Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 20
Văn bản gốc(Tây Tạng)
Trang 8 / 21 (50.000 ký tự/trang)
ེ་ཡོངས་སུ་ཟ་བར་གྱུར་པ་ནི་རྣམ་པར་རྟོག་པ་མེད་པར་རྟོག་པ་ཟ་བ་ཞེས་བྱ་བའི་དོན་ཏོ། །འཇིགས་བྱེད་སྒྲ་ནི་བསྒྲགས་པའོ། །ཞེས་བྱ་བ་ནི་གདམས་ངག་གསུངས་པ། ཇི་ལྟར་གང་དུ་ཡང་རྣལ་འབྱོར་པའི་གོམས་པས་རང་གི་ལྕེའི་འོག་གི་རྩ་བ་མེད་པར་བྱེད་དོ། ། དེས་དེ་བཞིན་དུ་རྫོགས་པའི་དུས་སུ་འཇིགས་བྱེད་ཀྱི་སྒྲ་སྒྲོགས་པའོ། །དེ་བསྒྲགས་པ་གང་མཐོང་བ་དེ་སྒྲོགས་པར་བྱེད་དུ་འཇུག་གོ། །ཤ་ནི་སླར་ཡང་ཟ་བར་བྱེད་དོ། །དེ་ལྟར་འདིར་རྣལ་འབྱོར་གྱི་དབང་ཕྱུག་གིས་རྡོ་རྗེའི་རྩ་བར་བསྐུམས་ལ། དེས་འདིར་མི་འཕོ་བར་རབ་ཏུ་སྦྱོར་བའི་སྒྲ་ཆེན་ པོ་སྒྲོགས་པ་སྟེ། ཐམས་ཅད་དེ་ལ་ཐིམ་པ་ཉིད་ཀྱི་ཕྱིར་ཟ་བ་ཞེས་བྱ་བའི་དོན་ཏོ། །ལཱ་མའི་འཁོར་ལོར་བ་ལང་ཤ །ཞེས་བྱ་བ་ནི་རྣ་བའི་དབང་པོར་མིག་སྡོམ་པས་བ་ལང་གི་ཤ་སྟེ། གཞན་གྱི་གདན་གྱི་མཚན་ཉིད་ཀྱིས་རྣ་བའི་རྣམ་པར་ཤེས་པས་ཐོས་ཏེ། ཡུལ་ནི་ཁམས་གསུམ་རྣམས་ སུ་མ་ཡིན་ཏེ། །དེ་ཡེ་ཤེས་ཀྱི་བདག་ཉིད་རྣམ་པར་རྟོག་པ་ཟ་བར་བྱེད་དོ། །མཁའ་འགྲོ་མར་ནི་གླང་པོའི་ཤ །ཞེས་བྱ་བ་ནི་སྣའི་དབང་པོར་སྔོན་གྱི་དབང་པོ་གཉིས་འདུས་པར་བྱས་ནས་དྲི་སྣོམ་མོ། །ཡུལ་ནི་རྣལ་འབྱོར་གྱི་གདན་གྱི་མཚན་ཉིད་ཀྱིས་ཁམས་གསུམ་རྣམས་སུ་ཡེ་ཤེས་ཀྱི་དྲི་ དེ་ཉིད་ཀྱིས་རྟོག་པ་བཀུག་ནས་ཟ་བ་ཞེས་བྱ་བའི་དོན་ཏོ། །ཕག་མོ་ལ་ནི་ཤ་ཐམས་ཅད། །ཅེས་བྱ་བ་ནི་ལྕེའི་དབང་པོར་ཡང་བྱ་བ་སྟེ་ལུས་ཀྱི་དབང་པོ་དང་ཡིད་ཀྱི་དབང་པོ་དང་སྔོན་གྱི་དབང་པོ་གསུམ་ཡང་འཇོམས་པར་བྱས་ནས་ཁྱི་དང་རྟ་དང་མ་ཧེ་ལ་སོགས་པའི་ཤ་ནི་རོ་དང་རེག་བྱ་དང་ཡིད་ ཀྱི་ཡུལ་ལས་མཐོང་སྟེ། གསང་བའི་གདན་གྱི་མཚན་ཉིད་ཀྱི་ཡེ་ཤེས་ཀྱི་རོ་ལ་སོགས་པར་རྣམ་པར་རྟོག་པ་ཟ་བ་ཞེས་བྱ་བའི་དོན་ཏོ། །དེ་ལྟར། དམ་ཚིག་སྡོམ་པའི་སྦྱོར་བ་ལས། །ཞེས་བྱ་བ་ནི། མིག་ལ་སོགས་པ་རྣམ་པར་ཤེས་པ་དྲུག་གི་མཚན་ཉིད་ཀྱི་ཏིང་ངེ་འཛིན་གྱི་དུས་རྣམས་སུ་རྟོག་ པ་ཡང་ངོ་། །དེ་དེ་ཉིད་ཀྱི་རྣལ་འབྱོར་དུ་སྡོམ་པ་དམ་ཚིག་ནི་དུས་ཏེ་རྣམ་པ་སྣ་ཚོགས་པ་མི་སྣང་བར་བྱས་ནས་དེ་ཉིད་ཟ་བའི་སྒྲས་དམ་ཚིག་སྡོམ་པའི་རྣལ་འབྱོར་གྱིས་ཞེས་བྱ་བའོ། །ལྷག་མ་དམ་ཚིག་སྡོམ་པའི་མཚན་ཉིད་ནི་ལཱ་མའི་ལེའུར་བཤད་དོ། །སྔགས་ནི་བདེན་པར་ཤེས་བྱས་ནས། ། ཞེས་བྱ་བ་ནི་སྔགས་ནི་རྣམ་པ་དུ་མ་སྟེ། ཡིད་སྐྱོབ་པ་ནི་གཅིག་གོ། །གཉིས་པ་སྦས་པ་རྟོགས་པས་ནའོ། །དེ་ཡང་གསུམ་པ་ནི་རྩའི་གནས་ལུགས་དང་བྱང་ཆུབ་ཀྱི་སེམས་ཏེ་དེ་རྣམས་ཀྱི་བདེན་པ་ནི་སྲོག་རྒྱུ་བས་རང་གིས་རིག་པའི་སྔགས་ཞེས་བྱ་བར་དགོངས་སོ། །སྔགས་ཀྱི་ཡི་ གེའི་དངོས་པོ་མེད་པ་སྟེ་སྔགས་ཀྱི་ཡི་གེ་མེད་པ་དེ་ཉིད་དེ་བཞིན་དུ་བཤད་དོ། །ཡང་ན་ཡི་གེ་བརྗོད་པས་སྔགས་ཏེ་དེ་ཉིད་སེམས་ཅན་ཐམས་ཅད་ཀྱི་ངག་དེའི་རང་བཞིན་གྱི་ཕྱིར་བསྐྱེད་པའོ། །གལ་ཏེ་ཞེས་བྱ་བ་ལ་སོགས་པ་ནི་རྟོགས་པར་སླའོ། །ཡུལ་དབུས་སུ་ཞེས་བྱ་བ་ནི་ དབུ་མར་འགྲོ་བར་གྱུར་པ་ན་རྩ་སོ་སོ་ལ་རང་གིས་རིག་པའི་སྔགས་ཀྱི་བཏུང་བ་སེམས་དང་སྲོག་ཏུ་ཀུན་དུ་སྤྱོད་པར་འགྱུར་རོ། །དེ་བཞིན་དུ་རང་གི་འཁྲུལ་འཁོར་རྣམས་སུ་ཚིམ་བྱ་ཞེས་བྱ་བ་ནི་རྒྱུའི་དོན་དུ་གསུམ་པ་སྟེ་རྩེ་མོ་གསུམ་པའི་རྣམ་པས་ལྟེ་བའི་གནས་སུ་སྲོག་དང་རྩོལ་བའི་འཁྲུལ་ འཁོར་གྱིས་བྱང་ཆུབ་ཀྱི་སེམས་ཀྱིས་དགང་བར་བྱས་པས་ཁམས་ཐམས་ཅད་ཀྱིས་ཚིམ་པ་དང་རྒྱས་པར་བྱེད་དོ། །བུམ་པ་བཞིན་དུ་སྐམ་འཐུང་གཞུག །ཅེས་བྱ་བ་ནི་སླར་ཡང་ཁམས་ཐམས་ཅད་རྒྱས་པ་ཉིད་ལས་རོ་དྲུག་གི་བདག་ཉིད་ཅན་གྱི་རང་བཞིན་གྱི་རོ་བྱང་ཆུབ་ཀྱི་སེམས་ཀྱི་མཐའི་རོ་ འོངས་པ་དེ་བཏུང་བ་སྟེ་བུམ་པ་བཞིན་ནི་ཉེ་བར་མཚོན་པ་སྟེ། འོན་ཀྱང་རྒྱུན་མི་ཆད་པར་འཐུང་དུ་གཞུག་པར་བྱ་བའི་དོན་ཏོ། །དེ་ལྟར་མདོར་བསྟན་པའི་རྒྱས་པར་བཤད་པ་གསུངས་པ། འཁྲུལ་འཁོར་ཞེས་བྱ་བ་ནི་སྔོན་དུ་བཤད་པའོ། །དེ་ཡང་། རང་གི་གདན་ལ་གནས་ནས་ནི། །ཞེས་ བྱ་བ་ནི་འདིར་སྒོམ་པ་ཐམས་ཅད་ཀྱི་གཉིས་སུ་མེད་པའི་གདན་ཏེ་རྟེན་ནོ། །དེ་སྒོམ་པའི་དུས་ཀྱི་རྒྱུར་བྱས་ནས་ཏེ་གདན་དུའོ། །དེས་རྩའི་སྒྲས་ངེས་པར་གཟུང་བའོ། །དེའི་ཕྱིར་སྲོག་ཀྱང་འཁོར་ལོ་བཞིན་ཏེ། རྩའི་འཁོར་ལོ་རྣམས་སུ་སྒྲོན་མེའི་འཁོར་ལོ་ལྟར་བསྐོར་བར་ བྱའོ། །དེ་ཡང་སྲོག་བསམས་པས་ཞེས་བྱ་བ་ནི་རླུང་གི་བདག་ཉིད་ཅན་དུ་སེམས་བྱས་ནས་བསྐོར་བྱར་བྱ་སྟེ། གང་གིས་མངོན་སུམ་དུ་རྣམ་པར་གཟུང་བར་བྱའོ་ཞེས་བྱ་བའོ། །དེ་ལྟར་འཁོར་བར་གྱུར་པར་ནོར་བུའི་བུ་ག་ནི་སྔོན་དུ་གསུངས་པ་སྟེ་རྡོ་རྗེའི་བུ་ག་བསྐུམས་པ་ནི་བཙིར་བར་བྱའོ། །རྩའི་ཡི་ གེས་རོ་མ་ཡང་བསྐུམས་པར་གྱུར་པས་ཏེ་དེ་བཞིན་དུ་བཤད་དོ། །དེ་བཞིན་དུ་བུ་ག་དགུ་རྣམས་སུ་ཞེས་བྱ་བ་ནི་རྩ་དགུ་དགག་པར་བྱ་སྟེ། གང་གིས་ཤེ་ན། གསུངས་པ། ས་བོན་ཞེས་བྱ་བ་ནི་རྩ་དགུ་པོ་དེ་རྣམས་སུ་ས་བོན་གྱི་ཡི་གེ་རྣམས་ཀྱིས་ཏེ་དེ་ཡང་མ་ཀ་ཨོཾ་གྱི་ཡི་གེ་རྣམས་ཅི་ལྟ་བུ་ཞེ་ན། གསུངས་པ། རྡོ་རྗེ་སོགས་པས་ཞེས་བྱ་བ་སྟེ། ཧཱུྃ་ཀྵུཾ་སུཾ་ཡུཾ། ཀྵྨྼྻུཾ་ཧྨྼྻུཾ་སྨྼྻུཾ་ཡྨྼྻུཾ་ཞེས་བྱ་བའི་ས་བོན་རྣམས་ཀྱིས་སོ། །ཡང་ན་ཞེས་བྱ་བ་ནི་ཕྱོགས་གཞན་དུ་གསུངས་པ། ཐམས་ཅད་ཅེས་བྱ་བ་ལ་སོགས་པས་སྔགས་ཀྱི་ཡི་གེ་འདི་རྣམས་ཀྱིས་ཏེ་དེ་ཡང་མ་ཀ་ཨོཾ་ཞེས་བྱ་བ་ལ་སོགས་པ་ནས་ནཱ་ སཱུ་རཱ་ཞེས་བྱ་བའི་བར་དུ་འཁོར་ལོ་བཞི་རྣམས་སུ་གནས་ལ་སོགས་པའི་མིང་གི་ཡི་གེ་རྣམས་སོ། །ཡང་ན་མི་ཕྱེད་མ་ལ་སོགས་པའི་མིང་ཅན་མ་ཞེས་བྱ་བ་ན་རྩ་སུམ་ཅུ་རྩ་གཉིས་རྣམས་མི་ཕྱེད་མ་ལ་སོགས་པ་སྣ་ཚོགས་པའི་མིང་རྣམས་མགོ་བོའི་འཁོར་ལོ་རྣམས་སུ་སྦྱིན་ པར་བྱའོ་ཞེས་བྱ་བ་ནི་རྒྱས་པར་བཤད་པའོ། །དེ་བཞིན་དུ་འདིའི་དེ་ལྟར་ཤིན་ཏུ་རྒྱས་པར་བཤད་པ་གསུངས་པ། འཁོར་ལོ་འདི་ཞེས་བྱ་བ་ལ་སོགས་པ་ནས་བདུད་རྩིའི་སྦྱོར་ལྡན་པས་བཟའོ་ཞེས་བྱ་བའི་བར་དུ་རྟོགས་སླའོ། །དེ་ལྟར་དམ་ཚིག་བཟའ་བའི་མདོར་བསྟན་པའི་ཤིན་ཏུ་རྒྱས་ པར་བཤད་པའི་སྣ་ཚོགས་པའི་གདམས་ངག་ཅེས་བྱ་བ་ནི་ངེས་པའི་ཚུལ་ལོ། །མདོག་དམར་འདུ་ཤེས་ཞེས་བྱ་བ་ནི་འདུ་ཤེས་ཀྱི་ཕུང་པོའི་གཟུགས་ཉིད་ཀྱི་ཕྱིར་རོ། །གཞན་རྟོགས་པར་སླའོ། །དཔལ་ཞེས་བྱ་བ་ལ་སོགས་པས་ལེའུ་ཡོངས་སུ་རྫོགས་པའི་ངག་སྟེ། སོགས་པའི་སྒྲས་ ནི་དཀྱིལ་འཁོར་གྱི་མཚན་ཉིད་དང་དེ་བཞིན་དུ་དམ་ཚིག་གི་སྒྲུབ་ཐབས་ཀྱང་ངོ་། །དཔལ་མཁའ་འགྲོ་རྒྱ་མཚོ་རྣལ་འབྱོར་མའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོའི་འགྲེལ་པ་གྲུ་གཟིངས་ལས་དུམ་སྐྱེས་མ་བསྐྱེད་པ་དང་མཚན་ཉིད་དང་འཁོར་ལོ་བཞིའི་རྩའི་རྣམ་པར་གཞག་པ་དང་སྔགས་དགོད་པ་དང་ དཀྱིལ་འཁོར་གྱི་སྒྲུབ་ཐབས་དང་དེ་ཁོ་ན་ཉིད་ཀྱི་རིགས་པས་དམ་ཚིག་བསྟན་པ་དང་དེ་ལྟར་རྣམ་པ་ལྔ་རྣམས་ཀྱི་རྣམ་པར་གཞག་པའི་མཚན་ཉིད་ཀྱི་སྣ་ཚོགས་པའི་རྒྱས་པར་བསྟན་པ་དང་མདོར་བསྟན་པའི་བཤད་པ་སྟེ་ལེའུ་ལྔ་པའོ།། །།སེམས་ཅན་དོན་དུ་སྒྱུ་མ་གང་། །གཟུགས་ ཅན་མ་ལ་བདག་བཏུད་ནས། །ལྷ་རྫས་ཀྱི་ནི་ཕྱག་རྒྱའི་རྒྱུར། །སྦྱོར་བ་སྣ་ཚོགས་བཤད་པར་བྱ། །ཁྲག་འཐུང་གཉིས་མེད་བདག་ཉིད་གཟུགས། །ཀུན་རྫོབ་ཀྱི་ནི་རྣམ་པར་སྟོན། །གདམས་ངག་སྣ་ཚོགས་མཚན་ཉིད་ཅན། །འགྲེལ་པ་ཡང་དག་བྲི་བར་བྱ། །ད་ནི་ལེའུ་དྲུག་ པ་རྒྱ་ཆེ་བར་བཤད་པར་བྱ་སྟེ། །དེ་ནས་གཞན་པ་མཆོག་ཅེས་བྱ་བ་ལ་སོགས་པས་ཏེ་དེ་ནས་ཞེས་བྱ་བ་ནི་སྔོན་བཞིན་ནོ། །གཞན་པ་མཆོག་ཅེས་བྱ་བ་ནི་འཆད་པར་འགྱུར་བའི་ལེའུ་ཡོངས་སུ་རྫོགས་པའི་བར་གྱི་གཞུང་གི་ཚོགས་དེ་བཤད་པར་བྱ་བའོ། །མདོར་བསྡུས་པ་སྟེ་ རྒྱས་པར་མིན། །ཞེས་བྱ་བ་ནི་མདོར་བསྡུས་པ་ཉུང་ངུ་བྱས་པ་རྒྱ་ཆེ་བ་མ་ཡིན་ཡང་དོན་མང་བ་ཉིད་དོ། །དཔལ་ཧེ་རུ་ཀ་ཞེས་བྱ་བ་ནི་ཆོས་དང་ལོངས་སྤྱོད་རྫོགས་པ་དང་སྤྲུལ་པ་དང་བདེ་བ་ཆེན་པོའི་མཚན་ཉིད་ཐབས་ཆེན་པོ་དེའི་ཀུན་དུ་སྦྱོར་བ་ལས་གཟུགས་ཅན་མའི་མཚན་ཉིད་དགེ་བ་སྟེ། དེ་དེ་བཞིན་དུ་བཤད་དོ། །དེ་ལྟར་གཟུགས་ཅན་མའི་མཚན་ཉིད་ཀྱི་རང་བཞིན་གྱིས་བསྐྱེད་པ་མི་གསལ་བར་བཤད་པ་མིང་གི་ཡི་གེའི་སྒོ་ནས་གསུངས་པ། ལུས་ཅན་ཞེས་བྱ་བ་ལ་སོགས་པ་སྟེ། ལས་དང་ཚིགས་མཚམས་ཞེས་བྱ་བ་ནི་ལས་ནི་ཎཱིའི་ཡི་གེའོ། །རྩ་ཐམས་ཅད་མགོ་ བོ་ལ་སོགས་པར་སྤྲོ་བའི་གནས་སོ། །ཚིགས་མཚམས་ཞེས་བྱ་བ་ནི་པིའི་ཡི་གེའོ། །རླུང་དང་བྱང་ཆུབ་སེམས་ཀྱི་སྦྱོར་བ་ལས་ཚིགས་མཚམས་སུ་འཛག་པའི་ཕྱིར་ཏེ་འཆད་པར་འགྱུར་བ་ཉིད་ཀྱིས་སོ། །རྩའི་ཡི་གེས་བདེ་བའི་དབང་པོའི་གནས་སུ་རཱུའི་ཡི་གེ་སྟེ། འདོད་ཆགས་ཆེན་ པོ་ཞུ་བའི་བདག་ཉིད་ཅན་ཞེས་བྱ་བ་ནི་གཟུགས་ཅན་མའོ། །བཤད་པའི་རྫས་ནི་སྔོན་ལས་ཞེས་བྱ་བ་ནི་སྔོན་དུ་སྟེ། དེའི་ཕྱིར་ཕྱི་རོལ་ལ་སོགས་པ་མདོར་ན་བདེ་བ་ལ་གནས་པར་འགྲོའོ། །འོན་ཀྱང་ཕྱི་རོལ་གྱི་གཟུགས་སྣ་ཚོགས་པའི་དབྱིབས་ཀྱི་བདག་ཉིད་ཅན་མིག་ལ་སོགས་ པའི་དབང་པོ་རྣམས་ལ་སོ་སོར་གཟུགས་སྣང་ངོ་། །དེའི་ཕྱི་རོལ་གྱི་གཟུགས་རང་གིས་རང་ནི་བདག་ཉིད་ལ་ལྟ་བ་སྟེ་དེ་ཉིད་སྐྱེད་པར་བྱེད་དོ། །ནང་གི་བདག་ཉིད་ཀྱི་གཟུགས་དབྱེ་བ་མེད་པ་ཉིད་ཀྱི་ཕྱིར་བལྟའོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་དེས་ན་ཚིགས་མཚམས་ཀྱི་མདོར་བསྟན་པའི་རྒྱས་པར་ བཤད་པ་གསུངས་པ། ཚིགས་མཚམས་ཞེས་བྱ་བ་ལ་སོགས་པ་སྟེ་ལག་པ་དང་རྐང་པ་ཞེས་བྱ་བ་ནི་ཕྲག་གོང་དང་དཔུང་ལྷུ་དང་ཉེ་བའི་དཔུང་ལྷུ་ནི་ལག་པའོ། །དེ་བཞིན་དུ་བརླ་དང་པུས་མོ་དང་བྱིན་པ་དང་རྐང་མགོའོ། །བཅུ་གཉིས་པོ་དེ་རྣམས་རེ་རེ་ལ་འཁོར་ལོ་བཅུ་གཉིས་ཀྱི་བདག་ཉིད་དོ། ། དེ་རྣམས་རེ་རེ་ལ་ཡང་ལྔ་ལྔ་ཞེས་བྱ་བ་ནི་བཅུ་གཉིས་པོ་རྣམས་ལ་ཤེས་པར་བྱ་སྟེ། རྩར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དཀྱིལ་འཁོར་རྣམས་ཀྱིས་ཞེས་བྱ་བ་ནི་དཀྱིལ་འཁོར་ལྔ་ལྔ་སྟེ་གཡོན་པ་དང་གཡས་པ་ནས་འབབ་པ་མོ་རྣམས་ལུག་ལ་སོགས་པའི་འཕོ་བ་རྣམས་ཀྱི་ཞག་གཅིག་གིས་ བཅུ་གཉིས་པོ་རྣམས་ལ་སུམ་བརྒྱ་དྲུག་ཅུ་ཐམ་པའི་དཀྱིལ་འཁོར་གྱི་རྩ་འབབ་པ་མོ་རྣམས་སོ། །འདོད་པ་ནི་བཞེད་ཅེས་བྱ་བའོ། །གཡོན་ཞེས་བྱ་བ་ནི་མཚན་མོའི་དུས་སུ་མི་ཕྱེད་མ་དང་ཕྲ་གཟུགས་མ་དང་ལྷ་རྫས་མ་དང་གཡོན་པ་མོ་དང་གཡོན་གཞོལ་མ་དང་རུས་སྦལ་སྐྱེས་མ་དང་དངོས་པོ་ མ་དང་དབང་བསྐུར་མ་དང་སྐྱོན་བྲལ་མ་དང་ནོན་མ་དང་མ་མོ་དང་ཡིད་བཟང་མ་དང་བརྐྱང་མ་མཆོག་ཅེས་བྱ་བ་སྟེ། སྲོག་འབབ་མ་རྣམས་སོ། །དེ་བཞིན་དུ་གཡས་པར་རོ་མ་ལ་སོགས་པ་ཉིན་པར་འབབ་མ་རྣམས་ཏེ། དེ་ལྟར་ལུག་ལ་སོགས་པ་རཱ་སཱི་བཅུ་གཉིས་རྣམས་ཀྱིས་ཉིས་ལྡབ་ཏུ་ གནས་པའོ། །ལྷག་མ་ཞེས་བྱ་བ་ནི། དབུས་མ་དང་གླུ་ལེན་མ་དང་གཏུམ་མོ་དང་བདུད་འཇོམས་མ་སྟེ་བཞི་པོ་དེ་བཞིན་དུའོ། །འདི་རྣམས་ཀྱང་མཚམས་ཀྱི་རྩ་བཞི་རྣམས་ཏེ་དེ་རྣམས་གྲུ་གསུམ་ཉིད་ཅེས་བྱ་བ་ནི་མཚམས་གཅིག་མི་སྣང་བ་བྱས་པས་གྲུ་གསུམ་ཞེས་བྱ་བའི་དོན་ཏོ། ། དེ་ཉིས་འགྱུར་རྩ་སུམ་ཅུ་རྣམས་ཀྱི་ཆུ་ཚོད་རྩ་དྲུག་ཅུའི་སྟེ་ཉིན་གཅིག་གི་ཆུ་ཚོད་དོ། །སླར་ཡང་དེ་ལྟར་རྩ་དང་ཆུ་ཚོད་མཚམས་དྲུག་ཅུར་གནས་ཏེ་ལྟེ་བའི་གནས་སུའོ། །མཚམས་ནི་རྣམ་པ་ལྔ་རབ་གསུངས། །ཞེས་བྱ་བ་ནི་རྐང་པ་དང་ལག་པ་ལ་སོགས་པ་འདི་རྣམས་ཀྱི་ཚིགས་བཅུ་གཉིས་ པོ་རེ་རེ་ལ་རྩ་སུམ་ཅུ་རྣམས་སོ། །དེ་རྣམས་རེ་རེ་ལ་ཡང་མཚམས་ལྔའི་རྩ་རྣམས་ཏེ། ཉི་མའི་རྒྱུ་བར་གང་འགྲོ་བ། །ཞེས་བྱ་བ་ནི་ཕྱི་རོལ་དུ་ཉི་མའི་ནང་དུ་སྲོག་གིས་བགྲོད་པའི་འགྲོ་བ་སྟེ་རྩ་བའི་རྩར་འཇུག་པའོ། །དེ་ལྟར་སུམ་ཅུ་པོ་རེ་རེ་ལ་དྲུག་དྲུག་ཏུ་འགྱུར་རོ། །ཐམས་ཅད་ གཅིག་ཏུ་བྱས་པས་བརྒྱ་བརྒྱད་ཅུར་འགྱུར་རོ། །གང་ཉི་མ་རྒྱུ་བས་དེ་སྲོག་གི་རྣལ་འབྱོར་མ་རྣམས་ཀྱི་བགྲོད་པ་སྟེ་ལམ་དམ་པར་འཇུག་པའོ། །དེ་ལྟར་ཟླ་བ་དང་ཟླ་བར་ཞེས་བྱ་བ་ནི་འཕོ་བ་སོ་སོ་རྣམས་ཀྱི་ཆ་ཤས་འཕེལ་བས་ཡེ་ཤེས་ཀྱི་དབང་ཕྱུག་མ་རྣམས་ཀྱི་རང་བཞིན་གསལ་བར་ འགྱུར་རོ། །ཐམས་ཅད་གཉིས་སུ་མེད་པར་འགྱུར་ཏེ་འདི་ནི་ལྟེ་བའི་འཁོར་ལོའོ། །དེ་བཞིན་དུ་སྙིང་གར་བཤད་པ་ཞེས་བྱ་བ་ནི་སྙིང་གའི་འཁོར་ལོའོ། །མགྲིན་པར་ཞེས་བྱ་བ་ནི་མགྲིན་པའི་འཁོར་ལོ་སྟེ་གང་ལྟ་བུའི་ཁམས་ཞེས་བྱ་བ་ནི་མེའི་ཁམས་སོ། །སུམ་ཅུ་གཉིས་ཞེས་བྱ་བ་ནི་ མགོ་བོའི་འཁོར་ལོའོ། །རྒྱུད་མང་པོར་ཞེས་བྱ་བ་ནི་ཀྱེའི་རྡོ་རྗེ་འབུམ་ཕྲག་ལྔའི་བདག་ཉིད་དུའོ། །དེ་ལྟ་བུའི་གཟུགས་སུ་གནས་ཞེས་བྱ་བ་ནི་བཤད་པའི་འཁོར་ལོ་བཞིའི་རྩ་བསྐྱེད་པ་རྣམས་ཀྱི་དེ་རྣམས་སུ་རང་བཞིན་བསྐྱེད་པ་རྣམས་ཀྱི་གཟུགས་རྣམས་ཏེ་དེ་རྣམས་ཀྱི་གཟུགས་སུ་གཟུགས་ ཅན་མ་གནས་པའོ། །དེའི་རྣམ་པར་རྟོག་པས་ཕྱི་རོལ་གྱི་དངོས་པོར་བརྟགས་པས་དེ་དེ་བཞིན་ནོ། །ད་ནི་མིང་གི་ཡི་གེ་རྣམས་ཀྱིས་རིགས་པར་བསྐྱེད་པ་གསུངས་པ་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པས་གཟུགས་ཅན་མ་འདྲི་བ་སྟེ་རྒྱུའི་ཡི་གེ་ནི་གང་གི་ཕྱིར་གྱི་དོན་ཏེ། །དེ་སྔོན་དུ་ གཟུགས་ཅན་མའི་རང་བཞིན་གྱི་ཡི་གེ་གསུངས་པའི་མིང་གི་ཡི་གེ་བཅོམ་ལྡན་འདས་ཀྱིས་གསུངས་ཤིག་པའོ། །དེའི་ཚེ་བཅོམ་ལྡན་འདས་ཀྱིས་ལན་གསུངས་པ། གཟུགས་མེད་ཅེས་བྱ་བ་ལ་སོགས་པ་སྟེ་སོགས་པའི་སྒྲས་སྔར་བཤད་པའི་སྐུ་གསུམ་ཀྱང་ངོ་། །དེ་རྣམ་པར་དག་ པ་གདན་གྱི་ཚིག་འདི་ནི་རུའི་ཡི་གེའོ། །ཕ་ཞེས་བྱ་བ་ནི་པིའི་ཡི་གེའི་དོན་ཏོ། །འཁྱེར་བར་བྱེད་ཅེས་བྱ་བ་ནི་ཎིའི་ཡི་གེའི་དོན་ཏོ། །འགགས་པས་ཞེས་བྱ་བ་ནི་ཡན་ལག་འདི་རྣམས་ཐམས་ཅད་དུ་སྣ་ཚོགས་པའི་ཚིག་རྣམས་ཀྱི་རྣམ་པར་རྟོག་པའི་ནང་དུ་ཆོས་ཀྱི་དབྱིངས་ཀྱི་ གནས་རྣམས་སུ་ངེས་པར་བཅུག་པ་སྟེ་དེ་བཞིན་དུ་མངོན་སུམ་དུ་གྱུར་པར་གནས་སོ། །དེ་ཡིས་ལྷན་ཅིག་སྐྱེས་པའི་ཡང་དག་པའི་བྱང་ཆུབ་ཏུ་འདོད་ཅེས་བྱ་བ་ནི་དཀྱིལ་འཁོར་གྱི་འཁོར་ལོའི་རང་བཞིན་བསྒོམས་པ་ཡིས་ཀྱང་སྟེ་འདོད་པ་ནི་འཐོབ་པའོ། །དཀྱིལ་འཁོར་གྱི་འཁོར་ལོ་ ནི་སྔོན་བཞིན་དུ་གཟུགས་ཅན་མ་བདག་པོ་སྟེ་ཀུན་དུ་སྤྱོད་པའི་ལས་ཀྱིས་སོ། །དེ་ཉིད་དེ་ལྟར་ཡང་གཡས་པའི་འདབ་མའི་གཟུགས་ཅན་མ་བདག་པོའི་གནས་སུ་འོངས་པས་དེ་རྡོ་རྗེ་ཕག་མོ་དང་མཁའ་འགྲོ་མ་དང་ལཱ་མ་དང་ཁཎྜ་རོ་ཧའི་རང་བཞིན་གྱི་གཟུགས་ཅན་མར་འགྱུར་རོ། ། བདག་པོའི་གནས་ལས་གཟུགས་ཅན་མའི་གནས་སུ་འོངས་པས་རྡོ་རྗེ་ཕག་མོ་དང་མཁའ་འགྲོ་མ་དང་ལཱ་མའི་རང་བཞིན་དུམ་སྐྱེས་མ་གཟུགས་ཅན་མའི་རང་བཞིན་དུ་འགྱུར་རོ། །དེའི་ཕྱིར་ལྷན་སྐྱེས་ཀྱི་ཡང་དག་པའི་བྱང་ཆུབ་འདོད་ཅེས་བྱ་བའོ། །དེ་ལྟར་སྒྱུ་མའི་རྣམ་པའི་དཀྱིལ་ འཁོར་གྱི་འཁོར་ལོའི་རྣལ་འབྱོར་མ་རྣམས་ཀྱི་མདོག་དང་བཞུགས་ཚུལ་ལ་སོགས་པ་གསུངས་པ། སེར་མོ་ཞེས་བྱ་བ་ལ་སོགས་པ་སྟེ་རྟོགས་པར་སླའོ། །སྔགས་ཞེས་བྱ་བ་ལ་སོགས་པ་ནི་ཁ་སྦྱར་ཞེས་བྱ་བ་ནི་གཟུགས་ཅན་མའི་སྔགས་དང་། གོ་ཆའི་དཔའ་བོ་དྲུག་གི་སྔགས་རྣམས་ དང་ལྷན་ཅིག་ཡི་གེ་རེ་རེའི་བར་དུ་ཞེས་བྱ་བའོ། །དེའི་སྦྱོར་བས་གཟུགས་ཀྱི་གཙོ་མོ་རྣམས་ཀྱི་རང་བཞིན་ནོ། །ཨོཾ་གྱི་ཡི་གེ་ལ་སོགས་པས་འདི་ལྟར་བཤད་དེ། ཨོཾ་ཧ་ཨོཾ་ན་མ་ཧི་ཨོཾ་སྭཱ་ཧཱ་ཧཱུ། ཨོཾ་བཽ་ཥ་ཊ་ཧེ། ཨོཾ་ཧཱུྃ་ཧཱུྃ་ཧོ་ཨོཾ་ཕཊ་ཧ། དེ་བཞིན་དུ་ཨོཾ་བཛྲ་རཱུ་པི་ཎཱི་ཡ་ཀེ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། དེ་ལྟར་ཞེས་བྱ་བ་ལ་སོགས་པས་གཟུགས་ཅན་མའི་མཚན་ཉིད་སྣ་ཚོགས་པ་རྣམས་སྐྱེ་བ་ཞེས་བྱ་བའི་བར་དུ་ཚིགས་སུ་བཅད་པ་བཅུ་གཅིག་དེ་རྣམས་རྟོགས་པར་སླའོ། །འོན་ཀྱང་འདིའི་མཚན་ཉིད་ཀྱིས་བྱང་ཆུབ་ཀྱི་རང་བཞིན་གྱི་གླུ་གསུངས་པ། བྱང་ཆུབ་རང་བཞིན་ཞེས་བྱ་བ་ ལ་སོགས་པ་སྟེ་སེམས་ཅན་ཐམས་ཅད་གཟུགས་ཅན་མའི་ཡི་གེའི་རང་བཞིན་བྱང་ཆུབ་ཀྱི་རང་བཞིན་རྣམས་ཏེ། འོན་ཀྱང་། རྨོངས་པའི་བྱིས་པས་མི་ཤེས་སོ། །ཞེས་བྱ་བ་ནི་བྱིས་པའི་བསམ་པས་ཕན་པ་དང་མི་ཕན་པའི་དངོས་པོ་མི་རྟོགས་པས་དེ་རྨོངས་ཤིང་ཉམས་པ་རྣམས་ལ་བྱང་ཆུབ་མེད་ དེ་མཛོད་བྱེད་ཀྱི་སྲིན་བུ་བཞིན་འཁོར་བར་རང་རིག་གིས་འཆིང་ངོ་། །དེའི་ཕྱིར་བྱང་ཆུབ་སྒྲུབ་པའི་ཚིག་གསུངས་པ། སེམས་ཅན་ཐམས་ཅད་རྣལ་འབྱོར་མའི་དེ་ཉིད་ཅེས་བྱ་བ་སྟེ་གང་གིས་བྱང་ཆུབ་སྒྲུབ་པར་གྱུར་པས་རྨོངས་པ་ལ་སོགས་པའི་བྱིས་པའི་དངོས་པོར་འདོར་བར་བྱེད་དོ། །བྱང་ཆུབ་ ཀྱི་རང་བཞིན་དུ་འགྱུར་རོ། །གང་གིས་རྣལ་འབྱོར་མའི་དེ་ཁོ་ན་ཉིད་ཀྱི་གཟུགས་རྣམས་སུ་བརྟན་པ་ལ་སོགས་པ་ཐམས་ཅད་དྲན་པར་བྱའོ། །དེ་རྣམས་ཀྱི་སླར་ཡང་མི་གང་ཡིན་པ་རྡོ་རྗེ་འཆང་ཞེས་བྱ་བ་སྟེ། མུ་སྟེགས་པ་ལ་སོགས་པའི་གཏུམ་མོ་རྣམས་རང་དང་གཞན་ལ་ཕན་པར་རྣམ་ པར་དཔྱོད་པས་གང་ཡིན་པའི་མིའི་གཟུགས་ཀྱི་རྡོ་རྗེ་འཆང་སྟེ། དེའི་ཕྱིར་སེམས་ཅན་ཐམས་ཅད་བྱང་ཆུབ་སེམས་དཔའི་རང་བཞིན་ཞེས་བྱ་བའི་དོན་ཏོ། །ཚིགས་བཅད་འདིའི་གླུའི་དོན་འདིས། ཕག་མོ་ལ་སོགས་པ་ཐམས་ཅད་དེའི་གནས་སྐབས་སུ་རྣམ་པར་བྲེད་པ་ལ་སོགས་པ་ གསུམ་དུ་གྱུར་ཏོ། །ཅིའི་དོན་དུ་ཡང་འགྱེལ་ཞེས་དཔའ་བོ་ཐམས་ཅད་འདྲིའོ། །དེ་ལ་བཅོམ་ལྡན་འདས་ཀྱིས་གསུངས་པ། ཆོས་ཀྱི་སྤྱོད་ཡུལ་ངོ་མཚར་ཆེ། །ཞེས་བྱ་བ་སྟེ་རྣལ་འབྱོར་མ་རྣམས་ཀྱི་རང་གི་སེམས་དེས་སོ། །དེའི་ཚེ་དེར་དཔའ་བོ་ཞེས་བྱ་བ་ལ་སོགས་པས་བསྐུལ་བ་ གསུངས་པ། གསོན་ཅིག་གསོན་ཅིག་ཅེས་བྱ་བ་ལ་སོགས་པ་སྟེ། སྲིང་མོ་ཁྱེད་ཅེས་བྱ་བ་ནི་ཀྱེའི་སྲིང་མོ་ཁྱེད་དོ། །སེམས་ཅན་ཁམས་ཀྱི་རང་བཞིན་གྲོལ་བྱེད་མ། །ཞེས་བྱ་བ་ནི་སེམས་ཅན་གྱི་ཁམས་ཐམས་ཅད་ཁྱེད་ཀྱི་རང་བཞིན་དུ་ཁྱེད་ཀྱིས་འགྲོལ་བ་མའོ། །དེ་ཉིད་ཀྱི་ཕྱིར་ འདིར་གང་གི་ཕྱིར། ཁྱེད་དང་སེམས་ཅན་ལ་ནི་དབྱེ་བ་མེད། །ཅེས་བྱ་སྟེ། རྣལ་འབྱོར་མའི་རང་བཞིན་གྱི་སེམས་ཅན་དང་སེམས་ཅན་རྣམས་ཀྱི་ལུས་ཀྱང་དེ་ཉིད་དང་གཅིག་པ་སྟེ་དབྱེ་བ་མེད་དོ། །འདིས་ཀྱང་། དཔའ་བོ་ཐམས་ཅད་སྒྲོལ་བར་མཛད་པ་མོ། །ཞེས་བྱ་བ་ནི་བདག་ཐོད་པའི་དུམ་བུ་ལ་སོགས་ པ་སྒྲོལ་བ་ཉིད་ཀྱི་རང་བཞིན་གྱིས་ཞེས་བྱ་བའོ། །གླུ་འདིས་རྗེས་སུ་བསྐུལ་བ་རབ་ཏུ་སད་དོ། །སླར་ཡང་ཡོངས་སུ་དགའ་ནས་བཅོམ་ལྡན་འདས་ཞེས་བྱ་བ་ནི་དཔའ་བོ་ཐམས་ཅད་ཀྱི་རང་བཞིན་གྱི་སྐུ་ལ་ཆུ་ལ་ཆུ་བཞིན་དུ་རབ་ཏུ་ཞུགས་ཏེ་ཐམས་ཅད་རོ་མཉམ་པའི་རང་བཞིན་ཡེ་ཤེས་ དང་རྣམ་པར་ཤེས་པ་ཐིམ་པར་སོང་ཞེས་བྱ་བའོ། །སླར་ཡང་ཞེས་བྱ་བ་ལ་སོགས་པས་ཐམས་ཅད་ཀྱི་དོན་དུ་སྟེ་དེ་དེ་བཞིན་དུ་བཤད་དོ། །འོན་ཀྱང་ཡེ་ཤེས་དང་རྣམ་པར་ཤེས་པ་ཐིམ་པར་སོང་བས་གང་གི་ཚེ་སེམས་དྲན་པ་ཉེ་བར་གཞག་པའི་གཟུགས་ཅན་མ་དེའི་ཚེ་ཐིམ་པ་དང་སླར་ཡང་ དེའི་སེམས་ཀྱི་རང་བཞིན་དེ་ལྟར་ཞལ་ལས་སྤྲོ་བའོ། །རྣལ་འབྱོར་མ་ཐམས་ཅད་སྒྱུ་མ་ཆེན་མོ་ཞེས་བྱ་བའི་དོན་ཏོ། །གང་གི་ཕྱིར་དེ་བཞིན་དུ་དཔའ་བོའི་རང་བཞིན་དེའི་ཕྱིར་བཅོམ་ལྡན་འདས་སླར་ཡང་རྣམ་པར་སྣང་མཛད་ལ་སོགས་པའི་རྒྱུད་རྣམས་སྤྲོ་བའོ། །གཟུགས་ཅན་མ་ཡང་ཆོས་ ཐམས་ཅད་ཀྱི་རང་བཞིན་དེའི་དེ་ལྟར་དོན་ཞལ་ལས་ཞེས་བྱ་བ་སྟེ། དེའི་ཕྱིར་གསུངས་པ། རྣམ་པར་སྣང་མཛད་ལ་སོགས་པ། །ཞེས་བྱ་བ་ལ་སོགས་པ་ནས་ལྷག་མ་ཞེས་པའི་བར་དུ་ཚིགས་སུ་བཅད་པ་དྲུག་གིས་རྣལ་འབྱོར་གྱི་རྒྱུད་སུམ་ཅུ་རྩ་དྲུག་རྣམས་ཏེ། བསྡུས་ཞེས་བྱ་བ་ནི་འཇོམས་པའོ། །རྣལ་ འབྱོར་མའི་རྒྱུད་ཀྱི་དབུས་སུ་བྱས་ནས་སྒྲིབ་པ་མེད་པའི་ཡེ་ཤེས་ཀྱི་སྣང་བ་རྣལ་འབྱོར་མའི་རྒྱུད་རྣམས་སོ། །དེ་ལ་རྣལ་འབྱོར་མའི་རྒྱུད་རྣམས་སྤྲོ་བར་བྱ་ཞེས་བྱ་བ་ནི་ཆོས་ཐམས་ཅད་ཀྱི་ཆོས་ཉིད་ཀྱི་མཚན་ཉིད་འཇུག་པར་བྱེད་པའི་དུས་རྣམས་སུ་འཆད་པའོ། །དེའི་ཕྱིར་རྒྱུད་ཅེས་ བྱ་བ་ནི་སྣ་ཚོགས་པའི་རྣམ་པར་གཞག་པའོ། །དེ་ལྟར་ཞེས་བྱ་བ་ལ་སོགས་པས་ཉེ་བར་བསྡུ་བའི་དག་སྟེ་དེ་ལྟར་བཤད་པའི་རྒྱུད་དེ་རྣམས་ཀྱི་མིང་ངོ་། །སླར་ཡང་རྣལ་འབྱོར་མའི་རྒྱུད་དྲན་པའི་རྣམ་པར་གཞག་པ་བྱེད་དོ། །ཐབས་ཀྱི་དངོས་པོའི་མཚན་ཉིད་ལ། །ཞེས་བྱ་བའི་དོན་ཏོ། །འོན་ ཀྱང་ཤེས་རབ་ཀྱི་རྒྱུད་ཅེས་བྱ་བ་ལ་སོགས་པ་སྟེ་རབ་ཏུ་གསལ་བའི་ཡེ་ཤེས་གཞོམ་དུ་མེད་པའི་རྒྱུད་དེ་ཤེས་རབ་ཀྱི་རྒྱུད་དོ། །རང་བྱུང་ཞེས་བྱ་བ་ནི་རྣལ་འབྱོར་མ་རང་གི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པ་ལས་བྱུང་བའོ། །རང་གི་རང་བཞིན་རྟག་ཏུ་གནས། །ཞེས་བྱ་བ་ནི་གང་གི་དུས་སུ་གང་ དང་འདྲ་བའི་ཁམས་དེའི་དུས་སུ་རང་རང་གི་ཁམས་ཀྱི་རང་བཞིན་ལས་རྣལ་འབྱོར་མའི་རྒྱུད་རྣམས་ཞེས་བྱ་བར་དགོངས་སོ། །བྱང་ཆུབ་ཀྱི་ཕྱོགས་ཞེས་བྱ་བ་ནི་རྣལ་འབྱོར་མའི་རྒྱུད་དེ་ཡང་ཉམས་པ་མེད་པའི་གོ་འཕང་གི་རྗེས་སུ་འགྲོ་བ་སྟེ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ཞེས་བྱ་བ་འདི་ནི་ངེས་པའོ། ། བསྐལ་པ་ཞེས་བྱ་བ་ལ་སོགས་པ་སྟེ་སོགས་པའི་སྒྲས་འཇིག་པ་དང་འཆགས་པ་དང་གནས་པ་དང་སྟོང་པ་སྟེ་དེ་རྣམས་ཀྱི་དུས་སུ་ཡང་སྟེ་འཇིག་རྟེན་གྱི་ཁམས་ཉམས་ནས་མི་སྣང་བ་ན་གཞན་དུ་འགྲོ་ཞིང་ཡོངས་སུ་གནས་པ་གནས་སོ། །འོན་ཀྱང་དེ་ཡོངས་སུ་གྱུར་པས་གྲངས་མེད་པའི་འཇིག་རྟེན་གྱི་ ཁམས་རྣམས་ཀྱིས་དེ་ཉིད་དུ་ཞེས་བྱ་བའི་དོན་ཏོ། །དེ་རྣམས་ཀྱིས་ཀྱང་ཐོད་པའི་དུམ་བུ་ལ་སོགས་ཞེས་བྱ་བ་ནི་དཔའ་བོ་ཉི་ཤུ་རྩ་བཞི་རྣམས་ཀྱི་མིང་མི་བསྐྱོད་པ་ལ་སོགས་པ་སྟེ་འདིར་མི་བསྐྱོད་པ་ནི་ཐོད་པའི་དུམ་བུའོ། །ཀེང་རུས་ཆེན་པོ་ནི་རྣམ་པར་སྣང་མཛད་དོ། །འོད་དཔག་ཏུ་མེད་པ་ནི་ཀེང་རུས་སོ། ། མཆེ་བ་རྣམ་པར་གཙིགས་པ་ནི་རིན་ཆེན་འབྱུང་ལྡན་ནོ། །དོན་ཡོད་གྲུབ་པ་ནི་ལྷའི་དགྲའོ། །འོད་དཔག་མེད་ནི་སའི་སྙིང་པོའོ། །ནམ་མཁའི་སྙིང་པོ་ནི་རྡོ་རྗེའི་འོད་དོ། །རྡོ་རྗེའི་སྐུ་ནི་ཕྱག་ན་རྡོ་རྗེའོ། །མྱུ་གུ་ཅན་ནི་འཇིག་རྟེན་དབང་ཕྱུག་གོ། །རྡོ་རྗེ་རལ་པ་ཅན་ནི་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་ བའོ། །དཔའ་བོ་ཆེན་པོ་ནི་ཀུན་དུ་བཟང་པོའོ། །རྡོ་རྗེ་ཧཱུྃ་མཛད་ནི་འཇམ་དཔལ་ལོ། །ཤིན་ཏུ་བཟང་པོ་ནི་བྱམས་པའོ། །རྡོ་རྗེ་བཟང་པོ་ནི་གཤིན་རྗེ་མཐར་བྱས་སོ། །འཇིགས་བྱེད་ཆེན་པོ་ནི་ཤེས་རབ་མཐར་བྱས་སོ། །མིག་མི་བཟང་ནི་པདྨ་མཐར་བྱས་སོ། །སྟོབས་པོ་ཆེ་ནི་བགེགས་ མཐར་བྱས་སོ། །རིན་ཆེན་རྡོ་རྗེ་ནི་མི་གཡོ་བའོ། །རྟ་མགྲིན་ནི་དབྱུག་པ་སྔོན་པོའོ། །ནམ་མཁའི་སྙིང་པོ་ནི་འདོད་པའི་རྒྱལ་པོའོ། །དཔལ་ཧེ་རུ་ཀ་ནི་སྟོབས་པོ་ཆེའོ། །པདྨ་གར་གྱི་དབང་ཕྱུག་ནི་གནོད་མཛེས་རྒྱལ་པོའོ། །རྣམ་པར་སྣང་མཛད་ནི་གཙུག་ཏོར་འཁོར་ལོས་སྒྱུར་བའོ། ། རྡོ་རྗེ་སེམས་དཔའ་ནི་རྡོ་རྗེ་སེམས་དཔའོ། །དངོས་པོའི་དབྱེ་བ་རྣམས་སུ་ཞེས་བྱ་བ་ནི་ཞི་བ་དང་དྲག་པོའི་དབྱེ་བ་དག་གིས་རྣམ་གྲངས་སོ་སོར་བྱས་པའོ། །རིགས་ནི་དུ་མ་འབྱུང་བའོ། །ཞེས་བྱ་བ་ནི་དེ་ལྟར་བརྩམས་ནས་རིགས་དུ་མ་རྣམས་ཏེ་སྣ་ཚོགས་པའི་རིགས་སོ། །དེ་ཡང་གཟུགས་ ཅན་མའི་གོ་འཕང་ལ་གནས་ནས་ཞེས་བྱ་བ་ནི་སྔོན་དུ་བཤད་པའི་རིམ་པས་གཟུགས་ཅན་མའི་གོ་འཕང་རྣམས་སུ་དཔའ་བོ་སྟེ་རྣལ་འབྱོར་པས་ས་རྣམས་ཀྱི་གནས་སུ་འཁོར་ལོས་སྒྱུར་བ་བཅུ་གཉིས་ཀྱི་གོ་འཕང་རྣམས་སུ་གླལ་བ་སྟེ་རྩེན་པའོ། །འདིར་གལ་ཏེ་དེ་སྲིད་དུ་རྣལ་ འབྱོར་པས་དཔའ་བོ་ཉིད་དུ་འཁོར་ལོས་སྒྱུར་བའི་གོ་འཕང་རྣམས་སུ་རྣམ་པར་གླལ་བ་སྟེ། དེ་འཆི་བ་ཇི་ལྟར་ཞེ་ན། གསུངས་པ། དེ་བདེན་ཏེ་འོན་ཀྱང་འཇིག་རྟེན་རྣམས་སུ་རབ་ཏུ་གྲགས་པ་ཙམ་སྟེ། དོན་དམ་པར་བདེ་མཆོག་གི་རྣལ་འབྱོར་པས་རང་གིས་མཁའ་ལ་སྤྱོད་པ་ཉིད་ཐོབ་པའོ། ། དེས་འདི་གཟུགས་ཆེ་ཞེས་བྱ་བ་ལ་སོགས་པ་སྟེ། གཟུགས་ཞེས་བྱ་བ་ནི་ཁམས་དྲུག་གི་བདག་ཉིད་ཅན་འདི་སྐྱེས་བུ་ཆེན་པོའི་གང་ཟག་གིས་གཟུགས་ཀྱི་སྐུ་སྟེ་དེ་སྲོག་དམན་པའི་དུས་སུ་འཆི་བ་ཞེས་བྱ་བར་འདུ་ཤེས་སོ། །གཟུགས་མེད་པ་ལས་གཟུགས་སུ་གྱུར། །ཞེས་བྱ་བ་ནི་སེམས་ དང་ཀུན་གཞིའི་རྣམ་པར་ཤེས་པའི་འདུ་ཤེས་ཅན་དེའི་གཟུགས་ཀྱིས་གཟུགས་སུ་འགྱུར་རོ། །དེ་ཉིད་ཀྱི་གཟུགས་འཁྱེར་བ་སྟེ་རྣལ་འབྱོར་མ་ཐམས་ཅད་ཀྱི་ཚོགས་ཀྱི་མཁའ་སྤྱོད་ཀྱི་གོ་འཕང་རྣམས་སུ་བདེ་མཆོག་དང་མཉམ་ཞེས་བྱ་བའོ། །ཇི་ལྟར་གཙོ་བོ་འཁོར་ལོ་སྡོམ་པ་དཔའ་བོ་དང་དཔའ་ མོའི་དབང་ཕྱུག་རྣམས་ཀྱི་དབུས་སུ་སྟེ། དེ་བཞིན་དུ་རྣལ་འབྱོར་པ་དེ་དང་མཉམ་ཞེས་བྱ་བའི་དོན་ཏོ། །འདི་སྐད་ཀྱང་གསུངས་ཏེ། འདིར་སྔོན་དུ་བཤད་པའི་རྣལ་འབྱོར་མ་རྣམས་ཀྱི་ཀུན་དུ་སྤྱོད་པ་དེ་སླར་ཡང་བྱ་བ་བཤད་པ། གཟུགས་ཅན་མ་བདག་པོའི་གནས་ནས་ཤར་གྱི་འདབ་མ་ལ་ འགྲོའོ། །དེ་ལ་གནས་པའི་རྡོ་རྗེ་ཕག་མོ་མཁའ་འགྲོ་མའི་རང་བཞིན་བདག་པོའི་གནས་སུ་འོང་བའོ། །སླར་ཡང་རྡོ་རྗེ་ཕག་མོ་དེ་བྱང་གི་འདབ་མ་ལ་འགྲོའོ། །དེ་ལ་གནས་པའི་མཁའ་འགྲོ་མ་རྡོ་རྗེ་ཕག་མོ་དང་ལཱ་མའི་རང་བཞིན་བདག་པོའི་གནས་སུ་འོང་བའོ། །དེ་བཞིན་དུ་མཁའ་འགྲོ་མ་ནུབ་ཀྱི་འདབ་ མ་ལ་འགྲོ་བའོ། །དེ་ལ་གནས་པའི་ལཱ་མ་རྡོ་རྗེ་ཕག་མོ་དང་མཁའ་འགྲོ་མ་དང་དུམ་སྐྱེས་མའི་རང་བཞིན་བདག་པོའི་གནས་སུ་འོང་བའོ། །སླར་ཡང་ལཱ་མ་གཡས་ཀྱི་འདབ་མར་འགྲོའོ། །དེ་ལ་གནས་པའི་དུམ་སྐྱེས་མ་རྡོ་རྗེ་ཕག་མོ་དང་མཁའ་འགྲོ་མ་དང་དུམ་སྐྱེས་མ་དང་གཟུགས་ཅན་མའི་ རང་བཞིན་བདག་པོའི་གནས་སུ་ལྷག་པར་འོང་བའོ། །དེ་བཞིན་དུ་དུམ་སྐྱེས་མ་ཤར་གྱི་འདབ་མ་ལ་འགྲོའོ། །དེ་ལ་གནས་པའི་གཟུགས་ཅན་མ་བདག་པོའི་གནས་སུ་འོང་བའོ། །སླར་ཡང་གཟུགས་ཅན་མ་དེ་བྱང་གི་འདབ་མ་ལ་འགྲོའོ། །དེ་ལ་གནས་པའི་རྡོ་རྗེ་ཕག་མོ་བདག་པོའི་གནས་སུ་ འོང་ངོ་། །དེ་བཞིན་དུ་རྡོ་རྗེ་ཕག་མོ་ནུབ་ཀྱི་འདབ་མ་ལ་འགྲོའོ། །དེ་ལ་གནས་པའི་བདག་པོའི་གནས་ནས་འོང་བའོ། །དེ་ལྟར་མཁའ་འགྲོ་མ་ལྷོར་འགྲོའོ། །དེ་ལ་གནས་པའི་ལཱ་མ་བདག་པོའི་གནས་སུ་འོང་བའོ། །སླར་ཡང་ལཱ་མ་དེ་ཤར་གྱི་འདབ་མ་ལ་འགྲོ་བའོ། །དེ་ལ་གནས་པའི་ དུམ་སྐྱེས་མ་བདག་པོའི་གནས་སུ་འོང་ངོ་། །དེ་བཞིན་དུ་དུམ་སྐྱེས་མ་བྱང་གི་འདབ་མར་འགྲོའོ། །དེ་ལ་གནས་པའི་གཟུགས་ཅན་མ་བདག་པོའི་གནས་སུ་འོང་ངོ་། །སླར་ཡང་གཟུགས་ཅན་མ་ནུབ་ཀྱི་འདབ་མ་ལ་འགྲོ་བའོ། །དེ་ན་གནས་པའི་རྡོ་རྗེ་ཕག་མོ་བདག་པོའི་གནས་སུ་འོང་ངོ་། དེ་ལྟར་རྡོ་རྗེ་ཕག་མོ་ལྷོའི་འདབ་མ་ལ་འགྲོའོ། །དེ་ལ་གནས་པའི་མཁའ་འགྲོ་མ་བདག་པོའི་གནས་སུ་འོང་ངོ་། །སླར་ཡང་མཁའ་འགྲོ་མ་དེ་ཤར་གྱི་འདབ་མ་ལ་འགྲོའོ། །དེ་ལ་གནས་པའི་ལཱ་མ་ཡང་བདག་པོའི་གནས་སུ་འོང་ངོ་། །དེ་བཞིན་ལཱ་མ་བྱང་གི་འདབ་མ་ལ་འགྲོའོ། ། དེ་ལ་གནས་པའི་དུམ་སྐྱེས་མ་བདག་པོའི་གནས་སུ་འོང་ངོ་། །དེ་ལྟར་དུམ་སྐྱེས་མ་ནུབ་ཀྱི་འདབ་མ་ལ་འགྲོའོ། །དེ་ལ་གནས་པའི་གཟུགས་ཅན་མ་བདག་པོའི་གནས་སུ་འོང་ངོ་། །གཟུགས་ཅན་མ་དེ་སླར་ཡང་ལྷོའི་འདབ་མ་ལ་འགྲོའོ། །དེ་ལ་གནས་པའི་རྡོ་རྗེ་ཕག་མོ་ བདག་པོའི་གནས་སུ་འོང་ངོ་། །དེ་ལྟར་ཐིམ་པ་དང་ལོངས་སྤྱོད་པ་སྟེ་བདག་པོ་དང་གཙོ་བོ་ཉིད་ལས་ལོངས་སྤྱོད་དོ། །གླིང་དང་གླིང་སོ་སོར་དུས་བཞིར་རྗེས་སུ་སོན་པའི་གཟུགས་ཅན་ཞེས་བྱ་བའོ། །འདི་གསུངས་སོ་ཞེས་བྱ་བ་ལ་སོགས་པས་སྡུད་པར་མཛད་པ་མོའི་ཚིག་གོ། ། དཔལ་ཞེས་བྱ་བ་ལ་སོགས་པ་ལེའུ་ཡོངས་སུ་རྫོགས་པའོ། །ལྷག་མ་རྟོགས་པར་སླའོ། །དཔལ་མཁའ་འགྲོ་རྒྱ་མཚོ་རྣལ་འབྱོར་མའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོའི་འགྲེལ་པ་གྲུ་གཟིངས་ལས། གཟུགས་ཅན་མ་བསྐྱེད་པའི་མཚན་ཉིད་དང་རང་བཞིན་དང་དེ་བཞིན་དུ་རྩའི་འཁོར་ལོའི་རང་བཞིན་ དང་གནས་ཀྱི་རྣམ་པར་གཞག་པ་དང་རྒྱུད་སྤྲོ་བའི་མཚན་ཉིད་དང་དཀྱིལ་འཁོར་གྱི་འཁོར་ལོ་དང་སྔགས་དགོད་པའི་ཆོ་ག་སྟེ་ལེའུ་དྲུག་པའི་བཤད་པའོ།། །།རྣལ་འབྱོར་མའི་མཆོག་མ་མོ་སྟེ། འགྲོ་དང་འོང་བ་ཉམས་བྱའི་ཕྱིར། །སྲོག་ལ་སོགས་པའི་རླུང་བཅུ་པོ། ། ཀུན་རྫོབ་དང་ནི་དོན་དམ་གྱི། །བདེན་པ་གཉིས་ལ་བརྟེན་པ་མོའི། །ཐོག་མར་ཁྭ་གདོང་ཕྱག་བྱས་ནས། །རྡོ་རྗེའི་ཚིག་ནི་རྟོགས་བྱེད་པ། །དོན་གསལ་བྱ་ཕྱིར་འགྲེལ་གསལ་བྱ། །ད་ནི་ལེའུ་བདུན་པའི་བཤད་པ་གསུངས་པ། དེ་ནས་ཞེས་བྱ་བ་ལ་སོགས་པ་སྟེ། དེ་ནས་ཞེས་བྱ་བ་ནི་སྔོན་ མ་ལ་ལྟོས་པ་སྟེ། དེ་མ་ཐག་པར་རབ་ཏུ་འཇུག་པའོ། །ཆོ་ག་མཐོང་བའི་ལས་ཀྱིས་སོ། །ཞེས་བྱ་བ་ནི་ཆོ་ག་སྣ་ཚོགས་པའི་ཏིང་ངེ་འཛིན་ལས་ཡོངས་སུ་བྱས་པ་བསྒོམ་པའི་མཚན་ཉིད་ཀྱིས་ཏེ། དེས་བལྟས་པས་དེའི་སྐད་ཅིག་ལ་ལས་འགྲུབ་བོ། །སྦྱོར་མཆོག་ཅེས་བྱ་བ་ནི་མཆོག་མི་ གཡོ་བའི་ཏིང་ངེ་འཛིན་ཏེ་ཁྭ་གདོང་མ་གང་གིས་འབྱུང་བ་འཆད་པར་འགྱུར་བ་ལས་དེ་ཆོ་ག་སྟེ་ཐར་པར་འགྲོ་བ་མོའི་རྣལ་འབྱོར་མ་རྣམས་ཀྱི་དངོས་གྲུབ་སྟེར་བ་མོ་སྟེ། མྱུར་དུ་ཞེས་བྱ་བ་སྟེ་སྨྲ་ཞིང་བཤད་པར་བྱའོ་ཞེས་བྱ་བར་འབྲེལ་ལོ། །ཉེ་བའི་གླིང་ཞེས་བྱ་བའི་དབང་ལྡན་གྱི་མཚམས་ཀྱི་ལྷོའི་ཕྱེད་ དེ་ལ་གནས་པའོ། །མི་དང་མི་མོའི་རང་བཞིན་དུ་གནས་པ་སྟེ། ཙའི་ཡི་གེས་ཀུན་དུ་སྤྱོད་པའི་ལས་ཀྱིས་ཀྱང་ངོ་། །ཁྱུ་མཆོག་ཅེས་བྱ་བ་ནི་གཡས་པའི་སྣའི་བུ་གར་འཕོ་བའོ། །སྔོན་གྱི་ཚད་ཀྱིས་བཟང་པོ་སོ་སོར་བསྐྱེད་པའི་མཚན་ཉིད་ཀྱིས་ས་གའི་ཟླ་བའི་དུས་སུ་ཤེས་པར་བྱ་སྟེ། མཆོག་གི་ དབང་ཕྱུག་མ་བསྐྱེད་པ་དང་། ས་ལྔ་པ་དང་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའི་མ་དེའི་དུས་སུ་དགའ་བ་ལ་གོམས་པ་དག་ལ་དེ་དེ་བཞིན་དུ་བཤད་དོ། །ད་ནི་ཁྭ་གདོང་མའི་ཡི་གེ་རྣམས་ཀྱི་རང་བཞིན་གསུངས་པ། སྒོར་ཞེས་བྱ་བ་ལ་སོགས་པ་སྟེ། ཤར་གྱི་སྒོར་གནས་པ་མོའི་ལྷ་མོ་ཁྭ་གདོང་མ་སྒོ་ སྐྱོང་མ་བསམ་གཏན་བཞིའི་བདག་ཉིད་ཅན་ནོ། །དེ་ཉིད་གསུངས་པ། ཀཱ་མིང་ཆོས་དབྱིངས་ཅན་མའོ། །ཞེས་བྱ་བ་ནི་ཆོས་ཀྱི་དབྱིངས་ཀྱི་སྒྲས་བསམ་གཏན་བཞི་སྟེ་འོད་གསལ་བའོ། །གཉིས་པ་ཀའི་ཡི་གེ་ཆོས་ཀྱི་སྐུ་དེའི་སྐབས་ནས་ལོངས་སྤྱོད་རྫོགས་པའི་སྐུ་འབྱུང་བའོ། །ཇི་ལྟར་ ནམ་མཁའ་ལ་གློག་དང་སྤྲིན་རྒྱུ་མཚན་མེད་པར་འབྱུང་སྟེ་སེམས་ཅན་རྣམས་ཀྱི་བསོད་ནམས་ཀྱི་ནུས་པས་ཀྱང་ངོ་། །དེ་བཞིན་དུ་ཆོས་ཀྱི་སྐུ་རང་བཞིན་སྟོང་པ་ཉིད་རྣམ་པར་རྟོག་པ་མེད་པ་ལས་ལོངས་སྤྱོད་རྫོགས་པའི་སྐུ་དང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་གཏད་པ་མེད་པར་སྔོན་བྱས་ པའི་བསོད་ནམས་ཀྱིས་འདིར་འབྱུང་བའོ། །སླར་ཡང་དེ་ཉིད་དུ་ཐིམ་ནས་འགྲོའོ། །སྱཱ་ནི་ཞེས་བྱ་བ་ནི་སྱཱའི་ཡི་གེའི་དོན་དེར་ལོངས་སྤྱོད་རྫོགས་པའི་སྐུ་ལས་འབྱུང་བ་སྟེ། སྤྲུལ་པའི་སྐུ་སྣ་ཚོགས་པའི་རྣལ་འབྱོར་མའི་ཀུན་དུ་འགྲོ་བས་སོ། །ཧེའི་ཡི་གེ་ནི་གང་གི་ཕྱིར་གྱི་དོན་ཏེ་ལྟེ་བ་དང་སྙིང་ ག་དང་མགྲིན་པ་དང་མགོ་བོ་རྣམས་ལ་རྣལ་འབྱོར་པ་རྣམས་ཀྱི་འཁོར་ལོའི་ལྟེ་བ་ལས་བུ་ག་བཞི་ལས་བྱང་ཆུབ་ཀྱི་སེམས་འཛག་པར་ཤེས་པར་བྱའོ། །བྱ་རོག་ལྟ་བུའི་སྲོག་ཞལ་ཅན། །ཞེས་བྱ་བ་ནི་ཇི་ལྟར་བྱ་རོག་གི་གདོང་དེ་བཞིན་དུ་སྲོག་འབབ་པའི་བུ་གའི་ཁ་རྣམས་སོ། །མངོན་སྤྱོད་ ནི་གསོད་པ་སྟེ་རྟག་ཏུ་དུས་ཐམས་ཅད་དུ་མཉམ་པར་གཞག་པ་རྣམས་བྱས་ནས་དེ་ལ་ཞེས་བྱ་བ་ནི་བྱ་རོག་ལྟ་བུའི་གདོང་གི་བུ་གར་སྲོག་ཆགས་རྣམས་ཀྱི་སྲོག་བརྟེན་པ་སྟེ་རྣམ་པར་ཤེས་པ་རྣམ་པར་རྟོག་པའི་བདག་ཉིད་ཅན་གྱི་ངོ་བོ་ཉིད་རྣམས་ཀྱི་རང་བཞིན་ལ་གཞོམ་པ་སྟེ། སྐད་ཅིག་ ལ་གསོད་པའོ། །རྣལ་འབྱོར་པས་བསམ་པ་ཙམ་གྱིས་སོ། །སྦྱོར་བ་འདིས་ཀླུ་རྣམས་ཀྱི་སྟེ། སྲོག་ལ་སོགས་པའི་རླུང་བཅུ་ཡང་དག་པར་དགུག་པ་སྟེ། ཇི་ལྟར་བྱ་རོག་གིས་ཟོས་པའི་ཤ་ལ་ལར་སོང་བར་གྱུར་པས་ཀླུ་དྲག་པོ་དང་ལྷ་ལ་སོགས་པ་ཤར་ལྟུང་ངོ་། །དེའི་སྡང་བའི་ཀླུ་ལ་སོགས་ པ་དུའོ། །ཆར་འབེབས་པ་ལ་སོགས་པ་དང་རྡོ་རྗེ་ལྟུང་བར་བྱེད་དོ། །དེ་བཞིན་དུ་འདིར་སྲོག་ལ་སོགས་པ་བཀུག་པ་རྣམས་ཀྱིས་རྣམ་པར་རྟོག་པ་ཐམས་ཅད་ཟ་སྟེ་རིང་དུ་བྱེད་པས་སྡང་བའི་སྲོག་གི་དབང་པོའི་མགོ་བོ་ལ་ལྟུང་ངོ་། །སྲོག་གི་ནུས་པ་དང་སྲོག་མི་སྣང་བར་འགྱུར་རོ། །དེ་ཐམས་ ཅད་གཏུམ་པ་དང་ཁྲོ་བར་འགྱུར་རོ། །དེའི་ཕྱིར་བྱང་ཆུབ་ཀྱི་སེམས་ཀྱི་ཆར་འབེབས་ཏེ། དེའི་ཚེ་དེ་ལྟར་འཕོ་བ་མེད་པ་ཉིད་ཀྱིས་ནི་རེངས་པའོ། །དེ་རྣམས་ཀྱིས་ཀྱང་ཆོས་ཀྱི་དབྱིངས་བྱང་ཆུབ་ཆེན་པོ་མཆོག་ཏུ་མི་བཟད་པའི་ཡེ་ཤེས་དེའི་རང་བཞིན་རྣལ་འབྱོར་མ་ཐམས་ཅད་སེམས་ཅན་གྱི་ དོན་ཉིད་ཀྱི་ཕྱིར་ཆོས་དང་ལོངས་སྤྱོད་རྫོགས་པ་དང་སྤྲུལ་པར་འགྲོ་བ་མོ་དེ་རྣམས་སེམས་ཅན་རྣམས་ལ་བདེ་བ་འདོད་པ་ནི་ཇི་ལྟར་རང་ལ་དེ་བཞིན་དུ་ཐམས་ཅད་ལའོ། །དེ་ལྟར་རྣལ་འབྱོར་མ་སྒོམ་པའི་བདག་ཉིད་རྙེད་པར་དཀའ་བ་ཞེས་བྱ་བའོ། །ད་ནི་འདིའི་ཀུན་དུ་སྤྱོད་ པ་དང་དཀྱིལ་འཁོར་གྱི་འཁོར་ལོ་བསྒོམ་པ་དང་སྔགས་དགོད་པ་ལ་སོགས་པ་གསུངས་པ། སྔགས་བདེན་པ་ཞེས་བྱ་བ་ལ་སོགས་པ་སྟེ་བདེན་པ་ནི་སྔོན་དུ་བཤད་པའོ། །དེ་ལས་ཀྱི་བདག་ཉིད་དུ་རིག་སྟེ། དེ་རྣམས་ཀྱང་གང་གི་བྱ་རོག་གཙོ་མོ་དེ་སོ་སོར་ཞེས་བྱ་བ་ནི་ཁྭ་གདོང་མ་གཙོ་མོ་དེ་ལ་དེ་ སྐད་བཤད་དོ། །དབུས་ཀྱི་གནས་ལས་རྡོ་རྗེ་ཕག་མོ་ཤར་གྱི་སྒོར་བྱ་རོག་མའི་གནས་སུ་འགྲོའོ། །ཁྭ་གདོང་མའི་རང་བཞིན་དུ་འགྱུར་རོ། །ཁྭ་གདོང་མ་བདག་པོའི་གནས་སུ་ཡར་འོང་སྟེ། རྡོ་རྗེ་ཕག་མོའི་རང་བཞིན་དུ་འགྱུར་རོ། །བྱུང་བ་ཞེས་བྱ་བ་ནི་འཆད་པར་འགྱུར་བའི་སྔགས་དེ་ ལས་ཏེ་དེ་དེ་བཞིན་དུ་བཤད་དོ། །དེ་ལྟར་ནི་རྐང་པ་བརྒྱད་པའི་སྔགས་ཀྱི་རྐང་པ་དང་པོ་དང་ཁྭ་གདོང་མའི་དང་ཁ་སྦྱར་བ་གསུངས་པ། །ཨོཾ་བ་ན་ཞེས་བྱ་བ་ལ་སོགས་པས་ཏེ། ཨོཾ་ན་མོ་བྷ་ག་ཝ་ཏེ་བཱི་རེ་ཤཱ་ཡ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ་ཧཱུྃ། དེ་བཞིན་དུ་ཨོཾ་བཛྲ་ཀཱ་ཀཱ་སྱཱ་ཡ་ཀེ་ཧཱུྃ་ཧཱུྃ་ཕཊ་ཕཊ་ སྭཱ་ཧཱ་ཧཱུྃ། ཞེས་བྱ་བའོ། །རིང་དང་ཐུང་ངུའི་དབྱེ་བ་ཡིས། །ཞེས་བྱ་བ་ནི་གང་ལ་རིང་པོའི་ཡི་གེ་དེ་ལ་ཉིས་འགྱུར་སྦྱིན་ནོ་ཐུང་ངུ་རྣམས་སུ་རིང་པོ་བྱའོ། །ལྷག་མ་ཐམས་ཅད་རྟོགས་པར་སླའོ། །དཔལ་ཞེས་བྱ་བ་ལ་སོགས་པས་ལེའུ་ཡོངས་སུ་རྫོགས་པའི་ཚིག་སྟེ་སོགས་ཀྱི་སྒྲས་ཡི་གེའི་ རང་བཞིན་ལས་བསྐྱེད་པའི་དཀྱིལ་འཁོར་བསྒོམ་པ་དང་སྔགས་དགོད་པའོ། །དཔལ་མཁའ་འགྲོ་རྒྱ་མཚོ་རྣལ་འབྱོར་མའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོའི་འགྲེལ་པ་གྲུ་གཟིངས་ལས་ཁྭ་གདོང་མ་བསྐྱེད་པའི་མཚན་ཉིད་ཀྱི་རང་བཞིན་དང་དེ་བཞིན་དུ་དཀྱིལ་འཁོར་གྱི་སྒྲུབ་ཐབས་དང་སྔགས་དགོད་ པ་དང་ཆོ་གའི་མཚན་ཉིད་དང་སྲོག་ལ་སོགས་པའི་རླུང་བཅུའི་རྣམ་པར་གཞག་པའི་རང་བཞིན་གྱི་ཆོ་ག་སྟེ་ལེའུ་བདུན་པའི་བཤད་པའོ།། །།བྱ་བ་དང་ནི་བྱེད་པའི་དངོས། །ཡང་དག་ཡེ་ཤེས་རོའི་བདག་ཉིད། །སེམས་ཅན་ཀུན་བསྐྱེད་གཉིས་མེད་མ། །དེ་ཉིད་རྣམས་ཀྱི་ཕྱག་རྒྱའི་ ལྷ། །ཡན་ལག་དྲུག་གི་གཞི་བརྟེན་མ། །འུག་གདོང་མ་ལ་ཕྱག་བྱས་ནས། །བདག་བྱིན་བརླབ་པའི་སྔགས་པ་ཡི། །རབ་ཏུ་རྟོགས་བྱེད་འགྲེལ་བཤད་བྱ། །ད་ནི་ལེའུ་བརྒྱད་པ་རྒྱ་ཆེ་བར་བྱེད་པ་གསུངས་པ། དེ་ནས་གཞན་ཞེས་བྱ་བ་ལ་སོགས་པས་ཏེ། མཚན་ཉིད་མཆོག་ནི་གསང་ བ་སྟེ་འཆད་པར་འགྱུར་བ་གང་གིས་འུག་གདོང་མ་འདིར་གང་གི་རང་བཞིན་གྱིས་གསལ་བར་ཤེས་པ་སྟེ། དེ་ཉིད་གཞན་འཆད་པ་སྟེ་དེ་བདག་གིས་སོ། །ཁྱོད་ཉོན་ཅིག་པའོ། །ཅི་ཞེ་ན། བྱེད་པ་ཡང་དག་ཅེས་བྱ་བ་ནི་ཡང་དག་པའི་བྱང་ཆུབ་རྣམས་ཀྱི་བྱེད་པ་ནི་ཐབས་ཏེ་གང་གིས་བསམ་པ་ ཙམ་གྱིས་འཐོབ་པ་ནི་དགོས་པའོ། །སྣ་ཚོགས་པའི་དངོས་གྲུབ་རྣམས་ཀྱིས་མཉམ་པ་མེད་པའི་སེམས་ཅན་གྱི་དོན་བྱང་ཆུབ་ཀྱིས་བྱེད་པ་ཞེས་བྱ་བའི་དོན་ཏོ། །གང་དུ་བསྒོམ་པའི་བདག་ཉིད་ཀྱིས་འགྱུར་བ་གསུངས་པ། ཚིག་ཐམས་ཅད་ཅན་ཞེས་བྱ་བ་སྟེ་འཆད་པར་འགྱུར་བ་བསྒོམ་པས་ རང་བཞིན་རྣམས་སུ་དྲག་ཤུལ་གྱི་སྦྱོར་བ་ལ་སོགས་པས་སྒྲུབ་པར་བྱེད་པའོ། །ཐོག་མར་སྒོམ་པའི་སྦྱོར་བ་སྟེ་འཁྲིག་པ་ཞེས་བྱ་བ་ལ་སོགས་པ་ནས་གནས་ཞེས་བྱ་བའི་བར་དུ་ཚིགས་སུ་བཅད་པ་ཕྱེད་པ་དེ་རྣམས་ཀྱིས་སོ། །དེ་རྣམས་ཀྱིས་སླར་ཡང་། འུག་གདོང་ཡེ་ཤེས་བསྒྲུབ་བྱ་སྟེ། །ཞེས་བྱ་བ་ནི་འུག་ གདོང་མའི་ཡི་གེ་བཞི་ནི་ཡེ་ཤེས་དེ་ལམ་གསུམ་དུ་འགྲོ་བ་མོ་གང་གིས་ཨ་ཝ་དྷཱུ་ཏཱི་སྒྲུབ་པར་བྱེད་དེ་ལམ་གསུམ་ནི་ལྟེ་བའི་གནས་ནས་ཏེ་བརྐྱང་མ་དང་རོ་མ་དང་ཨ་ཝ་དྷཱུ་ཏཱི་ཞེས་བྱ་བ་སྟེ། དེ་སྒྲུབ་པའོ། །ཡི་གེའི་དོན་ཞེས་བྱ་བ་སྟེ། འདིའི་དོན་དུ་རིམ་པ་ཇི་ལྟ་བས། ཨུའི་ཡི་གེ་གསུངས་པ། དྲག་མོ་ཞེས་བྱ་བ་ལ་སོགས་པ་སྟེ་དྲག་པ་ཞེས་བྱ་བ་ནི་གཏུམ་པའི་འོད་ཟེར་འབར་བཞིན་པ་གཙིགས་པ་ལྷབ་ལྷབ་པར་གྱུར་པའོ། །ཙའི་ཡི་གེས་གཏུམ་མོའི་ཡེ་ཤེས་ཀྱི་ལམ་ལྟེ་བ་ནས་བརྩམས་ནས་ཇི་སྲིད་གཙུག་ཏོར་དུ་སོན་པ་ཨ་ཝ་དྷཱུ་ཏཱིའི་ནང་དུ་མིག་ལ་སོགས་པའི་དབང་པོ་ཟ་བས་ཞེས་བྱ་བ་ ནི་རང་བཞིན་མེད་པའི་ཡེ་ཤེས་ཀྱིས་དམིགས་པ་མེད་པར་བྱས་ནས་དེ་རང་གིས་འཕོ་བའི་དུས་རྣམས་སུ་དེ་དེ་བཞིན་དུ་བཤད་དོ། །ལུའི་ཡི་གེ་གསུངས་པ། སྲེད་ཅེས་བྱ་བ་ནི་སྲེད་པ་ཅན་མ་སྟེ་དེ་ཉིད་སྒྱུ་མ་ཆེན་པོ་སྟེ་ལྷ་ནི་མིག་ལ་སོགས་པའོ། །ལྷ་མིན་ནི་ཕུང་པོ་དང་ཁམས་ལ་སོགས་ པའོ། །སོགས་པའི་སྒྲས་ཡུལ་དང་ལས་ཀྱི་དབང་པོ་དང་། ལས་ཀྱི་དབང་པོའི་བྱ་བ་དང་། དམྱལ་བ་ལ་སོགས་པ་དང་ཡི་དགས་དང་དུད་འགྲོ་རྣམས་དང་། སྐྱེ་བོ་ནི་མི་རྣམས་ཏེ་རྣམ་པར་ཤེས་པ་ལས་དེ་རྣམས་སུ་དགའ་བ་དང་ཤིན་ཏུ་མཐུན་པས་ཁམས་ཐམས་ཅད་ འཇུ་བས་སོ། །ཀཱའི་ཡི་གེ་གསུངས་པ། མདའ་ཞེས་བྱ་བ་ནི་ཇི་ལྟར་མདའི་ཤུགས་ཤིན་ཏུ་མགྱོགས་པར་འགྲོ་བ་སྟེ། དེ་བཞིན་དུ་ཁམས་དེ་རྣམས་ལ་འགྲོ་བའོ། །ཇི་ལྟར་ཡང་དཀར་པོའི་ཚེས་གཅིག་ནས་བརྩམས་ནས་རྐང་པའི་མཐེ་བོང་ནས་ཉའི་བར་དུ་དཔྲལ་བར་འགྲོའོ། །འདི་རྣམས་ གཞུའི་བདག་ཉིད་དོ། །དེ་བཞིན་དུ་དབུ་མར་རབ་ཏུ་གནས་པ་ན། རྐང་པའི་མཐེབ་མཐར་བཅུ་གཉིས་ཞེས་བྱ་བ་ཡང་ནག་པོའི་ཚེས་གཅིག་ལ་སོགས་པ་ནས་ཇི་སྲིད་གནམ་སྟོང་གི་བར་དུ་སྟེ་དེ་དཔྲལ་བ་ནས་རྐང་པའི་མཐེ་བོའི་བར་དུ་འགྲོའོ། །སྟོང་པ་ཉིད་དང་སྙིང་རྗེའི་བདག་ཉིད་གཅིག་ཏུ་འདྲེས་ པར་བྱེད་པ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཞེས་བྱ་བའི་དོན་ཏོ། །དེ་ལྟར་འུག་གདོང་མའི་མིང་ལས་ནི་ཞེས་བྱ་བའོ། །སླར་ཡང་གསུངས་པ། ཨོ་ཌེ་ཞེས་བྱ་བ་ལ་སོགས་པ་ནས་གཙོ་མོའི་གཟུགས་ཅན་མ་ཞེས་བྱ་བའི་བར་དུ་རྟོགས་པར་སླའོ། །ད་ནི་དཀྱིལ་འཁོར་གྱི་འཁོར་ལོ་བསྒོམ་ པ་དང་། དེ་བཞིན་དུ་སྔགས་དགོད་པ་དང་། ཀུན་དུ་སྤྱོད་པ་སྟེ། སླར་ཡང་སྔགས་ཀྱི་བདག་ཉིད་ཆེ་བ་གསུངས་པ། སྔགས་ཞེས་བྱ་བ་ལ་སོགས་པ་སྟེ། སྔགས་ཀྱི་ཕྲེང་བའི་ཡི་གེ་ནི་ཕྲེང་བ་སྟེ་བདེ་བ་ཆེན་པོའི་འཁོར་ལོ་ལ་སོགས་པ་རྣམས་སུ་དེས་དེ་བཞིན་དུ་བསྐྱེད་པ་རྣམས་ཀྱིས་ གཅིག་ཏུའོ། །གང་སུམ་ཅུ་རྩ་བདུན་གྱི་བདག་ཉིད་དུ་སྐྱེ་བ་ཞེས་བྱ་བ་ནི། འུག་གདོང་མ་ལ་སོགས་པ་སྟེ་དེ་ཉིད་ཀྱི་ནི་དབུས་ཀྱི་གཙོ་མོ་སྟེ་རྡོ་རྗེ་ཕག་མོའི་རང་བཞིན་དེའི་བདག་ཉིད་ལས་སྐྱེས་པའི་རྣལ་འབྱོར་མ་ཐམས་ཅད་དོ། །སྔགས་ཀྱི་ཡི་གེ་གཉིས་བར་དུ་རེ་རེ་ཁ་སྦྱར་བར་གསུངས་པ། ཨོཾ་མ་ཞེས་བྱ་བ་ལ་སོགས་པ་སྟེ། ཨོཾ་མ་ཧཱ་ཀཱལྤཱགྣི་སནྣི་བྷཱ་ཡ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། ཨོཾ་བཛྲ་ཨུ་ལཱུ་ཀཱ་སྱཱ་ཡ་ཀེ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། དེ་ལྟར་སྔགས་དེ་ཁོ་ནའི་བདག་ཉིད་ཅེས་བྱ་བ་ནི་སྔགས་ཀྱི་དེ་ཁོ་ན་ཉིད་དེ་རང་གིས་རིག་པའི་བདག་ཉིད་ཅན་སྲོག་གི་རླུང་ཞེས་བྱ་བའི་དོན་ཏོ། །ཤེས་རབ་ཐབས་ཞེས་ བྱ་བ་ལ་སོགས་པ་རྟོགས་པར་སླའོ། །གཉིས་མེད་དུར་ཁྲོད་གནས་པ་མོ། །ཞེས་བྱ་བ་ནི་འདིར་ཁྭ་གདོང་ལ་སོགས་པ་བརྒྱད་པོ་འདི་རྣམས་ཐམས་ཅད་དུར་ཁྲོད་ན་གནས་པ་མོ་རྣམས་ཀྱི་གཉིས་སུ་མེད་པ་ནི་དབུས་སུ་ཀུན་དུ་སྤྱོད་པས་རེ་རེ་བརྒྱད་ཀྱི་རང་བཞིན་ནི་གནས་ཀྱི་དབང་གིས་སོ། །འོན་ཀྱང་རྩ་ཀུན་ དུ་སྤྱོད་པ་ཞེས་བྱ་བ་ནི་རྣལ་འབྱོར་མ་ཐམས་ཅད་ཀྱི་ཕན་ཚུན་རང་གི་གནས་ལས་གཡོ་བས་སོ། །རྒྱས་པ་དགའ་བའི་སྤྱོད་ཡུལ་ལོ། །ཞེས་བྱ་བ་ནི་ལྷན་ཅིག་སྐྱེས་པའི་དགའ་བ་རྣམས་ཀྱིས་བསྲུབ་པ་དང་སྲུབ་པའི་དུས་སུ་དེའི་སྤྱོད་ཡུལ་འཐོབ་པར་བགྱིད་པ་སྟེ་ཀུན་དུ་སྤྱོད་པ་ཐམས་ཅད་ཀྱིས་རྣལ་འབྱོར་ མ་རབ་ཏུ་རྒྱས་པ་སྟེ་གསལ་བར་གྱུར་པ་ཞེས་བྱ་བའི་དོན་ཏོ། །དེ་རྣམས་ཀྱིས་ཀྱང་འདི་ཀུན་ནས་འཚོ་བ་ཞེས་བྱ་བ་ནི་ཡང་དག་པའི་འཚོ་བའི་ཏིང་ངེ་འཛིན་གྱི་ཆོས་ཀྱི་བྱེད་པ་སྟེ་འོད་གསལ་རྣམ་པའི་ཆོས་ཉིད་དོ་ཞེས་བྱ་བ་ནི་དགོས་པ་སྟེ་དེ་དག་གཉིས་སུ་མེད་པར་ཐམས་ཅད་བསྒྲུབ་པར་བྱའོ་ཞེས་བྱ་བའི་དོན་ ཏོ། །དེ་ནས་སླར་ཡང་བྱང་གི་སྒོར་འགྲོ་སྟེ་དབུས་བདག་པོའི་གནས་ནས་རྡོ་རྗེ་ཕག་མོའི་རང་བཞིན་གྱི་ཁྭ་གདོང་མ་ཡང་ངོ་། །དེ་ལ་གནས་པའི་འུག་གདོང་མ་བདག་པོའི་གནས་སུ་འོང་སྟེ་རྡོ་རྗེ་ཕག་མོ་དང་ཁྭ་གདོང་མའི་རང་བཞིན་དུ་འགྱུར་རོ། །འུག་གདོང་མའི་ཡང་བསྐྲད་པ་ཞེས་བྱ་བ་ལ་ སོགས་པ་སྟེ། ཇི་ལྟར་འུག་པ་གཞན་གྱི་གནས་སུ་འགྲོ་བ་ནི་མྱུར་བར་མཚན་མོ་བྱ་རོག་རྣམས་ཟ་བར་བྱེད་དོ། །དེ་མཐོང་བ་དང་བྱ་རོག་དེ་ལྟར་འབྲོས་པ་ཉིད་དོ། །དེ་བཞིན་དུ་ཀུན་དུ་སྤྱོད་པའི་དུས་སུ་ཁྭ་གདོང་མ་སྐྲོད་པ་སྟེ། དེ་ཞུགས་པས་ཟ་བའོ། །གཉིས་སུ་མེད་པ་ཉིད་ཀྱིས་རབ་ཏུ་འབྲོས་ པར་བྱེད་དོ། །དེའི་ཕྱིར་རིགས་པ་འདིས་ཙའི་ཡི་གེ་རྣལ་འབྱོར་གཟུང་བ་སྟེ། ལས་ནི་ཞི་བ་ལ་སོགས་པ་རྣལ་འབྱོར་པ་རྣམས་ཀྱི་འཇིག་རྟེན་རང་རང་གི་གླིང་དབང་ཕྱུག་མ་རྣམས་ཀྱི་གཙོ་མོར་འགྱུར་རོ། །དེ་ཡང་རང་བསྟན་བཅོས་སྣ་ཚོགས་ལས་ཞེས་བྱ་བ་ནི་མཁའ་འགྲོ་མ་མངོན་པར་བརྗོད་པ་ ལ་སོགས་པ་རྣམས་སུ་གསུངས་པ་རྣམས་དང་རྒྱུད་ཐམས་ཅད་དུ་གསུངས་པ་རྣམས་བྱའོ་ཞེས་བྱ་བའོ། །འོན་ཀྱང་སྦྱོར་བ་ཀུན་གྱིས་འཕགས། །ཞེས་བྱ་བ་ནི་ལས་སྣ་ཚོགས་ཐམས་ཅད་ཀྱི་རྒྱུད་རྣམས་སུ་འཆད་པར་འགྱུར་བའི་སྦྱོར་བས་རྫོགས་པར་བྱ་བའོ། །དེ་སླར་ཡང་རྣལ་འབྱོར་རྒྱུད་ འདིའི་སྤྱོད་ཡུལ་དེ་རྙེད་པར་སླའོ། །རྒྱུད་གཞན་དུ་ནི་མ་ཡིན་ཏེ་ཆུང་བ་ཉིད་ཀྱི་ཕྱིར་རོ། །གལ་ཏེ་དེ་སྲིད་སྣ་ཚོགས་པའི་རྒྱུད་རྣམས་སུ་གང་ཆུང་ཞིང་ཉུང་བར་གསུངས་པ་དེའི་ཚེ་རྒྱུད་ཐམས་ཅད་དུ་སྤྱོད་ཡུལ་ཏེ། དེའི་ཚེ་དེ་ནས་རྒྱུད་ཐམས་ཅད་དུ་འདི་ནི་བདག་ཉིད་ཆེ་བ་ ཡིན་ཞེ་ན། བཤད་པ། གང་ཟེར་བ་དེ་བདེན་ཏེ་འོན་ཀྱང་ཞེས་བྱ་བ་ནི་མང་དུ་ཐོས་པ་རྣམས་ཀྱི་སྤྱོད་ཡུལ་དེ་ལ་ཐོས་པ་ཆུང་བ་རྣམས་ཀྱིས་མ་ཡིན་ཞེས་བྱ་བའོ། །དེས་ན་འདི་ནི་རྙེད་པར་སླ་བ་ཉིད་དེ་བདག་ཉིད་ཆེ་བའོ། །གང་གི་ཕྱིར་དེའི་སྦྱོར་བ་ཐམས་ཅད་ཅེས་བྱ་བའོ། །རྒྱུད་དེ་ཐམས་ཅད་དུ་ ཡང་དྲང་བར་བྱ་སྟེ། ཙའི་ཡི་གེས་རྣལ་འབྱོར་གྱི་རྒྱུད་རྣམས་སུ་ཡང་ངོ་། །ཐམས་ཅད་བསྡུས་པའི་གཟུགས་རྒྱུད་འདིའོ། །རྣལ་འབྱོར་གྱི་ངག་རྣམ་པ་སྣ་ཚོགས་པ་ཞེས་བྱ་བའི་དོན་ཏོ། །དེའི་ཕྱིར་གསུངས་པ་སོ་སོར་སྡུད་པ་ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་བདུན་རྣམས་ནི་རྟོགས་ པར་སླའོ། །འོན་ཀྱང་བླ་མའི་ཞལ་ལས་ཤེས་པར་བྱའོ་ཞེས་བྱ་བ་ནི་ངེས་པའོ། །ད་ནི་ལུས་ཀྱི་མཚན་ཉིད་ཀྱིས་ཡུལ་ཉི་ཤུ་རྩ་བཞིའི་གནད་ཀྱི་མཚམས་གཉིས་དག་བཙིར་བས་རང་གིས་རིག་པ་གསུངས་པ། ལུས་ཞེས་བྱ་བ་ལ་སོགས་པ་སྟེ་མཚན་ཉིད་ཅེས་བྱ་བ་ནི་དུས་མ་ཡིན་པའི་འཆི་བ་འཆད་པར་ འགྱུར་བ་ཉིད་ཀྱི་ཕྱིར་ཡང་དག་པར་བཤད་པར་བྱ་བའོ། །རྩའི་གུར་ཞེས་བྱ་བ་ནི་ལུས་ཀྱི་གུར་ཏེ་དེ་ལྟར་སྤྱི་བོ་ལ་སོགས་པ་ནས། བོ་ལ་ཀཀྐོ་ལ་གཉིས་དག །ཅེས་བྱ་བའི་བར་དུ་གཉིས་ཀྱིས་བཞི་བཅུ་ཞེ་བརྒྱད་ཚིགས་རྣམས་སོ། །འོན་ཀྱང་འདི་རྣམས་ཀྱི་རྩའི་རྒྱུད་གཅིག་པ་རིམ་པ་ཇི་ལྟ་བར་ཁྱབ་པ་པོ་ རྣམས་ཏེ། དེའི་ཚིགས་ཀྱི་གནས་དག་ཅེས་བྱ་བ་ནི་སྐྱེ་བའི་གནས་ཀྱི་ཚིགས་སོ། །ངལ་སོ་བའི་གནད་ནི་གནད་དོ། །དེའི་ཕྱིར་སྤྱི་གཙུག་གི་ཚིགས་དང་། རྡོ་རྗེ་ནོར་བུའི་བར་དུ་གནད་དོ། །དེ་ལྟར་རྐང་པའི་མཐེ་བོ་དང་སྨིན་མའི་དབུས་དང་མཚན་མའི་རྩ་བ་དང་མིག་དང་དེ་བཞིན་དུ་སྣ་དང་བྱིན་པ་དང་ རྐང་པའི་མཐིལ་དང་ལྟེ་བ་དང་བཤང་བ་དང་རྐང་པ་དང་མཁུར་ཚོས་དང་མདོམས་དང་ལག་པ་དག་དང་དཔུང་པ་དང་རྩེ་མོ་དང་ཐལ་གོང་དང་རྐེད་པ་དང་དཔྲལ་བ་དང་རྣ་བའི་རྒྱབ་དང་རྩ་བ་དང་གནས་ཀྱི་ལྕེ་དང་། སླར་ཡང་རྐེན་གྱི་ལྕེའོ། །ཚིགས་ནི་འདི་རྣམས་སོ། །དེ་བཞིན་དུ་གནད་བཤད་པ། མཚམས་ ཀྱི་མཐའ་དང་རླིག་པ་གཉིས་དང་དཔྲལ་བ་དང་། དེ་བཞིན་དུ་རྐང་པའི་སོར་མོ་དང་། བྱིན་པ་དང་། རྣ་བ་དང་། སྙིང་ག་དང་། རྒྱབ་ཀྱི་རྒྱུད་དང་། རྐན་དང་། མཆུ་དང་། འགྲམ་པ་དང་། མཆན་ཁུང་དང་། རྩིབ་ལོགས་དག་དང་། ནུ་མ་དང་། མཇུག་ཐུང་དང་། དེ་བཞིན་དུ་མཁྲིག་མ་དང་། སྐེ་དང་། དཔྲལ་བ་དང་། དེ་བཞིན་དུ་རྩིབ་ལོགས་གཉིས་དང་། གཡས་པ་དང་། གཡོན་པའི་བརླ་གཉིས་དག་དང་། སྨིན་མ་བཅིངས་པ་དང་། མིའི་སྣ་དང་། བོ་ལ་ཀཀྐོལ་གནད་དོ། །དེ་ལྟར་བཙིར་བར་བྱའོ། །རང་རང་རྒྱུ་བར་ཞེས་བྱ་བ་ནི་སྲོག་རྒྱུ་བའི་དུས་རྣམས་སུ་གང་འབབ་པ་དེ་བཙིར་བར་ བྱའོ། །ངལ་སོ་བའི་དུས་སུ་མཚམས་རྣམས་སོ། །དེ་ལྟར་སྐྱེ་བའི་དུས་སུ་གནད་རྣམས་ཞེས་བྱ་བའོ། །ཅིའི་ཕྱིར། བྱང་ཆུབ་སེམས་ནི་བདག་ཉིད་ཆེ། །ཞེས་བྱ་བ་ནི་བྱང་ཆུབ་སེམས་ཀྱི་བདག་ཉིད་ཆེན་པོ་བདེ་བ་རྒྱས་པ་ཉིད་དུ་འགྱུར་རོ། །གང་གི་ཚེ་དེའི་ཚེ་རང་གི་རིག་པ་མི་གཡོ་བར་འགྲོའོ། ། དེ་ལྟར་དྲག་ཤུལ་སྦྱོར་བའི་ཆོ་གས་ཞེས་བྱ་བ་ནི་བླ་མའི་ཞལ་ལས་ཤེས་པར་བྱའོ། །འཕར་བ་དང་འདར་བ་ལ་སོགས་པས་རྩའི་འཁྲུལ་འཁོར་བསྟན་པར་བྱས་པས་དེའི་སྐད་ཅིག་ལས་དེ་བཞིན་དུ་མཚོན་པར་བྱ་བ་སྟེ། གོམས་པར་བྱ་བའི་དུས་སུའོ། །འདི་ནི་མདོར་བསྡུས་ནས་ཉེ་བར་བསྟན་པ་ཙམ་ སྟེ། དེའི་ཕྱིར་རྒྱ་ཆེ་བར་ཁོ་བོས་མ་བརྗོད་དེ་བླ་མ་གཅིག་ལ་གཅིག་བརྒྱུད་པ་ཉམས་པའི་འཇིགས་པ་སྟེ་འདི་ནི་ངེས་པའོ། །ཟླ་བ་དང་ཟླ་བ་ཞེས་བྱ་བ་ལ་སོགས་པས་ཟླ་བ་བཅུ་གཉིས་རྣམས་སུ་ཚེས་གྲངས་གང་ཡིན་པ་དེ་ཟླ་བ་སོ་སོ་ལ་ཚེས་གྲངས་སུམ་ཅུའོ། །རྩ་བའི་རྩ་བ་ཞེས་བྱ་བ་ནི་སྒྲུབ་ པར་བྱེད་པ་མོར་རབ་ཏུ་གནས་སོ། །དཀར་པོའི་ཚེས་གཅིག་ལ་སོགས་པར་གཡོན་པའི་རྐང་པའི་མཐེ་བོ་ལ་སོགས་པས་སོ། །ནག་པོའི་ཚེས་གཅིག་གི་མཐར་ཏེ། ཇི་སྲིད་ཟླ་བ་ཉའི་བར་དུ་སྟེ་མགོ་བོའི་བར་དུ་བཙིར་བར་བྱའོ། །དེ་བཞིན་དུ་ནག་པོའི་ཚེས་གཅིག་ལ་སོགས་པ་ཇི་ ལྟར་སྟོང་གི་བར་དུ་དཔྲལ་བ་ལ་སོགས་པ་ནས་གཡས་པའི་རྐང་པའི་མཐེ་བོའི་བར་དུ་བྱང་ཆུབ་ཀྱི་སེམས་འབབ་པའོ། །བྱང་ཆུབ་ཀྱི་སེམས་འབབ་པའི་རྩ་བཙིར་བར་བྱའོ། །འུག་ཅན་མ་ཡི་གདོང་སྤྱོད་མ། །ཞེས་བྱ་བ་ནི་རྩ་འདི་རྣམས་ཀྱི་སྒོ་རྣམས་ནི་འུག་གདོང་མ་ལྟ་བུ་སྟེ། ཕྱི་རོལ་གྱི་ལུས་ ཀྱི་ཡང་གནས་དང་གནས་སུ་ཞེས་བྱ་བའོ། །དེའི་ཕྱིར་དེ་རྣམས་སུ་གང་འདྲ་བ་ཞེས་བྱ་བ་དེ་ཁའོ། །ཕྱག་རྒྱ་ཡིས་ཀྱང་བཙིར་བ་དེའི་ཞེས་བྱ་བ་ནི་རྩ་སོ་སོ་ལ་དེ་དང་འདྲ་བར་བྱའོ། །སོར་མོ་ཞེས་བྱ་བ་ནི་མཐེའུ་ཆུང་གི་སྟེང་དུ་མིང་མེད་སྦྱར་བར་བྱའོ། །དེ་བཞིན་དུ་སྡིགས་མཛུབ་དང་ མཐེ་བོང་འཛོམ་པར་བྱའོ། །དེ་ལྟར་བཞི་པོ་གཅིག་ཉིད་དུ་སྦྱར་ནས་གུང་མོ་སྟེང་དུ་གཅིག་སྟེ་སོ་སོར་བཤད་པ་ལས་བཙིར་བར་བྱའོ། །དབུགས་ནི་དེ་འདྲ་བ་ཞེས་བྱ་བ་ནི་མཚན་མོའི་དུས་སུ་ཇི་ལྟར་འུག་པ་འདུག་པ་ན་མགོ་སྐྱོད་པར་བྱེད་དོ། །དེ་བཞིན་དུ་ཕྱི་དང་ནང་གི་བདག་ཉིད་ཀྱི་སྲོག་བསྐྱོད་པར་བྱ་བར་ འདོད་དོ། །བསྟན་བཅོས་ཐམས་ཅད་དུ་ཞེས་བྱ་བ་སྟེ། དེ་ནས་ཞེས་བྱ་བ་ནི་འཁོར་ལོ་བཞིའི་རྩ་བཙིར་བར་བྱའོ། །དེ་ལ་ཞེས་བྱ་བ་ལ་སོགས་པ་ནི་དེས་དེ་བཞིན་དུ་གཏུམ་མོ་འབར་བར་བྱའོ། །དེའི་ཕྱིར་ཞེས་བྱ་བ་ལ་སོགས་པ་ནི་ཨཾ་གི་རྣམ་པའི་ཡི་གེ་ཀུན་རྫོབ་ཀྱི་རྣམ་པར་རྟོག་པའོ། །དེ་བཞིན་ དུ་འདི་ཞེས་བྱ་བ་ལ་སོགས་པ་སྟེ། དབང་བསྐུར་གྱི་དུས་སུ་དབང་བསྐུར་གཉིས་པོ་དེས་དེ་ལྟར་འཆད་དོ། །གང་གིས་ཞེས་བྱ་བ་ལ་སོགས་པ་ནས་ཕྱག་རྒྱ་ཆེན་པོའི་བར་དུ་མི་རྟག་པ་ཉིད་གསུངས་པའོ། །རྨོངས་པ་ཞེས་བྱ་བ་ལ་སོགས་པ་ནི་ཉན་ཐོས་ལ་སོགས་པ་རྣམས་ཀྱིས་ཐར་པ་ གཟུང་བ་རིང་བར་ཡོངས་སུ་སྤོང་བར་བྱེད་དོ། །དེའི་ཕྱིར་རྗེས་སུ་གནས་ཞེས་བྱ་བ་ལ་སོགས་པ་སྟེ། ལམ་ངན་པ་སྤང་བར་བྱ་ཞིང་ལམ་བཟང་པོ་ལ་སྦྱར་བར་བྱའོ། །འདི་གསུངས་སོ་ཞེས་བྱ་བ་ལ་སོགས་པས་སྡུད་པར་མཛད་པ་མོའི་སྔོན་བཞིན་ནོ། །དཔལ་ཞེས་བྱ་བ་ལ་སོགས་པས་ལེའུ་ཡོངས་སུ་ རྫོགས་པའི་ངག་གོ། །ངེས་པའི་ཚུལ་ཞེས་བྱ་བ་ནི་ཚིག་འཇོམས་པ་སྟེ། དེ་ཉིད་ཆོ་ག་ལས་བསྐྱེད་པ། །ཞེས་བྱ་བའོ། །ཡང་དག་པར་སོ་སོར་བསྐྱེད་པའི་ཡི་གེའི་སྒོ་ནས་སོ། །སོགས་པའི་སྒྲས་དཀྱིལ་འཁོར་གྱི་འཁོར་ལོའི་བསྒོམ་པ་དང་སྔགས་དགོད་པ་དང་ཀུན་དུ་སྤྱོད་པ་དང་དྲག་ཤུལ་སྦྱར་ བའི་ཆོ་ག་རྣམས་སོ། །དཔལ་མཁའ་འགྲོ་རྒྱ་མཚོ་རྣལ་འབྱོར་མའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོའི་འགྲེལ་པ་གྲུ་གཟིངས་ལས་འུག་གདོང་མ་བསྐྱེད་པའི་མཚན་ཉིད་ཀྱི་ཆོ་ག་དང་སྲོག་བསྐྱེད་པ་ཉེ་བར་བསྟན་པ་དང་། དཀྱིལ་འཁོར་གྱི་འཁོར་ལོ་བསྒོམ་པ་དང་སྔགས་དགོད་པ་དང་ཀུན་དུ་སྤྱོད་པ་དང་དྲག་ཤུལ་ གྱི་སྦྱོར་བའི་རང་བཞིན་ཏེ་ལེའུ་བརྒྱད་པའི་བཤད་པའོ།། །།སྙིང་པོ་ཐམས་ཅད་བསྡུས་པ་མོ། །ཀུན་འགྲོའི་བདག་ཉིད་ཀྱི་ནི་མ། །ཡེ་ཤེས་རྫས་རྣམས་གསོལ་བ་མོ། །སྣ་ཚོགས་རེག་བདག་ཉིད་ལྷ་མོ། །གནས་སྐབས་ལེགས་པའི་མཚན་ཉིད་ཅན། །ཐོག་མར་འུག་གདོང་ཕྱག་ བྱས་ནས། །སྨན་ཆེན་ལྟ་བུ་བྱེད་མ་ཡི། །དེ་ཡི་འགྲེལ་པ་རབ་བཤད་བྱ། །ད་ནི་ལེའུ་དགུ་པ་རྒྱ་ཆེ་བར་གསུངས་པ། དེ་ནས་ཞེས་བྱ་བ་ལ་སོགས་པ་སྟེ་དོན་ཆེ་ཞེས་བྱ་བ་ནི་འཆད་པར་འགྱུར་བའི་མིང་གི་ཡི་གེ་ལ་སོགས་པས་བསྐྱེད་པའོ། །གནས་སྐབས་བཞིའི་རང་བཞིན་སངས་རྒྱས་ ཉིད་སྒྲུབ་པའོ། །དེའི་ཕྱིར་དེ་ནས་ཁྱི་གདོང་རྒྱུའི་དབྱེ་བས་ཞེས་བྱ་བ་ནི་དེའི་དབྱེ་བའི་རྒྱུས་རང་གི་གཟུགས་ཡོངས་སུ་བརྟག་པས་གཞན་ཡང་བཤད་པར་བྱའོ་ཞེས་བྱ་བར་འབྲེལ་ལོ། །གང་གིས་ཞེས་བྱ་བ་ནི་དོན་ཆེན་པོའི་རྒྱུ་ཡིས་ཤེས་པ་ཙམ་གྱིས་རང་གི་སེམས་ལ་རྣལ་འབྱོར་པ་ རྣམས་ཀྱིས་དེའི་ཚེ་དམིགས་པས་དངོས་གྲུབ་བླ་ན་མེད་པ་དེའི་ངོ་བོ་ཉིད་དུ་ཉེ་བར་འོང་བའོ། །དེའི་ཕྱིར་གསུངས་པ། སྭཱ་ནི་གནས་པ་ཞེས་བྱ་བ་ལ་སོགས་པས་དེ་སྭཱའི་ཡི་གེའི་དོན་ཏོ། །འདིར་ཇི་ལྟར་ཁྱིའི་འགྲོ་བ་དང་འོང་བ་དང་གནས་པའི་གནས་སྐབས་དེ་བཞིན་དུ་དབུགས་ཀྱི་རྣལ་འབྱོར་ མ་རྣམས་ཀྱིས་བཤད་དོ། །དེའི་ཕྱིར་སྭཱ་ནི་ཞེས་བྱ་བ་ནི་དབུགས་ཏེ། དེ་ལ་གནས་པའི་རྣལ་འབྱོར་མ་རྣམས་ཀྱིས་རང་བཞིན་གྱི་བདག་ཉིད་ཀྱིས་འགྲོ་བ་དང་ལྡོག་པའོ། །རང་གིས་ཞེས་བྱ་བ་ནི་ཇི་ལྟར་རླུང་གི་འགྲོ་བ་དང་འོང་བ་དེ་བཞིན་དུ་རྣལ་འབྱོར་མ་ཐམས་ཅད་བར་སྣང་ལ་རང་ཉིད་འདོད་པ་དེ་ ཉིད་དུ་འགྲོ་བ་དང་དེར་ཀུན་དུ་འགྲོ་བའོ། །དེ་ནས་སླར་ཡང་ལྡོག་གོ། །རང་གི་གནས་སུ་ཐིམ་པར་འགྱུར་རོ། །གཅིག་ཏུ་རྐྱེན་གྱིས་མ་ཡིན་ཞེས་བྱ་བའི་དོན་ཏོ། །དེའི་ཕྱིར་དུས་སུ་ཐམས་ཅད་དུ་གཉིད་ལོག་པ་སྟེ་ཞེས་བྱ་བ་ནི་ཇི་ལྟར་ཁྱི་དུས་ཐམས་ཅད་དུ་གཉིད་ལོག་པ་ནས་སད་དེ་དེ་བཞིན་ དུ་རླུང་གི་རྣལ་འབྱོར་མ་རྣམས་དངོས་པོ་མེད་པའི་གཟུགས་ཅན་མ་ཡིན་པ་རྣམས་གཉིད་ལོག་པའོ། །ཙའི་ཡི་གེ་ཆོས་ཀྱི་སྐུའི་གཟུགས་མ་རྣམས་སུ་དབུགས་རྒྱུ་བ་རྣམས་སུ་སྤྲུལ་པའི་སྐུའི་གཟུགས་ཅན་མ་རྣམས་ཏེ། སད་ལས་བདེ་བ་ཡོན་ཏན་ཆེ། །ཞེས་བྱ་བ་ནི་ཇི་ལྟར་ཡང་གཉིད་ ཆེན་པོའི་བདེ་བར་སོང་བའི་ཁྱི་སད་པ་ནི་དེའི་ཡོན་ཏན་ཆེན་པོའོ། །དེ་བཞིན་དུ་ཆོས་ཀྱི་སྐུའི་རང་བཞིན་དུ་སོན་པའི་རྣལ་འབྱོར་མ་དང་སངས་རྒྱས་རྣམས་མཆོག་ཏུ་བདེ་བའི་བདག་ཉིད་ཅན་སྤྲུལ་པའི་སྐུ་རྣམས་སད་དེ་དེ་ཉིད་དེ་རྣམས་སུ་ཡོན་ཏན་ཆེན་པོའོ། །དེ་ལྟར་ཡོན་ཏན་དང་ བཅས་པ་ནི་སྤྲུལ་པའི་སྐུའོ། །སྣ་ཚོགས་ཞེས་བྱ་བ་ནི་ནའི་ཡི་གེའི་དོན་ཏོ། །སྣ་ཚོགས་གནས་སུ་སོན་ནས་ནི། ཞེས་བྱ་བ་ནི་ཇི་ལྟར་ཁྱི་སྣ་ཚོགས་པའི་གནས་ཏེ་ཁྱིམ་ནས་ཁྱིམ་དང་སྲང་ནས་སྲང་དུ་སོང་བས་བདག་ཉིད་ཀྱིས་ནི་བདེ་བ་ཞེས་བྱ་བ་ནི་སྡུག་བསྔལ་གྱིས་མི་གོས་ཏེ་རང་བཞིན་གྱི་མཚན་ ཉིད་དོ། །དེ་བཞིན་དུ་རྣལ་འབྱོར་པས་གནས་དང་གནས་སུ་ཕྱིན་པས་རང་གི་བདེ་བ་རིག་སྟེ་རྣམ་པར་རྟོག་པ་མེད་པའི་ཕྱིར་རོ། །སྡུག་བསྔལ་སྤོང་ངོ་། །བརྒྱ་པའི་ཞེས་བྱ་བས་འཆད་པར་འགྱུར་བའི་འཁོར་ལོ་བཞིའི་གནས་སྐབས་འདིར་རྩ་ལས་འབྱུང་བར་ཤེས་པར་བྱའོ། །དེ་ལྟར་བཤད་པའི་ ཡི་གེ་གཉིས་ཀྱིས་ཁྱིའི་མིང་སྟེ་དེས་དེ་ལྟར་ཡི་གེ་གཉིས་ཀྱིས་ཤེས་པར་བྱ་བའོ། །བདེ་བ་སྟེར་མོ་ཞེས་བྱ་བ་ནི་དོན་ཆེན་པོ་བྱེད་པ་རྣམས་ཀྱིས་རང་བཞིན་གྱི་བདེ་བ་སྟེར་བ་མོ་ཞེས་བྱ་བའི་དོན་ཏོ། །ཨཱ་སྱ་ཞེས་བྱ་བ་ནི་རྩ་ཐམས་ཅད་ཀྱི་འཁོར་ལོ་བཞིའི་བདག་ཉིད་ལས་སྐྱེས་མ་རྣམས་ཀྱི་རབ་ཏུ་རྒྱས་ པ་སྟེ། ཁ་བྱེ་བ་སྟེ་དུས་ཐམས་ཅད་དུ་དགའ་བ་ལ་སོགས་པའི་གནས་སྐབས་ཀྱི་ཞལ་ལོ། །དེར་པདྨའི་སྙིང་པོ་དེ་རྣམས་སུ་ཞེས་བྱ་བ་ནི་རྩ་དེ་རྣམས་ཀྱི་དབུས་སུ་ཡེ་ཤེས་ཨ་ཝ་དྷཱུ་ཏཱིའི་པདྨ་རྣམས་ཏེ། དེ་རྣམས་ཀྱི་ལྟེ་བར་མཚོ་སྐྱེས་ཞེས་བྱ་བ་ནི་འདབ་མ་དྲུག་ཅུ་རྩ་བཞིའི་བདག་ཉིད་ཅན་ལྟེ་བའི་ པདྨ་སྟེ་ལྟེ་བའི་ཡང་ཞེས་པའོ། །དེར་སྐྱེས་པ་རྣམས་ནི་དྲུག་ཅུ་རྩ་བཞིའི་བདེ་བའི་བདག་ཉིད་སྐྱེ་བའི་གནས་སྐབས་ནི་སད་པའི་གནས་སྐབས་སྤྲུལ་པའི་སྐུ་ཅན་མ་རྣམས་སོ། །དེའི་ཕྱིར་གསུངས་པ། གཏོང་བ་ཞེས་བྱ་བ་ལ་སོགས་པ་སྟེ། གྲོང་དང་གྲོང་དུ་གནས་པ་མོ། །ཞེས་བྱ་བའི་བར་དུ་ཡང་ གཅིག་གོ། །གཉིས་པ་བཞི་པའི་གནས་སྐབས་གསུངས་པ། སངས་རྒྱས་རྣམས་སུ་རྒྱུད་ཀྱིས་ཞེས་བྱ་བ་ལ་སོགས་པ་ནས་རྩོད་པའི་ཆའི་རིགས་པའི་ཚུལ་ཞེས་བྱ་བའི་བར་རྣམས་ཀྱིས་སོ། །གསུམ་པ་རྨི་ལམ་གྱི་གནས་སྐབས་གསུངས་པ། པད་ཅན་མ་ཞེས་བྱ་བ་ལ་སོགས་པ་ནས་ ཐམས་ཅད་ཀྱི་མིག་ཅེས་བྱ་བའི་བར་རྣམས་ཀྱིས་སོ། །བཞི་པ་གཉིད་ལོག་པའི་གནས་སྐབས་གསུངས་པ། འགྲོ་བ་ཞེས་བྱ་བ་ལ་སོགས་པ་ནས་འདའ་བ་མཚུངས་ཞེས་བྱ་བའི་བར་རྣམས་ཀྱིས་སོ། །དེ་ལྟར་གནས་སྐབས་རྣམ་པ་བཞི་སྟེ་ཐམས་ཅད་རྟོགས་སླ་བས་མ་བཤད་དོ། །ད་ནི་སྔགས་ དགོད་པ་ལ་སོགས་པ་དང་དཀྱིལ་འཁོར་གྱི་འཁོར་ལོ་བསྒོམ་པ་གསུངས་པ། སྔགས་བདེན་པ་ཞེས་བྱ་བ་ལ་སོགས་པ་སྟེ། སྔགས་ཀྱི་སྦྱོར་བའི་བདག་ཉིད་དེ། །དེ་སྔགས་ཀྱི་དངོས་པོ་དམ་པ་རྣལ་འབྱོར་གྱི་བདག་ཉིད་ཀུན་རྫོབ་ཀྱི་རྣམ་པ་ཅན་བསྒོམ་པ་སྟེ། ཤེས་བྱའི་སྒྲིབ་པ་ལ་སོགས་པ་རབ་ཏུ་མྱོང་བ་ སྟེ་དབུས་ཀྱི་དཀྱིལ་འཁོར་དེ་ལ་དེ་སྐད་བཤད་དོ། །དེ་ལྟར་ཁ་སྦྱོར་གྱི་བདག་ཉིད་ཀྱི་སྔགས་གསུངས་པ། ཨོཾ་བ་བཛྲེ་ཞེས་བྱ་བ་ལ་སོགས་པ་སྟེ། དེ་ལ་ཨོཾ་ཛ་ཊཱ་མུ་ཀུ་ཊོཏྐ་ཊཱ་ཡ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། དེ་བཞིན་དུ་ཨོཾ་བཛྲ་ཤྭ་ནཱ་སྱཱ་ཡ་ཀེ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། རང་གི་བདག་པོར་རབ་འཇུག་པ། །ཞེས་བྱ་ བ་ནི་ནུབ་ཀྱི་སྒོ་ནས་དབུས་སུ་བདག་པོའི་གནས་སུ་འོང་བའོ། །དེ་ལ་གནས་པ་ནི་ནུབ་ཀྱི་སྒོར་འགྲོ་སྟེ། དེ་ལྟར་འུག་གདོང་མ་དེ་ཉིད་རྡོ་རྗེ་ཕག་མོ་དང་ཁྭ་གདོང་མ་དང་ཁྱི་གདོང་མའི་རང་བཞིན་དུ་འགྱུར་རོ། །ཁྱི་གདོང་མ་ནི་རྡོ་རྗེ་ཕག་མོ་དང་ཁྭ་དང་འུག་པའི་གདོང་ཅན་མའི་རང་བཞིན་དུ་འགྱུར་རོ། ། འདི་ནི་གནས་ཀྱི་དབང་གིས་སོ། །དེ་ལྟར་དབང་གི་ལས་རྣམས་ཞེས་བྱ་བ་ནི་འཆད་པར་འགྱུར་བ་ཉིད་ཀྱིས་འགྲུབ་པའོ། །སོགས་ཀྱི་སྒྲས་མི་ལ་སོགས་པའི་འཁོར་ལོས་སྒྱུར་བ་སྟེ། སྔགས་རིག་ཅེས་བྱ་བ་ནི་རྣལ་འབྱོར་པ་རྣམས་ཀྱིས་བྱ་བའོ། །བདུད་རྩི་ལྔ་ཞེས་བྱ་བ་ནི་བི་མུ་ཤུ་ར་མའོ། ། སྒྲོན་མ་ཆེ་ཞེས་བྱ་བ་ནི་གོ་ཀུ་ད་ཧ་ནའོ། །དེ་ལྟར་བདུད་རྩི་བཅུའོ། །མཆོད་པ་ཞེས་བྱ་བ་ནི་མངོན་སུམ་དུ་ཏིང་ངེ་འཛིན་གྱི་སྣང་བ་རྣམས་སུ་ལས་ཐམས་ཅད་ཀྱིས་བྱང་ཆུབ་ཆེན་པོ་ཐོབ་པ་ན་ཟད་ནས་འགྲོ་བ་ཉིད་ཀྱིས་སོ། །པདྨ་ནི་རྩ་བཅུ་རྣམས་སུ་ཡང་དག་པར་བཀུག་པ་ལ་སོགས་བཀག་པས་ བདུད་རྩི་ནི་རང་གིས་རིག་པའི་ས་བོན་ཚིགས་ཐམས་ཅད་ལས་སྐྱེས་པའི་ལུས་ཀྱི་གུར་ཁམས་གསུམ་གྱི་བདག་ཉིད་དོ། །རྡོ་རྗེ་སྦུ་གུ་རྩ་དབུ་མའི་སྦྱོར་བས་འོག་དང་སྟེང་དུ་གཟུང་བས་འབར་བའི་གཏུམ་མོ་དེས་བསྲེ་བ་དང་དགུག་པར་བྱའོ། །སོགས་པའི་སྒྲས་སྦྱང་བ་དང་རྟོགས་པ་ཡང་ངོ་། ། ནཱ་ད་མནན་ནས་ས་བོན་འཇུ་བའོ། །སྐུ་རྡོ་རྗེ་ལ་སོགས་པ་ནི་ཨོཾ་ཨཱཿཧཱུྃ་གི་ཡི་གེའི་སྔགས་ཀྱིས་རྡོ་རྗེ་བཟླས་པ་བྱས་པས་བཟའ་བར་བྱའོ། །རྣལ་འབྱོར་མ་ཐམས་ཅད་ཚིམ་པར་བྱའོ། །འདི་གསུངས་སོ་ཞེས་བྱ་བ་ལ་སོགས་པ་ནི་སྔོན་བཞིན་ནོ། །དཔལ་ཞེས་བྱ་བ་ལ་ སོགས་པས་སྔོན་བཞིན་དུ་ལེའུ་ཡོངས་སུ་རྫོགས་པའི་ངག་གོ། །སོགས་པའི་སྒྲས་བསྐྱེད་པ་དང་སྔགས་དགོད་པ་དང་དཀྱིལ་འཁོར་གྱི་འཁོར་ལོ་བསྒོམ་པ་དང་ཀུན་དུ་སྤྱོད་པའི་རང་བཞིན་ནོ། །དཔལ་མཁའ་འགྲོ་རྒྱ་མཚོ་རྣལ་འབྱོར་མའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོའི་འགྲེལ་པ་གྲུ་གཟིངས་ལས་ ཁྱི་གདོང་མ་བསྐྱེད་པའི་མཚན་ཉིད་དང་། རྣམ་པར་གཞག་པ་བཞིའི་རང་བཞིན་གྱི་བདེ་བ་དང་དེ་བཞིན་དུ་སྔགས་དགོད་པ་དང་དཀྱིལ་འཁོར་གྱི་འཁོར་ལོ་བསྒོམ་པ་དང་། ཀུན་དུ་སྤྱོད་པ་རྒྱས་པར་བཤད་པའི་ཆོ་ག་ཞེས་བྱ་བའི་ལེའུ་དགུ་པའི་བཤད་པའོ།། །།ལས་ཐམས་ཅད་ནི་བྱེད་དགེ་ མ། །དཀྱིལ་འཁོར་ལ་སོགས་པའི་ལས་སུ། །སྣ་ཚོགས་པ་ཡི་དུད་འགྲོའི་ཞལ། །ཞལ་དང་ཕྱག་སོགས་མང་ལྷ་མོ། །རང་རང་རང་བཞིན་དུ་གནས་མ། །བདུད་ཀྱི་མཚོན་ཆའི་ཚོགས་འཛིན་མ། །ཕག་གདོང་མ་ལ་རབ་བཏུད་ནས། །རབ་ཏུ་རྟོག་བྱེད་འགྲེལ་བཤད་བྱ། །ད་ནི་ ལེའུ་བཅུ་པ་གསུངས་པ། །དེ་ནས་ཕག་གདོང་མ་ཡི་ནི། །ཞེས་བྱ་བ་ལ་སོགས་པ་སྟེ་ཉུང་བ་ཞེས་བྱ་བ་ནི་གཞུང་ཉུང་བ་ཉིད་ཀྱིས་སོ། །རྒྱ་ཆེ་བ་ཞེས་བྱ་བ་ནི་དོན་མང་བ་ཉིད་ཀྱིས་ཏེ་དེ་བཤད་པར་བྱའོ། །ཕག་གདོང་མ་འདོད་པའི་དོན་ཀུན་ལ་འཇུག་པ་ཞེས་བྱ་བ་ནི་ཀུན་རྫོབ་ཀྱི་བདེན་ པའི་གཟུགས་ཀྱི་དངོས་པོ་སྟེ་གང་གིས་དེ་ལྟར་ཡང་སྐྱེ་བོ་རྣམས་ཀྱིས་ཡོངས་སུ་མ་ཤེས་པ་དེས་འཆིང་བའོ། །དེས་དེ་ལྟར་འཇུག་མེད་དེའི་དངོས་པོ་རྣམས་ཀྱིས་ཞེས་བྱ་བ་ནི་དེ་ཡོངས་སུ་ཤེས་པ་སྟེ། འཆད་པར་འགྱུར་བའི་ཐབས་དང་སྒོམ་པ་ཡིས་སོ། །དེའི་ཕྱིར་ཕག་གདོང་མས་རེངས་ པའི་ལས་རྣམས་ལ་ཞེས་བྱ་བ་ནི་འཕོ་བའི་དུས་སུ་རེངས་པར་བྱེད་པའོ། །འདི་བྱས་པས་ཅིར་འགྱུར་ཞེ་ན། དེའི་ཕྱིར་གསུངས་པ། མི་ཤེས་རི་བོ་འཇོམས་པ་ཡིས། །ཞེས་བྱ་བ་སྟེ། མི་ཤེས་པ་ནི་སྐྱེ་བ་སྔོན་མ་ལ་བྱ་བ་པའི་སྡིག་པ་སྟེ་ཤིན་ཏུ་སྡང་བ་ཉིད་དང་ཆེ་བས་ན་རི་བོའོ། །དེ་མཆོག་ ཏུ་ཟག་པ་མེད་པས་ལྟ་བའི་ཕྱིར་རྣམ་པར་འཇོམས་པར་བྱེད་དེ་གང་གིས་འཇོམས་པ་དེ་དེ་བཞིན་དུ་བཤད་དོ། །དེ་ལྟར་ཡི་གེ་རེ་རེའི་ངེས་པའི་ཚིག་གསུངས་པ་རྡོ་རྗེ་ཁབ་ཅེས་བྱ་བ་ལ་སོགས་པ་སྟེ། རྡོ་རྗེ་སྙིང་པོ་དག་གི་གདོང་གཉིས་ཀྱིས་རྩའི་བུ་གའི་རྩེ་མོ་པད་སྣལ་ལྟ་བུ་ཁབ་ཀྱི་རྣམ་པའོ། ། དེ་ཡང་། སྐུད་པ་ལྟ་བུར་ཀུན་འགྲོ་མ། །ཞེས་བྱ་བ་ནི་ཇི་ལྟར་ཐག་འཐག་པའི་སྐུད་པའི་འཁྲུལ་འཁོར་ཏེ་སྐུད་པ་ཅིག་ཀྱང་ངོ་། །དེ་བཞིན་དུ་ཀུན་དུ་འགྲོ་བའི་རྩ་གཅིག་དུ་མར་འབྱུང་བར་འགྱུར་རོ། །དེ་ལྟར་ཀའི་ཡི་གེའི་དོན་གསུངས་པ། བྱང་ཆུབ་སེམས་ཞེས་བྱ་བ་ལ་སོགས་པ་སྟེ་དགའ་ བ་ཆེ་ལ་སོགས་པས་ཞེས་བྱ་བ་ནི་རྣལ་འབྱོར་མ་རྣམས་ཀྱི་དབང་པོ་གཉིས་ཀུན་དུ་སྦྱོར་བ་ལས་བྱང་ཆུབ་ཀྱི་སེམས་རྣམ་པར་བཟུང་བས་སོ། །ཀེང་རུས་བདུད་རྩི་འགུགས་པ་མོ། །ཞེས་བྱ་བ་ནི་འདིར་ཀེང་རུས་ཀྱི་སྒྲས་ཐོས་པ་སྟེ། དེ་ལ་གནས་པའི་བྱང་ཆུབ་ཀྱི་སེམས་གནས་པ་ཡང་ འགུགས་པ་སྟེ་རྐང་ཀྱང་ངོ་། །དེ་དག་འགུགས་པ་ནི་འདྲེན་པ་མོ་སྟེ་བདུད་རྩི་ཟབ་མོ་ཞེས་བྱ་བའི་དོན་ཏོ། །ནའི་ཡི་གེ་གསུངས་པ། དེའི་རང་བཞིན་ཞེས་བྱ་བ་ལ་སོགས་པ་སྟེ། དེ་དག་གི་རང་བཞིན་ཆགས་སོགས་ཀུན་ཞེས་བྱ་བ་ནི་སོགས་པའི་སྒྲས་འདོད་ཆགས་དང་ཞེ་སྡང་དང་། གཏི་མུག་དང་ང་རྒྱལ་དང་ཕྲག་དོག་དང་སེར་སྣ་ལ་སོགས་པ་སྟེ། འོན་ཀྱང་རང་གི་ངོ་བོ་ལས་ཀྱང་འདོད་ཆགས་ལ་སོགས་པའི་སྒྲ་ནི་སད་པ་དང་རྨི་ལམ་དང་གཉིད་དང་བཞི་པའི་རང་བཞིན་གྱི་དགའ་བ་ལ་སོགས་པའོ། །དེ་ལྟར། བཞི་པ་འདས་པ་ཟག་པ་མེད། །ཅེས་བྱ་བ་ནི། ཟག་པའི་ དུས་སུ་བཞི་པ་ཡོངས་སུ་འཛིན་པར་བྱེད་དེ། དེ་དག་ལས་འདས་པ་ནི་འཕོ་བར་མི་བྱེད་པ་སྟེ། ཟག་པ་མེད་པ་མཆོག་ཏུ་མི་འགྱུར་བའི་རང་བཞིན་ཅན་མ་ཞེས་བྱ་བའི་དོན་ཏོ། །འདིར་སཱུ་ཀ་རའི་ཡི་གེ་གསུམ་གྱི་དཔེ་གསུངས་པ། ཇི་ལྟར་ཡང་ཕག་མོ་རྡོ་རྗེའི་མཆུ་སྟེ། དེ་བཞིན་དུ་ རིགས་ཅན་གྱི་ལྟེ་བའི་རྩ་རྡོ་རྗེ་ཁབ་རྡོ་རྗེའི་མཆུའོ། །དེ་བཞིན་དུ་ཡང་ཇི་ལྟར་ཕག་མོ་སྐུད་པ་ལྟ་བུར་ཀུན་དུ་འགྲོ་བ་དེའི་ཞལ་ཕྱག་ཁྱོག་གོ། །དེ་བཞིན་དུ་སྟེ་སྐུད་པ་ལྟ་བུ་སྟེ་རྩ་ལམ་ཀུན་དུ་འགྲོ་བའོ། །དེ་ལྟར་ཕག་མོ་ས་གཞི་ལས་རམ་པ་རྩ་བ་ནས་འདོན་པ་དང་མ་ལུས་པ་ཤིན་ཏུ་ འཛིན་ནུས་ཏེ། དེ་བཞིན་དུ་བྱང་ཆུབ་ཀྱི་སེམས་བདེ་བ་ཆེན་པོ་ལས་ཀེང་རུས་ཀྱི་བདུད་རྩི་འགུགས་པ་མོ་སྟེ་རྩ་གཏུམ་མོའི་གཟུགས་ཅན་མའོ། །ཇི་ལྟར་ཡང་ཕག་མོ་དུས་ཐམས་ཅད་དུ་རྩོལ་བ་རྣམས་སུ་འདོད་ཆགས་ལ་སོགས་པ་ཐམས་ཅད་དེའི་རང་བཞིན་རྣམས་ཀྱིས་དེ་ ལ་ཐིམ་པའི་རང་བཞིན་གྱིས་བདེ་བ་ཟ་བའོ། །དེ་ལྟ་བུའི་འདུ་ཤེས་རྣམ་པར་སྤངས་པ་རང་གི་ལམ་ནས་མི་འཕོ་བའོ། །དེ་བཞིན་དུ་རྣལ་འབྱོར་པས་རྩོལ་བའི་ལས་ཐམས་ཅད་ཀྱི་འདོད་ཆགས་ལ་སོགས་པ་དེའི་རང་བཞིན་དུ་བདག་གིས་མཆོག་ཏུ་ཟག་པ་མེད་པར་བྱ་བའོ། །ང་རྒྱལ་སྤངས་ པ་དེ་ལ་ཐིམ་པས་རང་གི་ལམ་ནས་མི་འཕོ་བ་ཞེས་བྱ་བ་ནི་མཆོག་ཏུ་ཟག་པ་མེད་པའོ། །དེ་ལྟར་དེ་ནས་ཞེས་བྱ་བ་ནི་ཕྱོགས་གཞན་ཏེ། གལ་ཏེ་རྣལ་འབྱོར་པ་རྣམས་ཀྱི་རྡོ་རྗེ་དང་པདྨ་མཉམ་པར་འཇུག་པའི་དུས་སུ་ས་བོན་ལྟུང་ངོ་། །དེའི་ཚེ་བསྒོམ་པའི་བདག་ཉིད་ཀྱིས་རང་གི་འཕོ་བའི་དུས་ སུ་འཆད་པར་འགྱུར་བ་རྣམས་ཀྱིས་སོ། །བརྒྱད་དུ་ཞེས་བྱ་བ་ནི་ཁྭ་གདོང་མ་ལ་སོགས་པ་རྣམས་ཀྱི་རྣམ་པར་གཞག་པ་མངལ་འཕོ་བ་ལ་སོགས་པ་རྣམས་སོ། །དེ་ལྟར་དེ་ནས་ཞེས་བྱ་བ་ལ་སོགས་པ་སྟེ། དེ་ལྟར་ཡང་དག་པའི་རྩོལ་བ་ཞེས་བྱ་བ་ནི། རྐང་པ་གཅིག་གིས་མ་ལོངས་ པའི་ཚིགས་སུ་བཅད་པ་བཞི་ནི་རྟོགས་པར་སླ་བ་ཞེས་བྱ་བའོ། །གཞན་ཞེས་བྱ་བ་ནི་གནས་སྐབས་བཅུ་སྟེ། ཇི་ལྟར་ཁྱབ་འཇུག་གིས་རབ་ཏུ་བཤད་པའི་ཕྱི་རོལ་པའི་འཇུག་པ་ཉ་ལ་སོགས་པ་དེ་རྣམས་སུ་ནི་མི་འགྱུར་རོ། །ཅིའི་ཕྱིར་འདིར་གང་གི་ཕྱིར་ཁྱབ་འཇུག་གི་ལྟ་བ་ལ་གནས་ པ་རྣམས་ཀྱི་རང་གི་ཚིག་དང་འགལ་ཏེ། དེ་ཇི་ལྟར་ཞེ་ན། གསུངས་པ། ཐམས་ཅད་ཁྱབ་འཇུག་རང་བཞིན་དངོས། །དེ་བཞིན་རང་ཉིད་འཕྲོག་དང་བྱེད། །སྲོག་ཆགས་ཀུན་དང་འབྱུང་བདག་ཉིད། །གྲོལ་དང་ལོངས་སྤྱོད་མཐར་དེ་བཞིན། །སྲོག་གི་གཟུགས་སུ་འཚོ་ བདག་ཉིད། །ཐམས་ཅད་དུ་ནི་ཁྱབ་འཇུག་གནས། །ཐོག་མ་ཐ་མ་དབུས་གནས་ནས། །ནམ་དུ་ཡང་ནི་གཡོ་བ་མེད། །ཅེས་བྱ་བ་འདི་ལ་སོགས་པ་རང་གི་ཚིག་གིས་བཤད་དོ། །སླར་ཡང་ཁྱབ་འཇུག་གི་འཇུག་པ་བཅུས་འཇུག་པ་སྟེ་ཉ་ལ་སོགས་པས་དེའི་ཚེ་རིམ་གྱིས་ འཇུག་པས་འགྲོ་བས་ན་དེ་ངའི་འཇུག་པ་ལ་མི་གནས་པས་སངས་རྒྱས་པ་རྣམས་ལ་སྔོན་དུ་ཉམས་སོ། །དེའི་ཕྱིར་ཐམས་ཅད་ཁྱབ་འཇུག་གི་རང་བཞིན་ལ་སོགས་པ་མི་སྲིད་པ་ཉིད་ཀྱི་ཕྱིར་རོ། །དེའི་ཚེ་སངས་རྒྱས་པ་རྣམས་ཀྱི་བསྟན་པའི་ཚིག་ཅན་ནོ། །དེས་ཉ་ལ་སོགས་པ་མངལ་ དུ་འགྲོ་བའི་གནས་སྐབས་བཅུ་བསྟན་པའོ། །འདི་བཤད་པས་ཅི་སྒྲུབ་གསུངས་པ། སངས་རྒྱས་བཅོམ་ལྡན་འདས་གནས་སྐབས་བཅུའི་འཇུག་པས་འཇུག་པ་སྟེ། ཁྱབ་འཇུག་གིས་མ་ཡིན་ནོ། །དེ་ལྟར་འཇུག་པ་ཞེས་བྱ་བ་ནི་དངོས་པོ་ཐམས་ཅད་དུ་འཇུག་པ་སྟེ། དེའི་རང་བཞིན་ཉིད་ཀྱིས་ སངས་རྒྱས་རྣམས་ཀྱི་འདིར་དེ་ལྟར་ཐམས་ཅད་བདེན་པའི་ཕྱིར་རོ། །འཇུག་མེད་ཅེས་བྱ་བ་ནི་དེ་ལྟར་བདག་དང་བདག་གི་བའི་དངོས་པོ་རྣམས་ཀྱིས་མི་འཛིན་པ་ཉིད་པས་ལྷན་ཅིག་སྐྱེས་པའི་བྱང་ཆུབ་ཀྱི་མཚན་ཉིད་ཀྱིས་སོ། །དེའི་དངོས་པོའི་སྤྱོད་ཡུལ་ཞེས་བྱ་བ་ནི་དངོས་པོའི་སྤྱོད་ཡུལ་ཉེ་ བར་སྤྱོད་པའི་སྣ་ཚོགས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐུགས་དགོངས་དེ་ཉིད་ཀྱིས་བྱང་ཆུབ་པར་གྱུར་པ་ཉིད་ཀྱིས་དེའི་དངོས་པོའི་སྤྱོད་ཡུལ་ཏེ། བྱང་ཆུབ་རྣམ་པར་འགྱུར་བ་མེད་པའི་བདག་ཉིད་ཀྱི་དངོས་པོ་ཉེ་བར་སྤྱོད་པས་རབ་ཏུ་འཇུག་སྟེ་མཆོག་ཏུ་གཉིས་སུ་མེད་པ་ཞེས་བྱ་བའི་དོན་ ཏོ། །རྣམ་པར་འགྱུར་བ་ཡང་རྐང་གཉིས་ཞེས་བྱ་བ་ལ་སོགས་པ་སྟེ་རྩོལ་བའི་ཡན་ལག་ལ་འཇོག་པས་རབ་ཏུ་འཇུག་པ་སྣ་ཚོགས་པའི་རྣམ་པས་སོ། །དེ་རྣམས་ཀྱི་འཇུག་པ་མེད་པའི་དེ་ཁོ་ན་ཉིད་ལ་རྟག་ཏུ་ཞེས་བྱ་བ་ནི་སྔར་བཤད་པའི་བྱང་ཆུབ་ཏུ་གྱུར་པ་དེ་ལས་ཏེ་རྣལ་འབྱོར་མ་མཐོང་ བ་དང་རེག་པ་དང་འཆད་པར་འགྱུར་བའི་སྒོམ་པ་ཡིས་ཀྱང་ངོ་། །ད་ནི་འདིའི་སྒོམ་པ་དང་ཀུན་དུ་སྤྱོད་པ་དང་། དེ་བཞིན་དུ་སྔགས་དགོད་པ་གསུངས་པ། སོར་མོ་ཞེས་བྱ་བ་ལ་སོགས་པ་སྟེ། རྡོ་རྗེའི་དཀྱིལ་འཁོར་དབུས་སུ་ཞེས་བྱ་བ་ནི་དབུས་མའི་དབུས་སུ་སྟེ། སྔོན་བཞིན་དུ་དཀྱིལ་འཁོར་ གྱི་འཁོར་ལོ་བསྒོམ་པར་བྱའོ་ཞེས་བྱ་བ་སྟེ་ཐབས་དང་ཤེས་རབ་ཀྱི་རང་བཞིན་ནོ། །ཀུན་དུ་སྤྱོད་པ་རང་གི་འཕོ་བ་ནི་སེང་གེ་ཞེས་བྱ་བ་ལ་སོགས་པས་སོ། །དབུས་བདག་པོའི་གནས་ནས་ཁྱི་གདོང་མ་ལྷོའི་སྒོར་འགྲོའོ། །དེ་ལ་གནས་པའི་ཕག་གདོང་མ་བདག་པོའི་གནས་སུ་ཡང་འོང་ངོ་། ། དེ་ལྟར་ཕག་གདོང་མ་དེ་རྡོ་རྗེ་ཕག་མོ་དང་བྱ་རོག་དང་འུག་པ་དང་ཁྱི་གདོང་མའི་རང་བཞིན་དུ་འགྱུར་རོ། །ཁྱི་གདོང་མ་ཡང་གནས་ཀྱི་དབང་གིས་རྡོ་རྗེ་ཕག་མོ་དང་བྱ་རོག་མ་དང་འུག་པ་མ་དང་ཕག་གདོང་མའི་རང་བཞིན་དུ་འགྱུར་རོ། །སླར་ཡང་ཕག་གདོང་མ་ཤར་གྱི་སྒོར་ འོངས་ཏེ་དེ་ལ་གནས་པའི་རྡོ་རྗེ་ཕག་མོ་བདག་པོའི་གནས་སུ་འགྲོའོ། །དེ་ཉིད་ཡང་བྱ་རོག་མ་དང་འུག་པ་མ་དང་ཁྱི་གདོང་མ་དང་ཁྭ་གདོང་མའི་རང་བཞིན་དུ་འགྱུར་རོ། །སླར་ཡང་བྱང་གི་སྒོར་ཕྱིན་ནས་དེ་ལ་གནས་པའི་ཁྭ་གདོང་མ་བདག་པོའི་གནས་སུ་ཡང་འོང་ངོ་། །དེ་ཉིད་ཡང་ནུབ་ཀྱི་ སྒོར་འགྲོ་སྟེ། དེ་ལ་གནས་པའི་འུག་གདོང་མ་བདག་པོའི་གནས་སུ་ཡང་འོང་ངོ་། །དེ་ཉིད་ལྷོའི་སྒོར་འགྲོ་སྟེ། དེར་གནས་པའི་ཁྱི་གདོང་མ་བདག་པོའི་གནས་སུ་ཡང་འོང་ངོ་། །དེ་ཉིད་ཡང་ཤར་གྱི་སྒོར་འགྲོ་སྟེ། དེ་ལ་གནས་པའི་ཕག་གདོང་མ་བདག་པོའི་གནས་སུ་ཡང་འོང་ངོ་། །དེ་ སླར་བྱང་གི་སྒོར་འགྲོའོ། །དེ་ལ་གནས་པའི་རྡོ་རྗེ་ཕག་མོ་བདག་པོའི་གནས་སུ་ཡང་འོང་ངོ་། །སླར་ཡང་དེ་ཉིད་ནུབ་ཀྱི་སྒོར་འགྲོའོ། །དེ་ལ་གནས་པའི་ཁྭ་གདོང་མ་བདག་པོའི་གནས་སུ་ཡང་འོང་ངོ་། །དེ་ཉིད་ཡང་ལྷོའི་སྒོར་འགྲོའོ། །དེ་ལ་གནས་པའི་འུག་གདོང་མ་བདག་པོའི་ གནས་སུ་ཡང་འོང་ངོ་། །དེ་ཉིད་ཤར་གྱི་སྒོར་འགྲོའོ། །དེ་ལ་གནས་པའི་ཁྱི་གདོང་མ་བདག་པོའི་གནས་སུ་ཡང་འོང་ངོ་། །དེ་ཡང་བྱང་གི་སྒོར་འགྲོའོ། །དེ་ལ་གནས་པའི་ཕག་གདོང་མ་བདག་པོའི་གནས་སུ་ཡང་འོང་ངོ་། །དེ་ཉིད་སླར་ནུབ་ཀྱི་སྒོར་འགྲོའོ། །དེ་ལ་གནས་པའི་རྡོ་རྗེ་ཕག་ མོ་དབུས་ཀྱི་གནས་སུ་ཡང་འོང་ངོ་། །སླར་ཡང་དེ་ཉིད་ལྷོའི་སྒོར་འགྲོའོ། །དེ་ལ་གནས་པའི་ཁྭ་གདོང་མ་བདག་པོའི་གནས་སུ་ཡང་འོང་ངོ་། །དེ་ཉིད་ཡང་ཤར་གྱི་སྒོར་འགྲོའོ། །དེ་ལ་གནས་པའི་འུག་གདོང་མ་བདག་པོའི་གནས་སུ་ཡང་འོང་ངོ་། །དེ་ཉིད་ཡང་བྱང་གི་སྒོར་འགྲོའོ། ། དེ་ལ་གནས་པའི་ཁྱི་གདོང་མ་བདག་པོའི་གནས་སུ་ཡང་འོང་ངོ་། །དེ་ཡང་ནུབ་ཀྱི་སྒོར་འགྲོའོ། །དེ་ལ་གནས་པའི་ཕག་གདོང་མ་བདག་པོའི་གནས་སུ་ཡང་འོང་ངོ་། །དེ་ཡང་ལྷོའི་སྒོར་འགྲོའོ། །དེ་ལ་གནས་པའི་རྡོ་རྗེ་ཕག་མོ་རང་གི་གནས་སུ་ཡང་འོང་བ་ཞེས་བྱ་བའོ། །དེ་ལྟར་ ཐམས་ཅད་ཀྱི་བདག་ཉིད་རྡོ་རྗེ་ཕག་མོ་དང་ཕག་གདོང་མ་ལ་སོགས་པ་ཞེས་བྱ་བའི་དོན་ཏོ། །སྔགས་ལས་བྱུང་ཞེས་བྱ་བ་ནི་ལྷ་མོ་རྣམས་ཀྱི་སྔགས་གསུངས་པ། དེ་ཡང་ཨོཾ་བ་ད་ཞེས་བྱ་བ་ལ་སོགས་པས་ཏེ་ཁ་སྦྱར་གྱི་སྔགས་སོ། །འདིར་བཤད་པ། ཨོཾ་དཾཥྚྲཱ་ཀ་རཱ་ལོ་གྲ་བྷཱི་ཥ་ཎ་མུ་ ཁཱ་ཡ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། དེ་བཞིན་དུ་ཨོཾ་བཛྲ་སཱུ་ཀཱ་ར་སྱཱ་ཡེ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། ཞེས་བྱ་བའོ། །ད་ནི་དཀྱིལ་འཁོར་གྱི་ཐིག་གདབ་པ་རྩ་བདུན་ཞེས་བྱ་བ་ལ་སོགས་པ་སྟེ། དེ་ལྟར་བུམ་པའི་མཚན་ཉིད་དང་བུམ་པ་ལྷག་པར་གནས་པ་དང་། གཏོར་མ་སྦྱིན་པ་ལ་སོགས་པ་དང་། ཕྱི་ནས་ལས་ནི་ཡང་དག་བརྩམ། །ཞེས་བྱ་བའི་བར་དུ་རྟོགས་པར་སླའོ། །ད་ནི་ལས་ཀྱི་རྡོ་རྗེའི་རྐྱེན་གྱིས་འདིར་སྣ་ཚོགས་པའི་དུད་འགྲོའི་གདོང་ཅན་གྱི་རྣལ་འབྱོར་མ་བསྒོམ་པ་ནི་ལས་ཐམས་ཅད་བྱ་བའི་ཕྱིར་རྒྱུད་འདིར་ཡང་གསུངས་པ། ལྷ་མོ་སྣ་ཚོགས་དུད་འགྲོའི་གདོང་། ། ཞེས་བྱ་བ་ལ་སོགས་པ་སྟེ། སུམ་ཅུ་རྩ་བདུན་གཟུགས་ཅན་མ། །ཞེས་བྱ་བ་ནི་འདི་ནི་འཁོར་ལོ་སྡོམ་པར་དཀྱིལ་འཁོར་བྲི་བ་ལ་གཅིག་ལ་གཅིག་གི་ཁམས་ཀྱི་རྡུལ་ཚོན་གྱི་སྒོམ་པ་ལ་སུམ་ཅུ་རྩ་བདུན་གྱི་རིགས་རྣམས་སུ་བྱའོ། །གང་གི་ཚེ་ལུས་ཀྱི་དཀྱིལ་འཁོར་དུ་གཟུགས་ ལ་སོགས་པ་རྣམས་ཀྱིས་ཁམས་སུམ་ཅུ་རྩ་བདུན་རྣམས་ཏེ་དེའི་རང་བཞིན་གྱི་བཅོམ་ལྡན་འདས་ཀྱི་གཟུགས་བརྙན་གྱི་རང་བཞིན་གྱི་གཟུགས་ཀུན་གཞི་རྣམ་པར་ཤེས་པའི་རྒྱུ་ཅན་ལས། ལས་ཀྱི་རྡོ་རྗེའི་རང་བཞིན་བག་ཆགས་དང་བྲལ་བ་དབྱེར་མེད་པའི་རྡོ་རྗེའི་ཡེ་ཤེས་ཀྱི་ངོ་བོ་ཞེས་ བྱ་བའི་དོན་ཏོ། །དེ་བསྒོམ་པའི་སེམས་ཀྱི་རྒྱུ་བྱས་ནས་ལས་བསྒྲུབ་པའི་དུས་ཐམས་ཅད་དུའོ། །དེའི་ཕྱིར་འདི་གསུངས་པ། ཏིང་འཛིན་གསུམ་གྱི་སྦྱོར་ལྡན་པ། །ཞེས་བྱ་བ་སྟེ། དང་པོའི་སྦྱོར་བ་དང་དཀྱིལ་འཁོར་རྒྱལ་པོ་མཆོག་དང་ལས་རྒྱལ་པོ་མཆོག་སྟེ། འདིའི་རྣལ་འབྱོར་ དང་ལྡན་པས་ལས་ཀྱི་རྡོ་རྗེའི་རྣལ་འབྱོར་མ་བསྒོམ་པར་བྱ་སྟེ་བྲི་བར་བྱ་ཞེས་བྱ་བའི་དོན་ཏོ། །དེ་ཡང་བདུན་ཅུ་རྩ་གཉིས་ཞེས་བྱ་བ་ལ་སོགས་པས་སྟོན་པ་སྟེ་རང་གི་རིགས་ལས་སྐྱེས་ཞེས་བྱ་བའི་བར་རྣམས་ནི་རྟོགས་པར་སླ་བ་རྣམས་སོ། །འདིར་ཚིག་ངེས་པར་བྱ་བའི་ཕྱིར་འཕྲལ་སྐད་དུ་ གསུངས་པ། སཱུ་ཡིག་ཅེས་བྱ་བ་ལ་སོགས་པ་སྟེ། ཚིག་དང་པོས་ཕག་གདོང་མའི་གཟུགས་ཀྱི་རང་བཞིན་གྱི་ལམ་གྱིས་སྐྱེ་འགྲོ་ལ་རྒྱས་བཏབ་པའི་བཅོམ་ལྡན་འདས་མ་ཞེས་བྱ་བ་སྟེ། ཅི་དེ་ཉིད་གསུངས་པ། ལྷན་སྐྱེས་དེ་ཁོ་ན་ཉིད་དྲན་པར་བྱ་ཞེས་བྱ་བ་སྟེ། དེ་ ཁོ་ན་ཉིད་ནི་སྣ་ཚོགས་པ་ཆོས་ཉིད་ཀྱི་མཚན་ཉིད་རྣམས་ཏེ་བརྗོད་པར་བྱ་བ་དང་རྗོད་པར་བྱེད་པའི་འབྲལ་པ་རྣམས་ཏེ། ལྷན་ཅིག་སྐྱེས་པའི་རང་བཞིན་གྱིས་དྲན་པར་བྱ་བ་སྟེ། ཕག་གདོང་མའི་རང་བཞིན་རྣམས་ཀྱང་སྔོན་དུ་བཤད་པའི་རྡོ་རྗེ་ཁབ་ལ་སོགས་པ་སྟེ། འདིའི་བྱ་བས་འདིར་འགྱུར་ བའོ། །སླར་ཡང་འཁོར་བའི་སྡུག་བསྔལ་མ་ཡིན་ནོ་ཞེས་བྱ་བ་ནི་སླར་ཡང་འཁོར་བའི་དབུས་སུ་གནས་པ་ཉིད་ཀྱང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྡུག་བསྔལ་དང་། ཞེ་སྡང་ལ་སོགས་པ་མི་འབྱུང་ངོ་། །དེའི་ཕྱིར་སྐྱེ་བོ་ཕྱུགས་གང་ཡིན་པ་དེ་རྣམས་སངས་རྒྱས་སོ་ཞེས་བྱ་བ་སྟེ