Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 20
Văn bản gốc(Tây Tạng)
Trang 9 / 21 (50.000 ký tự/trang)
་སྣ་ ཚོགས་པའི་དུད་འགྲོའི་གདོང་ལ་སོགས་པའི་ཕྱུགས་རྣམས་དེར་ཞུགས་པས་བཅོམ་ལྡན་འདས་རྡོ་རྗེ་འཆང་དེའི་རང་བཞིན་ལས་སངས་རྒྱས་ཉིད་དུ་ཤེས་པར་བྱའོ། །འདི་གསུངས་སོ་ཞེས་བྱ་བ་ལ་སོགས་པ་ནི་རྟོགས་པར་སླའོ། །དཔལ་ཞེས་བྱ་བ་ལ་སོགས་པས་ལེའུ་ཉེ་བར་བསྡུས་པའི་ ཚིག་སྟེ། སོགས་པའི་སྒྲས་སྔགས་དགོད་པ་དང་། དཀྱིལ་འཁོར་གྱི་འཁོར་ལོ་བསྒོམ་པ་དང་། ཀུན་དུ་སྤྱོད་པ་དང་སྣ་ཚོགས་པའི་དུད་འགྲོའི་ཞལ་གྱི་ལས་ཐམས་ཅད་མ་བསྒོམས་པ་དང་། རྣམ་པར་དག་པའི་མཚན་ཉིད་དོ། །དཔལ་མཁའ་འགྲོ་རྒྱ་མཚོ་རྣལ་འབྱོར་མའི་རྒྱུད་ཀྱི་རྒྱལ་ པོ་ཆེན་པོའི་འགྲེལ་པ་གྲུ་གཟིངས་ལས་ཕག་གདོང་མ་བསྐྱེད་པའི་མཚན་ཉིད་དང་། དཀྱིལ་འཁོར་ལ་འཇུག་པ་དང་། སྔགས་དགོད་པ་དང་དེའི་དཀྱིལ་འཁོར་བསྒོམ་པ་དང་། ཀུན་དུ་སྤྱོད་པ་དང་། དུད་འགྲོའི་ཞལ་གྱི་སྒྲུབ་ཐབས་ཀྱི་ཆོ་གའི་རང་བཞིན་རྒྱས་པར་བསྟན་པ་ཞེས་བྱ་བ་ སྟེ་ལེའུ་བཅུ་པའི་བཤད་པའོ།། །།འཆི་བ་འཇོམས་པར་བྱེད་པ་མོ། །ལྷ་མོ་དུས་མིན་འཇོམས་པ་སྟེ། །གཤིན་རྗེའི་མཆེ་བ་རྣམ་འཇོམས་མ། །བསྒོམ་པར་བྱས་པ་སེམས་བདག་ཉིད། །བཅོམ་ལྡན་འདས་ཀྱི་གཟུགས་ཅན་མ། །ཐོག་མར་གཤིན་རྗེ་བརྟན་བཏུད་ ནས། །རྡོ་རྗེ་འཆང་དང་བླ་མའི་བཀས། །དེ་ཡི་འགྲེལ་པ་བཤད་བྱ་ཉིད། །ད་ནི་ལེའུ་བཅུ་གཅིག་པ་འཆད་དེ། དེ་ནས་བརྟན་པའི་རྣལ་འབྱོར་ཞེས་བྱ་བ་ལ་སོགས་པ་སྟེ། རྣལ་འབྱོར་ཞེས་བྱ་བ་ནི་དུས་མ་ཡིན་པར་འཆི་བའི་དུས་ཀྱི་མཚན་ཉིད་འདུས་པ་དང་འཆི་བའི་མཚན་མ་མཐོང་བ་ སྟེ། བརླག་པར་བྱ་བའི་རྣལ་འབྱོར་འཆད་པར་འགྱུར་བའི་བསྒོམ་པའི་མན་ངག་གི་མཚན་ཉིད་ལ་སོགས་པའོ། །དེ་རྣམས་འདིར་བཤད་པར་བྱ་སྟེ། གསལ་བར་ཉོན་ཅིག་སྒོམ་པ་པོ་རྣམས་ཞེས་བྱ་བ་སྟེ། རང་གི་འཁོར་རྣམས་ཀྱི་འཆི་བ་སླུ་བའོ། །དེའི་ཕྱིར་གསུངས་པ། དུས་ བཞི་ཞེས་བྱ་བ་ལ་སོགས་པ་སྟེ། དེ་ལྟར་དུས་བཞི་རྣམས་སུ་ལོ་རྣམས་ལ་བྱང་དུ་བགྲོད་པ་དང་། ལྷོར་བགྲོད་པ་དང་དཔྱིད་དང་སྟོན་གྱི་ནམ་ཉི་མ་མཉམ་པ་གཉིས་ཀྱི་མཚམས་རྣམས་ལ་གཤིན་རྗེ་བརྟན་མ་ལ་སོགས་པ་གྲ་ལ་གནས་པ་རྣམས་ཀྱི་བདག་པོ་དང་། བསྐྱེད་ པ་ནི་ཕྱི་རོལ་གྱིས་ཤེས་པར་བྱའོ། །ནང་གི་བདག་ཉིད་ཀྱང་ནམ་ཕྱེད་དང་ཉིན་གུང་དང་ཐོ་རངས་དང་སྲོད་ཀྱི་ཐུན་མཚམས་སུ་སྐྱེ་བ་དང་བདག་པོའོ། །འདི་རྣམས་ཐམས་ཅད་ཀྱི་སྤྱིའི་ཚིག་གོ། །དེ་ནི་གཤིན་རྗེ་བརྟན་མ་བཤད་དེ། ཉེ་བའི་གླིང་ཞེས་བྱ་བ་ལ་སོགས་པས་ སོ། །ལས་གཉིས་དག་ཏུ་ཅེས་བྱ་བ་ནི་ནག་པོ་དང་སེར་པོ་གཉིས་ཀྱིས་མངོན་སྤྱོད་དང་། རེངས་པ་དག་གོ། །ཐོག་མར་ཡི་གེ་གཉིས་ཅན་ནོ། །ཞེས་བྱ་བ་ནི་ཡཱ་མའི་ཡི་གེ་གཉིས་ཀྱིས་ཏེ། དེ་ལྟར་དུས་མིན་ཞེས་བྱ་བ་ལ་སོགས་པ་སྟེ། བདག་ནི་ཞེས་བྱ་བའི་བར་དུ་གཤིན་རྗེ་བརྟན་ མས་བཅོམ་ལྡན་འདས་ལ་འདྲི་བའོ། །དྲི་བ་དེ་བསལ་བའི་དོན་དུ་བཅོམ་ལྡན་འདས་ཀྱིས་གསུངས་པའོ། །ཅི་གསུངས་པ། དུས་མིན་ཞེས་བྱ་བ་ལ་སོགས་པ་སྟེ། མཁའ་སྤྱོད་གོ་འཕང་ཞེས་བྱ་བའི་བར་དུ་རྟོགས་པར་སླའོ། །ད་ནི་སྒོམ་དང་ཀུན་དུ་སྤྱོད་པ་དང་། །དེ་བཞིན་དུ་སྔགས་ དགོད་པ་གསུངས་པ། ཁ་དོག་ཅེས་བྱ་བ་ལ་སོགས་པ་སྟེ། ལུས་ཅན་སྒོམ་པ་ཅན་ནི་ཞེས་བྱ་བ་ནི། ལུས་ཅན་ནི་གཟུགས་ཀྱི་ཕུང་པོའི་བདག་ཉིད་ཅན་མཁའ་འགྲོ་མ་གང་གི་ཚེ་དེའི་ཚེ་ཁ་དོག་ནག་མོ་སྟེ། རང་གི་སེམས་ཀྱི་མཚན་ཉིད་ཀྱི་བདེ་བ་ནག་པོ་ཞེས་བྱ་བར་དགོངས་ཏེ། སྒོམ་པ་པོ་ནི་ ཚོར་བའི་རང་བཞིན་གྱི་གཟུགས་ཅན་མ། ཚོར་བའི་ཕུང་པོའི་བདག་ཉིད་ཅན་གང་གི་ཚེ་དེའི་ཚེ་ཁ་དོག་སེར་མོ་སྟེ། རང་གིས་རིག་པའི་ཡེ་ཤེས་ཏེ་རང་གི་སེམས་སྒོམ་པས་གསལ་བ་རབ་ཀྱི་མཐར་ཕྱིན་པའི་བདེ་བ་སེར་པོ་ཞེས་བྱ་བའི་དོན་ཏོ། །ལྷག་མ་རྟོགས་པར་སླའོ། །དཀྱིལ་ འཁོར་དབུས་ཀྱི་གཙོ་མོའོ། །ཞེས་བྱ་བ་ནི་རྡོ་རྗེ་ཕག་མོའི་མཁའ་འགྲོ་མ་ལ་སོགས་པ་བརྒྱད་ཀྱི་རང་བཞིན་མེའི་གྲྭར་གཤིན་རྗེ་བརྟན་མའི་གནས་སུ་སོང་ནས། གཤིན་རྗེ་བརྟན་མའི་རང་བཞིན་དུ་འགྱུར་རོ། །དེ་ལ་གནས་པའི་གཤིན་རྗེ་བརྟན་མ་དབུས་སུ་བདག་པོའི་གནས་སུ་ཉེ་བར་འོངས་ནས། རྡོ་རྗེ་ཕག་མོ་དང་མཁའ་འགྲོ་མ་ལ་སོགས་པའི་རང་བཞིན་དུ་འགྱུར་རོ། །དེའི་ཕྱིར་གཙོ་མོའོ། །དེ་ལྟར་དེའི་རྣལ་འབྱོར་སུམ་ཅུ་རྩ་བདུན་བདག་ཉིད་ཅེས་བྱ་བ་ནི། རབ་ཏུ་སྤོང་བ་ལ་སོགས་པ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ཀྱི་རྣལ་འབྱོར་གྱི་རང་བཞིན་གང་གི་ཚེ་རྡོ་རྗེ་ཕག་མོར་སུམ་ཅུ་རྩ་བདུན་གྱི་ བདག་ཉིད་དེའི་ཚེ། གནས་ཀྱི་དབང་གིས་ཏེ་འདི་རྣམས་ཐམས་ཅད་ཀྱི་ངེས་པའོ། །དེས་ཡང་སྔགས་ལས་བྱུང་བའི་བདག་ཉིད་ཅན་གྱིས་ཞེས་བྱ་བ་སྟེ། འཆད་པར་འགྱུར་བའི་སྔགས་འདི་ལས་བྱུང་བ་སྟེ། ཨོཾ་གྱི་ཡི་གེ་ལ་སོགས་པས་ཁ་སྦྱར་གྱི་སྔགས་གསུངས་པ། ཨོཾ་ས་ཧ་སྲ་བྷུ་ཛཱ་བྷཱ་ སུ་རཱ་ཡ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། དེ་བཞིན་དུ་ཨོཾ་ཨཱཿཧཱུྃ་བཛྲ་ཡ་མ་དཱ་དྷཱི་ཡེ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། ཞེས་བྱ་བ་སྟེ་ལྷག་མ་རྟོགས་པར་སླའོ། །དཔལ་མཁའ་འགྲོ་རྒྱ་མཚོ་རྣལ་འབྱོར་མའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོའི་འགྲེལ་པ་གྲུ་གཟིངས་ལས་གཤིན་རྗེ་བརྟན་མའི་རབ་ཏུ་སྦྱོར་བའི་རྣམ་པར་གཞག་པ་དང་བསྐྱེད་ པའི་མཚན་ཉིད་དང་དེ་བཞིན་དུ་འཆི་བ་བསླུ་བ་དང་ཟླ་བ་རྒྱུ་བའི་དབྱེ་བས་བསྒོམ་པའི་མན་ངག་དང་ཀུན་དུ་རྒྱུ་བ་དང་སྔགས་དགོད་པའི་རྣམ་པར་གཞག་པ་རྒྱས་པར་བསྟན་པ་ཞེས་བྱ་བ་སྟེ་ལེའུ་བཅུ་གཅིག་པའི་བཤད་པའོ།། །།འཁོར་ལོ་འཆི་བ་སླུ་བ་མོ། །ལོ་དང་ཟླ་བ་ཟླ་ཕྱེད་དུ། །འཕེལ་ བའི་ཉི་མའི་དུས་ཅན་མ། །དེ་རྣམས་སུ་ནི་ཡང་སྡུད་བྱེད། །གཤིན་རྗེ་ཕོ་ཉ་མ་བཏུད་ནས། །འཆི་བ་མེད་པ་ཐོབ་འདོད་ཀྱིས། །རྡོ་རྗེའི་ཚིག་རབ་རྟོགས་བྱེད་པའི། །དེ་ཡི་འགྲེལ་པ་བྲི་བར་བྱ། །ད་ནི་ལེའུ་བཅུ་གཉིས་པའི་བཤད་པ་གསུངས་པ། །དེ་ནས་གཤིན་རྗེའི་ཕོ་ཉ་ཞེས་ བྱ་བ་ལ་སོགས་པ་སྟེ་གཤིན་རྗེའི་ཕོ་ཉ་མོ་འདུལ་བའི་ལྷ་མོ་རྡོ་རྗེ་ཕག་མོའི་སྤྲུལ་པས་གདམས་ངག་གིས་འཆད་པར་འགྱུར་བ་སྟེ། གང་གིས་ཞེས་བྱ་བ་ནི་འདི་ཡིས་དེ་ལྟར་དུས་མ་ཡིན་པའི་འཆི་བ་དབང་དུ་འགྱུར་བ་སྟེ། གང་འདོད་པ་དེ་མྱ་ངན་ལས་འདའ་བར་བྱེད་དེ་བརྒྱལ་ཞིག་ན་ ཁམས་ཟད་པས་དབང་པོ་རྣམས་ལ་ནུས་པ་མེད་པའི་དབང་གིས་སོ། །ཡང་ན་མཆོག་ཏུ་ཟག་པ་མེད་པའི་སྦྱོར་བ་བརྟན་པ་ཉིད་ཀྱིས་དུས་མ་ཡིན་པའི་འཆི་བ་ཡང་བསླུ་སྟེ་ཁམས་བརྟན་པ་ཉིད་ཀྱིས་སོ། །དཔྱིད་ཀྱི་ཉིན་མཚན་མཉམ་པའི་དུས་ཞེས་བྱ་བ་ནི་སྣ་གཡས་པའི་བུ་གར་སྲོག་ཀུན་དུ་ རྒྱུ་བའི་དུས་སུ་ཡང་སྟེ། ཕོ་ཉ་མ་འབྱུང་མཚན་ཉིད་དོ། །ཞེས་བྱ་བ་ནི་འཆད་པར་འགྱུར་བའི་དབུ་མར་རྩོལ་བའི་སྲོག་རྒྱུ་བའི་དུས་རྣམས་སུ་དཀྱིལ་འཁོར་ལྔའི་མཐའ་སྟེ་དེ་ལ་དེ་བཞིན་དུ་བརྗོད་དོ། །གཤིན་རྗེའི་ཞེས་བྱ་བ་ལ་སོགས་པ་ནས་གསལ་བ་ཞེས་བྱ་བའི་བར་དུ་རྟོགས་པར་སླའོ། ། དེ་ལྟར་སྲོག་གི་ནུས་པ་ཞེས་བྱ་བ་ལ་སོགས་པས་ཕུང་པོ་ལྔ་དང་ཁམས་བཞི་རྣམས་དང་དབང་པོ་དྲུག་དང་ཡུལ་དྲུག་རྣམས་དང་ལས་ཀྱི་དབང་པོ་བཞི་རྣམས་སོ། །དེ་ལྟར་བཅུ་དགུའི་བདག་ཉིད་ཅན་གྱི་སྲོག་གི་ནུས་པ་ཁམས་ཐམས་ཅད་ཀྱི་རང་བཞིན་སྲོག་འབབ་པའོ། །ཁམས་རྒྱས་པ་ཉིད་ ཀྱིས་སྲོག་ཀྱང་རྒྱས་སོ། །སླར་ཡང་འདིར་ཞེས་བྱ་བ་ནི་ཁམས་དེ་རྣམས་རབ་ཏུ་ཁྲོས་པས་འཇོམས་པ་པོའི་དབུགས་ཀྱི་བདག་ཉིད་ཅན་གྱིས་ནུས་པ་ཅན་ཞེས་བྱ་བ་སྟེ་ཕྱིན་ཅི་ལོག་གི་རི་མོ་རྣམས་སུ་རབ་ཏུ་བབས་པར་གྱུར་པས་ཁམས་ཉམས་པར་འགྱུར་རོ། །དེའི་ཡང་ཕྱིན་ཅི་ལོག་གི་རྒྱུ་བ་ གསུངས་པ། མཉམ་ཞེས་བྱ་བ་ལ་སོགས་པ་སྟེ། ཉི་མར་བདུན་པ་མཉམ་སོང་བར། །ཞེས་བྱ་བ་ནི་རང་རང་གི་སྐྱེ་བར་བཤད་པ་ནས་བརྩམས་ནས་འཕོ་བའི་བར་ཇི་སྲིད་དུ་ཟླ་བ་བདུན་པ་སྐྱེ་བའི་སྐར་མར་དེའི་ཚེ་པཱུཥྞའི་དུས་ཞེས་བྱ་བ་སྟེ་མཉམ་པའི་དུས་སོ། །པགས་པ་ལ་སོགས་ པའི་ཁམས་བདུན་ཏེ། དེ་རྣམས་ཀྱིས་འཆད་པར་འགྱུར་བའི་མན་ངག་གིས་ཕྱིན་ཅི་ལོག་ལ་སོགས་པར་འབབ་པ་ཅན་གྱིའོ། །གཞན་རྟོགས་པར་སླའོ། །དེའི་ཕྱིར་ཡང་ཕོ་ཉ་ཞེས་བྱ་བ་ལ་སོགས་པ་ནི། གཤིན་རྗེའི་ཕོ་ཉ་མའི་དཀྱིལ་འཁོར་གྱི་བདག་ཉིད་ཅན་བསྒོམ་པར་བྱ་བའོ། །ཀུན་ དུ་སྤྱོད་པ་བཤད་པ། དབུས་བདག་པོའི་གནས་ནས་གཤིན་རྗེ་བརྟན་མ་སྲིན་པོའི་གྲྭར་འགྲོའོ། །དེར་གནས་པའི་གཤིན་རྗེ་ཕོ་ཉ་མ་བདག་པོའི་གནས་སུ་ཡང་འོང་སྟེ་དེ་རྡོ་རྗེ་ཕག་མོ་དང་གཤིན་རྗེ་བརྟན་མའི་རང་བཞིན་དུ་འགྱུར་རོ། །གཤིན་རྗེ་བརྟན་མ་རྡོ་རྗེ་ཕག་མོ་དང་གཤིན་ རྗེ་ཕོ་ཉ་མའི་རང་བཞིན་དུ་འགྱུར་རོ། །གང་དུ་རྩལ་ཞེས་བྱ་བ་ལ་སོགས་པ་ནས། གང་ཕྱིར་ཀ་སོགས་གཟུགས་ཅན་མ། །ཞེས་བྱ་བའི་བར་དུ་རྟོགས་པར་སླའོ། །འོན་ཀྱང་བླ་མའི་མན་ངག་ལས་ཤེས་པར་བྱ་སྟེ་དེ་ཉམས་ནས་འགྲོ་བས་ཁོ་བོས་འདིར་མ་བཤད་དོ། །ཁ་སྦྱར་གྱི་སྔགས་གསུངས་པ། ཨོཾ་བ་པ་ཞེས་བྱ་བ་ལ་སོགས་པ་སྟེ། ཨོཾ་པ་ར་ཤུ་པཱ་ཤོ་དྱ་ཏ་ཤཱུ་ལ་ཁ་ཊྭཱཾ་ག་དྷཱ་ར་ཎི་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ་ཧཱུྃ། དེ་བཞིན་དུ་ཨོཾ་བཛྲ་ཡ་མ་དཱུ་ཏཱི་ཡེ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ་ཞེས་བྱ་བའོ། །ལྷག་མ་ཐམས་ཅད་རྟོགས་པར་སླའོ། །དཔལ་ཞེས་བྱ་བ་ལ་སོགས་པས་ལེའུ་ཡོངས་སུ་རྫོགས་པའི་ངག་གོ། ། སོགས་པའི་སྒྲས་དཀྱིལ་འཁོར་བསྒོམ་པ་དང་། སྔགས་དགོད་པ་དང་། འཆི་བ་བསླུ་བའི་འཁོར་ལོ་དང་སྣ་ཚོགས་པའི་མན་ངག་གི་མཚན་ཉིད་ཀྱི་རང་བཞིན་ནོ། །དཔལ་མཁའ་འགྲོ་རྒྱ་མཚོ་རྣལ་འབྱོར་མའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོའི་འགྲེལ་པ་གྲུ་གཟིངས་ལས་གཤིན་རྗེ་ཕོ་ཉ་མའི་མཚན་ཉིད་ཀྱི་ རང་བཞིན་བསྐྱེད་པ་དང་། འཆི་བ་མཚོན་པའི་འཁོར་ལོ་དང་། དཀྱིལ་འཁོར་བསྒོམ་པ་དང་། སྔགས་དགོད་པ་དང་། ཀུན་དུ་སྤྱོད་པ་དང་། སྣ་ཚོགས་པའི་གདམས་ངག་གི་རྣམ་པར་གཞག་པ་རྒྱས་པར་བསྟན་པ་སྟེ་ལེའུ་བཅུ་གཉིས་པའི་བཤད་པའོ།། །།གནད་ཀྱི་ཚིགས་སུ་གཅོད་ པ་མོ། །འཆི་བའི་མཚན་མ་རྣམས་འཛིན་པ། །རིག་པ་ཡི་ནི་མཚན་ཉིད་ཅན། །རང་བཞིན་རྣལ་འབྱོར་ལ་བརྟེན་ནས། །མཆེ་གཙིགས་བདེ་བའི་རྒྱུ་ཅན་མ། །མཆེ་གཙིགས་མ་ལ་བདག་བཏུད་ནས། །རང་གི་སྦྱོར་བ་རྫོགས་པ་མོའི། །དེ་ཡི་འགྲེལ་པ་བཤད་པར་བྱ། །ད་ནི་ལེའུ་བཅུ་གསུམ་པའི་འགྲེལ་པ་རབ་ཏུ་བཤད་ པར་བྱ་བ་གསུངས་པ། དེ་ནས་གཤིན་རྗེ་མཆེ་གཙིགས་མ། །ཞེས་བྱ་བ་ལ་སོགས་པ་སྟེ་དེ་ཉིད་གང་གི་ཕྱིར་རབ་ཏུ་བཤད་དེ་དེའི་དངོས་པོ་ཉན་པ་རྣམས་ཀྱིས་ད་ལྟ་ཉོན་ཞེས་བྱ་བའོ། །དེ་ཅི་ཞེ་ན། གསུངས་པ། སེམས་ཅན་རྣམས་ཀྱི་ཞེས་བྱ་བ་ལ་སོགས་པ་སྟེ་བག་ཆགས་ཀྱི་སྐྱོན་གྱིས་ཞེས་བྱ་བ་ ནི་སྔོན་གྱི་བག་ཆགས་ཀྱིས་དུས་ཐམས་ཅད་དུ་རབ་ཏུ་གཡོགས་པའི་ལས་བྱས་པ་རྣམས་ཀྱིས་ཏེ་དེའི་ཕྱིར་ཟུག་རྔུས་བསྲེག་པའོ། །གུར་ཞེས་བྱ་བ་ནི་ལུས་ཀྱི་གཟེབ་པོ། །འདིར་ཡང་། གང་ཞིག་གང་གིས་ལས་བྱས་པ། །ཞེས་བྱ་བ་ནི་སྔོན་གྱི་ལུས་ཀྱི་གནས་སྐབས་ཀྱི་དུས་སུ་གང་ཞིག་ གང་གི་སྐད་ཅིག་དང་ཡུད་ཙམ་དང་ཉི་མ་དང་ཟླ་ཕྱེད་དང་ཟླ་བ་དང་ལོ་ལ་སོགས་པའི་དུས་སུ་ལས་དམན་པ་དང་འབྲིང་པོ་དང་དྲག་པོ་རྣམས་རབ་ཏུ་བྱས་པ་དེའི་དུས་སུ་རབ་ཏུ་འཇུག་པའི་དུས་སུ་ཡང་གཟེར་བ་པོ་དང་སྲེག་པར་བྱེད་དེ་བཞེད་ཅེས་བྱ་བ་ནི་བཅོམ་ལྡན་འདས་ཀྱི་ངེས་པའོ། །ཅི་དེའི་གཟེར་ བའི་གནས་ཀྱི་ཚད་རྣམས་གསུངས་པ། བརྒྱད་ཅུ་རྩ་བཞི་ཞེས་བྱ་བ་ལ་སོགས་པ་སྟེ་གནད་རྣམས་རྩའི་ཁའི་མཚམས་སུའོ། །དེ་གང་དུ་དེ་ལ་གནས་པ་རྣམས་ཞེས་བྱ་བ་ནི་འཆད་པར་འགྱུར་བའི་གདམས་ངག་གིས་འདི་རྣམས་ཀྱི་དབུས་སུ་བྱའོ་ཞེས་བྱ་བ་ལ་སོགས་པ་སྟེ། འདི་དེ་ལྟར་ འཆི་བ་ཀུན་ཞེས་བྱ་བའི་བར་དུ་རྟོགས་པར་སླའོ། །མཆེ་གཙིགས་གོ་འཕང་ཞེས་བྱ་བ་ནི་འཆད་པར་འགྱུར་བའི་སྐྱེད་པའི་ཡི་གེའི་དོན་གྱིས་བསླུ་བའོ། །འདིར་འགྱུར་རོ་ཞེས་བྱ་བ་ནི་རབ་ཏུ་སྦྱོར་བའི་ཁྱད་པར་གསུངས་པ། རྩ་བ་བཅུ་ཞེས་བྱ་བ་ནི་མར་ཁུ་བསྒྲུབ་པར་བྱས་ནས་དེ་འདིར་གསུངས་ པ། རྩ་བ་བཅུ་རྣམས་བཟུང་བར་གྱུར་པ་སྟེ། པཋ་ད་ཀཎྜ་ཀ་རི་དང་། །ཨུ་དུམྦཱ་ར་ཨུ་ཤི་ར། །ཨེ་རཎྜིའི་རྩ་བ་དེ་བཞིན། །ཤྭེ་ཏ་པ་ར་ཛི་ཏ་སླར། །བྷྲྀཾ་ག་ར་ཛ་པཱ་ཌ་ལྱ། །འཁོར་ལོའི་མཚན་མ་བོ་དེ་ཙེ། །དེ་ལ་སོགས་པ་དུ་མ་རྣམས། །རླུང་དང་མཁྲིས་པ་བད་ཀན་འཇོམས། །འདི་རྣམས་ ཐམས་ཅད་ཆ་མཉམ་པར། །དུམ་བུ་དུམ་བུར་བྱ་བའོ། །ཆུ་ནི་མར་ནག་ཉི་ཤུར་འགྱུར། །རྩ་བ་རྣམས་དང་ལྷན་ཅིག་ཏུ། །ཆ་གསུམ་ཟད་པར་བྱས་ནས་ནི། །བསྡུས་པ་གཅིག་ནི་གཟུང་བར་གྱིས། །བཙོད་ལ་སོགས་པའི་རྫས་རྣམས་ཀྱི། །དྲི་ཞིམ་རྣམས་ཀྱིས་བསྲེ་བར་བྱ། །ཡང་ ན་འདི་རྣམས་རྩ་བ་རྣམས། །སཱ་ལའི་ལོ་མ་དེ་བཞིན་འདིར། །པྲཥྛིའི་ལོ་མ་བྲྀ་ཧ་ཏི། །གཟེ་མ་ཀཎྜ་ཀ་རི་དང་། །པཱ་ཌ་ལི་དང་དེ་བཞིན་གསེར། །ཀསྨ་རི་དང་གྷི་གླ་མརྟ་སླར། །བིལ་བའི་རྩ་བ་དང་ནི་བཅུ། །སྔོན་བཞིན་དུ་ནི་བྱ་བ་སྟེ། །མར་ཁུ་གདུ་བྱ་ཕྱི་ནས་ནི། །ཨ་བྷ་སོགས་འདབ་ རྣམས་ཀྱིས་བསད། །ཡང་ནི་སྔོན་དུ་གནས་དེ་གསུངས། །མར་ཁུར་ལན་ཅིག་གདུ་བར་བྱ། །ཇི་སྲིད་ཆུ་ནི་ཟད་པ་ན། །དྲི་ཞིམ་པོ་ནི་མང་པོ་སྦྱིན། །སྒྱེད་བུ་བསྐུར་ནས་ཕྱི་ནས་ནི། །རྩ་བ་བཅུ་ནི་གཟུང་བ་ཡིས། །དེ་ཡིས་ཟུག་རྔུ་ལ་མཉེ་བྱ། །སྟོབས་པོ་ཆེ་དང་གཞན་ མི་ཐུབ། །ཁྱབ་འཇུག་ཞེས་བྱ་ཎཱ་ཡ་ནའི་མིང་། །མར་ནག་འོད་ཟེར་ལྡན་པ་ནི། །མཐའ་མ་ཅན་ནི་བསྒྲུབ་པར་བྱ། །ཞེས་སོ། །ལྷག་མ་སྔོན་བཞིན་དུ་བྱས་ནས་མགོ་བོར་གཟུང་བར་བྱའོ། །སྣ་སྨན་ཞེས་བྱ་བ་ལ་སོགས་པས་རྣམ་པར་སྣང་མཛད་ཀྱི་མར་ནག་བཟུང་ནས་སོ། །རང་བྱུང་ ཁྲག་གིས་རབ་ཏུ་སྦྱོར་བའི་རྒྱ་མཚོ་ཞེས་བྱ་བ་ནི་རྣལ་འབྱོར་མ་ཐམས་ཅད་ཀྱི་དུམ་བུའམ་ལེའུ་དང་རྟོག་པ་རྣམས་སུ་ཡི་གེ་སྣ་ཚོགས་པའི་རབ་ཏུ་སྦྱོར་བའི་གདམས་ངག་བཤད་པ་རྣམས་དེར་གདམས་ངག་གི་རྒྱ་མཚོ་ཆེན་པོ་བཟུང་བ་ལས་ཞེས་བྱ་བ་སྟེ། དེ་བག་ཆགས་ཀྱིས་བཟུང་བས་གདམས་ ངག་འདི་གསུངས་པ། གང་ཞེས་བྱ་བ་ལ་སོགས་པ་སྟེ། ཡའི་ཡི་གེའི་དོན་ནོ། །དེ་ལྟར་ཡའི་ཡི་གེ་རླུང་ཐམས་ཅད་ཀྱི་བརྡ་ཅན་ནོ། །དེའི་ཚེ་དཀྱིལ་འཁོར་རེ་རེ་ལ་ཞེས་བྱ་བ་ནི་སྣའི་བུ་གར་དཀྱིལ་འཁོར་ལྔའི་རྩ་འབབ་པའི་དུས་སུའོ། །དབུས་ཞེས་བྱ་བ་ནི་མའི་ཡི་གེའི་དོན་ཏེ། དབུས་ ཀྱི་ནང་དུ་མཚོན་པ་ལས། །ཞེས་བྱ་བ་ནི་དབུས་མའི་ཡེ་ཤེས་ཀྱི་དཀྱིལ་འཁོར་གྱི་འཁོར་ལོ་ཐམས་ཅད་ཀྱི་མཐར་མཚོན་པར་བྱའོ། །དེ་ལྟར་གཡས་སུ་བགྲོད་པ་ཞེས་བྱ་བ་ནི་གཡས་པའི་སྣའི་བུ་གར་རབ་ཏུ་འབབ་པའི་དུས་སུའོ། །དམ་གྱི་ཡི་གེ་ནི་དམ་གྱི་ཡི་གེའི་དོན་ཏོ། །ཚིགས་ཀུན་ དུ་ཞེས་བྱ་བ་ནི་རྩ་ཐམས་ཅད་ཀྱི་རྩེ་མོ་དང་ཚིགས་པར་སྲོག་འཛིན་པས་ན་སྟོང་པ་ཉིད་དུ་འགྲོའོ་ཞེས་བྱ་བའི་དོན་ཏོ། །བུག་གཟེར་བྱེད་པ་ཞེས་བྱ་བ་ནི་འབིགས་པར་བྱེད་པ་པོ་རྣལ་འབྱོར་གྱི་དབང་ཕྱུག་དེས་ཏེ། གང་གི་དུས་སུ་གང་དང་འདྲ་བ་གང་གི་གནས་སུ་གཟེར་བར་འགྱུར་རོ། ། གནས་དེ་རྣམས་སུ་དེར་བུ་གར་འབུགས་པ་སྟེ་རང་གི་སེམས་དེར་བཏང་ནས་དཔྱད་པའི་ཕྱིར་ཡང་དག་པའི་སྟོང་པ་ཉིད་དུ་རབ་ཏུ་གཞུག་པའོ། །དབྱུ་གུ་དེའི་སྐད་ཅིག་ཅེས་བྱ་བ་ནི་རྩ་སོ་སོར་རབ་ཏུ་འབབ་པའི་དབྱུ་གུ་དེ་ལ་དེ་བཞིན་དུ་བཤད་དོ། །དེ་ལྟར་ཧྲིལ་ཧྲིལ་ཞེས་བྱ་བ་ནི་ཏའི་ཡི་གེ་ གེའི་དོན་ཏེ་རྟགས་སུ་འགྱུར་རོ། །སོགས་པའི་སྒྲས་ལྟེ་བ་དང་མགྲིན་པ་དང་མགོ་བོའི་སྙིང་པོ་ལའོ། །ཥའི་ཡི་གེའི་དོན་ཏེ་པདྨ་རྣམས་སོ། །དེ་ལྟར་ཡང་ཚིགས་ཐམས་ཅད་དུ་ཡང་ངོ་། །ཀྱང་གི་ཡི་གེས་པདྨ་བཞིའི་རྩའི་འདབ་མ་རྣམས་ཏེ་ཚིགས་ཐམས་ཅད་ཀྱི་རྩ་ཡང་ངོ་། །ཧྲིལ་ ཧྲིལ་བྱེད་པ་ནི་གཟེར་བ་དང་རྣམ་པར་ཤེས་པ་དང་ཀུན་དུ་སྤྱོད་པ་རྣམས་སྟོང་པ་ཉིད་དུ་བྱས་ནས་འཆི་བ་བསླུ་བ་པོར་ཤེས་པར་བྱའོ་ཞེས་འབྲེལ་ལོ། །དབང་པོ་རྣམས་ཞེས་བྱ་བ་ནི་ཨིའི་ཡི་གེའི་དོན་ཏེ། སླར་ཡང་རྣམ་པར་ཤེས་པའི་མཚན་མ་རྣམ་པར་ཤེས་པ་སྟོང་པ་ཉིད་དུ་སོང་བའི་ དུས་སུ་མིག་ལ་སོགས་པ་ཐམས་ཅད་ངེས་པར་འཇལ་བ་ཉིད་འདོད་ཆགས་དང་བྲལ་བར་སོང་བས་གནས་པའོ། །རྩའི་ཡི་གེས་ལས་ཀྱི་དབང་པོ་རྣམས་ཀྱང་ངོ་། །དེ་ཅིའི་ཕྱིར་ཞེ་ན། གསུངས་པ། དེ་ལྟར་ཞེས་བྱ་བ་ལ་སོགས་པ་སྟེ། དབང་པོ་སྦྱངས་པས་ཞེས་བྱ་བ་ནི་སྔོན་ དུ་བཤད་པའི་རྣམ་པར་ཤེས་པ་སྟོང་པ་ཉིད་དུ་བཏང་བས་དེས་དབང་པོ་རྣམས་སྦྱངས་པར་འགྱུར་རོ། །གང་གི་ཕྱིར་དབང་པོ་ལས་རྣམ་པར་ཤེས་པ་ཐམས་ཅད་ཀྱི་རང་བཞིན་རྣམས་ཏེ། སྟོང་པ་དེས་འདི་རྣམས་ཐམས་ཅད་ཀྱི་སྟོང་པ་ཉིད་དུ་རྣམ་པར་དག་པ་སྟེ་དེ་རྣམས་ཀྱིས་ཀྱང་ཏིང་ངེ་འཛིན་ རྣམས་ཀྱིས་ཞེས་བྱ་བའོ། །གཅིག་ཏུ་ཡིད་ཀྱི་གདམས་ངག་འབའ་ཞིག་གིས་འཆི་བ་བསླུ་བ་ཙམ་མ་ཡིན་ཏེ་ཡང་དག་པར་རྫོགས་པའི་བྱང་ཆུབ་དེ་ལས་རང་བཞིན་གྱིས་འོད་གསལ་བ་ཉིད་འཐོབ་སྟེ། འདི་ལ་ཐེ་ཚོམ་མེད་དོ་ཞེས་བྱ་བ་ནི་བཅོམ་ལྡན་འདས་ཀྱིས་ངེས་པ་གསུངས་པའོ། །སྟོང་ཉིད་ ཏིང་འཛིན་བགྲོད་བྱས་ནས། །རྣམ་ཤེས་བརྒྱད་པ་དེ་ནས་ཡང་། །འོད་གསལ་བ་ཡི་གནས་དེ་ཡིས། །སྒྱུ་མ་ལ་སོགས་བརྒྱད་དུ་བཏགས། །ཞེས་བྱ་བའོ། །དེ་ལྟར་འདི་ཡིས་སླར་ཡང་རབ་ཏུ་སྦྱོར་བའི་སྒྲུབ་ཐབས་ཀྱི་མན་ངག་གསུངས་པ། ནོར་བུ་ཞེས་བྱ་བ་ལ་སོགས་པ་སྟེ། མྱོས་ བྱེད་འབབ་པ་མོ་ཞེས་བྱ་བ་ནི་རང་གིས་རིག་པའི་བདེ་བ་འབབ་པ་མོ་དབུ་མ་ཐམས་ཅད་དུ་འགྲོ་བ་སྐུད་པའི་གཟུགས་ཐམས་ཅད་དུ་བཏང་ནས་ཞེས་བྱ་བ་ནི་དུས་ཐམས་ཅད་དུ་ལུས་ཐམས་ཅད་ལ་ཁྱབ་པར་བྱས་ནས་ཏེ་དེ་ཉིད་གཤིན་རྗེའི་མཆེ་བ་འཇོམས་མ་སྟེ། འཆི་བ་དང་སྐྱེ་བ་རྣམས་ལ་གནས་པའོ། ། གཞན་རྟོགས་པར་སླའོ། །ད་ནི་དཀྱིལ་འཁོར་གྱི་འཁོར་ལོ་བསྒོམ་པ་དང་ཀུན་དུ་སྤྱོད་པ་དང་དེ་བཞིན་དུ་སྔགས་དགོད་པ་གསུངས་པ། ཁ་དོག་དམར་ཞེས་བྱ་བ་ལ་སོགས་པ་སྟེ། རྡོ་རྗེའི་དཀྱིལ་འཁོར་དབུས་སུ་ཞེས་བྱ་བ་ནི་འདིར་བདག་པོའི་གནས་ནས་གཤིན་རྗེ་ཕོ་ཉ་མ་ རླུང་གི་གྲྭར་སོང་ནས་གཤིན་རྗེ་མཆེ་གཙིགས་མའི་རང་བཞིན་དུ་འགྱུར་རོ། །དེ་ལ་གནས་པའི་གཤིན་རྗེ་མཆེ་གཙིགས་མ་བདག་པོའི་གནས་སུ་འོང་ངོ་། །དེ་ལ་རྡོ་རྗེ་ཕག་མོ་དང་གཤིན་རྗེ་བརྟན་མ་དང་གཤིན་རྗེ་ཕོ་ཉ་མོའི་རང་བཞིན་དུ་འགྱུར་རོ། །དེ་ལྟར་འདི་རྣམས་ཀྱི་སྔགས་ ཀྱི་ཡི་གེ་རྣམས་གསུངས་པ། ཨོཾ་བ་བྱཱ་ཞེས་བྱ་བ་ལ་སོགས་པ་སྟེ་ཡི་གེ་རེ་རེ་བར་དང་མཚམས་སུ་ཁ་སྦྱར་བ་སྟེ། དེ་ཉིད་བཤད་པ། ཨོཾ་བྱཱ་གྷྲཱ་ཛི་ནཱམྦ་ར་དྷ་རཱ་ཡ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། དེ་བཞིན་དུ་ཨོཾ་བཛྲ་ཡམ་དཾཥྚྲཱི་ཎཱི་ཡ་ཀེ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། ཞེས་བྱ་བའོ། །དེ་ལ་དབུས་སུ་ཞེས་བྱ་བ་ནི་ སྔོན་དུ་བཤད་པའི་ཨ་ཝ་དྷཱུ་ཏཱིའི་མྱོས་བྱེད་འབབ་པ་མོའི་དབུས་སུ་དཀྱིལ་འཁོར་གྱི་འཁོར་ལོ་བསམ་པར་བྱའོ། །བརྒྱ་ཕྲག་འབུམ་ཞེས་བྱ་བ་ནི་མངོན་པར་རྗོད་པར་བྱེད་པ་རབ་ཏུ་གསུངས་པ་སྟེ་སྡོམ་པ་རྒྱ་མཚོ་ཆེན་པོར་ཞེས་བྱ་བའི་དོན་ཏོ། །འོན་ཀྱང་དེ་ཞེས་བྱ་བ་ནི་ཐམས་ཅད་ཀྱི་འཆི་བ་བསླུ་ བའི་མན་ངག་ཐམས་ཅད་སྟོང་པའི་གོ་འཕང་ཞེས་བྱ་བ་སྟེ་འོད་གསལ་བར་བྱས་ནས་སོ། །མངོན་སུམ་དུ་བླ་མ་མཆོག་མཉེས་པར་བྱ་ཞེས་བྱ་བ་ནི་མཆོག་ནི་དགེ་བར་མཛད་པའི་བླ་མ་སྟེ་དེ་མཉེས་པར་བྱས་པས་བྱིན་པ་དེ་ཡིས་བྱང་ཆུབ་ཆེན་པོའི་གདམས་ངག་གོ། །དེ་ཡང་མངོན་སུམ་ དུ་བྱས་ནས་ཏེ་དུ་བ་ལ་སོགས་པའི་རྟགས་བཅུ་རྣམས་ཀྱིས་ཞེས་བྱ་བའི་དོན་ཏོ། །འདི་གསུངས་སོ་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །དཔལ་ཞེས་བྱ་བ་ལ་སོགས་པས་རྟོག་པའི་ཡོངས་སུ་རྫོགས་པའི་མན་ངག་གོ། །སོགས་པའི་སྒྲས་དཀྱིལ་འཁོར་བསྒོམ་པ་དང་ཀུན་དུ་སྤྱོད་པ་དང་ སྔགས་དགོད་པ་དང་མཚན་ཉིད་དང་རང་བཞིན་ཀྱང་ངོ་། །དཔལ་མཁའ་འགྲོ་རྒྱ་མཚོ་རྣལ་འབྱོར་མའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོའི་འགྲེལ་པ་གྲུ་གཟིངས་ལས་གཤིན་རྗེ་མཆེ་གཙིགས་མའི་མཚན་ཉིད་བསྐྱེད་པ་དང་བསྒོམ་པ་དང་ཀུན་དུ་སྤྱོད་པ་དང་སྔགས་དགོད་པ་དང་རབ་ཏུ་སྦྱོར་བ་ལ་ འཇུག་པའི་རྣམ་པར་གཞག་པའི་རང་བཞིན་རྒྱས་པར་བསྟན་པ་སྟེ་ལེའུ་བཅུ་གསུམ་པའི་བཤད་པའོ།། །།དུས་མིན་འཆི་བ་བསླུ་བ་མོ། །རྒྱུད་ཐམས་ཅད་ཀྱི་ཏིང་འཛིན་གྱི། །རང་བཞིན་གྱི་ནི་གཟུགས་ཅན་མ། །རྣལ་འབྱོར་པ་ཡིས་འཆི་མཐའ་ལ། །བསྒོམ་པ་བྱས་པས་རབ་ གྲོལ་བའི། །གཤིན་རྗེ་འཇོམས་ལ་ཕྱག་འཚལ་ཏེ། །བདག་གིས་བླ་མ་གང་དྲན་པས། །དེ་ཡིས་གསུངས་པ་རབ་བཤད་བྱ། །ད་ནི་ལེའུ་བཅུ་བཞི་པ་རྒྱས་པར་བྱས་པ་གསུངས་པ། དེ་ནས་གཤིན་རྗེ་འཇོམས་མ་ཞེས་བྱ་བ་ལ་སོགས་པ་སྟེ། དེ་ནས་ཞེས་བྱ་བ་ནི་ལེའུ་བཅུ་ གསུམ་པའི་དེ་མ་ཐག་ཏུ་གནས་པ། དེ་ཡང་འཇོམས་མ་ཞེས་བྱ་བ་ནི། གཤིན་རྗེ་འཇོམས་མའི་འཇུག་པ་སྟེ་འཆད་པར་འགྱུར་བའི་མཚན་ཉིད་ཀྱིས་བསྐྱེད་པ་ལ་སོགས་པའོ། །གང་གིས་ཞེས་བྱ་བ་ནི་རྟགས་འདིས་ཕ་རོལ་ཏུ་འགྲོ་མ་ཞེས་བྱ་བ་ནི། བླ་མ་རྡོ་རྗེ་འཆང་གི་ཚིག་གིས་སྲིད་ པའི་རྒྱ་མཚོའི་ཕ་རོལ་དུ་འགྲོ་བས་ན་དུས་གསུམ་དུ་བཞུགས་པ་རྣམས་ཀྱིས་དེ་བཤད་པར་བྱའོ་ཞེས་བྱ་བར་འབྲེལ་ལོ། །འདིར་རྣལ་འབྱོར་མ་རྣམས་ཀྱིས་འདུས་པ་ཞེས་བྱ་བ་ནི་རྡོ་རྗེ་ཕག་མོ་ལ་སོགས་པ་རི་རབ་ཀྱི་རྡུལ་དང་མཉམ་པའི་རྡོ་རྗེ་རྣལ་འབྱོར་མ་རྣམས་ཀྱི་འདུས་པ་སྟེ་ཚོགས་པར་ བྱས་ནས་སོ། །ཙའི་ཡི་གེས་དཔའ་བོ་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པ་རྣམས་ཀྱིས་ཀྱང་འདུས་པར་བྱས་ནས་སོ། །གུས་པས་དྲིས་པ་ཞེས་བྱ་བ་ནི་བཅོམ་ལྡན་འདས་ལ་ཕྱག་བྱས་ནས་རྣམ་པ་སྣ་ཚོགས་པའི་མཆོད་པ་རྣམས་ཀྱིས་ཀྱང་ཡང་དག་པར་མཆོད་པའི་རྗེས་སུ་སྟེ། དེ་ ཉིད་གུས་པ་སྟེ་གུས་པ་དང་བཅས་པས་ཞེས་བྱ་བའོ། །ཅི་ཞེས་བྱ་བ་ཞུས་པ་གསུངས་པ། འཇུག་པ་ཞེས་བྱ་བ་ལ་སོགས་པ་སྟེ། ཚིགས་སུ་བཅད་པ་གཅིག་གིས་འཇུག་པ་དང་། ཕ་རོལ་དུ་འགྲོ་བའི་ཚིག་གཉིས་དྲིས་པའོ། །དེ་ལྟར་དྲིས་པའི་ཉོན་ཞེས་བྱ་བ་ལ་སོགས་པས་ བཅོམ་ལྡན་འདས་ཀྱིས་ལན་གསུངས་པ། སྒྱུ་མའི་འཇུག་པ་ཡང་ཞེས་བྱ་བ་སྟེ། ཇི་ལྟར་སྒྱུ་མའི་བུད་མེད་འཇུག་པ་ན་སྒྱུ་མ་བྱེད་པའི་སྐྱེས་བུ་གང་ན་ཡང་དེ་ལྟར་བདེན་པའི་མི་བདེན་པར་མཐོང་ངོ་། །དེ་ལྟར་བསྒོམས་པའི་དྲ་བ་ཐམས་ཅད་ཀྱིས་སེམས་ཀྱི་སྤྱོད་པ་མི་བདེན་པའི་སོ་ སོར་གསལ་བ་མངོན་སུམ་གྱི་རྫས་ཀྱིས་འཇུག་པའི་ཕྱིར་ཐུན་མོང་གི་ཚིག་གོ། །དེ་ལྟར་བཅུ་གཅིག་གིས་བཤད་དེ། ལྷ་མོ་དབང་པོའི་དྲ་བ་ཞེས་བྱ་བ་ནི་ཇི་ལྟར་ཡང་དབང་པོའི་དྲ་བ་བྱེད་པ་རྣམས་ཀྱིས་སྣ་ཚོགས་པའི་མིག་འཕྲུལ་སྟོན་པར་འགྱུར་རོ། །མ་རིག་པར་གྱུར་ པས་ཡང་ཐམས་ཅད་མཐོང་ངོ་། །ལག་པའི་ལས་དང་སེམས་ཞེན་པ་ཉིད་ཀྱི་ཕྱིར་རོ། །དེ་བཞིན་དུ་རྣལ་འབྱོར་མ་རྣམས་ཀྱི་ཡེ་ཤེས་ཀྱི་ལྷ་མོ་གཤིན་རྗེ་འཇོམས་མར་འཇུག་པ་སྟེ་རྣལ་འབྱོར་བསྒོམ་པའི་བདེ་བའི་ཡེ་ཤེས་ལ་ཞེན་པ་ཉིད་ཀྱིས་འོན་ཀྱང་མཐོང་སྟེ། རྣལ་འབྱོར་ལ་སོགས་ པ་བསྒོམ་པ་དེ་ལ་མེད་དོ། །སོ་སོར་གསལ་བར་གྱུར་པ་ཡང་རང་བཞིན་གྱི་སྟོང་པས་མེད་དོ། །ཆུའི་ཟླ་བ་ལྟར་རྣམ་པར་དཔྱོད་པས་ཀྱང་མེད་དོ། །དེ་ལྟར་རང་གི་རང་བཞིན་དུ་འཇུག་པར་འགྱུར་ཞེས་བྱ་བ་ནི་བསོད་ནམས་མེད་པ་སྡིག་པ་བྱེད་པ་རྣམས་ཀྱིས་འཆི་བ་ལ་སོགས་པའི་ སྡུག་བསྔལ་གྱིས་བསྲེག་གོ། །རྣལ་འབྱོར་པ་བསོད་ནམས་དང་ལྡན་པ་དེ་ཁོ་ན་ཉིད་འཛིན་པ་དེ་རྣམས་ཀྱིས་ལས་ཀྱི་འཆི་བའི་དུས་སུ་དངོས་པོ་ཡང་སླུ་བར་བྱེད་དོ། །གཅིག་ཏུ་ན་ཡང་འཆི་བའི་དུས་སུ་བསླུ་བ་ནི་མ་ཡིན་ཏེ་མཆོག་ཅེས་བྱ་བ་ནི་མཆོག་ཏུ་མྱ་ངན་ལས་འདས་པ་འཐོབ་པའོ། ། འདོད་ཆགས་ལ་སོགས་པའི་འཁོར་བ་ལས་ཕ་རོལ་ཏུ་འགྲོ་བའི་ཕྱིར་དེ་ལ། འཆི་བ་མེད་ཅིང་བསླུ་བ་ཡང་མེད་ཅེས་བྱ་བ་སྟེ་ཉོན་མོངས་པའི་ཕུང་པོ་རྣམས་ཀྱིས་བརྟན་པ་ཙམ་དུ་བསྟན་པ་ནི་ཀུན་རྫོབ་དང་དོན་དམ་པའི་ངེས་པའོ། །ད་ནི་འདི་རྣམས་ཀྱི་ཀུན་རྫོབ་དང་དོན་དམ་པ་གཉིས་ཀྱི་ དགོས་པ་དང་བྱེད་པའི་མཚན་ཉིད་ཀྱི་རང་བཞིན་གྱི་མན་ངག་གསུངས་པ། སྟོན་ཀ་ཞེས་བྱ་བ་ལ་སོགས་པ་སྟེ། དེ་ནི་མངོན་པར་བརྗོད་ཅེས་བྱ་བའི་བར་དུ་བྱེད་པ་དང་ལས་ཀྱང་ངོ་། །དེ་ཐམས་ཅད་རྟོགས་པར་སླའོ། །དེ་ཕྱིར་བྱིས་པ་ཞེས་བྱ་བ་ལ་སོགས་པ་ནས་རང་གི་མཚན་ཉིད་ཅེས་ བྱ་བའི་བར་དུ་ཞེས་བྱ་བ་ཡང་སྟེ་ཀུན་རྫོབ་སྟེ་རྟོགས་པར་སླའོ། །དེ་ནས་དོན་དམ་པ་གཉིས་སུ་མེད་པ་གསུངས་པ། སླར་ཡང་ཞེས་བྱ་བ་ལ་སོགས་པ་སྟེ་ཚིགས་སུ་བཅད་པ་གཉིས་ཀྱིས་བྱ་བ་དང་བྱེད་པ་སྟེ་དོན་དམ་པ་སྟེ་རྟོགས་པར་སླའོ། །དེ་བཞིན་དུ་འདིར་འདིས་དེ་ལྟར་ དུས་མ་ཡིན་པར་འཆི་བའི་རབ་ཏུ་སྦྱོར་བ་གསུངས་པ། སྲོག་རྒྱུ་བ་ཞེས་བྱ་བ་ལ་སོགས་པ་སྟེ་ཐོག་མེད་ཡུད་ཙམ་ཞེས་བྱ་བའི་བར་དུ་རྟོགས་པར་སླའོ། །ད་ནི་དཀྱིལ་འཁོར་གྱི་འཁོར་ལོ་བསྒོམ་པ་དང་སྔགས་དགོད་པ་དང་ཀུན་དུ་སྤྱོད་པ་གསུངས་པ། ཁ་དོག་ཅེས་བྱ་བ་ལ་སོགས་ པ་སྟེ་བསྒོམ་པ་ནི་རྟོགས་པར་སླའོ། །ལྷན་སྐྱེས་སྦྱོར་བས་རྡོ་རྗེ་འཛིན། །ཞེས་བྱ་བ་ནི་དབུ་མར་དཀྱིལ་འཁོར་རབ་ཏུ་ཞུགས་པས་ལྷན་ཅིག་སྐྱེས་པ་སྟེ་དེའི་སྦྱོར་བས་ནི་འཕོ་བ་མེད་པའོ། །རྡོ་རྗེ་འཛིན་ཞེས་བྱ་བ་ནི་དེར་འཆད་པར་འགྱུར་བའི་དབུས་སུ་བསྒོམ་པར་བྱ་དགོས་སོ། ། དེ་ལྟར་ཁ་སྦྱར་གྱི་སྔགས་ཀྱི་ཡི་གེ་རྣམས་གསུངས་པ། ཨོཾ་མ་ཞེས་བྱ་བ་ལ་སོགས་པ་སྟེ། དེ་ལ་ཨོཾ་མ་ཧཱ་དྷཱུམྠཱནྡྷ་ཀཱ་ར་ཝ་པུ་ཥཱ་ཡ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། དེ་བཞིན་དུ་ཨོཾ་བཛྲ་ཡ་མ་མ་ཐ་ནཱི་ཡེ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། ཞེས་བྱ་བའོ། །ལྷག་མ་རྟོགས་པར་སླའོ། །ཐིམ་དང་ལོངས་སྤྱོད་ སོགས་བྱེད་མ། །ཞེས་བྱ་བ་ནི་ཀུན་དུ་སྤྱོད་པ་གསུངས་ཏེ། གཤིན་རྗེ་མཆེ་གཙིགས་མ་བདག་པོའི་གནས་ནས་དབང་ལྡན་གྱི་མཚམས་སུ་འགྲོའོ། །དེ་ཡང་གནས་ཀྱི་དབང་གིས་གཤིན་རྗེ་འཇོམས་མའི་རང་བཞིན་དུ་འགྱུར་རོ། །དེ་ལ་གནས་པ་བདག་པོའི་གནས་སུ་འོང་ངོ་། ། དེ་རྡོ་རྗེ་ཕག་མོ་དང་བརྟན་མ་དང་ཕོ་ཉ་མ་དང་མཆེ་གཙིགས་མའི་རང་བཞིན་དུ་འགྱུར་རོ། །གཤིན་རྗེ་འཇོམས་མ་ཞེས་བྱ་བ་ལ་ནི་འདི་རྣམས་ཐམས་ཅད་ཐིམ་པའོ། །མེའི་གྲྭ་ནས་རྡོ་རྗེ་ཕག་མོ་དབུས་སུ་འོང་ངོ་། །དེ་ལ་གནས་པའི་གཤིན་རྗེ་འཇོམས་མ་ཡང་མེའི་གྲྭ་ལ་འགྲོའོ། ། སླར་ཡང་དབུས་ནས་རྡོ་རྗེ་ཕག་མོ་བདེན་བྲལ་དུ་འགྲོའོ། །དེར་གནས་པའི་གཤིན་རྗེ་བརྟན་མ་ཡང་དབུས་སུ་འོང་ངོ་། །དེ་ཡང་རླུང་གི་གྲྭར་འགྲོའོ། །དེར་གནས་པའི་གཤིན་རྗེ་ཕོ་ཉ་མོ་ཡང་དབུས་སུ་འོང་ངོ་། །དེ་ཉིད་དབང་ལྡན་དུ་འགྲོའོ། །དེ་ལ་གནས་པའི་གཤིན་རྗེ་མཆེ་ གཙིགས་མ་དབུས་སུ་ཡང་འོང་ངོ་། །དེ་བཞིན་དུ་དེ་ཉིད་མེར་འགྲོའོ། །དེ་ལ་གནས་པའི་གཤིན་རྗེ་འཇོམས་མ་ཡང་དབུས་སུ་འོང་ངོ་། །དེ་ཡང་བདེན་བྲལ་དུ་འགྲོའོ། །དེ་ལ་གནས་པའི་རྡོ་རྗེ་ཕག་མོ་ཡང་དབུས་སུ་འོང་ངོ་། །སླར་ཡང་བདག་པོར་བྱ་བ་གསུངས་པ། དབུས་ནས་རྡོ་རྗེ་ ཕག་མོ་རླུང་དུ་འགྲོའོ། །དེར་གནས་པའི་བརྟན་མ་དབུས་སུ་ཡང་འོང་ངོ་། །དེ་སླར་དབང་ལྡན་དུ་འགྲོའོ། །དེ་གནས་པའི་ཕོ་ཉ་མ་ཡང་དབུས་སུ་འོང་ངོ་། །དེ་མེར་འགྲོའོ། །དེ་ལ་གནས་པའི་མཆེ་བ་གཙིགས་མ་དབུས་སུ་ཡང་འོང་ངོ་། །དེ་ཡང་བདེན་བྲལ་ དུ་འགྲོའོ། །དེ་ལ་གནས་པའི་འཇོམས་མ་དབུས་སུ་ཡང་འོང་ངོ་། །དེ་ཡང་རླུང་དུ་འགྲོའོ། །དེ་ལ་གནས་པའི་རྡོ་རྗེ་ཕག་མོ་ཡང་དབུས་སུ་འོང་ངོ་། །སླར་ཡང་ཁྱབ་བདག་ཉིད་གསུངས་པ། དབུས་ནས་རྡོ་རྗེ་ཕག་མོ་དབང་ལྡན་དུ་འགྲོའོ། །དེ་ལ་གནས་པའི་བརྟན་མ་དབུས་སུ་ཡང་ འོང་ངོ་། །དེ་སླར་མེར་འགྲོའོ། །དེ་ལ་གནས་པའི་ཕོ་ཉ་མོ་དབུས་སུ་འོང་ངོ་། །དེ་བདེན་བྲལ་དུ་འགྲོའོ། །དེར་གནས་པའི་མཆེ་གཙིགས་མ་དབུས་སུ་ཡང་འོང་ངོ་། །དེ་ཡང་རླུང་དུ་འགྲོའོ། །དེ་ལ་གནས་པའི་འཇོམས་མ་ཡང་དབུས་སུ་འོང་ངོ་། །དེ་ཡང་དབང་ལྡན་དུ་འགྲོའོ། ། དེར་གནས་པའི་རྡོ་རྗེ་ཕག་མོ་ཡང་དབུས་སུ་འོང་བ་ཞེས་བྱ་བ་ནི་རྣལ་འབྱོར་མ་འདི་རྣམས་ཐམས་ཅད་ཀྱིས་ཤེས་པར་བྱའོ་ཞེས་བྱ་བ་ནི་བཅོམ་ལྡན་འདས་ཀྱི་ངེས་པའོ། །ད་ནི་རྣལ་འབྱོར་མ་ཐམས་ཅད་བཅོམ་ལྡན་འདས་ཀྱི་རང་བཞིན་ཅན་མའི་རྣམ་པར་གཞག་པའི་མཚན་ཉིད་ཀྱིས་བདག་ཏུ་ བྱེད་པའི་རྒྱུ་གསུངས་པ། ཕག་མོ་ཞེས་བྱ་བ་ལ་སོགས་པ་སྟེ་སྤྲུལ་པའི་བདག་ཉིད་ཅན་ཞེས་བྱ་བ་ནི་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོས་རྡོ་རྗེ་ཕག་མོ་སྤྲུལ་པའི་གཟུགས་ཏེ་སྟོང་པ་ཉིད་ནི་སྙིང་རྗེའི་རྐྱེན་གྱིས་སོ། །ཏུའི་ཡི་གེ་ནི་ངེས་པར་གཟུང་བའོ། །སྐྱེས་པ་སྲིད་པ་ཉམས་བྱེད་མའོ། །ཞེས་ བྱ་བ་ནི་རྐང་གཉིས་ལ་སོགས་པའི་འཇིག་རྟེན་པ་སྐྱེས་པ་རྣམས་ཀྱི་དངོས་པོ་རྣམས་རྣམ་པར་ཉམས་པར་བྱེད་མ་སྟེ་འདོད་ཆགས་ལ་སོགས་པའོ། །ཆོས་ཆེན་པོ་བསྟན་པས་དེ་རྣམས་ཀྱིས་གཟུང་བ་དང་འཛིན་པ་ལ་སོགས་པའི་མངོན་པར་ཞེན་པ་ཉམས་པར་བྱེད་པའོ། །དེ་ལྟར་ངོ་བོ་ཉིད་ ཀྱིས་སྟོང་པའི་རང་བཞིན་ཆོས་ཐམས་ཅད་ཀྱིས་སོ། །དེ་རྣམས་ཀྱིས་ཀྱང་བཅོམ་ལྡན་འདས་རྡོ་རྗེའི་སྦྱོར་བ་ཆེན་པོས་ཞེས་བྱ་བའོ། །རྣལ་འབྱོར་པ་རྣམས་ཀྱིས་མཆོག་ཏུ་ཟག་པ་མེད་པའི་སྦྱོར་བ་རྣམས་ཀྱིས་ཀྱང་ངོ་། །དེ་རྣམས་ཀྱིས་ཀྱང་རྩ་ཐམས་ཅད་ལ་གནས་པ་རྣམས་ཀྱི་རང་བཞིན་ གྱི་ལྷ་རྣམས་ཀྱི་རང་བཞིན་ལྟ་བུའི་ཆོས་ཀྱི་དབྱིངས་ཉིད་ཀྱིས་རབ་ཏུ་འཇུག་པའོ། །དེ་ལྟར་བདག་ཏུ་བྱེད་པ་རྣམས་འཁོར་ལོས་སྒྱུར་བ་ཉིད་དེ་རྣལ་འབྱོར་མ་ཐམས་ཅད་ཀྱི་བསྟན་པའོ། །ད་ནི་དངོས་པོ་ཐམས་ཅད་ཀྱི་འཁོར་ལོས་སྒྱུར་བའི་སྦྱོར་བའི་ཡེ་ཤེས་སངས་རྒྱས་ཀྱི་རང་བཞིན་དུ་གསུངས་པ། འཁོར་ལོས་སྒྱུར་བ་ཆེན་པོ་ཞེས་བྱ་བ་ལ་སོགས་པ་སྟེ། བྱང་ཆུབ་སེམས་དཔའོ་ཞེས་བྱ་བའི་བར་རྟོགས་པར་སླའོ། །དེ་ལྟར་འདིའི་ཉེ་བར་བསྡུ་བའི་གླུ་གསུངས་པ། དབང་པོ་ཞེས་བྱ་བ་ལ་སོགས་པ་སྟེ། དབང་པོ་རྣམས་ནི་བྱང་ཆུབ་སེམས་དཔའི་སྐྱེ་བོ་ཡིན་ཞེས་བྱ་བ་ནི་དབང་པོ་ ཐམས་ཅད་སངས་རྒྱས་ཀྱི་གཟུགས་ཉིད་པས་དེའི་ཚེ་གང་ཟག་སོ་སོ་རྣམས་ཀྱི་ཡུལ་གཅིག་པས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་གཟུགས་སུ་ཡང་རིག་པར་བྱའོ། །ཡུལ་རྣམས་ཀྱིས་ནི་སངས་རྒྱས་ཉིད་དུ་གྱིས། །ཞེས་བྱ་བ་ནི་ཡུལ་རྣམས་ནི་ཕྱི་རོལ་གྱི་སྟེ་མིག་ལ་སོགས་པས་ བླངས་པའི་ལས་ཀྱིས་ཡིད་ལ་སངས་རྒྱས་ཉིད་དུ་མོས་པ་གྱིས་ཤིག་པ་སྟེ་སེམས་རྣམ་པར་དག་པ་ཉིད་པས་རྫོགས་པའི་སངས་རྒྱས་ཞེས་བྱ་བའི་དོན་ཏོ། །ཕུང་པོ་ཞེས་བྱ་བ་ནི་ཕུང་པོ་ལྔ་རྣམས་སངས་རྒྱས་ཉིད་དེ་ལྷན་ཅིག་གཟུང་ཞེས་བྱ་བ་ནི། སངས་རྒྱས་སེམས་ཅན་མེད་པར་གཅིག ། ཅེས་བྱ་བའི་ཚིག་གིས་སོ། །མི་ཤེས་པའི་དྲི་མས་བསྒྲིབས་པ་གང་གི་ཚེ་དེའི་ཚེ་སངས་རྒྱས་མིན་ནོ། །དེའི་ཕྱིར་སངས་རྒྱས་ཀྱི་རང་བཞིན་དུ་ཕུང་པོ་བྱའོ་ཞེས་བྱ་བའོ། །ཁམས་རྣམས་རྡོ་རྗེ་འཛིན་པའི་གཟུགས་ཀྱིས་ཟུང་། །ཞེས་བྱ་བ་ནི་ས་ལ་སོགས་པའི་ཁམས་རྣམས་རྡོ་རྗེ་འཆང་གི་ རང་བཞིན་གྱིས་གཟུང་བར་བྱའོ་ཞེས་བྱ་བའོ། །གང་གིས་འཕོ་བ་མེད་པའི་ཡེ་ཤེས་ཀྱིས་བྱང་ཆུབ་ཁམས་ཐམས་ཅད་ཞུ་བར་ཞུགས་པའི་ཡེ་ཤེས་ཀྱི་ཁུ་བས་དེ་མི་འཕོ་བར་བྱས་པས་ཁམས་རྣམས་རྡོ་རྗེ་འཆང་ཉིད་དུ་འགྲོའོ། །འདི་ནི་དེའི་ཕྱིར་དེ་ལ་དེ་སྐད་བཤད་དོ། །དེ་ལྟར་བྱས་པས་ ཅིར་འགྱུར་བ་གསུངས་པ། སྲིད་པར་སླར་ཡང་ལྡོག་པར་འགྱུར་བ་མ་ཡིན་ནོ་ཞེས་བྱ་བ་སྟེ། དེ་ལྟར་བྱས་པ་ལ་སྲིད་པའི་འཁོར་བར་སླར་ཡང་འོང་བ་དང་འགྲོ་བར་མི་འགྱུར་རོ། །ཞེ་སྡང་ལ་སོགས་པ་ཡང་ཉེ་བར་ལོངས་སྤྱོད་པས་ཀྱང་དམྱལ་བ་ལ་སོགས་པར་མི་འགྱུར་རོ་ཞེས་བྱ་བའི་དོན་ཏོ། ། དེ་ལྟར་ཐམས་ཅད་འཆི་བ་མེད་པའི་རང་བཞིན་དུ་ནི་ཟུང་ཞེས་བྱ་བ་ནི་དེ་ལྟར་ཕུང་པོ་དང་ཁམས་དང་སྐྱེ་མཆེད་དང་ཡུལ་ལ་སོགས་པ་རྣམས་འཆི་བ་མེད་པའི་རང་བཞིན་རྣམས་སུ་ཟུང་ཤིག་པའོ། །ཐོག་མ་མེད་པ་ནས་ཕུན་སུམ་ཚོགས་པའི་རྒྱུད་རྣམས་ཀྱི་སྐྱེ་བ་མེད་པ་ཉིད་ཀྱི་ ཕྱིར་རོ། །དེའི་ཕྱིར་འཆི་བ་མེད་པ་ཞེས་བྱ་བའི་དོན་ཏོ། །འདིར་གལ་ཏེ་ཡང་ཐོག་མ་མེད་པའི་རྒྱུན་རྣམས་ཀྱི་སྐྱེ་བ་མེད་པ་ཉིད་ཀྱི་ཕྱིར་དེའི་ཚེ་སངས་རྒྱས་ཀྱི་འཇིག་རྟེན་རྣམས་ཀྱང་འཆི་བ་མེད་དོ། །དེ་ཉིད་ཇི་ལྟར་ཞེ་ན། འདིར་ཤཱཀྱ་ཐུབ་པ་ལ་སོགས་པ་དང་རགས་པ་དང་ཕྲ་བའི་བྱང་ཆུབ་སེམས་ དཔའ་རྣམས་ཡོངས་སུ་མྱ་ངན་ལས་འདས་ཤེ་ན། སྨྲས་པ། དེ་བདེན་ཏེ་ཤཱཀྱ་ཐུབ་པ་ལ་སོགས་པ་དང་བྱང་ཆུབ་སེམས་དཔའ་རྣམས་ཡང་དག་པའི་སྙིང་རྗེའི་རང་བཞིན་ཏེ་གང་དང་གང་དུ་སེམས་ཅན་རྣམས་ལམ་ངན་པ་ལ་གཟིགས་ནས་དེ་དང་དེ་ལ་སྙིང་རྗེ་བསྐྱེད་དོ། །དེར་སེམས་ཅན་དེ་ རྣམས་ལ་ལམ་བཟང་པོ་བསྟན་ནས་སླར་ཡང་འཇིག་རྟེན་གྱི་ཁམས་གཞན་རྣམས་སུ་གཤེགས་ནས་འདིར་ཡོངས་སུ་མྱ་ངན་ལས་འདའ་སྟེ། འཇིག་རྟེན་པ་རྣམས་ཀྱི་ཡིད་ཆེས་པ་ཙམ་དུ་འགྱུར་བའོ། །དེ་ལྟར་འབྲས་བུ་དེའི་རྒྱུ་གསུངས་པ། སྙིང་རྗེ་ཡི་ནི་སྦྱོར་བས་སེམས་ཅན་ཁྱོད་ འདུག་ཅིག །ཅེས་བྱ་བ་སྟེ། ཁྱོད་ཀྱིས་མངོན་སུམ་དུ་སྒྱུ་མའི་རྣམ་པས་སེམས་ཅན་རྣམས་ལ་སྙིང་རྗེའི་སྦྱོར་བས་དེ་སངས་རྒྱས་ཉིད་བླ་མའི་མན་ངག་ལས་བསྒྲུབ་པར་བྱ་བའི་དུས་སུ་སྙིང་རྗེ་དང་ཡོངས་སུ་འདྲེས་པའི་སྦྱོར་བ་ཟུང་ཤིག་པའོ། །སྙིང་རྗེའི་སྦྱོར་བ་ནི་སྙིང་རྗེ་ཉིད་སྦྱོར་བའོ། །གང་ དང་གང་གིས་གཞན་གྱི་དགོས་པ་གྱིས། །ཞེས་བྱ་བ་ནི་གང་དང་གང་གི་ཕྱི་དང་ནང་གི་བདག་ཉིད་ཀྱི་དངོས་པོས་རྣམ་པར་དཔྱད་པས་སྙིང་རྗེའི་སྦྱོར་བའི་ཏིང་ངེ་འཛིན་བྱས་ནས་གཞན་གྱི་དགོས་པ་ནི་མཉམ་པ་མེད་པའི་སེམས་ཅན་གྱི་དོན་བྱ་བ་སྟེ་ཐམས་ཅད་མཁྱེན་པ་ཉིད་ཅེས་བྱ་བར་དགོངས་ སོ། །ཐམས་ཅད་མཁྱེན་པ་ཞེས་བྱ་བ་ལ་སོགས་པ་སྟེ། རྗེས་སུ་གསུངས་པས་ཀྱང་རྗེས་གནས་བྱ་ཞེས་བྱ་བ་ནི་འཕོ་བ་བཅུ་གཉིས་རྣམས་ཀྱི་དབུས་སུ་དཀྱིལ་འཁོར་དྲུག་དྲུག་རྣམས་དཔལ་མངོན་པར་བརྗོད་པ་ཕྱི་མར་གསུངས་ཏེ། དཀྱིལ་འཁོར་བདུན་ཅུ་རྩ་གཉིས་ཇི་ལྟ་བའི་ རིམ་པས་རེ་རེའི་དཀྱིལ་འཁོར་རེ་རེར་ཤེས་པར་བྱའོ། །དེའི་རྗེས་སུ་གནས་པ་སྟེ་མཁའ་འགྲོ་མ་ལ་སོགས་པ་ནས་འཇོམས་མའི་མཐར་རྣལ་འབྱོར་མ་བཅུ་གཉིས་རྣམས་ཀྱི་རྣམ་པར་གཞག་པའི་དབུས་སུ་ཞེས་བྱ་བ་ནི་བཅོམ་ལྡན་འདས་ཀྱི་ངེས་པའོ། །ལྷག་མ་རྟོགས་པར་སླའོ། །དེ་ ལྟར་མཁའ་འགྲོ་མ་བཅུ་གཉིས་རྣམས་ཀྱི་མཚན་ཉིད་འཛམ་བུའི་གླིང་ཆེན་པོའི་རང་བཞིན་ནོ། །དཔལ་ཞེས་བྱ་བ་ལ་སོགས་པས་མདོར་བྱས་པའི་ལེའུ་ཡོངས་སུ་རྫོགས་པའི་ངག་གོ། །སོགས་པའི་སྒྲས་སྔོན་བཞིན་དུ་དཀྱིལ་འཁོར་གྱི་འཁོར་ལོ་བསྒོམ་པ་དང་སྔགས་དགོད་པ་དང་ཀུན་ དུ་སྤྱོད་པ་དང་། རྣལ་འབྱོར་མ་ཐམས་ཅད་ཀྱི་བདག་ཏུ་བྱ་བ་ཉིད་བཅོམ་ལྡན་འདས་རབ་ཏུ་ཞུགས་པས་སོ། །དཔལ་མཁའ་འགྲོ་རྒྱ་མཚོ་རྣལ་འབྱོར་མའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོའི་འགྲེལ་པ་གྲུ་གཟིངས་ལས་གཤིན་རྗེ་འཇོམས་མ་བསྐྱེད་པའི་མཚན་ཉིད་དང་འཆི་བའི་དུས་སླུ་བ་ལ་སོགས་ པར་འཇུག་པ་དང་དཀྱིལ་འཁོར་བསྒོམ་པ་དང་། སྔགས་དགོད་པ་དང་། ཀུན་དུ་སྤྱོད་པ་དང་། རྣལ་འབྱོར་མ་རྣམས་ཀྱི་བདག་པོ་བྱེད་པ་ཉིད་དང་། སངས་རྒྱས་ཀྱི་རྣམ་པར་གཞག་པའི་རང་བཞིན་གྱི་ཆོ་གའི་མཚན་ཉིད་ཀྱི་གནས་སྐབས་རྒྱས་པར་བསྟན་པ་སྟེ་ལེའུ་བཅུ་བཞི་པའི་བཤད་ པའོ།། །།ཐམས་ཅད་ཀྱི་ནི་སྙིང་པོ་གཅིག །ཁྲག་འཐུང་ཐམས་ཅད་དུ་རང་གིས། །གང་གིས་འཇིག་རྟེན་རྣམས་སྤྲུལ་པའི། །གནས་དང་གཞི་ཀུན་བདག་ཉིད་ཅན། །ཕྱི་ནང་བདག་ཉིད་རྣལ་འབྱོར་དུ། །གནས་པས་འདི་ནི་སྙིང་རྗེའི་བདག །སྣ་ཚོགས་ཕྱག་དང་མཚོན་ཆར་ ལྡན། །ཞལ་རྣམས་ཀྱང་ནི་ངོ་མཚར་ཆེ། །སྟོན་པ་ཕག་མོ་ཡིས་འཁྱུད་པ། །སྲིད་དང་མྱང་འདས་བདེ་སྟེར་འདུད། །སྣ་ཚོགས་མན་ངག་འཆད་པ་ཡིས། །དེ་ཡི་འགྲེལ་པ་བྲི་བར་བྱ། །དེ་རྣམས་བཤད་པར་སྦྱིན་བྱ་སྟེ། །བླ་མ་སངས་རྒྱས་དྲན་བྱས་ནས། །ཐོག་མར་ མཆོད་པ་བྱས་ནས་ནི། །དེ་རྣམས་གསུང་ནི་རྒྱ་ཆེར་བྱ། །ད་ནི་དཀྱིལ་འཁོར་གྱི་འཁོར་ལོ་བསྒོམ་པ་དཔལ་ཡང་དག་པའི་ཏིང་ངེ་འཛིན་ལ་གནས་པའི་བརྗོད་པར་བྱ་བ་ཧེ་རུ་ཀའི་མཚན་ཉིད་ཀྱི་ཡེ་ཤེས་ཆེན་པོའི་རོར་རོ་མཉམ་པ་ཕྱི་དང་ནང་གི་བདག་ཉིད་ཅན་གྱི་སྒྲུབ་པའི་ཐབས་གསུངས་ པ། དེ་ནས་གསང་ཆེན་ཞེས་བྱ་བ་ལ་སོགས་པ་སྟེ། ཡང་དག་ཏིང་འཛིན་མཚན་ཉིད་དོ། །ཞེས་བྱ་བ་ནི་ཇི་ལྟར་དཔལ་ཧེ་རུ་ཀའི་རྣམ་པས་གནས་པས་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ཀྱི་རྣམ་གྲངས་ཏེ། གང་གིས་ཞེས་བྱ་བ་ནི་ཏིང་ངེ་འཛིན་གྱིས་ཏེ་རང་བཞིན་གྱིས་འོད་གསལ་བ་ གཉིས་སུ་མེད་པའོ། །གུས་པ་དང་བཅས་པ་ནི་གུས་པ་དང་བཅས་པ་སྟེ་དད་པ་དང་ལྡན་པའོ། །གཞན་མེད་དོ་ཞེས་བྱ་བ་ནི་སྒྲུབ་ཐབས་ཞེས་བྱ་བའི་དོན་ཏོ། །འཇིག་པ་ལ་སོགས་པས་ཞེས་བྱ་བ་ནི་གང་གི་དུས་སུ་ཐོག་མར་འཇིག་རྟེན་གྱི་ཁམས་རྣམ་པར་ཉམས་པར་འགྱུར་རོ། །སྟོང་ པའི་དབུས་སུ་ཡང་དེ་ཉིད་དེའི་དབུས་སུ་འཆགས་པའི་མཐར་གང་སྣོད་དང་སེམས་ཅན་སྐྱེ་བ་དང་གནས་པ་བཤད་པས་སྤྲུལ་པའི་སྐུ་གསལ་བར་གྱུར་པའོ། །དེ་ལྟར་ཆོས་ཞེས་བྱ་བ་ལ་སོགས་པས་དེ་དེ་བཞིན་དུ་གསུངས་སོ། །བསྡུས་བྱས་པ་ཞེས་བྱ་བ་ནི་འཆད་པར་འགྱུར་བའི་ སྒྲུབ་པའི་ཐབས་ཀྱི་རིགས་པས་འགྱུར་བའི་གསང་ཆེན་བཤད་པར་བྱ་ཞེས་བྱ་བར་འབྲེལ་ལོ། །དེ་ལྟར་གསུངས་པ། ཐོག་མར་ཞེས་བྱ་བ་ལ་སོགས་པ་སྟེ་གནས་ནི་བསྒྲུབ་བྱས་ནས་ཞེས་བྱ་བ་ནི་འདིར་ཇི་ལྟར་འཇིག་རྟེན་གྱི་ཁམས་སྐྱེ་བའི་དུས་སུ་ཡང་ནམ་མཁའི་ཁམས་ཀྱི་དབུས་སུ་གཞལ་ མེད་ཁང་ན་སྤྱོད་པ་རྣམས་འོག་ཏུ་གནས་པ་དང་དེ་རྣམས་ཀྱི་སྟེང་དུ་གནས་པ་དང་ཕྱོགས་བརྒྱད་ན་གནས་པ་རྣམས་ཀྱིས་དེ་ལྟར་དབུས་སུ་སངས་རྒྱས་ཀྱི་ཞིང་ན་གནས་པ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་གཟིགས་པའོ། །སྐྱེ་བོ་མེད་པ་ཞེས་བྱ་བ་ནི་གཅིག་སྟེ་སྟོང་པའི་གནས་སུའོ། ། རི་སོགས་སུ་ཞེས་བྱ་བ་ནི་འདིར་གལ་ཏེ་སྔོན་གྱི་དུས་སུ་ཕུང་པོ་རྣམས་ཀྱང་འཛིན། ཀུན་ནས་རྣམ་པར་དཔྱོད་པའི་དུས་སུ་རང་བཞིན་གྱིས་སྐྱེ་བ་ནི་རི་སྟེ་དེའི་ཚེ་རང་བཞིན་གྱི་འཇིག་རྟེན་གྱི་ཁམས་ཀྱི་ཕུང་པོའི་རི་ནི་རྟེན་ནོ། །སོགས་ཀྱི་སྒྲས། རི་བོའི་ཕུག་གམ་བྱ་སྐྱིབས་དང་། །རྒྱ་མཚོ་ ཆེན་པོའི་འགྲམ་དང་ནི། །གདོད་མ་གྲུབ་པའི་དུར་ཁྲོད་དང་། གང་དུ་ཡིད་ནི་དགའ་བར་རོ། །ཞེས་བྱ་བ་སྟེ། དེ་ལྟར་མིག་ལ་སོགས་པའི་ཡུལ་རྣམས་སུ་འཛིན་པ་རྣམ་པར་དཔྱོད་པའི་དུས་སུ་གལ་ཏེ་རང་བཞིན་གྱི་ཡེ་ཤེས་དེའི་ཚེ་མིག་ལ་སོགས་པའི་ཡུལ་གྱི་སྤྱོད་ཡུལ་ཀུན་ ནས་རྟེན་གྱི་གནས་འཇིག་རྟེན་གྱི་ཁམས་ཀྱི་གླིང་རྣམས་སོ། །གལ་ཏེ་ཡང་མིག་ལ་སོགས་པའི་སྐྱེ་མཆེད་རྣམས་སུ་ཀུན་ནས་འཛིན་པ་རྣམ་པར་དཔྱོད་པའི་དུས་སུ་རང་བཞིན་གྱིས་སྐྱེས་པ་དེའི་ཚེ་སྐྱེ་མཆེད་ནི་རྡོ་རྗེའི་རི་དང་མེའི་རྭ་བ་དང་རླུང་གི་ར་བ་དང་འཁོར་ལོའི་ར་བ་དང་རི་རབ་དང་རྒྱ་མཚོ་ཆེན་ པོ་དང་གཉིས་སུ་མེད་པའི་ཡེ་ཤེས་ནི་རྟེན་ཏེ་རང་བཞིན་གྱི་འཇིག་རྟེན་གྱི་ཁམས་རྣམས་སུ་ཞེས་བྱ་བ་ནི་བྱ་སྐྱིབས་སོ། །དེ་ལྟར་གལ་ཏེ་རུས་པ་ལ་སོགས་པའི་ཁམས་བདུན་རྣམས་སུ་ཀུན་ནས་འཛིན་པ་རྣམ་པར་དཔྱོད་པའི་དུས་སུ་རང་བཞིན་གྱི་ཡེ་ཤེས་པ་སྐྱེད་པ་དེའི་ཚེ་ཁམས་ཀྱི་རྣམ་པར་ཤེས་ པའི་བདག་ཉིད་ཅན་ནོ། །རྒྱ་མཚོ་ཆེན་པོའི་འགྲམ་རྣམས་ཀྱང་རྟེན་ཏེ་འཇིག་རྟེན་གྱི་ཁམས་ཀྱི་གནས་ཀྱང་ངོ་། །དེ་བཞིན་དུ་ཡང་གལ་ཏེ་ངག་དང་ལག་པ་ལ་སོགས་པ་ལས་ཀྱི་དབང་པོ་རྣམས་ཀུན་ནས་འཛིན་པ་རྣམ་པར་དཔྱོད་པའི་དུས་སུ་རང་བཞིན་རྣམ་པར་སྐྱེས་པ་དེའི་ཚེ་ དམྱལ་བ་བརྒྱད་དུར་ཁྲོད་ཆེན་པོ་རྣམས་ཀྱི་རྟེན་དང་འཇིག་རྟེན་གྱི་ཁམས་རྣམས་ཀྱིའོ། །སྐྱེ་བོ་མེད་པའི་གནས་ཞེས་བྱ་བའི་ངེས་པའོ། །ཕྱི་རོལ་དུ་ཡང་ཡི་གེའི་དོན་ནི་དུར་ཁྲོད་དུ་བྱ་དེ་ལ་ནི་ཞེས་བྱ་བ་ནི་ཐམས་ཅད་ཀྱི་ཏིང་ངེ་འཛིན་རྣམས་ཀྱི་ཀུན་ནས་འཛིན་པ་རྣམ་པར་དཔྱོད་པའི་ དུས་སུ་ངག་དང་ལག་པ་ལ་སོགས་པ་མི་སྨྲ་བའི་རྣལ་འབྱོར་གྱིས་ཡང་དག་པར་གནས་ན་སེམས་མཉམ་པར་གཞག་པ་ཡིས་ཀྱང་སྟེ་སྐྱེ་བོ་མེད་པའི་ཕྱོགས་དང་དུར་ཁྲོད་གཉིས་ཀྱི་ཚིག་གིས་སོ། །ཕྱི་རོལ་དུ་ཡང་རོ་བསྲེགས་པ་ལས་དུར་ཁྲོད་དོ། །ཞིང་སྐྱོང་རྣམས་ལ་དེར་གཏོར་ མ་ཞེས་བྱ་བ་ནི་འདིར་སྔོན་དུ་བསྐལ་པ་བསྲེགས་པའི་དུས་སུ་མུན་པ་ལ་སོགས་པ་དང་སྣ་ཚོགས་པའི་ནམ་མཁའི་གནས་རྣམས་དང་ཕྲ་མོའི་སེམས་ཅན་གྱི་ཁམས་རྣམ་པར་གནས་པའོ། །དེ་རྣམས་དེའི་ཚེ་བརྟེན་པ་ནི་ཞིང་ཅན་ཏེ། དེ་རྣམས་ལ་ཡང་གཏོར་མ་སྦྱིན་པ་ནི་ཐོག་མར་ མེ་སྐྱེའོ། །དེས་དེ་རྣམས་ཀྱི་བདུད་རྩིའི་གཟུགས་སུ་བསྐྱེད་དོ། །སྔོན་དུ་རྣལ་འབྱོར་པ་འདི་རྣམས་ཀྱི་ནི་ཏིང་ངེ་འཛིན་གྱི་དུས་སུ་མཉམ་པར་གཞག་པས་རྣམ་པར་ཤེས་པ་ལ་བརྟེན་པ་རྣམས་ཐ་མལ་པ་ལས་རང་བཞིན་སྟོང་པ་ཉིད་ཀྱི་ཡེ་ཤེས་ཀྱི་བདག་ཉིད་ཅན་དུ་དེ་རྣམས་ཀྱི་སྲོག་ མཉམ་པ་ལས་གཏོར་མ་སྟེ་ཁམས་རྣམས་རྒྱས་པ་དང་བྱང་ཆུབ་ཀྱི་སེམས་ཞུ་བ་ལས་སོ། །ཕྱི་རོལ་དུ་ཡང་སྣ་ཚོགས་པའི་ཉ་དང་ཤ་ལ་སོགས་པས་དེའི་ཚེ་སྦྱིན་པར་བྱའོ་ཞེས་བྱ་བ་ནི་ངེས་པའོ། །མཆོད་ཡོན་ལ་སོགས་དབུལ་བར་བྱ། །ཞེས་བྱ་བ་ནི་མཆོད་ཡོན་ལ་ སོགས་པ་སྟེ་ཞབས་བསིལ་དང་མེ་ཏོག་དང་བདུག་སྤོས་དང་མར་མེ་དང་དྲི་དང་དེ་བཞིན་དུ་ནི་ལྷ་བཤོས་སླར་ཡང་ངོ་། །དེ་ལྟར་རྒྱུའི་རྣལ་འབྱོར་པ་རྣམས་ཀྱི་རྣམ་པར་བསམ་པའི་མཚན་ཉིད་རྣམ་པ་བརྒྱད་རྣམས་བསྐྱེད་པར་འགྱུར་ཏེ། དེ་ཡང་ཡིད་ཆེས་བྱ་བ་ནི་མེ་ཏོག་གོ། །སྲོག་ནི་ བདུག་སྤོས་སོ། །བདེ་བ་ནི་མར་མེའོ། །དྲི་ནི་མངོན་པར་ཤེས་པའོ། །ལྷ་བཤོས་ནི་ཆོས་ཀྱི་དབྱིངས་ཀྱི་བདག་ཉིད་ཅན་ནོ། །དེ་བཞིན་དུ་མཆོད་ཡོན་ནི་འདོད་པའོ། །ཞབས་བསིལ་དང་ཞལ་བསིལ་ནི་གང་ཟག་དང་ཆོས་ཀྱི་བདག་མེད་པ་སྟེ། རྣལ་འབྱོར་པ་རྣམས་ཀྱི་ཡེ་ ཤེས་ཞེས་བྱ་བའི་དོན་ཏོ། །དེ་ལྟར་འཇིག་རྟེན་གྱི་ཁམས་ཀྱི་མེ་ཏོག་ནི་ནམ་མཁའོ། །བདུག་སྤོས་ནི་རླུང་གི་དཀྱིལ་འཁོར་རོ། །མར་མེ་ནི་མེའི་དཀྱིལ་འཁོར་རོ། །ཞབས་བསིལ་ལ་སོགས་པ་ནི་ཆུའི་དཀྱིལ་འཁོར་རོ། །དྲི་ནི་སའི་དཀྱིལ་འཁོར་རོ། །མཆོད་ཡོན་ནི་ གཏུན་ཤིང་ཙམ་གྱི་ཆར་རོ། །ལྷ་བཤོས་ནི་ཐོག་མ་ཉིད་དུ་སའི་སྟེང་གི་བདུད་རྩིའོ། །ཞལ་བསིལ་ནི་སྙིང་རྗེ་ཆེན་པོ་རྣམས་ཀྱིས་སངས་རྒྱས་ཀྱི་ཞིང་གི་འཇིག་རྟེན་གྱི་ཁམས་སུ་འཇུག་པའི་སེམས་དེ་གཞལ་མེད་ཁང་ན་སྤྱོད་པ་རྣམས་ཀྱིས་ཚངས་པ་ལ་སོགས་པ་བསྐྱེད་པ་ཡང་ངོ་། ། ཁའི་གཙང་སྦྲ་སོགས་སྔོན་ཞེས་བྱ་བ་སྟེ། སོགས་པའི་སྒྲས་སོ་ཤིང་ཀྱང་ངོ་། །སྔོན་ཞེས་བྱ་བ་ནི་ནམ་ལངས་པ་དང་ལངས་ལ་གཙང་སྦྲ་ལ་སོགས་པས་བྱའོ། །དེ་ལྟར་རྣལ་འབྱོར་པ་རྣམས་ཀྱི་སེམས་ཡེ་ཤེས་སུ་བསྐྱེད་པ་སྟེ། འདི་ལ་ཡང་དངོས་པོ་ཐམས་ཅད་རྣམ་པར་རྟོག་པ་དང་ བྲལ་བ་སེམས་ཀྱི་ཆོས་ཉིད་ནི་གཙང་སྦྲ་དག་པའོ། །འདོད་པ་ལ་སོགས་པའི་དྲི་མ་མེད་པས་ཁ་བཀྲུ་བའོ། །འདི་རྣམས་ཐམས་ཅད་དུ་བདེན་པའི་ངག་གིས་ནི་སོ་ཤིང་ངོ་། །དེ་ལྟར་འཇིག་རྟེན་གྱི་ཁམས་བསྐྱེད་པའི་རྒྱུའི་ཆོས་ཀྱི་གནས་ནི་གཙང་སྦྲའོ། །ཐམས་ཅད་ཡེ་ ཤེས་ཀྱི་རང་བཞིན་གྱི་ཁ་བཀྲུ་བའོ། །དངོས་གྲུབ་ཐམས་ཅད་ཀྱི་རང་བཞིན་ནི་སོ་ཤིང་སྟེ་སྔོན་དུའི་ཕྱིར་རོ། །སླར་ཡང་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་སྟེ། ཐང་ཀ་ལ་སོགས་པའི་སྐུ་ལ་དམིགས་ནས་ཇི་ལྟར་འཆད་པར་འབྱུང་བའི་སྒོམ་པར་བཤད་པ་དང་ལྡན་པ་སྟེ་དེའི་ ཚེ་རྣལ་འབྱོར་པ་རྣམས་ཀྱི་ཡེ་ཤེས་ཁམས་གསུམ་གྱི་དཀྱིལ་འཁོར་གྱི་འཁོར་ལོའི་རྣམ་པར་སོ་སོར་སྣང་ངོ་། །དེ་རྣམས་ཀྱིས་ཀྱང་གཞལ་མེད་ཁང་ན་སྤྱོད་པ་རྣམས་ཀྱི་དབུས་སུ་ཚངས་པའི་གཞལ་ཡས་ཁང་རྫོགས་པར་བྱེད་དེ་དེའི་རྣམ་པ་གཞལ་མེད་ཁང་ན་སྤྱོད་པ་རྣམས་ ཀྱིས་བལྟས་ནས་སླར་ཡང་སྔོན་གྱི་བག་ཆགས་ཀྱིས་ཁམས་གསུམ་པའི་རྣམ་པ་ཚངས་པ་ལ་སོགས་པའི་ལྷ་རྣམས་རྗེས་སུ་དྲན་པར་བྱས་ནས་བལྟ་སྟེ་བཅོམ་ལྡན་འདས་ཀྱི་བདག་ཉིད་ཅན་རྣམས་སོ། །ཡི་དགས་གདན་ཅན་དྲག་ཆེན་པོ། །ཞེས་བྱ་བ་ནི་ཕྱི་རོལ་དུ་རྣམ་པར་ རྟོག་པ་ཐམས་ཅད་གཞོམ་པའི་དོན་དུ་ཡི་དགས་ཏེ་རོའི་གདན་ནོ། །དུར་ཁྲོད་ཀྱི་དབུས་སུ་རྣལ་འབྱོར་པ་རྣམས་ཀྱིས་དེའི་ཡེ་ཤེས་ལས་བྱུང་བས་སྔོན་གཞལ་མེད་ཁང་ལ་ཉེ་བར་སྤྱོད་པ་ཞལ་བཞི་པ་ཚངས་པ་ཆོས་ཀྱི་དབྱིངས་ཀྱི་བདག་ཉིད་ཅན་ནི་ཡི་དགས་སོ། །གང་ཕྱིར་ ཆོས་དབྱིངས་བདག་ཉིད་ཅན། །ཞེས་བྱ་བའོ། །འགྲོ་བའི་དོན་དང་ལྡན་པ་བསྒོམ། །ཞེས་བྱ་བ་ནི་སྔོན་དུ་རྣལ་འབྱོར་པ་འདི་རྣམས་ཀྱི་སྣ་ཚོགས་པའི་བསམ་པ་སྟེ། དེའི་ཚེ་བསམ་པས་ཡེ་ཤེས་མཐའ་མེད་ཅིང་ཐུག་པ་མེད་པའི་འཇིག་རྟེན་གྱི་ཁམས་ཀྱི་ནང་རྣམས་སུ་གྲངས་མེད་ པའི་སངས་རྒྱས་རྣམས་ནམ་མཁའི་ཁོངས་སུ་རྣམ་པར་གནས་སོ། །དེ་རྣམས་ཀྱིས་འཆད་པར་འགྱུར་བའི་བསྐུལ་བས་ཚངས་པའི་ལུས་སུ་གནས་པའི་རྡོ་རྗེ་འཆང་རབ་ཏུ་སད་པར་བྱེད་དོ། །ཕྱིས་རབ་ཏུ་སད་པས་ཏིང་ངེ་འཛིན་དམིགས་པར་བྱའོ་ཞེས་བྱ་སྟེ། སྔོན་དུ་འགྲོ་བ་ འདི་རྣམས་ཐམས་ཅད་ཀྱི་དོན་གྱི་རྒྱུར་རྣལ་འབྱོར་པ་རྣམས་ཀྱི་ཏིང་ངེ་འཛིན་ལ་དམིགས་པ་དེ་རྣམས་ཀྱིས་ཏེ། ཙའི་ཡི་གེས་སྔོན་སྣ་ཚོགས་པའི་སངས་རྒྱས་ཀྱི་ཞིང་རྣམས་སུ་ཉེ་བར་སྤྱད་པ་ལས་དེའི་རྣམ་པའོ། །ཀུན་ནས་ཀུན་དུ་སྐད་ཅིག་གིས། །ཞེས་བྱ་བ་ནི་དང་པོ་སྦྱོར་ བ་དང་དཀྱིལ་འཁོར་རྒྱལ་པོ་མཆོག་དང་ལས་རྒྱལ་པོ་མཆོག་དང་ཐིག་ལེའི་རྣལ་འབྱོར་དང་ཕྲ་མོའི་རྣལ་འབྱོར་ཐམས་ཅད་རྫོགས་པར་བྱ་བའོ། །ཀུན་ཞེས་བྱ་བ་ནི་ཐིག་ལེ་བཞིའི་རང་བཞིན་གྱི་དོན་ཏེ། དེ་ལྟར་ཡང་ཐིག་ལེ་བཞི་གསུངས་པ། ཤྲཱི་ཡིག་ཅེས་བྱ་བ་ལ་ སོགས་པས་ཏེ། འབྱུང་བ་ཀུན་གྱི་དོན་ཞེས་བྱ་བ་ནི་ཕྱི་རོལ་དུ་ས་ལ་སོགས་པ་དཀྱིལ་འཁོར་འབྱུང་བའི་དོན་དང་ཁམས་གསུམ་མོ། །ནང་གི་བདག་ཉིད་ཅེས་བྱ་བ་ནི་ས་ལ་སོགས་པའི་ཁམས་ཀྱི་རང་བཞིན་གྱི་ལུས་ཀྱང་ངོ་། །དེ་འདོད་པ་ཞེས་བྱ་བ་སྟེ། འདི་གཉིས་ཀུན་རྫོབ་ཀྱི་གཟུགས་ ཅན་ཞེས་བྱ་བར་འདོད་པའོ། །འཇུག་པ་མེད་པ་ནི་དོན་དམ་པའོ། །ཙའི་ཡི་གེས་འདོད་པ་ཞེས་བྱ་བ་སྟེ། དེ་ཡང་བདེ་བའི་མཐའ་ཅན་གང་། །ཞེས་བྱ་བ་ནི་ལྷན་ཅིག་སྐྱེས་པའི་དགའ་བའི་མཐར་ལྷུང་བ་མེད་པ་བྲལ་བ་ཇི་སྲིད་པ་སྟེ་བར་མའི་བདེ་བ་བརྗོད་དུ་མེད་པའོ། །འདི་ལ་ སོགས་པ་ཞེས་བྱ་བ་ནི་མཐའ་མེད་ཅིང་ཐུག་པ་མེད་པའི་ཆོས་དང་ཆོས་ཉིད་མཚན་ཉིད་ཀྱིས་གསུངས་པ་སྟེ། བཅོམ་ལྡན་འདས་ཀྱིས་ཐབས་དང་ཤེས་རབ་ཀྱི་བདག་ཉིད་ཅན་གྱི་ཆོས་ཀྱིས་ཀྱང་ངོ་། །དེ་ཐམས་ཅད་གཉིས་སུ་མེད་པས་ཀྱང་ཤྲཱིའི་ཡི་གེ་ཉེ་བར་བསྟན་པས་སོ། །དེ་བརྗོད་པ་ ཞེས་བྱ་བ་ནི་ཡི་གེའི་རྣམ་པ་སྣ་ཚོགས་པ་བརྗོད་པའི་པོ་ཏིར་བཤད་པ་སྟེ་ཡོངས་སུ་བཞག་པ་ཞེས་བྱ་བའོ། །ཐིག་ལེ་དང་པོ་སྟེ་འདིས་དང་པོའི་སྦྱོར་བ་ཐམས་ཅད་ཐོས་པ་དང་བསམ་པ་ལ་སོགས་པ་སྔོན་དུ་རྗེས་སུ་དྲན་པའི་ཚོགས་གསུངས་པའོ། །དེ་ལྟར་ཐིག་ལེ་གཉིས་ པ་དང་པོའི་སྦྱོར་བ་དེ་ཉིད་ཀྱི་ཚོགས་གསུངས་པ། ཧེ་ཡིག་ཅེས་བྱ་བ་ལ་སོགས་པ་སྟེ་སྙིང་ག་ནས་ཀུན་དུ་ཞེས་བྱ་བ་ནི་ཐོས་པ་དང་བསམ་པའི་དུས་སུ་ཡང་མི་འདོད་པ་མ་ཡིན་ཏེ་ཡེ་ཤེས་ལོངས་སྤྱོད་རྫོགས་པའི་བདག་ཉིད་ཅན་སྙིང་ག་ནས་རང་གི་སེམས་མི་གཏོང་བའོ། ། དེ་ཡང་ཧེ་རུ་ཀ་ལ་སོགས། །ཞེས་བྱ་བ་ནི་སྣ་ཚོགས་པའི་དཀྱིལ་འཁོར་གྱི་འཁོར་ལོའི་བདག་ཉིད་ཅན་ནོ། །རང་གི་འཁོར་ལོར་སོན་ཞེས་བྱ་བ་ནི་ལོངས་སྤྱོད་རྫོགས་པའི་བདག་ཉིད་ཀྱི་འཁོར་ལོ་སྟེ་ནམ་མཁའ་ལ་གནས་པའི་ཧེ་རུ་ཀ་ལ་སོགས་པ་སྣ་ཚོགས་པའི་རྡོ་རྗེ་འཆང་ གི་གཟུགས་དེ་རྣམས་ཀྱི་ནང་དུ་འདི་གཞག་པ་སྟེ་སྐྱེད་པ་པོ་ཞེས་བྱ་བའོ། །སྟོང་པའི་བདག་ཉིད་ཅན་ཡང་ཞེས་བྱ་བ་ནི་འཛིན་པ་པོ་ལ་སོགས་པའི་དཀྱིལ་འཁོར་གྱི་འཁོར་ལོ་རྒྱུས་སྟོང་པའོ། །དེའི་ཕྱིར་རྒྱུ་མེད་པ་ལ་སོགས་པ་ཉིད་ཀྱིས་བརྟགས་པའོ། །སྟོང་པའི་རྒྱུ་ཐམས་ཅད་ཀྱིས་ མི་འདོད་པའི་རྒྱུ་ཞེས་བྱ་བའི་དོན་ཏོ། །དེ་རྣམས་ཀྱིས་ཀྱང་རང་བཞིན་ཆོས་བདག་མེད་པ་སྟེ་ཞེས་བྱ་བ་ནི་ཆོས་ཐམས་ཅད་ཀྱི་བདག་ཉིད་ཆོས་ཀྱི་སྐུའི་མཚན་ཉིད་ལོངས་སྤྱོད་རྫོགས་པའི་སྐུའོ། །རྣལ་འབྱོར་རྣམས་ཀྱི་སྦྱོར་གནས་པ། །ཞེས་བྱ་བ་སྟེ་དེ་སྟོང་པ་ཞེས་བྱ་བར་འབྲེལ་ ལོ། །འདི་ནི་ཐིག་ལེ་གཉིས་པ་སྟེ་ཚོགས་པ་གཉིས་པའོ། །དེ་བཞིན་དུ་གསུམ་པའི་ཐིག་ལེ་གསུམ་ལ་སོགས་པ་དང་པོ་སྦྱོར་བའི་ཡོངས་སུ་བྱེད་པ་གསུངས་པ། བཀོད་པ་ཞེས་བྱ་བ་ལ་སོགས་པ་སྟེ་ཐོས་པ་དང་བསམ་པ་ལ་སོགས་པའི་དུས་སུ་དོན་གང་ཡོངས་སུ་རྟོགས་ པར་བྱེད་དེ། དེ་ཉིད་གང་ཟག་གི་བདག་མེད་པ་སྤྲུལ་པ་ཅན་གྱི་སྐུའོ། །སྣ་ཚོགས་པའི་ཆོས་འཆད་པ་ལ་སོགས་པའི་རྟོག་པའི་དྲ་བ་རྣམ་པར་སྤྲོའོ། །མི་འདོད་མིན་པས་ཆེན་པོ་ཞེས་བྱ་བ་ནི་མཁས་པ་རྣམས་ཀྱི་ངེས་པའོ། །དེ་རྣམས་ཀྱིས་ཀྱང་རུའི་ཡི་གེའི་དོན་གྱིས་གསུངས་པ་སྟེ། དེའི་དོན་གསུངས་པ། རུ་ཡིག་རྐྱེན་གྱི་བདག་ཉིད་དེ། །ཞེས་བྱ་བ་ནི། རུ་ཡིག་བཀོད་པ་དང་བྲལ་བ། །ཞེས་བྱ་བ་སྟེ། ལུང་གི་ནང་དུ་གསུངས་པས་དེའི་རྐྱེན་གྱིས་ལོངས་སྤྱོད་རྫོགས་པ་དང་ཆོས་དང་སྤྲུལ་པའི་སྐུ་ལ་དེའི་བཀོད་པ་དང་བྲལ་བ་ཞེས་བྱ་བ་ནི་ཀུན་རྫོབ་ཀྱི་བདེན་པའི་ རྣམ་པར་རྟོག་པ་ལས་རིང་དུ་བྱས་པས་ཡིད་ལ་འདོད་པས་བྱུང་བ་རྣམས་ཀྱི་རྣམ་པར་རྟོག་པ་ཙམ་ཀྱང་མེད་པ་སྟེ། བདག་གིས་ཞེས་བྱ་བ་ནི་དེ་དང་འདྲ་བའི་སྟེ་ཤཱཀྱ་ཐུབ་པ་ལ་སོགས་པ་རྣམས་ཀྱི་ཆོས་དང་ལོངས་སྤྱོད་རྫོགས་པ་དང་སྤྲུལ་པའི་བདག་ཉིད་ཅན་རྣམས་ཀྱི་སངས་ རྒྱས་རྣམས་ཀྱང་ངོ་། །དེའི་ཕྱིར་རྣམ་པར་མི་རྟོག་པའི་ཡེ་ཤེས་དེ་སངས་རྒྱས་ཀྱི་ཟག་པ་མེད་པ་ཉོན་མོངས་པ་མེད་པ་ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་མཚན་ཉིད་དོ། །དེ་ལྟ་བུའི་རྐྱེན་གྱི་ཡི་གེའོ། །སངས་རྒྱས་ཀྱི་ཀུན་རྫོབ་ཀྱི་ཡི་གེ་རྣམས་སུ་ཡེ་ཤེས་མ་ཡིན་ཏེ་ སངས་རྒྱས་ཀྱི་མིང་དངོས་པོའི་འདུ་ཤེས་བདག་གི་འདུ་ཤེས་ཞེས་བྱ་བ་ཅུང་ཟད་ཡོད་པ་མ་ཡིན་ནོ་ཞེས་བྱ་བའོ། །ཐིག་ལེ་གསུམ་པ་དང་ཡོངས་སུ་བཅད་པ་གསུམ་པའོ། །ཐིག་ལེ་བཞི་པ་དང་རྣལ་འབྱོར་ཆེན་པོའི་ཡོངས་སུ་བྱེད་པ་གསུངས་པ། ཀ་སླར་ཞེས་བྱ་བ་ ལ་སོགས་པ་སྟེ། འདིར་སྔོན་དུ་འདི་རྣམས་རྣལ་འབྱོར་པ་འདི་རྣམས་ཀྱིས་ཐོས་པ་དང་བསམ་པ་ལ་སོགས་པའི་དུས་སུ་ཆོས་བདག་མེད་པའི་མཚན་ཉིད་དུ་ཐམས་ཅད་འགྲོ་སྟེ། དེ་ལྟར་རང་ཉིད་ཆོས་ཀྱི་སྐུའོ། །ཆོས་ཐམས་ཅད་ཀྱི་རང་བཞིན་གྱི་མཚན་ཉིད་ཀྱི་ཕྱིར་མ་ལུས་པ་རྩོད་ པ་མེད་པ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རིགས་སོ། །ཅི་སླར་ཡང་གཞན་ཡོད་པ་བདག་གིས་འདི་ལྟ་བུའི་ཡེ་ཤེས་རྣམས་ཀྱིས་གཉིས་སུ་མེད་པ་རྣམས་སུ་གང་གཞན་གྱི་རིགས་པ་མ་མཐོང་སྟེ། གང་གི་ཕྱིར་དེའི་ཚེ་རྩའི་ཡི་གེ་གཉིས་སུ་མེད་པའི་ཡེ་ ཤེས་རང་ཉིད་སངས་རྒྱས་ཀྱང་གང་ན་ཡང་ཅུང་ཟད་གནས་པ་མེད་ཅེས་བྱ་སྟེ་ཆོས་ཀྱི་སྐུ་སྤངས་པའམ་གཞན་གྱི་རིགས་ལ་ཐིམ་པ་སྟེ། དབང་ཕྱུག་གི་ལྟ་བར་རིགས་དང་རིགས་ལས་བྱུང་བ་བརྗོད་པ་དང་སྐྱེ་བ་དང་པོར་གནས་སོ། །དེའི་ཕྱིར་གང་གི་ཚེ་དེ་རྣམས་ཀྱི་ རིགས་པ་མ་ཡིན་ཏེ་ལུས་ནི་རིགས་ཡིན་ལ་ཡེ་ཤེས་ནི་རིགས་ལས་བྱུང་ཞེས་ཏེ་རིགས་རྣམས་ལ་བརྟེན་པས་ནི་རིགས་ལས་བྱུང་བའོ། །དེ་ཉིད་རིགས་དང་རིགས་ཅན་ཞེས་བྱ་བའི་དོན་ཏོ། །དེ་ལྟར་གཉིས་པོ་དག་མེད་པར་གྲུབ་སྟེ་གང་གི་ཚེ་ཡང་རྒྱུ་དང་འབྲས་བུའི་ངེས་ པར་དཔྱད་པ་མེད་དོ། །འབྲས་བུའི་དངོས་པོ་ལ་རྒྱུ་ཡོད་ན་སཱ་ལུ་ལ་སོགས་པའི་ས་བོན་ཀྱང་ངོ་། །དེ་ལྟར་གལ་ཏེ་རྒྱུ་མེད་ན་འབྲས་བུ་ཇི་ལྟར་ཞེ་ན། དེ་ལ་སོགས་པས་རྒྱུའི་དངོས་པོ་ལ་རྣམ་པར་དཔྱོད་པ་མེད་དོ། །གལ་ཏེ་ཡང་རིགས་ལས་བྱུང་བ་ལ་རིགས་ལ་བརྟེན་པ་དེའི་ ཚེ་ཇི་ལྟར་བཤད་པ་བཞིན་ནོ། །དེ་ལྟར་གང་གི་ཕྱིར་ཀའི་ཡི་གེས་གསུངས་པ་སྟེ། སངས་རྒྱས་དང་སངས་རྒྱས་ཀྱི་ཡེ་ཤེས་ཀྱང་གང་ན་ཡང་གནས་པ་མེད་དོ། །དེ་ཇི་ལྟར་བྱང་ཆུབ་ཅེ་ན། ཐམས་ཅད་མི་བདེན་པའི་སྐུ་ཐམས་ཅད་ཀྱི་མཚན་ཉིད་ཀྱི་ཕྱིར་བྱང་ཆུབ་ཅེས་བྱའོ། ། དེ་ཡང་བསྒོམ་པ་དང་ཡིད་ཀྱིས་གཟུང་བའི་དངོས་པོ་ཡང་མི་བདེན་པའོ། །དེའི་དངོས་པོ་ཡང་སྟོང་པ་སྟེ་གོང་བུ་རྡུལ་ཕྲ་རབ་ཀྱི་དབྱེ་བས་རྣམ་པར་དཔྱད་པར་གྱུར་པས་བུམ་པ་དང་སྣམ་བུ་ལ་སོགས་པ་ཆོས་ཀྱི་སྐུའི་གཟུགས་སོ། །དེ་ཡང་བསྟན་པའི་རབ་ཏུ་བཅིངས་པས་ཆོས་ཀྱི་ སྐུ་མངོན་པར་བརྗོད་པའི་འདུ་ཤེས་ཙམ་མོ། །དངོས་མེད་མངོན་སུམ་སྟོང་པ་ཉིད། །ཅེས་བྱ་བ་ནི་འདི་ནི་སྒྱུ་མ་དང་རྨི་ལམ་དང་དབང་པོའི་དྲ་བའི་རང་བཞིན་ཁམས་གསུམ་གྱི་དངོས་པོ་རབ་ཏུ་གསལ་བ་ཙམ་སྟོང་པ་མ་ཡིན་པ་གཟུང་བ་མེད་པས་དངོས་པོ་ཙམ་གྱི་རང་ བཞིན་ཅན་ནོ། །གང་གི་ཕྱིར་མི་འདོད་པ་མ་ཡིན་ན་ཐོག་མ་མེད་པའི་དུས་ཀྱི་རྣལ་འབྱོར་པ་རྣམས་ཀྱིས་ཡེ་ཤེས་ཀྱིས་བསྐྱེད་པའི་དངོས་པོ་ཐམས་ཅད་དོ། །འདི་ཡིས་དཔལ་ཧེ་རུ་ཀའི་གོ་འཕང་ཞེས་བྱ་བ་ནི་སྔོན་དུ་བཤད་པའི་ཐིག་ལེ་བཞིའི་ཡོངས་སུ་འཛིན་པ་པོའི་གནས་ ཀྱི་ངེས་པས་སོ། །འདི་རྣམས་ཀྱི་རྒྱུ་གསུངས་པ་ལྷ་མོ་བསྒོམ་པ་ཐམས་ཅད་སྔོན་དུ་སོང་བས་ཞེས་བྱ་བ་སྟེ། རྡོ་རྗེ་ཕག་མོ་ལ་སོགས་པ་བསྒོམ་པ་བྱས་པས་དེ་ཐམས་ཅད་དུ་འགྲོ་བ་སྟེ་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་རབ་ཏུ་འཇུག་པ་སྔོན་དུ་སྟེ་ཐོག་མར་བསྐྱེད་པའོ། ། འདི་ནི་ཐིག་ལེ་དང་ཚོགས་བྱེད་པ་བཞི་པའོ། །དེ་ལྟར་རབ་ཏུ་རྒྱས་པ་ཡོད་པས་ཚངས་པ་རྡོ་རྗེ་འཆང་སྐད་ཅིག་གིས་ཐམས་ཅད་སྔོན་བསྒོམས་པའི་བག་ཆགས་ཀྱིས་གསལ་བར་བྱས་པ་ཐིག་ལེ་བཞིའི་རང་བཞིན་དྲན་པས་མཐོང་བའོ། །དེ་ལྟར་བསྒོམ་པའི་ནང་དུ་ ཐིག་ལེ་བཞི་སྔོན་དུ་རྒྱུ་ཉིད་ཀྱི་ཕྱིར་རོ། །དེ་ལྟར་ཐིག་ལེ་བཞིའི་ནང་དུ་བསྒོམ་པའོ། །དེའི་ཕྱིར་ཐིག་ལེ་བཞིའོ། །གང་གི་ཕྱིར་དེ་དྲན་པས་བསྒོམ་པའི་ཕྱིར་རོ། །དེ་ལྟར་དེའི་བསྒོམ་པ་ལ་སོགས་པའི་རྣལ་འབྱོར་གསུངས་པ། སྙིང་གའི་ཞེས་བྱ་བ་ལ་སོགས་པ་སྟེ། རྣལ་ འབྱོར་པ་རྣམས་ཀྱིས་སྙིང་གིས་ཏེ་རྣལ་འབྱོར་པ་རྣམས་ཀྱིས་སྙིང་གར་ཉི་མ་དང་ཆུ་སྐྱེས་ཀྱི་དབུས་སུ་བསྒོམ་པར་བྱའོ། །ཡེ་ཤེས་ཀྱི་ས་བོན་ཞེས་བྱ་བ་ནི་ཧཱུཾ་གི་ཡི་གེའོ། །རང་བྱུང་ལ་སོགས་ཞེས་བྱ་བ་ནི་ཇི་ལྟར་འགའ་ཞིག་ཏུ་ཡང་རབ་ཏུ་འབར་བར་སོང་བ་ཡོད་པ་ ནི་སྡོང་བུ་དང་མེ་ཙམ་གྱིས་སླར་ཡང་འབར་རོ། །དེ་བཞིན་དུ་དགའ་བ་དང་བཅས་པའི་སེམས་ཀྱི་བདེ་བ་ཙམ་གང་ཡིན་པ་དེ་སེམས་ཀྱི་ས་བོན་ཏེ་ཡེ་ཤེས་ཀྱི་རྣམ་པ་ལས་བྱུང་བས་རང་བྱུང་ཞེས་བྱ་བ་སྟེ་ཐིག་ལེ་བཞི་བསྡུས་པ་དེའི་གཟུགས་ཞེས་བྱ་བའི་དོན་ཏོ། །དེ་ལྟར་ཚངས་པ་ རྡོ་རྗེ་འཆང་གི་རང་གི་སེམས་ཡེ་ཤེས་དང་ཤེས་བྱའི་གཟུགས་སུ་ཞུགས་པ་སྟེ། སྔོན་གྱི་རྣལ་འབྱོར་པ་རྣམས་ཀྱི་ཡེ་ཤེས་སུ་ཡང་ངོ་། །སླར་ཡང་རྣལ་འབྱོར་པ་རྣམས་ཀྱིས་ས་བོན་དེའི་འོད་ཟེར་རྣམས་འཕྲོ་བ་སྤྲོ་བ་སྟེ། སྣ་ཚོགས་པའི་ཁ་དོག་ནི་ཁ་དོག་ལྔ་ལ་སོགས་པ་རྣམས་ཀྱིས་ནམ་ མཁའ་གང་བར་བགྱིས་པ་སྟེ་ཁྱབ་བྱའི་གཟུགས་སུའོ། །དེ་རྣམས་ཀྱིས་ཡང་ཡེ་ཤེས་མཁའ་འགྲོ་མའི་གཟུགས་ཞེས་བྱ་བ་ནི་རྡོ་རྗེ་ཕག་མོ་ལ་སོགས་པའི་དྲ་བ་སྤྱན་དྲངས་ཏེ། ལྷ་ཞེས་བྱ་བ་ནི་ཧེ་རུ་ཀ་ལ་སོགས་པ་རྣམས་ཀྱི་རྗེས་སུ་དཔའ་བོ་ཡང་སྤྱན་དྲང་བ་ཉིད་དོ། །ནམ་མཁའ་ཞེས་ བྱ་བ་ནི་མཆོད་པ་བྱས་པའི་དེ་མ་ཐག་ཏུ་དེ་དེ་བཞིན་དུ་བཤད་དོ། །བདུད་རྩི་རྣམས་ཀྱིས་ཞེས་བྱ་བ་ནི་བི་མུ་ཤུ་ར་མ་ཞེས་བྱ་བའོ། །དེ་ཡང་ཟླ་བ་དང་ཉི་མ་ཤར་བ་ལས་སྐྱེས་པའི་བདག་ཉིད་ཅེས་བྱ་བ་ནི་སྲོག་དང་ཐུར་སེལ་རྣམ་པར་བཟུང་བས་ཁམས་ཐམས་ཅད་ཞུ་བ་རྣམས་ཀྱི་རྣལ་ འབྱོར་མའི་ཚོགས་ལ་མཆོད་པར་བྱའོ། །སྡིག་པ་བཤགས་པ་སོགས་ཞེས་བྱ་བ་ནི་བླ་ན་མེད་པའི་མཆོད་པ་རྣམ་པ་བདུན་རྣམས་ཀྱིས་མཆོད་པའོ། །དེ་ཡང་སྡིག་པ་བཤགས་པ་དང་མི་བྱེད་པའི་སྡོམ་པ་དང་། བསོད་ནམས་ལ་རྗེས་སུ་ཡི་རང་བ་དང་། ཡོངས་སུ་བསྔོ་བ་དང་། གསུམ་ལ་སྐྱབས་སུ་འགྲོ་བ་དང་། བྱང་ཆུབ་ཀྱི་སེམས་བསྐྱེད་པ་དང་། ལམ་ལ་བརྟེན་པའོ། །སླར་ཡང་སྙིང་རྗེ་ལ་སོགས་པ་ནི་བྱམས་པ་དང་དགའ་བ་དང་བཏང་སྙོམས་རྗེས་སུ་དྲན་པར་བྱའོ། །སྟོང་ཉིད་རང་བཞིན་བདག་ཉིད་ཀྱང་། །ཞེས་བྱ་བ་ནི། ཨོཾ་སརྦ་དྷརྨཱཿཤཱུ་ནྱ་ཏཱ་སྭ་བྷཱ་བ་ཤཱུ་ནྱོ྅ཧཾ། ཨོཾ་སརྦ་དྷརྨཱཿསྭ་བྷཱ་བ་ཤུདྡྷོ྅ཧཾ། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། ཞེས་བྱ་བ་བསྒོམ་པར་བྱའོ། །དེ་བཞིན་དུ་ཨོཾ་ཡོ་ག་ཤུདྡྷཿསརྦ་དྷརྨཱ་ཡོ་ག་ཤུདྡྷོ྅ཧཾ། ཞེས་བྱ་བའོ། །དེའི་རྗེས་སུ་ས་བོན་ལྔ། །ཞེས་བྱ་བ་ནི་ཡཾ་རཾ་བཾ་ལཾ་སུཾ་ཕྱི་རོལ་ལ་སོགས་པར་ཡོངས་སུ་བསྐོར་ནས་ཟླུམ་པོར་ ཏེ་རླུང་དང་མེ་དང་ཆུ་དང་དབང་ཆེན་གྱི་དཀྱིལ་འཁོར་རྣམས་དང་རི་རབ་ཀྱི་དབུས་སུ་དེ་ཡང་བལྟ་བར་བྱའོ། །དེ་ལྟར་དེའི་རང་བཞིན་གྱི་ཁང་པ་བརྩེགས་པ་སྤྲུལ་པར་བྱ་ཞེས་བྱ་བ་ནི་གཉིས་པ་ཁང་པ་བརྩེགས་པ་སྟེ་དེས་ཏུའི་ཡི་གེ་ནི་ངེས་པར་གཟུང་བའོ། །གཅིག་ཅེས་བྱ་བ་ནི་ གསལ་བས་རི་རབ་ཀྱི་སྟེང་ལས་སྤྲོས་པས་སའི་མཐིལ་དང་དབྱིབས་ཀྱི་བདག་ཉིད་ཅན་ནོ། །དེ་ལྟར་ཚངས་པའི་གཟུགས་ཀྱིས་རྡོ་རྗེ་འཆང་གི་ལས་ཀྱི་རང་བཞིན་དུ་གསུངས་པ། འོད་ཟེར་སྤྲོ་བའི་ཕྱིར་གཞལ་མེད་ཁང་ན་སྤྱོད་པ་རྣམས་ཀྱི་སེམས་རྣམས་ལ་རབ་ཏུ་འཇུག་པར་འགྱུར་རོ། ། དེ་རྣམས་ཀྱི་ཡེ་ཤེས་བཀུག་ནས་དེའི་ཚེ་བར་སྣང་ལ་སྔོན་གྱི་སངས་རྒྱས་རྣམས་ཀྱི་ཡེ་ཤེས་སྤྲོ་བའི་སྦྱོར་བས་ཡེ་ཤེས་ཀྱི་མཁའ་འགྲོ་མ་ལ་སོགས་པའི་གཟུགས་ཀྱིས་ཏེ་མཐའ་མེད་པའི་དཔའ་བོ་དང་རྣལ་འབྱོར་མ་བཞུགས་པའི་ཡེ་ཤེས་ཀྱང་སྟེ། དེ་རྣམས་ལན་ཅིག་ཏུ་བྱས་ནས་དབང་ དུ་བྱ་བ་དང་བཀུག་པར་འགྱུར་རོ། །གཞལ་མེད་ཁང་ན་སྤྱོད་པ་རྣམས་ཀྱིས་འདི་སེམས་བསྐྱེད་པར་འགྱུར་ཏེ། ཚངས་པ་གཅིག་པུ་གཞལ་ཡས་ཁང་གི་སྟེང་ན་གནས་པ་བལྟས་ནས། དེས་འདིའི་སྐད་ཅིག་ལ་རང་ཉིད་མྱ་ངན་ལས་འདའ་སྟེ་དེ་ལ་གནས་པར་མི་འགྱུར་རོ། །ནམ་ མཁའི་ཁོངས་ཡོངས་སུ་བཀང་ནས་དེའི་དབུས་སུ་གནས་པ་ཡོད་པ་ན་རང་གི་སྣང་བས་ཡེ་ཤེས་དང་ཤེས་བྱ་གཉིས་ཀྱིས་འགྲོ་བའི་བདག་པོའི་གཟུགས་རང་བདག་གིས་མཐོང་ངོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་བདུད་རྩི་ལ་སོགས་པ་ལྔ་རྣམས་ཀྱིས་དང་དེ་བཞིན་དུ་སྡིག་པ་ བཤགས་པ་ལ་སོགས་པ་བདུན་རྣམས་ཀྱིས་དང་། སྙིང་རྗེ་ལ་སོགས་པ་བཞི་རྣམས་ཀྱིས་དང་དེ་བཞིན་དུ་སྟོང་པ་ཉིད་ལ་སོགས་པའི་སྔགས་བཞི་རྣམས་ཀྱིས་དང་ས་བོན་ལྔ་རྣམས་ཀྱིས་ཀྱང་དེ་ཁོ་ན་ཉིད་ཉི་ཤུ་རྩ་ལྔའི་རྒྱུའོ། །དེ་ཡང་ལཱ་མའི་མཚན་ཉིད་ཀྱི་ལེའུར་གསུངས་ ཏེ་རང་བཞིན་གྱི་སྐྱེས་བུ་ལ་སོགས་པ་ནས་སྟོང་པ་ཉིད་ཀྱི་མཐར་ཐུག་པའི་འཇིག་རྟེན་གྱི་ཁམས་ཀྱི་གནས་ལུགས་སུ་འགྱུར་རོ། །དེ་ལྟར་རྒྱུའི་རྡོ་རྗེ་འཆང་ཞེས་བྱ་བ་ལ་སོགས་པ་དང་གཡོན་དང་གཡས་པའི་ཞེས་བྱ་བའི་བར་དུ་བསྒོམ་པ་ལ་སྔོན་དུ་བཤད་པའི་བར་སྣང་ལ་ གནས་པའི་ཚངས་པ་ལ་སོགས་པ་དང་བཅས་པ་གཞལ་ཡས་ཁང་རྣམས་སུ་གཟུགས་བརྙན་ཡེ་ཤེས་ཀྱི་གཟུགས་ཚངས་པ་ལ་སོགས་པར་སོན་པ་རྣམས་དེའི་ཚེ་ནམ་མཁའི་མཚན་ཉིད་ཀྱི་རང་བཞིན་དུ་འགྱུར་རོ་ཞེས་བྱ་བ་ནི་ཡེ་ཤེས་ཀྱི་རང་བཞིན་སྤངས་པའོ། །དེ་ལྟར་ རྡོ་རྗེ་འཆང་གི་མདོག་དང་མཚོན་ཆ་དེ་བཞིན་དུ་བཤད་པར་འགྱུར་རོ། །དེ་ལྟར་འདབ་མ་བཞི་བཅུ་རྩ་བརྒྱད་ཅེས་བྱ་བ་ལ་སོགས་པ་ནས་བསྒོམ་པའི་ཉི་མ་ཅན་ཞེས་བྱ་བའི་བར་དེས་འདི་སྐད་བཤད་དེ། པདྨ་དང་རི་རབ་ཀྱི་སྟེང་གི་ཆ་འཁོར་ལོ་བཅུ་གཉིས་རྣམས་སུ་དེ་བཞིན་དུ་རྡོ་རྗེ་ཕག་མོའི་ འཁྲུལ་འཁོར་གྱི་འཁོར་ལོ་རིམ་པ་ཇི་ལྟ་བུ་རྣམས་སུ་གནས་ཉི་ཤུ་རྩ་ལྔ་རྣམས་གསུངས་པ། འཁོར་ལོའི་རྭ་བར་ནི་བཅོམ་ལྡན་འདས་ཀྱི་འཁོར་ལོའོ། །གཉའ་ཤིང་འཛིན་དང་པདྨར་ནི་ཕག་མོའོ། །ཟླ་བའི་གླིང་དུ་ནི་བཅོམ་ལྡན་འདས་སོ། །སྦྲང་རྩིའི་རྒྱ་མཚོར་ཕག་མོའོ། ། གཤོལ་མདའ་འཛིན་དང་དཀར་པོའི་གླིང་དུ་བཅོམ་ལྡན་འདས་སོ། །མར་གྱི་རྒྱ་མཚོ་དང་སེང་ལྡེང་ཅན་གྱི་རིར་ཕག་མོའོ། །ཀུ་ཤའི་གླིང་དུ་བཅོམ་ལྡན་འདས་སོ། །ཞོའི་རྒྱ་མཚོ་དང་བལྟ་ན་སྡུག་གི་རིར་ཕག་མོའོ། །མིའམ་ཅིའི་གླིང་དུ་བཅོམ་ལྡན་འདས་སོ། །འོ་མའི་རྒྱ་མཚོ་དང་རྟ་རྣ་ ཅན་གྱི་རིར་ཕག་མོའོ། །ཀྲུང་ཀྲུང་གི་གླིང་དུ་བཅོམ་ལྡན་འདས་སོ། །ཆུའི་རྒྱ་མཚོ་དང་དུལ་བའི་རིར་ཕག་མོའོ། །དྲག་པོའི་གླིང་དུ་བཅོམ་ལྡན་འདས་སོ། །ཆང་གི་རྒྱ་མཚོ་དང་གངས་ཅན་གྱི་རིར་ཕག་མོའོ། །འཛམ་བུའི་གླིང་དུ་བཅོམ་ལྡན་འདས་ཏེ་དེ་བཞིན་དུ་བ་ཚྭ་ཅན་དང་ ཞོ་དང་མེ་དང་རླུང་དང་ནམ་མཁས་བསྐོར་བ་རྣམས་སུ་བཅོམ་ལྡན་འདས་སོ། །ཕྱིའི་དཀྱིལ་འཁོར་གྱི་ཀུན་ནས་འཁོར་ལོའི་རྭ་བ་དང་རྡོ་རྗེའི་རིའི་ཞེས་བྱ་བ་ནི་ངེས་པའོ། །དེ་ལྟར་དཔལ་ཧེ་རུ་ཀ་དང་རྡོ་རྗེ་ཕག་མོའི་འཁོར་ལོ་ཉི་ཤུ་རྩ་བཞི་ཤེས་རབ་དང་ཐབས་ཀྱི་བདག་ཉིད་སྙིང་རྗེ་དང་སྟོང་པ་ ཉིད་ཀྱི་རང་བཞིན་དང་ཡེ་ཤེས་དང་ཤེས་བྱར་ཤེས་པར་བྱའོ། །དེ་ལྟར་འཁོར་ལོའི་རྭ་བ་ལ་སོགས་པ་གནས་ཉི་ཤུ་རྩ་དྲུག་རྣམས་ཀྱང་ངོ་། །དེ་ལྟར་གྲི་གུག་ཅེས་བྱ་བ་ལ་སོགས་པས་རི་ལ་སོགས་པ་འདི་རྣམས་ཐམས་ཅད་ཀྱི་བར་མཚམས་རྣམས་སུ་ཤེས་པར་བྱ་སྟེ། ལྷག་ མ་རྣམས་ལ་རི་མོ་ལྔ་ལྔ་ལ་སོགས་པ་བྱའོ། །ཡང་ན་གྲི་གུག་ཅེས་བྱ་བ་ལ་སོགས་པས་ཞགས་པ་དང་ལྕགས་ཀྱུ་སྤངས་ལ་གནས་བཅུ་གཅིག་སྟེ་འདོད་པའི་ཁམས་འཆད་པའོ། །དེ་བཞིན་དུ་སྒོ་བཅུ་དྲུག་རྣམས་ཀྱིས་ཀྱང་གཟུགས་ཀྱི་ཁམས་འཆད་དོ། །དེ་བཞིན་དུ་རྒྱུའི་རྡོ་རྗེ་ འཆང་གིས་གཉིས་གསུམ་བཞི་དང་རི་མོ་ལྔ་རྣམས་ཀྱིས་གཟུགས་མེད་པའི་ཁམས་ཡེ་ཤེས་ལྔའི་རྣམ་པས་བཤད་པའོ། །དེ་ལྟར་ཡང་རྣལ་འབྱོར་པ་རྣམས་ཀྱིས་བསྒོམ་པའི་དུས་རྣམས་སུ་ཡོངས་སུ་གྱུར་ཞེས་བྱ་བ་ལ་སོགས་པས་རྒྱུའི་རྡོ་རྗེ་འཆང་རང་དང་འདྲ་བའི་ཤེས་རབ་དང་ ཐབས་ཀྱི་ལྷན་ཅིག་ཏུ་ཞུ་བར་གྱུར་ནས་ས་བོན་དུ་གྱུར་པའི་གནས་སྐབས་སུ་གྱུར་ཏོ། །དེས་དེ་ལྟར་རྫོགས་པ་ནི་དཀྱིལ་འཁོར་གྱི་འཁོར་ལོ་གཙོ་བོའི་དཀྱིལ་འཁོར་པ་རྣམས་ཀྱིས་ལྷན་ཅིག་བཞིས་ལྷག་པའི་ལྔ་བརྒྱའི་བདག་ཉིད་ཅན་བསྒོམ་པར་བྱའོ་ཞེས་བྱ་བ་སྟེ་འཆད་ པར་འགྱུར་བའི་འབྲས་བུའི་རྡོ་རྗེ་འཆང་ངོ་། །རྫོགས་པ་ཞེས་བྱ་བ་ནི་དེའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་གྱི་འཇིག་རྟེན་བསྐྱེད་པས་རི་རབ་ཀྱི་སྟེང་དུ་ཚངས་པ་ལ་སོགས་པ་རྩེན་པའི་སྦྱོར་བས་འཇུག་པའོ། །ས་གཞིའི་མཐིལ་དུ་ཡང་ཞེས་བྱ་བ་ནི་སྔོན་དུ་བཤད་པའི་བདུད་རྩི་ ལ་སོགས་པ་རྣམས་ཀྱིས་མཆོད་པ་བྱས་ནས་དེ་བཞིན་དུ་ཡང་སྔོན་གྱི་ལྷ་བཤོས་དབུལ་བའི་སའི་སྟེང་དུ་བདུད་རྩི་ཞུ་བའི་གཟུགས་ཀྱིས་རྣམ་པར་གནས་པའོ། །དེའི་བདུད་རྩི་མྱང་བས་ལྷ་དེ་རྣམས་ནམ་མཁའི་རང་བཞིན་མ་ཡིན་ནོ། །དེར་དེ་ལྟར་བདུད་རྩིའི་དབུས་སུ་རབ་ ཏུ་ཞུགས་པར་གྱུར་ཏོ། །རང་གི་འོད་མི་སྣང་བར་སོང་བ་རྣམས་སེམས་མེད་པར་རྣམ་པར་གནས་སོ། །སླར་ཡང་རྣལ་འབྱོར་པ་རྣམས་ཀྱི་རྣམ་པར་ཤེས་པ་རྒྱུའི་རྡོ་རྗེ་འཆང་ཡོངས་སུ་གྱུར་པ་ཡོད་པས་དཀྱིལ་འཁོར་པ་ཐམས་ཅད་ཀྱིས་ཀྱང་སྟོང་པ་ཉིད་ཀྱི་གཟུགས་སུ་ གྱུར་ཏོ། །དེ་རྣམས་ཀྱིས་ཀྱང་གླུ་སྒྲ་རྣམས་ཀྱིས་རྟག་ཏུ་ཞེས་བྱ་བ་ནི་སྙིང་རྗེ་དང་། བྱམས་པ་དང་། དགའ་བ་དང་། བཏང་སྙོམས་ཀྱི་རང་བཞིན་གྱི་རྣལ་འབྱོར་མ་རྣམས་ཀྱིས་སྔོན་གྱི་སྨོན་ལམ་གྱི་དབང་གིས་རབ་ཏུ་སད་པར་བྱེད་དོ། །གླུ་དེ་གསུངས་པ། འགྲོ་བ་མགྲོན་འབོད་ ཅེས་བྱ་བ་ལ་སོགས་པ་སྟེ། རྐང་པ་བཞི་པའི་ཚིགས་སུ་བཅད་པ་བཞི་རྣམས་ཀྱིས་ཏེ། ཁྱབ་བདག་ཉི་མ་རེ་རེར་འགྲོ་བ་མགྲོན་འབོད་ན། །ཞེས་བྱ་བ་ནི་ཀྱེ་ཁྱབ་བདག་འགྲོ་བ་སྙིང་རྗེའི་རོས་ཁྱོད་ཀྱིས་མགྲོན་དུ་བོས་པ་སྟེ། ཁྱོད་ནི་ཅིའི་ཕྱིར་སྟོང་པ་ཉིད་དུ་བཞུགས་ ཞེས་བྱ་བ་སྟེ་ཅིའི་དོན་དུ་ཁྱོད་སྟོང་པ་ཉིད་ལ་རབ་ཏུ་ཞུགས་པར་གྱུར། དེའི་ཕྱིར་བཞེངས་ཤིག་བདག་ནི་སྙིང་རྗེའི་རང་བཞིན་ཏེ་ཞེས་བྱ་བ་ནི་བཞེངས་ཤིག་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་སྤོངས་ལ་བདག་ཅག་སྙིང་རྗེའི་རང་བཞིན་ཅན་མ་རྣམས་ཀྱིས་སེམས་ཅན་གྱི་དོན་མཛོད་ཅིག་ པའོ། །ཅི་དེ་ཉིད་གསུངས་པ། བདེ་བ་ཆེན་པོའི་རྡོ་རྗེས་བདག་ལ་འདོད་པ་མཛོད། །ཅེས་བྱ་བ་སྟེ། བདེ་བ་ཆེན་པོའི་ཀྱེ་མགོན་པོ་རྡོ་རྗེ་འཆང་མཆོག་ཏུ་ཟག་པ་མེད་པའི་སྦྱོར་བ་དང་ལྡན་པས་བདག་ལ་འདོད་པ་གྱིས་རོལ་པར་གྱིས་ཏེ་རང་གི་འདོད་པ་རྫོགས་པར་མཛོད་ཅེས་བྱ་བའི་ དོན་ཏོ། །སླར་ཡང་གསུངས་པ། གསོན་ཅིག་གསོན་ཅིག་གཞན་གྱི་དགོས་པ་ནུབ། །ཅེས་བྱ་བ་ནི་ཀྱེ་ཁྱབ་བདག་བདག་ཅག་སྙིང་རྗེའི་རང་བཞིན་ཅན་མ་རྣམས་ཀྱི་བདག་གསོན་ཅིག་ཁྱོད་ཀྱིས་གཅིག་ཏུ་ན་སྟོང་པ་ཉིད་ལ་ཞུགས་པ་ཙམ་མ་ཡིན་གྱི་གཞན་རྣམས་ཁམས་གསུམ་ གྱི་སེམས་ཅན་རྣམས་ཀྱི་དགོས་པ་ནུབ་པ་སྟེ་བྱམས་པ་མེད་པ་ཉིད་ཀྱི་ཕྱིར་སྡང་བའི་བྱམས་པ་རྣམས་སྐྱེའོ་ཞེས་བྱ་བའོ། །འཇིག་རྟེན་ཕྱུགས་རྣམས་ཤི་བ་བཞིན་དུ་སོང་། །ཞེས་བྱ་བ་ནི་སྡང་བའི་བྱམས་པ་གང་གིས་འཇིག་རྟེན་གྱི་ཕྱུགས་ལ་རྣམ་པར་མ་དཔྱད་པས་འཆི་བའོ། །སླར་ ཡང་དམྱལ་བ་ལ་སོགས་པའི་སྡུག་བསྔལ་ཉམས་སུ་མྱོང་བར་འགྱུར་རོ། །དེའི་ཕྱིར་ངའི་ངག་ལ་ཉོན་ལ་སྟོང་པ་ཉིད་སྤོངས་ཤིག་པའོ། །དེས་ཅི་བྱ་བ་གསུངས་པ། བདག་གི་པདྨ་རྒྱས་པ་ལ་འདོད་མཛོད། །ཅེས་བྱ་བ་སྟེ། བདག་གི་ཤིན་ཏུ་ཁ་བྱེ་བ་རྒྱ་ཆེ་བ་ལྷན་ ཅིག་སྐྱེས་པའི་རང་བཞིན་གྱི་པདྨ་བྱམས་པའི་རོའི་གཟུགས་དེ་ཁྱོད་ཀྱིས་འདོད་པ་གྱིས་ཤིག །གང་གིས་འདོད་པ་བྱས་པས་དེ་ལྟར་འཇིག་རྟེན་ཀུན་ནི་བདེ་འགྱུར་རོ། །ཞེས་བྱ་བ་ནི་དེའི་ཚེ་འཇིག་རྟེན་འདི་རྣམས་ཐམས་ཅད་ཀྱི་བདེ་བར་འགྱུར་རོ། །དེ་རྣམས་ཀྱང་མི་ འཆིའོ། །དམྱལ་བ་ལ་སོགས་པར་འགྲོ་བར་མི་བྱེད་དོ། །ལམ་གྱི་ཡང་རྒྱུར་འགྲོའོ། །སླར་ཡང་གཞན་གསུངས་པ། རྡོ་རྗེ་འཛིན་པས་བདག་ལ་རོལ་ཅིག་རོལ། །ཞེས་བྱ་བ་སྟེ། ཀྱེ་བྱ་བ་བདག་རྡོ་རྗེ་འཆང་བདག་ཅག་རབ་ཏུ་དགའ་བའི་རང་བཞིན་མ་རྣམས་ལ་རོལ་པ་དང་ རྩེན་པ་གྱིས་ཤིག་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་སྤོངས་ཤིག་པའོ། །ལྷན་སྐྱེས་རང་བཞིན་བརྗོད་དུ་མེད་པ་འཐོབ། །ཅེས་བྱ་བ་ནི། གང་གིས་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་སྤངས་པ་ཡོད་པས་བརྗོད་དུ་མེད་པའི་ལྷན་ཅིག་སྐྱེས་པའི་རང་བཞིན་གྱི་བདེ་བ་འཐོབ་པ་སྟེ་དེས་སེམས་ ཅན་རྣམས་ཀྱི་རབ་ཏུ་དགའ་བར་འགྱུར་རོ། །འོན་ཀྱང་འཇིག་རྟེན་སེམས་ཅན་གཞན་ནི་རྨོངས་གྱུར་པས། །ཞེས་བྱ་བ་ནི། གཅིག་ཏུ་ན་ཁྱོད་ཀྱིས་རབ་ཏུ་དགའ་བ་དང་བྲལ་བས་འཇིག་རྟེན་པ་ཐམས་ཅད་བཀུག་ཅིང་མགྲོན་དུ་བོས་པ་ཡོད་པ་མ་ཡིན་ཏེ། བྱང་ཆུབ་ཀྱི་ཡུལ་དེའི་ ཚེ་གཞན་གཉིས་པ་ཉིད་དུ་འགྱུར་ཏེ། །དེས་སེམས་ཅན་གྱི་དོན་མི་འགྲུབ་པོ། །གཞན་ཡང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལམ་ལས་འདས་པར་འགྱུར་རོ། །དེ་གསུངས་པ། ཇི་ལྟར་ཁྱོད་ཀྱི་སྟོང་ཉིད་དོན་མེད་དོ། །ཞེས་བྱ་བ་སྟེ་རྒྱུ་མཚན་གང་གིས་སྟོང་པ་ཉིད་དགོས་ པ་མེད་པ་ལ་ཁྱོད་ཀྱིས་རབ་ཏུ་ཞུགས་པས་དེ་དེ་བཞིན་དུ་བཤད་དོ། །དེའི་ཕྱིར་སྟོང་པ་ཉིད་དོར་ལ་བདག་གི་མཆོག་གི་བདེ་བ་བླ་ན་མེད་པ་རབ་ཏུ་དགའ་བའི་བདེ་བས་འདོད་པ་གྱིས་ཤིག་མཉམ་པ་མེད་པའི་སེམས་ཅན་གྱི་ཁམས་རབ་ཏུ་དགའ་བའི་ཡེ་ཤེས་ འཐོབ་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དེ་བཞིན་དུ་གཞན་ཡང་གསུངས་པ། ཁྱོད་ནི་ཆོས་ཐམས་ཅད་ཀྱི་བྱེད་པ་སྟེ། །ཞེས་བྱ་བ་ནི། ཀྱེ་ཁྱབ་བདག་ཁྱེད་ནི་ཆོས་ཐམས་ཅད་ཀྱི་བྱེད་པ་སེམས་ཅན་གྱི་དོན་བསྐྱེད་པ་རྣམས་ཏེ། དེའི་ཚེ་ཅིའི་ཕྱིར་སྟོང་པ་ཉིད་རང་བཞིན་སོན་ པར་བཞུགས་ཞེས་བྱ་བ་སྟེ་ཅིས་ཁྱོད་ལྷན་ཅིག་སྐྱེས་པའི་རང་བཞིན་གཟུང་བས་དེས་མ་བཞུད་ཅིག་སྟོང་པ་ཉིད་དུ་ཞུགས་པ་དོར་ཅིག །དེའི་ཚེ་ཡང་བདག་ལ་མཆོག་གི་དོན་གྱིས་དགྱེས་པ་མཛོད་ཅེས་བྱ་བ་སྟེ་བདག་འཇིག་རྟེན་གྱི་ཆོས་བརྒྱད་རྣམས་ལ་བཏང་སྙོམས་པ་སྟེ་ འོན་ཀྱང་སྙིང་རྗེའི་རང་བཞིན་ཅན་མ་རྣམས་ལ་མཆོག་གི་དོན་གྱི་བདེ་བས་འདོད་པ་གྱིས་ཤིག་པའོ། །ཇི་ལྟར་ཁྱོད་ནི་འཇིག་རྟེན་དང་མཉམ་འགྲོ། །ཞེས་བྱ་བ་ནི་གང་གིས་དོན་བྱེད་པའི་བདེ་བས་འདོད་པ་བྱས་པ་དང་ཁྱོད་ཀྱིས་གཟིགས་པས་འཇིག་རྟེན་ ཁྱོད་དང་མཉམ་པར་རབ་ཏུ་འགྲོའོ། །བྱང་ཆུབ་ཀྱི་རང་བཞིན་གྱིས་ཀྱང་ངོ་། །དེའི་ཚེ་ཕན་ཚུན་སེམས་ཅན་གྱི་དོན་བྱེད་དོ་ཞེས་བྱ་བའི་དོན་ཏོ། །འདི་ཞེས་བྱ་བ་ལ་སོགས་པས་བཤད་པ་འདིའི་གླུས་བསྐུལ་བ་ཞེས་བྱ་བ་སྟེ་སྔོན་གྱི་སྨོན་ལམ་གྱིས་ཉེ་བར་སློང་བས་རབ་ཏུ་སད་ པ་སྟེ། ཧེ་རུ་ཀ་རང་ཉིད་ཅེས་བྱ་བ་ནི་ས་བོན་གྱི་གཟུགས་སྤངས་ནས་མངོན་སུམ་དུ་ཧེ་རུ་ཀར་ཐིག་ལེ་བཞིའི་རང་བཞིན་རྣམས་ཀྱིས་སྙིང་རྗེ་ལ་སོགས་པའི་གཟུགས་ཅན་འཆད་པར་འགྱུར་བའི་ཕྱག་དང་གཟུགས་ལ་སོགས་པ་དང་ལྷན་ཅིག་རབ་ཏུ་སད་པ་ནི་གསལ་བའི་ གཟུགས་ཏེ་འབྲས་བུའི་རྡོ་རྗེ་འཆང་ཞེས་བྱ་བའི་དོན་ཏོ། །དེ་ལྟར་སྔགས་ཀྱི་ཡི་གེ་བརྗོད་པའི་བདག་ཉིད་ཅན་སྐད་ཅིག་གིས་རྣམ་པས་བཅོམ་ལྡན་འདས་བཞེངས་པའོ། །དེའི་སྔགས་གསུངས་པ། ཨོཾ་ཨཱཿཞེས་བྱ་བ་ལ་སོགས་པ་སྟེ། ཡི་གེ་བཅུ་གཉིས་རྣམས་ སུ་ཕྱི་རོལ་ལ་སོགས་པའི་པདྨའི་བར་དུ་འཁོར་ལོ་རྣམས་དང་པདྨ་དང་དཔའ་བོ་དཔའ་མོའི་དབང་ཕྱུག་མ་ཐམས་ཅད་དང་ལྷན་ཅིག་ཏུ་སྐྱེས་པ་སྟེ་ལྷག་མ་རྣལ་འབྱོར་པ་རྣམས་ཀྱི་སྒོམ་པ་རྣམས་ནི་ཐམས་ཅད་རྟོགས་པར་སླའོ། །འོན་ཀྱང་འཇིག་རྟེན་གྱི་ཁམས་ཀྱི་དེའི་ རྣམ་པར་གཞག་པ་བཤད་པར་བྱ་སྟེ། འདིར་སྔོན་དུ་གང་ཚངས་པ་ལ་སོགས་པའི་ལྷ་རྣམས་བདུད་རྩིའི་དབུས་སུ་བཞུགས་སོ། །དེའི་རང་བཞིན་ལས་དེའི་ཚེ་འདིར་ཡེ་ཤེས་ཀྱི་རྣམ་པ་ཚངས་པ་ལ་སོགས་པའི་ལྷ་རྣམས་སྙིང་རྗེ་དང་བྱམས་པ་དང་དགའ་བ་ དང་བཏང་སྙོམས་ཀྱི་རང་བཞིན་གྱི་བདག་ཉིད་རྣམས་ཀྱིས་འདིར་ཞུགས་པ་ལས་བསླང་བའོ། །དེ་རྣམས་ཀྱིས་ཡང་སྔོན་གྱི་མཚན་ཉིད་རྗེས་སུ་དྲན་པར་བྱས་ནས་ལུས་ཀྱི་བདུད་རྩི་ཟ་བ་ལ་ཞེན་པས་གང་བྱས་པ་སྔོན་གྱི་རྣལ་འབྱོར་བསྒོམས་པ་ལ་སོགས་པའི་ ལས་དེ་ཐམས་ཅད་རྗེས་སུ་དྲན་པར་བྱས་ནས་སད་དོ། །མིག་གི་དབང་པོ་ལ་སོགས་པས་ཐམས་ཅད་མཐོང་ངོ་། །གང་སྔོན་གྱི་ཟླ་བ་དང་ཉི་མ་བསྲུབས་པས་བདུད་རྩི་བསྐྱེད་དོ། །དེ་རྣམས་ཀྱིས་ཡང་རང་གི་ལུས་བདུད་རྩི་ཉིད་ཀྱི་ཕྱིར་ཟླ་བ་དང་ཉི་མ་ལ་སོགས་པ་དང་ རྒྱུ་སྐར་གྱི་འཁོར་ལོ་མཐོང་ངོ་། །དེའི་ཚེ་བཅུ་གཉིས་ཀྱི་བདག་ཉིད་ཀྱི་ཆོས་ཀྱི་འཁོར་ལོ་སྔགས་བརྗོད་པས་རི་རབ་ལ་སོགས་པ་དང་ནམ་མཁའི་མཐའ་ཐམས་ཅད་མཐོང་ངོ་། །དེ་ལས་ངག་སྐྱེས་ཏེ་དེས་ཡང་འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་ཐམས་ཅད་ ཀྱི་བསྟན་བཅོས་བྱུང་ངོ་། །དེ་ལྟར་བསྟན་བཅོས་རྗེས་སུ་དྲན་པ་བྱས་ནས་གང་དང་གང་གིས་བྲམ་ཟེ་དང་རྒྱལ་རིགས་ལ་སོགས་པ་ཇི་ལྟར་ཡང་དཀྱིལ་འཁོར་གྱི་འཁོར་ལོའི་རྣལ་འབྱོར་མ་དང་དཔའ་མོ་རྣམས་ཀྱི་རིགས་རྣམས་ཏེ། དེར་རིགས་ཀྱི་ལས་རྣམས་ལ་ གནས་ནས་སོ། །འཇིགས་བྱེད་དང་དུས་མཚན་སྲེད་པ་དང་སྡང་བ་བྱུང་བའོ། །དེས་སཱ་ལུ་ལ་སོགས་པའི་ལོ་ཏོག་གང་དུ་བཏབ་པས་ས་རྣམས་ཀྱི་ཆ་བྱུང་ངོ་། །ལྟེ་བ་གཅིག་ནི་བུད་མེད་དོ། །ཉི་མ་ནི་སྐྱེས་པའོ། །མེ་ནི་འདོད་ཆགས་སོ། །གར་ནི་གར་གྱི་ ཉམས་དགུ་ལ་སོགས་པ་སྟེ། སྣ་ཚོགས་པའི་གར་དང་གླུ་དང་རོལ་མོ་དང་སྐད་དང་ལུང་ལ་སོགས་པ་དང་འདོད་པའི་བསྟན་བཅོས་དང་ཞེ་སྡང་དང་འདོད་ཆགས་དང་གཏི་མུག་དང་ཕྲག་དོག