Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 20

Văn bản gốc(Tây Tạng)

Trang 14 / 21 (50.000 ký tự/trang)
ར་གང་བྱས་པའི་བྱང་ཆུབ་ཀྱི་སེམས་རྣམ་པར་གཟུང་བའི་སྦྱོར་བ་དེ་ཡང་མི་དྲན་པའོ། །གལ་ཏེ་དེ་སྲིད་རྒྱུ་མེད་ན། དེ་ཚེ་རང་བཞིན་གྱི་གཟུགས་

ལྷ་ཆེན་པོའི་རྣམ་པ་ཧེའི་རྡོ་རྗེ་ལ་སོགས་པའི་གཟུགས་ཇི་ལྟར་འབྱུང་ཞེ་ན་གསུངས་པ། ཡི་གེ་ལས་བྱུང་བའི་སྐུ་ཞེས་བྱ་བ་སྟེ་མི་ཟད་པས་ཡི་གེ་ལས་བྱུང་བའོ། །གཟུགས་ནི་མངོན་སུམ་དུ་རང་གི་ལུས་ཀྱི་གོང་བུ་རྣམས་ཧེའི་རྡོ་རྗེ་བདུད་རྩིར་བྱུང་བའོ། །ཧེ་ཞེས་
བྱ་བ་ནི་ཨེའི་ཡི་གེའི་ཀུན་དུ་སྦྱོར་བས་ཨ་ཝ་དྷཱུ་ཏཱིར་རབ་ཏུ་འབབ་པ་ལས་ཧ་ཐོད་པའི་རྣམ་པ་བ་ཐག་གི་དབུས་སུ་རང་གི་རིག་པའི་ཡེ་ཤེས་ཀྱི་བདག་ཉིད་ཅན་འདིའི་སེམས་ལུས་ཐམས་ཅད་ལ་ཁྱབ་པ་པོ་དེའི་ཚེ་རྣམ་པར་རབ་ཏུ་གནས་ཏེ་གང་གི་ཕྱིར་དེའི་ཚེ་རྡོ་རྗེ་བདུད་རྩིའི་རང་
བཞིན་ལྷ་ཐམས་ཅད་དང་ཧེའི་རྡོ་རྗེ་ལ་སོགས་པ་རྡོ་རྗེ་བདུད་རྩིའི་རང་བཞིན་རྣམས་རྣམ་པར་རྟོག་པ་མེད་པའི་བདག་ཉིད་ཅན་དུ་འབྱུང་ངོ་། །སྤུན་ཟླར་སྤྱོད་པ་རྣམས་སུ་ཞེས་བྱ་བ་ལ་སོགས་པས་ཐོར་ལོང་དུ་གསུངས་ཏེ་པཎྜི་ཏ་རྣམས་རྨོངས་པར་བྱའོ། །ལྷག་མ་རྟོགས་པར་
སླའོ། །དཔལ་མཁའ་འགྲོ་རྒྱ་མཚོ་རྣལ་འབྱོར་མའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོའི་འགྲེལ་པ་གྲུ་གཟིངས་ལས་གཏུམ་མིག་མའི་མཚན་ཉིད་ཀྱི་ལྟ་བའི་ཕྱག་རྒྱ་དང་ཕྱག་རྒྱའི་ལན་དང་རྣལ་འབྱོར་གྱི་རྣམ་པར་གཞག་པ་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་མཚན་ཉིད་རྣམས་དང་།
དེ་བཞིན་དུ་མིང་གི་ཡི་གེ་རྣམས་ཀྱི་རྣམ་པར་གཞག་པ་དང་དཀྱིལ་འཁོར་གྱི་བདག་པོའི་རང་བཞིན་དང་གནས་ལ་སོགས་པ་གང་བའི་རི་ལ་སོགས་པའི་མཚན་ཉིད་ཀྱིས་ཀུན་དུ་སྤྱོད་པ་བསྟན་པ་དང་རྣམ་པར་རྟོག་པ་ཐམས་ཅད་དང་བྲལ་བའི་མཚན་ཉིད་ཀྱི་ཆོ་གའི་རང་བཞིན་
རྒྱས་པར་བསྟན་པ་སྟེ་ལེའུ་ཉི་ཤུ་རྩ་བདུན་པའི་བཤད་པའོ།། །།འོད་ལྡན་མ་ལ་རྟག་བཏུད་ནས། །ཡི་གེ་བརྡ་ཡི་མཚན་ཉིད་ནི། །དགོས་པ་ཡང་དག་རབ་སྟེར་བའི། །རབ་ཏུ་རྟོགས་བྱེད་འགྲེལ་བཤད་བྱ། །ད་ནི་ལེའུ་ཉི་ཤུ་རྩ་བརྒྱད་པ་གསུངས་པ། དེ་ནས་
ཞེས་བྱ་བ་ལ་སོགས་པ་སྟེ། བརྡའི་ཡི་གེ་ཞེས་བྱ་བ་ནི་ཡི་གེ་བརྗོད་པའི་ཙྪོ་མའི་བརྡ་ཡིས་ཡེ་ཤེས་རབ་ཏུ་འཇུག་པར་བྱེད་དོ། །ཇི་ལྟ་བའི་ཆོ་ག་ཞེས་བྱ་བ་ནི་རིམ་པ་ཇི་ལྟ་བའི་ནང་གི་བདག་ཉིད་ཀྱི་རྣལ་འབྱོར་རྣམས་སུ་ཡང་དག་པར་རབ་ཏུ་བཤད་པར་བྱའོ་ཞེས་བྱ་བར་འབྲེལ་

ལོ། །དེ་ཤེས་པར་བྱས་ནས་ནི་རྟོགས་པར་བྱས་ནས་ལྷག་པར་བགྲོད་པར་བྱ་བ་སྟེ། ངེས་པའི་སྒྲ་ནི་ངེས་པར་གཟུང་བ་སྟེ་འདིས་ཞེས་བྱ་བ་ནི་འགྲོལ་བའོ། །མྱུར་བ་ནི་རྗེས་སུ་དྲན་པ་རྣལ་འབྱོར་པ་ཡེ་ཤེས་ལ་སོགས་པ་སྟེ། འཁོར་བ་ཞེས་བྱ་བ་དེ་དེ་བཞིན་དུ་བཤད་དོ། །
དེ་ལྟར་བརྡའི་ཡི་གེ་རྣམས་གསུངས་པའོ་ཞེས་བྱ་བ་ལ་སོགས་པ་རྟོགས་པར་སླའོ། །སུམ་ཅུ་རྩ་དྲུག་གི་མཐར་ཐུག་པའི་ཡི་གེ་རྣམས་ཀྱི་རྣལ་འབྱོར་མ་རྣམས་ཀྱིས་བརྡ་ཕྱག་རྒྱའི་ཡི་གེ་རྣམས་སོ། །དེ་བཞིན་དུ་སྤུན་ཟླའི་དཔའ་བོ་རྣམས་ཀྱིས་སྦྱིན་པའི་བརྡའི་ལན་
བཤད་པ། སྐྱེས་པ་ཞེས་བྱ་བ་ལ་སོགས་པ་ནས་རྐང་མར་ཞེས་བྱ་བ་ལ་སོགས་པའི་བར་རྣམས་སོ། །འདི་རྣམས་ཀྱི་དགོས་པ་དང་བྱེད་པ་གསུངས་པ། བསྐྱེད་པ་ཞེས་བྱ་བ་ལ་སོགས་པ་སྟེ་ཚིགས་སུ་བཅད་པ་གཅིག་གིས་དགོས་པའོ། །དེ་ལྟར་གང་ལས་སྐྱེས་
འཆད་པར་འགྱུར་བའི་བྱང་ཆུབ་ཀྱི་སེམས་ཞུ་བའི་ཁམས་ཀྱིས་ཏེ། དུས་རྣམས་ཀུན་དུ་ཞེས་བྱ་བ་ནི་བུད་མེད་དང་སྐྱེས་བུ་ལ་སོགས་པའི་ལྟ་བ་སུམ་ཅུ་རྩ་དྲུག་སྟེ། དེ་རྣམས་ཀྱི་རྡོ་རྗེ་འཆང་གི་སྐུ་དམིགས་པས་ཀྱང་ཁམས་སྣ་ཚོགས་པ་དགའ་བས་འཇུ་བའོ། །དངོས་
པོ་མེད་པ་དེས་རྣལ་འབྱོར་པ་རྣམས་ཀྱི་ཡེ་ཤེས་ཅན་སྐྱེས་བུ་ལ་སོགས་པ་ཡེ་ཤེས་ཀྱི་རྣམ་པ་སུམ་ཅུ་རྩ་དྲུག་རྣམས་ཀྱིས་ལྷན་ཅིག་སྐྱེས་པ་འབྱུང་བར་འགྱུར་རོ། །དེ་ཉིད་འདིར་ཞིང་རྣམས་སུ་ཞེས་བྱ་བ་ནི་སྔོན་དུ་བཤད་པའི་རི་རབ་དང་འཁོར་ལོའི་ར་བ་ལ་སོགས་
པར་འགྲོ་བ་དེ་དེ་བཞིན་དུ་བཤད་དོ། །བྱེད་པ་གསུངས་པ། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་ལ་སོགས་པ་སྟེ། གཟུགས་ལ་སོགས་པ་ནས་ཡེ་ཤེས་ཀྱི་མཐར་ཞེས་བྱ་བ་ནི་གཟུགས་དང་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་རྣམ་པར་ཤེས་པ་དང་ཡེ་ཤེས་ཏེ་དྲུག་
འགྱུར་རྣམས་ཀྱིས་སའི་ཁམས་དང་དེ་ལྟར་ཡང་ཆུ་དང་མེ་དང་རླུང་དང་ནམ་མཁའ་དང་ཡེ་ཤེས་ཏེ་དྲུག་དྲུག་འགྱུར་རྣམས་སུ་འགྱུར་རོ། །དེའི་རང་བཞིན་ནི་རིམ་པ་ཇི་ལྟ་བ་རྣམས་སུ་བརྡ་རྣམས་ཀྱང་ཤེས་པར་བྱའོ། །ངེས་པར་བཤད་དོན་འཆད་པའོ། །ཞེས་བྱ་བ་ནི་

རྣམ་པར་བརྟགས་པས་ཌཱ་ནི་སྐྱེས་བུའོ་ཞེས་བྱ་བ་ལ་སོགས་པའི་དོན་དུ་འཆད་ཅིང་སྟོན་པ་སྟེ། འོན་ཀྱང་ཁམས་དྲུག་གི་སྐབས་ལས་ཁམས་ཀྱི་འདུ་ཤེས་ཉིད་དཔའ་བོ་དང་དཔའ་མོའི་དབང་ཕྱུག་གི་ཁམས་ཀྱི་གཟུགས་ཞེས་བྱ་བ་སྟེ། དེ་ལྟར་རེ་རེའི་ནང་དུ་ཞེས་བྱ་བ་
ནི་ཁམས་ཀྱི་རྣལ་འབྱོར་མ་རྣམས་ཀྱི་དབུས་སུ་སྟེ། འོད་ལྡན་ཡེ་ཤེས་གཟུགས་ཅན་མ། །ཞེས་བྱ་བ་ནི་འཆད་པར་འགྱུར་བའི་ཡི་གེ་བཤད་པའི་འདུ་ཤེས་རྣམས་ཀྱིས་སོ། །མཁའ་སྤྱོད་ཅེས་བྱ་བ་ནི་ཁམས་ཀྱི་རྣལ་འབྱོར་མ་དེ་རྣམས་ཀྱི་སྙིང་པོ་རྣམས་སུ་གྱུར་པ་དང་དེའི་དུས་ཀྱིའོ། །
ད་ནི་འོད་ལྡན་མའི་ཡི་གེ་རྣམས་ཀྱི་སྐྱེ་གནས་ལས་སྐྱེ་བའི་རིགས་པས་ངེས་པའི་ཚིག་བསྐྱེད་པ་གསུངས་པ། དེའི་འོད་ཟེར་ཞེས་བྱ་བ་ལ་སོགས་པ་ནས་བདེ་བའི་གནས་ཞེས་བྱ་བའི་བར་གྱིས་མདོར་བསྡུས་པའི་དོན་ཏོ། །དེ་ཡང་འདིའི་འོད་ཅེས་བྱ་བ་ནི་འདི་ཐམས་ཅད་ཀྱི་ནང་
དུ་སྟེ་མཁའ་སྤྱོད་ཀྱི་ཚིག་གིས་སོ། །དེའི་ཕྱིར་དེའི་འོད་ཟེར་ནི་ནུས་མཐུའོ། །དེ་ཡང་མངོན་པར་ཤེས་པའི་མཚན་ཉིད་ཅན་གྱི་ཡེ་ཤེས་སུམ་ཅུ་རྩ་དྲུག་རྣམས་བསྒྲུབས་ནས་སོ། །དེ་ཅི་ཞེ་ན་གསུངས་པ། སྔོན་དུ་བཤད་པ་རྣམས་ཀྱི་ཌཱ་སྐྱེས་བུ་ཞེས་བྱ་བ་ལ་སོགས་པས་ཏེ་
དེ་རྣམས་ཀྱི་རང་གི་ཐུགས་ཀྱི་དགོངས་པ་ཤེས་པའོ། །དེ་ལྟར། བདེ་བ་ཀུན་གྱི་གནས་ལ་བཞུགས། །ཞེས་བྱ་བ་ནི་དེ་རྣམས་ཀྱི་རང་རང་གི་ཐུགས་ཀྱི་དགོངས་པ་རྣམས་ཀྱིས་སེམས་ཀྱང་བདེ་བ་ཐམས་ཅད་ནི་འོད་གསལ་བ་རྣམས་སུ་སྟེ་དེའི་གནས་ལ་བཞུགས་པ་མོའོ། །སླར་
ཡང་རེ་རེའི་གསུངས་པ་རབ་ཏུ་ལྟ་བ་ཞེས་བྱ་བ་ལ་སོགས་པ་སྟེ། པྲའི་ཡི་གེའི་དོན་ནོ། །བསྒོམ་པ་ཞེས་བྱ་བ་ལ་སོགས་པས་བྷའི་ཡི་གེའི་དོན་ནོ། །རྡོ་རྗེ་ཞེས་བྱ་བ་ལ་སོགས་པས་པའི་ཡི་གེའི་དོན་ནོ། །རྣོན་པོའོ་ཞེས་བྱ་བ་ལ་སོགས་པས་ཏཱིའི་ཡི་གེའི་དོན་ནོ། །དེ་
ཉིད་བཤད་པ། གནད་དང་གནད་རྣམས་སུ་ལྟ་ཞེས་བྱ་བ་ནི་ལུས་ཐམས་ཅད་དུ་སྟེ་གཙུག་ཏོར་ལ་སོགས་པའི་མཚམས་རྣམས་དང་སྤྲོ་བའི་གནས་རྣམས་སུའོ། །དེ་རྣམས་སུ། སྒོ་བརྩེགས་མཐའ་ནས་བཟུང་ནས་ནི། །ཞེས་བྱ་བ་ནི་གནད་ཀྱི་བུ་གའི་ནང་དུ་སོན་པ་རྣམས་སུ་

འོད་ལྡན་མའི་རེག་པའི་བདེ་བ་བྱེད་པ་ལྟ་བུའི་རྩ་རྣམས་ཏེ། དེ་འོད་ལྡན་མ་སྙིང་པོར་བཤད་པ་མཁའ་སྤྱོད་ཅེས་བྱ་བར་འདུ་ཤེས་སོ། །དེ་ཡོན་ཏན་གང་གི་རྐྱེན་གྱིས། ཡང་དེ་ཉིད་བྷའི་ཡི་གེས་གསུངས་པ། སྒོམ་པའང་རྣམ་རྟོག་བདག་ཉིད་དོ། །ཞེས་བྱ་བ་སྟེ་རྣམ་པར་རྟོག་པའི་
བདག་ཉིད་ཀྱི་སེམས་ཞེས་བྱ་བ་སྟེ་ཡེ་ཤེས་རྣམ་པར་རྟོག་པས་འདྲེས་པའི་བདག་ཉིད་ཅན་ཀུན་རྫོབ་ཀྱི་གཟུགས་ཀྱི་བདག་ཉིད་ཅན་ཏེ། དེ་བསྒོམ་པ་ཡང་སྤངས་པས་མཚན་ཉིད་ཐམས་ཅད་ལ་གནས་པ་ཞེས་བྱ་བའི་དོན་ཏོ། །དེ་ཡང་ཇི་ལྟར་ཉམས་སུ་མྱོང་ཞེས་བྱ་བའི་
ཡི་གེས་གསུངས་པ། རྡོ་རྗེ་ས་འོག་སྦྱོར་བདག་ཉིད། །ཅེས་བྱ་བ་ནི། འདིར་ལུས་ཀྱི་སྟེང་ནི་རྩ་བ་ལ་འོག་ནི་ཡལ་གར་འགྱུར་རོ། །དེའི་ཚེ་རྡོ་རྗེ་ས་འོག་ནི་གནས་དང་སྟེང་གི་ཡལ་ག་ལས་ཀྱང་རྡོ་རྗེའི་ནོར་བུར་སོན་པ་སྣའི་དབུགས་ཀྱི་རྣམ་པར་བཟུང་བར་གྱུར་པས་ས་
འོག་ཏུ་རབ་ཏུ་འཇུག་པ་སྟེ་དཔྲལ་བར་རོ། །གནས་དེ་ནས་སླར་ཡང་དབྱེ་བར་བྱ་སྟེ་རྩ་ཐམས་ཅད་ཅེས་བྱ་བ་ནི་རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་རྣམས་ཁྱབ་པར་འགྱུར་རོ། །དུས་ཐམས་ཅད་དུ་ཉམས་སུ་མྱོང་བ་ཞེས་བྱ་བའི་དོན་ཏོ། །དེ་ཡང་བྱང་ཆུབ་ཀྱི་སེམས་རྒྱུ་མཚན་
ཅེས་ཞུ་བ་ཏཱིའི་ཡི་གེས་བཤད་པ། རྣོན་པོ་ནི་རྒྱུན་མི་འཆད་པར་གོམས་པས་ཏེ། བར་མ་ཆད་པའི་སྦྱོར་བ་དེ་འགྱུར་བའོ། །གང་གིས་བདག་ཉིད་ཀྱི་གཏུམ་མོ་རབ་ཏུ་འབར་བ་ན་རྣམ་པར་རྟོག་པ་ཐམས་ཅད་ཐལ་བར་བྱས་པས་རྣལ་འབྱོར་གྱི་བདག་ཉིད་རབ་ཏུ་
གསལ་བ་མཐར་ཐུག་པར་སོན་པས་འོད་གསལ་བའི་བདག་ཉིད་དུ་འགྱུར་རོ་ཞེས་བྱ་བར་དགོངས་སོ། །བཤད་པ་འདིས་མདོར་བསྡུས་པས་འོད་ལྡན་མའི་ཡི་གེ་ནི་དེ་དེ་བཞིན་དུ་བཤད་དོ། །དེ་ལྟར་འོད་ལྡན་མ་དཔྱོད་པའི་རྫུ་འཕྲུལ་གྱི་རྐང་པ་ཞེས་བྱ་བ་ནི་མི་ཞེས་བྱ་
བ་ནི་ཡིད་དོ། །འོད་གསལ་བར་ཐིམ་པ་ལས་ཡང་འདོད་ཆགས་ལ་སོགས་པའི་སྐྱོན་རྣམས་ཀྱིས་མི་གོས་པའོ། །མཱཾ་ཞེས་བྱ་བ་ནི་དེའི་ཆ་ཅན་རྣམས་ཀྱི་སེམས་ཀྱི་རྣམ་པར་རྟོག་པའི་གྲངས་སུ་བྱ་བ་རྣམས་དང་སྔོན་དུ་བྱས་པ་རྣམས་ཀྱི་སེམས་ཅན་གྱི་རིས་སུ་བྱུང་བ་ཡང་

དེ་མཐོང་བས་འོད་གསལ་དུ་བཤད་པས་འགྲོལ་བའོ། །ས་ཞེས་བྱ་བ་ནི་ཁམས་གསུམ་གྱི་བདག་ཉིད་ཀྱི་གཟུགས་ཐམས་ཅད་བྱང་ཆུབ་ཀྱི་ངོ་བོ་རྣམས་ཀྱི་ཡོངས་སུ་འཇོག་པ་དེ་ནི་རྫུ་འཕྲུལ་ཏེ་འགྲོ་བའི་ངང་ཚུལ་གྱིས་རྐང་པ་སྟེ་འོད་ལྡན་མ་རབ་ཏུ་གསལ་བའི་
ཡེ་ཤེས་ཀྱི་རང་བཞིན་གྱི་ཤེས་རབ་ཅེས་བྱ་བའི་དོན་ཏོ། །དེ་ལྟར་ཨོ་ཌྱཎ་གྱི་གནས་སུ་ཞེས་བྱ་བ་ནི་སྔོན་དུ་བཤད་པའི་རིམ་པས་དེའི་གནས་ལ་སོགས་པར་བྱས་ནས་ཀུན་དུ་སྤྱོད་པའི་བདག་པོ་ཉིད་ཀྱིས་བྱས་ནས་སོ། །ད་ནི་སླར་ཡང་འོད་ལྡན་མའི་བདག་པོའི་དཀྱིལ་འཁོར་
གྱི་འཁོར་ལོ་བསྒོམ་པ་དང་། དེ་བཞིན་དུ་རྫུ་འཕྲུལ་གྱི་རྐང་པ་དང་གནས་ལ་སོགས་པ་མདོར་བསྟན་པའི་རྒྱས་པར་བཤད་པ་གསུངས་པ། དཀྱིལ་འཁོར་འཁོར་ལོ་ཞེས་བྱ་བ་ལ་སོགས་པ་བཤད་པའི་འོད་ལྡན་མའི་རྣལ་འབྱོར་རོ། །དེའི་དབུས་སུ་ནི་དེའི་རང་བཞིན་དུ་ཐམས་
ཅད་བྱའོ། །རང་གི་ནུས་པས་རྣལ་འབྱོར་འགྲུབ་པ་ཞེས་བྱ་བའི་ཚིག་གིས་སོ། །དེ་ཇི་ལྟར་རྣལ་འབྱོར་འགྲུབ་ཅེ་ན། འོ་ན་སྒྲུབ་པར་གྱུར་པའི་སྦྱོར་བས་གྲུབ་པའི་སྒྲའི་རྣལ་འབྱོར་གྲུབ་པར་འགྱུར་རོ་ཞེ་ན། དེའི་རྩོད་པ་དང་བཅས་སོ། །གཞན་གྱི་ཐེ་ཚོམ་གསུངས་པའོ། །
དེ་ནི་བདེན་ཏེ་འོན་ཀྱང་རྣལ་འབྱོར་ཞེས་བྱ་བ་ནི་ཆོས་ཐམས་ཅད་ཀྱི་རོ་གཅིག་པར་བྱེད་པ་སྟེ་དེ་ཡང་སྔོན་དུ་ཆོས་ཐམས་ཅད་མི་རྟག་པ་དང་འདུས་མ་བྱས་པ་ལ་སོགས་པས་ངེས་པར་བྱེད་དེ། དེའི་ཕྱིར་དེ་གྲུབ་པོ། །དེའི་ཚེ་ཡང་སེམས་ཅན་བློ་བུར་བ་རྣམས་ལ་དྲི་མ་བློ་བུར་བས་
བསྒྲིབས་པ་རྣམས་ཀྱི་བསམ་པའི་རྣལ་འབྱོར་མ་གྲུབ་སྟེ། དེ་ཅིས་ཞེ་ན། མ་རིག་པའི་དབང་གིས་ཐམས་ཅད་རྟག་པ་ལ་སོགས་པའི་གཟུགས་སུ་སོ་སོར་སྣང་ངོ་། །ཡང་ཁྱད་པར་ཅན་དུ་སེམས་སྦྱངས་པ་རྣམས་ཀྱི་དགོངས་པ་མ་ཡིན་ནོ། །དེའི་ཚེ་དེ་རྣམས་ལ་ཡང་རྩོད་
པ་མེད་དོ། །དེ་བཞིན་དུ་ཡང་བཅོམ་ལྡན་འདས་ཀྱི་གསུང་གིས་གནས་ལ་སོགས་པའི་མིང་གི་ཡི་གེ་རྣམས་ཀྱིས་ཀྱང་གྲུབ་པ་དེ་གསུངས་པ། ཨོའི་ཡི་གེ་ཞེས་བྱ་བ་ལ་སོགས་པ་སྟེ། གནས་སྐབས་འདིར་ཨོ་ཌྱཎ་གྱི་གནས་ཀྱི་ཡི་གེ་བཞི་རྣམས་ཀྱི་ངེས་པའི་ཚུལ་

གྱིས་དངོས་གྲུབ་བཞིན་དུ་འདོད་པ་རྣམས་ཀྱི་འཇུག་པར་བྱེད་དོ། །གང་གིས་མི་ཤེས་པ་སྤོང་ཞིང་རང་བཞིན་རང་གི་ངོ་བོ་འཐོབ་པའོ། །དེ་ལྟར་ཨེ་ཡིག་ཕྱི་མོ་འབྱུང་བའི་བདག་ཅེས་བྱ་བ་ནི་ཕྱི་མོའི་སྒྲའི་ཡི་གེ་བརྗོད་པས་གཞོམ་དུ་མེད་པའི་ཡེ་ཤེས་ཏེ་དེ་ཡང་སྲོག་གི་རླུང་གཡོ་
ཞིང་གཡོ་བ་ཉིད་ཀྱིས་རྣམ་པར་གཟུང་བས་བརྟན་པར་བྱ་བ་སྟེ། འོད་གསལ་བ་ཉིད་དུ་འགྲོའོ། །དེ་ལྟར་རྒྱུ་མཚན་གང་གིས་བྱ་ཞེ་ན། ཌིའི་ཡི་གེ་གསུངས་པ། སྐར་མའི་བདག་པོ་ཞེས་བྱ་བ་ལ་སོགས་པ་སྟེ། སྐར་མའི་བདག་པོ་ནི་ཟླ་བ་སྟེ་དེའི་བྱང་ཆུབ་ཀྱི་སེམས་ཀྱིས་བསྲུབ་པ་དང་སྲུབས་པའི་
དུས་རྣམས་སུ་སྲོག་གི་རླུང་གིས་མི་འཕོ་བར་བྱས་ནས་ཁྱོད་ཀྱིས་ཀུན་མཁྱེན་རྣམས་ཀྱི་ཞེས་བྱ་བ་ནི་ཡུལ་དང་ཡུལ་ཅན་རྣམས་ཀྱི་བསམ་པ་མེད་པའི་དངོས་པོར་འགྱུར་བའོ། །དབང་པོ་ལ་སོགས་པ་སྤངས་པའོ་ཞེས་བྱ་བ་ནི་དབང་པོ་རྣམས་ལ་སོགས་པ་ནི་རྣམ་པར་ཤེས་
པ་བརྒྱད་རྣམས་ཏེ། དེ་ཉིད་དེའི་ཚེ་དུས་རྣམས་སུ་སྤངས་པ་སྟེ་རང་དང་གཞན་གྱི་ཆ་དང་བྲལ་བ་རྣམས་སོ། །གལ་ཏེ་དེ་སྲིད་རང་དང་གཞན་གྱི་ཆ་དང་བྲལ་བ་དེའི་ཚེ་ཅི་འགྲུབ་གང་གིས་འགྲུབ་གསུངས་པ། འདི་བདེན་ཏེ་དངོས་པོ་ཐམས་ཅད་བརྫུན་པའི་རྣམ་པར་བརྗོད་
པར་བྱ་བ་དང་བརྗོད་པ་དང་བྲལ་བའི་ངག་གང་ཡིན་པ་དེ་འགྲུབ་པའོ། །གྲུབ་པ་ཡང་སྐྱེས་བུའི་དབྱིབས་ལ་སོགས་པ་སྣ་ཚོགས་པའི་དངོས་པོའི་གཟུགས་མི་བདེན་པའི་འཁྲུལ་པ་ཙམ་དེ་ཡང་མེད་པ་སྟེ། དེ་ཡང་འཇིག་རྟེན་ཀུན་རྫོབ་ཏུ་བཅོམ་ལྡན་འདས་ཀྱི་གསུང་
གིས་ཡའི་ཡི་གེ་རྒྱས་པར་བཤད་པས་གསུངས་པ། ཡང་ཞེས་བྱ་བ་ལ་སོགས་པས་ཏེ་ཡ་ཡིག་དང་ནི་ཨ་ཡིག་གཟུགས་ཞེས་བྱ་བ་ནི་སྲོག་གི་རླུང་སངས་རྒྱས་རྣམས་ཀྱི་སྐུ་ཐམས་ཅད་དུ་སྟེ། རྐང་པའི་མཐའ་ནས་མགོ་བོར་ཏེ་ཞེས་བྱ་བ་ནི་སླར་ཡང་ལུས་ཐིམ་པར་
འགྱུར་ཏེ། ཆོས་སྟོན་པ་ཙམ་གྱི་འདུ་ཤེས་ཙམ་གྱིས་སེམས་ཅན་གྱི་དོན་གྱི་རྒྱུར་རོ། །དེ་ཉིད་སླར་ཆོས་སྟོན་པ་རྣམས་ཀྱི་ནའི་ཡི་གེའི་རྒྱས་པར་བཤད་པ་སྟེ། ཐམས་ཅད་ནཱ་ད་ཙམ་ལ་བརྟེན། །ཞེས་བྱ་བ་ནི་ཐེག་པ་གསུམ་ལ་སོགས་པ་རྣམས་ཀྱང་ནཱ་ད་རང་གིས་

རིག་པའི་གཟུགས་ལས་སེམས་ཙམ་དུ་གསལ་བའོ། །དེའི་ཕྱིར་རང་འབྱུང་ཆོས་ནི་བརྗོད་པའོ་ཞེས་བྱ་བ་སྟེ། སྔོན་དུ་འདི་རྣམས་ཀྱི་བྱ་བ་བློའི་རང་བཞིན་དུ་ཉེ་བར་སྤྱོད་པ་རྣམས་ཀྱི་སྟེ། མཉམ་པའི་དུས་སུ་ཡང་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་གཟུགས་ཉིད་
ཆོས་སུ་འབྱུང་བའོ། །དེའི་ཕྱིར་གྲུབ་པ་སྟེ་དངོས་པོ་ཐམས་ཅད་ཀྱང་སྔོན་དུ་གྲུབ་པ་ཞེས་བྱ་བའི་དོན་ཏོ། །དེ་ཅི་དེར་དངོས་པོ་ཐམས་ཅད་གྲུབ་པའི་གཟུགས་ཀྱིས་འཇུག་པར་བྱེད་གསུངས་པ། དེ་ལྟར་ཡི་གེ་བཞི་རྣམས་ཞེས་བྱ་བ་སྟེ། ཨོ་ཌི་ཡ་ནའི་ཡི་གེ་རྣམས་རིམ་པ་ཇི་ལྟ་
བས་སྐུ་ཞེས་བྱ་བ་ནི་ཨོའི་ཡི་གེ་ནི་སྤྲུལ་པའི་སྐུའོ། །ཆོས་ཞེས་བྱ་བ་ནི་ཌིའི་ཡི་གེ་སྟེ་ཆོས་ཀྱི་སྐུའོ། །སོགས་པའི་སྒྲས་ལོངས་སྤྱོད་རྫོགས་པའི་སྐུ་དང་ལྷན་ཅིག་སྐྱེས་པའི་སྐུ་དག་པའི་ཡི་གེ་དང་ནཱའི་ཡི་གེ་དག་གིས་སོ། །མིང་གི་ཡི་གེས་ཐམས་ཅད་དེ་ལྟར་བྲལ་བས་
གཟུང་བ་དང་འཛིན་པ་ལ་སོགས་པས་སངས་རྒྱས་སུ་འགྱུར་རོ། །དེ་ཡང་ཇི་ལྟར་ཞེ་ན་དཔྱོད་པའི་རྫུ་འཕྲུལ་གྱི་རྐང་པའི་རྒྱས་པར་བཤད་པས་དེ་བཞིན་དུ་དེ་ལྟར་གསུངས་པ། མི་ཡང་ཞེས་བྱ་བ་ལ་སོགས་པ་སྟེ། མིའི་ཡི་གེས་ཡིད་དེ་སྟོབས་བཅུ་དང་མི་འཇིགས་པ་ལ་སོགས་
པའི་ཡོན་ཏན་དང་ལྡན་པའི་རྣམ་པར་རྟོག་པ་མེད་པའི་བདག་ཉིད་ཅན་ནོ། །དེའི་ཚེ་དེའི་ཆ་ཤས་ཀྱི་ཡེ་ཤེས་དེ་ཉིད་ཡིད་དེ་ཇི་ལྟར་སྤྲིན་ལ་སོགས་པ་དང་བྲལ་བའི་ནམ་མཁའ་དེ་བཞིན་དུ་འཁྲུལ་པ་ཐམས་ཅད་དང་བྲལ་བའི་ཡེ་ཤེས་ནི་ཡིད་དེ་ཡེ་ཤེས་ཀྱི་རྣམ་པ་ལ་ཞུགས་པའོ། །
དེ་ཡང་ཡོད་པ་སྟེ་དཔྱོད་པ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཡོན་ཏན་ཐམས་ཅད་རབ་ཏུ་འཇུག་པ་པོ་འདི་རྫུ་འཕྲུལ་གྱི་རྐང་པས་གནས་པ་སྟེ་ཆོ་འཕྲུལ་ལ་སོགས་པ་འཇིག་རྟེན་གྱི་དབུས་སུ་སྟོན་པ་པོར་འགྱུར་བའོ། །སྔོན་གྱི་ངག་གི་ངེས་པའི་ཚིག་སྒྲུབ་པའི་ཕྱིར་གཟུང་
བ་དང་འཛིན་པ་ལ་སོགས་པ་དང་བྲལ་བའི་སངས་རྒྱས་སུ་འགྱུར་རོ་ཞེས་བྱ་བ་སྟེ། ཡི་གེ་འདི་ཐམས་ཅད་ཀྱི་བརྡ་ལ་སོགས་པས་མཚན་ཉིད་རྣམས་བཅོ་ལྔ་པར་ཡོན་ཏན་ཐམས་ཅད་ཀྱི་འཁོར་ལོར་སྦྱིན་པར་བྱ་སྟེ། བརྗོད་པར་བྱའོ། །གྲོལ་བའི་རྒྱུས་ཞེས་བྱ་བ་ནི་ཇི་ལྟར་དེར་གནས་པ་

རྣམས་ཀྱི་མཚན་ཉིད་དེ་བཞིན་དུ་གླིང་འདིར་ཐར་པའི་རྒྱུས་བསྒྲུབ་པར་བྱ་བ་སྟེ། ཡོན་ཏན་ཐམས་ཅད་ཀྱི་སྒྲས་ཅིར་འགྱུར་བ་གསུངས་པ། གཞན་མེད་ཅེས་བྱ་བ་ལ་སོགས་པ་སྟེ། ཡོན་ཏན་ཀུན་བདག་སྟོང་པ་ཉིད། །ཅེས་བྱ་བ་ནི་འདི་རྣམས་ཐམས་ཅད་ཀྱི་ཡོན་ཏན་རྣམས་ནི་སྟོབས་
བཅུ་དང་མི་འཇིགས་པ་ལ་སོགས་པས་སྟོང་པ་ཉིད་རབ་ཏུ་གསལ་བའི་ཡོན་ཏན་དེ་དེ་ལྟར་རབ་ཏུ་གསལ་བའི་སྟོང་པ་ཉིད་ཀྱི་ཡོན་ཏན་དང་བྲལ་བས་འཁོར་བ་ལས་དགྲོལ་བའི་རྒྱུ་ཐབས་གཞན་མེད་པ་ཡིན་ནོ། །དེའི་ཕྱིར་སྣ་ཚོགས་པའི་ཐབས་བསྒྲུབ་པར་བྱའོ། །འདིར་
གསུངས་པ། འཁོར་བ་དངོས་པོ་དངོས་མེད་ཅན། །སྟོང་ཉིད་འགྲོ་བའི་རྒྱུ་བདག་ཉིད། །དངོས་པོ་སྟོང་པའི་བདག་ཉིད་སྟོང་། །སྟོང་ཉིད་བརྗོད་པའི་སྨྲ་བོ་རྣམས། །སྟོང་ཉིད་རང་བཞིན་ཀུན་སྔོན་དུ། །འཁྲུལ་པ་སྟོང་པ་ཉིད་བདག་ལྷ། །བྱུང་བ་སྟོང་པ་ཆེན་པོ་སྟེ། །མི་རྣམས་
གང་ཟག་སྟོང་པའོ། །ཐམས་ཅད་སྟོང་པའི་གོ་འཕང་སྔགས། །དེ་སྟོང་སངས་རྒྱས་འཇིག་རྟེན་སྐྱེས། །སྟོང་པ་སྟོང་ཉིད་གང་ཚེ་སེམས། །ཆོས་བདག་མེད་པའི་མཚན་ཉིད་དོ། །སྟོང་པ་ཏིང་འཛིན་སེམས་རྣམས་ཀྱི། །སྨིག་རྒྱུ་ལྟ་བུ་དང་མཉམ་པའོ། །བསྒྲུབ་བྱ་
བསྒྲུབ་པོ་དངོས་གྲུབ་རྣམས། །རྒྱུ་ནི་སྟོང་པར་འགྲོ་བ་ཡིན། །ཞེས་མདོ་སྡེ་ལ་ལའི་འདོན་པ་མདོར་བསྡུས་པ་སྟེ། གཞན་ཡང་རྒྱ་ཆེ་བ་ནི་རྒྱལ་བའི་ཡུམ་ལ་སོགས་པར་གསུངས་པ་སྟེ། འདི་ནི་ངེས་པའོ། །ལྷག་མ་རྟོགས་པར་སླའོ། །དཔལ་མཁའ་འགྲོ་རྒྱ་མཚོ་རྣལ་འབྱོར་
མའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོའི་འགྲེལ་པ་གྲུ་གཟིངས་ལས་འོད་ལྡན་མའི་མཚན་ཉིད་ཀྱི་ཡི་གེའི་བརྡ་དང་ངེས་པའི་ཚིག་དང་དཀྱིལ་འཁོར་གྱི་བདག་པོ་དང་སངས་རྒྱས་ཀྱི་རང་བཞིན་གྱི་སྤྱོད་པ་ལ་སོགས་པ་རྣམ་པར་གཞག་པའི་ཆོ་གའི་བཤད་པ་རྒྱས་པར་བསྟན་པ་སྟེ་
ལེའུ་ཉི་ཤུ་རྩ་བརྒྱད་པའོ།། །།སྣ་ཆེན་མ་ལ་ཕྱག་བྱས་ནས། །མཚོན་ཆའི་ཚོགས་རྣམས་ཀྱི་ནི་བརྡ། །རྣལ་འབྱོར་མ་ཡི་སྙིང་པོ་ཉིད། །རྗེས་འཛིན་ཚར་གཅོད་བཟོད་པ་སྟེ། །མིང་ཡིག་ལ་སོགས་དང་ལྡན་པའི། །གཟུགས་ཅན་དེ་ཁོ་ན་རིག་མའི། །

བདག་གི་དྲན་པའི་སྔོན་སོང་བས། །དེའི་ཡང་འགྲེལ་པ་བཤད་པར་བྱ། །ད་ནི་ལེའུ་ཉི་ཤུ་རྩ་དགུ་པའི་བཤད་པ་གསུངས་པ། དེ་ནས་རྣལ་འབྱོར་ཞེས་བྱ་བ་ལ་སོགས་པ་སྟེ། རྣལ་འབྱོར་ཞེས་བྱ་བ་ནི་ཕྱག་རྒྱའི་བརྡའོ། །མི་འཇུག་པས་ན་མཆོག་སྟེ་རྣལ་
འབྱོར་ཐམས་ཅད་ཀྱི་སྒྲོལ་པ་པོ་ཉིད་ཀྱི་ཕྱིར་རོ། །གཙོ་བོ་ནི་ཐོག་མ་མེད་པའི་དུས་སུ་གང་དང་འདྲ་བའི་ཡེ་ཤེས་སྒྲུབ་པ་དེ་དང་འདྲ་བ་ནི་གཙོ་བོ་ཞེས་བྱ་བ་སྟེ། འདི་རྣམས་ཀྱི་བཤད་པར་བྱ་བའོ། །མཚོན་ཆའི་བརྡ་ཞེས་བྱ་བ་ནི་མཚན་མའི་བརྡའི་དངོས་པོ་སྟེ་མཚོན་ཆ་རྣམས་ཞེས་
བྱ་བ་དེ་བཤད་པར་བྱའོ། །སྣ་ཆེན་མའི་མཆོག་གི་སྦྱོར་བས་ལྟེ་བའི་དབུས་སུ་ཨ་ཝ་དྷཱུ་ཏཱི་དེའི་དབུས་སུ་སྦྱོར་བ་སྲོག་དང་རྩོལ་བའི་རང་བཞིན་ཅན་ཞེས་བྱ་བའོ། །གཟུང་བར་གྱུར་པའི་སྦྱོར་བའི་བརྡ་དེས་ཕྱག་རྒྱ་འཆད་པར་འགྱུར་བ་རྣམས་ཀྱི་རླུང་གི་རང་བཞིན་གྱི་རྣལ་འབྱོར་
མ་རྣམས་ཀྱི་འཆར་བའོ། །དེ་ལྟར་འདིར་ཕྱག་རྒྱ་གསུངས་པ། འདི་ལ་ཞེས་བྱ་བ་ལ་སོགས་པ་སྟེ། འདིར་སྔོན་དུ་བཤད་པའི་བཅོམ་ལྡན་འདས་ཀྱི་གཡོན་པ་དང་གཡས་པའི་མཚན་མ་རྣམས་ཏེ། དེ་ལ་ཕྱག་གཡོན་པ་རྣམས་ཀྱི་རྣལ་འབྱོར་མ་རྣམས་ཀྱི་ཕྱག་རྒྱའོ། །ཕྱག་
གཡས་པ་རྣམས་ནི་དཔའ་བོ་རྣམས་ཀྱི་ཕྱག་རྒྱའི་ལན་ཏེ། དེ་ལྟར་དྲིལ་བུ་ཞེས་བྱ་བ་ནི་ལག་པ་གཡོན་པའི་མཐེ་བོའི་ཚིགས་སུ་སྡིགས་མཛུབ་དང་གུང་མོ་དག་གི་རྩེ་མོ་རེག་ལ་དེར་གུང་མོའི་སེན་མོའི་རྩ་བར་མིང་མེད་ཡོངས་སུ་བཞག་ནས་མཐེའུ་ཆུང་ཅུང་ཟད་རབ་ཏུ་བརྐྱང་
པར་གྱུར་པ་ནི་དྲིལ་བུའི་ཕྱག་རྒྱའོ། །ཁེ་ཌ་ཞེས་བྱ་བ་ནི་དཔུང་པ་བརྐྱང་པས་ཁུ་ཚུར་གྱི་ཚུལ་དུ་གཟུང་བ་ནི་ཁེ་ཌའི་ཕྱག་རྒྱའོ། །མཆེ་བ་ཞེས་བྱ་བ་ནི་ཁུ་ཚུར་བཅིངས་ནས་སྡིགས་མཛུབ་ཀོ་རེ་བའི་རྣམ་པ་ནི་མཆེ་བའི་ཕྱག་རྒྱའོ། །གཏུན་ཤིང་ཞེས་བྱ་བ་ནི་དཔུང་པ་གཡོན་པ་མཐོ་
བའི་ཁུ་ཚུར་མཐེ་བོང་སྟེང་དུ་བྱས་པས་གཏུན་ཤིང་གི་ཚུལ་ནི་གཏུན་ཤིང་གི་ཕྱག་རྒྱའོ། །ཞགས་པ་ཞེས་བྱ་བ་ནི་གུང་མོ་དང་མིང་མེད་གཉིས་དགུག་པར་མཐེ་བོང་རྣམ་པར་བཟུང་སྟེ་སྡིགས་མཛུབ་དང་མཐེའུ་ཆུང་གཉིས་རབ་ཏུ་བརྐྱང་པ་ནི་ཞགས་པའི་ཕྱག་རྒྱའོ། །ཐོད་

པ་ཞེས་བྱ་བ་ནི་སོར་མོ་ལྔ་ཁ་ཕྱེ་བས་བརྐྱང་པ་བཀུག་པ་ནི་ཐོད་པའི་ཕྱག་རྒྱའོ། །གཞུ་ཞེས་བྱ་བ་ནི་དཔུང་པ་གཡོན་པ་ཕྱོགས་སུ་སོན་པར་རབ་ཏུ་བརྐྱང་སྟེ་སྡིགས་མཛུབ་དང་མཐེ་བོང་གཉིས་རབ་ཏུ་བརྐྱང་ནས་ལྷག་མ་རྣམས་ཀྱི་རྩེ་མོ་ལག་པའི་དབུས་སུ་རེག་པ་ནི་གཞུའི་ཕྱག་
རྒྱའོ། །ཁ་ཊྭཱཾ་ག་ཞེས་བྱ་བ་ནི་མཐེ་བོའི་ཚིགས་སུ་གུང་མོའི་རྩེ་མོ་རེག་ལ་ལྷག་མ་རབ་ཏུ་བརྐྱང་ནས་ཅུང་ཟད་བཀུག་ནས་ཁ་ཊྭཱཾ་གའི་ཚུལ་ནི་ཁ་ཊྭཱཾ་གའི་ཕྱག་རྒྱའོ། །པོ་ཏི་ཞེས་བྱ་བ་ནི་རབ་ཏུ་བསྐྱེད་ཅིང་བརྐྱང་པའི་ལག་པའི་དབུས་མ་གསུམ་བཀུག་པ་བྱས་པ་ནི་པོ་ཏིའི་
ཕྱག་རྒྱའོ། །པི་ཌ་ཌ་ནི་ཞེས་བྱ་བ་ནི་ཁེ་ཌའི་ཚུལ་བཞིན་ཏེ་འོན་ཀྱང་དཔུང་པ་ཅུང་ཟད་སྟེང་དུ་བྱས་པ་ནི་པི་ཌ་ཌ་ནའི་ཕྱག་རྒྱའོ། །སྡིགས་མཛུབ་ནི་ཇི་ལྟ་བ་བཞིན་ནོ། །གཡེར་ཀའི་ཕྲེང་བ་ཞེས་བྱ་བ་ནི་ཞགས་པའི་ཕྱག་རྒྱ་བཞིན་ཏེ་འོན་ཀྱང་ལག་པ་བསྒྲིབས་པར་གྱུར་པ་ནི་
གཡེར་ཁའི་ཕྲེང་གི་ཕྱག་རྒྱའོ། །ལྕགས་སྒྲོག་ཅེས་བྱ་བ་ནི་མཐེའུ་ཆུང་ལ་སོགས་པ་གཅིག་ལ་གཅིག་རྒྱབ་ཀྱི་གནད་དུ་རེག་སྟེ་མཐེ་བོང་རེངས་པར་བྱས་པ་ནི་ལྕགས་སྒྲོག་གི་ཕྱག་རྒྱའོ། །བྲག་ཅེས་བྱ་བ་ནི་སོར་མོ་ཐམས་ཅད་རང་རང་གི་རྩ་བ་རྣམས་སུ་བཀུག་པར་
བྱས་ནས་བརྐྱང་པ་ནི་བྲག་གི་ཕྱག་རྒྱའོ། །དུར་ཁྲོད་ཀྱི་རྡུལ་ཞེས་བྱ་བ་ནི་ཁུ་ཚུར་བཅིངས་པའི་ཚུལ་གྱིས་སོ། །བྷོ་ཀ་ཀ་ཞེས་བྱ་བ་ནི་ཁུ་ཚུར་ཁར་རེག་པ་ནི་བྷོ་ཀའི་ཕྱག་རྒྱའོ། །ཌ་ཀ་ཞེས་བྱ་བ་ནི་དཔུང་པ་གྱེན་དུ་བརྐྱང་པ་ནི་ཌ་ཀའི་ཕྱག་རྒྱའོ། །ཡང་ན་ཁུ་ཚུར་བྱས་
ནས་རྒན་པོ་བསྐྱོད་པ་ཡང་ངོ་། །པགས་རློན་ཞེས་བྱ་བ་ནི་སོར་མོ་འཕྱང་བར་གྱུར་པས་བཀུག་སྟེ་རེངས་པའི་ལག་པ་ནི་པགས་པ་རློན་པའི་ཕྱག་རྒྱའོ། །སྐྲའི་ལན་བུ་འཕྱང་བ་ཞེས་བྱ་བ་ནི་དཔུང་པ་དཔྱངས་པས་སོར་མོ་རྣམས་ཕྱེ་སྟེ་ཁ་འོག་ཏུ་རབ་ཏུ་བརྐྱང་པ་ནི་
ལན་བུའི་ཕྱག་རྒྱའོ། །རོ་བསྲེག་བསྐུལ་བའི་ཤིང་བུ་ཞེས་བྱ་བ་ནི་སྡིགས་མཛུབ་ཆུ་གྲིའི་རྣམ་པར་གཟུང་བའི་ཕྱག་རྒྱའོ། །ག་དའི་དབྱུག་པ་ཞེས་བྱ་བ་ནི་ཁུ་ཚུར་བཅིངས་ཏེ་སྡིགས་མཛུབ་དབྱུག་པའི་རྣམ་པར་གཞག་པ་ནི་ག་དའི་ཕྱག་རྒྱའོ། །ཕུབ་ཅེས་བྱ་བ་ནི་

ཁེ་ཌའི་ཚུལ་ནི་ཕུབ་ཀྱི་ཕྱག་རྒྱའོ། །མགོ་བོ་ནི་མགོ་བོ་ཁུ་ཚུར་གྱི་ཚུལ་ནི་མགོ་བོའི་ཕྱག་རྒྱའོ། །ཀེང་རུས་ཞེས་བྱ་བ་ནི་གུང་མོ་དང་མིང་མེད་རབ་ཏུ་བརྐྱང་སྟེ་མཐེའུ་ཆུང་དང་སྡིགས་མཛུབ་བཀུག་ནས་ལག་པ་གྱེན་དུ་བྱས་པ་ནི་ཀེང་རུས་ཀྱི་ཕྱག་རྒྱའོ། །ཟོར་བ་དེ་བཞིན་
ཞེས་བྱ་བ་ནི་ཁུ་ཚུར་བྱས་ནས་སྡིགས་མཛུབ་འཁྱིལ་པའི་རྣམ་པར་བྱས་པ་ནི་ཟོར་བའི་ཕྱག་རྒྱའོ། །མིག་ཅེས་བྱ་བ་ནི་སྡིགས་མཛུབ་མཐེ་བོའི་གདོང་ལ་རེག་སྟེ་རབ་ཏུ་བརྐྱང་ནས་བཀུག་པ་ནི་མིག་གི་ཕྱག་རྒྱའོ། །མཁལ་མ་ཞེས་བྱ་བ་ནི་མཐེ་བོའི་སྟེང་དུ་སོར་མོ་ཐམས་ཅད་སྦྱར་བ་
ནི་མཁལ་མའི་ཕྱག་རྒྱའོ། །གཉེ་མ་ཞེས་བྱ་བ་ནི་ལན་གསུམ་དུ་ལག་པ་བསྐོར་བར་བྱའོ། །སྤེན་པ་ཞེས་བྱ་བ་ནི་ཀེང་རུས་ཀྱི་ཚུལ་ནི་སྤེན་པའི་ཕྱག་རྒྱའོ། །ཕུར་བུ་ཞེས་བྱ་བ་ནི་ཁུ་ཚུར་བཅིངས་ནས་མཐེའུ་ཆུང་རབ་ཏུ་བརྐྱང་བ་ནི་ཕུར་བུའི་ཕྱག་རྒྱའོ། །ས་བོན་གང་བ་ཞེས་
བྱ་བ་ནི་སོར་མོ་ཐམས་ཅད་གྱེན་དུ་རབ་ཏུ་བརྐྱང་ནས་རྩེ་མོ་བཀུག་སྟེ་ཁ་དང་ཁ་རྣམས་ལ་རེག་པ་ནི་ས་བོན་གང་བའི་ཕྱག་རྒྱའོ། །སོག་ལེ་ཞེས་བྱ་བ་ནི་སོར་མོ་ཐམས་ཅད་ཀྱི་ཕྱེད་བསྐུམ་པ་ནི་སོག་ལེའི་ཕྱག་རྒྱའོ། །ཁབ་ཅེས་བྱ་བ་ནི་སྡིགས་མཛུབ་རྩེ་མོའི་རྣམ་པ་མཐེ་བོས་རྩ་
བར་རེག་པ་ནི་ཁབ་ཀྱི་ཕྱག་རྒྱའོ། །ལུས་ཀྱི་པགས་པ་ཞེས་བྱ་བ་ནི་མིའི་པགས་པ་སྟེ་སྔོན་བཞིན་དུ་པགས་པ་རློན་པའི་ཚུལ་དུ་བཟུང་བར་བྱའོ། །ཆར་འབབ་སྤྲིན་ཞེས་བྱ་བ་ནི་སོར་མོ་ལྔ་རྣམས་ཀྱི་རྩེ་མོའི་ཆ་རྣམས་ཕྲུལ་ཕྲུལ་མཐུར་དུ་བསྐྱོད་པ་ནི་སྤྲིན་ཆར་འབབ་པའི་ཕྱག་རྒྱའོ། །
ཤིང་ཞེས་བྱ་བ་ནི་དཔུང་པའི་སྟེང་དུ་ལག་པའི་སོར་མོའི་ཚུལ་ནི་ཤིང་གི་ཕྱག་རྒྱའོ། །ལྕགས་ཀྱུ་ཞེས་བྱ་བ་ནི་ཁུ་ཚུར་བྱས་ནས་སྡིགས་མཛུབ་འཁྱིལ་པའི་རྣམ་པར་བཀུག་ནས་བཟུང་བ་ནི་ལྕགས་ཀྱུའི་ཕྱག་རྒྱའོ། །ཕྱག་རྒྱའི་ལན་གསུངས་པ། རྡོ་རྗེ་ཞེས་བྱ་བ་ལ་སོགས་
པ་སྟེ། དེ་ལྟར་ཡང་ལག་པ་གཡས་པས་སྦྱིན་པར་བྱའོ། །དེ་ལ་རྡོ་རྗེ་ཞེས་བྱ་བ་ནི་གུང་མོ་དབུས་སུ་བྱས་ནས་ལྷག་མ་རྩེ་མོའི་རྣམ་པས་ཕྱོགས་བཞིར་གཞག་པ་ནི་རྡོ་རྗེའི་ཕྱག་རྒྱའོ། །རལ་གྲི་ཞེས་བྱ་བ་ནི་སྡིགས་མཛུབ་སྟེང་དུ་བཟུང་ནས་རལ་གྲིའི་ཁུ་ཚུར་གྱི་ཚུལ་ནི།

རལ་གྲིའི་ཕྱག་རྒྱའོ། །མདུང་རིངས་ཞེས་བྱ་བ་ནི་ཁུ་ཚུར་གྱི་བཅིངས་ནས་གུང་མོ་རབ་ཏུ་བརྐྱང་པ་ནི་མདུང་གི་ཕྱག་རྒྱའོ། །རྩེ་གསུམ་ཞེས་བྱ་བ་ནི་རྒན་པོ་དང་མཐེའུ་ཆུང་བཟུང་སྟེ་སོར་མོ་ལྷག་མ་རྣམས་སྟེང་དུ་ཁ་ཕྱེ་བར་བྱས་པ་ནི་རྩེ་གསུམ་པའི་ཕྱག་རྒྱའོ། །དགྲ་སྟ་ཞེས་བྱ་བ་ནི་
སོར་མོ་ཐམས་ཅད་རབ་ཏུ་བརྐྱང་སྟེ་མཐེ་བོང་གྱེན་དུ་བསྐྱོད་པ་ནི་དགྲ་སྟའི་ཕྱག་རྒྱའོ། །གྲི་གུག་ཅེས་བྱ་བ་ནི་ཁུ་ཚུར་བཅིངས་ཏེ་སྡིགས་མཛུབ་རབ་ཏུ་བརྐྱང་ནས་དེར་སྡིགས་མཛུབ་ཀྱི་ཚིགས་གཉིས་པར་མཐེ་བོས་བཀབ་པ་ནི་གྲི་གུག་གི་ཕྱག་རྒྱའོ། །མདའ་ཞེས་བྱ་བ་ནི་གུང་
མོ་དང་མིང་མེད་དང་མཐེའུ་ཆུང་བསྐུམས་ཏེ་མཐེ་བོང་གིས་བཟུང་ནས་སྡིགས་མཛུབ་བརྐྱང་སྟེ་མདའི་ལག་པའི་ཚུལ་དུ་བྱས་པ་ནི་མདའི་ཕྱག་རྒྱའོ། །གསལ་ཤིང་གིས་ཕུག་པ་ཞེས་བྱ་བ་ནི་སྔར་བཤད་པའི་ཀེང་རུས་ཀྱི་ཚུལ་དུ་བཟུང་ངོ་། །ཐོ་བ་ཞེས་བྱ་བ་ནི་ཁུ་ཚུར་བརྡེག་པའི་
རྣམ་པར་བྱས་པ་ནི་ཐོ་བའི་ཕྱག་རྒྱའོ། །འཁོར་ལོ་ཞེས་བྱ་བ་ནི་ཁུ་ཚུར་བཅིངས་ཏེ་སྡིགས་མཛུབ་ཀྱི་མཐེ་བོང་གི་རྩེ་མོ་རེག་སྟེ་བསྐུམ་པ་ནི་འཁོར་ལོའི་ཕྱག་རྒྱའོ། །ཌ་མ་རུ་ཞེས་བྱ་བ་ནི་ཁུ་ཚུར་བཅིངས་ནས་རྒན་པོ་བསྐྱོད་པ་ནི་ཌ་མ་རུའི་ཕྱག་རྒྱའོ། །ཆུ་གྲི་ཞེས་བྱ་བ་ནི་
ཁུ་ཚུར་བྱས་ནས་མཐེའུ་ཆུང་རབ་ཏུ་བརྐྱང་བ་ནི་ཆུ་གྲིའི་ཕྱག་རྒྱའོ། །དབྱུག་པ་ཞེས་བྱ་བ་ནི་སྡིགས་མཛུབ་དབྱུག་པའི་ཚུལ་དུ་རྣམ་པར་བཟུང་བ་ནི་དབྱུག་པའི་ཕྱག་རྒྱའོ། །སོར་མོ་ཐམས་ཅད་བསྐུམ་ནས་རེག་པ་འདིས་ནི་རྩེ་གཅིག་པའི་ཕྱག་རྒྱའོ། །དུང་ཞེས་བྱ་བ་ནི་ཁུ་
ཚུར་བྱས་ནས་སྡིགས་མཛུབ་ལ་མཐེ་བོང་གི་རྩེ་མོས་རེག་ནས་རྩེ་མོའི་རྣམ་པ་ནི་དུང་གི་ཕྱག་རྒྱའོ། །ཟངས་དུང་ཞེས་བྱ་བ་ནི་ཁུ་ཚུར་ཁར་བཟུང་བ་ནི་ཟངས་དུང་གི་ཕྱག་རྒྱའོ། །དབྱུ་གུ་ཞེས་བྱ་བ་ནི་སྡིགས་མཛུབ་བསྐྱོད་པར་གྱུར་པའི་ཚུལ་གྱིས་དབྱུ་གུའི་ཕྱག་རྒྱའོ། །རྨ་བྱའི་
མཇུག་མ་དེར་ཞེས་བྱ་བ་ནི་སོར་མོ་ལྔ་བསྐྱོད་པར་གྱུར་པའོ། །བྱ་རོག་གཤོག་པ་སྐྲའི་ཤད་ཅེས་བྱ་བ་ནི་སོར་མོ་ཐམས་ཅད་རབ་ཏུ་བརྐྱང་པའི་རྩེ་མོ་རེག་པའོ། །མེའི་ཐབ་ཅེས་བྱ་བ་ནི་ལག་པ་བརྐྱང་བའི་སོར་མོ་བཀུག་པ་ནི་མེའི་ཐབ་ཀྱི་ཕྱག་རྒྱའོ། །རི་བོ་དང་ཞེས་བྱ་བ་

ནི་ལག་པ་གྱེན་ལ་རབ་ཏུ་བརྐྱང་པ་ནི་རི་བོའི་ཕྱག་རྒྱའོ། །དབྱུག་པ་ནི་སྡིགས་མཛུབ་སྟེང་དུའོ། །མེ་ལོང་ཞེས་བྱ་བ་ནི་ལག་པའི་མཐིལ་སྟེང་དུ་མེ་ལོང་གི་རྣམ་པར་སྟོན་པ་ནི་མེ་ལོང་གི་ཕྱག་རྒྱའོ། །པི་ཝང་ཞེས་བྱ་བ་ནི་སོར་མོ་བཞི་གྱེན་དུ་བྱ་བ་ནི་སོར་མོ་བཞི་
བྱས་ནས་རྒན་པོ་བསྐྱོད་པས་ཐམས་ཅད་ལ་རེག་པ་ནི་པི་ཝང་གི་ཕྱག་རྒྱའོ། །རྐང་པའི་བོལ་ཞེས་བྱ་བ་ནི་ལག་པ་རྐང་པའི་ཚུལ་དུ་བཟུང་བའོ། །ལག་པ་ཞེས་བྱ་བ་ནི་རང་གི་ལག་པ་བསྐྱོད་པར་གྱུར་པའོ། །གློ་བ་ཞེས་བྱ་བ་ནི་ཁུ་ཚུར་བྱས་ནས་གུང་མོ་རབ་ཏུ་བརྐྱང་པའོ། །རྒྱུ་
མ་ཞེས་བྱ་བ་ནི་ཁུ་ཚུར་དབུས་སྟོང་པར་བྱས་པ་ནི་རྒྱུ་མའི་ཕྱག་རྒྱའོ། །རཱ་ཧུ་ཞེས་བྱ་བ་ནི་སོར་མོ་རབ་ཏུ་བརྐྱང་ནས་བསྐུམ་སྟེ་མགོ་བོའི་ཚུལ་ནི་རཱ་ཧུའི་ཕྱག་རྒྱའོ། །སྒྲོག་ཅེས་བྱ་བ་ནི་ཁུ་ཚུར་གྱི་ནང་དུ་མཐེ་བོང་སྦྱར་བས་སྒྲོག་གི་ཕྱག་རྒྱའོ། །གདོས་ཞེས་བྱ་བ་ནི་ཁུ་ཚུར་
བཅིངས་ནས་མཐེ་བོང་མཐར་བཟུང་སྟེ་གུང་མོ་དང་མིང་མེད་ནང་དུ་བརྐྱང་བ་ནི་གདོས་ཀྱི་ཕྱག་རྒྱའོ། །དུ་བྷུས་ཞེས་བྱ་བ་ནི་ཐོ་བ་བཞིན་ཏེ་ལག་པ་ཐལ་གོང་དུ་སྦྱར་བ་ནི་དུ་བྷུ་སའི་ཕྱག་རྒྱའོ། །དྲ་བ་ཞེས་བྱ་བ་ནི་ལག་པ་བརྐྱང་བའི་སོར་མོ་འཕྱང་བར་འགྱུར་བ་ཁ་ཕྱེ་བ་ནི་
དྲ་བའི་ཕྱག་རྒྱའོ། །སྐེ་བཅད་ཅེས་བྱ་བ་ནི་མཐེའུ་ཆུང་དང་མིང་མེད་མཐེ་བོས་མནན་ནས་གུང་མོ་དང་སྡིགས་མཛུབ་རྐང་པའི་ཚུལ་དུ་འཕྱང་བར་བསྟན་པ་ནི་མགོ་མེད་ལུས་ཀྱི་ཕྱག་རྒྱའོ། །མར་ནག་འབར་བ་ཞེས་བྱ་བ་ནི་ལག་པ་བརྐྱང་པ་བྱས་ནས་མཐེ་བོང་
སྦྱར་ཏེ་གཞན་ཕྱེད་བསྐུམ་ནས་ལག་པ་ལན་གསུམ་བསྐོར་བ་ནི་འབར་བའི་མར་ཁུའི་ཕྱག་རྒྱའོ། །འཇིགས་བྱེད་གཟུགས་ཞེས་བྱ་བ་ནི་རང་གི་སྤྱི་བོ་ལག་པས་མནན་ནས་ཁ་འཇིགས་པར་བྱེད་པའི་རྣམ་པར་བསྟན་པ་ནི་འཇིགས་བྱེད་གཟུགས་ཀྱི་ཕྱག་
རྒྱའོ། །འདི་རྣམས་ཀྱི་དགོས་པ་དང་བྱེད་པ་གསུངས་པ། རླུང་ཞེས་བྱ་བ་ལ་སོགས་པ་སྟེ། མ་ལུས་རླུང་གི་རང་བཞིན་ནོ། །ཞེས་བྱ་བ་ནི་ཕྱག་རྒྱ་དང་ཕྱག་རྒྱའི་ལན་ཐམས་ཅད་རླུང་གི་རང་བཞིན་གྱི་ནང་གི་བདག་ཉིད་དེ། དེ་བརྡས་རབ་ཏུ་འཇུག་སྟེ། དེའི་ཚེ་དེའི་རིགས་

ཞེས་བྱ་བ་སྟེ་ཞིང་སྐྱེས་མ་ལ་སོགས་པའི་རྣལ་འབྱོར་མ་འདི་རྣམས་ཐམས་ཅད་ཀྱི་རང་རང་གི་རིགས་ཀྱི་རྗེས་སུ་མཐུན་པའི་གཟུགས་ཀྱི་རང་གི་མཚན་མ་རང་གིས་འཛིན་པ་རྣམས་སུ་འགྱུར་རོ། །གཅིག་ཏུ་ན་མཚན་མ་ཙམ་མ་ཡིན་ཏེ་གང་དང་གང་ཞེས་བྱ་བ་ནི་རང་གི་ལུས་ཀྱི་
དབྱིབས་ཀྱང་སྟེ་དེ་དེ་བཞིན་དུ་བཤད་དོ། །དེ་ལྟར་རྗེས་སུ་འཛིན་པ་དང་ཚར་གཅོད་པར་ནུས་པ་རླུང་གི་མཚན་མའི་རང་བཞིན་རྣམས་སེམས་ཅན་རྣམས་ཀྱི་རང་རང་གི་དུས་སུ་འབྱུང་བར་བྱེད་པ་ནི་དགོས་པའོ། །དེའི་སླར་ཡང་བྱེད་པ་གསུངས་པ། བཅོ་བརྒྱད་ཅེས་བྱ་བ་ལ་སོགས་
པས་ཏེ། འདིར་སྟོང་པ་ཉིད་བཅུ་དྲུག་ནི་རབ་ཏུ་གྲགས་པ་སྟེ། བཅོ་བརྒྱད་པ་ཇི་ལྟར་ཞེ་ན་གསུངས་པ། ཕ་རོལ་ཏུ་ཕྱིན་པའི་ཚུལ་ལ་ནི་སྟོང་པ་ཉིད་བཅུ་དྲུག་སྟེ། དེ་ནི་དེར་རབ་ཏུ་གྲགས་པ་སྟེ་གསང་སྔགས་ཀྱི་ཚུལ་འདིར་ལྷག་པའོ། །དེ་གང་ཡེ་ཤེས་དང་རྣམ་པར་
ཤེས་པའི་བདག་ཉིད་ཅན་གང་ཟག་གི་བདག་མེད་པའི་སྟོང་པ་ཉིད་དང་། དེ་བཞིན་དུ་ཆོས་ཀྱི་བདག་མེད་པའི་སྟོང་པ་ཉིད་དོ། །དེ་ལྟར་སྙིང་རྗེ་ཡང་བཅོ་བརྒྱད་ཅེས་བྱ་བ་ནི་ངེས་པའི་ཚིག་གིས་སྟོང་པ་ཉིད་གང་ཡིན་པ་དེ་དངོས་པོ་རྣམ་པར་དཔྱོད་པའི་རྐྱེན་གྱིས་ནི་སྙིང་རྗེའོ། །
དེ་ལྟར་སུམ་ཅུ་རྩ་དྲུག་གོ། །དེ་ལྟར་འདི་རྣམས་སུ་ཡང་གྲུབ་པའི་རྐྱེན་གྱིས་མ་འདྲེས་པ་ལ་སོགས་པ་ཕྱག་རྒྱའི་ལན་སུམ་ཅུ་རྩ་དྲུག་གིས་ཤེས་པར་བྱའོ། །དེའི་ཕྱིར་བཤད་པའི་རྣལ་འབྱོར་མའི་ཕྱག་རྒྱའི་མཚན་ཉིད་དེ་ཡང་སྐྱེ་བོ་ཐམས་ཅད་ཀྱི་རང་བཞིན་དུ་འགྱུར་རོ། །ཐ་མལ་
པ་དེ་ཇི་ལྟར་ཞེ་ན་གསུངས་པ། འདིར་ཡང་སེམས་ཅན་ཐམས་ཅད་ཀྱི་རྣམ་པར་གཞག་པ་ཐམས་ཅད་མཉམ་པའི་དུས་ཀྱི་རིགས་ཀྱི་ཐ་མལ་པར་འདུས་བྱས་པ་རྣམས་སོ། །དེ་ཇི་ལྟར་སེམས་དེ་ཁོ་ན་ལས་ཐམས་ཅད་དུ་འགྲོ་བ་ཡིན་ཞེ་ན། དེ་ལྟར་ལེགས་པ་བྱས་པ་དང་
ཉེས་པ་བྱས་པའི་གཟུགས་རྣམས་སུ་འགྲོ་བ་དྲུག་ཏུ་སངས་རྒྱས་ལ་སོགས་པས་འབྱུང་བར་འགྱུར་རོ། །ད་ནི་འདིར་རྣལ་འབྱོར་མ་རྣམས་ཀྱིས་ངེས་པའི་གོ་འཕང་གིས་གནས་པ་རྣམས་ཀྱི་བྱེད་པ་ངན་པ་སྤངས་པ་རྣམས་ཀྱིས་སངས་རྒྱས་འཐོབ་སྟེ། མིང་གི་ཡི་གེའི་

རབ་ཏུ་སྦྱོར་བ་ལ་སོགས་པས་གསུངས་པ། སྣ་ཆེན་མ་ཞེས་བྱ་བ་ལ་སོགས་པ་སྟེ་ཤར་བ་ཞེས་བྱ་བ་ནི་སྔོན་དུ་བཤད་པའི་ཕྱག་རྒྱའི་རང་བཞིན་གྱི་བག་ཆགས་ཀྱི་མཚན་ཉིད་གང་གིས་སངས་རྒྱས་ཉིད་སྟེར་བ་པོ་སྟེ་རང་གིས་ཞེས་བྱ་བ་ནི་མངོན་སུམ་དུ་སྐྱེ་བ་འདི་ཉིད་ཀྱིས་
ཏེ་དེ་དེ་བཞིན་དུ་བཤད་དོ། །མཱ་ཞེས་བྱ་བ་ལ་སོགས་པས་མཱའི་ཡི་གེའི་དོན་ཏེ་མཱ་ནི་དབུས་མ་ལས་སྟེང་དུ་གཙུག་ཏོར་ལ་སོགས་པའི་མཐའ་ནས་མཐེ་བོའི་མཐར་དེ་ལ་བལྟ་ཞིང་བལྟ་བས་གསང་བར་བྱས་ནས་མཐར་སྦྱར་བར་བྱའོ། །མ་བྱུང་བར་ཐམས་ཅད་དུ་ཐིམ་པར་སོང་བའི་བསམ་པ་
ལས་སོ། །དེའི་ཕྱིར་འཇིག་རྟེན་ཆེན་པོ་ལ་ཁྱབ་པ་སངས་རྒྱས་རྣམ་པར་ཤེས་པའི་རྒྱུན་སྔོན་གྱི་ཆོས་ལ་ཡོངས་སུ་འདྲིས་པས་ཐམས་ཅད་མཁྱེན་པ་ཉིད་ཉེ་བར་བསགས་པ་ལས་ཕྱིས་སེམས་ཅན་རྣམས་ལ་ཁྱབ་པ་སྟེ་སྣ་ཚོགས་གཟུགས་ཅན་ནོར་བུ་ཇི་བཞིན་ནོ་ཞེས་བྱའོ། །ཧཱའི་ཡི་
གེའི་དོན་གསུངས་པ། ཧཱ་ཞེས་བྱ་བ་ལ་སོགས་པ་སྟེ་བཤད་པའི་ལྟ་བའི་སྦྱོར་བས་ཕྲེང་བ་ཕྱར་བའི་ནཱ་དའི་བདག་ཉིད་དོ། །ཐམས་ཅད་དུ་ཞུ་བས་མཚམས་རྣམས་སུ་ཡང་ངོ་། །དེའི་ཚེ་རང་གིས་རིག་པའི་ཧཱའི་ཡི་གེ་ནཱ་ད་ནི་སྒྲ་ཙམ་གྱི་རང་བཞིན་གྱི་བདེ་བའི་རང་བཞིན་གྱིས་རབ་ཏུ་ཕྲད་པ་སྟེ།
དེ་འཕྱང་བའི་ཁ་ནི་འོག་ཏུ་འཕྱང་བ་ཞེས་བྱ་བ་ནི་ཡེ་ཤེས་ཀྱི་རང་བཞིན་ནོ། །བདག་གི་ཞེས་བྱ་བ་ལ་སོགས་པས་རྣམ་པར་རྟོག་པ་ཐམས་ཅད་དང་བྲལ་བ་དེ་ནི་སངས་རྒྱས་ཏེ་གཞན་མེད་དོ། །ནཱའི་ཡི་གེའི་དོན་གསུངས་པ། ནཱ་ད་ཞེས་བྱ་བ་ལ་སོགས་པས་ཏེ། འདིས་ཧཱའི་ཡི་གེའི་དོན་ཀུན་རྫོབ་
ཀྱི་དོན་དུ་སྟོན་པ་སྟེ། དེ་ལྟར་ནཱ་དར་གནས་ཞེས་བྱ་བ་ནི་དཔྲལ་བ་ནས་ཁ་འོག་ཏུ་འཕྱང་བ་དེའི་བ་ཐག་དང་འདྲ་བ་བྱང་ཆུབ་ཀྱི་སེམས་ཀྱི་སྐུད་པ་ཐམས་ཅད་དུ་བདེ་བ་གཉིས་སུ་མེད་པའི་ཕྲེང་བ་སྟེ་ཁམས་ཀྱི་སྣལ་མས་ཏེ་དེས་དེ་ལྟར་སྦྱོར་བས་མི་འཕོ་བ་སྟེ། དེའི་དེ་ལྟར་སཱའི་ཡི་གེས་
གསུངས་པ། སྒྲུབ་ཐབས་ཞེས་བྱ་བ་ལ་སོགས་པ་སྟེ་མངོན་པར་རྟོགས་པའི་མན་ངག་གིས་འཁོར་ལོ་བཞི་ལ་སོགས་པའི་སྦྱོར་བའི་བདག་ཉིད་དོ། །དེའི་ཨཱ་ལི་ཀཱ་ལི་སྔོན་བྱུང་བ་ཞེས་བྱ་བ་ནི་དབུགས་འབྱུང་བ་དང་དབུགས་འཇུག་པ་རྣམ་པར་གཟུང་བས་འཕོ་བ་མེད་པར་

འགྱུར་བ་སྟེ། དེ་ལྟར་ཡི་གེ་བཞིས་བརྟགས་པ་ནི་མ་ཧཱ་ནཱ་སའི་ཡི་གེ་བཞི་ཕྱག་རྒྱའི་མངོན་པར་བརྗོད་པ་ཉིད་དེ་ཆོས་ཞེས་བྱ་བ་ནི་ཆོས་ཀྱི་ཕྱག་རྒྱ་སྟེ་ཐོག་མའི་ཡི་གེས་སོ། །ལས་ཞེས་བྱ་བ་ནི་ལས་ཀྱི་ཕྱག་རྒྱ་སྟེ་གཉིས་པས་སོ། །དམ་ཚིག་ཅེས་བྱ་བ་ནི་དམ་ཚིག་གི་ཕྱག་རྒྱ་སྟེ་གསུམ་
པས་སོ། །ཕྱག་རྒྱ་ཆེན་པོ་ཡི་གེ་བཞི་པས་སོ། །རང་བཞིན་ཅན་ཞེས་བྱ་བ་ནི་སྔོན་དུ་བཤད་པའི་མཱ་ལ་སོགས་པའི་ཡི་གེ་བཞིའི་སྦྱོར་བ་རྣམས་ཕྱག་རྒྱའི་རང་བཞིན་ཏེ་དེ་དེ་བཞིན་དུ་བཤད་དོ། །ད་ནི་གནས་ལ་སོགས་པའི་མིང་གིས་ཡི་གེའི་རྣམ་པར་གཞག་པ་དང་རྫུ་འཕྲུལ་
གྱི་རྐང་པ་རྣམས་སུ་ཡང་སྟེ་སྒྲུབ་ཐབས་ཀྱི་ལེའུར་ལེའུ་འདི་ནམ་མཁའི་འཁོར་ལོར་ཡོངས་སུ་བཞག་པས་འདུ་བ་དང་། དེ་བཞིན་དུ་དཀྱིལ་འཁོར་གྱི་བདག་པོ་འདིར་སྔགས་ལས་བྱུང་བའི་གསུངས་པ། གནས་ཞེས་བྱ་བ་ལ་སོགས་པས་དེ་ཕྱེད་དང་བཅས་པའི་ཚིགས་སུ་
བཅད་པས་མདོར་བསྟན་པའི་ཚིག་རྣམས་ཏེ་དེ་ལྟར་རྟོགས་པར་སླའོ། །དེ་ལ་རྒྱས་པར་བཤད་པ་རྣམས་གསུངས་པ། ཐོག་མ་ཞེས་བྱ་བ་ནས་འཇོམས་པའོ་དེ་ཡང་ནི་ཞེས་བྱ་བའི་བར་དུ་ཕྱེད་དང་བཅས་པའི་ཚིགས་སུ་བཅད་པ་གཉིས་རྣམས་ཀྱི་གནས་ཀྱི་ཡི་གེ་རྣམས་ཀྱིའོ། །
སེམས་ཞེས་བྱ་བ་ལ་སོགས་པ་ཕྱེད་ཀྱིས་རྫུ་འཕྲུལ་གྱི་རྐང་པའིའོ། །ཡེ་ཤེས་ཞེས་བྱ་བ་ལ་སོགས་པ་ཕྱེད་ཀྱིས་ནམ་མཁའི་འཁོར་ལོའིའོ། །དཀྱིལ་འཁོར་ཞེས་བྱ་བ་ལ་སོགས་པ་ནས་ཕཊ་ཕཊ་ཅེས་བྱ་བའི་བར་རྣམས་ཀྱིས་ཀྱང་བདག་པོ་བསྒོམ་པའིའོ། །ཐོག་མ་ཞེས་
བྱ་བ་ལ་སོགས་པས་ཨའི་ཡི་གེ་གསུངས་པ། ཐོག་མ་ཐ་མར་སྣའི་དབུགས། །ཞེས་བྱ་བ་ནི་སྔོན་དུ་བཤད་པའི་མཱ་ལ་སོགས་པའི་སྦྱོར་བ་སྟེ། དེ་ཡང་ཕྱག་རྒྱ་བཞིའི་མཚན་ཉིད་རྣམས་སུ་བཞི་པོ་རྣམས་སུ་འདི་ཤིན་ཏུ་རྒྱས་པར་བཤད་པ་སྟེ། དབུ་མར་རབ་ཏུ་ཞུགས་པ་ན་གཙུག་
ཏོར་ལ་སོགས་པ་ནས་རྐང་པའི་མཐེ་བོའི་བར་དུ་དེ་དེ་བཞིན་དུ་གསུངས་སོ། །དེའི་ཕྱིར། འཇིག་དང་གནས་དང་ལྡང་བ་སྤང་བར་བྱ། །ཞེས་བྱ་བའི་དོན་ཏོ། །ཧཱ་ཞེས་བྱ་བ་ལ་སོགས་པ་དང་སྔོན་མའི་དབུས་སུ་ཞེས་བྱ་བ་ལ་སོགས་པས་རའི་ཡི་གེས་གསུངས་པ། མཚོན་ཞེས་

བྱ་བ་ནི་ལྟ་བའི་སྦྱོར་བས་ཚིགས་ཐམས་ཅད་དུ་ཞུ་བའི་བྱང་ཆུབ་ཀྱི་སེམས་རང་གིས་རིག་པར་མཚོན་པ་སྟེ་སེམས་ཀྱི་ཡོངས་སུ་ཆགས་པ་ཙམ་ཉིད་དེ་ཡང་སྤངས་པ་ནི་མཚོན་པ་བྲལ་ཞེས་བྱ་བ་སྟེ་རྣམ་པར་རྟོག་པ་ཐམས་ཅད་དང་བྲལ་བའི་ཕ་རོལ་ཏུ་ཕྱིན་པའི་རྣལ་འབྱོར་མ་
ཐམས་ཅད་དེ། སངས་རྒྱས་ཀྱི་གཟུགས་ཀྱིས་ཐམས་ཅད་སྒྱུ་མ་གྲུབ་པ་རྣལ་འབྱོར་མའི་རང་བཞིན་ཉིད་ཀྱིས་འཁོར་བའི་འཁོར་ལོར་ཞུགས་ཤིང་དེ་ལ་བརྟེན་པའི་ཡེ་ཤེས་ཀྱི་རང་བཞིན་གྱིས་རོལ་པ་ཞེས་བྱ་བའི་དོན་ཏོ། །ནཱ་ད་ཞེས་བྱ་བ་ལ་སོགས་པས་ཀྱང་སྔོན་གྱི་བུ་བཾ་ཞེས་བྱ་བ་
ལ་སོགས་པས་ཏེ། བུའི་ཡི་གེས་ཡང་གསུངས་པ། བུ་བཾ་ཞེས་བྱ་བ་ནི་སླར་ཡང་བྱང་ཆུབ་ཀྱི་སེམས་ཀྱི་སྣལ་མ་བདེ་བའི་གཟུགས་གཉིས་སུ་མེད་པར་སྒྲའི་བདག་མོ་འགྲོ་ཞེས་བྱ་བ་ནི་སྒྲའི་ཡོན་ཏན་རྣམས་སུ་བཀང་བ་སྟེ་སྒྲ་ནི་དབྱངས་ཀྱི་བདག་ཉིད་དེ་སའི་ཡི་གེ་སྔོན་མའི་བར་
ཕྱི་ནས་རའི་ཡི་གེས་ཚེག་དྲག་སྟེ་ཧའི་ཡི་གེ་ཨེ་བྱས་ནས་དེ་ལྟར་སཿསྟེ་བདག་མོ་བཞིན་ཧཾ་དུ་འགྲོའོ། །སྭའི་ཡི་གེ་གཞན་པའི་ཡང་བ་ཕྱི་བས་ཨུའི་ཡི་གེར་འགྱུར་བ་སྟེ་བདག་མོ་བྱང་ཆུབ་ཀྱི་བུ་མོ་གཉིས་སུ་མེད་པའི་གཙང་སྦྲ་ལྡན་མ་དེའི་དབུས་སུ་གཾ་ག་འབབ་པ་མོ་ཞེས་བྱ་བ་
སྟེ། དེ་ནས་རྩ་གཾ་ག་འཕོ་བ་མེད་པའི་བྱང་ཆུབ་ཀྱི་སེམས་ཀྱི་ཡེ་ཤེས་འབབ་པ་མོའོ། །སྦྱོར་བ་གང་གིས་འབབ་པ་གསུངས་པ། སྒྲུབ་ཐབས་ཞེས་བྱ་བ་ལ་སོགས་པ་སྟེ། སྔོན་དུ་བཤད་པའི་གཉིས་ཞེས་བྱ་བ་ལ་སོགས་པས་ཀྱང་དྷའི་ཡི་གེས་གསུངས་པ། གཞུ་འགེངས་
པའི་སྦྱོར་བས་ཞེས་བྱ་བ་ནི་གཞུ་འགེངས་པ་ནི་ཇི་ལྟར་གཞུ་ཡིས་བསྐྱོད་པར་གྱུར་པས་འབེན་འབུགས་ཏེ། འབུགས་པ་པོ་ནི་དེ་བཞིན་དུ་སྲོག་དང་ཐུར་སེལ་དག་གིས་གཞུའི་རྒྱུད་དྲངས་པས་རྣམ་པར་བཟུང་བས་འཕོ་བ་མེད་པ་སྟེ་རྡོ་རྗེ་དང་པདྨ་ཡོངས་སུ་སྦྱོར་བ་ལས་ཞེས་བྱ་བའི་
དོན་ཏོ། །འདི་བྱས་པས་དགོས་པ་ཅིར་འགྱུར་བ་གསུངས་པ། མདའ་ཞེས་བྱ་བ་ལ་སོགས་པ་སྟེ་འདི་ནི་ཤེས་པར་བྱ་བའི་ཚིག་གི་དོན་ཏོ། །དེ་ལྟར་མཚོན་ཞེས་བྱ་བ་ནི་སྔོན་དུ་བཤད་པ་སྟེ་བསྟན་པས་རྣམ་པར་རྟོག་པ་མེད་པས་མཚོན་པ་དང་བྲལ་བ་ཞེས་བྱ་བའི་

དོན་ཏོ། །དེ་ཡང་ནི་ཞེས་བྱ་བ་ནི་སེམས་ཞེས་བྱ་བ་ལ་སོགས་པས་རྫུ་འཕྲུལ་གྱི་རྐང་པའི་དོན་ཏེ། སེམས་རྣམ་པར་རྟོག་པ་མེད་པའི་བདག་ཉིད་ཅན་སྔོན་དུ་བཤད་པའི་གཞུ་འགེངས་པའི་སྦྱོར་བས་འགུགས་ཏེ། གང་དུ་གཙུག་ཏོར་གྱི་བར་དུ་བྱས་ནས། དེས་རྫུ་འཕྲུལ་གྱིས་སྤོགས་
པར་བྱས་སོ་ཞེས་བྱ་བའོ། །ནམ་མཁའ་འཁོར་ལོ་ལས་གཞན་གྱི་གནས་སུ་སྤོགས་པར་བྱ་སྟེ། དེ་ཡང་ཡེ་ཤེས་ཞེས་བྱ་བ་ལ་སོགས་པས་སྒྲུབ་ཐབས་ཀྱི་ལེའུར་ནམ་མཁའི་འཁོར་ལོར་ཕྱག་རྒྱའི་བརྡ་འཆད་པས་དཔའ་བོ་དཔའ་མོའི་དབང་ཕྱུག་མ་རྣམས་ཀྱིས་དེར་བསྐྱེད་པ་སྟེ་དེ་
ཡང་ཡེ་ཤེས་མའི་མངལ་ཅན་བཞིན་ཞེས་བྱ་བ་སྟེ་ཇི་ལྟར་མའི་མངལ་ན་གནས་པའི་སྐྱེ་བོ་རྣམས་ཀྱི་སེམས་ཡེ་ཤེས་ཙམ་གྱི་གཟུགས་ཀྱི་ཐམས་ཅད་དུ་དབྱེ་བ་མེད་པས་བལྟས་པས་སོ། །དེ་བཞིན་དུ་རྣལ་འབྱོར་པ་རྣམས་ཀྱི་སེམས་རྣམ་པར་རྟོག་པ་མེད་པ་ཡེ་ཤེས་ཀྱི་བདག་
ཉིད་ཅན་ནམ་མཁའི་འཁོར་ལོ་ལ་སོགས་པ་ཐམས་ཅད་དུ་རྣམ་པར་དཔྱད་པར་བྱའོ། །སྙིང་པོ་ལ་སོགས་པར་འཆགས་པ་ཞེས་བྱ་བར་དགོངས་སོ། །དེ་གང་གི་གཟུགས་ཀྱིས་བསྐྱེད་པ་གསུངས་པ། དཀྱིལ་འཁོར་འཁོར་ལོ་ཞེས་བྱ་བ་ལ་སོགས་པས་ཏེ། རྒྱུ་འདིས་
བསྐྱེད་པ་སྟེ། སླར་ཡང་དཀྱིལ་འཁོར་གྱི་འཁོར་ལོ་སྔོན་དུ་བཤད་པའི་མཚན་ཉིད་ཅན་གྱི་དབུས་སུ་བསྒོམ་པར་བྱ་སྟེ་སྣ་ཆེན་པོ་འདིས་བཞུགས་པར་བྱ་བའོ། །དེ་ལྟར་ཤེས་རབ་ཐབས་ཞེས་བྱ་བ་ལ་སོགས་པ་ཐམས་ཅད་རྟོགས་པར་སླའོ། །འོན་ཀྱང་སྔོན་དུ་བཤད་པའི་རིགས་པས་
ཀུན་དུ་སྤྱོད་པར་བྱ་བའོ། །དཔལ་མཁའ་འགྲོ་རྒྱ་མཚོ་རྣལ་འབྱོར་མའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོའི་འགྲེལ་པ་གྲུ་གཟིངས་ལས་སྣ་ཆེན་པོའི་བརྡའི་ཆོ་གའི་མཚན་ཉིད་དང་མིང་གི་ཡི་གེ་ལ་སོགས་པའི་རྣམ་པར་གཞག་པ་དང་། དེ་བཞིན་དུ་བདག་པོའི་རང་བཞིན་གྱི་རྣམ་པར་
གཞག་པ་རྒྱས་པར་བསྟན་པའི་ཆོ་ག་ལེའུ་ཉི་ཤུ་རྩ་དགུ་པའི་བཤད་པའོ།། །།དཔའ་བློ་མ་ལ་ཕྱག་བྱས་ནས། །ཉེ་བའི་གནས་ཀྱིས་གང་བདག་གིས། །ལུས་བརྡའི་རང་བཞིན་ཅན་གྱིས་ནི། །དེ་ཡི་བཀའ་ཡིས་རྒྱ་ཆེར་བྱས། །ད་ནི་སུམ་ཅུ་པ་དཔའ་བོའི་བློ་གྲོས་མའི་

བརྡ་ལ་སོགས་པའི་བཤད་པ་གསུངས་པ། དེ་ནས་ལུས་ཞེས་བྱ་བ་ལ་སོགས་པ་སྟེ། དཔའ་བློ་མའི་རབ་སྦྱོར་བས་ཞེས་བྱ་བ་ནི་འཆད་པར་འགྱུར་བའི་ཡི་གེ་ལ་སོགས་པའི་རབ་ཏུ་སྦྱོར་བ་སྟེ་དེ་ཡང་རབ་ཏུ་སྦྱོར་བ་ནི་ཕྱག་རྒྱ་དང་ཕྱག་རྒྱའི་ལན་འདི་རྣམས་ཐམས་ཅད་ལ་
མངོན་པར་འབྲེལ་པར་བྱའོ། །གང་གིས་དེ་ལྟར་ལྷ་རྫས་ལུས་སྐྱེས་ཞེས་བྱ་བ་ནི་དེའི་ཉེ་བར་སྤྱོད་པས་དེ་དང་མཉམ་པར་འགྲོ་བ་སྟེ་རྗེས་སུ་དྲན་པས་སོ། །དེའི་མཛེས་ཤིང་བརྒྱན་པའི་ལུས་ཀྱི་བརྡ་བཤད་པར་བྱའོ་ཞེས་བྱ་བར་འབྲེལ་ཏོ། །དེ་ཇི་ལྟར་ཞེ་ན་གསུངས་པ། མགོ་བོ་ཞེས་བྱ་
བ་ལ་སོགས་པ་ནས་ལྟོ་བ་ཞེས་བྱ་བའི་བར་རྣམས་ནི་རྣལ་འབྱོར་མ་རྣམས་ཀྱི་ཕྱག་རྒྱ་ལུས་ཀྱི་གནས་སུམ་ཅུ་རྩ་དྲུག་རྣམས་སུ་ལག་པ་གཡོན་པས་རེག་པའོ། །དེ་བཞིན་དུ་འདི་ལ་རྣལ་འབྱོར་མ་རྣམས་ཀྱིས་ལན་གྱི་ཕྱག་རྒྱ་སྦྱིན་པར་བྱ་བ་དེ་གསུངས་པ། གླིང་བུ་ཞེས་བྱ་བ་ལ་སོགས་
པ་ནས་རིན་ཆེན་ཞེས་བྱ་བའི་བར་རྣམས་ཀྱིས་དེ་ལྟར་རྣམ་པ་དུ་མའི་རང་རང་གི་ཚུལ་རྣམས་ཀྱིས་སྦྱིན་པར་བྱ་བ་སྟེ། །འདིར་རྟོགས་པར་སླ་བས་ཁོ་བོས་མ་བྲིས་སོ། །ད་ནི་ཕྱག་རྒྱ་འདི་རྣམས་ཀྱི་གནས་དང་རྣལ་འབྱོར་མའི་མིང་གི་ཡི་གེའི་སྒོ་ནས་དགོས་པ་དང་བྱེད་པའི་རྣམ་པར་གཞག་
པ་གསུངས་པ། གོ་དྲང་ཞེས་བྱ་བ་ལ་སོགས་པ་སྟེ། ཚིགས་སུ་བཅད་པ་གཅིག་གིས་མདོར་བསྟན་པའོ། །དད་པའི་དབང་པོ་ཞེས་བྱ་བ་ནི་བྱང་ཆུབ་ཀྱི་ཕྱོགས་ཀྱི་རང་བཞིན་ཅན་ཏེ། དེ་ལྟར་གསུངས་པ། འཛག་པའི་སྙིང་པོ་ལས་སྐྱེས་བདེ། །ཕུང་པོ་ཁམས་སོགས་ཁམས་ལའོ། །
རྡོ་རྗེ་པདྨ་ཡོངས་སྦྱོར་བའི། །ཕྱག་རྒྱའི་སྦྱོར་བ་རབ་ཏུ་གནས། །གཉིས་ཀྱི་དངོས་པོ་རབ་སྤང་ཞིང་། །ཡེ་ཤེས་ཙམ་གྱི་ནང་དུ་སོན། །ལན་གྱི་ཕྱག་རྒྱའི་རང་བཞིན་གྱིས། །སིལ་སྙན་སོགས་ཀྱིས་ཀྱང་སྒྲར་འགྲོ། །དབང་པོ་རྣམས་ཀྱི་བདེར་སོན་པས། །གང་དང་དེར་ནི་ལྷུང་བའོ། །
རང་བཞིན་འདིར་མི་ཤེས་བྱ་སྟེ། །ཡང་དག་སངས་རྒྱས་དངོས་གཟུགས་ཅན། །དངོས་པོ་གཟུགས་ནི་བསམ་དཔྱད་དེ། །དེ་དངོས་སངས་རྒྱས་འདུ་ཤེས་སོ། །དེའི་ཕྱིར་བྱང་ཆུབ་ཕྱོགས་ཀྱིས་ནི། །ཆོས་ནི་རང་གིས་དད་དབང་པོའོ། །དེ་ལྟར་རྒྱུ་ཡི་ལམ་དུ་ནི། །དཔའ་བློ་མ་བཞིན་གནས་

པའོ། །དོན་དམ་པར་ནི་ཡེ་ཤེས་ཉིད། །ཐམས་ཅད་སངས་རྒྱས་རང་བཞིན་འགྱུར། །ཞེས་བྱ་བའོ། །མདོར་བསྟན་པའི་ཚིག་རྣམས་ཀྱི་དགོས་པར་གྱུར་པས་ན་དེ་བཞིན་དུ་རྒྱས་པར་བཤད་པའི་ཚིག་རྣམས་སུ་བྱེད་པར་ཀུན་རྫོབ་ཀྱི་སྒོ་ནས་གསུངས་པ། བཱི་ཞེས་བྱ་བ་ལྷན་སྐྱེས་ཞེས་བྱ་བ་ལ་
སོགས་པ་སྟེ། དེ་ལྟར་སླར་ཡང་བཱི་ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་གཉིས་ཀྱིས་ནི་བཱིའི་ཡི་གེའི་དོན་ཏོ། །མཚན་མོ་ཞེས་བྱ་བ་ལ་སོགས་པས་གཅིག་གིས་རའི་ཡི་གེའི་དོན་ཏོ། །ཆེན་པོ་ཞེས་བྱ་བ་ལ་སོགས་པས་ཕྱེད་ཀྱིས་མའི་ཡི་གེའི་དོན་ཏོ། །དེ་ལས་སྐྱེས་ཞེས་
བྱ་བ་ལ་སོགས་པ་ཕྱེད་ཀྱིས་ཏཱིའི་ཡི་གེའི་དོན་ཞེས་བྱ་བ་སྟེ། འདིར་ཇི་ལྟར་ཞེ་ན། བཱི་ཞེས་བྱ་བ་ལྷན་སྐྱེས་སྐད་ལ་ཞེས་བྱ་བ་ནི་བྲལ་བའི་གཟུགས་ཉིད་ཀྱིས་ཏེ། དེ་ཇི་ལྟར་ཞེ་ན། བཱི་ཞེས་བྱ་བ་རྣམ་པར་འཇོམས་པ་སྟེ། དེ་ལྟར་བདག་ཉིད་ལས་སྐྱེས་པའི་རྟོག་པ་ཐམས་ཅད་ནི་འདོད་
ཆགས་དང་བྲལ་བ་སྟེ། ལྷན་ཅིག་སྐྱེས་པའི་སྐད་ཅིག་ཏུ་རྒྱུད་སྣ་ཚོགས་པ་རྣམས་སུ་གསུངས་པ་སྟེ། ལྷག་མ་བྲལ་བའི་དགའ་བ་ཞེས་བྱ་བ་ཉམས་སུ་མྱོང་བའི་མཐའི་ཉིད་ཀྱི་ཚིག་གིས་ཁྱད་པར་དུ་འཕགས་པའི་འདོད་ཆགས་བསྒོམ་པས་རབ་ཏུ་གསལ་བར་
མཐར་ཐུག་པར་སོན་པ་ནི་བླ་མའི་མན་ངག་གིས་ཏེ་མི་མོའི་པདྨར་ཞུགས་པས་མིན་ཞེས་བྱ་བའོ། །འདོད་ཆགས་དང་བྲལ་བ་ནི་ལྷན་ཅིག་སྐྱེས་པའི་སྐད་དེ། དེ་ཡང་སུམ་ཅུ་རྩ་དྲུག་དངོས་བདག་ཉིད་ཅན་ཞེས་བྱ་བ་སྟེ། ཕུང་པོ་ལ་སོགས་པ་བླ་མའི་མན་ངག་གིས་འདོད་ཆགས་
ཆེན་པོས་ཞུ་བས་ཁམས་རེ་རེ་འདོད་ཆགས་དང་བྲལ་བ་ཉིད་དུ་འགྲོའོ། །དེ་གསུངས་པ་ཕུང་པོ་ཞེས་བྱ་བ་ལ་སོགས་པ་སྟེ་ལས་ཞེས་བྱ་བ་ནི་ལས་ཀྱི་དང་པོའོ། །ལས་ཅན་ཞེས་བྱ་བ་ནི་ལས་ཀྱི་དབང་པོའི་ཡུལ་ལོ། །ཕུང་པོ་ལ་སོགས་པ་དེ་རྣམས་སུ་ཞེ་ན། གཟུགས་དང་
ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་རྣམ་པར་ཤེས་པ་དང་ཡེ་ཤེས་སོ། །ས་དང་ཆུ་དང་མེ་དང་རླུང་དང་ནམ་མཁའ་དང་ཡེ་ཤེས་ཀྱི་ཁམས་རྣམས་ཏེ། ཡུལ་གྱི་སྒྲ་ནི་དེ་བཞིན་འདིར། །ཞེས་བྱ་བ་ནི་གཟུགས་དང་སྒྲ་དང་དྲི་དང་རོ་དང་རེག་དང་ཆོས་རྣམས་དང་དྲུག་གོ། །

དབང་པོ་ཞེས་བྱ་བ་ནི་མིག་དང་རྣ་བ་དང་སྣ་དང་ལྕེ་དང་ལུས་དང་ཡིད་ཅེས་བྱའོ། །ལས་ཀྱི་དབང་པོ་ཞེས་བྱ་བ་ནི་ངག་དང་ལག་པ་དང་རྐང་པ་དང་བཤང་ལམ་དང་གཅི་ལམ་དང་ཡེ་ཤེས་སོ། །ལས་ཀྱི་དབང་པོའི་བྱ་བའི་ཡུལ་རྣམས་ནི་སྨྲ་བརྗོད་དང་ལེན་པ་དང་འགྲོ་བ་དང་བཤང་
བ་དང་གཅི་བ་དང་ཁུ་བ་འཛག་པ་རྣམས་སོ། །དེ་ལྟར་དྲུག་དྲུག་གི་རིམ་པས་སུམ་ཅུ་རྩ་དྲུག་དེ་རྣམས་སུའོ། །ཕུང་པོ་ལ་སོགས་པ་ནང་དུ་སོན་པ་ཞེས་བྱ་བ་ནི་ངེས་པར་ཐིམ་པ་ཉིད་ཐོབ་པ་སྟེ་ཡེ་ཤེས་ནི་ཡེ་ཤེས་ཀྱི་རང་བཞིན་ཉིད་ཀྱི་ཕྱིར་རོ། །དེའི་ཕྱིར་ལྷན་ཅིག་སྐྱེས་པའི་རང་བཞིན་གྱི་མཚན་
ཉིད་དེ་གཞན་སངས་རྒྱས་ཀྱི་དངོས་པོ་ལ་སོགས་པ་སྤངས་པར་གྱུར་པ་མ་ཡིན་པ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་ལྷན་ཅིག་སྐྱེས་པ་ལ་སློབ་པར་འགྱུར་བའི་རྣལ་འབྱོར་པ་རྣམས་ཀྱི་ངག་ཏུ་ཉམས་སུ་མྱོང་བར་འགྱུར་བ་དེ་གསུངས་པ། མཚན་མོ་དང་ཉིན་མོར་ཞེས་བྱ་བ་ལ་སོགས་པ་སྟེ་
འདིས་ཀྱང་རའི་ཡི་གེའི་དོན་ཏེ་གསུངས་པ། མཚན་མོ་ཞེས་བྱ་བ་ནི་རྩེད་མོའི་དུས་སོ། །ཉིན་མོ་ཞེས་བྱ་བ་ནི་བཟའ་སྟོན་ལ་སོགས་པའི་དུས་སོ། །དེ་ཡང་ཇི་སྲིད་ཉི་མ་ཕྱེད་ནས་ནམ་ཕྱེད་ནི་མཚན་མོའོ། །ནམ་ཕྱེད་ནས་ཉི་མ་ཕྱེད་ཀྱི་བར་དུ་ནི་ཉིན་མོའོ། །འདིའི་རབ་ཏུ་སྦྱོར་བ་རེ་རེ་བྱས་ནས་
མཉམ་པའི་དུས་རྣམས་སུ་ལྷན་ཅིག་སྐྱེས་པའི་རྫོགས་པའི་བྱང་ཆུབ་རྗེས་སུ་དྲན་པར་བྱས་ནས་གཡོན་པ་དང་གཡས་པའི་རྩ་ཨ་ཝ་དྷཱུ་ཏཱིར་རབ་ཏུ་བཅུག་ནས་ཤེས་རབ་དང་ཐབས་ཀྱི་བདག་ཉིད་ཅན་གྱི་རྣལ་འབྱོར་བསྒྲུབ་པར་བྱའོ། །སླར་ཡང་མཚན་མོ་ནི་རྩ་གཡོན་པ་ནས་བྱང་ཆུབ་ཀྱི་སེམས་འབབ་པས་
རྩེད་མོའོ། །དེ་བཞིན་དུ་ཉིན་མོ་རྩ་གཡས་པ་འདོད་ཆགས་ཁྲག་ལས་བྱུང་བ་རྣམ་པར་རྟོག་པ་ཐམས་ཅད་ཟ་བའམ་བཟའ་བ་དང་ཉིན་མོའི་དུས་དག་གོ། །དེ་ལྟར་ཤེས་རབ་ཐབས་བདག་ཉིད་ཅན་དུ་ཞེས་བྱ་བ་ནི་བཤད་པའི་སྦྱོར་བར་བསྒོམ་པ་ལ་གནས་པས་ཕྱི་རོལ་ཀྱང་བསྒྲུབ་པར་
བྱའོ་ཞེས་འདིས་གསུངས་པ། ལྷན་སྐྱེས་ཞེས་བྱ་བ་ལ་སོགས་པ་སྟེ། དེ་རྣམས་ཞེས་བྱ་བ་ནི་ཤེས་རབ་དང་ཐབས་ཀྱི་བདག་ཉིད་ཅན་གྱི་སྦྱོར་བ་གྲུབ་པའི་རྒྱུས་ཉམས་སུ་མྱོང་བ་ནི་ལས་ཀྱི་ཕྱག་རྒྱ་དང་ལྷན་ཅིག་མངོན་སུམ་དུ་བསྒྲུབ་པར་བྱ་བ་སྟེ། དེ་རྣམས་ནི་སུམ་ཅུ་རྩ་དྲུག་ཏུ་དབྱེ་བས་ཕྱེ་

བའི་ལྷན་ཅིག་སྐྱེས་མའི་རྣལ་འབྱོར་མ་རྣམས་སུམ་ཅུ་རྩ་དྲུག་གི་རིགས་ལས་བྱུང་བ་སྔོན་དུ་བཤད་པའི་བྲམ་ཟེ་མོ་ལ་སོགས་པའི་ལེའུ་བཅོ་ལྔ་པར་ཡོན་ཏན་གྱི་འཁོར་ལོ་སྟེ། དེ་རྣམས་རང་གིས་དབང་བསྐུར་བའམ་སྔོན་དུ་དབང་བསྐུར་བ་རྣམས་ལ་ཉེ་བར་མཁོ་བ་ལྔ་ལ་སོགས་པ་རྣམས་ཀྱི་མཆོད་པ་བྱས་
ནས་ཐམས་ཅད་ལོ་བརྒྱད་གཉིས་ལོན་པའི་རྣམ་པ་ཉམས་དགའ་བ་མོ་འདོད་ཆགས་ཆེན་པོའི་དགའ་རྩེད་དང་སྒྲུབ་པ་པོ་ལ་དགའ་མ་སྙིང་རྗེ་ལ་གནས་པར་བདེ་བར་གཤེགས་པའི་ལམ་རྣམས་ལ་དགའ་མ་རྣམས་ལ་སྣ་ཚོགས་པའི་བཟའ་བ་དང་བཏུང་བ་ལ་སོགས་པ་དམ་ཚིག་གི་རྫས་འབྱོར་པ་དང་
བསྟན་པ་རྣམས་ཀྱི་ཚིམ་པར་བྱ་སྟེ་སྣ་ཚོགས་པའི་ཡིད་དུ་འོང་བའི་གོས་དང་རྒྱན་ལ་སོགས་པ་དབུལ་བར་བྱའོ། །དེ་འཁོར་ལོའི་དབུས་སུ་བུང་བ་མོ་ལ་སོགས་པའི་ཀ་ར་ཎ་དང་བཅས་པ་དེ་རྣམས་ཐམས་ཅད་ལ་འདོད་པར་བྱའོ། །དེ་ཡང་ལེགས་པར་བསླབ་པ་སྣ་ཚོགས་པའི་འདོད་པའི་བསྟན་
བཅོས་རྣམས་ཀྱིས་ཀྱང་དེ་དེ་ལྟར་རྒྱ་ཆེར་བསྟན་པའི་དོན་དུ་གསུངས་པ། ཤཱ་ལི་ཤིང་དྲི་ཞིམ་པོས་ནི། །ཉམས་དགའ་བྱུག་པར་ལྡན་པ་དེ། །བདེ་བ་མཆོག་ཚིམ་བདེ་བྱས་ནས། །ཡིད་དུ་འོང་བ་ཞི་བར་འགྱུར། །གསོལ་ཟས་སྣ་ཚོགས་རྫས་རྣམས་ཀྱིས། །གོ་ཀུ་ད་ཧ་ན་སོགས་ཆེ། །མཁའ་རྒྱུ་ཁ་ན་མ་ཐོ་
མེད་སོགས་པ། །ཆར་པའི་རྒྱུན་བཞིན་ངེས་འབྱུང་བའི། །བཟའ་བ་རོ་དྲུག་ལ་སོགས་པ། །རང་རང་ཞིམ་པ་དབུལ་བར་བྱ། །ཆགས་ཆེན་རྒྱས་པའི་བདག་ཉིད་ཀྱིས། །འབབ་པ་བསིལ་བའི་ཆུ་བཞིན་ནོ། །བཟའ་བཏུང་རྣམ་པ་སྣ་ཚོགས་པ། །ཤ་སོགས་ཤཱ་ལི་སྐྱེས་རྣམས་སོ། །འདོད་ཆགས་
ཆེན་པོ་མི་སྨྲ་སྟེ། །རང་གི་བུ་བཞིན་དམ་བདག་ཉིད། །བཏུང་བ་སྣ་ཚོགས་སུ་རའི་རྫས། །རང་གཞན་ཡང་དག་རིག་བདེ་བ། །སྤངས་པ་རྣལ་འབྱོར་རྣམས་ཀྱིས་ནི། །ནོར་བུའི་རྩེར་སྐྱེས་རེག་པ་བཙིར། །མཆོད་པ་ཉེར་སྤྱད་ལྔ་རྣམས་དང་། །སྣ་ཚོགས་དྲི་ཡི་རྫས་དེ་བཞིན། །དགའ་
བ་མེད་པས་དེ་རྣམས་སུ། །བདེ་བའང་བརྗོད་པ་སྤང་བའོ། །རྣལ་འབྱོར་དབང་ཕྱུག་རང་བདག་གི། །སྦྱོར་བདག་གཡོ་མེད་སེམས་བརྟན་པའོ། །ལྷ་མོ་ལ་ནི་དམ་དུ་འཁྱུད། །བཤད་པའི་བཟའ་བ་སྟོན་མོས་དང་། །བཏུང་བ་བུར་ཆང་སྐྱུར་རྒུན་ཆང་། །བྱེད་པས་ཉམས་པར་མི་འགྱུར་

ཏེ། །འཕོ་བ་མེད་པའི་བདེ་བ་བྱེད། །སེམས་ནི་རྒྱས་པ་ཆེན་པོར་བྱེད། །དེ་བཞིན་དུ་ཡང་བཤད་པ། གང་གི་སུ་ར་ཤིན་ཏུ་མང་པོ་རྣལ་འབྱོར་མའི་ཚོགས་ཀྱི་གཡུལ་ངོར་སེམས་ཅན་མང་པོ་ཚིམ་པར་བྱ་བའི་རྒྱུར་ཡིད་དུ་འོང་བས་མྱོས་བྱེད་ཁྱེར་ནས་འོངས་ནས་འཐུང་བར་བྱེད་དོ། །བདེ་བ་
ཆེན་པོའི་སེམས་ཀྱི་སྟོབས་ཀྱིས་ཕྱུགས་རྣམས་ཟ་བའི་འཁྲུལ་འཁོར་བཞིན་འབབ་སྟེ་མ་མཆུའི་བདུད་རྩི་དམ་པར་བཟུང་བའི་སྣ་ཚོགས་པའི་དྲིས་དགང་བར་བྱས་ཤིང་སྤྲོ་བ་དང་ལྡན་པར་བྱས་པ་དེས་སོ་སོའི་སྐྱེ་བོ་བསམ་བརླག་རྣམས་ཀྱི་སྟོབས་འཕེལ་ཏེ་འདི་ནི་བྱེད་པའོ། །འདིའི་དགོས་པ་
གསུངས་པ། ཆེན་པོ་ཞེས་བྱ་བ་ལ་སོགས་པ་སྟེ། མའི་ཡི་གེའི་དོན་ཏོ། །དེ་ལྟར་དམ་ཚིག་ཆེན་པོ་འདུས་པ་ཞེས་བྱ་བ་ནི་ནང་གི་བདག་ཉིད་དུ་ཡང་རྣལ་འབྱོར་མ་ཐམས་ཅད་ཀྱི་རང་བཞིན་རྩའི་འཁོར་ལོ་ཁམས་ཐམས་ཅད་ཀྱིས་ཀྱང་བཅས་པའི་བྱང་ཆུབ་ཀྱི་སེམས་ཀྱི་རང་བཞིན་གྱི་རྡོ་རྗེ་ནོར་བུའི་
བུ་གར་བདེ་བ་ཆེན་པོའི་དམ་ཚིག་དེའི་དུས་སུ་འདུ་བ་སྟེ་ཐམས་ཅད་ཀྱི་རང་བཞིན་གྱི་པདྨའི་ལྟེ་བར་བདེ་བ་འདོད་པ་ལ་བལྟས་པར་གྱུར་པས་ཡང་དག་པར་རིག་པར་འགྱུར་ཞེས་བྱ་བ་ནི་རྡོ་རྗེ་དང་པདྨ་དག་གི་ནོར་བུའི་བར་དུ་མཉམ་པའི་བདག་ཉིད་རིག་པ་སྟེ་རིག་པ་ཞེས་བྱ་བ་ལ་སོགས་པས་ཏའི་ཡི་གེའི་དོན་
གསུངས་པ། རང་གི་ཕྱག་རྒྱ་དེ་ལས་སྐྱེས། །ཞེས་བྱ་བ་སྟེ། བར་དུ་རིག་པའི་སྦྱོར་བས་འདི་ལས་བྱུང་བ་ནི་བཤད་པའི་སྤྱི་གཙུག་ལ་སོགས་པ་བསྟན་པས་ཕྱག་རྒྱ་དང་ཕྱག་རྒྱའི་ལན་གྱི་དེའི་ཚུལ་གྱིས་བདག་ཉིད་དུ་འགྲུབ་པ་སྟེ་དཔའ་བོ་དང་རྣལ་འབྱོར་མ་རྣམས་ཀྱི་བརྡའི་བདག་ཉིད་ཀྱིས་སོ། །གཞན་
དུ་ན་འགྲུབ་པར་མི་འགྱུར་བས་ཐ་མལ་པའི་རྣལ་འབྱོར་པ་རྣམས་ཀྱིས་དོན་མེད་པར་འགྱུར་རོ། །རྣལ་འབྱོར་མའི་མཚན་མའི་ཕྱག་རྒྱ་བསྟན་པས་དང་དེ་ཡང་ཡོངས་སུ་ཤེས་པས་འགྲུབ་པོ། །དེའི་ཕྱིར་རང་གི་བདག་ཉིད་ལ་སོ་སོར་རྟོག་པ་རྣམས་ཀྱིས་གསང་བས་བླ་མའི་མན་ངག་བསྒོམ་པས་
བསྒྲུབས་ཏེ་མངོན་པར་ཤེས་པ་ཅུང་ཟད་ཐོབ་ནས་དེའི་ཚེ་རོལ་པར་བྱའོ་ཞེས་བྱ་བ་སྟེ་འདི་ནི་བཅོམ་ལྡན་འདས་ཀྱི་ངེས་པའོ། །འདིར་བཤད་པ། འདིར་གལ་ཏེ་དེ་སྲིད་བར་གྱི་དམ་ཚིག་ཆེན་པོ་འདུས་པའི་པདྨའི་ལྟེ་བར་རིག་པ་བདག་མེད་པའི་བདེ་བ་དངོས་པོ་ཐམས་ཅད་དང་བྲལ་བའི་བདེ་བ་ཡང་

མེད་པར་འགྱུར་བས་ན། བདེ་བ་ཙམ་ཡང་དེའི་ཚེ་འདི་ལས་ཅི་སྐྱེ། རང་གི་ཚིག་དང་འགལ་ལོ། །དེའི་ཕྱིར་གསུངས་པ། བཅོམ་ལྡན་འདས་ཀྱི་ཚིག་གིས་གོ་དཱ་བཱ་རིའི་ཡི་གེ་རྒྱ་ཆེར་བསྟན་པ་ཡིན་ཏེ། དེ་ལྟར་སྤྱོད་ཡུལ་འདི་ཞེས་བྱ་བ་ལ་སོགས་པ་གོའི་ཡི་གེའི་དོན་ཏེ། དེའི་ཕྱིར་ཁྱོད་ཀྱིས་གང་བཤད་པ་བདེན་ཏེ་འོན་ཀྱང་
སྤྱོད་ཡུལ་འདི་ཞེས་བྱ་བར་ཅི་བདེ་བ་དེ་སྤྱོད་ཡུལ་མ་ཡིན་པ་མི་ནུས་པས་མཚོན་པར་བྱའོ། །སངས་རྒྱས་རྣམས་སུ་ཞེས་བྱ་བ་ནི་ཕུང་པོ་དང་ཁམས་ལ་སོགས་པ་དང་སྐྱེ་མཆེད་རྣམས་སུའོ། །ཐམས་ཅད་འོད་གསལ་བའི་རང་བཞིན་ལ་སོགས་པ་ཅི་ཞེ་ན། དེའི་ཕྱིར་རང་གི་རིག་པའི་རྣལ་འབྱོར་མའི་བདེ་
བ་ཞེས་བྱ་བ་སྟེ་རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་པོ་འདི་ཐམས་ཅད་བྱང་ཆུབ་ཀྱི་སེམས་རབ་ཏུ་འབབ་པའི་བདེ་བ་གང་བྱུང་བ་དེ་འོངས་ཏེ། རྡོ་རྗེ་ལས་པདྨར་འཕོ་བའི་བར་རྣམས་སུ་དེའི་ཚེ་སྐད་ཅིག་མ་མངོན་པར་རྫོགས་པར་བྱང་ཆུབ་པའི་སྐད་ཅིག་སྟེ་རྩ་ཐམས་ཅད་སེམས་དང་སེམས་ལས་བྱུང་བ་ལ་
སོགས་པ་ཐ་མལ་པ་རྣམས་བདེ་བའི་རང་བཞིན་རྣམས་རིག་པས་བདག་མེད་པའི་བྱང་ཆུབ་པོ། །དེ་ལྟར་ལྷན་ཅིག་སྐྱེས་པ་དང་ལོངས་སྤྱོད་རྫོགས་པ་དང་ཆོས་ཀྱི་སྐུ་སྐྱེའོ། །སངས་རྒྱས་རྣམས་ཀྱི་སྤྲུལ་པའི་སྐུའི་རྣམ་པ་རྣམས་སུ་ནི་དཔའ་བོ་དང་དཔའ་མོའི་དབང་ཕྱུག་མ་ལ་སོགས་པ་ལ་སྐྱོན་མེད་དོ། །དེ་ལ་སླར་
ལྷན་ཅིག་སྐྱེས་པ་ལ་སོགས་པའི་སྐུའི་རྣམ་པར་གཞག་པ་ཇི་ལྟར་ཞེ་ན། དེའི་ཕྱིར་དེ་ལྟར་བའི་ཡི་གེ་གསུངས་པ། གཟུངས་ཞེས་བྱ་བ་ལ་སོགས་པ་སྟེ་རྡོ་རྗེ་ནོར་བུར་འཛིན་པར་གྱུར་པས་རྡོ་རྗེའི་ནོར་བུར་བདེ་བ་ཆེན་པོ་སྟེ་རྩའི་ཡི་གེས་ཕྱག་རྒྱ་ཆེན་པོ་བདེ་བ་ཆེན་པོ་ལས་ལྷན་ཅིག་སྐྱེས་པའོ། །དེའི་
ཕྱིར་དེ་ལྟར་བཅུ་གཉིས་ཀྱི་ནང་དུ་སོན་པ་གསོར་བའི་སྦྱོར་བས་མི་རྣམས་ཀྱི་གང་གི་ཚེ་དེའི་ཚེ་ལོངས་སྤྱོད་རྫོགས་པའི་སྐུར་འགྱུར་ཏེ་རང་གི་ཉམས་སུ་མྱོང་བའི་ཕྱིར་རོ། །དེ་བཞིན་དུ་ཆོས་ཀྱི་སྐུའི་གསུངས་པ། རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་སྟེ་བའི་ཡི་གེའི་དོན་ཏེ། དེ་ལྟར་རྡོ་རྗེའི་རླུང་ནི་རབ་ཞུགས་
པས། །ཞེས་བྱ་བ་ནི་བཅུ་གཉིས་ཀྱི་མཐའ་རྣམས་སུ་སོན་པས་ཨོ་ཌྱཎ་གྱི་བུ་གར་སོན་ཏེ་སླར་ཡང་ཛཱ་ལནྡྷ་རའི་བུ་གར་འོངས་ནས་ལྟེ་བའི་བར་དུའོ། །དེར་ནི་ཀུན་དོན་རྣལ་འབྱོར་སྐྱེས། །ཞེས་བྱ་བ་ནི་ལྟེ་བའི་གནས་ནས་ཨ་ཝ་དྷཱུ་ཏཱིར་རབ་ཏུ་ཞུགས་ཏེ་རྩ་ཐམས་ཅད་དུ་ཐིམ་པ་ཉིད་ཀྱིས་ཀུན་གཞིའི་

རྣམ་པར་ཤེས་པའི་རྡོ་རྗེ་ལྟ་བུར་རབ་ཏུ་ཞུགས་པས་དེའི་ཚེ་བར་མ་ཉིད་དུ་འགྱུར་རོ། །འོད་ཅེས་བྱ་བ་ལ་སོགས་པས་རའི་ཡི་གེའི་དོན་ཏེ། དེ་ལྟར་འོད་ཟེར་སློང་བའི་བདེ་བའི་ཞེས་བྱ་བ་ནི་རྩ་རྣམས་སུ་ཀུན་གཞིའི་རྣམ་པར་ཤེས་པའི་གནས་ལས་འཛག་པའི་དངོས་པོར་འགྲོ་སྟེ་མགོ་བོའི་བར་དུ་
དེ་དེའི་དུས་སུ་མི་འཕོ་བ་མ་ཡིན་པས་ཏེ། སྔོན་དུ་བཤད་པའི་དབང་པོ་གཉིས་ཀུན་དུ་སྦྱོར་བ་མའི་ཡི་གེའི་དོན་གྱིས་ཏེ། དེའི་རབ་ཏུ་སྦྱོར་བ་འདི་རྣལ་འབྱོར་གྱི་དབང་ཕྱུག་ནང་གི་བདག་ཉིད་ཀྱི་འཕོ་བའི་དངོས་པོ་འཕོ་བ་མེད་པ་ཞེས་བྱ་བ་སྟེ་ཐ་མལ་པའི་སྐད་དོ། །དེའི་ཕྱིར་ཕྱི་རོལ་དུ་པདྨར་སོན་པར་
བྱའོ་ཞེས་བྱ་བ་སྟེ་དཔེའོ། །གང་གི་ཕྱིར་ནང་གི་བདག་ཉིད་ཀྱང་ཡོད་དེ་བར་མ་ཞེས་བྱ་བར་དགོངས་པའི་དོན་དུའོ། །དེའི་བགྲོད་པར་བྱོས་ཞེས་བྱ་བ་ལ་སོགས་པ་སྟེ། དེ་ལྟར་ཡི་གེ་ལ་སོགས་པའི་དོན་གྱིས་ཤེས་པར་བྱ་སྟེ་ཐབས་དང་བཅས་པས་སྒོམ་པའི་དཀྱིལ་འཁོར་གྱི་འཁོར་ལོ་དེའི་ཕྱིར་གསུངས་
པ། །དཔའ་བློ་མ་ཞེས་བྱ་བ་ལ་སོགས་པ་སྟེ། དེའི་རང་བཞིན་ཤེས་པ་ཞེས་བྱ་བ་ནི་སྔོན་དུ་བཤད་པའི་ཡི་གེའི་མིང་རྣམས་ཀྱི་དོན་གྱི་དཀྱིལ་འཁོར་གྱི་འཁོར་ལོ་དེའི་དབུས་སུ་དེའི་རང་བཞིན་དུའོ། །འདིའི་ཡང་དཀྱིལ་འཁོར་གྱི་དབུས་སུ་གཙོ་མོ་ཞེས་བྱ་བ་ནི་དཔའ་བོའི་བློ་གྲོས་མ་སོ་སོར་སྣང་བའི་
རྣམ་པའི་རྣམ་པ་སུམ་ཅུ་རྩ་བདུན་གྱི་བདག་ཉིད་ཅན་བསྒོམ་པར་བྱ་སྟེ་དེའི་བདག་ཉིད་དུའོ། །རྡོ་རྗེ་ཞེས་བྱ་བ་ནི་རྡོ་རྗེའི་རླུང་ནི་རབ་ཞུགས་པའི་ཞེས་བྱ་བ་གསུངས་པས་བར་རྣམས་སུ་རང་བཞིན་གྱིས་འོད་གསལ་བའི་བདག་ཉིད་ཅན་དེ་དེ་བཞིན་དུ་གསུངས་པས་སོ། །རང་གི་མིང་དུ་སྔགས་ལྡན་པའོ། །ཞེས་
བྱ་བ་ནི་རང་གི་བག་ཆགས་ཀྱི་རྣམ་པར་རྟོག་པའི་ཡི་གེའི་སྔགས་བརྡའི་བདག་ཉིད་ཅན་དེ་རྣམས་སྣ་ཚོགས་པའི་རྣམ་པར་རྟོག་པའི་ཟས་ཟོས་པས་ལྷན་ཅིག་སྐྱེས་པའི་བརྩོན་འགྲུས་ཞེས་བྱ་བས་སུམ་ཅུ་རྩ་བདུན་གྱི་བརྩོན་འགྲུས་ཀྱི་དབང་ཕྱུག་མ་རྣམས་ཀྱི་རྣམ་པའི་རྣམ་པ་རྣམས་ཀྱི་མིང་གི་ཡི་གེ་
རྣམས་ཀྱི་སྔགས་ཞེས་བྱ་བ་སྟེ་སྔགས་ཀྱི་ཡི་གེ་རྣམས་གསུངས་པ། ཨོཾ་ཀ་མ་ལ་ཞེས་བྱ་བ་ལ་སོགས་པས་ཏེ་རྣལ་འབྱོར་མ་ཐམས་ཅད་ཅེས་བྱ་བའི་བར་དུ་དེ་དེ་བཞིན་དུ་གསུངས་སོ། །བརྩོན་འགྲུས་ཀྱི་མིང་གིས་ཞེས་བྱ་བ་ཅི་ལྟར་ཞེ་ན། དེ་གསུངས་པ། བརྩོན་འགྲུས་ཞེས་བྱ་བ་ལ་སོགས་པ་སྟེ་

བརྩོན་འགྲུས་ཞེས་བྱ་བ་ནི་འཇིག་རྟེན་པ་རྣམས་ཀྱི་སྤྱིའི་འདོད་པ་སྟེ། འོན་ཀྱང་རྣལ་འབྱོར་པ་རྣམས་ཀྱི་བརྩོན་འགྲུས་འདོད་ཆགས་ཆེན་པོའི་བདག་ཉིད་ཅན་གྱི་བདེ་བ་དེ་ཀུན་དུ་འཕོ་བ་སྟེ། གང་གིས་ཞེས་བྱ་བ་ནི་གོ་དཱ་བ་རིའི་ཡི་གེའི་དོན་གྱིས་ཏེ། དེ་མངོན་པར་བརྗོད་པ་ལས་ཡང་དག་བྱུང་ཞེས་བྱ་བ་
ནི་ཡེ་ཤེས་ཀྱི་མིང་གི་ཡི་གེ་ཞེས་བྱ་བ་གོས་པ་མེད་པའི་རྣམ་པའི་མིང་རྣམས་ཞེས་བྱའོ། །ཡི་གེའི་རྣམ་པ་ལ་སོགས་པའི་སྦྱོར་བ་དང་ལྡན་པ་འདིས་ནམ་མཁའ་ལྡིང་བྱེད་པ་སྟེ་མཆེ་བ་ཅན་ལ་སོགས་པ་ལྡང་བར་བྱེད་དེ། རྣམ་པར་རྟོག་པ་ཐམས་ཅད་ཀྱི་ཡུལ་དང་བྲལ་བས་ཡེ་ཤེས་ཨ་ཝ་དྷཱུ་
ཏཱིར་འབར་བའི་བདག་ཉིད་ཀྱིས་བཟའ་བར་བྱ་སྟེ་གཏུམ་མོའི་ལྕེ་ཡིས་ཞེས་བྱ་བའི་དོན་ཏོ། །དེའི་ཕྱིར་མཆོག་གི་ལྕེར་ཤེས་པར་བྱ་བ་ནི་མཆོག་བཟང་པོ་སྟེ་དེས་གཟུང་བར་བྱ་བ་གསུངས་པ། བརྡ་ནི་སྔོན་དུ་བསྟན་པ་ཅན། །ཞེས་བྱ་བ་སྟེ་སྤྱི་གཙུག་ལ་སོགས་རྣམས་དང་དེ་ལས་བྱུང་བའི་རྣམ་པར་རྟོག་པས་
སོ། །རྣམ་པ་གང་གིས་ཤེ་ན། དེ་གསུངས་པ། ལན་ཞེས་བྱ་བ་ལ་སོགས་པ་སྟེ། ལན་གྱི་བརྡ་ནི་གཞན་ཡོད་མིན། །ཞེས་བྱ་བ་ནི་ལན་གྱི་བརྡ་བསྟན་པས་བརྡ་གཞན་གྱི་རྒྱུས་མི་སྒྲུབ་པ་སྟེ་ཡེ་ཤེས་ཀྱི་ཡུལ་གྱི་འདོད་པའམ་ཡང་ན་གོས་པ་མེད་པའོ། །དེའི་ལན་གྱི་བརྡ་ནི་ལྕེའི་ལན་གྱིས་ལྕེས་བརྡ་ལན་གྱི་ལྕེའི་
དབང་པོ་གཉིས་ཀྱི་རབ་ཏུ་སྦྱོར་བར་གསུངས་པ་སྟེ། འོན་ཀྱང་འདིར་སྔོན་དུ་བཤད་པའི་རིམ་པས་ཀུན་དུ་སྤྱོད་པ་ལ་སོགས་པ་ཤེས་པར་བྱའོ། །འདིར་ནི་བཅོམ་ལྡན་འདས་དང་རྡོ་རྗེ་ཕག་མོའི་སྒྲུབ་པའི་ཐབས་སྟོན་པའི་རྒྱུད་ཀྱི་ཚིག་གསུངས་པ། སྣ་ཚོགས་ཞེས་བྱ་བ་ལ་སོགས་པས་སོ། །ལྷག་མ་རྟོགས་པར་
སླའོ། །དཔལ་མཁའ་འགྲོ་རྒྱ་མཚོ་རྣལ་འབྱོར་མའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོའི་འགྲེལ་པ་གྲུ་གཟིངས་ལས་དཔའ་བོའི་བློ་གྲོས་མའི་རང་བཞིན་གྱི་སྤྱི་གཙུག་ལ་སོགས་པའི་ཕྱག་རྒྱ་དང་ཕྱག་རྒྱའི་ལན་བསྟན་པའི་ཆོ་གའི་མཚན་ཉིད་དང་མིང་གི་སྐབས་རྣམས་སུ་དཔའ་བོའི་བློ་གྲོས་མ་ལ་སོགས་
པའི་རྣམ་པར་གཞག་པ་དང་དཀྱིལ་འཁོར་གྱི་བདག་པོར་དེའི་རང་བཞིན་གྱི་མན་ངག་གི་མཚན་ཉིད་དང་ཀུན་དུ་སྤྱོད་པ་རྒྱས་པར་བསྟན་པ་སྟེ་ལེའུ་སུམ་ཅུ་པའི་བཤད་པ་ཡོངས་སུ་རྫོགས་སོ།། །།མིའུ་ཐུང་མ་ལ་བདག་ཕྱག་འཚལ། །ཡི་གེ་བརྡ་ནི་བྱེད་པ་མོ། །ཡེ་ཤེས་ཀྱི་ནི་རྟེན་ཅན་ཏེ། །དེ་ཡི་འགྲེལ་པ་རྒྱ་ཆེར་

བྱ། །ད་ནི་ལེའུ་སུམ་ཅུ་རྩ་གཅིག་པའི་བཤད་པ་གསུངས་པ། རབ་ཏུ་སྟོན་ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་ཕྱེད་ཀྱིས་རྡོ་རྗེ་ཕག་མོ་མིའུ་ཐུང་མའི་གཟུགས་སུ་ཞུགས་ནས་དེ་མེད་པ་རང་གི་རང་བཞིན་གྱི་བཅོམ་ལྡན་འདས་ལ་ཞུས་པ་སྟེ། ཁམས་ཐམས་ཅད་ཀྱི་ཞེས་བྱ་བ་ནི་ཡི་གེ་ཙྪོ་མའི་བརྡ་
ཡིས་གཟུགས་ལ་སོགས་པའི་ཁམས་ཐམས་ཅད་ཡེ་ཤེས་དང་ཤེས་བྱའི་རྣམ་པར་གཞག་པ་དེ་རབ་ཏུ་སྟོན་ཅིག་ཅེས་བྱ་བར་འབྲེལ་ཏོ། །དེའི་ཚེ་གང་ཞེས་བྱ་བ་ལ་སོགས་པས་བཅོམ་ལྡན་འདས་ཀྱིས་ལན་གྱི་ཚིག་གསུངས་པ། དྲི་མེད་དངོས་པོ་ཞེས་བྱ་བ་སྟེ། བརྡ་གང་ཤེས་པས་ལུས་ལ་སོགས་པའི་དངོས་
པོ་འདི་རྣམས་ཐམས་ཅད་དྲི་མ་མེད་པར་རབ་ཏུ་སྟོན་པ་གཅིག་པའི་གཟུགས་འཁོར་བའི་རྒྱུན་རྣམས་ཀྱང་དྲི་མ་མེད་པ་ཉིད་དུ་འགྱུར་བས་དེ་ཇི་ལྟ་བའི་རིམ་པས་བཤད་པར་བྱ་ཡིས་ཉོན་ཅིག་སྒྲུབ་པ་མོ་རྡོ་རྗེ་ཕག་མོ་རང་གི་རང་བཞིན་མིའུ་ཐུང་མ་རང་གི་དཔའ་བོ་དཔལ་ཧེ་རུ་ཀའི་གཟུགས་ལ་ཞུགས་པ་དེའི་བཅོམ་ལྡན་
འདས་ཀྱི་ཚིག་ཅེས་བྱ་བའི་དོན་ཏོ། །དེའི་ཚེ་ཤིན་ཏུ་དགའ་བས། ལྷ་མོ་དེས་འདི་བྱེད་པ་སྟེ་དེ་གསུངས་པས་སོ། །ཞེས་བྱ་བ་ལ་སོགས་པ་སྟེ་མཆོད་པའི་བྱེ་བྲག་གོ། །ཡེ་ཤེས་ཞེས་བྱ་བ་ནི་ཕྱག་རྒྱ་དང་ལན་གྱི་ཕྱག་རྒྱས་དམ་ཚིག་གི་སེམས་ཀྱི་གཟུགས་སུ་ཞུགས་པས་དེ་ཉིད་དེ་ལྟར་འདི་རྣམས་སུ་དབྱེ་བར་བྱ་སྟེ་
ཡེ་ཤེས་ཀྱི་རྣམ་པར་ཀྱང་ངོ་། །འཆད་པ་འགྱུར་བས་དེའི་བརྡའི་ཡི་གེ་རྣམས་གསུངས་པ། ཀ་ཁ་ཞེས་བྱ་བ་ལ་སོགས་པ་སྟེ། དེ་ལྟར་ཐུང་ངུ་དང་རིང་པོ་རིམ་པས་ཕྱག་རྒྱ་དང་ལན་གྱི་ཕྱག་རྒྱ་བརྗོད་པ་འདིས་ཤེས་པར་བྱས་ནས། ཁྱད་པར་གྱི་ཕྱག་རྒྱ་ཞེས་བྱ་བ་ནི་རྣལ་འབྱོར་གྱི་ཕྱག་རྒྱའི་རང་བཞིན་དུ་རྩ་སོ་
སོར་རབ་ཏུ་ཞུགས་པར་བྱ་སྟེ། དེ་ཉིད་དེ་ལྟར་ལུས་ཅན་ཐམས་ཅད་ཀྱི་སྒོ་གླེགས་ཀྱི་གནས་དེའི་ཚེ་ལྷག་པར་རྟོགས་པའི་ཀ་ཀཱ་ཞེས་བྱ་བ་ལ་སོགས་པ་བསམས་པས་མན་ངག་གི་སྒོ་སྦྱིན་པར་བྱའོ། །བུ་ག་གཉིས་ཞེས་བྱ་བ་ལ་སོགས་པས་ཀྱང་ངོ་། །དེ་ལྟར་སྐད་ཅིག་ལ་སོགས་པ་ནས་སྐུ་ཞེས་བྱ་བའི་
བར་དུ་བཞི་བཞི་པ་དགུ་རྣམས་ཀྱིས་དེ་ལྟར་སུམ་ཅུ་རྩ་དྲུག་ཏུ་འགྱུར་བས་ཕྱག་རྒྱའི་སྒོ་ནས་དེ་ཁོ་ན་ཉིད་རྣམས་སོ། །དེ་ལ་སྐད་ཅིག་ཅེས་བྱ་བ་ནི་རྣམ་པ་སྣ་ཚོགས་པ་དང་རྣམ་པར་སྨིན་པ་དང་རྣམ་པར་ཉེད་པ་དང་མཚན་ཉིད་དང་བྲལ་བའོ། །བདེན་པ་བཞི་རྣམས་ཞེས་བྱ་བ་ནི་ལུས་དང་ངག་

དང་ཡིད་དང་ཡེ་ཤེས་སོ། །དེ་ཁོ་ན་ཉིད་ཅེས་བྱ་བ་ནི་བདག་གི་དེ་ཁོ་ན་ཉིད་དང་སྔགས་ཀྱི་དེ་ཁོ་ན་ཉིད་དང་། ལྷའི་དེ་ཁོ་ན་ཉིད་དང་ཡེ་ཤེས་ཀྱི་དེ་ཁོ་ན་ཉིད་རྣམས་སོ། །དགའ་བ་ཞེས་བྱ་བ་ནི་དགའ་བ་དང་མཆོག་དང་བྲལ་བ་དང་ལྷན་ཅིག་སྐྱེས་པ་རྣམས་སོ། །སྡེ་རིས་ཞེས་བྱ་བ་ནི་ཐམས་ཅད་ཡོད་པར་སྨྲ་བ་ལ་སོགས་
པའོ། །འཁོར་ལོ་རྣམས་ཞེས་བྱ་བ་ནི་ལྟེ་བ་ལ་སོགས་པའོ། །ཨེ་བཾ་མཱ་ཡཱ་ཇི་ལྟ་བའི་རིམ་པ་གཞག་པ་ལས་སོ། །སྐུ་རྣམས་ཞེས་བྱ་བ་ནི་ཆོས་དང་ལོངས་སྤྱོད་རྫོགས་པ་དང་སྤྲུལ་པ་དང་ལྷན་ཅིག་སྐྱེས་པ་རྣམས་སོ། །བཞི་པོ་འདི་རྣམས་ཀྱང་དེ་ལྟར་མཁའ་འགྲོ་རྒྱ་མཚོའི་རྒྱུད་འདིར་མདོར་བསྟན་
པ་སྟེ་རྒྱས་པར་བཤད་པ་གཞན་དུ་རྟོགས་པར་བྱ་ཞེས་བྱ་བ་ནི་ཧེའི་རྡོ་རྗེ་ལ་སོགས་པ་དང་བདེ་མཆོག་གི་རྣལ་འབྱོར་རྣམས་སུ་གསུངས་པའོ། །དེ་ལྟར་རེ་རེའི་ཁམས་རྣམས་ཀྱི་སྐབས་ལས་འདིར་སྐྱེ་བར་འགྱུར་ཞེས་བྱ་བར་དགོངས་པའི་དོན་ཏོ། །འོན་ཀྱང་དེ་ལྟར་དེ་ཁོ་ན་ཉིད་སུམ་ཅུ་རྩ་དྲུག་
གི་བདག་ཉིད་མིའུ་ཐུང་མའི་མིང་གི་ཡི་གེའི་རབ་ཏུ་སྦྱོར་བ་ལས་བསྐྱེད་པ་སྟེ། དེ་གསུངས་པ། མིའུ་ཐུང་ཞེས་བྱ་བ་ལ་སོགས་པ་སྟེ་མིང་གི་ཡི་གེའི་རབ་ཏུ་སྦྱོར་བ་འདིས་ཤེས་པར་བྱ་སྟེ། སྔགས་པས་ནི་སློབ་དཔོན་གྱི་ཆོ་ག་སྔོན་དུ་སོང་བས་ཕྱག་རྒྱ་ཡེ་ཤེས་མཚོན་པར་བྱའོ། །དེ་
ལྟར་མཁའ་མཉམ་ཞེས་བྱ་བ་ལ་སོགས་པས་ཁའི་ཡི་གེའི་དོན་ཏེ། མཁའ་མཉམ་སྒོ་གླེགས་ཕྲེང་བ་ནི། །ཞེས་བྱ་བ་ནི་ནམ་མཁའི་རྣམ་པའི་རྩའི་འཁོར་ལོ་བཞིར་སྐྱེས་པ་དང་སྣ་ཚོགས་པའི་བདེ་བ་རྣམས་སུ་ཕྲེང་བའི་རྣམ་པར་གནས་པ་སྟེ། དེའི་བདག་ཉིད་ཅན་གྱི་མཁའ་སྤྱོད་ཡེ་ཤེས་དང་རྣམ་པར་
ཤེས་པའི་བདག་ཉིད་ཅན་རྣལ་འབྱོར་མ་རྣམས་དེའི་གནས་སུ་སྤྱོད་པ་ཞེས་བྱ་བ་ནི་རང་ཉིད་བདག་པོར་སྤྱོད་པར་འགྱུར་རོ། །གང་གིས་བདག་པོར་འགྱུར་བར་གསུངས་པ། དག་ཅེས་བྱ་བ་ལ་སོགས་པས་བཱའི་ཡི་གེའི་དོན་ཏེ་གང་དེ་དང་པོའི་ཡི་གེ་སྔོན་དུ་བཤད་པའི་ཐུང་ངུ་དང་རིང་པོ་དག་གིས་
བཤད་པའི་ཕྱག་རྒྱ་དང་ཕྱག་རྒྱའི་ལན་རྣམས་ཀྱིས་སོ། །དེའི་རང་བཞིན་གྱི་བདག་ཉིད་དུ་འགོག་པས་རང་གི་སེམས་ཀྱི་སྤྱོད་པར་ཉེ་བར་འགྲོ་བ་སྟེ་རྣམ་པར་རྟོག་པ་མེད་པའི་རང་བཞིན་ཞེས་བྱ་བའི་དོན་ཏོ། །དེའི་དེ་ལྟར་ངེས་པའི་ཚིག་གསུངས་པ། གསང་བ་ཞེས་བྱ་བ་ལ་སོགས་པ་སྟེ།

རིའི་ཡི་གེའི་དོན་གྱིས་སེམས་དང་སེམས་ལས་བྱུང་བ་རྣམས་ཀྱིས་གསང་བའི་ཡེ་ཤེས་ཀྱི་ཁམས་མཐའ་མ་ཡིན་པ་སྤྲོས་པ་དང་བཅས་པ་ཉིད་དོ། །སླར་ཡང་གསལ་འཐོབ་ཅེས་བྱ་བ་ནི་སྤྲོས་པ་མེད་པ་ཉིད་དེ་རང་གི་སེམས་ཀུན་རྫོབ་ཀྱི་བདེན་པ་རྣམས་ཀྱིས་སོ། །རིན་ཆེན་རྡོ་རྗེའི་བར་དུ་ལྷན་ཅིག་
སྐྱེས་པའི་གཟུགས་སྣ་ཚོགས་པའི་རྣམ་པ་རྣམས་སུ་མཐོང་བར་འགྱུར་ཏེ་རྣམ་པ་མེད་པ་ཉིད་ཀྱིས་དེའི་བལྟས་པའི་བར་དུ་ཞེས་བྱ་བ་སྟེ་རྡོ་རྗེ་དང་པདྨའི་བར་དུ་གང་མཐོང་བ་དེ་དེ་བཞིན་དུ་བཤད་དོ། །གཟུགས་དེ་རྟགས་གང་གིས་ཤེས་པར་བྱ་ཞེ་ན་དེའི་ཕྱིར་གསུངས་པ། ཐམས་ཅད་ཅེས་བྱ་བ་
ལ་སོགས་པ་སྟེ་བཞི་བཞིའི་བདག་ཉིད་ཅན་ཞེས་བྱ་བ་ནི་དགའ་བ་བཞི་པོ་དེ་ཡང་རེ་རེ་ལ་རྣམ་པ་བཞི་རྣམས་ཏེ། དེ་ཡང་ལུས་དང་ངག་དང་ཡིད་དང་ཡེ་ཤེས་ཀྱི་དགའ་བ་རྣམས་སོ། །དེ་ལྟར་ཡང་ལུས་ཀྱི་མཆོག་དགའ་ལ་སོགས་པ་སྦྱར་བར་བྱ་སྟེ་དེ་བཞིན་དུ་ལུས་ཀྱི་ལྷན་སྐྱེས་ལ་སོགས་
པས་སོ། །དེ་ལྟར་ལུས་ཀྱི་བྲལ་བ་ལ་སོགས་པས་ཀྱང་ངོ་། །དགའ་བ་བཅུ་དྲུག་རྣམས་སོ། །དེ་ཐམས་ཅད་བདེན་པའི་སྦྱོར་བདག་ཉིད་ཅེས་བྱ་བ་ནི་ལུས་ལ་སོགས་པའི་གཟུགས་ཀྱི་རང་བཞིན་དུ་ལྟ་བ་དེ་འདིས་ཞེས་བྱ་བ་སྟེ་དེ་དེ་བཞིན་དུ་བཤད་དོ། །ད་ནི་འདིའི་སླར་ཡང་རཱ་མེ་ཤྭ་རཱ་ལ་སོགས་པའི་ཡི་
གེའི་ངེས་པའི་ཚིག་བསྟན་པར་བཞེད་པ་གསུངས་པ། རཱ་མེ་ཤྭ་ར་ཞེས་བྱ་བ་ལ་སོགས་པ་སྟེ་དེ་བཞིན་དུ་དད་པའི་དབང་པོའི་ཡང་ཤེས་པར་བྱའོ། །མཆོག་ཏུ་རྨད་དུ་བྱུང་བ་ཞེས་བྱ་བ་ནི་ཡི་གེའི་རིགས་པ་འདིས་ཡེ་ཤེས་ཀྱི་རྣམ་པའི་གཟུགས་ཞེས་བྱ་བ་དེ་གསུངས་པ། འདོད་ཅེས་བྱ་བ་ལ་
སོགས་པ་སྟེ་རཱའི་ཡི་གེའི་དོན་ཏོ། །དེ་ལྟར་འདོད་ཆགས་འདོད་ཆགས་མིན་འདྲེས་པ་ཞེས་བྱ་བ་ནི་འདོད་ཆགས་དང་བྲལ་བ་ནི་བྲལ་བའི་དགའ་བའོ། །འདོད་ཆགས་ནི་མཆོག་དགའ་སྟེ་དེ་འདྲེས་པར་གྱུར་པས། སྤྱིའི་ལྷན་ཅིག་སྐྱེས་པའི་སྐད་ཅིག་ལ་ཡེ་ཤེས་ཀྱི་རྣམ་པའི་གཟུགས་མེད་པའམ་ཡང་
ན་ཡོད་པའོ། །དེའི་ཚེ་དྲི་མ་མེད་པ་དེ་རྣམས་ཀྱིས་འཁོར་བ་ལ་གནས་ཏེ་མཆོག་ཏུ་མྱ་ངན་ལས་འདས་པ་མ་ཡིན་ནོ་ཞེ་ན། དེའི་ཚེ་འདི་ཉིད་ཀྱིས་བསྐྱེད་པར་བྱ་བའི་ཕྱིར་གསུངས་པ། མེ་ནི་ཞེས་བྱ་བ་ལ་སོགས་པ་སྟེ་མེའི་ཡི་གེའི་དོན་ཏེ་དབུས་སུ་ཞེས་བྱ་བ་ནི་ལྔ་པའི་དོན་དུ་གཉིས་པ་སྟེ་དེ་ཉིད་

བཤད་པ་དབུས་ལས་བདུད་རྩིའི་གནས་ལས་ཞེས་བྱ་བ་སྟེ། བྱང་ཆུབ་ཀྱི་སེམས་འགྲོ་བའི་དུས་སུ་དེའི་དབུས་སུ་གང་དེ་ལྷན་ཅིག་སྐྱེས་པ་དེའི་དབུས་ཀྱི་བར་ལས་བསྐྱེད་པའོ། །དེ་ཉིད་ཀྱི་ཁྱད་པར་རོ། །འབྱུང་བ་ལྔའི་བདག་ཉིད་ཡིད་ལས་ཞེས་བྱ་བ་ནི་ལྷན་ཅིག་སྐྱེས་པ་ཉིད་འབྱུང་བ་ལྔའི་བདག་
ཉིད་ཅན་དེ་དེས་གཟུགས་རྣམས་སུ་སོ་སོར་སྣང་ངོ་། །རང་གི་སེམས་ཞེས་བྱ་བའི་དོན་ཏོ། །ཅིའི་ཕྱིར་འབྱུང་བ་ལྔ་ཡིན་དེའི་ཕྱིར་ཡིན་གསུངས་པ། དབུགས་ཞེས་བྱ་བ་ལ་སོགས་པ་སྟེ་ཤའི་ཡི་གེའི་དོན་ཏོ། །དེ་ལྟར་དབུགས་ཀྱི་འཁོར་ལོ་དྲུག་བརྒྱས་ལྷག་པའི་སྟོང་ཕྲག་ཉི་ཤུ་རྩ་གཅིག་སྟེ་དེ་
ཡང་འཕོ་བ་བཅུ་གཉིས་ཀྱི་དབྱེ་བ་རྣམས་ཀྱིས་དཀྱིལ་འཁོར་ལྔ་ལྔར་འགྱུར་ཏེ། ས་དང་ཆུ་དང་མེ་དང་རླུང་དང་ནམ་མཁའི་རང་བཞིན་རྣམས་ཏེ་དེ་ལྟར་རྒྱུན་དུ་དེའི་ཞེས་བྱ་བ་ནི་ལྷན་ཅིག་སྐྱེས་པའི་གཟུགས་འབྱུང་བ་ལྔའི་བདག་ཉིད་ལས་སྐྱེ་བར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དེ་བཞིན་གཤེགས་
པ་བཟའ་བར་བྱ་བ་ནི་དེ་བཞིན་ཉིད་ཀྱི་སར་རབ་ཏུ་ཞུགས་ཤིང་གཤེགས་པ་ནི་དེ་བཞིན་གཤེགས་པ་སྟེ་དེའི་ཚེ་དེ་རྣམས་སུ་འབྱུང་བ་ལྔ་རྣམས་ཟ་བ་སྟེ་དམིགས་པ་མེད་པར་བྱས་པའི་དོན་དུ་དགོངས་པའོ། །འདིའི་དེ་ལྟར་བྱས་པ་གསུངས་པ་རོལ་ཞེས་བྱ་བ་ལ་སོགས་པ་སྟེ། རའི་ཡི་
གེའི་དོན་གྱིས་ཀྱང་ངོ་། །འདིར་ལྷ་རྣམས་ནི་མིག་ལ་སོགས་པའོ། །ཕུང་པོ་ལ་སོགས་པ་རྣམས་དང་ལག་པ་དང་རྐང་པ་ལ་སོགས་པ་དང་དབང་པོའི་བྱ་བ་ལ་སོགས་པ་རྣམས་ནི་ཀླུ་རྣམས་སོ། །ཡན་ལག་སྣ་ཚོགས་པ་ལ་སོགས་པའི་ཁམས་རྣམས་དང་སྐྱེ་མཆེད་ལ་སོགས་པ་
རྣམས་ཏེ་དེ་རྣམས་ལ་མཁས་པས་རོལ་པ་ནི་སྔོན་དུ་བཤད་པའི་སྦྱོར་བ་ལ་གོམས་པས་རྩེ་ཞིང་ཀུན་ནས་འཁོར་བའི་འཁོར་ལོར་གནས་པས་སོ། །དེས་མངོན་པར་དུས་ཐམས་ཅད་དུ་སྐད་ཅིག་ཐམས་ཅད་དུ་འཕོའོ་ཞེས་བྱ་བ་ནི་སྣ་ཚོགས་པའི་གཟུགས་སྤྲོའོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་
གཟུགས་ཡང་གང་འདྲ་ཞེ་ན། དཔེ་ནི་བོ་ལ་ཀཀྐོ་ལ་ལ་སྐྱེ་བར་འགྱུར་ཏེ། གཟུགས་གཞན་མང་པོ་དེའི་ཕྱིར་གསུངས་པ། དགུ་ཞེས་བྱ་བ་ལ་སོགས་པ་སྟེ། སྒོ་དགུའི་བདག་ཉིད་ནམ་མཁའ་ནི། །ཞེས་བྱ་བ་ནི་རྩ་དབུ་མ་སྟེ་དེའི་སྒོ་རྣམས་ནི་མིག་ལ་སོགས་པ་རྣམས་ཏེ་དེ་རྣམས་ཀྱི་དབུས་སུ་ཇི་ལྟར་

ཁྱིམ་དང་ཁང་པ་བརྩེགས་པ་བཞིན་ནོ། །ནམ་མཁའ་ཞེས་བྱ་བ་ནི་དེ་མངོན་པར་ཤེས་ནས་བཞི་འགྱུར་ཞེས་བྱ་བ་ནི་མངོན་དུ་བཤད་པའི་མི་ཕྱེད་མ་ལ་སོགས་པའི་རྩ་སྟེ་དེ་ལྟར་ཞེས་བྱ་བ་ལ་སོགས་པས་དེ་དེ་བཞིན་དུ་གསུངས་སོ། །དེ་ལྟར་སྒོ་འདི་རྣམས་ཀྱི་རྡོ་རྗེ་ཕག་མོས་སྤྲུལ་པའི་སྐུ་
མིའུ་ཐུང་མ་ལྟ་བུར་འདྲི་བ་གསུངས་པ། སྒོ་ཞེས་བྱ་བ་ལ་སོགས་པ་སྟེ། དབྱེ་བ་ཞེས་བྱ་བ་ནི་རྣམ་པར་ཤེས་པའི་འགྲོ་བ་ཡོན་ཏན་སྐྱོན་ཀྱང་ཀྱེ་བཅོམ་ལྡན་འདས་མི་ཤེས་པས་དེའི་རང་བཞིན་ཇི་ལྟར་འགྱུར་ཞེས་སོ། །དེ་ཉིད་ཀྱི་ལན་གསུངས་པ། ཉོན་ཞེས་བྱ་བ་ལ་སོགས་པས་ཏེ། འདིས་ཐ་མལ་པའི་འཁོར་བ་པ་
རྣམས་ཀྱི་དགེ་བ་དང་མི་དགེ་བའི་ལས་རྣམས་སེམས་ཅན་རྣམས་ཀྱི་འཕོ་བའི་དུས་སུ་བཤད་པར་འགྱུར་རོ། །དེའི་ཕྱིར་རྣལ་འབྱོར་པ་རྣམས་ཀྱི་སྒོ་གླེགས་སྦྱིན་པར་བྱ་སྟེ་ནམ་མཁའི་རྣམ་པ་ཉིད་ཀྱིས་ཡེ་ཤེས་དང་རྣམ་པར་ཤེས་པའི་གཟུགས་རྫོགས་པ་སྟེ་ཐར་པའི་གཟུགས་ཀྱི་ཕྱག་རྒྱ་ལས་ཞེས་བྱ་བ་ནི་
ངེས་པའོ། །གཞན་རྟོགས་པར་སླའོ། །ད་ནི་རྣལ་འབྱོར་མ་རྣམས་ཀྱི་སྔོན་དུ་བཤད་པའི་ཡེ་ཤེས་ཀྱི་རྣམ་པའི་གཟུགས་དེ་རྣམས་ཀྱིས་རྣམ་པར་དག་པ་སྒོམ་པའི་ལམ་རྣམས་སུ་གསལ་བར་མཛད་པ་གསུངས་པ། རྣམ་དག་ཅེས་བྱ་བ་ལ་སོགས་པ་སྟེ་ཡེ་ཤེས་གསུམ་ཞེས་བྱ་བ་ནི་དེ་ལྟར་བརྩོན་འགྲུས་ཀྱི་དབང་པོའི་ཡེ་ཤེས་དང་
གཉིས་པ་དཀྱིལ་འཁོར་གྱི་འཁོར་ལོ་སྒོམ་པ་དང་གསུམ་པ་རྡོ་རྗེ་དཀར་མོ་ལ་སོགས་པའི་ས་བོན་རྣམས་སུ་སྟེ། ཀྵུཾ་ཡུཾ་ཧུཾ་སུཾ་སྨྼྻུཾ་ཧྨྼྻུཾ་ཡྨྼྻུཾ་ཀྵྨྼྻུཾ་ཧྱུཾ་ཞེས་བྱ་བའོ། །འདིར་བརྩོན་འགྲུས་ཀྱི་དབང་པོ་ལྷན་ཅིག་སྐྱེས་པའི་རྫོགས་པའི་བྱང་ཆུབ་ཀྱི་རང་བཞིན་ནོ། །ད