Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 20

Văn bản gốc(Tây Tạng)

Trang 10 / 21 (50.000 ký tự/trang)
་ལ་སོགས་པ་དང་ཁྲོ་བ་དང་འཐབ་པ་དང་གཏམ་བརྗོད་པ་ལ་
སོགས་པའི་མཚན་ཉིད་དང་བླ་མ་ལ་བསྙེན་བཀུར་བ་དང་མཆོད་པ་བྱེད་པ་ལ་སོགས་པ་དང་། སྦྱིན་པ་ལ་སོགས་པ་དང་། ཞི་བའི་གཟུགས་དང་། དམ་པའི་ཆོས་ཀྱི་སེམས་དང་། ཞི་བ་ལ་སོགས་པའི་ལས་ཀྱི་ཚོགས་ཀྱི་སེམས་དང་དེ་ལ་སོགས་པ་སྣ་ཚོགས་
པའི་འདུ་ཤེས་རྣམས་བྱུང་ངོ་། །ལུས་ནི་ནག་པོ་དེ་བཞིན་དུ་ལྗང་གུ་ཕྱེད་ཕྱེད་ཅན་ཞེས་བྱ་བ་ནི་མཚན་མོ་དང་ཉིན་པར་གྱི་འདུ་ཤེས་སོ། །ཕྱག་བདུན་ཅུ་རྩ་དྲུག་རྣམས་ཀྱི་ཞེས་བྱ་བ་ནི་གཡོན་པས་ཁམས་སུམ་ཅུ་རྩ་བརྒྱད་རྣམས་འབྱིན་པ་སྟེ། དེ་ཡང་ཕུང་

པོ་དང་། ཁམས་དང་། སྐྱེ་མཆེད་དང་། ཡུལ་དང་། ལས་ཀྱི་དབང་པོ་དང་ལས་ཀྱི་དབང་པོའི་ཡུལ་ཏེ། དེ་ལྟར་དྲུག་དྲུག་པས་སུམ་ཅུ་རྩ་དྲུག་སྟེ་ཁུ་བ་དང་ཁྲག་གཉིས་སོ། །འདི་རྣམས་གཡས་པར་སྡུད་པ་སྟེ་ཟུང་གི་ཚིག་ཏུ་གནས་སོ། །དེ་བཞིན་
དུ་ཞལ་རྣམས་ནི་བཅུ་བདུན་ཞེས་བྱ་བ་ནི་སྔོན་དུ་བཤད་པ་རྣམས་ཀྱིས་འདི་ནི་གསང་བ་ཞེས་བྱ་བ་ལ་སོགས་པས་ཁམས་བཅུ་དྲུག་རྣམས་ཏེ་བཅུ་བདུན་པ་ནི་རྣམ་པར་ཤེས་པའོ། །རལ་པའི་ཅོད་པན་འཛིན་ཞེས་བྱ་བ་ནི་སྣ་ཚོགས་པའི་འཇིག་རྟེན་སྒྲིན་དུ་རེ་བ་རྣམས་འཁོར་
ལོ་ཅན་དུ་བྱ་བའི་ཕྱིར་དང་དམ་པའི་ཆོས་ལ་གཞག་པའི་ཕྱིར་རོ། །དཔའ་བོ་ཞེས་བྱ་བ་ནི་སྣ་ཚོགས་པའི་དགྲ་རྣམས་ཀྱིས་སྔོན་གྱི་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་ལ་སོགས་པ་སྐྱེས་པ་རྣམས་ཀྱི་གཡུལ་ངོ་ལས་རྒྱལ་བ་ཉིད་ཀྱིས་སོ། །སྣ་ཚོགས་རྡོ་རྗེ་ཞེས་
བྱ་བ་ནི་སངས་རྒྱས་དང་ཆོས་དང་དགེ་འདུན་དང་བླ་མ་དང་རྣལ་འབྱོར་མ་རྣམས་ལ་དད་པ་ཉིད་ཀྱི་ཕྱིར་རོ། །ཟླ་བ་ཕྱེད་པ་ཅན་ཞེས་བྱ་བ་ནི་རོ་མཆོག་མྱང་བ་དང་ཁུ་བའི་ཐིགས་པ་ཞུ་བ་ཉིད་ཀྱིས་སོ། །མཆེ་བ་ཆེན་པོ་གཙིགས་པའི་ཞལ། །ཞེས་བྱ་བ་ནི་སྡང་བ་རྣམས་
ཚར་གཅོད་པ་ཉིད་ཀྱི་ཕྱིར་རོ། །ཞལ་རྣམས་སེར་བ་དང་ལྗང་གུ་དང་དམར་པོ་དང་ནག་པོའི་ཁ་དོག་གིས་དུས་བཞི་དང་ཐུན་མཚམས་བཞི་དང་དུས་ཚོད་བཞིའི་ཕྱིར་རོ། །དེ་ལྟར་ཡང་མཚོན་ཆའི་ཚོགས་རྣམས་གཡས་དང་གཡོན་པ་ན་ཞེས་བྱ་བ་ནི་ཇི་ལྟ་བའི་རིམ་པས་
གླང་པོ་ཆེའི་པགས་པས་འཁོར་བའི་ཆོས་རྣམས་ཀྱི་འཇུག་པའོ། །སྐྱེ་གནས་ཀྱི་ཕྱག་རྒྱས་ནི་མྱ་ངན་ལས་འདས་པ་ལ་འཇུག་པའོ། །ལྷག་མ་ཕྱག་བདུན་ཅུ་རྩ་གཉིས་ཀྱི་མཚོན་ཆ་རྣམས་ཀྱིས་དང་དེ་བཞིན་དུ་མགོ་བོ་ལྔས་བརྒྱན་པ་དང་ཕྱག་རྒྱ་དྲུག་གིས་དང་མགོ་བོ་
བརྒྱའི་ཕྲེང་བས་དང་དཔུང་རྒྱུན་གྱིས་དང་། ཞབས་གདུབ་ཀྱིས་དང་དེའི་སྒྲས་དང་སྟག་གི་པགས་པས་དང་བ་སྤུ་འཁྱིལ་པ་ཡིས་ཏེ་དེ་ལྟར་བརྒྱད་ཅུ་རྣམས་ཀྱིས་སེམས་ཀྱི་སྤྱོད་པ་སྟོང་ཕྲག་བརྒྱད་ཅུ་རྣམས་བྱུང་བའོ། །དེ་ལྟར་སྤྱན་ལྔ་བཅུ་རྩ་གཅིག་རྣམས་ཀྱིས་ཨོཾ་

གྱི་ཡི་གེ་ལ་སོགས་པ་ནས་ཀའི་ཡི་གེའི་མཐར་དབྱངས་དང་གསལ་བྱེད་ཀྱི་ཡི་གེ་རྣམས་ཀྱི་འདུ་ཤེས་སོ། །དེ་ལྟར་དེའི་མདུན་དུ་ཞེས་བྱ་བ་ལ་སོགས་པ་དང་བསྒོམ་པར་བྱའོ་ཞེས་བྱ་བའི་བར་དུ་རྡོ་རྗེ་ཕག་མོའི་བསྒོམ་པ་ལ་མཁས་པས་སྣ་ཚོགས་པའི་གནས་སུ་དཔའ་
བོ་དང་དཔའ་མོའི་དབང་ཕྱུག་མ་རྣམས་བསྐྱེད་པར་འགྱུར་རོ། །དར་གྱི་ཕྲེང་བ་ནི་དཔའ་བོ་དང་དཔའ་མོའི་དབང་ཕྱུག་མ་རྣམས་ལ་སྟེ་དེས་སྣ་ཚོགས་པའི་སའི་དུམ་བུ་རྣམས་སུ་ཆོས་ལ་སོགས་པ་ཡང་དག་པར་སྲུང་བའི་དོན་དུ་སྟོབས་ཀྱི་འཁོར་ལོས་སྒྱུར་བ་ལ་
སོགས་པ་སྣ་ཚོགས་པའི་རྒྱལ་པོ་བྱུང་ངོ་། །བརྟུལ་ཞུགས་ཞེས་བྱ་བ་ནི་སྔོན་གྱི་རྣལ་འབྱོར་པ་རྣམས་ཀྱིས་བྱས་པའི་ལས་ཀྱི་ཕྱིར་ཞེས་བྱ་བའི་དོན་ཏོ། །དེ་ལྟར་རྒྱུའི་རྡོ་རྗེ་འཆང་བསྒོམ་པ་ནི་བསྙེན་པའོ། །དེ་ཞུ་བར་གྱུར་པ་ནི་ཉེ་བའི་བསྙེན་པའོ། །འབྲས་བུ་རྡོ་རྗེ་
འཆང་དུ་རྫོགས་པ་ནི་སྒྲུབ་པའོ། །དེ་ནས་རྡོ་རྗེ་ཕག་མོ་བསྒོམ་པའི་རྣལ་འབྱོར་ནི་སྒྲུབ་པ་ཆེན་པོ་ཞེས་བྱ་སྟེ། མཐར་གནས་དང་བདག་དང་རྣལ་འབྱོར་བསྲུང་བ་ལ་སོགས་པས་དང་པོ་སྦྱོར་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལུས་ཀྱི་རང་བཞིན་ཅན་ནོ། །ད་ནི་དཀྱིལ་
འཁོར་རྒྱལ་པོ་མཆོག་ཅེས་བྱ་བའི་ཏིང་ངེ་འཛིན་གསུངས་པ། པདྨ་ཞེས་བྱ་བ་ལ་སོགས་པ་སྟེ། འདིར་དང་པོའི་སྦྱོར་བས་འཇིག་རྟེན་གྱི་ཁམས་འབྱུང་བ་དང་རྒྱལ་པོ་རྫོགས་པའི་བར་དུའོ། །དེ་ནས་དཀྱིལ་འཁོར་རྒྱལ་པོ་མཆོག་ཏུ་གནས་པའི་དུས་ཏེ། གང་གི་ཚེ་
སྔོན་གྱི་རྣལ་འབྱོར་པ་རྣམས་ཀྱིས་ཤེས་རབ་དང་ཐབས་དག་གིས་དང་ཧེ་རུ་ཀ་དང་རྡོ་རྗེ་ཕག་མོ་དག་གིས་རང་གི་རིག་པའི་སྣ་ཚོགས་པའི་ཧེ་རུ་ཀའི་གཟུགས་རྣམས་དང་། རྣལ་འབྱོར་མ་རྣམས་སྤྲོ་ཞིང་སྡུད་པའོ། །དེ་བཞིན་དུ་རི་རབ་ལ་སོགས་པ་དང་ས་གཞི་
རྣམས་གནས་པ་ཡོད་པས་ལྷ་ལ་སོགས་པའི་འཇིག་རྟེན་རྣམས་དང་རང་རང་གི་གནས་རྣམས་ཀྱི་ངེས་པས་པདྨའི་འདབ་མ་ལ་སོགས་པ་འཁོར་ལོ་ཐམས་ཅད་ཀྱི་དཔའ་བོ་དང་རྣལ་འབྱོར་མ་སངས་རྒྱས་ཀྱི་རིགས་ཀྱི་འཇིག་རྟེན་རོལ་པ་སྟེ་རྒྱུན་ཆད་པ་མེད་པའི་རྒྱུད་ཀྱིས་

སྤྲོ་བ་སྟེ་རེ་རེའི་མཐའ་མེད་པའི་རིགས་ཞེས་བྱ་བའི་དོན་ཏོ། །དེ་ལྟར་ཤར་ལ་སོགས་པ་ཞེས་བྱ་བ་ནི་མཁའ་འགྲོ་ལྔའི་རིགས་ལས་བྱུང་བ་ལྔ་སྟེ། དེ་ལྟར། མཁའ་འགྲོ་མ་དང་གཟུགས་ཅན་མ། །འོད་བྱེད་མ་དང་མདོག་ནག་མ། །ཡོངས་གྱུར་མ་དང་བྱིས་བཅས་མ། །
རྗེས་སུ་མདོག་མ་ཁ་དོག་སྔོ་བ་སྟེ་ཤར་ལ་སོགས་པ་ནས་བྱང་གི་མཐར་ས་གཞིའི་རྗེས་སུ་རིགས་པའི་ཁ་དོག་གོ། །དེ་ལས་བྱུང་བའི་དངོས་པོ་རྣམས་ཀྱིས་ཟ་བ་ལ་སོགས་པའོ། །དེ་ལྟར་ལཱ་མ་ལ་སོགས་པ་ཡང་ཤེས་པར་བྱའོ། །གཡོན་སྐོར་དུ་ཞེས་བྱ་བ་ནི་ཇི་ལྟར་མེ་ལོང་
དུ་གདོང་ལ་སོགས་པའི་གཟུགས་བརྙན་གཡོན་པའི་ལུས་པོ་ནི་གཡས་པར་སོ་སོར་གསལ་ཏེ་གཡས་པའི་ལུས་པོ་གཡོན་པར་ཀྱང་ངོ་། །དེའི་ཚེ་རྣལ་འབྱོར་པ་རྣམས་ཀྱི་དཀྱིལ་འཁོར་རྣམས་སུ་ཧེ་རུ་ཀ་ལ་སོགས་པ་དང་རྣལ་འབྱོར་མའོ། །དེས་ཀྱང་གཡས་པའི་
ལག་པ་རྣམས་སུ་གཡོན་པའི་མཆོད་པའོ། །དེ་བཞིན་དུ་ལག་པ་གཡོན་པ་རྣམས་སུ་གཡས་པའི་མཆོད་པས་ཞེས་བྱ་བ་ནི་གདམས་པའོ། །དེ་རྣམས་ཀྱིས་ཀྱང་རི་རབ་གླིང་ཐམས་ཅད་ཀྱི་གཡོན་པར་སོ་སོར་གསལ་ཏེ་ཉི་མའི་ལག་པའི་འོད་ཟེར་གྱིས་ཀྱང་སྟེ་
གཡོན་དུ་ཤར་ནས་གཡས་སུ་འགྲོའོ། །དེའི་གྲིབ་མའི་ལག་པ་གཡས་སུ་ཤར་ནས་གཡོན་དུ་འགྲོའོ། །དེ་ལྟར་ཡང་བདུད་རྩི་ལྔའི་སྣོད་ལས་སྔོན་གྱི་རྣལ་འབྱོར་པ་རྣམས་ཀྱི་ཉི་ཤུ་རྩ་བཞིའི་གནས་དང་ཉེ་བའི་གནས་ཀྱི་གནས་རྣམས་སུ་ཐིག་ལེ་འབྲུལ་ལོ། །དེ་
རྣམས་ཀྱིས་ཀྱང་དཔའ་བོ་དང་རྣལ་འབྱོར་མ་ཐམས་ཅད་ཀྱིས་བསྟར་བར་བྱ་བར་འགྱུར་རོ། །དེས་ཡང་ལྷ་རྣམས་ཀྱི་ཉེ་བར་ལོངས་སྤྱོད་པར་འགྱུར་རོ། །གཡས་བརྐྱང་ཞེས་བྱ་བ་ནི་སླར་ཡང་བྱང་ཆུབ་ཀྱི་ལམ་རྣམས་སུ་རབ་ཏུ་འཇུག་པར་འདོད་དོ། །ཐོད་པའི་ཕྲེང་
བ་སོགས་འཛིན་མ། །ཞེས་བྱ་བ་ནི། སྣ་ཚོགས་པའི་སྔགས་ཀྱི་བཟླས་པ་རྣམས་ལ་དགའ་བའོ། །ཕྱག་དང་མཚོན་ཆ་དག་ནི་ལྟ་བ་དྲུག་ལ་སོགས་པར་འཇུག་པར་ཡང་ངོ་། །དེ་བྱིས་པའི་སྔགས་པ་བསྒྲིབ་པར་བྱ་བའི་ཕྱིར་ཕག་མོ་ཇི་ལྟར་གཅིག་ཏུ་ན་སངས་རྒྱས་པའི་ཡེ་

ཤེས་འཆད་པ་འབའ་ཞིག་མ་ཡིན་ཞེས་བྱ་སྟེ་འདི་ནི་ཐིག་ལེའི་འཁོར་ལོའོ། །ད་ནི་འཁོར་ལོའི་ར་བའི་འཁོར་ལོ་གསུངས་པ། དེའི་ཕྱི་རོལ་དུ་ཞེས་བྱ་བ་ལ་སོགས་པ་སྟེ་ཐོག་མར་ཡེ་ཤེས་ཀྱི་སྐུའི་རྣམ་པར་གཞག་པ་བརྗོད་པར་བྱ་སྟེ། འཁོར་ལོ་དེའི་བདག་ཉིད་རྣམས་སུ་
ཡང་ངོ་། །དེ་ཡང་ཐོག་མར་རྡོ་རྗེའི་འཁོར་ལོ་ཞེས་བྱ་བ་ནི་མི་ཕྱེད་པའི་གཟུགས་ཉིད་ཀྱི་ཕྱིར་རོ། །འཁོར་ལོའི་ར་བ་ན་གནས་པ་ཐམས་ཅད་ཀྱི་ཡང་དངོས་པོ་ཐམས་ཅད་དབྱེར་མེད་པའི་སེམས་ཏེ་ཕན་ཚུན་དག་འདོད་ཆགས་ལ་སོགས་པ་མེད་དོ། །དེ་ཉིད་དེ་ལྟར་བླ་ན་མེད་
པའི་རིགས་ཏེ་འདི་རྣམས་ཐམས་ཅད་ཀྱི་བླ་ན་མེད་པ་ཉིད་ཀྱི་ཕྱིར་དང་མཐར་ཐུག་པ་ཞེས་བྱ་བ་སྟེ་ངེས་པའོ། །དེ་ལྟར་ས་གཞི་སྔོ་དང་གནག་པའི་དབུས་སུ་ཞེས་བྱ་བ་ནི་རི་རབ་ཀྱི་གྲིབ་མས་ཀྱང་སྟེ་སེམས་དང་སེམས་ལས་བྱུང་བ་ལ་སོགས་པ་རྣམས་ཀྱིས་གཉིས་སུ་མེད་པའོ། །དེས་
ཀྱང་དེ་རྣམས་ཀྱི་དེའི་མདོག་གོ། །དེ་ལྟར་མཁའ་འགྲོ་མ་ལ་སོགས་པ་ནས་འབར་ཆེན་མོ་ཞེས་བྱ་བའི་བར་རྣམས་ཀྱིས་རྣལ་འབྱོར་མ་སུམ་ཅུ་རྩ་དྲུག་རྣམས་དང་དེའི་རིགས་ཅན་རྣམས་དེའི་རང་བཞིན་རྣམས་ཀྱིས་འཁོར་ལོའི་ར་བར་ཞེས་བྱ་བའོ། །དེ་ལྟར་ཕྱག་བཞི་ཞེས་བྱ་བ་ནི་རླུང་དང་མེ་དང་
ཆུ་དང་ནམ་མཁའི་བདག་ཉིད་ཅན་གྱི་བདུད་རྩི་ཟོས་པས་རགས་པ་ཉིད་དེ་ས་མེད་དོ། །དེ་ལྟར་ཐོད་པ་བདུད་རྩིའི་སྣོད་དང་ཁ་ཊྭཱཾ་ག་རང་དང་གཞན་གྱི་ཆའི་རྫས་ཡོངས་སུ་གཟུང་བ་མེད་དེ་སེར་སྣ་མེད་པ་ཉིད་ཀྱི་ཕྱིར་རོ། །ཌཱ་མ་རུ་ཞེས་བྱ་བ་ནི་སྒྲ་དང་སྒྲའི་ལན་གྱིས་འདུ་ཤེས་ཙམ་ཀྱང་མེད་པ་
ཞེས་བྱ་བའོ། །གྲི་གུག་དེ་བཞིན་ཞེས་བྱ་བ་ནི་འདོད་པ་ལ་སོགས་པའི་ཉོན་མོངས་པའི་བག་ཆགས་ཐམས་ཅད་དང་བྲལ་བས་སོ། །སྐྲ་གྲོལ་བ་ཞེས་བྱ་བ་ནི་བདག་དང་བདག་གི་བའི་གཟུང་བ་དང་འཛིན་པ་དོར་བའོ། །ཕྱོགས་གོས་འཆང་ཞེས་བྱ་བ་ནི་ནམ་མཁའ་ལ་འགྲོ་བར་འདོད་
པའོ། །ཕྱག་རྒྱ་ལྔ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་ལྔས་བྱིན་གྱིས་བརླབས་པའི་ལུས་སུ་གནས་པའོ། །རྡོ་རྗེའི་ཕྲེང་བ་ཞེས་བྱ་བ་ནི་སྣ་ཚོགས་པའི་བླ་མའི་གདམས་ངག་སྔོན་གྱི་བག་ཆགས་རྗེས་སུ་དྲན་པས་བརྒྱན་པའོ། །ཡི་དགས་གདན་ཞེས་བྱ་བ་ནི་རང་གི་སེམས་ཀྱི་ཆོས་ཀྱི་

དབྱིངས་ཀྱི་རང་བཞིན་ལའོ། །དྲག་ཆེན་མོ་ཞེས་བྱ་བ་ནི་རང་གི་ལྟ་བ་ལ་མངོན་པར་དགའ་བའོ། །དེ་ལྟར་འཁོར་ལོ་ཐམས་ཅད་ཀྱི་རྣལ་འབྱོར་མ་རྣམས་ཀྱིས་ངེས་པར་དེ་ལྟར་རིག་པར་བྱའོ། །སྣ་ཚོགས་པའི་རྒྱན་དང་ལྡན་ཞེས་བྱ་བ་ནི་སྣ་ཚོགས་པའི་ཡོན་ཏན་རྣམས་ཀྱིས་རྣམ་
པར་བརྒྱན་པའོ། །ཤེས་རབ་ཐབས་དང་ལྡན་པ་མོ། །ཞེས་བྱ་བ་ནི་འཆད་པར་འགྱུར་བས་ཀྱང་བཤད་པར་བྱའོ། །དེ་ལྟར་འདི་ལ་སོགས་པས་གཟུགས་མེད་ཁམས་ཞེས་བྱ་བ་ནི་གཟུགས་མེད་པའི་ཁམས་རྣམས་ཀྱི་རིགས་ཞེས་བྱ་བའི་དོན་ཏོ། །གནས་དེ་ཡང་ཞེས་བྱ་བ་ནི་རི་རབ་
ཀྱི་ཀུན་ནས་ཕྱོགས་དང་མཚམས་དང་ལོགས་སུ་གནས་པ་ཉིད་ཀྱི་ཕྱིར་རོ། །རབ་ཏུ་དགའ་བའི་ས་ཞེས་བྱ་བ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པར་རྣམ་པར་བཤད་པ་དེ་རབ་ཏུ་དགའ་བའི་སེམས་ཀྱིས་རབ་ཏུ་ཕྲད་པ་ལས་ཐུན་མོང་གི་ས་སྟེ་དེ་ཉིད་དེ་ལྟར་ཕུང་པོ་ལྷག་མ་མེད་པའི་དོན་སྣ་ཚོགས་
པ་སྒྲུབ་པའི་བསམ་གཏན་དང་པོ་ཉིད་ཀྱི་ཕྱིར་བྱང་ཆུབ་ཆེན་པོའི་སའོ། །འདིས་གནས་འདི་རྣམས་ཐམས་ཅད་ཀྱི་སྣ་ཚོགས་པའི་འཇིག་རྟེན་གྱི་ཁམས་རྣམས་སུ་སངས་རྒྱས་ཀྱི་ཆོས་འཇུག་པ་བཤད་དེ་འདི་ནི་ངེས་པའོ། །དེས་གནས་དང་ཉེ་བའི་གནས་ལ་སོགས་པ་སླར་ཞེས་བྱ་བ་ནི་གནས་འདི་
རྣམས་ཐམས་ཅད་འཆད་པར་འགྱུར་བའི་རིམ་པས་གནས་དང་ཉེ་བའི་གནས་དང་ཞིང་དང་ཉེ་བའི་ཞིང་དང་འདུན་ས་དང་ཉེ་བའི་འདུན་ས་དང་འདུ་བ་དང་ཉེ་བའི་འདུ་བ་དང་དུར་ཁྲོད་དང་ཉེ་བའི་དུར་ཁྲོད་དང་པི་ལ་བ་དང་ཉེ་བའི་པི་ལ་བ་རྣམས་སུ་འགྱུར་རོ། །གཅིག་ཅེས་བྱ་བ་ལ་སོགས་པས་
དེ་དེ་བཞིན་དུ་བཤད་དོ། །ཐམས་ཅད་ལ་ཞེས་བྱ་བ་ནི་དངོས་པོ་ཐམས་ཅད་ཀྱི་ཁམས་གཅིག་པ་སྟེ་མིག་ལ་སོགས་པ་ཐམས་ཅད་དོ། །སུམ་ཅུ་རྩ་དྲུག་ཁམས་རྗེས་སུ་རིམ་པས་ཞེས་བྱ་བ་ནི་ཡང་དག་པར་བཤད་པ་སུམ་ཅུ་རྩ་དྲུག་ལ་སུམ་ཅུ་རྩ་དྲུག་རྣམས་ཀྱིས་བསྒྱུར་བས་དེ་ལ་སྟོང་ཉིས་
བརྒྱ་དགུ་བཅུ་རྩ་དྲུག་ཏུ་འགྱུར་ཏེ་གཙོ་བོ་ཡོན་ཏན་ཀུན་རང་བཞིན་ཞེས་བྱ་བའི་གཞུང་གིས་སོ། །དེ་ལྟར་འདི་རྩའི་ཡི་གེས་ཁམས་རྣམས་རྣལ་འབྱོར་མ་རྣམས་ཀྱི་རང་བཞིན་ཅན་ཞེས་བྱ་བ་སྟེ། ལྔ་པའི་དོན་དུ་དང་པོ་སྟེ་རྣལ་འབྱོར་མ་རྣམས་ཀྱི་ཁམས་སོ། །རང་བཞིན་ཅན་ལས་

དཔའ་བོ་རྣམས་ཀྱི་ཁམས་ཞེས་བྱ་བའོ། །དེས་འཁོར་ལོའི་རྭ་བ་རྣམས་སུ་དེ་དེ་བཞིན་དུ་བཤད་པར་འགྱུར་རོ། །དེ་སླར་ཡང་སུམ་ཅུ་རྩ་དྲུག་དབྱེ་བ་ཞེས་བྱ་བ་ནི་དེ་ལྟར་འཁོར་ལོའི་ར་བ་ལ་སོགས་པའི་གནས་རྣམས་སུ་གླིང་བཅུ་གཉིས་རྣམས་སུ་འགྱུར་རོ། །དེར་གནས་དེ་རྣམས་སུ་
ཡང་གནས་དང་ཉེ་བའི་གནས་ལ་སོགས་པ་རྣམ་པར་དག་པས་སུམ་ཅུ་རྩ་དྲུག་གི་རིགས་རྣམས་སུ་འགྱུར་རོ། །ཡུལ་དང་ཡུལ་རིམ་པས་ཕྱེའོ་ཞེས་བྱ་བའི་ཚིག་གིས་སོ། །དེ་ལྟར་རྡོ་རྗེའི་འཁོར་ལོ་རྣམས་སུ་གྲི་གུག་གིས་བསྐོར་བར་གནས་པ་ཞེས་བྱ་བ་སྟེ་ཡེ་ཤེས་ཀྱི་ཕ་རོལ་ཏུ་སོན་པ་
ཞེས་བྱ་བའི་ངེས་པ་སྟེ་འཁོར་ལོའི་ར་བ་རྣམས་སུའོ། །དེ་ལྟར་ཡང་མ་གསུངས་ཀྱང་བཤད་པར་བྱ་སྟེ། རྡོ་རྗེ་ཕག་མོའི་འཁོར་ལོ་རྣམས་དེ་ནས་དབུས་ཀྱི་བདག་ཉིད་དུ་ལྟེ་བའི་པདྨ་རྣམས་སུ་ཡི་གེ་ཉི་ཤུ་རྩ་བཞིས་ཕག་མོའི་སྔགས་རྣམས་སུ་ལྷག་མའི་ཡི་གེ་རྣམས་རྣལ་འབྱོར་མ་རྣམས་
ཀྱི་བསྐྱེད་པ་སྟེ། ལེའུ་གཉིས་པར་བཤད་པས་སོ། །དེ་བཞིན་དུ་འདི་ཉིད་དུ་བཤད་དེ་གོ་ཆའི་སྔགས་ཀྱི་ཡི་གེ་རྣམས་དང་དཔའ་བོ་དང་དཔའ་མོའི་དབང་ཕྱུག་མ་རྣམས་དང་རྣལ་འབྱོར་མ་བཅུ་གཉིས་རྣམས་ཀྱི་སྟེ། དེ་ལྟར་སུམ་ཅུ་རྩ་དྲུག་པ་ཁོར་ཡུག་འཛིན་གྱི་རིའི་འཁོར་ལོ་
ཞེས་བྱའོ། །དེ་ལ་གནས་པ་རྣམས་ཀྱི་ལྷ་དྲང་སྲོང་རྣམས་ཀྱི་རིགས་ཞེས་བྱ་བ་ནི་ངེས་པའོ། །ད་ནི་ཐུགས་ཀྱི་འཁོར་ལོ་བཤད་པར་བྱ་སྟེ། དེ་ནས་དེའི་ཕྱི་རོལ་དུ་ཞེས་བྱ་བ་ལ་སོགས་པས་ཟླ་བའི་གླིང་གི་རྣམ་པར་གཞག་པའོ། །ཐུགས་ཞེས་བྱ་བ་ནི་ཟླ་བའི་གླིང་རྣམས་
སུ་གནས་པའི་སེམས་ཅན་རྣམས་ཀྱི་སྙིང་བསྐྱེད་པ་རྣམས་ཀྱི་སྙིང་གི་ཡོན་ཏན་དུ་འགྱུར་རོ། །ཟླ་བའི་ཐིག་ལེ་ཉིད་ཀྱི་ཕྱིར་རོ། །དམར་དང་སེར་བ་ཞེས་བྱ་བ་ནི་རང་གིས་རིག་པ་གཉིས་སུ་མེད་པའི་ཕྱིར་ཁ་དོག་ཅེས་བྱ་བ་གྲུབ་པོ། །དེ་ལྟར་དེའི་འཁོར་ལོའི་རྩིབས་
ཀྱི་དབུས་སུ་གནས་པའོ། །ཡུལ་དང་ཡུལ་དུའོ། །དེ་ལྟར་འདིར་རྣལ་འབྱོར་མ་རྣམས་གསུངས་པ། རྡོ་རྗེ་འཆང་མ་ཞེས་བྱ་བ་ལ་སོགས་པ་ནས་གནོད་མཛེས་རྒྱལ་པོ་ཞེས་བྱ་བའི་བར་དུ་རིགས་སུམ་ཅུ་རྩ་དྲུག་གི་རིགས་ཅན་མ་རྣམས་སོ། །དེ་ལྟར་ཁ་དོག་

ཅེས་བྱ་བ་ལ་སོགས་པ་ནས་ཐོག་མར་དེའི་དེ་ཞེས་བྱ་བའི་བར་དུ་རྟོགས་པར་སླའོ། །འོན་ཀྱང་གླིང་རྣམས་སུ་གང་རྣམ་པར་གཞག་པ་དེ་ཐམས་ཅད་ལུང་གི་ནང་དུ་རྟོགས་པར་བྱའོ། །གཙོ་བོ་ཞེས་བྱ་བ་ལ་སོགས་པས་འཁོར་ལོས་སྒྱུར་བ་བཅུ་གཉིས་རྣམས་
ཀྱི་མིང་གསུངས་པ། འདི་རྣམས་ཐམས་ཅད་ཀྱིས་ཡང་འཁོར་ལོས་སྒྱུར་བ་ཧེ་རུ་ཀ་ཆེན་པོ་ཞེས་བྱའོ། །དེ་ལྟར་ཧེ་རུ་ཀ་ཆུང་ངུ་ཞེས་བྱ་བ་ལ་སོགས་པ་རྟོགས་པར་སླའོ། །དེ་རྣམས་ཀྱི་རིགས་རྣམས་འཁོར་ལོས་སྒྱུར་བ་རྣམས་ཀྱི་བློ་དང་ལྡན་པ་ཁྱོད་ཀྱིས་མཚོན་
པར་བྱའོ་ཞེས་བྱ་བ་ནི་ཁྱོད་ཀྱིས་མིག་ལ་སོགས་པའི་ཡུལ་དང་ཡུལ་ཅན་མ་རྣམས་ཀྱིས་དེ་བཞིན་གཤེགས་པ་ཧེ་རུ་ཀའི་གཟུགས་རྣམས་ལ་སེམས་བསྐྱེད་པ་སྟེ་བོད་པའི་དོན་ཏོ། །དེ་ལྟར་ཐུགས་ཀྱི་འཁོར་ལོ་མདོར་བསྡུས་པས་བཤད་དོ་ཞེས་བྱ་བ་ནི་ངེས་པའོ། །གཉིས་
པ་ཞེས་བྱ་བ་ནི་སྔོན་མ་ལ་ལྟོས་པའོ། །དེ་ལྟར་ཡང་རྒྱ་མཚོ་དང་རི་རྣམས་སུ་ཞེས་བྱ་བ་སྟེ་སྦྲང་རྩིའི་རྒྱ་མཚོ་རྣམས་སུ་རྡོ་རྗེ་ཕག་མོའི་སྔགས་ཀྱི་ཡི་གེ་རྣམས་ཀྱི་འཁྲུལ་འཁོར་གྱི་འཁོར་ལོ་རྣམ་པ་གཉིས་སོ། །ཤེས་རབ་དང་ཐབས་ཀྱི་བདག་ཉིད་ཅན་རྣམས་ཀྱང་ངོ་། །ད་ནི་
ཡོན་ཏན་ཐམས་ཅད་ཅེས་བྱ་བའི་བཅོམ་ལྡན་འདས་ཀྱི་འཁོར་ལོ་གསུམ་པ་གསུངས་པ། དེ་ནས་དེའི་ཕྱི་རོལ་དུ་ཐམས་ཅད་ཅེས་བྱ་བ་ལ་སོགས་པས་ཏེ། དཀར་པོའི་གླིང་ཡོན་ཏན་ཐམས་ཅད་ཅེས་བྱ་བ་སྟེ་སྣ་ཚོགས་པའི་དམ་པའི་ཆོས་ཉེ་བར་ཚོགས་པས་སེམས་ཀྱང་བདེ་
བ་ཉིད་ཐོབ་པའོ། །དེ་རྣམས་ཀྱིས་དཀར་པོའི་གླིང་ན་གནས་པ་རྣམས་བསྐྱེད་པ་ཞེས་བྱ་བ་སྟེ་ཡོན་ཏན་ཐམས་ཅད་ཀྱི་རང་བཞིན་ནོ། །དེའི་ཕྱིར་ཡང་དཀར་བ་དང་དམར་བའི་ཁ་དོག་སྟེ་འཛིན་པ་མེད་པས་གཉིས་སུ་མེད་པའི་ཡོན་ཏན་གྱིས་ཞེས་བྱ་བའི་དོན་ཏོ། །དེ་
ལྟར་རྡོ་རྗེའི་རྩིབས་ཞེས་བྱ་བ་ལ་སོགས་པ་སྔོན་བཞིན་ནོ། །དེ་རྣམས་ཀྱི་ཡང་རྣལ་འབྱོར་མའི་རིགས་གསུངས་པ། བྲམ་ཟེ་མོ་ཞེས་བྱ་བ་ལ་སོགས་པ་ནས། ཀོ་ལྤགས་མཁན་མའི་རྣལ་འབྱོར་མ། །ཞེས་བྱ་བའི་བར་རྣམས་ཀྱིས་སུམ་ཅུ་རྩ་དྲུག་གི་རིགས་རྣམས་སུ་ཡོན་

ཏན་ཐམས་ཅད་ཀྱི་རིགས་ཀྱི་འཁོར་ལོའོ། །ཞིང་དང་འདོད་པའི་ཁམས་ཀྱི་ཡོན་ཏན་གྱི་གཟུགས་དང་རིགས་ཐམས་ཅད་ཀྱི་བདག་ཉིད་ཀྱི་ཕྱིར་དང་གཉིས་པ་དཀར་པོའི་གླིང་ཞེས་བྱ་བ་སྟེ། རང་ཉིད་ཤེས་རབ་ཐབས་བདག་ཉིད། །ཅེས་བྱ་བ་ནི་རང་རང་གི་རིགས་ལས་བྱུང་བའི་
བདག་པོ་ཞེས་བྱ་བའི་དོན་ཏོ། །རང་ཉིད་བླ་མ་མཆོད་པའི་གནས། །ཞེས་བྱ་བ་ནི་དེ་ལྟར་འཁོར་ལོ་རྟག་ཏུ་མཆོད་པར་བྱ་བ་སྟེ་རང་ཉིད་བླ་མའི་གཟུགས་གཙོ་བོ་དང་ལྷན་ཅིག་པ་དངོས་གྲུབ་ཐམས་ཅད་སྟེར་བ་པོ་ཡོན་ཏན་ཐམས་ཅད་ཀྱི་བདག་ཉིད་ཅན་ཞེས་བྱ་བའི་དོན་ཏོ། །དེ་ལྟར་
རང་གི་མིང་བརྗོད་པ་ཞེས་བྱ་བ་ལ་སོགས་པས་དེ་དེ་བཞིན་དུ་བཤད་པ་རྣམས་ཏེ་གཙོ་བོ་ལ་སོགས་པ་འདི་རྣམས་ཐམས་ཅད་དང་དཀྱིལ་འཁོར་གྱི་འཁོར་ལོ་ཐམས་ཅད་ཀྱི་དཀྱིལ་འཁོར་པའི་ལྷ་རྣམས་ཀྱིས་མཆོད་པའི་སྔགས་དང་བཟླས་པའི་སྔགས་སུ་བྱའོ། །དེའི་ཕྱི་
རོལ་དུ་ཟླུམ་པོ་ཞེས་བྱ་བ་ལ་སོགས་པས་ཡེ་ཤེས་ཀྱི་འཁོར་ལོའི་ཡོངས་སུ་གཅོད་པ་གསུངས་པ། ཟླུམ་པོའི་རྣམ་པས་གཡོན་དང་གཡས་པའི་སྣའི་བུ་གར་དཀྱིལ་འཁོར་རྣམས་ལ་ཁྱབ་པར་བྱེད་པ་ཉིད་ཀྱིས་སོ། །རི་མོ་གཉིས་སུ་ཞེས་བྱ་བ་ནི་གཉིས་དག་ཨ་
ཝ་དྷཱུ་ཏཱིར་ཡེ་ཤེས་ཀྱི་དཀྱིལ་འཁོར་ཞེས་བྱ་བའི་དོན་ཏོ། །ཕྱི་རོལ་དུ་དེ་ཉིད་དོ། །ཡེ་ཤེས་ཀྱི་རྣམ་པ་རྫོགས་པ་ཞེས་བྱ་བ་ནི་རིགས་པའོ། །དེ་ལྟར་སྒོ་ཞེས་བྱ་བ་ལ་སོགས་པས་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་བསྟན་པར་བྱ་བའི་ཕྱིར་འདི་ངེས་
པའོ། །དེ་བཞིན་དུ་ཤར་ལ་སོགས་པའི་སྒོ་རྣམས་དང་མེ་ལ་སོགས་པའི་གྲྭ་རྣམས་སུ་ཁྭ་གདོང་མ་ལ་སོགས་པའི་རྣལ་འབྱོར་མ་རྣམས་ཡོངས་སུ་གཞག་པར་བྱ་བའི་ཕྱིར་སྔོན་དུ་བཤད་པའི་ཀུན་ཏུ་སྤྱོད་པ་བཤད་དེ། དེ་ཡང་རྡོ་རྗེ་ཕག་མོའི་ཐིག་
ལེའི་གནས་ནས་འདོད་པས་སྔོན་བཞིན་དུ་ཤར་གྱི་སྒོར་གནས་ཏེ་ཁྭ་གདོང་མ་ཐིག་ལེའི་གནས་སུ་ཡང་འགྲོའོ། །དེར་ཡང་ཡོན་ཏན་ཐམས་ཅད་རྣལ་འབྱོར་མའི་འཁོར་ལོའི་ནང་དུ་སོན་པར་འགྱུར་རོ། །དེ་ལྟར་རྡོ་རྗེ་ཕག་མོ་ཁྭ་གདོང་མའི་རང་བཞིན་གྱི་

འཁོར་ལོ་ལ་ཀུན་དུ་སྤྱོད་པའི་སྦྱོར་བས་ཟ་བའོ། །དེ་བཞིན་དུ་ཁྭ་གདོང་མ་རྡོ་རྗེ་ཕག་མོའི་རང་བཞིན་ཡོན་ཏན་ཐམས་ཅད་ཀྱི་འཁོར་ལོ་ལ་གནས་པའོ། །གང་གི་ཚེ་ཡེ་ཤེས་ཙམ་གཡོ་བ་དང་རྣམ་པ་དང་བཅས་པ་དེ་ཡང་རབ་ཏུ་ཐིམ་པར་འགྲོའོ། །དེ་བཞིན་
དུ་འུག་གདོང་མ་གཤོལ་མདའ་འཛིན་གྱི་འཁོར་ལོར་བཤད་དོ། །དེ་བཞིན་དུ་སྦྲང་རྩིའི་རྒྱ་མཚོ་ཁྱི་གདོང་མའིའོ། །ཟླ་བའི་གླིང་རྣམས་སུ་ཕག་གདོང་མའོ། །གཉའ་ཤིང་འཛིན་དུ་བརྟན་མའོ། །འཁོར་ལོའི་ར་བར་ཕོ་ཉ་མའོ། །པདྨའི་འདབ་མ་རྣམས་སུ་མཆེ་
གཙིགས་མའོ། །གཟུངས་ཀྱི་སྣམ་བུ་དང་། དེ་བཞིན་དུ་དུར་ཁྲོད་བརྒྱད་ན་གནས་པ་རྣམས་དང་འབྱུང་པོའི་ཚོགས་དང་སྒོའི་གྲྭ་རྣམས་དང་འཁོར་ལོ་ནི་གཤིན་རྗེ་འཇོམས་མ་ལ་ཐམས་ཅད་ཞུགས་པའོ། །ལྷག་མ་ཇི་ལྟར་སྔོན་དུ་གསུངས་པའི་རིམ་པས་ཀུན་དུ་སྤྱད་
པར་བྱའོ་ཞེས་བྱ་བ་ནི་ངེས་པའོ། །འདིས་ཡང་འདི་རྣམས་ཐམས་ཅད་ཀྱི་འཆི་བ་དང་སྐྱེ་བ་བཤད་པའོ། །དེ་ལྟར་ཤར་དང་བྱང་དང་ནུབ་དང་ལྷོའི་ས་གཞི་རྣམས་ནག་པོ་ལ་སོགས་པས་རི་རབ་ལ་བསྐོར་བ་སྟེ་ཉི་མས་ཐུན་མཚམས་བཞི་དང་གླིང་བཞི་རྣམས་སུ་
མཚམས་ཀྱི་གྲིབ་མར་འགྱུར་རོ། །དེ་ལྟར་ཕྱི་དང་ནང་ཐམས་ཅད་བཤད་པ་ནི་ཀུན་དུ་སྤྱོད་པའི་ངེས་པས་སོ། །ཐམས་ཅད་ཀྱང་འདིར་བྱ་སྟེ་ཕྱི་དང་ནང་ཞེས་བྱ་བའི་ཚིག་གིས་སོ། །གཞན་ཐམས་ཅད་རྟོགས་པར་སླའོ། །དེ་ལྟར་ཡེ་ཤེས་ཀྱི་འཁོར་ལོ་དེའི་གསུམ་པ་ཡོན་
ཏན་གྱི་འཁོར་ལོ་ཞེས་བྱ་བ་སྟེ་ཡོན་ཏན་ཐམས་ཅད་ལས་རྒལ་བ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་ཡང་འདིར་མར་གྱི་རྒྱ་མཚོའི་སེང་ལྡེང་ཅན་གྱི་རིའི་རྡོ་རྗེ་ཕག་མོ་ཤེས་རབ་དང་ཐབས་ཀྱི་བདག་ཉིད་ཅན་གྱི་འཁོར་ལོ་གཉིས་པ་ཞེས་བྱ་བའོ། །དེ་ལྟ་བུ་སྔོན་དུ་བཤད་
པ་རྣམས་ཀྱི་འཁོར་ལོ་གཉིས་པ་རྣམས་དང་ཐོག་མ་དང་བདུན་པ་རྣམས་ཏེ་འདིར་གཉིས་པ་དང་བརྒྱད་པ་ཞེས་བྱ་བའོ། །ད་ནི་ཆོས་ཀྱི་སྐུ་དུམ་བུ་གསུམ་པའི་དཀྱིལ་འཁོར་ནམ་མཁའི་འཁོར་ལོ་གསུངས་པ། དེ་ནས་ཕྱི་རོལ་མཁའ་ཞེས་བྱ་བ་ལ་སོགས་པ་སྟེ་ཡེ་ཤེས་ཀྱི་

འཁོར་ལོའི་དུར་ཁྲོད་རྣམས་ཀྱི་འཁོར་ལོའི་ར་བའི་ཕྱི་རོལ་དུ་ནམ་མཁའི་འཁོར་ལོ་ཀུ་ཤའི་གླིང་སྟེ་འདམ་སྐྱེས་སྔོན་པོ་ལྟ་བུ་ཞེས་བྱ་བ་ནི་རང་བཞིན་གྱིས་སྔོ་བ་སྟེ་ཐུགས་ཀྱི་འདམ་སྐྱེས་ལས་བྱུང་བ་ཉིད་ཀྱི་ཕྱིར་འདམ་སྐྱེས་དང་འདྲ་བའོ། །དེ་ལྟར་མཁའ་ལ་སྤྱོད་པ་རྣམས་ཀྱི་རྣལ་
འབྱོར་མ་རྣམས་ཀྱི་རིགས་དང་རིགས་ཅན་མ་རྣམས་སོ། །འདི་ལྟ་སྟེ། མིའམ་ཅི་མོ་ཞེས་བྱ་བ་ལ་སོགས་པ་ནས་སྒྲ་ལྡན་མ་ཞེས་བྱ་བའི་བར་དུ་རིགས་དང་རིགས་ཅན་མ་རྣམས་ཏེ་ཀུ་ཤའི་གླིང་དུ་གནས་པ་རྣམས་སོ། །དེ་ལྟར་ཉེ་བའི་ཞིང་དང་སྔོན་མ་ལ་ལྟོས་པས་གླིང་
གསུམ་པ་ལའོ། །མཁའ་སྤྱོད་རིགས་ལས་སྐྱེས་ཞེས་བྱ་བ་ནི་རྫུས་སྐྱེས་རྣམས་ཏེ་སེམས་ཀྱི་དགོངས་པ་ཁྱད་པར་འཕགས་ཞེས་བྱ་བའོ། །ཀུ་ཤའི་གླིང་པ་རྣམས་འོངས་པ་ཞེས་བྱ་བའོ། །ལྷག་མ་ཐམས་ཅད་རྟོགས་པར་སླའོ། །དེ་བཞིན་དུ་འདིར་ཞོའི་རྒྱ་མཚོ་དང་
བལྟ་ན་སྡུག་གི་རིར་རྡོ་རྗེ་ཕག་མོའི་འཁོར་ལོ་གཉིས་ཐབས་དང་ཤེས་རབ་ཀྱི་བདག་ཉིད་ཅན་ཞེས་བྱ་བའོ། །དེ་ཡང་གསུམ་པ་དང་དགུ་པའོ། །ད་ནི་དེའི་ཕྱི་རོལ་དུ་ཆོས་ཀྱི་སྐུའི་རླུང་གི་འཁོར་ལོ་གསུངས་པ། དེའི་ཕྱི་རོལ་རླུང་གི་འཁོར་ལོ་ཞེས་བྱ་བ་ལ་སོགས་པ་སྟེ་ཁ་དོག་སྣ་
ཚོགས་སྔོན་པོ་ཞེས་བྱ་བ་ནི་རླུང་གི་དཀྱིལ་འཁོར་ལས་བྱུང་བའི་ཡེ་ཤེས་དཔྲལ་བ་ལས་སོ། །རང་གི་འཕོ་བ་ལས་བྱུང་བས། །ཞེས་བྱ་བ་ནི་ངེས་པའོ། །རྡོ་རྗེའི་རྩིབས་ཞེས་བྱ་བ་ལ་སོགས་པ་ནི་སྔོན་བཞིན་ནོ། །མིང་གཞན་གྱིས་ནམ་མཁའི་སྙིང་པོ་མཆོག་ཅེས་བྱ་བ་ནི་
གང་གི་ཚེ་ནམ་མཁའི་ནང་དུ་རླུང་རྣམས་ཀྱི་གནས་ཏེ་རླུང་དང་རྣམ་པར་ཤེས་པ་ཉིད་ཀྱིས་སོ། །དེའི་ཚེ་ནམ་མཁའི་སྙིང་པོ་ནི་ཆོས་ཀྱི་བདག་མེད་པའི་མཚན་ཉིད་དོ། །དེ་ཡང་ནམ་མཁའི་བདག་མེད་པའི་རླུང་གིས་ཆོས་རྣམས་དང་བཅས་པ་ཉིད་ཀྱི་ཕྱིར་རོ། །དེའི་ཕྱིར་མིའམ་
ཅིའི་གླིང་དང་དེའི་རིགས་དང་རུས་ཅན་ཞེས་བྱ་བའོ། །དེ་ལྟར་འདིར་རྣལ་འབྱོར་མའི་རིགས་བཤད་པ། མཁའ་ལྡིང་མ་ཞེས་བྱ་བ་ལ་སོགས་པ་ནས་རི་དགས་མོ་ཞེས་བྱ་བའི་བར་དུ་སུམ་ཅུ་རྩ་དྲུག་གི་རིགས་དང་རིགས་ཅན་མ་སྟེ་དེ་ལྟར་རྣལ་འབྱོར་རྣམས་མིའམ་ཅིའི་གླིང་ན་གནས་པ་

རྣམས་སོ། །ཁ་དོག་འཁོར་ལོའི་ས་གཞི་ཞེས་བྱ་བ་ནི་རྣལ་འབྱོར་མ་རྣམས་ཀྱི་ཁྱད་པར་དུ་བྱེད་པ་གོང་དང་འདྲ་བ་སྟེ་རླུང་གི་འཁོར་ལོའི་ས་གཞི་སྣ་ཚོགས་སྔོན་པོའི་མདོག་དང་འདྲ་བ་སྟེ་རླུང་གི་འཁོར་ལོའི་རྣལ་འབྱོར་མ་ཐམས་ཅད་ཀྱིའོ། །ཡང་ན་རང་རང་གི་
ཞེས་བྱ་བ་ནི་ནམ་མཁའ་ལྡིང་ལ་སོགས་པ་གོང་དང་འདྲ་བ་སྟེ་གང་དངོས་སུ་དཀར་པོ་ལ་སོགས་པའི་མདོག་དེ་དང་འདྲ་བར་ཤེས་པར་བྱའོ། །འཁོར་ལོ་འདི་ནི་སྒོང་སྐྱེས་ཞེས་བྱ་བ་འདི་ནི་ནམ་མཁའ་ལ་འགྲོ་བའི་གཟུགས་ཀྱིས་གང་གི་ཚེ་རྣལ་འབྱོར་མ་རྣམས་ཀྱི་གཟུགས་
དང་བཞུགས་ཚུལ་ལ་སོགས་པ་དེའི་ཚེ་ཡང་ནམ་མཁའི་སྒོ་ངའི་ནང་དུ་དེའི་དཀྱིལ་འཁོར་རྣམས་སུ་སྲོག་རྣམས་ཐིམ་པར་འགྱུར་རོ། །དེའི་ཕྱིར་བྱུང་བའི་རིགས་རྣམས་སྒོང་སྐྱེས་ཞེས་བྱ་བའོ། །དེ་ཡང་ཡོན་ཏན་དབྱེ་བས་གསུམ། །ཞེས་བྱ་བ་ནི་ཡེ་ཤེས་དང་ནམ་མཁའ་དང་
རླུང་གི་ཡོན་ཏན་རྣམས་དེ་ནམ་མཁའ་དང་རླུང་དང་སའི་འཁོར་ལོའི་བདག་ཉིད་ཅན་ནི་ཡོན་ཏན་གསུམ་རྣམས་དེའི་ངེས་པའོ། །དེ་ལྟར་ཆོས་ཀྱི་སྐུའི་དང་དེ་བཞིན་དུ་ལོངས་སྤྱོད་རྫོགས་པའི་སྐུའི་བདག་ཉིད་ཅན་སྔོན་བཞིན་ནོ། །དྲོད་གཤེར་སྐྱེས་ཀྱི་གཟུགས་ཅན་ཞེས་བྱ་བ་ནི་
ཆོས་ཀྱི་སྐུའི་སྐབས་ལས་སྤྲུལ་པའི་གཟུགས་ལོངས་སྤྱོད་རྫོགས་པ་དྲོད་གཤེར་སྐྱེས་ཀྱི་གཟུགས་ཏེ་དེ་ལྟར་ཕན་ཚུན་དུ་མངལ་སྐྱེས་སྤྲུལ་པའི་སྐུའོ། །ལོངས་སྤྱོད་རྣམས་ཀྱི་ཁྱད་པར་གྱིས། །ཞེས་བྱ་བ་ནི་ནམ་མཁའི་ཁམས་ཀྱི་གཟུགས་ཉིད་ཀྱི་ཕྱིར་དེ་དེ་བཞིན་དུ་བཤད་དོ། །དེ་
ལྟར་སླར་ཡང་རླུང་གི་འཁོར་ལོ་འདིའི་ངོས་སུ་འོ་མའི་རྒྱ་མཚོ་དང་རྟ་རྣ་ཅན་གྱི་རིར་རྡོ་རྗེ་ཕག་མོའི་ཤེས་རབ་དང་ཐབས་ཀྱི་འཁོར་ལོ་ཉིད་དང་བཅུ་བཞི་པ་ཞེས་བྱ་བ་འདི་རྣམས་ཀྱིས་འདི་རྣམས་ཐམས་ཅད་ཀྱི་རྒྱ་མཚོ་དང་རི་ལ་སོགས་པ་རྣམས་རང་རང་གི་གླིང་རྣམས་སུ་གང་གི་
ཚེ་མངོན་པར་བརྗོད་པ་རྣམས་ཀྱི་རྣལ་འབྱོར་མ་རྣམས་དེའི་གཟུགས་ལ་སོགས་པས་དེ་ཐམས་ཅད་ལ་གནས་པ་ཞེས་བྱ་བ་ནི་ངེས་པའོ། །ད་ནི་ས་ཞེས་བྱ་བའི་དཀྱིལ་འཁོར་གསུངས་པ། དེ་ནས་ཕྱི་རོལ་ཞེས་བྱ་བ་ལ་སོགས་པ་སྟེ། ཁ་དོག་སེར་པོའི་རང་བཞིན་

གྱིས་ཞེས་བྱ་བ་ནི་དབང་ཆེན་གྱི་དཀྱིལ་འཁོར་ལས་བྱུང་བ་ཡེ་ཤེས་སམ་དེ་ཁོ་ན་ཉིད་དེས་ཡང་འཇིག་རྟེན་གྱི་ཁམས་ཀྲུང་ཀྲུང་གི་གླིང་གི་རང་བཞིན་གྱི་ཁ་དོག་སེར་པོའོ། །དེ་ལྟར་དེ་ལ་གནས་པ་ས་ལ་སྤྱོད་མ་སའི་རང་བཞིན་གྱི་ངོ་བོའི་རྣལ་འབྱོར་མ་རྣམས་ཏེ། སུམ་ཅུ་རྩ་
དྲུག་རིགས་ལས་བྱུང་བ་རྣམས་ཀྲུང་ཀྲུང་གི་གླིང་ན་གནས་པའི་རིགས་རྣམས་སོ། །དེ་ལྟར་དེའི་རྣལ་འབྱོར་མ་རྣམས་གསུངས་པ། སེང་གེ་མོ་ཞེས་བྱ་བ་ལ་སོགས་པ་ནས་གྲོང་ན་གནས་པ་མ་མཆོག་ཅེས་བྱ་བའི་བར་དུའོ། །དེ་ལྟར་ཞེས་བྱ་བ་ལ་སོགས་པ་
རྟོགས་པར་སླའོ། །འོན་ཀྱང་སྔོན་དུ་བཤད་པའི་རིམ་པས་ཀུན་དུ་སྤྱོད་པ་བྱའོ་ཞེས་བྱ་བ་བཤད་པ། བྲམ་ཟེ་མོ་ཤར་གྱི་སྒོ་ནས་འོངས་ནས་ཐིག་ལེའི་གནས་སུའོ། །དེ་ལ་གནས་པས་རྡོ་རྗེ་ཕག་མོ་ཤར་གྱི་སྒོར་འགྲོའོ། །དེ་ལྟར་བྲམ་ཟེ་མོ་དེ་སྔོན་དུ་བཤད་པའི་
ཡེ་ཤེས་ཀྱི་འཁོར་ལོ་ལ་རང་གི་འཕོ་བ་ལས་བྱུང་བའི་དབྱུ་གུ་གཅིག་གིས་ལོངས་སྤྱོད་དོ། །དབང་ཕྱུག་ཆེན་པོ་ཡང་མར་གྱི་རྒྱ་མཚོ་དང་དུལ་བའི་རི་ལ་འཁོར་ལོ་གཉིས་ལའོ། །དེ་བཞིན་དུ་གཞོན་ནུ་མ་ནམ་མཁའི་འཁོར་ལོ་ལའོ། །ཁྱབ་འཇུག་མ་སླར་ཡང་
ཞོའི་རྒྱ་མཚོ་དང་ཁོར་ཡུག་འཛིན་གྱི་རིའི་འཁོར་ལོ་ལའོ། །དེ་ལྟར་ཕག་མོ་རླུང་གི་འཁོར་ལོར་རོ། །དེ་བཞིན་དུ་དབང་པོ་མ་བྱེད་མ་ཞེས་བྱ་བའི་རི་དང་། འོ་མའི་རྒྱ་མཚོར་རོ། །སླར་ཡང་གཏུམ་མོ་སའི་འཁོར་ལོ་ལའོ། །དཔལ་ཆེན་མོ་སྒོ་སྐྱོང་མ་ནི་གྲྭ་ན་
གནས་པ་མོ་དང་དུར་ཁྲོད་ཀྱི་ལྷ་ལ་ལོངས་སྤྱོད་པའི་དབྱུ་གུ་རེ་རེའོ། །དེ་ལྟར་སླར་ཡང་ཀུན་དུ་སྤྱོད་པ་སྔོན་དུ་གསུངས་པའི་རིམ་པས་བྱའོ་ཞེས་བྱ་བ་སྟེ་ཐིམ་པ་དང་ལོངས་སྤྱོད་པ་དང་། སྔོན་དུ་བདག་ཏུ་བྱེད་པ་ལ་སོགས་པས་སོ། །དེ་ལྟར་ཆུའི་རྒྱ་མཚོ་
དང་དུལ་བའི་རིའི་རྡོ་རྗེ་ཕག་མོ་ཤེས་རབ་དང་ཐབས་ཀྱི་བདག་ཉིད་ཅན་གྱི་འཁོར་ལོ་གཉིས་ཏེ། ལྔ་པ་དང་བཅུ་གཅིག་པའོ། །དེ་ལྟར་འཁོར་ལོ་གསུམ་གྱི་བདག་ཉིད་ཅན་ཆོས་ཀྱི་སྐུ་ཅན་མ་རྣམས་ལའོ། །ད་ནི་ལོངས་སྤྱོད་རྫོགས་པའི་སྐུ་གཅིག་ལ་

འཁོར་ལོ་གསུམ་རྣམས་གསུངས་པ། དེ་ལ་ཡང་ཐོག་མར་མེའི་འཁོར་ལོ་བཤད་དེ། དེ་ནས་ཕྱི་རོལ་སླར་ཞེས་བྱ་བ་ལ་སོགས་པ་སྟེ། ཁ་དོག་དམར་པོ་ཞེས་བྱ་བ་ནི་མེའི་དཀྱིལ་འཁོར་ལས་བྱུང་བའོ། །འབར་ཆེན་པོ་ཞེས་བྱ་བ་ནི་འདོད་ཆགས་ཆེན་པོའི་
ཏིང་ངེ་འཛིན་ལས་བྱུང་བའོ། །རྣལ་འབྱོར་མ་ནི་ཡང་དག་དགོད། །ཅེས་བྱ་བ་ནི་དྲག་པོའི་གླིང་ཞེས་བྱ་བའི་རིགས་དང་རིགས་ཅན་མའོ། །དེའི་ཡང་རིགས་ལས་བྱུང་བ་དེ་རྣམས་གསུངས་པ། ལྷ་མོ་ཞེས་བྱ་བ་ལ་སོགས་པ་ནས། བུ་མོའི་བུ་མོར་ཡང་དག་བཤད། །ཅེས་
བྱ་བའི་བར་དུ་ཕོ་ཉ་མོ་སུམ་ཅུ་རྩ་དྲུག་དེ་རྣམས་ཀྱི་རིགས་དྲུག་པ་དྲག་པོའི་གླིང་ན་གནས་མ་རྣམས་ཀྱིའོ། །དེ་ལྟར་ནུས་པའི་འཁོར་ལོ་ནི་སྣ་ཚོགས་པའི་རིགས་ཉིད་ཀྱང་རིགས་གཅིག་ལས་བྱུང་བའོ། །ལྷག་མ་རྡོ་རྗེའི་འཁོར་ལོ་ལ་སོགས་པས་དང་མཆོད་པ་དང་མཆོད་
པའི་ལས་ལ་སོགས་པའི་ཁྱད་པར་ནི་འཁོར་ལོ་ཐམས་ཅད་ཀྱི་རྣལ་འབྱོར་མ་རྣམས་ཀྱི་ངེས་པའོ། །འདིས་དེ་ལྟར་ཁྱད་པར་གྱི་ཀུན་དུ་སྤྱོད་པས་བཅོམ་ལྡན་འདས་ཀྱིས་གསུངས་སོ། །དེས་འཇིག་རྟེན་གྱི་ཁམས་འདིའི་འགྲོ་བ་དང་འོང་བའི་རྒྱུས་ལུགས་དང་མཐུན་པ་དང་
ལུགས་དང་མི་མཐུན་པའི་ཚིག་གསུངས་པའོ། །དེས་དེ་ལྟར་སངས་རྒྱས་ཉིད་དུ་འགྲོའོ། །དེའི་ཚེ་སངས་རྒྱས་རྣམས་ཀྱིས་ཆོས་སྟོན་པ་གང་གི་ཚེ་སྔོན་གྱི་སངས་རྒྱས་ཉིད་ལ་བརྟེན་ནས་བེམས་པོ་ཉིད་དུ་ཞུགས་པའི་ཁམས་རྣམས་ཀྱིས་བརྒྱ་ལ་ཞིག་ན་འཁྲུལ་
པར་བྱེད་དོ། །ཇི་ལྟར་ནམ་མཁའ་ལ་སྤྲིན་གློ་བུར་བ་རྣམས་ཀྱིས་གཡོགས་པ་ན་ཡང་དྲི་མ་མེད་པ་ཉིད་དོ། །དེ་བཞིན་དུ་སངས་རྒྱས་རྣམས་ཀྱིས་དེ་དེ་བཞིན་དུ་བཤད་དོ། །དེས་ནི་འདི་ལ་མཆོད་མི་བྱེད། །གཡོན་དང་གཡས་པའི་ལག་པ་ཡིས། །ཞེས་བྱ་བ་སྟེ། ཧའི་
ཡི་གེ་ནི་གང་གི་ཕྱིར་གྱི་དོན་ཏོ། །དེ་བཞིན་དུ་ཤིན་ཏུ་ཁམས་ལ་བརྟེན་པས་ལྷག་པའི་དུས་ཀྱི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་རྟག་པ་ཉིད་དུ་འགྲོ་སྟེ་གང་གི་ཚེ་དེའི་ཚེ་འཆི་བའི་ཐ་མ་ཉིད་དུ་གསུངས་པའོ། །ཤི་བ་ལས་ཕྱུགས་རྣམས་ཏེ་ཕུང་པོ་ལ་སོགས་པ་ཐམས་ཅད་ཀྱིས་ཟོས་པ་

ལས་ཐམས་ཅད་འགྲུབ་སྟེ་ཕྱག་རྒྱ་ཆེན་པོ་དང་ཚིག་ཐམས་ཅད་དང་། ཐམས་ཅད་དེར་ཐིམ་པར་འགྱུར་རོ། །དེའི་ཕྱིར་ཕྱུགས་རྣམས་ཀྱི་ཤ་ཐམས་ཅད་སྦྱིན་པར་བྱའོ། །ཀུན་ནས་ཀུན་དུ་སོན་པ་ལས། །ཞེས་བྱ་བའི་ཚིག་གིས་འཆད་པ། བརྒྱ་ལ་སྔོན་གྱི་བག་ཆགས་ཀྱིས་ཤི་ན་ཀུན་
གཞིའི་རྣམ་པར་ཤེས་པའི་རྣམ་པས་སེམས་ཅན་ཐམས་ཅད་ལ་སོགས་པའི་ལས་དང་ཡོན་ཏན་གྱི་དབང་གིས་རྗེས་སུ་དྲན་ཏེ་གང་གི་ཚེ་དྲི་ཟའི་སེམས་ཅན་བཏུང་བར་བྱ་བ་དང་བལྡག་པར་བྱ་བ་ལ་སོགས་པའི་རྫས་ཀྱི་དྲི་ཞིམ་པོས་ཚིམ་པར་བྱེད་དོ། །དེས་ཀྱང་སྔོན་གྱི་
བག་ཆགས་ཀྱི་རྣམ་པའི་རྣམ་པས་ཀུན་ནས་གནས་སོ། །དེ་ལྟར་འདི་རྣམས་ཐམས་ཅད་ལ་གཟུང་བའི་དངོས་པོས་དང་ཕུན་སུམ་ཚོགས་པ་ཐམས་ཅད་ཀྱི་རྒྱུས་བཏུང་བར་བྱ་བ་སྣ་ཚོགས་པ་རྣམ་པར་སྦྱིན་པར་བྱའོ། །བལྡག་བྱ་སྣ་ཚོགས་དེ་བཞིན་དུ། །ཞེས་
བྱ་བའི་ཚིག་གིས་བཤད་པའི་ཕྱིར་རོ། །དེ་ལྟར་ལངས་ནས་ཞེས་བྱ་བ་ནི་རང་རང་གི་ལུས་རང་གི་གནས་སྤོང་བ་སྟེ། དེའི་ཚེ་ལོངས་སྤྱོད་རྫོགས་པ་མོ་ཅན་གྱི་མཆོད་པ་རྣམས་རྡོ་རྗེ་འཆང་གིས་བྱེད་པའོ། །ལུས་ཀྱིས་སངས་རྒྱས་རྣམས་ཀྱི་གང་དུ་བྱུང་བ་དེ་ལ་ཞུགས་པས་
ཞེས་བྱ་བ་ནི་ངེས་པའོ། །སླར་ཡང་སྨོན་ལམ་གྱིས་ལོག་ནས་འཁོར་ལོ་བཅུ་གཉིས་པ་རྣམས་སུ་མཆོད་པ་རྡོ་རྗེ་འཆང་གི་རང་བཞིན་གྱིས་དང་སྣ་ཚོགས་པའི་མཁས་པ་རྣམས་ཀྱིས་མཆོད་པ་ལ་སོགས་པ་རང་རང་གི་སློབ་མ་རྣམས་ལ་ཆོས་འཇུག་པར་བྱེད་དོ། །དེ་
རྣམས་ཀྱི་ཡང་འདི་རྣམས་ཐམས་ཅད་ཀྱི་དཔའ་བོ་དང་དཔའ་མོ་རྣམས་ཀྱི་མཆོད་པ་ལ་སོགས་པ་དེ་དེ་བཞིན་དུ་བཤད་པར་འགྱུར་བའོ། །འདིས་བསྒྲུབས་པས་དང་ལུགས་དང་མཐུན་པ་དང་ལུགས་དང་མི་མཐུན་པ་ལ་སོགས་པས་ཀྱང་སངས་རྒྱས་རྣམས་ཀྱི་ཐ་མལ་པའི་
དངོས་པོའི་ཕྱིར་ཆོས་འཆད་པའི་ཐ་མལ་པར་སེམས་ཅན་རྣམས་ཀྱི་ཡོན་ཏན་གྱི་དབང་གིས་སོ། །ཕན་ཚུན་མི་མཐུན་པ་ཉིད་ཀྱིས་ཀྱང་སངས་རྒྱས་དེས་ལོངས་སྤྱོད་རྫོགས་པའི་སངས་རྒྱས་ཀྱི་གཟུགས་ཞེས་བྱ་བའོ། །འཇིག་རྟེན་ཐམས་ཅད་ཀྱིས་ཀྱང་ངོ་། །ལོངས་སྤྱོད་

རྫོགས་པའི་སྐུའི་དུམ་བུ་མེའི་འཁོར་ལོ་དང་པོའོ། །དེ་ལྟར་འདིར་ཆང་གི་རྒྱ་མཚོ་དང་དེ་བཞིན་དུ་བསིལ་བ་ལ་སོགས་པའི་རི་རྣམས་སུ་རྡོ་རྗེ་ཕག་མོའི་ཤེས་རབ་དང་ཐབས་ཀྱི་བདག་ཉིད་ཅན་གྱི་འཁོར་ལོ་གཉིས་རྣམས་དྲུག་པ་དང་བཅུ་གཉིས་པ་རྣམས་ཞེས་བྱ་བའོ། །
ད་ནི་འཛམ་བུའི་གླིང་རྣམས་སུ་ཆུའི་འཁོར་ལོ་བཤད་པར་བྱ་སྟེ། དེ་ནས་དེའི་ཕྱི་རོལ་དུ་བཤད་པར་བྱ་ཞེས་བྱ་བ་ལ་སོགས་པ་སྟེ་ཆུའི་འཁོར་ལོ་ཞེས་བྱ་བ་ནི་ཆུའི་དཀྱིལ་འཁོར་ལས་བྱུང་བས་སོ། །རྫུ་འཕྲུལ་ཆེ་ཞེས་བྱ་བ་ནི་འཛམ་བུའི་གླིང་ལས་ཀྱི་ས་ཆེན་པོའི་རང་བཞིན་ཏེ་དེ་ལས་
གང་བྱེད་པ་དེ་ཐམས་ཅད་ལེན་པ་སྟེ། སངས་རྒྱས་ལ་སོགས་པའོ། །དེའི་ཕྱིར་དཀར་པོའི་མདོག་ཅེས་བྱའོ། །རང་བཞིན་གྱིས་དཀར་བའི་ལས་རྣམས་མདོར་བསྡུས་པ་འཐོབ་པའོ། །འོན་ཀྱང་གླིང་ཐམས་ཅད་ཀྱི་རང་བཞིན་མ་ལུས་པར་རྟོགས་པ་གང་གི་ཚེ་དེའི་ཚེ་རྨོངས་པ་དགུ་པས་འཛམ་
བུའི་གླིང་ན་གནས་པའི་སྐྱེ་བོ་རྣམས་གཡོ་དང་སྒྱུ་ལ་སོགས་པ་ལ་དགའ་བ་རྣམས་སོ། །དེས་རྣལ་འབྱོར་མའི་རིགས་འདི་རྣམས་བསྒོམ་པར་བྱའོ། །སུམ་ཅུ་རྩ་དྲུག་རིམ་པས་ཞེས་བྱ་བ་ནི་སྡང་བའི་ལས་ཀྱི་རང་བཞིན་ཐམས་ཅད་རྣམ་པར་ཉམས་པར་བྱ་བའི་ཕྱིར་དང་ཁྱད་པར་དུ་
འཕགས་པའི་རིགས་སུ་འགྱུར་རོ། །དེའི་རིགས་རྣམས་ཀྱང་འཛམ་བུའི་གླིང་དུ་གནས་པ་རྣམས་སུ་འགྱུར་རོ། །དེ་ཉིད་གསུངས་པ། སྤྲེའུ་མོ་ཞེས་བྱ་བ་ལ་སོགས་པ་ནས། ཀ་ལཱ་ཞེས་བྱ་བའི་བར་དུ་སྟེ། དེ་ལྟར་འཛམ་བུའི་གླིང་དུམ་བུ་བཅུ་གཉིས་ཀྱི་བདག་ཉིད་ཅན་ནོ། །དེ་ལ་རེ་རེའི་དུམ་
བུའི་མཁའ་འགྲོ་མ་ལ་སོགས་པས་ཇི་ལྟར་བཤད་པའི་རིམ་པ་དེ་རྣམས་སུ་ཡང་འཁོར་ལོ་འདི་ལ་གནས་པ་མོ་རྣམས་ཀྱི་རང་བཞིན་དང་གནས་ལ་སོགས་པ་ལམ་དེའི་རྣམ་པར་ཤེས་པར་བྱའོ། །བ་ཚ་ཞེས་བྱ་བ་ནི་ཇི་ལྟར་ཡང་གླིང་འདི་རྣམས་སུ་བ་ཚའི་རྒྱ་མཚོ་ལས་བ་ཚའི་གྲོང་
གླིང་ཐམས་ཅད་རྣམས་སུ་སྦྲང་རྩི་ལ་སོགས་པས་ལོངས་སྤྱོད་ཀྱི་ས་ལ་རྒྱ་མཚོའི་འགྲོ་བ་རྣམས་ཀྱིས་དང་སྐྱེ་བོ་ཐམས་ཅད་ཀྱིའོ། །དྲོད་གཤེར་སྐྱེས་ཞེས་བྱ་བ་ནི་མདོར་བྱས་པས་འདི་ལ་ཇི་ལྟར་འཛམ་བུའི་གླིང་འདི་དྲོད་གཤེར་སྐྱེས་ཀྱི་རང་བཞིན་ནོ། །ལས་དེས་མི་རྣམས་མངལ་

སྐྱེས་རྣམས་ཀྱི་ཡང་བསམ་པར་འགྱུར་རོ། །དེ་བཞིན་དུ་མེའི་འཁོར་ལོར་གནས་པ་མོ་རྣམས་ཀྱི་དྲོད་གཤེར་སྐྱེས་ཀྱི་བསམ་པ་དང་མངལ་སྐྱེས་ཀྱི་ཡང་ངོ་། །དེ་ལྟར་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས། །ཞེས་བྱ་བ་ནི་གཅིག་ལ་གཅིག་གི་གླིང་ཐམས་ཅད་ཕལ་པ་དང་གཙོ་བོ་རེ་རེའི་གླིང་ལ་གླིང་ཐམས་
ཅད་ཀྱི་བསམ་པའི་ཡོན་ཏན་རྣམས་ཡོངས་སུ་རྫོགས་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་ཆུའི་འཁོར་ལོ་འཛམ་བུའི་གླིང་གི་དོན་ཅན་ལོངས་སྤྱོད་རྫོགས་པའི་སྐུ་གཉིས་མའོ། །ད་ནི་བ་ཚ་ལ་སོགས་པས་བསྐོར་བའི་གཞི་རྣམས་རིམ་པ་ཇི་ལྟ་བ་རྣམས་སུ་ཡེ་ཤེས་ཀྱི་འཁོར་ལོ་ལ་སོགས་པའི་
འཁོར་ལོ་བཞི་རྣམས་སུ་གསུངས་པ། དེ་ནས་དེའི་ཕྱི་རོལ་ཞེས་བྱ་བ་ལ་སོགས་པ་སྟེ། དེ་ལྟར་འཁོར་ལོ་བཞི་འཛམ་བུའི་གླིང་གི་ནང་དུ་སོན་པ་རྣམས་དེས་ཀྱང་འཛམ་བུའི་གླིང་དང་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པ་ཞེས་བྱ་བ་གསུངས་སོ། །ཡེ་ཤེས་ཀྱི་འཁོར་ལོ་ཞེས་བྱ་བ་ནི་ཡེ་ཤེས་
ཀྱི་དཀྱིལ་འཁོར་ལས་བྱུང་བས་དེའི་ཕྱིར་ཀུན་ནས་ཡོངས་སུ་བསྐོར་བ་བཞིན་ནོ། །ཁ་དོག་སྣ་ཚོགས་ཞེས་བྱ་བ་ནི་སྣ་ཚོགས་པའི་རང་བཞིན་གྱིས་སོ། །ལྷ་མ་ཡིན་མོ་རྣམས་ཞེས་བྱ་བ་ནི་དེས་བསྐོར་བ་ལ་གནས་པ་མོ་རྣམས་ཀྱི་རིགས་ཏེ་དེས་ནི་ལྷ་མ་ཡིན་གྱི་རིགས་སོ། །རིམ་པས་ཞེས་བྱ་བ་ནི་སྔོན་
གྱི་རིམ་པས་གཡོན་པ་དང་གཡས་པའི་སྣའི་དཀྱིལ་འཁོར་གྱི་ཡོན་ཏན་ཉེ་བར་བསགས་པས་སོ། །འདིར་གསུངས་པ། ཐིག་ལེ་མཆོག་མ་ཞེས་བྱ་བ་ལ་སོགས་པ་ནས་རིགས་ཀྱི་གཟུགས་ཅན་མ་ཞེས་བྱ་བའི་བར་དུ་རྣལ་འབྱོར་མ་སུམ་ཅུ་རྩ་དྲུག་རྣམས་ལྷ་མ་ཡིན་མོ་རྣམས་ཀྱི་རིགས་ལས་བྱུང་བ་ཆུས་བསྐོར་
བ་ལ་གནས་མ་རྣམས་སོ། །ལྷག་མ་རྟོགས་པར་སླའོ། །འོན་ཀྱང་སྔོན་དུ་བཤད་པའི་རིམ་པས་དུར་ཁྲོད་དང་འཁོར་ལོ་གསུམ་རྣམས་སུ་དང་། དེ་བཞིན་དུ་རྡོ་རྗེ་ཕག་མོའི་འཁོར་ལོ་བཞི་རྣམས་ཀྱི་དང་སྒོ་ན་གནས་པ་མོ་དཀར་མོ་ལ་སོགས་པ་རྣམས་ཀྱི་ཀུན་དུ་སྤྱོད་པ་གསུངས་པ། རྡོ་རྗེ་ཕག་མོ་ཐིག་ལེའི་
གནས་ནས་འོངས་ནས་ཤར་གྱི་སྒོར་རོ། །དེ་ལ་གནས་པའི་དཀར་མོ་ཐིག་ལེའི་གནས་སུ་འགྲོའོ། །སྔོན་དུ་བཤད་པ་རྣམས་ཀྱི་ཡེ་ཤེས་ཀྱི་སྐུ་དང་ཆོས་ཀྱི་སྐུ་དག་གིས་འཁོར་ལོ་རྣམས་ཟ་བའོ། །དེ་ལྟར་ཙཽ་རཱི་ཆུའི་རྒྱ་མཚོར་དང་། དྲི་ཆེན་པོར་རྡོ་རྗེ་ཕག་མོ་དང་ཤེས་རབ་དང་ཐབས་ཀྱི་འཁོར་ལོ་གཉིས་སོ། །དེ་བཞིན་

དུ་བེ་ཏཱ་ལཱི་དྲག་པོའི་གླིང་གི་འཁོར་ལོའོ། །གྷསྨ་རཱི་ཆང་གི་རྒྱ་མཚོར་རྡོ་རྗེ་ཕག་མོའི་འཁོར་ལོའོ། །སླར་ཡང་པུཀྐ་སཱི་བསིལ་བ་ལ་སོགས་པའི་རིར་དང་རྡོ་རྗེ་ཕག་མོའི་འཁོར་ལོའོ། །དེ་ལྟར་ཤ་བ་རཱི་འཛམ་བུའི་གླིང་གི་འཁོར་ལོའོ། །དེ་བཞིན་དུ་ཙཎྜ་ལཱི་བ་ཚྭ་དང་། ཞོའི་འཁོར་ལོའོ། །ཌོམྦི་ནཱི་སྒོར་གནས་པ་མོ་རྣམས་
དང་དེ་བཞིན་དུ་དུར་ཁྲོད་ཀྱི་ལྷ་རྣམས་ཞེས་བྱའོ། །ལྷག་མ་སྔོན་དུ་བཤད་པའི་རིམ་པས་ཐམས་ཅད་བྱའོ་ཞེས་བྱ་བ་ནི་ངེས་པའོ། །འདི་ནི་མདོར་བསྡུས་པས་ཡེ་ཤེས་ཀྱི་འཁོར་ལོའོ། །དེ་ལྟར་འཁོར་ལོ་གསུམ་གྱི་བདག་ཉིད་ཅན་དང་ལོངས་སྤྱོད་རྫོགས་པའི་སྐུའི་འཁོར་ལོའོ། །དེ་ལྟར་ཡང་རྡོ་རྗེའི་རི་རྣམས་སུ་དཀྱིལ་
འཁོར་གྱི་འཁོར་ལོའི་ར་བ་དང་སྣ་ཚོགས་པའི་དཔའ་བོ་དང་རྣལ་འབྱོར་མའི་འཁོར་ལོའོ། །ད་ནི་སྤྲུལ་པའི་སྐུའི་དཀྱིལ་འཁོར་གྱི་འཁོར་ལོ་གསུམ་གྱི་བདག་ཉིད་ཅན་གྱི་ཐུགས་ཀྱི་འཁོར་ལོ་ལ་སོགས་པ་གསུངས་པ། དེ་ནས་དེ་ཡི་ཕྱི་རོལ་བཤད། །ཅེས་བྱ་བ་ལ་སོགས་པ་སྟེ། ཐུགས་ཀྱི་འཁོར་ལོ་འདི་ཞེས་བྱ་བ་ནི་
དཀྱིལ་འཁོར་ཐམས་ཅད་ཀྱི་གཡོན་པ་དང་གཡས་པ་དག་གི་སེམས་ཀྱི་རྩོལ་བ་དག་གིས་བྱུང་བ་སྟེ་ཐུགས་ཀྱི་འཁོར་ལོའོ། །གསལ་ཞེས་བྱ་བ་ནི་རྣལ་འབྱོར་མའི་འཆད་པར་འགྱུར་བའི་རྣལ་འབྱོར་མའི་རིགས་ལས་སོ། །ཁ་དོག་གནག་ཅེས་བྱ་བ་ནི་མེ་ཡིས་བསྐོར་བའི་རྣལ་འབྱོར་མ་རྣམས་ཀྱི་རིགས་ཀྱི་འཁོར་ལོ་ཡང་
ངོ་། །དེ་ལྟར་ཀུན་གྱི་རང་བཞིན་མཆོག་སྐྱེས་པ། །ཞེས་གསུངས་པ་སྟེ། དཀྱིལ་འཁོར་ཐམས་ཅད་སེམས་ཀྱི་རྩོལ་བ་ལས་ཏེ་དཀྱིལ་འཁོར་ཐམས་ཅད་ཀྱི་རང་བཞིན་ཞེས་བྱ་བ་ནི་ངེས་པའོ། །འདིའི་རྣལ་འབྱོར་མའི་འཁོར་ལོ་གསུངས་པ། ཀླུ་མོ་ཞེས་བྱ་བ་ལ་སོགས་པ་ནས་གྲུལ་བུམ་མོ་ཞེས་བྱ་བའི་བར་དུ་རྣལ་འབྱོར་
མའི་རིགས་སུམ་ཅུ་རྩ་དྲུག་རྣམས་སོ། །ལྷ་མོ་ཆེན་མོ་ཞེས་བྱ་བ་ལ་སོགས་པ་རྟོགས་པར་སླའོ། །སེམས་ཀྱི་རང་བཞིན་དག་པ་ཉིད། །ཅེས་བྱ་བ་ནི་དེ་ལྟར་བཤད་པའི་རྣལ་འབྱོར་མའི་འཁོར་ལོ་དེ་ཡང་སེམས་ཀྱི་རང་བཞིན་དག་པར་བྱེད་པ་གང་གི་ཚེ་རང་བཞིན་ཐམས་ཅད་ཀྱི་བར་དང་བར་རྣམས་སུ་སྣ་ཚོགས་
པའི་སྡང་བའི་སེམས་ཅན་མི་འདོད་པར་འགྲོའོ། །དེའི་ཚེ་ཐམས་ཅད་དུ་སོན་པའི་འཁོར་ལོར་འདོད་ཅེས་བྱ་བའི་དོན་ཏོ། །དེ་ལྟར་རང་བཞིན་སྤངས་པ་ཞེས་བྱ་བ་ནི་དེའི་ཕྱིར་རྣལ་འབྱོར་མའི་འཁོར་ལོ་གསུངས་པ་སྟེ་དེ་ཡང་རྣལ་འབྱོར་མའི་འཁོར་ལོ་བདག་མེད་པ་ཅན་ཞེས་བྱ་བ་ནི་གནས་

དང་བྲལ་བ་དེས་དེ་རྣམས་ཀྱི་ལས་ཀྱི་རྣམ་པར་སྨིན་པའི་མེས་བསྐོར་བའི་བདག་ཉིད་ཀྱི་སའི་ཕྱི་རོལ་ཞེས་བྱ་བ་སྟེ་རོའི་ལུས་ལྟ་བུ་བདག་ཉིད་ཀྱི་རང་བཞིན་དང་བྲལ་བའི་མེས་བསྲེག་པའོ། །རྣལ་འབྱོར་མའི་རང་བཞིན་གྱིས་སྡང་བའི་ཡེ་ཤེས་ཞེས་བྱ་བའི་དོན་ཏོ། །འདིས་ཇི་སྐད་བཤད་པ་
གསུངས་པ། ཐམས་ཅད་བདག་མེད་པའི་མཚན་ཉིད་ཀྱི་རང་བཞིན་ཉིད་རང་བཞིན་ཙམ་གྱི་ཡེ་ཤེས་སོ། །དེ་ཡང་མི་བདེན་པ་སྟེ་དངོས་པོ་ཐམས་ཅད་སྟོང་པ་ཉིད་དུ་བསྟན་པའི་ཕྱིར་རོ། །དེ་གསུངས་པ། འདི་རྣམས་ཐམས་ཅད་འདི་ལྟར་ཞེས་བྱ་བ་ལ་སོགས་པ་སྟེ་འདིས་སྒོ་སྐྱོང་མ་
གསུངས་སོ། །གནས་བཞི་རྣམས་ཞེས་བྱ་བ་ནི་དུམ་བུ་དང་པོ་ཡེ་ཤེས་ཀྱི་སྐུའི་འཁོར་ལོའི་གནས་རྣམས་སུ་སྒོ་སྐྱོང་མ་རྣམས་དེ་བཞིན་དུ་བཅུ་གཉིས་ཞེས་བྱ་བ་ནི་སྐུ་གསུམ་གྱི་འཁོར་ལོའི་གནས་རྣམས་སུ་དང་སྒོ་བཅུ་གཉིས་རྣམས་སུ་སྒོ་སྐྱོང་མ་བཅུ་གཉིས་རྣམས་སོ། །དེའི་ཕྱིར་དེ་ལྟར་
ཞེས་བྱ་བ་ལ་སོགས་པས་བསྡུས་པའོ། །དེ་ཇི་ལྟར་ཞེ་ན་གནས་བཞི་རྣམས་སླར་ཡང་བཅུ་གཉིས་ཞེས་བྱ་བས་ཆས་ཕྱེ་བ་གསུངས་པ། ཡེ་ཤེས་ཞེས་བྱ་བ་ནི་ཡེ་ཤེས་ཀྱི་འཁོར་ལོའི་དཀྱིལ་འཁོར་བཞི་དང་སྟོང་པ་ཉིད་དང་ཡེ་ཤེས་ཀྱི་རྣམ་པའོ། །དེ་ལྟར་རྣམ་པར་ཤེས་པའི་དངོས་པོ་ཉིད་ཀྱིས་
ཞེས་བྱ་བ་ནི་བརྟགས་པ་དང་གཞན་གྱི་དབང་དང་ཡོངས་སུ་གྲུབ་པའི་རང་བཞིན་སྤྲུལ་པ་དང་ལོངས་སྤྱོད་རྫོགས་པ་དང་ཆོས་ཀྱི་རིམ་པ་ཇི་ལྟ་བ་རྣམ་པ་བཞི་སྟེ། བཞི་ཞེས་བྱ་བ་ནི་གནས་གསུམ་རྣམས་སུ་སྟོང་པ་ཉིད་བཅུ་གཉིས་རྣམས་སོ། །དེ་ལྟར་ཐོག་མའི་བཞི་སྤྲུལ་པའི་གཉིས་པ་བཞི་ལོངས་སྤྱོད་རྫོགས་པ་
གསུམ་པའི་བཞི་ཆོས་ཀྱི་སྐུའི་ལྷག་མ་བཞི་ཡེ་ཤེས་ཀྱི་ཞེས་བྱ་བ་ནི་རིམ་པ་ཇི་ལྟ་བ་ཡིས་ཞེས་བྱ་བ་ནི་ངེས་པའོ། །དུར་ཁྲོད་བཅོམ་ལྡན་འདས་རང་ཉིད། །ཅེས་བྱ་བ་ནི་ཐིམ་པ་དང་ལོངས་སྤྱོད་པ་དང་བདག་ཏུ་བྱེད་པས་སྟོང་པ་ཉིད་ཀྱི་བདག་ཉིད་ཅན་རྣལ་འབྱོར་མ་དེ་ལ་ཐིམ་ནས་སོང་བ་ཞེས་བྱ་བའོ། །དབུགས་
ཀྱི་འཕོ་བའི་དབྱེ་བ་དང་ཀུན་དུ་སྤྱོད་པས་དབུགས་འབབ་པའི་ཕྱིར་སེམས་རྩ་དེའི་ནང་དུ་བཅོམ་པ་ཉིད་ཀྱིས་བཅོམ་ལྡན་འདས་ཞེས་བྱ་སྟེ་རང་གིས་ཆོས་ཀྱི་དབྱིངས་ཀྱི་གཟུགས་ཅན་དེ་དེ་བཞིན་དུ་བཤད་དོ། །ལྷག་མ་རྟོགས་པར་སླའོ། །འདི་ནི་ཐུགས་ཀྱི་འཁོར་ལོའི་སྤྲུལ་པའི་འཁོར་ལོ་དང་པོའོ། །

ད་ནི་འདིའི་སྤྲུལ་པའི་འཁོར་ལོ་གཉིས་པ་གསུང་གི་འཁོར་ལོ་གསུངས་པ། དེ་ནས་ཕྱི་རོལ་དུ་གཞན་ཞེས་བྱ་བ་ལ་སོགས་པས་ཏེ། གསུང་གི་འཁོར་ལོ་ཞེས་བྱ་བ་ནི་འདི་རྣམས་ཐམས་ཅད་ཀྱི་འཁོར་ལོ་རྣམས་ཀྱི་རང་རང་གི་ཡེ་ཤེས་གཉིས་སུ་མེད་པའི་དུས་རྣམས་སུ་འདིས་ངག་གི་
ཚོགས་རྟོག་གོ། །ཡེ་ཤེས་ཀྱི་དཀྱིལ་འཁོར་འདིའི་ལྷ་ལ་སོགས་པའི་ལུས་པོའམ་རླུང་དང་རྣམ་པར་ཤེས་པ་དག་ཏུ་དེ་དག་གི་འཁོར་ལོར་བཤད་དེ། རླུང་གིས་བསྐོར་བའི་དབུས་སུའོ། །དམར་དང་བཙོད་གྱི་ཁ་དོག་ཅེས་བྱ་བ་ནི་འདོད་ཆགས་ཆེན་པོས་རྗེས་སུ་ཆགས་པའི་བདག་ཉིད་རྣམ་པར་ཤེས་པ་
དང་རླུང་གི་དབུས་སུའོ། །དེ་ལྟར་དེ་ལ་གནས་པ་མོ་རྣམས་སོ། །གཙོ་ཞེས་བྱ་བ་ནི་རིགས་སུམ་ཅུ་རྩ་དྲུག་རྣམས་རང་བཞིན་གྱི་རིགས་ཅན་གྱི་རྣལ་འབྱོར་མའི་འཁོར་ལོ་གསུངས་པ། མཆོད་པ་ཞེས་བྱ་བ་ལ་སོགས་པ་ནས་ལས་ཀུན་བྱེད་མ་ཞེས་བྱ་བའི་བར་རྣམས་ཀྱི་རང་བཞིན་གྱི་འཁོར་ལོ་འདི་
ཆེ་ཞེས་པའོ། །དེ་ལྟར་རྣལ་འབྱོར་མའི་འཁོར་ལོ་འདོད་ཆགས་ཆེན་པོས་རྗེས་སུ་ཆགས་པས་ཆེ་བ་ཞེས་བྱ་བ་སྟེ་རང་གི་རང་བཞིན་གྱིས་དགེ་བའི་སངས་རྒྱས་ཀྱི་གཟུགས་ཅན་མ་སྣ་ཚོགས་པའི་རང་བཞིན་དུ་སོན་པ་ཞེས་བྱ་བའི་དོན་ཏོ། །འདིས་ཀྱང་ཅི་གསུངས་པར་འགྱུར་བ་གསུངས་པ། རང་
རང་གི་རང་བཞིན་སྤངས་པས་དངོས་སུ་སྟོང་པ་ཉིད་ཀྱི་རང་བཞིན་དངོས་པོ་ཐམས་ཅད་ཅེས་བྱ་བའོ། །དེའི་ཕྱིར་ས་ཀུན་དུ་འོད་ཟེར་བཅུ་གཅིག་པ་སངས་རྒྱས་ཀྱི་ས་ཞེས་བྱ་བའོ། །གདན་བཞི་རྣམས་ཀྱི་ཞེས་བྱ་བ་ལ་སོགས་པས་ཡེ་ཤེས་མཁའ་འགྲོ་མ་ལ་སོགས་པ་དེའི་རྒྱུད་དུ་རབ་ཏུ་གྲགས་པ་
ཞེས་བྱ་བ་སྟེ་ལྷག་མ་རྟོགས་སླའོ། །ད་ནི་འདིའི་སྤྲུལ་པའི་འཁོར་ལོ་འདིའི་གསུམ་པ་སྐུའི་འཁོར་ལོ་གསུངས་པ། དེ་ནས་སྐུའི་འཁོར་ལོ་ཞེས་བྱ་བ་ལ་སོགས་པ་སྟེ། སྐུའི་འཁོར་ལོ་ཞེས་བྱ་བ་ནི་དངོས་པོ་ཐམས་ཅད་ཀྱི་གཟུགས་ཀྱི་བདག་ཉིད་ཅན་ཁམས་གསུམ་པ་སྐུའི་རྣམ་པ་བསྐྱེད་
པའོ། །གང་གི་ཚེ་དེའི་ཚེ་འཁོར་ལོ་ཐམས་ཅད་ཀྱི་སྐུའི་མཐར་གྱུར་པ་སྟེ་སྐུའི་ནང་དུ་འཁོར་ལོ་ཐམས་ཅད་དོ། །དེའི་ཕྱིར་སྐུའི་འཁོར་ལོ་ནམ་མཁའ་ལ་གནས་ཏེ། ཇི་ལྟར་ནམ་མཁའི་ནང་ནས་སྣ་ཚོགས་པ་ཡང་དག་པར་འབྱུང་སྟེ། སྣ་ཚོགས་པའི་ནང་ནི་ནམ་མཁའོ། །

དེ་བཞིན་དུ་ལུས་ཀྱི་ནམ་མཁའི་ནང་ལས་ཐམས་ཅད་ཡང་དག་པར་བྱུང་སྟེ། ཐམས་ཅད་ཀྱི་ནང་དུ་ལུས་ཀྱི་ནམ་མཁའ་ཞེས་བྱ་བ་སྟེ། དེས་འདིའི་སྐུ་དང་གསུང་དང་ཐུགས་ཀྱི་མདོག་ཅན་ཞེས་བྱ་བ་སྟེ། དཀར་བ་དང་དམར་བ་དང་གནག་པའི་མདོག་གིས་དང་སྐུ་ལ་སོགས་
པའི་དབྱེ་བས་སྣ་ཚོགས་པའི་མདོག་ཅེས་བྱ་བའོ། །འདིར་རྣལ་འབྱོར་མའི་འཁོར་ལོས་སྒྱུར་མ་ཞེས་བྱ་བ་ནི་རྒྱལ་ཆེན་བཞིའི་རིགས་ཀྱི་མ་ལ་སོགས་པའི་དབུས་སུ་གང་རྣལ་འབྱོར་མའི་འཁོར་ལོས་སྒྱུར་མ་སུམ་ཅུ་རྩ་དྲུག་གོ། །དེ་ལྟར་འདིར་དཀྱིལ་འཁོར་པའི་ལྷ་མོ་བསྒོམ་པར་བྱའོ། །དེའི་
རིགས་ལས་བྱུང་བ་ནམ་མཁའི་བསྐོར་བ་ལ་གནས་པ་མོ་རྣམས་ཞེས་བྱ་བའོ། །དེ་ལྟར་འདིར་རྣལ་འབྱོར་མ་རྣམས་གསུངས་པ། རྒྱལ་ཆེན་བཞིའི་རིགས་ཀྱི་མ་ཞེས་བྱ་བ་ལ་སོགས་པ་ནས་དབང་པོ་མ་ཞེས་བྱ་བའི་བར་དུ་འཁོར་ལོས་སྒྱུར་མའི་རྣལ་འབྱོར་མ་སུམ་ཅུ་རྩ་དྲུག་རྣམས་སུ་
ཤེས་པར་བྱའོ་ཞེས་བྱ་བ་ལ་སོགས་པ་རྟོགས་པར་སླའོ། །ས་ནི་མོས་པ་སྤྱོད་པ་ཞེས་བྱ་བ་ནི་ཐོག་མར་ནམ་མཁའི་འདུ་ཤེས་ཅན་སྨོན་ལམ་གྱིས་དེ་བཞིན་དུ་དེ་ཉིད་ཀྱི་མཐར་ཐུག་པ་ཅན་མ་བཅུ་གཉིས་དང་མོས་པ་སྤྱོད་པ་ནམ་མཁའི་འཁོར་ལོ་རྣམས་སུ་ཀུན་ནས་འཁོར་བའི་འཁོར་ལོ་
ན་གནས་མའོ། །དེས་ཅི་དེར་འཁོར་བའི་འཁོར་ལོ་གསུངས་པ། བཅུ་གཉིས་པོ་དེ་འཁོར་ལོའི་རྣམ་པ་ཞེས་བྱ་བ་སྟེ། འཁོར་བའི་འཁོར་ལོ་ཞེས་བྱ་བ་ནི་དེ་ལྟར་སྤྲུལ་པའི་འཁོར་ལོ་སྟེ་རྡོ་རྗེ་ཕག་མོའི་འཁྲུལ་འཁོར་གྱི་འཁོར་ལོ་བཅུ་གཉིས་རྣམས་སྣ་ཚོགས་པའི་དེ་ཁོ་ན་ཉིད་ཀྱི་
བདག་ཉིད་ཅན་རྣམས་ཏེ་དེས་ཏུའི་སྒྲས་ནི་ངེས་པར་གཟུང་བའོ། །འཁོར་ལོ་འདི་ནི་གྲུ་བཞི་སྟེ། །ཞེས་བྱ་བ་ནི་འདིར་གང་གི་ཕྱིར་སྤྲུལ་པའི་སྐུར་འདུ་ཤེས་པ་ཅན་གྲུ་བཞི་ལ་སོགས་པའི་རྫུ་འཕྲུལ་གྱི་རྐང་པ་བཞི་ལ་སོགས་པ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམ་པར་དག་པ་ཞེས་བྱ་བ་ལ་
སོགས་པས་སྟོབས་བཅུ་དང་མི་འཇིགས་པ་བཞི་ལ་སོགས་པའི་ཡོན་ཏན་རྒྱ་མཚོའི་གཟུགས་རི་མོ་ལྔ་ལ་སོགས་པ་དེ་དེ་བཞིན་དུ་བཤད་དོ། །བརྒྱད་གཉིས་ལྷ་མོ་ཞེས་བྱ་བ་ནི་བཅུ་དྲུག་རྣམས་ཀྱིས་ཏེ་མཆོད་པའི་རྣལ་འབྱོར་མ་རྣམས་ཀྱིས་མཆོད་པ་བྱས་པ་ནི། དཀྱིལ་འཁོར་

བཞི་རྣམས་ལ་རྣལ་འབྱོར་མ་དྲུག་ཅུ་རྩ་བཞི་རྣམས་ཀྱིས་བྱས་པས་ཞེས་བྱ་བའོ། །དེ་ལྟར་སླར་ཡང་སྒོ་སྐྱོང་མ་རྣམས་ཀྱི་རིམ་པ་ཇི་ལྟ་བ་རྣམས་སུ་ཀུན་དུ་སྤྱོད་པ་གསུངས་པའི་རྡོ་རྗེ་ཕག་མོའི་ཐིག་ལེའི་གནས་ནས་ཤར་གྱི་སྒོར་འགྲོའོ། །དེ་ལ་གནས་པའི་ཆུ་སྐྱེས་དཀར་མོ་
ཐིག་ལེའི་གནས་སུ་འོང་ངོ་། །དེར་ཡེ་ཤེས་དང་ཆོས་དང་ལོངས་སྤྱོད་རྫོགས་པ་དང་སྐུའི་དཀྱིལ་འཁོར་རྣམས་ལ་ཟ་བའོ། །དེ་ལྟར་གནྡྷ་རི་མ་རྡོ་རྗེའི་རིའི་འཁོར་ལོ་ལའོ། །དེ་བཞིན་དུ་རྡོ་རྗེ་གར་མ་ཐུགས་ཀྱི་འཁོར་ལོ་ལའོ། །སླར་ཡང་རྟ་རྒོད་མའི་གདོང་ཅན་གསུང་གི་འཁོར་ལོ་
ལའོ། །དེ་ལྟར་རྡོ་རྗེ་འབར་བའི་ཞལ་ཅན་མ་སྐུའི་འཁོར་ལོ་ལའོ། །དེ་བཞིན་དུ་རྡོ་རྗེ་ཁྲོ་གཉེར་གྱི་ཞལ་ཅན་མའི་མཆོད་པའི་ལྷ་མོ་དྲུག་ཅུ་རྩ་བཞི་རྣམས་ལའོ། །སླར་ཡང་རྡོ་རྗེ་དུམ་བུ་མ་རྣམས་ཀྱི་སྒོ་སྐྱོང་མ་དྲུག་རྣམས་དང་དེ་བཞིན་དུ་དུར་ཁྲོད་བརྒྱད་ན་གནས་པ་མོ་རྣམས་སོ། །དེ་
ལྟར་དེ་བཞིན་དུ་ཡང་རྡོ་རྗེ་གཏུམ་མོ་རྣམས་ཀྱིས་ཡེ་ཤེས་དང་ཆོས་དང་ལོངས་སྤྱོད་རྫོགས་པ་དང་སྤྲུལ་པའི་འཁོར་ལོ་ཅན་མ་ལ་སྟེ། འཁོར་ལོ་ཐམས་ཅད་ཀྱི་རྣལ་འབྱོར་མ་རྣམས་ལ་ཟ་བའོ། །ལྷག་མ་ཇི་ལྟར་སྔོན་དུ་བཤད་པའི་རིམ་པས་ཐིམ་པ་དང་ལོངས་སྤྱོད་པ་དང་བདག་ཏུ་བྱེད་པ་
རིམ་པས་ཀུན་དུ་སྤྱོད་པ་བྱ་སྟེ། དབྱུག་གུ་དང་ཆུ་ཚོད་སོ་སོར་ཞེས་བྱ་བ་ནི་ངེས་པའོ། །དྲག་ཆེན་མོས་ནི་སྙིང་རྗེ་ཆེན་པོས་བརླན་པས་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་ལ་སོགས་པའི་སྡིག་པ་ཆེན་པོ་འཇོམས་པའོ། །གཙིགས་པའི་ཞལ་ནི་ངོ་བོ་ཉིད་ཀྱི་ཞལ་སྡིག་པའི་དབང་གིས་
སྡིག་པ་ཆེན་པོ་ལས་བྱུང་བའི་སེམས་ཅན་རྣམས་ཟ་བ་མོའོ། །འབར་བའི་ཕྲེང་བས་རྣམ་པར་རྒྱལ། །ཞེས་བྱ་བ་ནི་ཁྲོ་བོ་ཐམས་ཅད་ལ་སོགས་པའི་བགེགས་རྣམས་རིང་དུ་བྱེད་པའོ། །ཐམས་ཅད་མགོ་བོའི་ཕྲེང་བ་འཛིན། །ཞེས་བྱ་བ་ནི། དཔའ་བོ་དང་རྣལ་འབྱོར་མ་རྣམས་ཀྱིས་ཞེ་སྡང་ལ་སོགས་
པའི་རིགས་ཀྱི་མ་རྣམས་ཀྱིས་ཚིག་ངེས་པར་གཅོད་པའོ། །དཔའ་བོ་རྣམས་ལ་དར་ཕྲེང་ཅན། །ཞེས་བྱ་བ་ནི། རེ་རེ་སངས་རྒྱས་འཁོར་ལོས་སྒྱུར་བའི་གཟུགས་ཅན་རྣམས་ཞེས་བྱ་བའི་དོན་ཏོ། །རལ་པའི་ཅོད་པན་ཞེས་བྱ་བ་ནི་རང་གི་རིགས་རྣམས་ལས་འབྱུང་བས་སྣ་ཚོགས་པའི་

རྣམ་པའི་འཁོར་ལོ་དེ་རྣམས་འཁོར་ལོར་བྱ་བའི་ཕྱིར་དང་གླེན་པའི་འཇིག་རྟེན་ལ་ཡང་ཆོས་སྟོན་པས་རལ་པ་བཅིངས་པའོ། །ལུས་ཀུན་ཐལ་པའི་རྡུལ་ཀྱིས་བྱུགས། །ཞེས་བྱ་བ་ནི་རང་གི་རིག་པ་རྣམས་ལས་བྱུང་བས་སྣ་ཚོགས་པའི་རྣམ་པའི་གང་གི་མིང་དེ་རྣམས་ཀྱི་ཆོས་བསྟན་པར་བྱ་བའི་ཕྱིར་མིང་
ལ་སོགས་པའི་ཚིག་དེ་ཐར་པ་ཐམས་ཅད་ཉེ་བར་སྤྱོད་པ་ཅན་ཞེས་བྱ་བའི་དོན་ཏོ། །རྣལ་འབྱོར་མ་རྣམས་ནུ་མ་མཁྲང་། །ཞེས་བྱ་བ་ནི་འདོད་པའི་ཡོན་ཏན་ལྔ་ལ་སོགས་པས་མཁྲང་བའི་ནུ་མ་དེ་མཉེས་པ་ལས་སོ། །ལག་གདུབ་ཅེས་བྱ་བ་ནི་སྲོག་གཅོད་པ་ལ་སོགས་པ་ཐམས་ཅད་སྡིག་པ་
ལ་སོགས་པའི་ལག་པ་བསྐྱོད་པ་དང་བྲལ་བའོ། །སྤྱི་གཙུག་རྒྱན་ཞེས་བྱ་བ་ནི་སེམས་ཅན་ཐམས་ཅད་ལ་ང་རྒྱལ་ལ་སོགས་པ་དང་བྲལ་བས་ཕྱག་འཚལ་བས་མགོ་ལ་གཙུག་ཏོར་གྱིས་བརྒྱན་པའོ། །དེ་ལ་སོགས་པ་དུ་མ་དམ་པའི་ཆོས་གསུངས་པའི་ཡོན་ཏན་གྱི་རྣམ་གྲངས་ཀྱིས་
མཚན་ཉིད་ཕུན་སུམ་ཚོགས་པ་ཐམས་ཅད་ཐོབ་པའོ། །དེ་ལྟར་རྣལ་འབྱོར་མ་ཐམས་ཅད་རྡོ་རྗེ་ཕག་མོའི་རིགས་བྱུང་མ་ཞེས་བྱ་བ་ནི་ཨ་ཝ་དྷཱུ་ཏཱི་ལ་བརྟེན་པའི་སེམས་སོ། །དེར་བསྲུབ་པ་དང་སྲུབས་པས་སྲོག་ལ་སོགས་པའི་རླུང་རྣམས་ཀྱིའོ། །དེས་ཀྱང་འདོད་ཆགས་ཆེན་པོའི་ཚུལ་གྱི་ཏིང་ངེ་
འཛིན་ལ་སྙོམས་པར་ཞུགས་པའི་སྟོང་པ་ཉིད་ཐོབ་པ་ཡོད་པས་སྙིང་རྗེ་ལས་བྱུང་བའི་རྡོ་རྗེ་ཕག་མོའི་དམ་ཚིག་དེ་རིགས་ཅན་ཏེ་དེའི་ཚིག་སྤྲོས་པའི་རྣལ་འབྱོར་མ་ཐམས་ཅད་ཀྱི་རིགས་རྣམས་སོ། །དེའི་ཕྱིར་ཕག་མོའི་རིགས་བྱུང་མ། །ཞེས་བྱ་བ་ནི་ངེས་པའོ། །དཔའ་བོ་རྣམས་ཞེས་བྱ་བ་ལ་
སོགས་པས་དཔའ་བོ་ལས་སྤྲོས་པའི་མི་རྣམས་སུ་འགྱུར་བའོ། །དེ་ལྟར་རྡོ་རྗེ་མཁའ་འགྲོ་ཞེས་བྱ་བ་ལ་སོགས་པ་ནས་ཐུགས་རྡོ་རྗེ་ཞེས་བྱ་བའི་བར་དུ་འཁོར་ལོ་དང་པོར་འཁོར་ལོའི་ར་བ་རྣམས་སུ་དཔའ་བོ་སུམ་ཅུ་རྩ་དྲུག་སྟེ། ལྷག་མ་ཞེས་བྱ་བ་ལ་སོགས་པ་ནས་གཙོ་བོ་
ཞེས་བྱ་བའི་བར་དུ་རྟོགས་པར་སླའོ། །འོན་ཀྱང་དམན་པ་ཞེས་བྱ་བ་ལ་སོགས་པ་སྟེ་བཞི་ཡིས་དམན་པའི་སྟོང་ཕྲག་ཅེས་བྱ་བ་ནི་བཅོམ་ལྡན་འདས་ཀྱི་འཁོར་ལོ་བཅུ་གཉིས་རྣམས་སུ་བཞི་བརྒྱ་སུམ་ཅུ་རྩ་གཉིས་སོ། །དེ་བཞིན་དུ་སོགས་པའི་སྒྲས་རྡོ་རྗེ་ཕག་མོའི་འཁོར་ལོ་བཅུ་གཉིས་

རྣམས་སུ་བཞི་བརྒྱ་སུམ་ཅུ་རྩ་གཉིས་སོ། །སླར་ཡང་དེ་ལྟར་འདིའི་སྙིང་པོའི་པདྨ་རྣམས་སུ་དང་གཞན་གྱི་རྣལ་འབྱོར་མ་རྣམས་ཀྱི་དཔའ་བོ་སུམ་ཅུ་རྩ་དྲུག་གོ། །དེ་ལྟར་བཅོམ་ལྡན་འདས་ཀྱི་སྙིང་པོའི་པདྨ་རྣམས་སུ་ཉི་ཤུ་རྩ་བཞིའོ། །དེ་ལྟར་སྒོ་རྣམས་སུམ་ཅུ་རྩ་གཉིས་སོ། །
དེ་བཞིན་དུ་ཕྱི་རོལ་དུ་འཁོར་ལོའི་ར་བ་རྣམས་སུ་སུམ་ཅུ་རྩ་དྲུག་གོ། །ལྷག་མ་སྐུ་བཞིའི་ཕྱི་རོལ་དུ་དུར་ཁྲོད་རྣམས་སུ་བཞིའོ། །དེ་ལྟར་བཞིས་དམན་པའི་སྟོང་གི་མིང་ཅན་ནི་ཡོན་ཏན་གྱི་དབྱེ་བས་སོ་སོ་བ་རྣམས་ཞེས་བྱའོ། །གང་གི་ཕྱིར་སྤྲུལ་པའི་སྐུའི་བདག་ཉིད་ཅན་དང་སངས་རྒྱས་ཐམས་
ཅད་དཔའ་བོ་ཉིད་ཀྱིས་དཔའ་བོའི་ཡོན་ཏན་ལ་ཞུགས་པ་ཞེས་བྱ་བ་ནི་ངེས་པའོ། །དེ་ལྟར་སངས་རྒྱས་རྣམས་ཀྱི་མཚན་རྣམས་ནི་དེ་ཁོ་ན་ཉིད་འདུས་པར་གསུངས་པ་རྣམས་ཏེ་དཔའ་བོ་དང་དཔའ་བོའི་དབང་ཕྱུག་འདི་རྣམས་ཀྱིས་ཡང་ཀུན་དུ་སྤྱོད་པ་གསུངས་པ། གང་དང་གང་གིས་ཞེས་བྱ་
བ་ལ་སོགས་པ་སྟེ་དེ་ལྟར་བཅུ་གཉིས་པོ་རྣམས་སམ་སུམ་ཅུ་རྩ་དྲུག་གི་འཁོར་ལོ་རྣམས་ཀྱི་རིམ་པ་ཇི་ལྟ་བས་ཐོག་མ་ལ་སོགས་པར་ཡང་ཡོངས་སུ་བཞག་ནས་རྣལ་འབྱོར་དང་རྣལ་འབྱོར་གྱི་དབང་ཕྱུག་རྣམས་ཀྱང་ངོ་། །རྣལ་འབྱོར་མ་ཡང་གཅིག་ལ་གཅིག་དཔའ་བོ་རྣམས་ལ་གནས་
དང་ཉེ་བའི་གནས་ལ་སོགས་པར་ཀུན་དུ་སྤྱོད་པའི་ཕྱིར་དང་ལྷག་མ་ཟ་བ་ཡིས་སོ། །ཡང་ན་འཁོར་ལོ་བཅུ་གཉིས་རྣམས་སུ་ཐོག་མ་ལ་སོགས་པའི་རྣལ་འབྱོར་མ་རྣམས་ཀྱིས་སུམ་ཅུ་རྩ་དྲུག་འདབ་མའི་པདྨ་རྣམས་དུམ་བུ་གཅིག་གི་དཀྱིལ་འཁོར་གྱི་དབུས་རྣམས་སུ་བྱའོ། །དབུས་
ཀྱི་པདྨར་ཡང་སྔོན་བཞིན་ནོ། །དེ་ལྟར་རེ་རེའི་པདྨ་བཅུ་གཉིས་ཀྱི་བདག་ཉིད་ཅན་གྱི་དབུས་སུ་དེ་རྣམས་གཙོ་བོ་སྔོན་དུ་གསུངས་པས་རྡོ་རྗེ་མཁའ་འགྲོ་ལ་སོགས་པ་ནས་ཐུགས་རྡོ་རྗེ་ཞེས་བྱ་བའི་བར་ཏེ། དེ་རྣམས་ཀྱི་ཡང་རྣལ་འབྱོར་མ་རྣམས་རྡོ་རྗེ་ཕག་མོ་ལ་སོགས་པ་པདྨའི་
འདབ་མར་བཤད་པ་དང་བཅས་པ་རྣམས་བཅུ་གཉིས་ལ་བརྟེན་པ་རྣམས་སོ། །དེ་ལྟར་ཡང་ས་བཅུ་གཉིས་པོ་རྣམས་སྐུ་དང་གསུང་དང་ཐུགས་ཀྱི་དབྱེ་བས་སུམ་འགྱུར་དུ་འགྱུར་བའི་ཕྱིར་སུམ་ཅུ་རྩ་དྲུག་གོ། །དེ་ལྟར་བཅུ་གཉིས་བཅུ་གཉིས་པའི་པདྨ་རྣམས་ཀྱི་དང་འཁོར་ལོ་

གསུམ་གྱི་དཀྱིལ་འཁོར་གྱིས་སོ། །རེ་རེ་ལ་ཡང་ས་བཅུ་གཉིས་ཀྱི་དབྱེ་བ་རྣམས་ཀྱིས་སོ། །དེ་བཞིན་དུ་ལྷག་མ་འདིར་བཅུ་གསུམ་པ་རྡོ་རྗེ་འཆང་ཆེན་པོའི་ས་སྒོ་དང་གྲྭ་ལ་གནས་པ་མོ་ཞེས་བྱ་བ་སྟེ་སྒོའི་བདག་ཉིད་ཅན་ནོ། །དཀྱིལ་འཁོར་ལ་སོགས་ཞེས་བྱ་བའི་སྒྲས་རྡོ་རྗེ་ཕག་མོའི་
འཁྲུལ་འཁོར་བཅུ་གཉིས་ཀྱི་སྔགས་ཀྱི་འཁོར་ལོའི་རྣལ་འབྱོར་མ་ལ་པདྨ་འདབ་མ་བཅུ་གཉིས་པ་རྣམས་བཅུ་གཉིས་ཀྱི་བདག་ཉིད་ཅན་རྣམས་བྱའོ། །སུམ་ཅུ་རྩ་དྲུག་དང་བཅུ་གཉིས་ལན་གསུམ་དུ་བསྒྱུར་བས་འཁོར་ལོ་གསུམ་དང་སྔོན་དུ་བཤད་པ་རྣམས་ཀྱི་ཕྱི་རོལ་རྣམས་སུའོ། །
དེ་ལྟར་འཁོར་ལོ་དྲུག་པོ་རྣམས་སླར་ཡང་སྒོ་རྣམས་ཀྱི་དབྱིབས་ཟླུམ་པོའི་དཀྱིལ་འཁོར་རྣམས་སུ་ཀུན་ནས་རི་མོའི་ཕྱི་རོལ་དུ་དུར་ཁྲོད་སུམ་ཅུ་རྩ་གཉིས་རྣམས་རིམ་པ་ཇི་ལྟ་བས་བྱའོ། །སྔོན་དུ་བཤད་པ་རྣམས་སོ། །དེ་ལྟར་འཁོར་ལོ་འདི་རྣམས་རེ་རེ་གཙོ་མོ་རྣམས་ཀུན་དུ་སྤྱོད་པ་ལས་
རྣལ་འབྱོར་མ་བཅུ་གཉིས་རྣམས་ཀྱི་ཀུན་དུ་སྤྱོད་པ་དབུས་རྣམས་སུ་སྔོན་དུ་བཤད་པའི་མཚན་ཉིད་དུ་འགྱུར་རོ། །དེ་ལྟར་ཤར་དང་བྱང་དང་ནུབ་དང་ལྷོ་ན་གནས་པ་མོ་རྣམས་ཀྱིའོ། །དེ་བཞིན་དུ་ཤར་དང་དབང་ལྡན་དང་བྱང་དང་ནུབ་དང་ལྷོའི་ལོགས་ཀྱི་གྲྭའི་ཕྱེད་མ་རྣམས་སུ་གནས་པ་མོ་རྣམས་
ཀྱི་དང་། དེ་ལྟར་ལྷག་མ་ཕྱེད་མ་ལ་གནས་པ་རྣམས་ཀྱི་མེ་དང་བདེན་བྲལ་དང་། རླུང་དང་དབང་ལྡན་རྣམས་ཀྱི་ཐམས་ཅད་ཀུན་དུ་སྤྱོད་པར་ཤེས་པར་བྱའོ། །འདིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་བསྐྱེད་པར་གསུངས་པར་འགྱུར་རོ། །རྡོ་རྗེའི་མིང་ཞེས་བྱ་བ་ལ་སོགས་
པ་ཐམས་ཅད་རྟོགས་པར་སླའོ། །འོན་ཀྱང་ཡེ་ཤེས་ཀྱི་དཀྱིལ་འཁོར་ལ་ཕྱི་དང་ནང་གི་བདག་ཉིད་ཀྱི་དངོས་པོ་ཐམས་ཅད་གཅིག་ཏུ་བྱ་བས་འཇིག་རྟེན་གྱི་ཁམས་ཀྱི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཕུན་སུམ་ཚོགས་པ་ཐམས་ཅད་གསུངས་སོ། །དེ་ལྟར་ཞེས་བྱ་བ་ནི་
བཤད་པ་རྣམས་ཏེ་དམ་ཚིག་གི་འཁོར་ལོ་རྣམས་སུ་དཔའ་བོ་ཐམས་ཅད་དེ་རྣམས་ཀྱང་བཅོམ་ལྡན་འདས་ཀྱིས་རིགས་ལས་བྱུང་བ་རྣམས་སོ། །འོད་གསལ་བའི་ཡེ་ཤེས་ལས་ལངས་པའི་སེམས་ཀྱིས་རྩོལ་བ་དང་ཁམས་དང་ལུས་རྣམས་ཀྱིས་དགེ་བའི་ལས་ཀྱིས་སོ། །དེ་ལྟར་

སངས་རྒྱས་རྣམས་ཀྱི་སྤྲུལ་པའི་སྐུ་ཞེས་བྱ་བ་སྟེ་དེ་དེ་བཞིན་དུ་བཤད་དེ་ལུས་རྣལ་འབྱོར་མའི་རང་བཞིན་དེ་བྱང་ཆུབ་ཀྱི་སྣོད་ཅེས་བྱ་བའི་དོན་ཏོ། །འདིས་ཞེས་བྱ་བའོ། །དེ་ལྟར་སྐུའི་འཁོར་ལོ་བྱང་ཆུབ་ཀྱི་སྣོད་དེ་སྐུ་གསུམ་བདག་ཉིད་ཅན་ཀྱང་ཞེས་བྱ་བ་ནི་ལྷན་ཅིག་སྐྱེས་པ་དང་
ཆོས་དང་ལོངས་སྤྱོད་རྫོགས་པའི་བདག་ཉིད་ཀྱི་སྤྲུལ་པའོ། །ལྷན་སྐྱེས་གསུམ་པ་ཞེས་བྱ་བ་ནི་ཆོས་དང་ལོངས་སྤྱོད་རྫོགས་པ་དང་སྤྲུལ་པའི་སྐུའི་བདག་ཉིད་དམ་པ་སྟེ། འདི་ནི་དཀྱིལ་འཁོར་རྒྱལ་པོ་མཆོག་ཅེས་བྱ་བའི་ཏིང་ངེ་འཛིན་སྤྲུལ་པའི་སྐུ་ཅན་ནོ། །དེ་ལྟར་འཇིག་རྟེན་གྱི་ཁམས་
དང་སེམས་ཅན་གྱི་འཇིག་རྟེན་བྱུང་བར་གྱུར་པ་སྟེ། སྒོམ་པའི་རང་བཞིན་གྱི་བདེ་བ་ཅན་དང་ཐ་མལ་པའི་ལས་ལས་འཇིག་རྟེན་བྱུང་བས་སྡུག་བསྔལ་དང་ལྡན་ཞེས་བྱ་བ་སྟེ་ངེས་པའོ། །ད་ནི་གནས་པའི་དུས་ལས་རྒྱལ་པོ་མཆོག་ཅེས་བྱ་བའི་ཏིང་ངེ་འཛིན་ལོངས་སྤྱོད་རྫོགས་པའི་སྐུ་ཅན་
གསུངས་པ་སྟེ། འདིར་ཡང་ཐོག་མར་རང་རང་གི་གནས་རྣམས་སུ་གནས་ལ་སོགས་པའི་ཕུན་སུམ་ཚོགས་པས་གསུངས་པ། དེ་ནས་གནས་དང་ཉེ་གནས་དང་། །ཞེས་བྱ་བ་ལ་སོགས་པ་ནས་རྫིང་བུ་བཞི་མདོ་ཞེས་བྱ་བའི་བར་དུ་གནས་བཞི་བཅུ་རྩ་བརྒྱད་རྣམས་ཏེ། གནས་དང་ཉེ་བའི་གནས་
དང་། ཞིང་དང་ཉེ་བའི་ཞིང་དང་། འདུན་པ་དང་ཉེ་བའི་འདུན་པ་དང་། འདུ་བ་དང་ཉེ་བའི་འདུ་བ་དང་། དུར་ཁྲོད་དང་ཉེ་བའི་དུར་ཁྲོད་དང་། འཐུང་གཅོད་དང་ཉེ་བའི་འཐུང་གཅོད་དེ་དེ་ལྟར་གནས་འདི་རྣམས་སུ་བྱ་བ་ནི་བཅུ་གཉིས་པོ་འདི་རྣམས་ཐམས་ཅད་ཀྱི་གནས་ལ་སོགས་པ་བཞི་བཞིའི་
གནས་རྣམས་སུ་བུ་མོ་གང་ཞེས་བྱ་བ་ནི་རྣལ་འབྱོར་མའོ། །ལྷན་སྐྱེས་ཞེས་བྱ་བ་ནི་ལྷན་ཅིག་སྐྱེས་པའི་རང་བཞིན་ལྷན་སྐྱེས་དེ་དེ་ཉིད་རྣལ་འབྱོར་མའོ། །རང་རང་སྐྱེས་གནས་སྐྱེས། ཞེས་བྱ་བ་ནི་དེ་རྣམས་ཀྱི་སྐྱེ་གནས་ནི་རྟེན་ཏེ་རིགས་ནི་རུས་སོ། །བསྐྱེད་པའི་གནས་སྔོན་དུ་གསུངས་སོ། །
ལཱ་མའི་མཚན་ཉིད་ཀྱི་ལེའུ་རྣམས་སུ་དེ་ཁོ་ན་ཉིད་སུམ་ཅུ་རྩ་དྲུག་གིས་སོ། །དེ་བཞིན་དུ་འཛམ་བུའི་གླིང་དུ་མཁའ་འགྲོ་མ་ལ་སོགས་པའི་དེ་ཁོ་ན་ཉིད་བཅུ་གཉིས་རྣམས་ཀྱིས་སོ། །དེ་ལྟར་ཡུལ་དང་ཡུལ་དུ་རང་རང་གི་ཡེ་ཤེས་དང་ལྡན་པ་གཉིས་སུ་མེད་པར་གནས་པ་ཞེས་བྱ་བ་ནི་དཔའ་

བོ་རྣམས་དང་ལྷན་ཅིག་སྙོམས་པར་ཞུགས་པ་རང་བཞིན་འོད་གསལ་བའི་བདག་ཉིད་ཅེས་བྱ་བའི་དོན་ནོ། །དེ་ལྟར་འཁོར་ལོ་བཅུ་གཉིས་རྣམས་ཀྱི་ཞེས་བྱ་བ་ནི་རྣལ་འབྱོར་མ་རེ་རེའི་འཁོར་ལོའི་དང་འདི་རྣམས་ཐམས་ཅད་ཀྱི་ཐོག་མའི་རྩོམ་པས་རྣལ་འབྱོར་མའི་མདའི་དབྱེ་བས་ཞེས་བྱ་བ་ནི་དྲང་
པོའི་དབྱེ་བས་ཏེ་ཇི་ལྟར་མདའ་དྲང་བ་ཉིད་ཀྱིས་འགྲོའོ། །དེ་བཞིན་དུ་རྣལ་འབྱོར་མ་གནས་སྐྱེས་མ་རྡོ་རྗེའི་འཁོར་ལོ་ལ་སོགས་པ་ནས་སྐུའི་འཁོར་ལོའི་བར་དུ་དྲང་པོའི་རྣལ་འབྱོར་མ་བཅུ་གཉིས་གནས་ལ་སོགས་པར་ཏེ་ཇི་སྲིད་སུམ་ཅུ་རྩ་དྲུག་བཅུ་གཉིས་རབ་ཏུ་བཤད་པ་རྣམས་ཁམས་སུམ་
ཅུ་རྩ་དྲུག་གི་ཕྱིར་རོ། །ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་སོགས་པས་སོ། །དེ་ལྟར་ཁམས་རེ་རེ་བཅུ་གཉིས་ཀྱི་དབྱེ་བས་མི་མཐུན་པས་ཞེས་བྱ་བའོ། །དེས་ཀྱང་རེ་རེ་ཞེས་བྱ་བ་ལ་སོགས་པས་དེ་དེ་བཞིན་དུ་བཤད་དོ། །འདིས་ཀྱང་འཇིག་རྟེན་གྱི་ཁམས་ཀྱི་གླིང་འདི་རྣམས་
ཐམས་ཅད་ཡོངས་སུ་རྫོགས་པ་ལས་ས་བཅུ་གཉིས་ལ་སོགས་པའི་རང་བཞིན་གསུངས་པའོ། །ད་ནི་སྔགས་དང་དབང་བསྐུར་བ་དང་རྒྱས་གདབ་པ་དང་དེ་བཞིན་དུ་ཡེ་ཤེས་སེམས་དཔའ་ལ་སོགས་པ་བསྒོམ་པ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་སྤྱན་དྲངས་པ་དང་གཙོ་བོ་དང་དཀྱིལ་
འཁོར་རྣམས་མཆོད་པ་ཞེས་བྱ་བའི་མན་ངག་བཤད་པ་གསུངས་པ། དབང་བསྐུར་ཞེས་བྱ་བ་ལ་སོགས་པས་ཏེ། ཚིགས་བཅད་ཅེས་བྱ་བ་ནི་ཚིགས་བཅད་སྔོན་དུ་སོང་བས་ནོད་པ་སྟེ། དེ་ཡང་ཇི་ལྟར་ཞེས་བྱ་བ་ལ་སོགས་པས་བརྡའི་སྐད་ཀྱིས་ཏེ་དེའི་གདམས་ངག་གི་དོན་དུ་རབ་ཏུ་འཇུག་
པས་གསུངས་པ་རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་སྟེ། རྡོ་རྗེ་དང་ནམ་མཁའི་བར་དུ་ཞེས་བྱ་བ་ནི་རྡོ་རྗེའི་ནོར་བུ་དང་བྱ་རོག་གདོང་གི་བར་དུ་བྱང་ཆུབ་འབབ་པའི་རྩའི་ནང་རྣམས་སུ་སྟེ་དེའི་དབུས་སུ་སངས་རྒྱས་འདི་རྣམས་ཐམས་ཅད་སོན་པ་ཞེས་བྱ་བ་ནི་སྔོན་དུ་བཤད་པའི་རྣལ་
འབྱོར་མ་རྣམས་ཀྱི་དཔའ་བོ་དང་དཔའ་མོའི་དབང་ཕྱུག་ཕུང་པོ་ལ་སོགས་པ་དེ་བཞིན་གཤེགས་པ་ལྔ་ལ་སོགས་པ་སངས་རྒྱས་ཐམས་ཅད་དེའི་ཚེ་ནང་དུ་ཞུགས་པ་སྟེ། འདིའི་མན་ངག་གིས་ཞེས་བྱ་བའོ། །དེ་ཉིད་གསུངས་པ། ཡེ་ཤེས་འོད་ཟེར་བྱུང་ཡང་ཞེས་བྱ་བ་ནི་སངས་རྒྱས་

དེ་རྣམས་ཐམས་ཅད་ཡེ་ཤེས་ཀྱི་གཏུམ་མོ་ལས་བྱུང་བ་སྟེ་ཡཾ་གི་ཡི་གེ་ནི་ངེས་པར་བཟུང་བ་སྟེ་དབུས་མའི་སྔོན་མས་ཐམས་ཅད་ཀུན་དུ་སྤྱོད་པ་ལ་སོགས་པ་ལས་རྫོགས་པ་རྣམས་ཕུང་པོ་དང་ཁམས་ལ་སོགས་པའི་རང་བཞིན་ལས་སངས་རྒྱས་རྣམས་སོ། །དེའི་ཕྱིར།
རང་འབྱུང་བདུད་རྩིའི་རྒྱུན་གྱིས་ནི། །ཞེས་བྱ་བ་སྟེ་འདོད་པ་མེད་པ་མ་ཡིན་པས་ཡོངས་སུ་བསྒོས་པ་མེད་པའི་ཡེ་ཤེས་ཀྱི་གཏུམ་མོ་འབར་བའོ། །དེས་དེ་ལྟར་སེམས་ལ་སོགས་པའི་ཁམས་ཐམས་ཅད་ཞུ་བས་དབང་བསྐུར་བའོ། །རྡོ་རྗེ་མགོན་པོའི་ཞེས་བྱ་བ་ནི་དབྱེ་བ་མེད་པའི་
ཡེ་ཤེས་ཀྱི་རྡོ་རྗེའི་དངོས་པོ་ལས་རྡོ་རྗེ་དེ་ཉིད་ཡེ་ཤེས་ཀྱི་རྡོ་རྗེ་སྟེ་སེམས་ཅན་ཐམས་ཅད་ཀྱི་སྲོག་ཀུན་འཛིན་པའི་ཕྱིར་དང་སྐྱབས་སུ་གྱུར་པས་མགོན་པོའོ། །དེ་ཉིད་ཀྱི། ལྷན་སྐྱེས་ཆུ་ནི་ཡོངས་གང་ལས། །ཞེས་བྱ་བ་ནི་འཇིག་རྟེན་གྱི་ཁམས་གཅིག་ལ་གཅིག་མཐུན་པར་དགོངས་པའི་
དབང་བསྐུར་སྔོན་དུ་སོང་བས་དངོས་གྲུབ་སྣ་ཚོགས་པའི་བདེ་བ་སྟེར་བའོ། །དེ་ལྟར་ཨོཾ་སརྦ་ཞེས་བྱ་བ་ལ་སོགས་པས་དབང་བསྐུར་བའི་བརྡའི་སྔགས་སོ། །གང་དང་ཞེས་བྱ་བ་ལ་སོགས་པས་འཁོར་ལོས་སྒྱུར་བ་བཅུ་གཉིས་སྔོན་དུ་བཤད་པ་རྣམས་ཀྱིས་མགོ་བོར་རྒྱས་གདབ་
བོ། །ལྷག་མ་རྣམས་ལ་གཙོ་བོས་ཞེས་བྱ་བའོ། །ཁྱབ་བདག་ཅེས་བྱ་བ་ནི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་རྣམས་ཀྱི་ལྷ་ལ་བསྙེན་པ་སྔོན་དུ་སོང་བ་ཅན་གྱི་འདོད་ཆགས་ཕུན་སུམ་ཚོགས་པར་འགྱུར་རོ། །ཡེ་ཤེས་ཞེས་བྱ་བ་ནི་ཡེ་ཤེས་སེམས་དཔའ་སྔོན་དུ་སོང་བས་དཀྱིལ་འཁོར་
རྒྱལ་མཆོག་གི་ཏིང་ངེ་འཛིན་གྱི་དུས་རྣམས་སུ་འབྲེལ་ཏེ་འདིར་སྐབས་སྐབས་སུ་ཐོར་ལོང་དུ་སྟེ་པཎྜི་ཏ་རྣམས་ཀྱིས་འཇུག་པ་རྨོངས་པར་བྱེད་པའོ། །དེ་ལྟར་གཙོ་བོ་ལ་སོགས་པ་དང་དཀྱིལ་འཁོར་པ་ཐམས་ཅད་ཀྱི་སྙིང་གར་ཡེ་ཤེས་དང་གཙོ་བོ་ལ་སོགས་པ་ཐམས་ཅད་དམ་
ཚིག་སེམས་དཔའ་རྣམས་ཀྱི་གང་དང་འདྲ་བ་སྟེ། གང་དང་གང་གིས་གཟུགས་དང་བཞུགས་ཚུལ་ལ་སོགས་པ་ཕྱི་རོལ་དུ་དེའི་གཟུགས་རྣམས་བསྒོམ་པར་བྱ་བའོ། །ཏིང་ངེ་འཛིན་སེམས་དཔའ་ཞེས་བྱ་བ་ནི་ཡེ་ཤེས་སེམས་དཔའ་དེ་རྣམས་ཀྱི་ཐུགས་ཀར་སླར་ཡང་འདི་

རྣམས་ཐམས་ཅད་ལ་ཏིང་ངེ་འཛིན་སེམས་དཔའ་འཆད་པར་འགྱུར་བའི་སྔགས་རྣམས་ཀྱི་གཟུགས་ཀྱིས་རང་རང་གི་ས་བོན་བསྒོམ་པར་བྱ་བའང་རུང་ངོ་། །ཇི་ལྟར་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་རྣམས་ཀྱི་ཀུན་གཞིའི་རྣམ་པར་ཤེས་པས་ལྷན་ཅིག་སྐྱེས་པའི་སྙིང་པོ་འཇིག་པར་འགྱུར་
རོ། །རྣལ་འབྱོར་པ་རྣམས་ཀྱི་ཆོས་ཀྱི་སྐུ་ཏིང་ངེ་འཛིན་སེམས་དཔའོ། །ལོངས་སྤྱོད་རྫོགས་པའི་སྐུ་ཡེ་ཤེས་སེམས་དཔའོ། །སྤྲུལ་པའི་སྐུ་དམ་ཚིག་སེམས་དཔའ་ཞེས་བྱ་བ་སྟེ། མངོན་སུམ་དུ་འདིར་དེ་ལྟར་སྐུ་འདིས་བྱེད་པའི་ཕྱིར་རོ། །དེ་ནས་ཞེས་བྱ་བ་ནི་དེ་ལ་ཡེ་ཤེས་
སེམས་དཔའི་ཐུགས་ཀ་ལས་འོད་ཟེར་ཞེས་བྱ་བ་སྟེ་འོད་ཟེར་གྱི་ཚོགས་ཀྱིས་སོ། །དེས་དེ་ལྟར་ཡེ་ཤེས་འཁོར་ལོ་ལ་ཞེས་བྱ་བ་ནི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་རྣམས་དང་རྣལ་འབྱོར་པའི་འཇིག་རྟེན་རྣམས་ལ་སངས་རྒྱས་ཀྱི་ཡེ་ཤེས་འཇུག་པར་འགྱུར་རོ། །དེའི་ཕྱིར། བླ་
མའི་མན་ངག་ལས་ཤེས་བྱ། །ཞེས་བྱ་བ་ནི་ཐོག་མ་མེད་པ་ནས་བརྒྱུད་པའི་བླ་མ་དང་སློབ་མའི་མན་ངག་ཏུ་གནས་སོ། །དེ་ལྟར་ཛཿཧཱུཾ་བཾ་ཧོཿའི་ཡི་གེ་རྣམས་ཀྱིས་ཞེས་བྱ་བ་ནི་དགུག་པ་དང་གཞུག་པ་དང་བཅིང་བ་དང་དབང་དུ་བྱ་བ་སྟེ། ཇི་ལྟར་འདིར་ཡེ་ཤེས་ཀྱི་དཀྱིལ་འཁོར་
ལ་འགྱུར་བ་དེ་བཞིན་དུ་འདིར་སེམས་ཅན་རྣམས་ཀྱི་བླ་མ་དང་སློབ་མའི་འབྲེལ་བར་འགྱུར་རོ། །དེ་ལྟར་སྦྱིན་པས་འགུགས་སོ། །དམ་པའི་ཆོས་ལ་སོགས་པ་དང་སྙན་པར་སྨྲ་བས་རང་གི་ལས་རྣམས་སུ་འཇུག་པར་བྱེད་དོ། །སྣ་ཚོགས་པའི་དོན་སྤྱོད་པར་བཤད་པ་ལ་སོགས་པས་
བརྟན་པ་ཉིད་འཆིང་བར་བྱེད་དོ། །བདག་ཉིད་བཞིན་དུ་གཞན་ལ་བྱེད་པས་དབང་དུ་བྱེད་པ་སྟེ་འདི་ནི་ངེས་པའོ། །སྣ་ཚོགས་དཔའ་བོ་རྣལ་འབྱོར་མས། །ཞེས་བྱ་བ་ནི་ཕྱི་དང་ནང་གི་བདག་ཉིད་ཀྱིས་མཆོད་པ་རྣམ་པ་གསུམ་སྟེ་གནས་དང་ཉེ་བའི་གནས་ལ་སོགས་པ་ན་གནས་
པའི་འདིར་བྱོན་པའི་གཙོ་བོ་རྣམས་ཀྱི་དཀྱིལ་འཁོར་པ་རྣམས་ལ་བྱེད་པ་སྟེ། འཇིག་རྟེན་གྱི་ཁམས་རྣམས་སུ་ཡང་ཕྱི་རོལ་དུ་ནི་སྐྱེ་བ་ཕུན་སུམ་ཚོགས་པའི་མཆོད་པའོ། །དེ་ནས་བག་མ་ལེན་པ་ལ་སོགས་པ་ནི་གསང་བའོ། །དེའི་ཕྱིར་འཆི་བའི་མཐར་ཇི་སྲིད་དུ་སྣ་ཚོགས་

པའི་བདེ་བའི་སྤྱོད་པས་ནི་ནང་གི་བདག་ཉིད་ཅན་གྱིའོ། །དེ་ལ་སོགས་པ་ལས་རྒྱལ་པོ་མཆོག་ཅེས་བྱ་བའི་ཏིང་ངེ་འཛིན་གནས་པའི་དུས་ཀྱི་ལོངས་སྤྱོད་རྫོགས་པའི་སྐུ་ཅན་ཞེས་བྱ་བའོ། །ད་ནི་རྣལ་འབྱོར་པ་རྣམས་ཀྱི་ཐིག་ལེའི་རྣལ་འབྱོར་དང་ཕྲ་མོའི་རྣལ་འབྱོར་ཏེ། དེ་ཉིད་
ཀྱིས་འཇིག་རྟེན་གྱི་ཁམས་ཀྱི་འཆགས་པའི་དུས་དང་སྟོང་པའི་དུས་གཉིས་བཤད་པའི་ཕྱིར་གསུངས་པ། རྣལ་འབྱོར་གཉིས་ཞེས་བྱ་བ་ལ་སོགས་པ་སྟེ། ཆེ་བ་ཞེས་བྱ་བ་ནི་ཆེན་པོ་ཞེས་བྱ་བའི་དོན་ཏོ། །ཐིག་ལེ་ཆེན་པོའི་རྣལ་འབྱོར་ཏེ་དེ་ཡང་འཁོར་ལོ་བཅུ་གཉིས་ཀྱི་ཐིག་ལེ་ཞེས་བྱ་
བའོ། །རྩ་ཐམས་ཅད་ཀྱི་དབུས་སུ་རྣམ་པར་ཤེས་པ་དང་བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེ་གནས་པ་སྟེ་རྡོ་རྗེའི་རྣམ་པ་རྣམས་སུ་མཚོན་ཞེས་བྱ་བ་ནི་ཤེས་པར་བྱ་བའོ། །དེ་ལྟར་སླར་ལྟེ་བའི་སྟེང་རྣམས་སུ་ཞེས་བྱ་བ་ནི་རྩ་ཐམས་ཅད་ཀྱི་ཡང་དབུས་དང་འོག་དང་སྟེང་དུ་རྡོ་རྗེའི་རྣམ་པ་ལའོ། །དེ་
ལྟར་དེ་རྣམས་སུ་ཡང་རྩེ་མོ་རྣམས་ཀྱི་ཞེས་བྱ་བ་ནི་དེ་དེ་བཞིན་དུ་བཤད་པའོ། །རྩ་རྣམས་རེ་རེ་བཅུ་རྣམས་ཀྱིས། །ཞེས་བྱ་བ་ནི་སྲོག་ལ་སོགས་པའི་རླུང་བཅུ་རྣམས་ཀྱིས་རྩ་བཅུའི་འོག་དང་སྟེང་རྣམས་སུ་རྡོ་རྗེའི་རྩེ་མོ་ལྔ་ལྔའོ། །དེ་རྣམས་སུ་ཡང་ཐིག་ལེ་རྣམས་ཀྱིས་ཞེས་བྱ་བ་ནི་རེ་
རེའི་རྩེ་མོ་ལ་ཇི་ལྟ་བའི་རིམ་པས་ཐིག་ལེ་བརྒྱ་ཕྲག་རེ་རེ་མཚོན་པར་བྱ་བའོ། །དེ་ལྟར་བཤད་པས་སྔོན་དུ་བཤད་པ་རྣམས་ཀྱི་སྙིང་རྗེ་དང་བྱམས་པ་དང་དགའ་བ་དང་བཏང་སྙོམས་ཀྱི་རང་བཞིན་རྣལ་འབྱོར་མ་བཞི་དང་བསྲེས་པའི་ཐམས་ཅད་གཅིག་ཏུ་བསྡོམས་པས་སྟོང་ཕྲག་གཅིག་གིས་རྣལ་
འབྱོར་མའི་ཚོགས་ཀྱི་ཐིག་ལེ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་དུ་བ་ལ་སོགས་པ་ཞེས་བྱ་བ་ནི་དུ་བ་ལ་སོགས་པའི་སྦྱོར་བས་བཅུ་པོ་རྣམས་ཀྱི་རྟགས་རེ་རེའི་ཐིག་ལེ་བརྒྱ་ཕྲག་གཅིག་ཉིད་ཐིག་ལེའི་གནས་རྣམས་སུ་འབབ་པར་བྱ་ཞེས་བྱ་བ་སྟེ། རྡོ་རྗེའི་བུ་ག་ལས་མི་འཕོ་བའི་ཡེ་ཤེས་དཔྲལ་
བའི་དབུས་རྣམས་སུ་རིམ་པས་འགྲོ་བའོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་མདོར་བསྡུས་པའི་ཐིག་ལེའི་རྣལ་འབྱོར་རོ། །འདིས་སེམས་ཅན་ཐམས་ཅད་ཀྱི་འཇིག་རྟེན་པར་འགྱུར་རོ། །བསྐལ་པ་སྲེག་པའི་དུས་རྣམས་སུ་ཁུ་ཚུར་གྱི་མཐེ་བོང་གི་ཚད་ཀྱི་བུད་མེད་དང་སྐྱེས་པ་དེ་

རྣམས་ཐོག་མ་ཉིད་དུ་གཅིག་གི་སྔོན་གྱི་རྒྱུ་མཚན་གྱིས་བསམ་གཏན་དང་པོའི་ཐོག་མར་འགྱུར་རོ། །དེ་ནས་བསོད་ནམས་ཀྱི་དབང་གིས་འདི་རྣམས་ཐམས་ཅད་ལ་འགྱུར་རོ། །ལུས་ཡང་བ་ཉིད་ཀྱང་ངོ་། །དེ་ལྟར་གྱུར་པ་དང་སྔོན་གྱི་སྨོན་ལམ་གྱི་དབང་གིས་སྒོམ་པ་ལ་གོམས་པས་ལྟེ་བའི་གནས་
རྣམས་སུ་སེམས་བརྟན་པ་ཉིད་དོ། །དེས་སེམས་ཤིན་ཏུ་ཕྲ་བའི་དངོས་པོས་ལུས་ཡང་བར་འགྱུར་རོ། །སླར་ཡང་དེས་དེ་ལྟར་སེམས་ཅན་རྣམས་ཀྱི་བསམ་གཏན་གྱིས་མཆོག་ཏུ་ཟག་པ་མེད་པར་གོམས་པས་ལུས་ཀྱི་ཁམས་ཆུང་བ་ཉིད་དུ་འགྱུར་རོ། །རླུང་བཅུ་རྣམས་སུ་འདུས་
པས་སོ། །གཞན་ཐ་མལ་པ་རྣམས་ཀྱི་རྣམ་པར་ཤེས་པ་སོང་བར་གྱུར་པས་གཞན་གྱི་འཇིག་རྟེན་གྱི་ཁམས་རྣམས་སུ་ལས་ཀྱི་རྣམ་པར་སྨིན་པས་ལས་ཀྱི་གནས་རྣམས་སུ་དམྱལ་བ་ལ་སོགས་པར་འཚེད་པའམ་ལྟུང་བའོ། །རྣལ་འབྱོར་གོམས་པ་རྣམས་ཀྱིས་བཤད་པའི་མཚན་
ཉིད་ཀྱིས་ཐིག་ལེ་འདུ་ཤེས་པས་རི་རབ་ཀྱི་སྟེང་དུ་སུམ་ཅུ་རྩ་གསུམ་གྱི་ལྷའི་རིགས་རྣམས་སུ་སྐྱེའོ། །དེར་ཡང་བསམ་གཏན་གཉིས་པ་ལ་རང་གི་ལུས་ཐིམ་ནས་འགྲོའོ། །དེའི་ཕྱིར་ཞེས་བྱ་བ་ལ་སོགས་པས་ཕྲ་མོའི་རྣལ་འབྱོར་གསུངས་པ། དེ་ལྟར་ཚིགས་སུ་བཅད་པ་གཅིག་
གིས་མན་ངག་གི་བསྒོམ་པ་སྟེ་རྟོགས་པར་སླའོ། །འཇིག་རྟེན་གྱི་ཁམས་སུ་དུ་བ་ལ་སོགས་པའི་ཡོན་ཏན་རྣམས་སུ་བསྐལ་པ་བསྲེག་པར་འགྱུར་རོ། །དེ་ཉིད་ཕྱིས་སྟོང་པའི་དུས་ཏེ་ཕྲ་མོའི་རྣལ་འབྱོར་རོ། །དེ་ནས་སྔགས་བཟླས་ཞེས་བྱ་བ་ལ་སོགས་པས་ཚིགས་སུ་བཅད་པ་
ཕྱེད་དང་བཅས་པས་སྔགས་བཟླས་པ་དང་བགྲང་ཕྲེང་ལ་སོགས་པའི་མཚན་ཉིད་དོ། །དེས་དེ་ལྟར་སྔོན་དུ་བཤད་པ་རྣམས་ཀྱིའམ་སེམས་ཅན་རྣམས་ཀྱི་རྣམ་པར་དག་པས་ངག་རྣམ་པར་དག་པར་འགྱུར་རོ། །དེ་བཞིན་དུ་ཕྱེད་དང་བཅས་པའི་ཚིགས་སུ་བཅད་པ་གཅིག་གིས་མཆོད་
པ་ཞེས་བྱ་བ་ལ་སོགས་པ་སྟེ། དཀྱིལ་འཁོར་གྱི་འཁོར་ལོའི་བདག་ཉིད་ལ་དེའི་དེ་ལྟར་ཡེ་ཤེས་ཀྱི་མཆོད་པ་མཐའ་མེད་ཅིང་མུ་མེད་པ་རྣམས་འཇིག་རྟེན་གྱི་ཁམས་རྣམས་ཀྱི་རང་གི་བདག་ཉིད་བྱེད་པ་པོའི་རང་བཞིན་ཞེས་བྱ་བར་དགོངས་སོ། །དེས་དེ་ལྟར་ཉེ་བར་མཚོན་པ་ཙམ་

སྟེ་མཆོད་པའི་ལྷ་མོ་གཽ་རཱི་ལ་སོགས་པ་ཡང་བཤད་དེ། ཇི་ལྟ་བའི་རིམ་པས་གཽ་རཱི་ཙཽ་རཱི་བཻ་ཏཱ་ལཱི་གྷསྨ་རཱི་པུཀྐ་སཱི་ཤ་བ་རཱི་དམྱལ་བ་དང་ཡི་དགས་དང་དུད་འགྲོ་དང་ལྷ་དང་ལྷ་མ་ཡིན་དང་མི་རྣམས་ཏེ་འདོད་པའི་ཁམས་སོ། །ལྷ་མོ་གཉིས་ཞེས་བྱ་བ་ནི་ཙཎྜ་ལཱི་གཟུགས་ཀྱི་ཁམས་
དང་། །ཌོམྦི་ནཱི་གཟུགས་མེད་པའི་ཁམས་སོ། །དེ་ཇི་ལྟར་གསུངས་པ། གཽ་རཱི་རི་དགས་སྦྱར་བ་འཛིན། །ཙཽ་རཱི་མ་ནི་ཉི་མའི་སྣོད། །བེེ་ཏཱ་ལཱི་ནི་ཆུའི་ལག་མ། །སྨན་འཛིན་པ་ནི་གྷསྨ་རཱི། །པུཀྐ་སཱི་ནི་སྟོབས་ལག་ཅན། །ཤ་བ་རཱི་རོ་འཛིན་དེ་བཞིན། །ཙཎྜ་ལཱི་མ་ཌ་མ་རུ་སྒྲོགས། །མགྲིན་
པ་ལས་འཁྱུད་ཌོམྦི་ནཱི། །དེ་ལྟར་གམ་ནི་འགྲོ་བའི་ཕྱིར་ཞུ་བའི་གཟུགས་ཉིད་པས་བྱང་ཆུབ་ཀྱི་སེམས་བུད་མེད་ཀྱི་པདྨ་རྣམས་སུ་འགྲོ་བ་ནི་འདོད་ཆགས་ཆེན་པོས་དམྱལ་བ་ཉིད་དུ་འགྲོ་བ་སྟེ་གཽརཱིའོ། །དེ་བཞིན་དུ་ཡང་དག་པའི་ལས་རྣམས་སུ་བྱས་པའི་བདེ་བ་ལ་སོགས་
པས་དེ་འཕོ་བ་ན་རང་བཞིན་མེད་པ་ཉིད་ཀྱི་བདག་ཉིད་ཀྱིས་བསྐྱོད་པར་གྱུར་པས་ཡི་དགས་ཀྱི་འགྲོ་བ་ཐོབ་པས་ནི་ཙཽ་རཱིའོ། །དེ་ལྟར་རིག་པས་མ་ལུས་པ་འདོད་ཆགས་ལ་སོགས་པའི་ཆོས་དེ་དག་གིས་བརྗོད་མི་ནུས་པས་ཐད་ཀར་འགྲོ་བར་འདོད་པའི་འགྲོ་བར་གྱུར་པར་འགྲོ་སྟེ་སྐྱེས་པའི་
སྐད་ཀྱི་ཞེ་སྡང་གིས་དུད་འགྲོ་འཐོབ་པས་བེ་ཏཱ་ལཱི་དེ་བཞིན་དུ་སྟེང་དུ་འགྲོ་བ་དྲན་ནས་ཟག་པ་མེད་པ་ཉིད་དང་ལྡན་ནོ། །ཐར་པའི་གཟུགས་ཀྱིས་སྟོན་པ་རྡོ་རྗེའི་ཐེག་པ་ལ་གཅིག་ཏུ་གནས་པ་དཔྲལ་བར་ལྷའི་ཚོགས་ཀྱི་གྷསྨ་རཱིའི་འགྲོ་བས་འཐོབ་པས་སོ། །རྣམ་པར་འཇོམས་
ཏེ་མེ་ཏོག་འདོད་མའི་རྣམ་པར་རྟོག་པ་རླག་པར་བྱེད་དོ། །དེས་ཀུན་ནས་འཛིན་པ་ལ་དགའ་བ་ལ་འདུས་པ་དང་ལྡན་པས་པུཀྐ་སཱི་ལྷ་མ་ཡིན་གྱི་འགྲོ་བའོ། །འབོད་པ་ལ་དགའ་བ་ཕྱག་རྒྱ་ཆེན་པོ་ཆ་དང་བྲལ་བའི་ཐིག་ལེའི་གཟུགས་རི་བོང་འཛིན་པའི་ཆུའི་ཡིད་དང་ལྡན་པ་མེད་
པར་བྱེད་པ་གཏི་མུག་ཆེན་པོ་ཤ་བ་རཱི་མའི་འགྲོ་བ་ཐོབ་པར་བྱེད་པའོ། །འདོད་པའི་ཁམས་ཀྱི་རྣལ་འབྱོར་མ་མཆོད་པའི་ཐིག་ལེ་ཞེས་བྱ་བའོ། །དེ་བཞིན་དུ་གཡོ་བ་ཉིད་ཀྱིས་དང་མཁའ་འགྲོ་ཆེན་པོ་ཐིམ་པར་གྱུར་པས་མཆོག་ཏུ་བདེ་བ་རྣམས་སུ་ཐིག་ལེ་གཟུགས་སྟེར་བ་མོ་

ལྷ་རྣམས་ཀྱི་སྟེ་འདི་ཉིད་ལྟར་རྟོགས་པར་བྱེད་དོ། །ཙཎྚ་ལཱི་གཟུགས་ཁམས་མ་ཞེས་བྱ་བའོ། །དོན་དམ་པ་དེ་ཤར་བས་དབང་ཕྱུག་གི་སྤྱོད་ཡ