སྤྱོད་ཡུལ་ཏེ། གང་གི་ཚེ་འགྱུར་བ་དེའི་ཚེ་བྱའོ་ཞེ་ན། གསུངས་པ། ཉེ་བར་གཞལ་བ་ཞེས་བྱ་བ་ལ་སོགས་པ་སྟེ། ཨོའི་ཡི་གེའི་དོན་ཏོ། །དེ་ལྟར་ཉེ་བར་གཞལ་བ་ཞེས་བྱ་བ་ནི་མཚམས་སྦྱོར་གྱི་སྐད་ཀྱི་ཡི་གེའོ། །འདིའི་དོན་ནི་
པདྨའི་སྒྲས་པདྨ་སྟེ་དེ་ཅི་ཞེ་ན། རྩ་བའི་པདྨ་སྟེ་ཨོ་ཞེས་བྱ་བ་ནི་དེ་ཉིད་ཨོ་ཌྱཎ་གྱི་བུ་གའི་རྩའི་རང་བཞིན་ནོ། །དེ་ཉིད་ཨོཌྱཎ་དེའི་ཁྱིམ་གྱི་དབུས་སུ་ཐིག་ལེ་གསུམ་པོ་རྣམ་པར་ཐིམ་ནས་འགྲོའོ། །དེ་ཡང་བརྟགས་པ་དང་གཞན་གྱི་དབང་དང་ཡོངས་སུ་གྲུབ་པ་སྟེ་འདིར་བརྟན་པ་དང་འགྲོ་བའི་སྒྲས་གང་
ཅུང་ཟད་ལུས་ཀྱི་ཁམས་ནི་བརྟན་པའོ། །དེ་བཞིན་དུ་གང་ཅུང་ཟད་ངག་གི་བརྗོད་པ་དང་སེམས་དང་སེམས་ལས་བྱུང་བའི་དངོས་པོ་དེ་འགྲོ་བ་ཞེས་བྱ་བ་སྟེ། དེ་ཡང་ཐིམ་པ་ཞེས་བྱ་བ་ལ་སོགས་པས་ཌཱའི་ཡི་གེའི་དོན་གྱིས་རྣམ་པར་ཐིམ་ནས་འགྲོའོ། །དངོས་པོ་ཀུན་གྱི་བདག་ཉིད་ཅེས་བྱ་བ་
སྟེ་འང་གི་སྒྲས་ཀུན་གཞིའི་རྣམ་པར་ཤེས་པའང་འགྲོའོ། །དེའི་ཚེ་མཁས་པས་ཕྱག་རྒྱ་རྣམས་ཀྱི་ཨོ་ཌ་ཎ་ཞེས་བྱ་བ་ནི་སུམ་ཅུ་རྩ་དྲུག་གི་ཕྱག་རྒྱ་དང་ཕྱག་རྒྱའི་ལན་ཐུང་ངུ་དང་རིང་པོའི་ཡི་གེའི་རང་བཞིན་འདིའི་རིགས་པས་ཨོ་ཌ་ཎ་ལྟ་བུར་འགྲོའོ། །དེའི་ཕྱིར་ཡང་ཡི་གེ་མདོར་བསྡུས་པའི་སྟེ་ཨོ་ཌི་ཞེས་
བྱ་བ་ལ་སོགས་པས་གསལ་བར་གསུངས་པ། ཨོ་ཌི་ཡ་ནི་ནམ་མཁར་ནི་ཞེས་བྱ་བ་ནི་གང་གི་ཚེ་དེའི་དུས་རྣམས་སུ་རྣམ་པར་ཐིམ་པ་ཉིད་དུ་འགྲོ་བ་སྟེ་ཆོས་ཐམས་ཅད་ཀྱི་བདག་ཉིད་ཀྱི་རང་བཞིན་རྣམས་སོ། །དེའི་དབུས་སུ། ཡེ་ཤེས་འགྲོ་ཀུན་ནང་དུའོ། །ཞེས་བྱ་བ་ནི་རྡུལ་ཕྲ་མོའི་ཆོས་རྣམས་སུ་འབྱུང་
བ་ཆེན་པོ་རྣམས་གནས་པ་སྟེ། དེ་རྣམས་ཀྱིས་ནམ་མཁའི་ཕྱོགས་སུ་ལུས་ལས་ཤར་བ་ན་ཐིམ་པ་ཉིད་ཀྱི་ཕྱིར་དེ་ཉིད་དེ་རྣམས་ཀྱི་ནང་དུ་གནས་པའི་ཡེ་ཤེས་སོ། །དེའི་ཕྱིར། དད་པའི་ཤུགས་ཀྱིས་ཤེས་བྱས་ནས། །ཞེས་བྱ་བ་སྟེ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་དེས། སྔོན་གྱི་སྨོན་ལམ་ལས་དད་

པའི་ཤུགས་ཀྱི་སྟོབས་ཀྱིས་རྗེས་སུ་དྲན་པར་བྱས་པ་དང་སྙིང་སྟོབས་བྱས་པས་སོ། །དེའི་ཚེ་སྐྱེ་གནས་བཞི་ལས་སྐྱེས་པ་རྣམས་ཀྱི་རྡུལ་ཕྲ་མོ་རྣམས་ཀྱི་དབྱེ་བས་ལུས་ཅན་ཐམས་ཅད་ཀྱི་ལུས་ལེན་པར་བྱེད་དོ། །དེ་ལྟར་ལུས་ཟ་བ་ཞེས་བྱ་བ་ལ་སོགས་པ་སྟེ། ཤ་ཆེན་ཞེས་བྱ་བ་ནི་བྱང་ཆུབ་ཀྱི་སེམས་
ཞུ་བ་ལ་སྔོན་དུ་བཤད་པའི་རིགས་པས་ཟ་བར་འགྱུར་བ་སྟེ། མི་ཡི་ཁྲག་ནི་འཐུང་བའོ། །ཞེས་བྱ་བ་ནི་འདོད་ཆགས་ཆེན་པོའི་ཁྲག་འཐུང་བས་ཧེ་རུ་ཀའི་རྣམ་པའོ། །དེ་ལྟར་སླར་ཡང་གསལ་བར་གསུངས་པ་ཧེ་རུ་ཀ་མ་ཞེས་བྱ་བ་ལ་སོགས་ཏེ་འདོད་ཆགས་ཆེན་པོའི་ཁྲག་རྣམས་ཀྱི་བྱེད་
པས་ཧེ་རུ་ཀ་མ་འདི་རིག་མ་སྟེ། དེ་ཉིད་ཤིང་ལ་རེག་པས་ཡོངས་སུ་གནས་པ་སྟེ་སྔོན་དུ་བཤད་པའི་ངེས་པའོ། །འདིར་བཤད་པ། འཇིག་རྟེན་ཡོངས་སུ་རིག་པའི་རྒྱུར། །སྙིང་རྗེ་དོན་ཆེན་བྱས་ནས་ནི། །སྟོང་པ་ཡིས་ནི་ཁྱིམ་དབུས་སུ། །དབང་པོ་ཐམས་ཅད་བཟའ་བར་བྱ། །དེ་ཚེ་ཡེ་
ཤེས་ལུས་སུ་གནས། །འདོད་ཆགས་ཀྱིས་ནི་གང་བར་གནས། །རྫས་རྣམས་གཅིག་གི་དངོས་པོ་རུ། །ས་ལ་སོགས་པའི་རྡུལ་ཕྲན་ནོ། །དེ་ཡི་འཇིག་རྟེན་ཀུན་འགྲོ་བ། །སྔོན་གྱི་ལུས་ཅན་སྟོབས་ཀྱིས་སོ། །སླར་ཡང་དེར་ནི་བྱང་ཆུབ་ཆེ། །བསྒྲུབ་པ་བྱས་པས་ཉམས་པ་མེད། །ཅེས་སོ། །ད་
ནི་དཀྱིལ་འཁོར་གྱི་འཁོར་ལོ་བསྒོམ་པ་གསུངས་པ། །དེར་ཞེས་བྱ་བ་ལ་སོགས་པ་སྟེ། ཐུགས་ཀྱི་འཁོར་ལོའི་ཞེས་བྱ་བ་ནི་ལེའུ་བཅོ་ལྔ་པར་བཤད་པ་དེར་གོ་བར་བྱའོ། །སྔགས་ཀྱི་རྣམས་ཡི་གེ་ལས་བྱུང་བ་ཞེས་བྱ་བ་ནི་ཨོམ་ཞེས་བྱ་བ་ལ་སོགས་པ་སྟེ་འདིས་ཡང་ཀུན་དུ་སྤྱོད་པ་ཐིམ་པ་
དང་ལོངས་སྤྱོད་པ་ལ་སོགས་པ་བཤད་དོ། །ནང་དུ་སོན་པས་ཞེས་བྱ་བ་ལ་སོགས་པ་ནི་ཚིགས་སུ་བཅད་པའི་མན་ངག་གིས་སོ། །ལྷག་མ་རྟོགས་པར་སླའོ། །དཔལ་མཁའ་འགྲོ་རྒྱ་མཚོ་རྣལ་འབྱོར་མའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོའི་འགྲེལ་པ་གྲུ་གཟིངས་ལས་འཇིགས་བྱེད་ཆེན་མོའི་ནང་དུ་སོན་པའི་
ཡི་གེ་རྣམས་ཀྱི་བརྡའི་ཕྱག་རྒྱ་དང་ཕྱག་རྒྱའི་ལན་གྱི་མཚན་ཉིད་ཀྱིས་དང་དེ་བཞིན་དུ་མིང་གི་ཡི་གེའི་དང་པོ་རྣམས་ཀྱིས་མཆོག་ཏུ་མྱ་ངན་ལས་འདས་པར་རབ་ཏུ་འཇུག་པ་དང་དཀྱིལ་འཁོར་གྱི་འཁོར་ལོ་བསྒོམ་པའི་ཆོ་གའི་མཚན་ཉིད་རྒྱས་པར་བསྟན་པར་བཤད་པ་ཞེས་བྱ་བ་སྟེ་ལེའུ་སུམ་ཅུ་

རྩ་ལྔ་པའི་བཤད་པའོ།། །།ཐོག་མར་རླུང་ཤུགས་མར་བཏུད་ནས། །འདོད་པའི་རྣལ་འབྱོར་མ་མཆོག་གི །རང་རང་རིགས་ཀྱི་རང་བཞིན་གྱི། །དེ་ཡི་འགྲེལ་པ་ཡང་བརྗོད་བྱ། །ད་ནི་རླུང་གི་ཤུགས་ཅན་མའི་ལེའུ་སུམ་ཅུ་རྩ་དྲུག་པའི་བཤད་པ་གསུངས་པ། དེ་ནས་
འདོད་མའི་ཞེས་བྱ་བ་ལ་སོགས་པ་སྟེ། འདོད་མ་ཞེས་བྱ་བ་ནི་རྣལ་འབྱོར་པ་རྣམས་ཀྱི་འདོད་པའི་དངོས་གྲུབ་སྟེར་བ་མོ་སྟེ། རྣལ་འབྱོར་མ་ཞིང་སྐྱེས་མ་ལ་སོགས་པ་རྣམས་ཀྱིས་སོ། །གང་གིས་ཤེ་ན། ཕྱག་རྒྱའི་བརྡ་ནི་བྱེད་པས་ཞེས་བྱ་བ་སྟེ་འཆད་པར་འགྱུར་བའི་རྒྱུ་དང་འབྲས་བུ་ཉེ་བར་སྤྱོད་
པ་རྣམས་སྣ་ཚོགས་པའི་མདོག་ལས་ཏེ་དེ་རྣམས་བརྩེ་བའི་རྣལ་འབྱོར་པ་ཞེས་བྱ་བ་སྟེ། གང་གིས་མདོག་དང་བཞུགས་ཚུལ་མཐོང་བས་དང་རྣལ་འབྱོར་པ་རྣམས་ཀྱི་སྔོན་གྱི་རྒྱུ་མཚན་གྱིས་འགྲུབ་པར་འགྱུར་ཏེ་དེ་རྣམས་བཤད་པར་བྱའོ་ཞེས་འབྲེལ་ལོ། །དེ་ཉིད་གསུངས་པ། སྣང་བ་
རྣམས་སུ་ཞེས་བྱ་བ་ལ་སོགས་པ་སྟེ། དབང་པོ་རྣམས་ཀྱི་གང་དངོས་པོའི་སྤྱོད་ཡུལ་ཁམས་སོ་སོའི་ཀུན་དུ་སྤྱོད་པ་ལ་སོགས་པ་དང་མིག་ལ་སོགས་པའི་རྣམ་པར་ཤེས་པ་རྣམས་སུ་མཐོང་བར་འགྱུར་ཏེ། འབྱུང་བ་སྟེ་སེམས་ཅན་ཐམས་ཅད་ཀྱི་ཡང་ལྷན་ཅིག་སྐྱེས་པའི་ཕྱག་རྒྱ་སྔགས་ཀྱི་གཟུགས་
ཞེས་བྱ་བའི་དོན་ཏོ། །དེ་ལྟར་འདིའི་སླར་ཡང་ཧ་ཧཱ་རྣམས་ཀྱིས་ཞེས་བྱ་བ་ལ་སོགས་པས་ཧཱའི་ཡི་གེའི་དོན་གྱིས་གསལ་བར་གསུངས་པ། ཤིང་གི་རྩ་བར་ཞེས་བྱ་བ་ནི་ལྟེ་བའི་བར་དེ་དབང་པོའི་སྤྱོད་ཡུལ་ཏེ་དེ་སྦྱོར་བ་གཉིས་ཀྱི་སྣང་བ་དེ་རྣམས་བསྟན་པར་བཞེད་ནས་གསུངས་པ། ནག་པོ་ཞེས་
བྱ་བ་ལ་སོགས་པ་སྟེ་སྣ་ཚོགས་སེར་སྐྱའི་མདོག་ཅེས་བྱ་བའི་བར་དུ་དེ་རྣམས་སུམ་ཅུ་རྩ་དྲུག་ཏུ་འགྱུར་རོ། །རྒྱུ་གང་རྣམས་ཀྱིས་ཞེ་ན་གསུངས་པ། ཁ་དོག་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་སྟེ་སྔོན་དུ་བཤད་པའི་ཁ་དོག་རྣམས་ཀྱི་གསེར་ལ་སོགས་པའི་ཁམས་བཅུ་གཉིས་ཀྱི་མདོག་ཅན་ཏེ་ཉི་མ་ཞེས་
བྱ་བ་ནི་ཟངས་སོ། །ལྷག་མ་ཇི་ལྟ་བ་བཞིན་ནོ། །དེ་བཞིན་དུ་གསེར་ནི་ཁུ་བའོ། །དངུལ་ནི་རྐང་ངོ་། །ཉི་མ་ནི་ཁྲག་གོ། །ལི་གུ་མིག་ནི་ཆུ་རྒྱུས་སོ། །ཟླ་འོད་ནི་པགས་པའོ། །ཁར་བ་ནི་ཤའོ། །ར་གན་ནི་རུས་པའོ། །ཕན་ཚུན་གྱི་མདོག་ནི་ཁམས་བདུན་ཞུ་བས་བཤང་བ་དང་གཅི་བ་དང་བད་ཀན་དང་

རླུང་དང་མཁྲིས་པ་རྣམས་ཏེ་ཁམས་བཅུ་གཉིས་ནི་དེ་རྣམས་སོ། །བརྩེ་བ་ཆེ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་གནས་པའི་རྣལ་འབྱོར་པ་རྣམས་ཀྱི་སྣང་བ་ཡེ་ཤེས་ཀྱི་རྣམ་པར་འགྲོ་སྟེ། དེར་ཞེས་བྱ་བ་ལ་སོགས་པ་དེ་དེ་བཞིན་དུ་བཤད་དོ། །གཉིས་དག་གིས་ཞེས་བྱ་བ་ནི་དཔའ་
བོ་དང་རྣལ་འབྱོར་མའི་རང་གི་ཕྱོགས་ཀྱི་སྔོན་གྱི་རྒྱུ་མཚན་ལ་དེས་ཕྱག་རྒྱ་དང་ཕྱག་རྒྱའི་ལན་འགྲུབ་པ་སྟེ་ཁ་དོག་མཐོང་ཞིང་དེ་དང་ཕྲད་པས་སོ། །དེ་ལྟར་ཅི་བྱས་པ་རྣམས་སུ་འགྱུར་ཞེ་ན་གསུངས་པ། གལ་ཏེ་ཞེས་བྱ་བ་ལ་སོགས་པ་སྟེ་ལྷན་ཅིག་སྐྱེས་པའི་རྣལ་འབྱོར་གྱི་བདག་ཉིད་ཀྱི་རང་བཞིན་གྱིས་
འོད་གསལ་བའི་རྣམ་པ་ཉིད་ཀྱི་སྔོན་གྱི་རྒྱུ་མཚན་ལས་དང་ཕྱིས་ཀྱིས་ཏེ། མདོར་བསྡུས་པས་ཞེས་བྱ་བ་ནི་མདོར་བྱས་པ་སྔོན་བཞིན་དུ་འགྱུར་བའོ། །ད་ནི་རྣལ་འབྱོར་མ་འདིའི་དང་ཉེ་བའི་ཞིང་དང་བྱང་ཆུབ་ཀྱི་ཕྱོགས་དང་གསུམ་གྱི་མིང་གི་ཡི་གེའི་སྒོ་ནས་ལྷན་ཅིག་སྐྱེས་པའི་རྣལ་འབྱོར་སྟོན་པ་
གསུངས་པ། རླུང་ཤུགས་ཞེས་བྱ་བ་ལ་སོགས་པ་སྟེ། དེ་ལྟར་མདོར་བསྟན་པའི་ཚིགས་སུ་བཅད་པ་དེའི་རྒྱས་པར་བཤད་པ་གསུངས་པ། འབབ་པ་ཞེས་བྱ་བ་ལ་སོགས་པ་སྟེ། ཐོག་མར་བའི་ཡི་གེའི་དོན་ནོ། །འབབ་པ་དབུ་མར་ཞེས་བྱ་བ་ནི་དབུ་མར་རབ་ཏུ་འབབ་པའི་དུས་སུ་
རླུང་གི་དཀྱིལ་འཁོར་དང་ཡེ་ཤེས་ཀྱི་འདུ་ཤེས་ཅན་ཏེ། སྔོན་དུ་འདི་རྣམས་ལ་གོམས་པའི་སྦྱོར་བས་བསྟན་པར་གྱུར་པ་དེས་དམིགས་པ་ཙམ་གྱིས་བག་ཆགས་ཀྱི་སྟོབས་ཐམས་ཅད་འཆི་བ་ཞེས་བྱ་བ་ནི་ཉམས་པའོ། །དེའི་ཚེ་ལྡན་ཞེས་བྱ་བ་ལ་སོགས་པས་མུའི་ཡི་གེའི་དོན་ཏེ། ཚིགས་སུ་
བཅད་པ་ཕྱེད་ཀྱིས་སོ། །དེ་ནས་རིག་པ་ཞེས་བྱ་བ་ལ་སོགས་པས་དེའི་ཡི་གེའི་དོན་ཏེ་ཕྱེད་ཀྱིས་སོ། །དམ་དུ་ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་ཕྱེད་ཀྱིས་ས་གའི་ཡི་གེའི་དོན་ཏེ་དེས་རིམ་པ་ཇི་ལྟ་བས་ལམ་གསུམ་པོ་འདིའི་དེ་ལྟར་རྐྱེན་གྱིས་ཏེ། དེ་ཡང་མཐོང་བ་དང་སྒོམ་པ་དང་
གྲོལ་བའི་ལམ་མོ། །དེ་ལྟར་དུས་གཅིག་ལ་ནི་ཆོས་ཐམས་ཅད་དུ་ཞེས་བྱ་བ་ནི་མཉམ་པའི་དུས་ཉིད་སེམས་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་དག་གིས་རང་གི་བདག་ཉིད་ཀྱིས་དེ་ལྟར་ཆོས་ཐམས་ཅད་ཀྱི་རང་བཞིན་གྱི་མཐོང་བ་སྟེ་མཐོང་བའི་ལམ་ལས་བདག་གི་གདན་ནོ། །དེ་ལྟར་ཡང་རིག་པ་ནི་གཞན་གྱི་

གདན་དང་ལྡན་པ་སྟེ། བསྒོམ་པའི་བདག་ཏུ་བྱ་བ་རྣམས་ཀྱིས་གནས་པ་སྟེ། ལམ་ཉེ་བར་ཞི་བའོ། །དེ་ལྟར་བྱས་པས་ཅིར་འགྱུར་བ་གསུངས་པ། དེ་ཁོ་ན་ཉིད་མས་དམ་དུ་འཁྱུད་ཅེས་བྱ་སྟེ། རྒྱ་ཆེ་བའི་རྣམ་པར་ཤེས་པས་ཡེ་ཤེས་ཀྱི་ཨ་ཝ་དྷཱུ་ཏཱི་ལ་འཁྱུད་པ་སྟེ་ལྷན་
ཅིག་སྐྱེས་པའི་རྫོགས་པའི་བྱང་ཆུབ་ལམ་གྱི་རྣམ་པར་འགྱུར་ཏེ། དེས་གྲོལ་བའི་ལམ་རྗེས་སྐྱོབ་རྣམས་ཀྱི་ཞེས་བྱ་བ་ནི་སངས་རྒྱས་རྣམས་ཀྱི་རང་གི་བག་ཆགས་ལས་བྱུང་བ་རྣམས་ཀྱི་འགྱུར་བ་སྟེ། ཕྱི་རོལ་གྱི་དོན་དུའོ། དེ་ལྟར་གང་གི་རྣམ་པར་དག་པར་འགྱུར་བ་གསུངས་པ། །རྣམ་
པ་གསུམ་ཞེས་བྱ་བ་ལ་སོགས་པ་སྟེ་ཧྲིའི་ཡི་གེའི་དོན་དེས་སོ། །ཐར་པ་རྣམ་གསུམ་ཞེས་བྱ་སྟེ། །ཞེས་བྱ་བ་ནི་མཐོང་བའི་ལམ་ལ་སོགས་པའི་མཐོ་རིས་དང་མི་ཡུལ་དང་ས་འོག་རྣམ་པར་དག་པ་ལུས་དང་ངག་དང་ཡིད་ཀྱི་བདག་ཉིད་དེ་རང་གི་ལམ་ལ་སོགས་པའི་སྒྲར་འགྱུར་རོ། །དེ་ལྟར་
མཉམ་ཞེས་བྱ་བ་ལ་སོགས་པས་ཤའི་ཡི་གེའི་དོན་གྱི་སེམས་བཤད་པའོ། །དེ་བཞིན་དུ་བུམ་ཅན་ཞེས་བྱ་བ་ལ་སོགས་པས་སྐུའི་ཡི་གེའི་དོན་གྱི་ངག་བཤད་པའོ། །དེ་བཞིན་དུ་མིན་ཞེས་བྱ་བ་ལ་སོགས་པས་ནའི་ཡི་གེའི་དོན་གྱིས་ལུས་འཆད་པའོ། །ཕྱེད་དང་བཅས་པའི་ཚིགས་སུ་བཅད་
པ་གསུམ་གྱིས་སོ། །དེའི་ཕྱིར་གསུངས་པ། མཉམ་པའི་བདེ་བ་མཐོང་བར་འགྱུར། །ཞེས་བྱ་བ་ནི་རབ་ཏུ་ཞི་བའི་བདེ་བའོ། །རྡོ་རྗེ་འབར་བའི་དབུས་སུ་གནས། །ཞེས་བྱ་བ་ནི་རྡོ་རྗེ་བུ་གའི་ནང་དུ་འཕོ་བ་མེད་པ་ལ་གནས་པ་ཉིད་པས་སེམས་འོད་གསལ་བའི་རྣམ་པར་མཐོང་བ་སྟེ། དེ་རྡོ་རྗེ་
འབར་བའི་ནང་དུ་མཉམ་པའི་བདེ་བ་གནས་ཞེས་བྱ་བར་འབྲེལ་ཏོ། །བུམ་ཅན་ལ་སོགས་བྱས་གང་ཕྱིར། །ཞེས་བྱ་བ་ནི་དེ་ལ་དང་ཧཱ་ར་ལ་སོགས་པས་སྲོག་ལ་སོགས་པ་རྣམ་པར་བཟུང་བ་སྟེ་དེས་ཀྱང་བུམ་པ་ཅན་དུ་འགྱུར་ཏེ་ལྟེ་བའི་དབུས་སུ་ཐམས་ཅད་དུ་ཁྱབ་པས་ནའོ། །སོགས་པའི་
སྒྲས་དཀྱིལ་འཁོར་ཐམས་ཅད་དེ་གཡོན་པ་དང་གཡས་པའི་སྣའི་བུ་ག་དག་གིས་བསྒྲུབས་པའོ། །དེའི་ཕྱིར་གཏུམ་མོའི་འདོད་ཆགས་ཆེན་པོའི་བདག་ཉིད་ཀྱི་ཐམས་ཅད་རྣམ་པར་ཟ་བའོ། །བརྟགས་པའི་ངག་ཅེས་བྱ་བའོ། །དེ་ལྟར་ཕྲ་མོའི་རྩ་ཞེས་བྱ་བ་ནི་རྡོ་རྗེ་ལྟ་བུར་རླུང་གི་རང་

བཞིན་དེ་དེ་བཞིན་དུ་བཤད་པར་འགྱུར་རོ། །དེ་ཡང་འདྲ་བའི་ཡེ་ཤེས་མིན། །ཞེས་བྱ་བ་ནི་ཕན་ཡོན་གྱི་སྒོ་ནས་ཏེ་ལུས་ཀྱི་རྩ་པདྨའི་རྣམ་པར་གཞག་པར་འགྱུར་ཏེ་དེ་པདྨ་ནམ་མཁའི་ཁམས་ཀྱི་ལུས་ཆོས་ཐམས་ཅད་ཀྱི་ནང་དུ་སོན་པ་ཉིད་ཀྱིས་ཞེས་བྱ་བ་ནི་ངེས་པའོ། །དེ་ལྟ་བུའི་ཡེ་ཤེས་བྱ་བ་
གང་གིས་འབྱུང་ཞེ་ན། དེ་གསུངས་པ། བརྩོན་འགྲུས་ཞེས་བྱ་བ་ལ་སོགས་པ་སྟེ་བརྩོན་འགྲུས་ཀྱི་སྟོབས་ཀྱིས་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ཉིད་ཀྱིས་དེ་སྔོན་དུ་བཤད་པའི་རིགས་པས་འགྱུར་བ་སྟེ་དུས་ཐམས་ཅད་དུའོ། །དེའི་ཕྱིར་ཞེས་བྱ་བ་ནི་དེ་བཞིན་དུ་བཤད་པར་འགྱུར་རོ། །ད་ནི་
འདིའི་སྦྱོར་བའི་དཀྱིལ་འཁོར་གྱི་འཁོར་ལོའི་བདག་པོའི་སྒོ་ནས་ཐབས་ཀྱི་སྒྲུབ་ཐབས་གསུངས་པ། དཀྱིལ་འཁོར་ཞེས་བྱ་བ་ལ་སོགས་པ་ནས་དབུས་སུའོ་ཞེས་བྱ་བའི་བར་དུ་རྟོགས་པར་སླའོ། །བསྒོམ་པ་འདི་བྱང་ཆུབ་ཀྱི་སེམས་ཀྱི་དུས་སུ་རྩའི་འཁོར་ལོ་རྣམས་སུ་མིང་རྣམས་རྫོགས་
པར་གྲགས་པ་དེས་ཕྱག་རྒྱའི་དངོས་གྲུབ་གསུངས་པ། གང་དེ་ཞེས་བྱ་བ་ལ་སོགས་པ་སྟེ། རྫོགས་པར་བཤད་པའི་བྱང་ཆུབ་ཀྱི་སེམས་དེ་ཉིད་རྩ་དུས་ཐམས་ཅད་དུ་ཡིད་ཀྱིས་ཀྱང་བདེ་བ་མི་འདོར་ཏེ། དེས་ཧའི་ཡི་གེ་གང་གི་ཕྱ