Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 20

Văn bản gốc(Tây Tạng)

Trang 13 / 21 (50.000 ký tự/trang)
ད་དང་དེ་བཞིན་དུ་འཁོར་ལོ་བྱས་པས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཀྱི་རྒྱུ་ཞེས་བྱ་བའི་དོན་ཏོ། །དེ་བཞིན་དུ་ཡང་གསུངས་པ། གཏོར་མ་དབུས་བདག་ཉིད་སྦྱོར་བས། ཆོ་ག་དང་ནི་བཅས་པས་བྱ། །ཕྱི་རོལ་ལྷ་མོ་མཐོང་བ་ལས། །ཕྱག་རྒྱའི་
དངོས་གྲུབ་མི་འཐོབ་པོ། །འཁོར་ལོ་ཡང་ན་དཔའ་བོ་སོགས། །མཆོད་པ་ཡང་ནི་ལྟ་བ་སྟེ། །བཟའ་དང་བཏུང་བ་བཟའ་ཆེན་དང་། །བཏུང་བྱ་བལྡག་བྱ་ལ་སོགས་བྱ། །བཟའ་བས་ཐམས་ཅད་མཁྱེན་པ་འཐོབ། །བཏུང་བས་རྣམ་པར་རྟོག་པ་སྤོང་། །བཟའ་བས་རྣལ་འབྱོར་

རྫོགས་པའོ། །བཏུང་བྱས་དངོས་གྲུབ་ཐམས་ཅད་འགྲོ། །བལྡག་བྱས་ཆོས་ནི་སྟོན་པའོ། །མཆོད་པས་སེམས་ཅན་འདུལ་བ་སྟེ། །བདུག་སྤོས་ཀྱིས་ནི་ཡེ་ཤེས་བྱེད། །དྲི་ཡིས་གཉིས་མེད་འཐོབ་པར་འགྱུར། །མེ་ཏོག་བདེ་ཀུན་ཕུན་སུམ་ཚོགས། །མར་
མེས་ཡེ་ཤེས་སྐྱོབ་པའོ། །ལྷ་བཤོས་ཀྱིས་ནི་སེམས་ཅན་ཀུན། །འགེངས་བྱེད་གང་གིས་དུས་ཤེས་སོ། །སིལ་སྙན་གྱིས་ནི་སྐད་ཀུན་གྱིས། །ཆོས་སྟོན་བྱེད་དེ་ཕྱག་གིས་ནི། །མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས། །ལག་པ་ཁ་སྦྱར་བས་བསམ་གཏན། །དེ་སོགས་ཡོན་
ཏན་དུ་མ་ནི། །ཇི་ལྟར་རྒྱུད་དུ་གསུངས་པའོ། །ཞེས་བྱ་བ་ནི་ངེས་པའོ། །དཔལ་མཁའ་འགྲོ་རྒྱ་མཚོ་རྣལ་འབྱོར་མའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོའི་འགྲེལ་པ་གྲུ་གཟིངས་ལས་གཏོར་མ་དང་འཁོར་ལོ་མཆོད་པའི་མཚན་ཉིད་ཀྱི་ཆོ་ག་རྒྱས་པར་བསྟན་པ་སྟེ་ལེའུ་ཉི་ཤུ་རྩ་གསུམ་པའི་བཤད་
པའོ།། །།འཇམ་པའི་རྡོ་རྗེར་ཕྱག་བྱས་ནས། །དཀྱིལ་འཁོར་འདོད་པ་ཀུན་སྟེར་བའི། །ཡེ་ཤེས་ཐིག་སོགས་ཐམས་ཅད་ཀྱི། །འགྲེལ་པ་སླར་ཡང་བྲི་བར་བྱ། །སྣ་ཚོགས་རྡོ་རྗེ་སེམས་དཔའ་ཡི། །གང་ཞིག་རྟག་ཏུ་ཐབ་ཁུང་བྱེད། །སློབ་དཔོན་མཆོད་པ་ཁྱད་པར་
འཕགས། །མཆོག་གི་གོ་འཕང་སྟེར་བར་བྱེད། །ད་ནི་དཀྱིལ་འཁོར་གྱི་ཐིག་གདབ་པ་ལ་སོགས་པ་ལེའུ་ཉི་ཤུ་རྩ་བཞི་པའི་བཤད་པ་གསུངས་པ། དེ་ནས་གཞན་ཞེས་བྱ་བ་ལ་སོགས་པ་སྟེ། དཀྱིལ་འཁོར་ནི་ཐར་པའི་གྲོང་ཁྱེར་ཏེ། མཆོག་གི་དངོས་གྲུབ་སྟེར་བའོ། །དེའི་
ཐིག་གདབ་པ་ནི་ཇི་ལྟར་ཡོངས་སུ་རིམ་པས་དེ་ཡང་དག་པར་བཤད་པར་བྱའོ་ཞེས་བྱ་བར་འགྲེལ་ལོ། །དེ་ལྟར་སྦྱིན་སྲེག་གི་ཐབ་དང་དེ་བཞིན་དུ་སློབ་དཔོན་མཆོད་པའི་མདོར་བསྟན་པའི་ཚིག་རྣམས་ཏེ། འདི་རྣམས་ཀྱི་རྒྱས་པར་བཤད་པའི་ཚིག་རྣམས་གསུངས་པ། དཀྱིལ་
འཁོར་ཞེས་བྱ་བ་ལ་སོགས་པ་སྟེ། ཁྲུ་བརྒྱད་ཅེས་བྱ་བ་ནི་དུམ་བུ་བཞི་པའི་དཀྱིལ་འཁོར་གྱིའོ། །རི་བོ་ཞེས་བྱ་བ་ནི་སྐྱེ་བོ་མེད་པའི་གནས་རྣམས་སུ་སྟེ། སོགས་པའི་སྒྲས་གཙུག་ལག་ཁང་དང་ཁང་པ་དང་དུར་ཁྲོད་ལ་སོགས་པ་རྣམས་སུ་བྱའོ། །དེ་ལྟར་ས་གཞི་ཡོངས་

སུ་བཟུང་བ་བྱས་ནས་དེར་པུས་མོ་ཙམ་རྣམ་པར་དག་པར་བྱ་བའི་ཕྱིར་བརྐོ་བར་བྱས་ཏེ་གྱོ་མོ་ལ་སོགས་པ་བསལ་ལ་སླར་ཡང་དེར་དབུས་སུ་མཐོ་གང་ཙམ་བརྐོས་ནས་ཤིས་པ་ཡོངས་སུ་བརྟག་པའི་ཕྱིར་ཆུས་ཡོངས་སུ་དགང་བར་བྱའོ། །ལྷག་མ་དེ་དེ་བཞིན་དུ་གསུངས་པ་བྱའོ། །
འོན་ཀྱང་ས་དེས་དེ་ལྟར་གང་བར་བྱའོ། །ཆད་པ་དང་ལྷག་པ་སླར་མཚོན་པར་བྱའོ། །དེ་ལྟར་རུས་སྦལ་གྱི་རྒྱབ་ཀྱི་རྣམ་པ་ནུབ་དང་ལྷོ་འཕར་བ་ཤར་དང་བྱང་གཞོལ་བར་བྱའོ། །དེ་ཡང་དང་པོ་དེ་ལྟར་སྦྱིན་སྲེག་བྱས་ནས་ཕྱིས་དེར་དཀྱིལ་འཁོར་བྲི་བར་བྱའོ། །ས་གཤེགས་སུ་གསོལ་
བ་དང་སྤྱན་དྲང་བ་སྔོན་དུ་སོང་བས་འདིར་ཐིག་གཉིས་ཞེས་བྱ་བ་ལ་སོགས་པ་སྟེ། དཀྱིལ་འཁོར་གྱི་ཆ་སྐུད་པ་དང་རྡོ་རྒྱུས་ཀྱིས་ཐིག་ལ་སོགས་པ་གདབ་པར་བྱའོ། །དེ་ལྟར་ནིའི་སྒྲར་ཟུར་གྱི་ཐིག་གཉིས་ཀྱང་བཏབ་ནས་དེ་ནས་ཚངས་པའི་ཐིག་གི་ལོགས་གཉིས་སུ་ཞེས་བྱ་བ་
ནི་ལྷོ་དང་བྱང་དག་དང་དེ་བཞིན་དུ་ཤར་དང་ནུབ་དག་ཏུའོ། །དེ་ལྟར་སུམ་ཅུ་རྩ་གཉིས་གཉིས་ཞེས་བྱ་བ་ནི་ལོགས་གཉིས་སུ་གདབ་པར་བྱའོ། །སར་ཡང་དེ་རྣམས་དབུས་སུ་གདབ། །ཅེས་བྱ་བ་ནི་ཐིག་སུམ་ཅུ་རྩ་གཉིས་པོ་རྣམས་ཀྱི་དབུས་སུ་སུམ་ཅུ་རྩ་གཉིས་པ་གདབ་
པོ། །དེ་རྣམས་ཀྱི་དབུས་སུ་སུམ་ཅུ་རྩ་གཉིས་པོ་གཉིས་ཀྱི་དབུས་སུ་དྲུག་ཅུ་རྩ་བཞི་རྣམས་གདབ་པོ། །སླར་ཡང་དེ་དང་མཉམ་ཞེས་བྱ་བ་ནི་བརྒྱ་ཉི་ཤུ་རྩ་བརྒྱད་རྣམས་ཀྱི་དབུས་སུ་བརྒྱ་ཉི་ཤུ་རྩ་བརྒྱད་རྣམས་གདབ་པོ། །སྤྱིར་ནི་འཁོར་ལོ་བཞི་པོ་ལ། །ཞེས་བྱ་བ་ནི་ངོས་གཅིག་ལ་དེ་
བཞིན་དུ་གསུངས་སོ། །དེ་ལྟར་ལོགས་བཞི་རྣམས་སུ་སྟོང་ཕྲག་གཅིག་དང་དེ་བཞིན་དུ་ཉི་ཤུ་རྩ་བཞིར་འགྱུར་རོ། །ཀུན་ནས་དུམ་བུ་བཅུ་དྲུག་ཅེས་བྱ་བ་ནི་ཚངས་པའི་ཐིག་ནས་བརྩམས་ནས་ཚོན་སྣ་ལྔའི་ནང་གི་མཐར་དུམ་བུ་གཉིས་བལྟ་བར་བའོ། །ལྷག་མ་ཞེས་བྱ་བ་ལ་
སོགས་པ་རྟོགས་པར་སླའོ། །ད་ནི་སྦྱིན་སྲེག་གི་ཐབ་རྣམས་གསུངས་པ། ཞི་བ་ཞེས་བྱ་བ་ལ་སོགས་པ་སྟེ། དེ་ལྟར་ཕྱི་དང་ནང་གི་བདག་ཉིད་ཐམས་ཅད་རྟོགས་པར་སླའོ། །དེ་ལྟར་རྟག་ཏུ་སློབ་དཔོན་ཞེས་བྱ་བ་ལ་སོགས་པས་སློབ་དཔོན་གྱི་མཆོད་པ་དང་ཡོན་ལ་སོགས་

པ་གསུངས་སོ། །དེ་ཐམས་ཅད་རྟོགས་པར་སླའོ། །འདིར་བཤད་པ། དཀྱིལ་འཁོར་སྦྱིན་སྲེག་ལས་རྣམས་དང་། །སློབ་དཔོན་གྱིས་ནི་མཆོད་པ་རྣམས། །སྐྱེ་བ་འདི་ལ་སྒྲུབ་པ་པོ། །བྱས་པ་སངས་རྒྱས་ཉིད་འཐོབ་བོ། །ས་བོན་རྣམས་ལས་འབྲས་རྫོགས་པ། །
སྐུ་གསུང་ལ་སོགས་ཡོན་ཏན་ཆེ། །འདིར་ནི་ལུས་སོགས་དག་པ་ཡང་། །རྫས་དག་བདག་ཉིད་ཆེ་བས་སོ། །དེ་ལ་སོགས་པ་མཐའ་ཡས་པས། །ཀུན་རྫོབ་དག་པ་སྔོན་སོང་བས། །རྡོ་རྗེ་འཆང་སོགས་གཙོ་བོ་ནི། །ཐར་པ་ཆེན་པོ་འཐོབ་པའོ། །དུས་ཐམས་ཅད་དུ་དགོས་པ་
ནི། །ཕུན་ཚོགས་པ་ཀུན་སྒྲུབ་བྱེད་པ། །དེ་ཡིས་དགོས་པ་གྱི་ནས་ནི། །ཕྱག་རྒྱས་ལྷན་ཅིག་འགྲུབ་པའོ། །འདི་གསུངས་ཞེས་བྱ་བ་ལ་སོགས་པ་སྔོན་བཞིན་དུ་རྟོགས་པར་སླའོ། །དཔལ་མཁའ་འགྲོ་རྒྱ་མཚོ་རྣལ་འབྱོར་མའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོའི་འགྲེལ་པ་གྲུ་གཟིངས་ལས་
དཀྱིལ་འཁོར་གྱི་ཐིག་ལ་སོགས་པ་དང་སྦྱིན་སྲེག་གི་ཐབ་ཀྱི་མཚན་ཉིད་ཀྱི་ཆོ་ག་དང་དེ་བཞིན་དུ་སློབ་དཔོན་གྱི་མཆོད་པ་རྒྱས་པར་བསྟན་པ་སྟེ་ལེའུ་ཉི་ཤུ་རྩ་བཞི་པའི་བཤད་པའོ།། །།རབ་ཏུ་མི་གནས་མྱ་ངན་ལས། །རྒྱལ་བ་སྐུ་རྣམས་ཀུན་དུ་འགྲོ། །མཆོག་ཏུ་གཉིས་མེད་
ལ་ཕྱག་འཚལ། །རབ་ཏུ་གནས་པ་ཀུན་རྫོབ་མཆོག །ཕྱག་འཚལ་དག་པའི་དངོས་བདག་ཉིད། །འོད་གསལ་རྣམ་པ་ཆེན་པོ་སྟེ། །སོ་སོའི་གཟུགས་ཀྱིས་དངོས་རྣམས་ཀྱི། །ཡང་ནི་འགྲེལ་པ་རྒྱ་ཆེར་བྱ། །ད་ནི་ལེའུ་ཉི་ཤུ་རྩ་ལྔ་པའི་བཤད་པ་གསུངས་པ། དེ་ནས་
བཤད་ཅེས་བྱ་བ་ལ་སོགས་པ་སྟེ། རབ་གནས་ཞེས་བྱ་བ་ནི་རྣམ་པ་གཉིས་ཏེ། འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པ་རྣམས་སོ། །དེ་བཤད་པར་བྱའོ། །འཁོར་བའི་སྲིད་པ་སྒྲོལ་བ་པོ། །ཞེས་བྱ་བ་ནི་འཁོར་བ་ནི་སྲིད་པ་སྟེ། འཁོར་བའི་སྲིད་པའོ། །དེ་ལ་འདོན་པ་རྣམ་
པ་གཉིས་ཅི་དགོས་ཤེ་ན། ཡང་དག་པར་འཁོར་བས་སེམས་ཅན་སྲིད་པ་རྣམས་སུ་རྣལ་འབྱོར་གྱི་དབང་ཕྱུག་སྟེ། ཇི་ལྟར་ཆུ་གཏེར་དུ་ཚོང་པ་གྲུ་གཟིངས་ལ་ཕྱིན་པའི་ཐབས་ཀྱིས་ཕ་རོལ་དུ་འགྲོའོ། །དེ་བཞིན་དུ་རྣལ་འབྱོར་གྱི་དབང་ཕྱུག་སྲིད་པའི་རྒྱ་མཚོར་མི་རྟག་པའི་

གྲུས་འགྲོ་བའི་ཐབས་ཀྱིས་རབ་ཏུ་གནས་པའི་ཆོས་ཀྱིས་མྱ་ངན་ལས་འདས་པའི་ཕ་རོལ་ཏུ་སྒྲོལ་བའོ། །དེའི་ཕྱིར་འཁོར་བའི་སྲིད་པ་སྒྲོལ་བ་པོ་ཞེས་བྱའོ། །དེ་ལྟར་རྣལ་འབྱོར་མའི་རྒྱུད་ཀྱི་རྒྱལ་པོ་དཔལ་མཁའ་འགྲོ་རྒྱ་མཚོ་སྨྲ་བའི་རབ་ཏུ་གནས་པ་བྱ་སྟེ་དེའི་ཚེ་ཉེ་བར་མཁོ་བ་ཀུན་
རྣམས་ཀྱིས་ཞེས་བྱ་བ་ནི་མདོར་བསྡུ་ན་རྣམ་པ་བཅུ་རྣམས་ལ་རྒྱས་པར་ནི་རྣམ་པ་དུ་མ་རྣམས་སོ། །བཅུ་ཞེས་བྱ་བ་ནི་གསེར་གྱི་རང་བཞིན་གྱི་སྤུ་གྲི་དང་ཐུར་མ་དང་འབོལ་སྟན་དང་། དག་བྱེད་རྣམས་དང་གསེར་གྱི་ཡུ་བ་ཅན་གྱི་རྔ་ཡབ་དང་ཡན་ལག་གི་སྣོད་བྷེ་རི་དང་བུམ་པ་དང་
ཌ་ཀ་རྣམས་ཏེ་བཅུའོ། །གཞན་ཡང་ཁྲུས་ཀྱི་ཉེ་བར་མཁོ་བ་རྣམས་དང་དེ་བཞིན་དུ་དཀྱིལ་འཁོར་གྱི་ལས་རྣམས་ཀྱི་གང་དགོས་པ་དེ་ཐམས་ཅད་གཟུང་བར་བྱའོ། །ཡོངས་སུ་སྦྱངས་པའི་སློབ་དཔོན་གྱིས་རྒྱུན་དུ་དུས་རྟག་ཏུ་གཞན་ལ་ཕན་པར་སློབ་དཔོན་གྱིས་བྱའོ། །འདི་ལྟ་
བུ་ནི་དགོས་པའོ། །ཇི་ལྟར་གཞན་དུ་ཞེས་བྱ་བ་ནི་དེ་ཁོ་ན་ཉིད་འདུས་པ་ལ་སོགས་པ་སྣ་ཚོགས་པའི་རྒྱུད་དུ་མ་རྣམས་སུ་རབ་གནས་ལ་ཉེ་བར་མཁོ་བ་ལ་སོགས་པ་གསུངས་པ། དེ་རྣམས་ཐམས་ཅད་དེ་བཞིན་དུ་བཤད་དོ། །རང་བཞིན་ཞེས་པ་ཞེས་བྱ་བ་ནི་གང་འདྲ་བའི་དངོས་པོ་
ཐམས་ཅད་རྣམ་པར་དཔྱད་པར་གྱུར་པས་རྣམ་པ་ཐམས་ཅད་མི་བདེན་པ་ཉིད་དོ། །གལ་ཏེ་དེ་སྲིད་དུ་རབ་ཏུ་གནས་པའི་སྒྲ་ནི་རྣམ་པ་དང་བཅས་པ་འཇིག་རྟེན་པ་རྣམས་ཀྱི་བསོད་ནམས་ཀྱི་ཚོགས་ཀྱི་རྒྱུ་ཆེན་ནོ། །དེའི་ཚེ་ཇི་ལྟར་མི་བདེན། དེས་ན་ཐམས་ཅད་དོན་མེད་པར་འགྱུར་རོ་ཞེ་ན་
བཤད་པ། དེ་ནི་བདེན་ཏེ་འོན་ཀྱང་ཆོས་ཐམས་ཅད་ཀྱི་རང་བཞིན་ནི་མེད་དོ། །དེ་ཇི་ལྟར་སྐྱེས་པ་རབ་ཏུ་ཐིམ་པ་ཉིད་དུ་འགྱུར་ཞེ་ན། འཇིག་རྟེན་གྱི་ཁམས་ལ་སོགས་པ་དེའི་རྐྱེན་ཙམ་དུ་སོ་སོར་སྣང་ངོ་། །འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་ཡང་ངོ་། །དེའི་ཕྱིར་འདི་རྣམས་
ཐམས་ཅད་སྒྱུ་མའི་རང་གི་མཚན་ཉིད་དོ། །དེ་བཞིན་དུ་ཡང་གསུངས་པ། རྐྱེན་གྱིས་སྲིད་དང་མྱ་ངན་འདས། །འཇིག་རྟེན་འཇིག་རྟེན་འདས་དེ་བཞིན། །རང་བཞིན་བདག་མེད་པ་ཡི་གཟུགས། །དངོས་དང་ཡེ་ཤེས་མི་བདེན་པའོ། །སྣང་བ་ཡང་ནི་མི་བདེན་ཏེ། །གང་ཟག་

རྣམས་ཀྱིས་ཀྱང་གཞག་པའོ། །དེ་ཡིས་བདག་མེད་པ་ཡི་གཟུགས། །སྒྱུ་མ་སྣ་ཚོགས་ཉིད་ཡོངས་ཤེས། །དེའི་དོན་འདིར་ཡང་གང་ཟག་སྒྱུ་མ་བདག་མེད་པ་བཅོམ་ལྡན་འདས་ཀྱི་ཚིག་གིས་གསུངས་པ། རབ་གནས་སྒྱུ་མའི་ཞེས་བྱ་བ་ལ་སོགས་པ་དེ་རྣལ་
འབྱོར་པ་རྣམས་ཀྱི་རང་གི་སེམས་ཀྱི་ལུས་ཀྱི་དངོས་པོའི་སྒྱུ་མ་གང་ཟག་གི་བདག་མེད་པ་དེའི་རབ་ཏུ་གནས་པ་སྒྱུ་མའི་གཟུགས་སུ་གཟུང་བར་བྱའོ། །འདིར་གལ་ཏེ་ལུས་ཀྱི་དངོས་པོ་གང་ཟག་གི་གཟུགས་སོ་སོར་བདག་མེད་པའི་མཚན་ཉིད་དེ་ཇི་ལྟར་སེམས་སོ་སོར་འགྱུར། འོ་ན་
རྣམ་པ་ཐམས་ཅད་ཐིམ་པར་གྱུར་པའི་སེམས་ནམ་མཁའི་མཚན་ཉིད་དུ་འགྱུར་རོ་ཞེ་ན། དེའི་ཚེ་མ་མཐུན་ནོ། །དེ་ནི་མ་ཡིན་ཏེ་ཇི་ལྟར་མ་ཡིན། ལུས་ལ་བརྟེན་པའི་སེམས་ཅན་རྣམས་ཀྱི་རང་གི་སེམས་སྣ་ཚོགས་པའི་དངོས་པོའི་རང་བཞིན་ཏེ་དེའི་ཚེ་གང་ཟག་གི་སེམས་དེ་ཉིད་ལུས་
ཀྱི་རང་བཞིན་གྱི་བདག་མེད་པའོ། །དེ་ལྟར་གང་ཟག་གི་བདག་མེད་པ་སྟེ། བསྒོམས་པའི་རང་རང་གི་ལྷག་པའི་ལྷ་ལ་སོགས་པ་ཡང་ངོ་། །དེའི་ཕྱིར་ལུགས་མའམ་ཐང་ཀ་རྣམས་སམ་དམ་པའི་ཆོས་ལ་སོགས་པ་དེའི་གཟུགས་སུ་རབ་ཏུ་གནས་པར་བྱ་སྟེ། རང་གི་གཟུགས་
རང་གི་རྣལ་འབྱོར་ལས་བྱུང་བ་ཕྱི་རོལ་དུ་ལུགས་མ་ལ་སོགས་པར་དམིགས་པར་འཕྲོ་བ་སྟེ། གང་གི་ཚེ་དེ་དུས་སུ་དེ་ལྟར་བྱུང་བ་ཞེས་བྱ་བ་ནི་རང་གི་རང་བཞིན་ལས་བྱུང་བའི་དུས་རྣམས་སུ་གང་དང་གང་གི་ལྷ་འདིའི་སྣ་ཚོགས་པའི་རྒྱུད་ཀྱི་དགོངས་པ་རྣམས་ཀྱིས་དེའི་སྐུར་
ཞེས་བྱ་བ་ལ་སོགས་པ་སྟེ་རྟོགས་པར་སླའོ། །ད་ནི་རབ་གནས་ཀྱི་ངེས་པའི་ཚིག་གསུངས་པ། བཞུགས་ཞེས་བྱ་བ་ལ་སོགས་པ་སྟེ། འདིར་འདུས་པ་ལ་སོགས་པའི་རྒྱུད་རྣམས་སུ་བཞུགས་པའི་གནས་གང་མདོར་བསྟན་པ་གསུངས་ཏེ། འདི་སྐད་བདག་གི་
ལ་སོགས་པ་ནས་བཞུགས་སོའི་བར་དུ་ཐོག་མའི་ངག་སྟེ། དེར་ཆོས་དང་ཆོས་ཉིད་ཀྱི་མཚན་ཉིད་ཀྱིས་བཅོམ་ལྡན་འདས་ཀྱི་གཟུགས་ཡང་དག་པར་གཞག་པ་ཆོས་ཐམས་ཅད་དང་གཅིག་ཏུ་འདྲེས་པར་གྱུར་པས་བདེ་བ་ཆེན་པོའི་རྣམ་པའི་བདག་ཉིད་ཅན་གྱི་འདུ་ཤེས་

དེས་ཡང་སྣ་ཚོགས་པའི་དམ་པའི་ཆོས་བསྟན་པའི་འདུ་ཤེས་རྣལ་འབྱོར་དང་རྣལ་འབྱོར་མའི་རྒྱུད་རྣམས་སུ་འདིས་བྱས་པ་ཡོད་པས་དམ་པའི་ཆོས་ལ་སོགས་པ་དེ་ཐམས་ཅད་འདི་ཉིད་དུ་བཞུགས་པའོ། །གནས་གང་རྣམས་སུ་དུས་ཐམས་ཅད་དུ་རབ་ཏུ་གནས་པ་ཡིན། དེ་ལྟར་
འདིར་ཡང་འདུ་ཤེས་བརྗོད་པར་བྱ་སྟེ། དེ་ཉིད་གསུངས་པ། ཨེའི་ཡི་གེ་ཞེས་བྱ་བ་ལ་སོགས་པ་སྟེ་འདིར་བདག་གིས་ཡང་མདོར་བསྡུས་པར་བྱེད་པ་བཤད་པ་ཨེའི་ཡི་གེར་ཆོས་ཀྱི་འབྱུང་གནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཆོས་ཀྱི་དབྱིངས་ཀྱི་ཕྱག་རྒྱ་དང་ཨ་ཝ་དྷཱུ་ཏཱི་པདྨའི་ལྟེ་བ་ལའོ། །
དབྱིབས་ཐོབ་བྱས་ནས་ཞེས་བྱ་བ་ནི་རྣལ་འབྱོར་པས་སྔོན་དུ་རྣལ་འབྱོར་ལ་གོམས་པར་བྱས་པ་གསལ་བ་ཕྱིས་སེམས་ཅན་གྱི་དོན་གྱི་དབང་གིས་ཐམས་ཅད་དམིགས་པར་བྱའོ། །དེ་ལྟར་གནས་འདིར་སུའི་རབ་ཏུ་གནས་པ་གསུངས་པ། བཾ་ཡིག་རྡོ་རྗེ་སེམས་དཔའ་ཞེས་བྱ་
བ་སྟེ་གཅིག་གི་ཚིག་གིས་མང་པོའི་ཚིག་སྟེ་རྡོ་རྗེ་སེམས་དཔའ་ཅན་ཞེས་བྱའོ། །བཞུགས་ཚུལ་སྣ་ཚོགས་པའི་བདག་ཉིད་ཅན་རྣམས་ཀྱི་ལུགས་མ་ལ་སོགས་པ་རྣམས་ཀྱིས་རབ་ཏུ་གནས་པ་རྡོ་རྗེ་སེམས་དཔའི་བདག་ཉིད་ཅན་ཞེས་བྱ་བའི་དོན་ནོ། །དེ་བཞིན་དུ་པཾ་གི་ཡི་གེ་ལ་
རྡོ་རྗེའི་སྟེ་རྡོ་རྗེའི་སྙིང་པོ་ལ་སྟེ་རང་གི་རིག་པའི་བྱང་ཆུབ་ཀྱི་སེམས་འོད་གསལ་བའོ། །མའི་ཡི་གེ་ཕྱག་རྒྱ་ཆེན་པོ་གཉིས་སུ་མེད་པའོ། །དེ་ལྟར་ཐེག་པ་བཞི་ལ་སོགས་པ་གང་དྲན་པ་རབ་ཏུ་གནས་པ་ནི་གླེང་གཞི་རྣམས་སུ་ཕྱག་རྒྱ་ཆེན་པོའི་བདག་ཉིད་ཅན་ནོ། །སོགས་པའི་
སྒྲས་མུ་སྟེགས་པའི་ཁང་པ་དང་ལྷ་ཁང་དང་ཁྲོན་པ་དང་རྫིང་ལ་སོགས་པ་སྟེ། མདོར་ན་ཁམས་གསུམ་དེའི་དངོས་པོ་གང་ཡིན་པར་རིག་པར་བྱའོ། །མིང་གི་འདུ་ཤེས་ཀྱིས་དེའི་ཞེས་བྱ་བ་ནི་དེ་དེ་བཞིན་དུ་བཤད་དོ། །ཐོས་པ་གཅིག་པ་སྔགས་ཀྱི་དོན། །ཞེས་བྱ་བ་ནི། གང་མིང་
དང་སྒྲའི་ཡུལ་གཞོམ་དུ་མེད་པ་ལ་སོགས་པའི་སྒྲ་ཐོས་པ་ནི་ཡེ་ཤེས་ཀྱི་བདག་ཉིད་ཅན་ཏེ་དེ་ཐམས་ཅད་སྔགས་ཀྱི་གཟུགས་སོ། །འོན་ཀྱང་བརྡའི་ཡི་གེ་སྔགས་ཅན་ཞེས་བྱ་བ་ནི་གང་མིང་བརྗོད་པ་ལས་བྱུང་བའི་ཡི་གེའི་འདུ་ཤེས་ཀྱི་གཟུགས་དེ་གཞོམ་དུ་མེད་པའི་

བརྡའི་སྐད་དེ་དེ་བཞིན་དུ་གསུངས་སོ། །དུས་སུ་བཅོམ་ལྡན་འདས་ཞེས་བྱ་བ་དང་ཤེས་པར་བྱ་ཞེས་བྱ་བ་ནི་དུས་ནི་དུས་ཀྱི་གཟུགས་ཏེ་དུས་མེད་ཅེས་བྱ་བ་ནི་བྱང་ཆུབ་ཀྱི་སྐབས་སུ་འདིའི་ཚིག་གི་དོན་དུ་ཆོས་ཐམས་ཅད་ཀྱི་ཟད་པའི་དུས་རང་དང་གཞན་རིག་པ་སྤངས་
པའོ། །དེའི་སྐབས་སུ་གང་རབ་ཏུ་གནས་པ་དེ་རབ་ཏུ་མི་གནས་པའོ། །སུས་ཀྱང་བྱས་པ་མེད་པའོ། །དུས་ཐམས་ཅད་ཀྱི་སྐད་ཅིག་གཅིག་བྱང་ཆུབ་ཀྱི་སྐད་ཅིག་ཅེས་བྱ་བའི་དོན་ཏོ། །དེའི་ཕྱིར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཚིག་ཆོས་ཀྱི་དབྱིངས་དང་མཉམ་པ་བྱེད་པ་
ཞེས་བྱ་བ་སྟེ་མཉམ་པ་ནི་འདྲ་བ་སྟེ། བྱང་ཆུབ་ཐམས་ཅད་ཀྱི་སྒྲས་ཁམས་ཏེ་མངོན་སུམ་དུ་བྱས་ནས་དེའི་ནང་དུ་སོན་པ་སྟེ་དེ་བཞིན་གཤེགས་པ་རྣམས་དང་སེམས་ཅན་ཐམས་ཅད་ཀྱི་ཁམས་ཞེས་བྱ་བར་རབ་ཏུ་གནས་པའོ། །དེ་ལྟར་སྐུ་གསུང་ཐུགས་ཀྱི་ཚིག་གིས་ཞེས་བྱ་བ་ནི་ལུས་
རྣམས་འདིའི་ངག་དང་སེམས་ཞེས་བྱ་བ་གཅིག་ཏུ་བྱས་ནས་གང་རྣལ་འབྱོར་མ་རྣམས་ཀྱི་ཡེ་ཤེས་རིག་པ་བདག་མེད་པའི་མཚན་ཉིད་དོ། །ཁྱབ་བདག་གཞན་མ་ནི་ཞེས་བྱ་བ་སྟེ། གཞན་དུ་ཡང་མ་ཡིན་ཞེས་བྱ་བའོ། །ཆོས་ཀྱི་རྣལ་འབྱོར་གྱི་རྒྱུད་ལ་སོགས་པར་མདོར་བསྡུས་
པས་བསྒྲུབས་པའི་བདག་མེད་པའི་ཡེ་ཤེས་ཕུན་སུམ་ཚོགས་པའོ། །རྣལ་འབྱོར་མ་དབུ་མའི་ནང་དུ་སོན་པས་རྒྱུད་ཐམས་ཅད་དུ་བཤད་པའི་བྱང་ཆུབ་སྒྲུབ་པར་ནུས་པའོ། །དེའི་ཕྱིར་བྷ་ག་རྣམས་སུ་རྒྱུད་ལྔ་རྣམས་རབ་ཏུ་གནས་ཏེ་བྱ་བ་ལ་སོགས་བླ་ན་མེད་པ་ཞེས་བྱ་བ་
སྟེ། བྱ་བ་དང་། སྤྱོད་པ་དང་། རྣལ་འབྱོར་དང་། རྣལ་འབྱོར་བླ་ན་མེད་པ་དང་། རྣལ་འབྱོར་གོང་ན་མེད་པ་དང་ཞེས་བྱ་བས་སོ། །རྒྱུད་འདི་རྣམས་སུ་མིང་གང་གི་མན་ངག་གསུངས་ཏེ། བཅོམ་ལྡན་འདས་བྱང་ཆུབ་སྒྲུབ་པ་དེ་ཐམས་ཅད་དབུ་མ་ལ་དམིགས་ནས་བླ་མའི་མན་
ངག་གིས་བསྒྲུབ་པར་བྱའོ། །དེ་རྣམས་ཀྱི་ངག་གི་ཚིག་རྣམས་སུ་རབ་ཏུ་གནས་པ་མི་བདེན་པའི་དངོས་པོ་ཞེས་བྱ་བའི་དོན་ཏོ། །འདིའི་དོན་དུ་གང་བཅོམ་ལྡན་འདས་རང་ཉིད་དེ་ལྟར་གཞན་གྱི་ཐེ་ཚོམ་གྱི་དྲི་བ་གསུངས་པ། བཞུགས་པ་ཞེས་བྱ་བ་ལ་སོགས་པ་སྟེ།

བཞུགས་པ་དེ་ལྟར་ཅི་རབ་ཏུ་གནས་པའམ་རབ་ཏུ་མི་གནས་པ་ཞེས་བྱ་བ་ནི་དྲི་བ་པོ་སྟེ་རང་ཉིད་ཀྱིས་བསམས་ནས་སོ། །དེ་ནས་ལྷག་མ་ནི་ལན་ནོ། །འདིར་གལ་ཏེ་དེ་སྲིད་བཞུགས་པའི་གནས་རྣམས་སུ་ཆོས་ཐམས་ཅད་ཀྱི་བདག་ཉིད་ཅན་རྡོ་རྗེ་འཆང་གི་རྣམ་པར་གནས་པ་དེ་ནི་བཞུགས་
པ་སྟེ་དེའི་གཟུགས་སུ་སྟེ། དེའི་ཚེ་དེ་ལྟར་གསུངས་སོ། །ཅི་རབ་ཏུ་གནས་པ་ལ་དགོས་པ་མེད་པ་ཡིན་ནམ་རབ་ཏུ་མི་གནས་པ་དེ་ལ་ཡང་གྲུབ་པ་མེད་པ་ཡིན་ཞེས་དྲི་བའོ། །འདིའི་ལན་ནི། དེ་ཐམས་ཅད་ཅིས་གང་གི་ཚེ་དངོས་པོ་ཐམས་ཅད་མི་བདེན་པས་ན་འཁྲུལ་པ་ཙམ་སྟེ་
འཛིན་པའི་གཟུགས་ཀྱང་བྱིས་པའི་སྐྱེ་བོ་རྣམས་ཀྱིས་ཡོངས་སུ་བརྟགས་པའོ། །དེ་བཞིན་དུ་ཡང་གསུངས་པ། ཀུན་རྫོབ་གཟུགས་ནི་མི་བདེན་ཏེ། །དོན་དམ་པ་ནི་བདེན་པ་མིན། །འཁྲུལ་བ་ཙམ་དུ་གཞག་ནས་ནི། །དེ་ནི་མི་བདེན་པས་བསྟན་ནོ། །རབ་གནས་སྦྱིན་སྲེག་
བྱེད་པ་ནི། །འདི་ནི་རང་བདག་གིས་རྣམ་བརྟགས། །རྟོག་མེད་བདག་ཉིད་ཆེན་པོ་སྟེ། །རྡོ་རྗེ་འཆང་ནི་མི་བདེན་པའོ། །དེ་ཕྱིར་རབ་གནས་སྦྱིན་སྲེག་དང་། །དཀྱིལ་འཁོར་ལྷ་ཡི་བདག་ཉིད་ཅན། །འཁྲུལ་ཀུན་བདག་ཉིད་ཆེ་རྣམས་ཀྱིས། །བྱས་པ་འཇུག་མེད་
འཁྲུལ་རྣམས་ཀྱིས། །དེ་བཞིན་ཀུན་མཁྱེན་གོ་འཕང་ནི། །འཁྲུལ་དང་འཁྲུལ་མེད་བཅོམ་པ་སྟེ། །བསམས་པའི་དགོས་པ་འགྲུབ་པ་སྟེ། །འཁྲུལ་ཀུན་གདུང་བ་ཆེན་པོ་ཡི། །ཞེས་བྱ་བའོ། །དེའི་ཕྱིར་རྒྱུད་འདིར་སེམས་ཅན་འཇུག་པར་བྱས་ནས་ཞེས་བྱ་བ་ནི་ལྷག་
མའི་སེམས་ཅན་དངོས་གྲུབ་མེད་པ་རྣམས་ཀྱི་དངོས་གྲུབ་ཀྱི་རྒྱུས་རབ་ཏུ་གནས་པ་ཡང་བཅུག་ནས་བསོད་ནམས་ཀྱི་ཚོགས་ཆེན་པོ་བྱས་ནས་ཡེ་ཤེས་ཀྱི་ཚོགས་ཆེན་པོ་འཐོབ་པ་སྟེ། གཅིག་ལ་གཅིག་གིས་དངོས་གྲུབ་འཐོབ་པ་ལ་ཐེ་ཚོམ་མེད་དོ། །དེ་ལྟར་རབ་ཏུ་
གནས་པ་རྒྱུད་ཀུན་དུ། །ཞེས་བྱ་བ་ནི་འདུས་པ་ལ་སོགས་པ་དང་རྣལ་འབྱོར་གྱི་རྒྱུད་རྣམས་སུ་སྟེ། དེ་བཞིན་དུ་བདེ་མཆོག་ལ་སོགས་པ་རྣལ་འབྱོར་མའི་རྒྱུད་རྣམས་སུ་ཤེས་པར་བྱའོ། །འདིར་ཡང་རྣལ་འབྱོར་མའི་རྒྱུད་རྣམས་ཀྱི་ཁྱད་པར་གསུངས་པ། གང་ཚེ་ཞེས་བྱ་བ་

ལ་སོགས་པ་སྟེ། གཉིས་མེད་ཅེས་བྱ་བ་ནི་ཉེ་བར་མཁོ་བ་ཐམས་ཅད་དང་བྲལ་བས་ཐོབ་པར་བྱེད་པ་ལ་སྐྱོན་མེད་དེ། ཐམས་ཅད་དེ་ཉིད་ཀྱིས་དག་པའོ། །དེའི་ཕྱིར་ལས་ཞེས་བྱ་བ་དེ་དེ་བཞིན་དུ་བཤད་དོ། །རབ་ཏུ་བསྔགས་ཤིང་བརྒྱན་པ་སྟེ། འདིས་ཞེས་བྱ་བ་ནི་
དེར་རབ་ཏུ་མི་གནས་པ་རང་གིས་རིག་པའི་རང་བཞིན་ལས་དང་ལས་ཅན་གྱི་ཞེས་བྱ་བ་སྟེ། འཇིག་རྟེན་པའི་སྤྱོད་པའོ། །དེ་བཞིན་དུ་འདིར་བཤད་པ། སྲིད་པའི་དབུས་སུ་ཡོངས་གནས་ནས། །ཐམས་ཅད་བདེ་བའི་རང་བཞིན་བྱ། །ལས་རྣམས་གྲོལ་བའི་རྒྱུད་ཉིད་དེ། །
སྲིད་དང་མྱ་ངན་འདས་གཉིས་མེད། །རང་རིག་རྣམས་ཀྱི་རྒྱུ་ལས་བྱུང་། །ཐམས་ཅད་བདེ་བར་དྲན་པར་བྱ། །དེ་ཡིས་གཉིས་མེད་བྲལ་དམན་པ། །སླར་ཡང་སྔགས་ཀྱི་ཐེག་ཆེན་ནི། །སེམས་ཅན་རྣམས་ཀྱི་ཐར་རྒྱུ་ཉིད། །འདི་ཡིས་ཐེག་པ་བསྟན་པས་སོ། །ཐེག་པ་ཆེན་པོ་མི་
འདོད་པ། །སེམས་ནི་ངལ་བར་རབ་ཏུ་འགྲོ། །གང་དེ་རྩོད་དུས་སེམས་ཅན་རྣམས། །མོས་པ་དམན་ལ་སོགས་པར་འགྲོ། །དེ་བས་བྱང་ཆུབ་ཏུ་འགྲོ་བ། །རྣལ་འབྱོར་རྒྱུད་ཀྱི་ངེས་པའོ། །ཞེས་བྱ་བ་ནི་རབ་གནས་ཀྱི་ཆོ་གའོ། །ད་ནི་ཇི་ལྟར་ལེའུ་བཅོ་ལྔ་པ་བཅོམ་ལྡན་འདས་
ཀྱིས་གསུངས་པ་དེའི་དག་པ་གསུངས་པ། གཞན་ཉིད་ཅེས་བྱ་བ་ལ་སོགས་པ་སྟེ། སྐྱེ་བ་ཐམས་ཅད་ཅེས་བྱ་བ་ནི་ཇི་ལྟར་བཅོམ་ལྡན་འདས་ཀྱིས་རྣམ་པར་དག་པ་དེ་བཞིན་དུ་ངེས་པར་བསྟན་པས་འགྲོ་བ་ཐམས་ཅད་ཀྱི་རྣམ་པར་དག་པ་སྟེ། ཐ་སྙད་ཀྱི་རྒྱུ་ཉིད་ཀྱི་ཕྱིར་སེམས་ཅན་
རྣམས་ལ་བརྩེ་བས་དེ་བཤད་པར་བྱའོ། །ཡང་དག་པའི་ཡེ་ཤེས་ཀྱིས་ཤེས་པ་ནི་རྒྱུའི་དོན་དུ་སྟེ་དྲུག་པའོ། །དེ་ལ་ཡང་དག་པའི་ཡེ་ཤེས་ཀྱིས་གང་དག་པ་དེའི་དག་པ་སྟེ། དཀྱིལ་འཁོར་ལ་སོགས་པ་ལྷའི་ཞེས་བྱ་བ་ནི་གཙོ་བོའི་སྟེ་དེ་གསུངས་པ། བདུན་ཅུ་རྩ་གཉིས་
ཞེས་བྱ་བ་ལ་སོགས་པ་ནི་རྣལ་འབྱོར་དང་རྣལ་འབྱོར་མའི་རྒྱུད་རྣམས་སོ། །ཕྱག་བཞི་ནི་དཔའ་བོ་ལ་སོགས་པ་དཀྱིལ་འཁོར་པ་རྣམས་ཀྱི་དགོད་པ་ལ་སོགས་པ་སྟེ། དགོད་པ་དང་ལྟ་བ་དང་ལག་བཅངས་དང་གཉིས་གཉིས་ཀྱི་རྒྱུད་རྣམས་སོ། །ཞལ་རྣམས་ཀྱི་ནི་གདོང་

རྣམས་ཀྱི་སྟེ། ལྷན་སྐྱེས་ཡང་དག་བྱང་ཆུབ་བཅུ་དྲུག་ཅེས་བྱ་བ་ནི་ལེའུ་དང་པོར་གསུངས་པའི་རེག་པས་ཆོས་དང་ལོངས་སྤྱོད་རྫོགས་པ་དང་སྤྲུལ་དང་བདེ་བ་ཆེན་པོ་དང་དགེ་བ་ལ་སོགས་པ་བཞི་རྣམས་ཆུང་ངུ་དང་འབྲིང་པོ་དང་ཆེན་པོ་དང་ཤིན་ཏུ་ཆེན་པོའི་རིགས་པས་སོ། །བཅུ་
བདུན་པའི་ཞལ་བརྗོད་དུ་མེད་པའོ་ཞེས་བྱ་བ་ནི་བྱང་ཆུབ་ཀྱི་དངོས་པོ་སྟེ་རང་གིས་དེ་ལྟར་རོ། །དེའི་ཚེ་བྱང་ཆུབ་ཀྱི་མིང་བརྗོད་དུ་མེད་པ་ཞེས་བྱ་བའི་དོན་ཏོ། །དེ་བཞིན་དུ་གསུངས་པ། བྱང་ཆུབ་མིང་ནི་བརྗོད་དུ་མེད། །འགྲོ་བར་གྱུར་པས་ཡང་བཞུད་ཅིག །ཆོས་ཀུན་ནང་
དུ་སོན་པ་དང་། །མངོན་སུམ་དུ་ནི་འདིར་གནས་སོ། །ཞེས་སོ། །ཞབས་གཉིས་སྲིད་དང་མྱ་ངན་འདས། །ཞེས་བྱ་བ་ནི། ཞབས་གཡོན་སྲིད་པར་ཤེས་པར་བྱ། །དེའི་ཕྱིར་གཡས་པ་མྱ་ངན་འདས། །གཡས་བརྐྱང་གར་དུ་ཤེས་བྱ་བ། །ལུས་དེ་རྣམས་སུ་དབྱེར་
མེད་པའོ། །ཞེས་བྱ་བའོ། །རྒྱན་ཐམས་ཅད་རྣམས་སུ་ཞེས་བྱ་བ། ཕྱག་རྒྱ་ལྔ་ལ་སོགས་པ་སྟེ། །ཆོས་ཞེས་བྱ་བ་ནི་སྦྱིན་པ་ལ་སོགས་པ་རྣམས་བརྟེན་པས་བསོད་ནམས་ཀྱི་ཚོགས་སོ། །ཆོས་པ་ཞེས་བྱ་བ་ནི་དེའི་ཆོས་ཉིད་ཀྱི་ཡུལ་གང་རྣལ་འབྱོར་མ་རྣམས་ཀྱི་
སྔགས་ཀྱི་མཆོད་པ་ལ་སོགས་པས་ཡེ་ཤེས་ཀྱི་ཚོགས་སོ། །ལྷག་མ་ཞེས་བྱ་བ་ནི་ལྟེ་བ་དང་པདྨ་ལ་སོགས་པ་མ་ལུས་པ་སྔོན་དུ་བཤད་པའི་འཇིག་རྟེན་གྱི་ཁམས་ཀྱི་རྣམ་པར་གཞག་པའི་རྣམ་པར་དག་པའོ། །གསལ་དང་མི་གསལ་ཞེས་བྱ་བ་ནི་ལེའུ་བཅོ་ལྔ་པ་གསལ་
བ་ཉིད་དེ་གཞན་དུ་མི་གསལ་བ་ཉིད་དོ། །རྩ་བའི་སྔགས་སོགས་ཞེས་བྱ་བ་ནི་རྐང་པ་བརྒྱད་པ་དང་དེ་བཞིན་དུ་རྐང་པ་བཞི་བཅུ་རྩ་བརྒྱད་པ་དང་སྙིང་པོ་དང་ཉེ་བའི་སྙིང་པོ་དང་གོ་ཆ་གཉིས་དང་རྡོ་རྗེ་ཕག་མོའི་རྩ་བའི་སྔགས་དང་དཔའ་བོ་དང་རྣལ་འབྱོར་མ་ཐམས་ཅད་
ཀྱི་དང་ཕུར་བུའི་དང་བརྡུང་བའི་དང་གནོད་མཛེས་ཀྱི་སྔགས་རྣམས་དང་དེ་བཞིན་དུ་རྡོ་རྗེ་ཕག་མོའི་སྙིང་པོ་དང་ཉེ་བའི་སྙིང་པོ་དང་གཏོར་མའི་སྔགས་རྣམས་ཏེ། དེ་ལྟར་སྤྱི་བསྡུས་པས་སྟོང་དགུ་བརྒྱ་ཉི་ཤུ་རྩ་ལྔའོ། །དེ་ལྟར་ཐེག་པ་ཐམས་ཅད་དོན་འཆད་པ་ཞེས་བྱ་བ་

ནི་ཉན་ཐོས་དང་རང་སངས་རྒྱས་དང་ཐེག་པ་ཆེན་པོ་པ་དང་སྔགས་ཀྱི་ཐེག་པ་ཆེན་པོ་རྣམས་ཏེ། རིམ་པ་ཇི་ལྟ་བས་ལྔ་དང་ཉི་ཤུ་ལྔ་དང་དགུ་བརྒྱ་རྣམས་དང་སྟོང་ཕྲག་གཅིག་གི་རིགས་པ་རྣམས་ཀྱིས་རྒྱུ་དང་འབྲས་བུའི་བདག་ཉིད་ཅན་རྣམས་སོ། །དེ་ལ་སྔགས་ཀྱི་ཐེག་པ་ཆེན་
པོ་ལྔ་བརྒྱ་རྣམས་ནི་རྒྱུ་ཞེས་བྱ་སྟེ། འཁོར་ལོ་བཞི་རྣམས་སུ་རྩ་རྣམས་ཉི་ཤུས་ལྷག་པའི་བརྒྱའོ། །དེ་ལྟར་སྐུ་དང་གསུང་དང་ཐུགས་དང་ཡེ་ཤེས་ཀྱི་དབྱེ་བ་རྣམས་ཀྱིས་བཞི་འགྱུར་དུ་འགྱུར་རོ། །ལྷན་ཅིག་སྐྱེས་པ་བླ་ན་མེད་པའི་རྩ་སླར་ཡང་ཉི་ཤུ་ཐམ་པ་སྟེ། དེ་ལྟར་ལྔ་བརྒྱ་རྣམས་
ཁམས་ཐམས་ཅད་ལ་ཁྱབ་པར་བྱེད་པ་རྣམས་ཏེ། ཁམས་ལྔ་བརྒྱ་རྣམས་སུ་འགྱུར་ཏེ། རླུང་དང་མཁྲིས་པ་དང་བད་ཀན་རྣམས་ཏེ་རེ་རེ་ལ་དྲུག་ཅུ་རྩ་བདུན་གྱིས་ལྷག་པའི་བརྒྱ་ཕྲག་གཅིག་གོ། །དེ་བཞིན་དུ་ནག་པ་དང་ས་ག་དང་སྒྲོག་དང་ཆུ་སྟོད་དང་ཆུ་སྨད་ཀྱི་ཟླ་བ་བཞི་རྣམས་སུ་རླུང་གི་
ཁམས་ཀྱི་དུས་ཞེས་བྱ་སྟེ་ཚད་པའི་དུས་དང་དཔྱིད་དོ། །འདི་རྣམས་ཀྱི་གནམ་སྟོང་བཞི་ལ་བཞི་བཅུ་རྩ་བདུན་ཏེ་རེ་རེ་ལ་རྐང་པ་བཅུ་གཉིས་ཀྱིས་དམན་པ་རྣམས་སོ། །སྔོན་གྱིས་གཅིག་སྟེ། དེ་རླུང་གི་ཆ་བཅུ་གསུམ་འཕེལ་བར་འགྱུར་རོ། །དེ་བཞིན་དུ་གྲོ་ཞུན་དང་ཁྲུམས་སྟོད་
དང་ཁྲུམས་སྨད་དང་ཐ་སྐར་དང་དབྱུག་པ་ནི་བད་ཀན་ཞེས་བྱ་སྟེ་སྔོན་དུ་བཤད་པའི་རིགས་པས་འཕེལ་ལོ། །དེ་བཞིན་དུ་མགོ་དང་རྒྱལ་དང་མཆུ་དང་གྲེ་དང་སྦོ་རྣམས་སུ་མཁྲིས་པའི་ཁམས་དང་ཁྲག་གི་ཆ་འཕེལ་བའི་དུས་སུ་འགྱུར་རོ། །དེ་ལྟར་ཁམས་འདི་རྣམས་རྣམ་པར་
ཤེས་པ་ལ་བརྟེན་པ་ལྔ་བརྒྱའི་བདག་ཉིད་ཅན་འབྲས་བུའི་གཟུགས་ཏེ་དཀྱིལ་འཁོར་པའི་རྣལ་འབྱོར་མ་རྣམས་ཀྱི་སྔགས་རྣམས་སུ་རྣམ་པར་གཟུང་བར་གྱུར་པས་སྲོག་ཀྱང་རྣམ་པར་ཤེས་པ་ལ་ཐིམ་ནས་འགྲོའོ། །དེའི་ཚེ་སངས་རྒྱས་སྔགས་ཀྱི་ཐེག་པ་ཆེན་པོ་པར་འགྱུར་ཏེ་དབུ་
མའི་ལྷའི་རང་བཞིན་གྱིས་སོ། །དེ་ལྟར་ཁམས་དཔའ་བོ་རྣམས་སུ་འགྱུར་བས་དཔའ་བོ་རྣམས་ཀྱི་སྔགས་སུ་རྣམ་པར་བཟུང་བར་གྱུར་པས་ཁམས་ཟད་ནས་བདུད་རྩིའི་རང་བཞིན་དུ་འགྲོའོ། །འོན་ཀྱང་ཚེས་གྲངས་དང་གཟའ་དང་རྒྱུ་སྐར་དང་ཕྲད་པ་དང་བྱེད་པ་དང་སྦྱོར་

བ་དང་གཟའི་ལོངས་སྤྱོད་ལ་སོགས་པའི་རིགས་པ་རྣམས་ཀྱིས་དང་། སྣ་ཚོགས་པའི་སྦྱོར་བ་རྣམས་ཀྱིས་ཀྱང་དཔའ་བོ་རྣམས་ཀྱི་རང་བཞིན་དང་དབྱིབས་སྣ་ཚོགས་པར་འགྱུར་རོ། །འདི་ནི་དེ་ལྟར་སྔགས་ཀྱི་ཐེག་པ་ཆེན་པོའི་སྣ་ཚོགས་པའི་བླ་མའི་མན་ངག་གི་རྒྱུའོ། །དེ་བཞིན་དུ་དེའི་
རང་བཞིན་ཀྱང་སེམས་ཀྱི་ངོ་བོ་རྣལ་འབྱོར་མའི་ཡེ་ཤེས་ཀྱི་རང་བཞིན་དེ་རྣམ་པར་བཟུང་བས་གཉིས་སུ་མེད་པར་མངོན་པར་སངས་རྒྱའོ་ཞེས་བྱ་བའི་དོན་ཏོ། །དེ་བཞིན་དུ་ཡང་གསུངས་པ། རླུང་དང་མཁྲིས་པ་ཡི་ནི་ཁམས། །སླར་ཡང་དེ་བཞིན་བད་ཀན་ཏེ། །སྔགས་ཀྱི་
ཐེག་པར་སྔགས་རྣམས་སོ། །བཟླས་བྱ་དཔའ་མོ་ལ་སོགས་པས། །རང་རང་དུས་སུ་ཉམས་འགྱུར་བས། །རྒྱུད་དང་རྒྱུད་རྣམས་སུ་མཚན་ཉིད། །དེ་དང་མཉམ་པ་ཉིད་ཐོབ་སྟེ། །འབྲས་བུ་རྡོ་རྗེ་འཆང་སོགས་པས། །རྣམ་ཤེས་བྲལ་བའི་གཟུགས་སུ་ནི། །སངས་རྒྱས་མེད་
ཅིང་སངས་རྒྱས་ཡོད། །དེ་ལྟར་དབུ་མའི་སྦྱོར་བ་ནི། །རྡོ་རྗེ་ཐེག་པའི་མཚན་ཉིད་དོ། །རྣལ་འབྱོར་མ་རྣམས་ཡེ་ཤེས་ལ། །སྒྲུབ་པ་པོ་ནི་ཐིམ་ནས་འགྲོ། །བདེ་མཆོག་ལ་སོགས་དཔའ་བོ་རྣམས། །རྣལ་འབྱོར་མ་ཡི་གཟུགས་ཙམ་མོ། །ཞེས་སོ། །དེ་ལྟར་སྟོང་ཕྲག་གཅིག་
ཐབས་དང་ཤེས་རབ་ཀྱི་བདག་ཉིད་ཀྱི་བཅོམ་ལྡན་འདས་ཀྱི་འཁོར་ལོ་བཅུ་གཉིས་ཀྱི་བདག་ཉིད་ལ་སོགས་པའི་འདི་ནི་ངེས་པའོ། །ད་ནི་དགུ་བརྒྱ་པ་རྣམས་ཀྱི་ཐེག་པ་ཆེན་པོའི་བདག་ཉིད་ཅན་རྣམས་ཀྱིས་གསུངས་པ། དེ་ཡང་རྡོ་རྗེ་ཕག་མོའི་འཁོར་ལོ་རྣམས་པདྨ་དབུས་མ་
རྣམས་སུ་དང་དེ་བཞིན་དུ་འཁོར་ལོ་བཅུ་གཉིས་རྣམས་སུ་དང་གཤིན་རྗེ་མ་ལ་སོགས་པ་དྲུག་སྟེ། དེ་ལྟར་ཉི་ཤུས་ལྷག་པའི་དགུ་བརྒྱ་རྣམས་ན་ཐབས་དང་ཤེས་རབ་ཀྱི་བདག་ཉིད་ཅན་རྣམས་སོ། །དེ་ལྟར་ཉི་ཤུ་ནི་རང་སངས་རྒྱས་ཀྱི་ལུགས་སུའོ། །དེ་ལྟར་དགུ་བརྒྱའི་
ཡང་བཤད་པར་བྱ་སྟེ། དེ་ལྟར་མིག་དང་རྣ་བ་དང་སྣ་དང་ལྕེ་དང་ལུས་དང་ཡིད་དང་བློ་དང་ང་རྒྱལ་དང་ཡེ་ཤེས་ཞེས་བྱ་བ་སྟེ། དགུ་རྣམས་ཀྱི་རྣམ་པར་གཞག་པའོ། །དེ་ལ་རེ་རེའི་ཐབས་ཀྱི་ཆ་རྣམས་ནི་ལྔ་བཅུ་པ་སྟེ། དེ་བཞིན་དུ་ཤེས་རབ་ཀྱི་ཆ་རྣམས་ཀྱང་ངོ་། །དེ་

ལྟར་མིག་གི་ཐབས་ཀྱི་ཆ་རྣམས་གསུངས་པ། གཙུག་ཏོར་མགོ་དང་དཔྲལ་བ་དང་། །མིག་དང་རྣ་བ་གཉིས་གཉིས་དང་། །མཁུར་ཚོས་སྣ་ཆུ་གཉིས་གཉིས་དང་། །འགྲམ་པ་མགྲིན་པ་རྐན་དང་ནི། །ཕྲག་གོང་གཉིས་ཏེ་དཔུང་ལྷུ་གཉིས། །ལག་པར་དང་ནི་
མཁྲིག་མ་དང་། །ལག་པ་མཆན་ཁུང་ནུ་མ་གཉིས། །སྙིང་ག་ལྟེ་བ་རེ་རེ་དང་། །རྩིབས་ལོགས་གཉིས་དང་འདོམས་གཅིག་དང་། །མཚན་མ་གཅིག་དང་སྒོ་ང་གཉིས། །བརླ་དང་བྱིན་པ་དེ་བཞིན་ཏེ། །རྐང་པ་གཉིས་དང་འཕོང་ཚོས་དང་། །དེ་བཞིན་དུ་ནི་སྟན་གཉིས་ཏེ། །དེ་རྣམས་
ལྔ་བཅུར་མིག་གིར་འགྱུར། །ལྟེ་བ་རུ་ནི་རྣམ་པར་བརྗོད། །ཅེས་བྱའོ། །མཐའ་དང་འོག་ཏུ་མངོན་བྱུང་བའི། །གང་དུ་བལྟས་པས་འགྲོ་བ་སྟེ། །དེ་རུ་མིག་ནི་ཤེས་པར་བྱ། །རང་བཞིན་གཟུགས་ནི་མཐོང་བ་ལས། །དེ་རྣམས་གཟུགས་ནི་ལྔ་བཅུ་པོ། །འབྲས་བུའི་རྣམ་པར་
འགྲོ་བར་བྱོས། །ཤེས་རབ་རང་བཞིན་གཟུགས་རྣམས་ནི། །ཐེག་པ་ཆེན་པོ་སྟོང་པ་ཉིད། །ཡི་གེ་ལྔ་བཅུའི་འདུ་ཤེས་ཀྱིས། །ཕ་རོལ་ཕྱིན་པ་ཐམས་ཅད་ཆེ། །ནམ་མཁའ་ལྟ་བ་ལྷ་མོ་སྟེ། །དབང་པོ་རྣམས་ཀྱི་བདག་ཉིད་ཆེས། །བརྗོད་པ་དང་བྲལ་རྣམ་པར་ནི། །རང་གི་མིང་ནི་
ཐིམ་པར་འགྱུར། །དེ་ཡིས་སྟོང་ཉིད་སྟོང་ཉིད་ཆེ། །ཤིན་ཏུ་སྟོང་པ་ཐམས་ཅད་དུ། །མཆོག་ཏུ་ཁྱད་འཕགས་འཐོབ་པར་འགྱུར། །ཡེ་ཤེས་ཤེས་བྱ་རྣམ་གཉིས་མེད། །ཤེས་རབ་ཕ་རོལ་ཕྱིན་ཡེ་ཤེས། །རྣམ་ཤེས་ཞེས་བྱ་ཙམ་དུ་ནི། །དངོས་ཀུན་བདག་ཉིད་དུ་ནི་ཐིམ། །འདིར་
ནི་ཡེ་ཤེས་ངེས་པར་འཐོབ། །དེ་ལྟར་མིག་གི་ཕ་རོལ་ཏུ་ཕྱིན་པའི་ངེས་པའི་ཚིག་རྒྱ་ཆེ་བ་ལས་ཤེས་སོ། །རྣ་བའི་ཐེག་པ་ཆེན་པོའི་མཚན་ཉིད་གསུངས་པ། ཐབས་དང་ཤེས་རབ་ཀྱི་བདག་ཉིད་བརྒྱ་ཕྲག་གཅིག་སྟེ། དེ་ལ་ཐབས་བཤད་པར་བྱ་སྟེ། སྔོན་དུ་བཤད་པའི་མིག་
གི་གནས་རྣམས་སུ་ཁ་ནང་དུ་ཕྱོགས་པས་རབ་ཏུ་ཞུགས་པ་ན་སྒྲའི་རང་བཞིན་ཐམས་ཅད་ཤེས་ཏེ་ཐེག་པ་ཆེན་པོའི་ཆོས་སུ་འགྲོའོ། །རེ་རེའི་གནས་ཀྱི་ཚད་ཀྱི་འདུ་ཤེས་ཀྱིས་སོ་སོར་འགྱུར་ཏེ། གང་གཞན་གྱི་འདུ་ཤེས་དེ་བདག་ཉིད་ཀྱི་འདུ་ཤེས་སུ་འགྱུར་རོ། །དེ་བཞིན་དུ་

ཡང་གསུངས་པ། གང་དང་གང་གིས་གནས་སུ་ཡང་། །ཡིད་ནི་གསལ་བར་ཀུན་སྤྱོད་པ། །དེ་དང་དེར་ནི་ཏིང་ངེ་འཛིན། །བདག་ཉིད་ཆེན་པོས་ཕུན་ཚོགས་བྱེད། །སྒྲ་ཙམ་དུ་ནི་འགྲོ་བར་ནི། །ཡེ་ཤེས་སྒྲ་ནི་དོན་ཆེན་བྱེད། །སྔོན་དུ་རྣམ་པར་དཔྱད་གྱུར་པས། །ཆ་ནི་རྗེས་འབྱེད་ལ་
སོགས་པའོ། །གཞན་གྱི་འདུ་ཤེས་དེ་བཞིན་བདག །འདུ་ཤེས་དེ་ནི་སྐྱེ་བའོ། །དེ་ཡིས་ངེས་པ་རྟོགས་དོན་དུ། །ལྔ་རྣམས་ནམ་མཁའ་སྟོང་པ་ཉིད། །ཤེས་རབ་ལྔ་བཅུ་ཤེས་བྱ་སྟེ། །ཐབས་ནི་རྐྱེན་གྱི་བདག་ཉིད་དོ། །གནས་དེ་རྣམས་སུ་གཟུགས་བརྙན་རྣམས། །སྟོང་ཉིད་དེ་
ལྟར་གཉིས་མེད་མཐོང་། །ཕན་ཚུན་རྒྱུ་འབྲས་བདག་ཉིད་དེ། །ཡེ་ཤེས་ཡང་བདག་ཆོ་ག་ཆེ། །གཟུགས་བརྙན་དང་ནི་གཟུགས་བརྙན་དུ། །བྱང་ཆུབ་སེམས་དཔའ་འགྲོ་བའོ། །ཞེས་སོ། །སྣའི་ཐེག་པ་ཆེན་པོའི་འདུ་ཤེས་གསུངས་པ། སྔོན་དུ་བཤད་པའི་གནས་ལྔ་བཅུ་
རྣམས་ཀྱིས་སྣའི་བུ་ག་རྣམས་ལྔ་བཅུར་འགྱུར་ཏེ། གནས་དེ་རྣམས་སུ་དབུགས་འབྱུང་བ་དང་འཇུག་པ་དེ་རྣམ་པར་ཤེས་པ་དང་འདྲེས་པར་གྱུར་པའི་ཏིང་ངེ་འཛིན་བགྲོད་པར་བྱ་བ་དེ་རྣམས་སུ་ཐིམ་པར་འགྱུར་བས་ན། གང་གི་ཚེ་ཡེ་ཤེས་དྲི་སྣོམ་སྟེ་ས་ལྔ་བཅུའི་གཟུགས་སུ་
འགྱུར་བས་སོ། །སྟོང་པ་ཉིད་ཀྱི་བུ་ག་རྣམས་དེའི་ཚེ་བརྟེན་པས་ཕ་རོལ་ཏུ་ཕྱིན་པའི་ཚུལ་རྣམས་སུ་ལེགས་པར་རྣམ་པར་སྤྱོད་པས་འཇུག་པར་འགྱུར་རོ། །ཀུན་ནས་འཁོར་བ་ན་གནས་པ་རྣམས་ཀྱི་ཡང་ངོ་། །ལྕེའི་ཐེག་པ་ཆེན་པོ་གསུངས་པ། སྔོན་དུ་བཤད་པའི་བུ་ག་རྣམས་
ཀྱི་བྱང་ཆུབ་ཀྱི་སེམས་ཀྱི་རོ་མྱང་བ་ཟག་པའི་བདེ་བ་ལས་སོ། །ཐབས་སུ་གྱུར་པ་དེ་རྣམས་ཀྱི་ཤེས་རབ་ནི་རང་གིས་རིག་པ་ལས་སོ། །འདིར་གསུངས་པ། སྣ་ཡི་དབང་པོ་ཐམས་ཅད་དང་། །ལུས་ཀྱི་བུ་ག་ཆེན་པོ་རྣམས། །སྟོང་ཉིད་སྒོར་ནི་བྱུང་བ་རྣམས། །འཁོར་བ་རྣམས་
སུ་སྒྱུ་མ་ཡི། །ཤེས་རབ་ཐབས་ཀྱི་རང་བཞིན་རྣམས། །སྣ་ཡིས་སྣོམ་པ་གཉིས་སུ་མེད། །ལྔ་བཅུ་གཉིས་ཀྱི་དེ་ཉིད་རྣམས། །གཞུང་གི་ངེས་པ་ལ་བརྟེན་པའོ། །དེ་བཞིན་དུ་ཡང་། བྱང་ཆུབ་སེམས་ཀྱི་རོ་མྱང་བ། །བདག་གི་བུ་ག་རྣམས་ཀྱིས་བཀང་། །ནམ་མཁའ་

རོ་ཆེན་བདག་ཉིད་ནི། །རང་རིག་གཉིས་མེད་ཆེན་པོའོ། །ལྕེ་ནི་རོ་ཀུན་རྩ་ཡི་ནི། །བུ་གའི་ནང་དུ་འཕྱང་བའོ། །སྲོག་གི་རླུང་ནི་བསྐྱོད་པ་སྟེ། །རང་བཞིན་དུ་ནི་དེ་བརྗོད་དོ། །ལུས་ཀྱི་ཐེག་པ་ཆེན་པོའི་གནས་སྐབས་གསུངས་པ། སྔོན་དུ་བཤད་པའི་བུ་ག་རྣམས་
རེག་བྱ་ལ་བརྟེན་པ་རྣམས་དེ་ཡོངས་སུ་གྱུར་པར་སོན་པ་ན་སྣང་བ་མེད་པའི་ས་ནི་ཤེས་རབ་ཀྱི་རང་བཞིན་ཏེ། དེ་ལྟར་བརྒྱ་ཕྲག་གཅིག་ཏུ་འགྱུར་རོ། །དེ་བཞིན་འདིར་གསུངས་པ། རེག་པའི་ས་མཉམ་ཐོབ་པ་ན། །ཐབས་ཀྱི་རིག་པའི་མཚན་ཉིད་དེ། །ཤེས་རབ་རང་བཞིན་
མེད་བདག་ཉིད། །འཇིག་རྟེན་ཐམས་ཅད་རྣམ་འཇོམས་པའོ། །རེག་པའི་ས་རྣམས་འདི་ཀུན་གྱིས། །འཇིག་རྟེན་ཁམས་རྣམས་འབྱུང་བ་ནི། །དྲི་ཟའི་གྲོང་ཁྱེར་རྣམ་པ་སྟེ། །རང་བཞིན་སོ་སོ་སྣང་བའོ། །ཞེས་སོ། །དེ་བཞིན་དུ་ཡིད་ཀྱི་ཐེག་པ་ཆེན་པོའི་འདུ་ཤེས་གསུངས་པ། སྔོན་
དུ་བཤད་པའི་བུ་ག་རྣམས་ཀྱིས་ཡིད་ཀྱི་ཡུལ་ཀྱི་བདག་ཉིད་ཅན་གྱི་ཐབས་དང་ཤེས་རབ་རྣམས་ཏེ་དེ་ལྟར་ཡང་བརྒྱ་ཕྲག་གཅིག་སྟེ། དེར་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ་ལས་བྱུང་བའི་སེམས་ཀྱི་འཇུག་པའི་མཚན་ཉིད་ཀྱི་སྟེ། འདི་གསུངས་པ། ཡིད་ནི་
ཡེ་ཤེས་ཤེས་བྱ་བདག །སངས་རྒྱས་བསྐྱེད་ལ་ལ་བརྟེན་ཏེ། །མདོར་བསྡུས་པ་ནི་འབུམ་ཕྲག་ཙམ། །དེ་ཉིད་རྒྱ་ཆེ་དུ་མའོ། །ཡིད་ལས་བྱུང་བའི་ཐེག་པ་ཆེ། །སླར་ཡང་སྔགས་ཀྱི་ཐེག་པ་སོགས། །ཡུལ་དང་དབང་པོའི་དངོས་བདག་ཉིད། །ཡེ་ཤེས་དྲི་མེད་དེའི་གཟུགས་ཅན། །
ཞེས་སོ། །དེ་བཞིན་དུ་བློ་རྣམས་ཀྱི་ཐེག་པ་ཆེན་པོའི་འདུ་ཤེས་གསུངས་པ། སྔར་བརྗོད་པའི་བུ་ག་ལྔ་བཅུ་རྣམས་ལ་ཡིད་བརྟེན་པ་རྣམས་ཁམས་གསུམ་ཐམས་ཅད་རྨི་ལམ་བཞིན་བལྟ་བ་སྟེ། དེའི་ཚེ་ཏིང་ངེ་འཛིན་རབ་ཏུ་སད་པས་ཐམས་ཅད་དྲན་པས་སེམས་ཅན་རྣམས་ཀྱི་
བསམ་པ་ལ་སོགས་པའི་ཡེ་ཤེས་ཀྱང་ངོ་། །དེ་ལྟར་བརྒྱ་ཕྲག་གཅིག་ཉིད་དེ། ཐམས་ཅད་ཤེས་པ་ཉིད་ཅེས་བྱ་བར་དགོངས་སོ། །འདིར་ཡང་རིག་པ་གསུངས་པ། ཤེས་རབ་ལྡན་རྣམས་དོན་ཆེན་པོ། །ཡིད་ཀྱིས་བལྟས་པས་འགྲུབ་པའོ། །ཀུན་རྫོབ་དང་ནི་དོན་དམ་པ། །

ཏིང་ངེ་འཛིན་དང་ལངས་པ་གཉིས། །བློ་དངོས་བདག་གཉིས་རྣལ་འབྱོར་གྱི། །སྦྱོར་བའི་དངོས་པོ་བློ་ལྡན་པ། །བརྒྱ་ཕྱེད་རྣལ་འབྱོར་གྱི་ནི་གཟུགས། །བརྒྱ་ཕྱེད་བློ་དང་ལྡན་པའི་མི། །སླར་ཡང་ང་རྒྱལ་ཀྱི་ཐེག་པ་ཆེན་པོའི་རྐྱེན་གསུངས་པ། མངོན་ཤེས་བརྒྱ་ཕྱེད་ཀྱི་ནི་གཟུགས། །བདེ་
གཤེགས་བདག་ཉིད་དུ་འཁོར་བ། །བུ་ག་བྱང་ཆུབ་དངོས་རྣམས་ཀྱི། །མིག་ལ་སོགས་པ་ཆུའི་བདག་ཉིད། །ལྔ་ནི་ལྔ་བཅུ་ཤེས་པར་བྱ། །ཐ་སྙད་གཞན་གྱི་ལྔ་བཅུའོ། །ང་རྒྱལ་བྱང་ཆུབ་ཀྱི་ནི་གཟུགས། །སེམས་ཅན་རྣམས་ལ་གཞན་དོན་ནོ། །འགྲོ་གསུམ་སངས་རྒྱས་གཟུགས་
སུ་ནི། །བསྒོམ་པར་བྱས་པས་འཐོབ་པའོ། །སྐུ་གསུང་ཐུགས་ནི་གཞན་མིན་པར། །མཐོང་བ་དེ་ལྟར་བདག་ལས་བྱུང་། །ང་རྒྱལ་དེ་ལས་བྱུང་བ་སྟེ། །མ་བྱུང་བ་ལ་སོགས་པས་སོ། །རྡོ་རྗེའི་བུ་གའི་དྲ་སྦྱོར་རྣམས། །དངོས་པོ་ཐམས་ཅད་བདག་ཉིད་མེད། །ང་རྒྱལ་ཙམ་ཡང་
མི་བདེན་ཏེ། །སྲིད་གསུམ་སྣང་མེད་གྱུར་པས་སོ། །འགྲོ་བ་ང་རྒྱལ་ཙམ་གྱིས་ནི། །བདེ་བའི་རྒྱུ་ཡིས་འཐོབ་པའོ། །ཞེས་སོ། །དེ་བཞིན་དུ་ཡེ་ཤེས་ཀྱི་རྣམ་པའི་ཐེག་པ་ཆེན་པོའི་འདུ་ཤེས་གསུངས་པ། འདིར་སྔོན་དུ་གསུངས་པའི་མིག་ལ་སོགས་པའི་འདུ་ཤེས་
བརྒྱད་རྣམས་ཀྱི་བུ་ག་ལྔ་བཅུ་རྣམས་ལ་ཟག་པ་ཟད་པའི་ཡེ་ཤེས་ཀྱི་མཚན་ཉིད་རྣམས་ཀྱིས་མངོན་ཤེས་དྲུག་རྣམས་ཀྱིས་གཅིག་ཏུ་འགྱུར་བའོ། །སངས་རྒྱས་ཀྱི་དངོས་པོ་ནི་མ་ཡིན་ཞེས་བྱ་བའི་དོན་ནོ། །འདིར་གསུངས་པ། ཟག་པ་ཟད་པའི་ཡེ་ཤེས་ནི། །དྲུག་ཅུ་གཅིག་
ཏུ་འདོད་པ་སྟེ། །སངས་རྒྱས་དངོས་པོའི་གཟུགས་བདག་མིན། །ཟག་པ་ཐམས་ཅད་ཟད་པ་ཆེ། །འདུ་ཤེས་ཐམས་ཅད་དེ་ཚེ་མེད། །སྡིག་པ་ཡི་ནི་འདུ་ཤེས་མེད། །ཆོས་ཀྱི་དབྱིངས་ཀྱི་འདུ་ཤེས་ཆེ། །ཐེག་པ་ཆེན་པོར་བརྗོད་པའོ། །སྐུ་གསུམ་སངས་རྒྱས་གཟུགས་
བདག་ཉིད། །སངས་རྒྱས་སོ་སོ་དངོས་གཞན་མེད། །བུ་ག་ལྔ་བཅུ་སངས་རྒྱས་རྣམས། །མགོ་བོ་ཕྲེང་བ་དེའི་བདག་ཉིད། །དེ་ལྟར་སྔགས་ཀྱིས་དག་པར་འགྱུར། །འཁོར་ལོ་ཀུན་གྱི་རྣལ་འབྱོར་མའོ། །མགོ་མེད་གཟུགས་ནི་སྟོང་པ་ཆེ། །ལྔ་བཅུ་ཡེ་ཤེས་རྒྱ་མཚོའོ། །དེ་ལྟར་རིམ་

པས་ཤེས་བྱ་སྟེ། །བླ་མ་བསྙེན་བཀུར་བྱས་པས་སོ། །རྨོངས་སེམས་བདག་ཉིད་མ་ཤེས་པས། །ངུ་འབོད་དུ་ནི་འཚེད་པའོ། །དམ་ཆོས་མ་ལུས་ཤེས་བྱས་ནས། །ཤེས་བྱར་གྱུར་པས་ཕ་རོལ་འགྲོ། །བསྒོམ་དང་བླ་མ་མ་མཉེས་པས། །ཅི་ལྟར་ན་ནི་འགྲོ་བ་འཐོབ། །ཅེས་
སོ། །ད་ནི་རང་སངས་རྒྱས་ཀྱི་རྣམ་པར་གཞག་པ་རྣམ་པ་འདིར་ཁམས་བཅོ་བརྒྱད་རྣམས་ཀྱི་སྐད་ཅིག་ཙམ་བདེ་བའི་བདག་ཉིད་རྣམས་ཀྱི་བསྐྱེད་པ་དང་དེ་བཞིན་དུ་ཡུལ་དང་ཡུལ་ཅན་གཉིས་དེ་རྣམས་སུ་རང་བཞིན་ཙམ་སྐད་ཅིག་མའི་བདེ་བའོ། །དེ་ལྟར་རྣམ་པ་ཉི་ཤུ་རྣམས་ཀྱི་གྱེན་དུ་
རྒྱུ་བ་དང་ཐུར་དུ་སེལ་བའི་དྲན་པ་རྣམ་པ་ཉི་ཤུ་རྣམས་ཏེ། འཕོ་བ་སོ་སོ་རྣམས་དཀྱིལ་འཁོར་བཞི་ལ་སྐད་ཅིག་ཙམ་གྱིས་དཀྱིལ་འཁོར་ལྔ་ལྔར་འགྱུར་རོ། །དེ་བཞིན་དུ་འདིར་གསུངས་པ། དཀྱིལ་འཁོར་ཉི་ཤུ་རྣམས་ཀྱི་ནི། །སྐད་ཅིག་སྐད་ཅིག་ཏུ་འགྱུར་ཏེ། །དེ་བཞིན་གཤེགས་
པ་འདིར་འབྱུང་བ། །ཁམས་སོགས་རང་བཞིན་གྱི་ནིའོ། །ཁམས་དང་དཀྱིལ་འཁོར་རླུང་རྣམས་ཀྱི། །བདེ་བ་སྐད་ཅིག་མ་ཙམ་སྟེ། །སངས་རྒྱས་སྤྲུལ་པའི་སྐུ་རྣམས་སུ། །ཐམས་ཅད་དུ་ནི་འགྲོ་ཞིང་སྤྱོད། །སོ་སོའི་སྒྲ་ནི་འཇིག་རྟེན་གྱི། །གཙོ་བོ་ཉིད་དུ་གནས་པར་འགྱུར། །
སྐད་ཅིག་ཙམ་དུ་བརྟན་བྱས་ནས། །བདེ་གཤེགས་གནས་སུ་འགྲོ་བར་འགྱུར། །ཁམས་ཞེས་བྱ་དང་ལུས་རྣམས་སུ། །སྐད་ཅིག་སྐད་ཅིག་ལ་ཉམས་འགྱུར། །གྱེན་རྒྱུ་ཐུར་སེལ་སྐབས་ཐོབ་ནས། །གལ་ཏེ་རང་གི་སེམས་པ་དག །རྣལ་འབྱོར་རྣམས་ཀྱི་སྲོག་གཅོད་དོ། །ཐམས་
ཅད་དུ་ནི་ཚུལ་སྤྱོད་ཡུལ། །ཞེས་སོ། །ད་ནི་རྣམ་པ་ལྔ་རྣམས་ཉན་ཐོས་རྣམས་ཀྱི་རྣམ་པར་གཞག་པ་ལྔ་གསུངས་པ། སྙིང་ག་དང་མགྲིན་པ་དང་ལྟེ་བ་དང་། མགོ་བོ་དང་། སྤྱི་གཙུག་རྣམས་སུ་ཆུ་དང་མེ་དང་ས་དང་རླུང་དང་ནམ་མཁའི་ཚོགས་ཀྱི་འཁོར་ལོ་རྣམས་སུ་སྟེ། ཁམས་ལྔ་
ལྔ་རྣམས་ལ་སོགས་པ་ཉི་ཤུ་རྩ་ལྔར་འགྱུར་ཏེ། སྔོན་དུ་བཤད་པའི་སྲོག་གི་ནུས་པ་སྟེ། ཡང་ན་དེ་ཁོ་ན་ཉིད་ཉི་ཤུ་རྩ་ལྔ་དེ་དེ་བཞིན་དུ་གསུངས་སོ། །འདིར་གསུངས་པ། འཁོར་ལོ་ལྔ་རྣམས་སུ་གང་རླུང་། །ཉན་ཐོས་ཀྱི་ནི་མན་ངག་ཏུ། །ཤཱཀྱ་སེང་གེས་གཞག་པ་སྟེ། །

དེ་ཡི་ཚུལ་དེ་སྦས་པའོ། །ཁམས་རབ་འཇོམས་པས་སངས་རྒྱས་ཉིད། །ཉི་ཤུ་རྩ་ལྔའི་རང་བཞིན་ཆེ། །སྲོག་གི་ནུས་པའི་དེ་ཉིད་དང་། །འཇིག་རྟེན་ཁམས་རྣམས་སུ་བྱེད་པ། །དེ་ནས་ནང་དུ་ཤེས་བྱ་སྟེ། །ཐམས་ཅད་ནས་ནི་ཐོག་མ་མེད། །དེ་ཕྱིར་དང་པོའི་ཐོག་མ་འདི། །ཐེག་པ་
ཐམས་ཅད་རབ་འབྱུང་བའོ། །ཐེག་པ་བཞི་རྣམས་རབ་གསུངས་པ། །རྡོ་རྗེ་ཐེག་པའི་ནང་དུའོ། །ཐམས་ཅད་ཐེག་པ་རྡོ་རྗེ་ཐེག །ངེས་པར་བསྟན་པ་གསུངས་པའོ། །སྔགས་ཀྱི་དག་པའི་དངོས་རྣམས་སུ། །སྔགས་ཀྱི་ཐེག་པའི་དོན་སྟོན་པའོ། །ཐེག་པ་ཀུན་དུ་རྨོངས་བྱའི་ཕྱིར། །
མ་གསུངས་པ་ཡི་དག་པ་གསུངས། །ཞེས་བྱ་བ་ནི་བསྟན་ཆོས་ཀུན་གྱི་ངེས་པའོ། །རྡོ་རྗེ་པདྨས་ཞེས་བྱ་བ་ནི་སྙོམས་པར་འཇུག་པའི་སྟོབས་ལ་སོགས་པ་སྟེ། དེ་རྣམས་ཀྱི་དཀྱིལ་འཁོར་བ་རྣམས་ཀྱི་སྐབས་ལས་ལྷ་ལ་སོགས་པ་ཐམས་ཅད་དང་སེམས་ཅན་ལ་
སོགས་པ་རྣམས་དང་སྐལ་བ་དང་ལྡན་པ་རྣམས་ལ་སོགས་པའི་མངལ་སྐྱེས་ཉིད་དུ་སྐྱེ་བར་འགྱུར་རོ། །དེ་ཡང་། ཧེ་ཡི་རྡོ་རྗེའི་ལུགས་ཀྱིས་ཏེ། །སྔོན་དུ་འཁོར་ལོ་ཇི་ལྟའི་རིགས། །ལྷ་རྣམས་ཇི་ལྟར་བྱུང་བ་དང་། །འཁོར་ལོ་ས་དང་ཆུ་དང་སྔོན། །ཇི་ལྟར་རིག་
པས་སྲེག་ཟའི་གདན། །ལྷ་རྣམས་ཀྱིས་ནི་རླུང་ཆེན་པོ། །སྒོམ་པ་པོ་དེ་ཇི་ལྟར་བྱུང་། །ཞེས་བྱ་བ་སྟེ། དེ་ལྟར་ཆོས་ཀྱི་འབྱུང་གནས་དང་བྱང་ཆུབ་ཀྱི་སེམས་འདོད་ཆགས་ཆེན་པོའི་ཐིག་ལེ་ལྷའི་གཟུགས་ཅན་རང་གིས་རིག་པའི་བདག་ཉིད་དོ། །སེམས་ཅན་ཐམས་
ཅད་དཀྱིལ་འཁོར་ཞེས་བྱ་བ་ལ་སོགས་པས་རབ་ཏུ་གྲགས་པའོ། །ཆ་བཅུ་དྲུག་གི་ནང་དུ་ཞེས་བྱ་བ་ནི་ཟླ་བའི་ཆ་རྣམས་ཀྱི་དཀར་པོའི་ཕྱོགས་རྣམས་སུ་དེ་བཞིན་དུ་ནག་པོའི་ཕྱོགས་རྣམས་ཉི་མའི་ཆ་རྣམས་ཀྱི་བར་བར་དུ་སྟོང་པ་ཉིད་སུམ་ཅུ་རྩ་གཉིས་རྣམས་ཐུང་ངུ་དང་རིང་
པོའི་དབྱེ་བས་ཏེ། གང་ཡང་དཀར་པོའི་ཕྱོགས་སྟོང་པ་ཉིད་དེ་སྙིང་རྗེའི་སྟོང་པ་ཉིད་དུ་འདུ་ཤེས་པར་བྱའོ། །ལྷག་མ་ཐམས་ཅད་རྟོགས་པར་སླའོ། །དེ་ལྟར་ཐམས་ཅད་དགོས་པའི་ངག་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་དག་གི་རྒྱུ་ཞེས་བྱ་བའི་དོན་ནོ། །དེ་ཉིད་གསུངས་

པ། །བསོད་ནམས་ཡེ་ཤེས་ཚོགས་རྣམས་ནི། །སེམས་ཅན་རྣམས་ཀྱི་དགོས་པའོ། །དེ་དང་བྲལ་བས་དངོས་གྲུབ་ནི། །འདི་དང་ཕྱི་མ་རུ་ནི་མེད། །ཐམས་ཅད་དགེ་བའི་རང་བཞིན་བྱ། །སླར་ཡང་མི་དགེ་སྤང་བར་བྱ། །དགེ་དང་མི་དགེ་ཉམས་པར་ནི། །གཉིས་
སུ་མེད་པའི་དགོས་པ་ཡིན། །ཞེས་བྱའོ། །དཔལ་མཁའ་འགྲོ་རྒྱ་མཚོ་རྣལ་འབྱོར་མའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོའི་འགྲེལ་པ་གྲུ་གཟིངས་ལས་རབ་གནས་དང་རྣམ་པར་དག་པའི་ཆོ་གའི་མཚན་ཉིད་རྒྱས་པར་བསྟན་པ་སྟེ་ལེའུ་ཉི་ཤུ་རྩ་ལྔ་པའི་བཤད་པའོ།། །།ཕྱག་རྒྱ་
བརྡ་ཡི་མཚན་ཉིད་ཅན། །རྒྱུ་དང་འབྲས་བདག་ཉིད་ལྷ་མོ། །མདོར་བསྟན་རྒྱས་བཤད་གཙོ་མོ་སྟེ། །རབ་གཏུམ་རྣལ་འབྱོར་མ་ཕྱག་འཚལ། །སུམ་ཅུ་དྲུག་རྩའི་སྤྱོད་རྣམས་ཀྱིས། །ཕྱག་རྒྱའི་དེ་ཉིད་དུ་གནས་མའི། །རབ་ཏུ་རྟོགས་བྱེད་འགྲེལ་པ་ནི། །བླ་མའི་བཀའ་
ཡིས་བཤད་པར་བྱ། །ད་ནི་ལེའུ་ཉི་ཤུ་རྩ་དྲུག་པའི་བཤད་པ་གསུངས་པ། དེ་ནས་བཤད་བྱ་ཞེས་བྱ་བ་ལ་སོགས་པ་སྟེ། དེ་ནས་ཞེས་བྱ་བ་ནི་ལེའུ་ཉི་ཤུ་རྩ་ལྔ་པའི་དེ་མ་ཐག་ཏུ་རབ་ཏུ་གནས་པའོ། །ཕྱག་རྒྱ་ལྷན་སྐྱེས་མ་རྣམས་ཞེས་བྱ་བ་ནི་ལྷན་ཅིག་སྐྱེས་པ་ལས་བྱུང་བ་
མོའི་ཕྱི་དང་། ནང་གི་བདག་ཉིད་ཅན་གྱི་བརྡ་རྣལ་འབྱོར་མའི་ཡང་དག་པའི་ཡེ་ཤེས་དེའི་མཚན་ཉིད་བཤད་པར་བྱ་སྟེ། རྟགས་གང་གིས་ཤེས་པར་གྱུར་པ། །ཞེས་པར་འབྲེལ་ལོ། །དེ་ཉིད་གསུངས་པ། མི་ཕྱེད་མ་ལ་སོགས་ཞེས་བྱ་བ་ལ་སོགས་པས་འཆད་པར་འགྱུར་བའི་རྩ་
སུམ་ཅུ་གཉིས་རྣམས་ཀྱིའོ། །བཞི་ཡིས་ལྷག་པ་བཤད་ཅེས་བྱ་བ་ནི་ཧེའི་རྡོ་རྗེར་གསུངས་པ་ལས་རྒྱུད་འདིར་བཞིས་ལྷག་པ་སྟེ། དེ་ལྟར་ན་སུམ་ཅུ་རྩ་དྲུག་ཏུ་འགྱུར་རོ། །དེ་ཡང་། མི་ཕྱེད་མ་དང་ཕྲ་གཟུགས་མ། །ཞེས་བྱ་བ་ལ་སོགས་པ་ནས་རཱ་ཧུ་བྱེད་པ་ཞེས་བྱ་བའི་བར་དུ་
སྟེ་དེ་ལྟར་ན་རྩ་རྣམས་སུམ་ཅུ་རྩ་དྲུག་རྣམས་ཀྱི་ཞེས་བྱ་བ་འཆད་པར་འགྱུར་བ་རྣམས་སུ་སྟེ་ལེའུ་འདི་ནས་བརྩམས་ནས་ཇི་སྲིད་ལེའུ་སུམ་ཅུ་རྩ་བདུན་པའི་བར་རྣམས་ཀྱི་ལེའུ་བཅུ་གཉིས་རྣམས་ཀྱིའོ། །རེ་རེའི་ཞེས་བྱ་བ་ནི་རྩ་རྣམས་ཀྱི་དེ་དེ་བཞིན་དུ་བཤད་དོ། །དེ་ལྟར་ཡང་

རྩ་རྣམས་ཀྱི་མདོར་བསྟན་པའི་ཕྱག་རྒྱ་ཅན་ཞེས་བྱ་བ་ནི་ལག་པའི་སོར་མོ་ཞེས་བྱ་བ་ལ་སོགས་པ་བསྟན་པས་ཏེ། སླར་ཡང་ཞེས་བྱ་བ་ནི་རྒྱས་པར་བཤད་པའོ། །ནང་གི་བདག་ཉིད་དུ་སྟོན་པས་སོ། །དེ་ལྟར་གསུངས་པ། སོར་མོ་གཅིག་བསྟན་པར་བྱ་ཞེས་བྱ་བ་ནི་སྲིན་མོའམ་
སྤུན་གྱིས་སྟོན་པ་ན་མདོར་བསྟན་པས་ཀྱང་དངོས་པོ་བསྐྱེད་པར་འགྱུར་ཏེ་དེ་ཡང་རེངས་པ་ཞེས་བྱ་བ་ནི་རྒྱས་པར་བཤད་པས་ཨ་ཝ་དྷཱུ་ཏཱིར་སྲོག་དུས་ཐམས་ཅད་དུ་རེངས་པ་བཞིན་གནས་པས་སོ། །དེའི་སོར་མོ་གཉིས་ཞེས་བྱ་བ་ནི་མདོར་བསྟན་པའོ། །འོག་དང་སྟེང་དུ་
མཉམ་པ་ཞེས་བྱ་བ་ནི་རྒྱས་པར་བཤད་པ་སྟེ། བརྡ་ཡིས་སྲོག་དང་ཐུར་སེལ་གཉིས་ཀྱིས་མཉམ་པར་ཨ་ཝ་དྷཱུ་ཏཱིར་བསྟེན་པ་ཞེས་བྱ་བའི་དོན་ཏོ། །སླར་ཡང་མཐེ་བོང་བསྟན་པར་བྱ་ཞེས་བྱ་བ་ནི་བརྡའི་སྟེ་ཐམས་ཅད་ཀྱི་རྩ་རྣམས་ཀྱིས་ཨ་ཝ་དྷཱུ་ཏཱིར་ཁྱབ་པར་བྱེད་པར་
སྲོག་དང་ཐུར་སེལ་དག་གིས་དེ་ཡང་གྱེན་དུ་རེངས་པ་མཉམ་པ་ཞེས་བྱ་བ་ནི་ཆོས་ཀྱི་དབྱིངས་དང་མཉམ་པ་ཞེས་བྱ་བའི་དོན་ནོ། །དེའི་ཕྱིར་སྣ་ཚོགས་པའི་རིམ་པ་རྣམས་སུ་ཤེས་པར་བྱ་བ་ཞེས་བྱ་བ་ནི། སྣ་ཚོགས་པའི་བླ་མའི་མན་ངག་གི་རིམ་བར་གནས་པར་བྱའོ། །དེས་ཀྱང་གོ་
འཕང་ཐམས་ཅད་བགྲོད་བྱ་མཆོག་ཅེས་བྱ་བ་ནི་སྣ་ཚོགས་པའི་དམ་པའི་ཆོས་ཀྱི་བསྟན་བཅོས་རྣམས་སུ་ཐོས་པ་དང་བསམ་པ་དང་སྒོམ་པ་མི་སྤང་ངོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་འདིའི་མཐེ་ཆུང་བསྟན་པས་ཡོངས་སུ་གནས་པར་བྱེད་དོ། །རྩ་ཐམས་ཅད་ཀྱི་ཡང་
དག་པར་གནས་པར་འཕོ་བ་མེད་པ་ཉིད་ཀྱིས་སོ། །མིང་མེད་ཅེས་བྱ་བ་ནི་རབ་ཏུ་སྟོན་པ་མོ་དབུས་མའི་སོར་མོ་འདིའི་བརྡ་ལན་གྱིས་བརྡའོ། །རྡོ་རྗེ་ཉི་མ་ཞེས་བྱ་བ་ནི་རབ་ཏུ་གཏུམ་པའི་ཉི་མ་ནི་སྲོག་སྟེ་འདོད་ཆགས་ཆེན་པོའི་བདག་ཉིད་ཅན་ནོ། །རྡོ་རྗེ་ནི་དབྱེར་མེད་པའི་
བདག་ཉིད་ལྷན་ཅིག་སྐྱེས་པའི་ཡེ་ཤེས་བསྟེན་པ་ཉིད་ཀྱིས་སོ། །ཧེ་རུ་ཀ་དག་ཅེས་བྱ་བ་ནི་ཆོས་དང་ལོངས་སྤྱོད་རྫོགས་པ་དང་སྤྲུལ་པའི་བདག་ཉིད་རྣམས་ཀྱིས་ལྷན་ཅིག་ཏུ་གནས་ཏེ། ལ་ལ་ནཱ་སྙིང་གའི་ཆོས་སུ་ཞེས་བྱ་བ་ནི་འདིའི་ཚིག་གིས་རྩ་ཐམས་ཅད་ལ་ལ་ནཱའི་

སྒྲས་བཤད་པ་དེ་རྣམས་ཀྱི་དེ་བཞིན་དུ་བཤད་དོ། །དེ་ལྟར་སྡིགས་མཛུབ་ཀྱི་ཕྱག་རྒྱའི་ལན་གྱི་ཕྱག་རྒྱ་གུང་མོ་བསྟན་པའི་བརྡས། རྡོ་རྗེ་པདྨའི་རབ་སྦྱོར་བས་ཞེས་བྱ་བ་ནི་ཕྱི་རོལ་གྱི་ཡན་ལག་ཅན་མའི་རྣལ་འབྱོར་མ་རྣམས་དང་སྙོམས་པར་ཞུགས་པས་སོ། །བདེ་བ་
སྟེང་དུ་བསྐྱོད་འགྱུར་ཞེས་བྱ་བ་ནི་རྡོ་རྗེའི་ལམ་དུ་ལོངས་སྤྱོད་ཀྱི་རླབས་གཉིས་བཙིར་བ་དག་གིས་སྟེང་དུ་འགྲོ་བའོ། །སྲོག་གྱེན་དུ་བསྐྱོད་པས་ཞེས་བྱ་བའི་དོན་ཏོ། །དེའི་ཕྱིར་དཔྲལ་བ་བསྟན་པར་བྱ་ཞེས་བྱ་བ་དེའི་དར་དཔྱངས་ཞེས་བྱ་བ་ནི་སྡིགས་མཛུབ་དང་གུང་མོ་
གཉིས་ཀྱིས་དར་གྱི་ཚུལ་དུ་དཔྲལ་བར་སྦྱར་ཏེ་འདིའི་ཕྱག་རྒྱ་དང་ཕྱག་རྒྱའི་ལན་གྱིས་སོ། །སྔོན་དུ་བཤད་པའི་བདེ་བ་གྱེན་དུ་བསྐྱོད་པས་དཔྲལ་བའི་ཕྱོགས་སུ་སོན་པ་སྟེ། དེར་རང་གི་རིག་པ་ཞེས་བྱ་བ་ནི་མཚོན་པ་བྱུང་བས་ཀྱང་རང་གིས་ཀུན་དུ་རྟོག་པ་དེ་ཙམ་ཉིད་དུ་མི་འབྱུང་
བའོ། །ཕྱག་རྒྱས་ལྡན་པ་ཞེས་བྱ་བ་ནི། སྟོང་པ་ཉིད་དང་སྙིང་རྗེས་གཉིས་སུ་མེད་པ་ཞེས་བྱ་བར་དགོངས་སོ། །དེ་ལྟར་འདིའི་རབ་ཏུ་སྦྱོར་བ་སྒྲུབ་པའི་འཁོར་ལོ་ཞེས་བྱ་བ་ལ་སོགས་པ་གསུངས་པ། དེ་ལྟར་འཁོར་བའི་ཕྱག་རྒྱའི་ས་གཞི་ནི་ལན་གྱི་ཕྱག་རྒྱ་སྟེ་བརྡས་ནི། གཙུག་
ཏོར་དང་ནི་ལྟེ་བར་འགྲོ། །ཞེས་བྱ་བ་ནི་སྔོན་དུ་བཤད་པའི་བདེ་བའི་སྤྱི་གཙུག་ཛཱ་ལནྡྷ་རའི་བུ་ག་ནས་འོངས་ཏེ་ལྟེ་བའི་བར་དུའོ། །དེ་ཡང་ལག་པ་གཉིས་ཀྱིས་རེངས་པར་བྱ་ཞེས་བྱ་བ་ནི་སྲོག་དང་ཐུར་སེལ་དག་གིས་བརྟན་པར་བྱས་ནས་དུས་ཐམས་ཅད་དུ་གནས་པའོ། །འདིའི་
བྱ་བ་གསུངས་པ་མིག་དང་མེ་ལོང་དག་ཇི་ལྟ་བའི་རིམ་པས་ཕྱག་རྒྱ་དང་ཕྱག་རྒྱའི་ལན་དག་གི་བརྡས། འོད་གསལ་བ་དག་མཐོང་བའོ་ཞེས་བྱ་བ་ནི་ལྟེ་བའི་གནས་སུ་བརྟན་པའི་སྦྱོར་བས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་འབར་བར་གྱུར་
པའི་ལྷའི་དབང་པོ་རྣམས་སུ་བྱེད་པས་སྐད་ཅིག་ལས་མཐོང་བའོ། །དེ་ལྟར་ལྟོ་བ་དང་ལྟེ་བ་དག་གི་ཕྱག་རྒྱ་དང་ཕྱག་རྒྱའི་ལན་གྱིས་རྣམ་པར་ཤེས་པ་བརྒྱད་པ་ཞེས་བྱ་བ་ནི་ཀུན་གཞི་ཞེས་བྱ་བ་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་དུ་འགྲོ་བའོ། །ནམ་མཁའ་ཞེས་བྱ་བ་ལ་སོགས་

པས་རྩའི་སྦྱོར་བ་ཉིད་ཀྱིས་མཐོང་བའོ། །མངོན་སུམ་དུ་རྗེས་སུ་ཉམས་སུ་མྱོང་བས་སྟོང་པ་ཉིད་དང་སྙིང་རྗེའི་བདག་ཉིད་ཅན་ཞེས་བྱ་བའི་དོན་ཏོ། །ཁྲོ་གཉེར་ཞེས་བྱ་བ་ལ་སོགས་པ་ནས་རྩ་གསུམ་རྣམས་སུ་འབར་བ་ལས་ཞེས་བྱ་བའི་བར་རྣམས་ནི་རྟོགས་པར་སླའོ། །དེ་ལྟར་ཞེས་བྱ་བ་
ལས་ནི་ཉེ་བར་སྡུད་པའི་ངག་གོ། །རྡོ་རྗེའི་འཁོར་ལོ་ཅན་དུ་ཞེས་བྱ་བ་ནི་བཅོ་ལྔ་པ་སྒྲུབ་པའི་ཐབས་ཀྱི་ལེའུར་འཁོར་ལོ་བཅུ་གཉིས་རྣམས་ཀྱི་ཐོག་མར་འཁོར་ལོའི་མིང་རྡོ་རྗེ་འཁོར་ལོ་དེའི་དཔའ་བོ་དང་དཔའ་མོའི་དབང་ཕྱུག་རྣམས་ཀྱི་སྤུན་དང་སྲིང་མོར་སྤྱོད་པའི་ཕྱག་རྒྱ་དང་ཕྱག་
རྒྱའི་ལན་ཕྱི་དང་ནང་གི་བདག་ཉིད་དུ་ཤེས་པར་བྱའོ། །རབ་གཏུམ་རིགས་ཀྱི་བདག་མོ་ཞེས་བྱ་བ་ནི་དེ་ལྟར་སུམ་ཅུ་རྩ་དྲུག་གི་ཕྱག་རྒྱ་རྣལ་འབྱོར་མ་རྣམས་ཀྱི་རིགས་ཀྱི་བདག་པོ་རིགས་དང་རིགས་ཅན་མ་རྣམས་ཀྱི་སྟེ། རབ་གཏུམ་གནས་ཀྱི་གཙོ་མོ་ཞེས་བྱ་བ་ནི་གནས་དང་ཉེ་བའི་
གནས་ལ་སོགས་པ་སུམ་ཅུ་རྩ་དྲུག་རྣམས་ཏེ་དེ་ལ་བརྟེན་པའི་རྣལ་འབྱོར་མ་རྣམས་ཀྱི་རང་བཞིན་རྣམས་དེ་རྣམས་ཀྱི་རང་བཞིན་དུ་འབྱུང་བར་འགྱུར་རོ། །ད་ནི་རབ་གཏུམ་མོའི་ཡི་གེ་རྣམས་སུ་དེ་བཞིན་དུ་བྱང་ཆུབ་ཀྱི་ཕྱོགས་ཀྱི་རང་བཞིན་དང་སྐྱེ་གནས་ཀྱི་རྣམ་པར་གཞག་
པ་གསུངས་པ། རབ་ཏུ་གསལ་བ་ཞེས་བྱ་བ་ལ་སོགས་པ་སྟེ་པྲའི་ཡི་གེའི་དོན་ནོ། །གང་དང་གང་བསྒོམས་པའི་སྒྲུབ་ཐབས་རྣམས་སུ་སྒྲུབ་པར་འགྱུར་ཏེ། རྣལ་འབྱོར་པའི་གཟུགས་དང་ཧེའི་རྡོ་རྗེ་ལ་སོགས་པས་སོ། །དེ་ཡང་རབ་ཏུ་གསལ་བ་མཐར་ཕྱིན་པ་
རྣམས་སུ་འགྱུར་རོ། །སྲིད་པའི་རྒྱ་མཚོ་ཞེས་བྱ་བ་ནི་བརྟན་པ་མ་ཡིན་པ་ཉིད་ཀྱི་ནང་དུ་སངས་རྒྱས་ཀྱི་གཟུགས་ཀྱང་སྲིད་པར་སྐྱེས་པར་ཡང་ནས་ཡང་དུ་འཆི་བ་དང་སྐྱེ་བ་ཉིད་དུ་འགྱུར་རོ། །དེའི་ཕྱིར་ཙའི་ཡི་གེའི་དོན་ནི། གཡོ་བའི་ཆོས་ཞེས་བྱ་བ་སྟེ། ཇི་སྲིད་བསྒོམས་པའི་
གཟུགས་བརྟེན་པར་ཡང་གྱུར་པ་དེ་སྲིད་དུ་གཡོ་བའི་གཟུགས་ཀྱི་ཆོས་ཞེས་བྱ་སྟེ་དེ་ཉིད་ཅིའི་དུས་ནམ་གྱི་ཚེ་དངོས་པོ་གང་གིས་བསྟན་པར་གསུངས་པ། དེ་སྲིད་གཉིས་མེད་སྤྱོད་ཡུལ་ཞེས་བྱ་བ་སྟེ། སྤྱོད་ཡུལ་ཡང་དག་པར་ཐོབ་པའི་དུས་སུ་གཉིས་སུ་མེད་པས་

བསྟན་པའོ། །དེ་སྲིད་དུ་དེ་དེ་བཞིན་དུ་གསུངས་སོ། །དེས་ཅི་ཐོབ་པར་གསུངས་པ། མཁའ་འགྲོ་མ་ཞེས་བྱ་བ་ལ་སོགས་པས་ཏེ། ཌཱའི་ཡི་གེའི་དོན་ཉིད་དོ། །དྲ་བ་ནི་རྩའི་ཚོགས་སོ། །རྣལ་འབྱོར་མའི་ཡེ་ཤེས་ལྷན་ཅིག་སྐྱེས་པའི་རྒྱ་མཚོར་འདུས་པ་ཞེས་བྱ་བ་ནི་སྔོན་དུ་
བཤད་པའི་རབ་ཏུ་སྦྱོར་བ་སྒྲུབ་པས་གནས་པ་དེ་རྣམས་སུ་ཆོས་ཐམས་ཅད་ཀྱི་འདུས་པ་ཤར་བ་ཡང་རྣལ་འབྱོར་མའི་ཚོགས་ཀྱི་ཡེ་ཤེས་ཀྱང་འདུས་པ་དེ་ཉིད་ཀྱི་འདུས་པ་ཞེས་བྱ་བ་སྟེ་རྣལ་འབྱོར་པ་རྣམས་ཀྱིས་རབ་ཏུ་གཏུམ་མོའི་ཡི་གེ་རྣམས་སུ་རིག་པར་ཤེས་པར་བྱའོ། །བུད་མེད་
ཀུན་གྱི་སྒྱུ་མའི་གཟུགས། །ཞེས་བྱ་བ་ནི་དེ་ལྟར་ཡི་གེ་གསུམ་རྣམས་སུ་ཐམས་ཅད་སྒྱུ་མའི་གཟུགས་ཏེ་དངོས་པོའི་ཁྱད་པར་གྱི་རྣལ་འབྱོར་མའི་རྒྱུད་ཀྱི་དགོངས་པ་རྣམས་སུ་བུད་མེད་སྒྱུ་མའི་གཟུགས་ཅན་མ་རྣམས་རྣལ་འབྱོར་མ་ཐམས་ཅད་ཀྱི་རང་བཞིན་ཞེས་བྱ་བའི་དོན་ཏོ། །དེས་ཀྱང་
རྫུ་འཕྲུལ་གྱི་རྐང་པ་ཞེས་བྱ་བ་ནི་རྫུ་འཕྲུལ་ནི་ནམ་མཁའ་ལ་འགྲོ་བ་སྟེ་འགྲོ་བར་བྱེད་དེ་དེ་ཁོ་ན་ཉིད་ལྷན་ཅིག་སྐྱེས་པའི་རྒྱ་མཚོར་ཞུགས་པ་ནི་རང་གིས་རིག་པའི་རྣལ་འབྱོར་དེ་རྣལ་འབྱོར་མ་ཐམས་ཅད་ཀྱི་རང་བཞིན་གྱིས་བདག་ཉིད་ཅན་རྣམས་ཀྱི་ཕྱག་རྒྱ་རྣམས་ལ་འདུན་པར་འགྱུར་
རོ། །དེའི་རང་བཞིན་དུ་རྗེས་སུ་གནས་ཏེ་འདིས་ཞེས་བྱ་བ་ནི་འདུན་པ་སྔོན་དུ་སོང་བའི་ཡེ་ཤེས་དེའི་གཟུགས་སུ་བཤད་པའི་རང་བཞིན་མ་ལུས་པ་ཐེག་པ་གསུམ་ལ་སོགས་པའི་མཚན་ཉིད་དེ་ནི་རྫུ་འཕྲུལ་གྱི་རྐང་པར་འདོད་དེ་གང་གིས་འཐོབ་པ་ཞེས་བྱ་བ་སྟེ་དེ་དེ་བཞིན་
དུ་བཤད་དོ། །འོན་ཀྱང་ཕྱག་རྒྱའི་བརྡ་ཡིས་ཐམས་ཅད་ཅེས་བྱ་བ་ནི་གང་བཤད་པ་དང་ཕྱིས་ཀྱིས་ཀྱང་བརྡ་དེ་ཐམས་ཅད་ནི་རྣལ་འབྱོར་གྱི་དངོས་གྲུབ་བྱེད་པའི་རྒྱུ་ཞེས་བྱའོ། །དེས་རྣལ་འབྱོར་མ་བསྐྱེད་པའི་མཚན་ཉིད་ཅེས་བྱ་བ་ནི་དེའི་སྦྱོར་བའི་དུས་རྣམས་སུ་གྲུབ་པའི་རྣལ་འབྱོར་
མ་རྣམས་ཀྱིས་བསྐྱེད་པར་འགྱུར་བའོ། །དེས་ཀྱང་དཀྱིལ་འཁོར་ཞེས་བྱ་བ་ལ་སོགས་པས་དཀྱིལ་འཁོར་གྱི་འཁོར་ལོ་ཇི་ལྟར་འཁོར་ལོ་སྡོམ་པ་ཆུང་ངུར་སུམ་ཅུ་རྩ་བདུན་གྱི་བདག་ཉིད་གསུངས་པ། དེ་བཞིན་དུ་འདི་སྐད་ཅིག་སྐད་ཅིག་ལ་བསྒོམ་པར་བྱའོ་ཞེས་བྱ་བ་ནི་

ངེས་པའོ། །དགོས་པ་གང་གི་ཕྱིར་བསྒོམ་པ་གསུངས་པ། སུམ་ཅུ་རྩ་བདུན་བདག་ཉིད་ཅན། །ཞེས་བྱ་བ་ལ་སོགས་པས་ཏེ། སྔགས་ཞེས་བྱ་བ་ནི་འཆད་པར་འགྱུར་བ་དང་གསུངས་པ་སྟེ། དེས་བསྒོམ་པའི་རབ་ཏུ་སྦྱོར་བས་བསྒོམ་པའོ། །དུས་གང་གིས་ཞེ་ན་གསུངས་
པ། །མཁའ་འགྲོ་མ་ལས་ཞེས་བྱ་བ་ནས་གཤིན་རྗེ་འཇོམས་མའི་བར་རྣམས་ཏེ་བཅུ་གཉིས་པོ་རྣམས་ཀྱི་ཆུ་སྲིན་ལ་སོགས་པའི་ཕྲད་པ་ལས་སྐྱེས་པ་རྣམས་ཀྱི་དེ་རྣམས་ཀྱི་རེ་རེ་འཕོ་བའི་དུས་རྣམས་སུ་རབ་ཏུ་གཏུམ་མོ་ལ་སོགས་པ་དེ་དེ་བཞིན་དུ་གསུངས་སོ། །གཞན་
ཞེས་བྱ་བ་ནི་བརྒྱ་བྱིན་ལ་སོགས་པ་ལྷ་ལུས་རགས་པ་རྣམས་ཀྱི་ལོ་གཅིག་གིས་ཉི་མ་གཅིག་ལ་སོགས་པས་འཕོ་བ་ཡང་རགས་པར་འགྱུར་རོ། །དེ་བཞིན་དུ་ཕྲ་མོ་སྦྲང་བུ་ལ་སོགས་པ་རྣམས་ཀྱི་ཡང་སྟེ། དེ་ལྟ་དེ་ལྟར་འགྲོ་བ་རྣམས་ཀྱི་བསྐྱེད་པ་དང་རྣལ་འབྱོར་མ་རྣམས་
ཀྱི་ཡང་ངོ་། །དེ་ཉིད་གསུངས་པ། ལོ་རྣམས་ཀྱི་ནི་ཚད་རྣམས་སུ། །ཞེས་བྱ་བ་ནི་ལོ་གཅིག་རྣམས་རྣལ་འབྱོར་མ་རྣམས་ཀྱི་བསྐྱེད་པའི་ཚད་ཀྱི་རྩིས་རྒྱུན་དུའོ། །གྲངས་སུ་འགྱུར་བ་གསུངས་པ། ཁ་ར་སོགས་དང་དུས་བྱས་ནས། །ཞེས་བྱ་བ་ནི་ཁའི་ཡི་གེ་ལ་སོགས་པ་
ཉི་ཤུ་རྩ་བཞི་སྟེ། དེ་བཞིན་དུ་ར་ལ་སོགས་པ་དྲུག །དུས་ཚོད་དྲུག་སྟེ་དེ་ལྟར་གཞག་པར་བྱའོ། །ལྡོག་པ་གཉིས་དག་གིས་མཚན་པ། །ཞེས་བྱ་བ་ནི་སྟེང་དང་འོག་ཏུ་གཉིས་གཞག་པར་བྱའོ། །གཉིས་དག་བཅུ་འགྱུར་དུ་བྱས་ནས། །ཞེས་བྱ་བ་ནི། ལོ་གཅིག་གི་ཆུ་ཚོད་ཅེས་
བྱ་བ་ནི་རེ་རེ་ལ་བརྒྱད་བརྒྱད་ཐིག་ལེ་གཉིས་སྦྱིན་པར་བྱའོ། །མདོར་བསྡུས་པས་འདིར་འགྱུར་ཏེ་གསུམ་གཅིག་ཏུ་འབབ། དེ་ལྟར་ལོའི་ཆུ་ཚོད་རྣམས་ཀྱི་ཚད་གསུངས་པ། ཆུ་ཚོད་ལྔ་རྣམས་སུ་ཞེས་བྱ་བ་ནི་འཕོ་བ་གཅིག་རྣམས་ཀྱི་རྡོ་རྗེ་ཕག་མོ་ལ་སོགས་པ་ཆུ་ཚོད་
རེ་རེའི་ནང་རྣམས་སུ་རྣལ་འབྱོར་མ་སུམ་ཅུ་རྩ་བདུན་རྣམས་ཀྱི་བསྐྱེད་པར་འགྱུར་ཏེ་མདོར་ན་ལྔ་པོ་རྣམས་ཀྱི་བརྒྱད་ཅུ་རྩ་ལྔས་ལྷག་པའི་བརྒྱའོ། །དེ་བཞིན་དུ་ཉི་མ་གཅིག་གི་ཚད་ཅེས་བྱ་བ་ནི་སྔོན་དུ་བཤད་པ་ལ་བཅུ་ཉིས་འགྱུར་དུ་འགྱུར་ཏེ། དེ་ཉིད་གསུངས་པ།

ནམ་མཁའ་མིག་དང་ལག་པ་མིག །ཅེས་བྱ་བ་ནི་ཉིས་སྟོང་ཉིས་བརྒྱ་ཉི་ཤུ། དེ་བཞིན་དུ་ཟླ་བ་གཅིག་གི་ཚད་ཅེས་བྱ་བ་ནི་སྔོན་དུ་བཤད་པ་རྣམས་སུམ་ཅུ་འགྱུར་རྣམས་ཏེ། དེ་ཉིད་གསུངས་པ། མཁའ་མཁའ་རོ་དང་དུས་ཚོད་རོ། །ཞེས་བྱ་བ་སྟེ་དྲུག་ཁྲི་དྲུག་སྟོང་དྲུག་བརྒྱ་
ཉི་ཤུ། དེ་བཞིན་དུ་ལོ་གཅིག་གི་ཚད་ཅེས་བྱ་བ་ནི་སྔར་བཤད་པ་རྣམས་བཅུ་ཉིས་འགྱུར་རྣམས་ཏེ། དེ་ཉིད་གསུངས་པ། མཁའ་སྟོང་གཉིས་དང་བུ་ག་དེ་བཞིན་དུ། བུ་ག་དང་ནི་རི་བོ་ཞེས་ཏེ་བདུན་འབུམ་དགུ་ཁྲི་དགུ་སྟོང་ཉིས་བརྒྱ། དེ་ལྟར་མཁའ་འགྲོ་མ་ཐམས་ཅད་ཀྱི་
སྐྱེ་བ་ནི་རགས་པ་ཉིད་དང་ཕྲ་བ་ཉིད་ཀྱིས་སླར་ཡང་དུ་མ་རྣམས་ཏེ་དེས་ཏུའི་སྒྲ་ནི་ངེས་པར་གཟུང་བའོ། །ད་ནི་དཀྱིལ་འཁོར་གྱི་འཁོར་ལོ་བསྒོམ་པའི་ལྷ་མོ་རྣམས་ཀྱི་སྔགས་ཀྱི་ཡི་གེ་རྣམས་ལས་བསྐྱེད་པ་གསུངས་པ། གསང་སྔགས་ཞེས་བྱ་བ་ལ་སོགས་པ་སྟེ། རྩ་
བའི་སྔགས་རྣམས་སུ་ཞེས་བྱ་བ་ནི་རྐང་པ་བཞི་བཅུ་རྩ་བརྒྱད་པ་རྣམས་སུ་སྟེ། དེའི་རྐང་པ་གཉིས་གཉིས་མཉམ་པ་ཞེས་བྱ་བ་ནི་རྣལ་འབྱོར་མ་ཉི་ཤུ་རྩ་བཞི་རྣམས་ཀྱི་རྐང་པ་གཉིས་གཉིས་རྣམས་ཏེ་རྣལ་འབྱོར་མ་རྣམས་ཀྱི་སྔགས་གཅིག་ནི་རང་གི་སྔགས་ཀྱི་རྐང་པའོ། །དེ་
ལྟར་རྐང་པ་གསུམ་རྣམས་ཀྱིས་དཀྱིལ་འཁོར་གྱི་འཁོར་ལོའི་རྣལ་འབྱོར་མ་རྣམས་ཀྱི་བསྐྱེད་པར་འགྱུར་རོ། །དེའི་སྔགས་ཁ་སྦྱོར་གྱི་བདག་ཉིད་ཡི་གེ་རེ་རེ་བར་དུ་བཅུག་པ་རྣམས་གསུངས་པ། ཨོཾ་ཏྲི་ནེ་ཞེས་བྱ་བ་ལ་སོགས་པ་སྟེ་རྟོགས་པར་སླའོ། །རྟག་ཏུ་རྒྱ་མཚོ་དང་མཉམ་
པ་ཅན་ཞེས་བྱ་བ་ནི་འཆད་པར་འགྱུར་བའི་ལེའུ་ལྔ་བཅུ་པར་མཁའ་འགྲོ་རྒྱ་མཚོའི་སྒྲུབ་ཐབས་སུ་གསུངས་པ་སྟེ་རྣལ་འབྱོར་མ་དང་དཔའ་བོ་རྣམས་དེ་དང་མཉམ་པར་འགྱུར་བས་སོ། །དེ་ལྟར་ཤེས་རབ་དང་ཐབས་ཀྱི་བདག་ཉིད་དུ་གནས་ནས་ཐམས་ཅད་
འཆར་བའོ། །དེ་ཡང་རབ་མཆོག་བདེ་བ་འཐོབ། །ཅེས་བྱ་བ་ནི་བླ་མའི་མན་ངག་གིས་མཆོག་ཏུ་གཉིས་སུ་མེད་པ་ཐོབ་པ་ནི་དགོས་པ་སྟེ། ཉི་ཤུ་རྩ་གསུམ་ལ་སོགས་པའི་ལེའུ་གསུམ་གང་རྣམས་སུ་གང་བཤད་པ་དེ་ཐམས་ཅད་འབབ་པ་རྣམས་ཀྱིས་ཕྱོགས་

སྣ་ཚོགས་པ་ཡོངས་སུ་རིག་པའོ། །དེ་ཉིད་ཀྱི་མན་ངག་གིས་ཡེ་ཤེས་ཟླ་བའི་རང་བཞིན་ཞེས་བྱ་བ་ནི་དགོས་པ་ཐམས་ཅད་དེ་ཐེག་པ་གསུམ་ལ་སོགས་པའི་སྣ་ཚོགས་པའི་བསྟན་བཅོས་སུ་བཤད་པ་རྣམས་ཟླ་བ་ལྟར་འོད་གསལ་བའི་རྣམ་པ་རྣམས་སུ་ཡེ་ཤེས་ཀྱི་རང་བཞིན་རྣམས་རིག་
པ་ཞེས་བྱ་བ་ནི་དེ་ཡང་འདིས་སོ། །འདི་རྣམས་འཆར་བས་ཏེ་རྟག་ཏུ་སྤྲོ་ཞིང་ཡོངས་སུ་སྡུད་པའི་སྦྱོར་བས་སྣ་ཚོགས་པའི་སངས་རྒྱས་བྱེ་བ་རྣམས་ཀྱིས་སྤྲོའོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་ཡེ་ཤེས་ཟླ་བའི་འོད་ཟེར་ཅི་ལ་སྐྱེས་པ་གསུངས་པ། ཚངས་པའི་སྒོ་ང་ཞེས་བྱ་བ་སྟེ་
དཔྲལ་བའི་དབུས་སུ་འཕྱང་བའི་རྩ་དགུ་པ་འགོག་པས་བྱང་ཆུབ་ཀྱི་སེམས་གྱེན་དུ་འབབ་པ་དེའི་འོད་ཟེར་གྱིས་གཟུགས་ཡེ་ཤེས་ཀྱི་རྣམ་པར་འགྱུར་བས་འོད་དེ་དེ་ལ་དེ་བཞིན་དུ་གསུངས་སོ། །ད་ནི་ཀུན་དུ་སྤྱོད་པ་གསུངས་པ། ཀུན་དུ་སྤྱོད་པ་ཞེས་བྱ་བ་ལ་སོགས་
པ་སྟེ། དུས་ཐམས་ཅད་དུ་ཞེས་བྱ་བ་ནི་འཕོ་བ་འདི་རྣམས་ཐམས་ཅད་ཀྱི་དུས་སུ་སྔགས་ལས་འབྱུང་བ་ཞེས་བྱ་བ་ནི་སྔགས་ཀྱི་ཡི་གེ་བརྗོད་པའི་དུས་ཙམ་གྱིས་ཏེ། རང་རང་གི་སྔགས་ཀྱི་ཡི་གེའི་དུས་རྣམས་སུའོ། །འདིར་ཀུན་ཏུ་སྤྱོད་པ་ནི་ལོངས་སྤྱོད་པ་དང་ཐིམ་པ་
དང་བདག་ཏུ་བྱེད་པའི་རིམ་པས་བརྗོད་པར་བྱའོ། །དེ་ཡང་སྔོན་དུ་བཤད་པའི་ཇི་ལྟར་ཁྭ་གདོང་མ་ལ་སོགས་པ་བརྒྱད་རྣམས་ཀྱི་བྱ་བའོ། །དེ་བཞིན་དུ་འདིར་རབ་ཏུ་གཏུམ་མོ་ལ་སོགས་པས་བྱའོ། །འོན་ཀྱང་འདིར་ཀུན་དུ་སྤྱོད་པ་རྣམ་པ་གཉིས་ཏེ། གཅིག་ནི་རྡོ་རྗེ་ཕག་
མོ་བརྗེས་ནས་དེས་རབ་ཏུ་གཏུམ་མོ་ལ་སོགས་པའི་གནས་སུ་ཕྱིན་ནས་དཔའ་བོ་ཐམས་ཅད་དང་ལོངས་སྤྱོད་དོ། །གཉིས་པ་ནི་རབ་ཏུ་གཏུམ་མོ་ལ་སོགས་པ་རང་གིས་འཁོར་ལོའི་དཔའ་བོ་རྣམས་ལ་འོངས་ནས་སོ། །ཡང་ན་ཐམས་ཅད་རྡོ་རྗེ་ཕག་མོའི་གནས་སུ་བཞུད་
ནས་སོ། །དེ་ལྟར་བྱས་པས་ཅིར་འགྱུར་བར་གསུངས་པ། འདུ་བ་ཞེས་བྱ་བ་ལ་སོགས་པ་སྟེ་མཆོག་གི་དངོས་གྲུབ་ཅེས་བྱ་བ་ནི་ཆོས་ཐམས་ཅད་ཀྱི་རང་བཞིན་རང་གི་ངོ་བོའོ། །དེས་བྱུང་བའི་འཇིག་རྟེན་རྣམས་ཀྱི་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཀྱི་རྒྱུ་ལས་སོ། །ཡང་

ན་དུས་ཐམས་ཅད་དུ་འདིས་བྱས་པས་བརྒྱ་ལ་ཞེས་བྱ་བ་ལ་སོགས་པས་ཡིད་ཆེས་པར་བྱ་བའི་དོན་དུ་དེ་དེ་བཞིན་དུ་གསུངས་སོ། །དེའི་ཕྱིར་ཀུན་དུ་སྤྱོད་པས་མཐུན་པའི་ཕྱག་རྒྱའི་དངོས་གྲུབ་ཏུ་འགྱུར་རོ། །འོན་ཀྱང་ལས་ཀྱི་དུས་སུ་ཡང་རང་གི་སེམས་ཀྱི་ཕྱག་
རྒྱ་ཆེན་པོར་ལྷག་པར་མོས་པར་བྱ་བའོ། །དེ་རྣམས་ཀྱིས་ཀྱང་གང་འདྲ་བ། །ཞེས་བྱ་བ་ལ་སོགས་པ་དེ་དེ་བཞིན་བཤད་དེ་ངེས་པའོ། །དེ་ལྟར་དེ་བཞིན་དུ་བྱས་པས་བརྒྱ་ལམ་ན་བཟའ་བ་གཉིས་སུ་མེད་པ་རྣམས་ཀྱི་ཚིག་ནི་རྒྱུ་མེད་ཅིང་འབྲས་བུ་མེད་དེ། དེ་ལ་ཅིའི་ཕྱིར་སྐྱོན་ཡོད་
ཚིག་ཙམ་གྱི་སྐྱོན་ནོ་ཞེ་ན། གལ་ཏེ་དེ་སྲིད་དུ་མངོན་སུམ་དང་མངོན་སུམ་མ་ཡིན་པ་རྣམས་སུ་དངོས་པོ་མ་མཐོང་བ་མངོན་སུམ་དུ་བྱེད་པ་ཡོད་ན་དེའི་ཚེ་སྐྱོན་མེད་དོ། །འདིས་གྲུབ་པ་རྣམས་ཀྱི་ནུས་མཐུ་ཉེ་བར་བསྟན་པར་འགྱུར་རོ། །དེའི་ཚེ་ཇི་ལྟར་ཆུང་ངུའི་སེམས་
ཅན་རྣམས་ཀྱི་མ་གྲུབ་པ་རྣམས་ཀྱི་བསྟན་པ་དེ་གསུངས་པ། ཚད་མའི་བསྟན་བཅོས་ལས་ཤེས་པར་བྱ་བ་སྟེ། མངོན་སུམ་དང་རྗེས་སུ་དཔག་པ་དག་རྣམ་པར་འཇོམས་པའི་བློ་དང་ལྡན་པ་རྣམས་ཀྱི་འདི་འདྲ་བའི་བདེན་པར་སྨྲ་བ་རྣམས་ཀྱི་ཤཱཀྱ་ལ་སོགས་པའི་རིགས་སུ་
སྐྱེས་པ་རྣམས་ཀྱི་སྣ་ཚོགས་པའི་སྐྱེས་པའི་རབས་རྣམས་སུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྐྱོན་མེད་དོ། །བཤད་པའི་སྒོའི་འབྲས་བུ་དང་རྒྱུ་མི་སྣང་བར་གྱུར་པས་གསུངས་པའོ། །དེའི་ཕྱིར་གསུངས་པ། འབྲས་བུ་དང་ནི་རྒྱུ་གཉིས་མེད། །སངས་རྒྱས་རྣམས་ཀྱི་
གྲོལ་མཚན་ཉིད། །རྟོག་མེད་བརྟགས་པ་ལས་གྲོལ་བ། །དེ་ནི་རྒྱུ་དང་འབྲས་བུར་འདོད། །ཆོས་ཀྱི་དབྱིངས་དང་སྐུ་གསུམ་ནི། །བདེ་བ་རྡོ་རྗེ་འཛིན་བདག་དང་། །ཡེ་ཤེས་ས་ནི་དངོས་གྲུབ་ཆེ། །ཕྱག་རྒྱ་ལྷན་སྐྱེས་འདོད་པ་སྟེར། །ཞེས་བྱ་བ་ལ་སོགས་པས་
འབྲས་བུ་ཡང་མི་འདོད་པར་འགྱུར་བའི་དོན་ཏོ། །འདི་གསུངས་ཞེས་བྱ་བ་ལ་སོགས་པ་རྟོགས་པར་སླའོ། །དཔལ་མཁའ་འགྲོ་རྒྱ་མཚོ་རྣལ་འབྱོར་མའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོའི་འགྲེལ་པ་གྲུ་གཟིངས་ལས་རབ་ཏུ་གཏུམ་མོས་བདག་པོ་བྱས་པའི་རྡོ་རྗེ་འཁོར་ལོའི་

རྣལ་འབྱོར་མ་དང་དཔའ་བོ་རྣམས་ཀྱི་ཕྱག་རྒྱ་དང་བརྡ་ཡིས་གནས་པའི་མཚན་ཉིད་ཀྱི་ཆོ་ག་དང་། དེ་བཞིན་དུ་བྱང་ཆུབ་ཕྱོགས་ཀྱི་ཆོས་ཀྱི་རྣམ་པར་གཞག་པ་དང་རབ་ཏུ་གཏུམ་མོའི་ཡི་གེ་རྣམས་སུ་རྣལ་འབྱོར་ཐམས་ཅད་ཀྱི་མཁའ་འགྲོ་མ་རྣམས་དང་རྣལ་འབྱོར་མ་བསྐྱེད་པ་དང་
རྣལ་འབྱོར་མ་རྣམས་ཀྱི་ལོའི་ཚད་ཀྱི་བསྐྱེད་པ་དང་། དེ་བཞིན་དུ་རབ་ཏུ་གཏུམ་མོ་རང་གི་དཀྱིལ་འཁོར་གྱི་གཙོ་མོའི་སྔགས་ཀྱི་ཡི་གེ་རྣམས་ཀྱི་རྣལ་འབྱོར་མ་རྣམས་ཀྱི་བསྐྱེད་པ་དང་རྩའི་ཀུན་དུ་སྤྱོད་པ་དང་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཀྱིས་རྒྱུས་སྡང་བར་སྤྱོད་པའི་ཚིག་དེ་རྣམས་
ཀྱི་སེལ་བར་བྱེད་པའི་སྤྱོད་ཡུལ་གྱི་རྒྱས་པར་བསྟན་པ་སྟེ་ལེའུ་ཉི་ཤུ་རྩ་དྲུག་པའི་བཤད་པའོ།། །།གཏུམ་མིག་མ་ཡིན་མིག་ཕྱག་རྒྱས། །དོན་ཆེན་མཛད་མར་ཕྱག་འཚལ་ཏེ། །ཐམས་ཅད་སྙིང་པོ་དེ་ཉིད་ཆེ། །མཆོག་མ་ཡེ་ཤེས་མཐར་འགྲོ་བའི། །ཕྱག་
རྒྱ་ཕྱག་རྒྱའི་ལན་དག་གིས། །བསྐྱེད་པ་དང་ནི་ཐིམ་རྒྱུ་མ། །ཇི་ལྟའི་རིགས་པས་ལུང་གི་ཚིག །དེ་ཡི་འགྲེལ་པ་བཤད་པར་བྱ། །ད་ནི་གཏུམ་མིག་མའི་ཕྱག་རྒྱ་དང་བརྡ་ལ་སོགས་པ་ལེའུ་ཉི་ཤུ་རྩ་བདུན་པ་རྒྱ་ཆེ་བར་གསུངས་པ། དེ་ནས་གཏུམ་མིག་མ་ཞེས་བྱ་བ་ལ་
སོགས་པ་སྟེ། རྒྱུ་གཞན་དུ་མིན་ཞེས་བྱ་བ་ནི་དཔལ་འདུས་པ་ལ་སོགས་པ་དང་ངེས་པར་བརྗོད་པ་ལ་སོགས་པར་མ་གསུངས་པ་ཉིད་ཀྱིས་སོ། །དེར་ནི་རབ་ཏུ་གྲགས་པའོ། །དེར་ཅིས་མ་གསུངས་ཤེ་ན། གསུངས་པའི་མིག་གི་བརྡ་ཞེས་བྱ་བ་ལ་སོགས་པ་སྟེ། གསུངས་
པ་ནི་ཕྱག་རྒྱ་ཐམས་ཅད་ཀྱང་གསུངས་པ་སྟེ་སོར་མོ་གཅིག་ལ་སོགས་པ་འདི་ཐམས་ཅད་གསལ་བར་དེར་ཤེས་པར་བྱའོ། །མིག་གི་བརྡས་འཆད་པར་འགྱུར་བ་དེ་གསུངས་པ། འདུ་བ་ཞེས་བྱ་བ་ལ་སོགས་པ་སྟེ། དེའི་ཕྱག་རྒྱ་བཤད་པར་བྱ་ཞེས་བྱ་བར་འབྲེལ་
ལོ། །སྣའི་རྩེ་མོ་ཞེས་བྱ་བ་ནི་སྣའི་སྒང་རྒྱུད་ཀྱི་མཐར་རོ། །ཕྱེད་ཕྱེ་བ་ཞེས་བྱ་བ་ནི་མིག་ཕྱེད་གྱེན་དུ་ཕྱེ་བའོ། །ཐམས་ཅད་དབྱེ་བ་ཞེས་བྱ་བ་ནི་བཙུམས་པ་མེད་པའོ། །དེ་ལྟར་སུམ་ཅུ་རྩ་དྲུག་གི་ཕྱག་རྒྱ་རྣམས་ཀྱིས་རང་རང་གི་མངོན་པའི་ཚུལ་རྣམས་ཀྱིས་

བལྟ་བ་བཏང་བར་བྱའོ། །དེའི་དེ་ལྟར་ཞེས་བྱ་བ་ལ་སོགས་པས་ཕྱག་རྒྱའི་ལན་གསུངས་པ། ལྷ་རྣམས་ཀྱི་ཞེས་བྱ་བ་ནི་ལིང་ག་ལ་སོགས་པའོ། །རས་བལ་ནི་ཤིན་ཏུ་འཇམ་པ་ཉིད་དོ། །གཞན་རྟོགས་པར་སླའོ། །དེ་ལྟར་ཕྱག་རྒྱའི་ལན་དུ་འགྱུར་རོ། །འོན་ཀྱང་འདི་
བྱས་པར་གྱུར་པས་རྣལ་འབྱོར་པ་རྣམས་ཀྱི་ཐོག་མ་མེད་པ་ནས་ཐམས་ཅད་རྣལ་འབྱོར་གྱི་གཟུགས་སུ་འགྲོ་བ་སྟེ་བརྡ་དེ་བསྟན་པའོ། །དེ་རྣམས་སུ་ཞེས་བྱ་བ་ནི་ཕྱག་རྒྱ་དང་ཕྱག་རྒྱའི་ལན་གྲངས་སུ་དེ་ཁོ་ན་ཉིད་ཀྱི་རྣལ་འབྱོར་པ་དེ་ཁོ་ན་ཉིད་རིག་པ་རྣམས་ཀྱིས་དགོངས་པ་དང་
བྱེད་པའི་འབྲེལ་པ་བཤད་པར་བྱའོ་ཞེས་བྱ་བར་འབྲེལ་ཏོ། །དེ་ཉིད་གསུངས་པ། ཟླ་བ་ཞེས་བྱ་བ་ལ་སོགས་པས་ཟླ་བའི་རྒྱུ་བར་སོན་པའི་སྲོག་ཅེས་བྱ་བ་ནི་དཀར་པོའི་ཕྱོགས་སུ་ལ་ལ་ནཱ་འབབ་མ་བྱང་ཆུབ་སེམས་རྣམས་ཀྱི་ནང་དུ་སྲོག་དེར་རྣམ་པར་ཐིམ་པར་བྱ་སྟེ། ཡང་འདིས་
སྔོན་དུ་བཤད་པའི་ཕྱག་རྒྱ་དང་ཕྱག་རྒྱའི་ལན་གྱིས་གཡོན་པ་ནས་འབབ་པ་དེ་ལ་གཞན་ཞེས་བྱ་བ་ནི་སྣའི་བུ་ག་གཡོན་པར་སོན་པའི་སྲོག་སྟེ་འཕོ་བའི་དུས་སུ་ཕྱག་རྒྱ་རྣལ་འབྱོར་མ་རྣམས་ཀྱིས་ཁམས་ཀྱི་དུས་སུ་ཤེས་པར་བྱའོ། །མ་གསུངས་ཀྱང་དེ་ལས་གཞན་གྱི་སྒྲས་
སྣ་གཡས་པའི་བུ་གའི་དུས་རྣམས་སུ་རྣལ་འབྱོར་མའི་ཕྱག་རྒྱའི་ལན་གྱི་དུས་ཏེ། དེ་ལྟར་ཡེ་ཤེས་དང་རྣམ་པར་ཤེས་པ་རྣམས་ཀྱི་ཤེས་རབ་དང་ཐབས་ཀྱི་བདག་ཉིད་ཅན་དུ་གསུངས་སོ། །གལ་ཏེ་དེ་སྲིད་དུ་ཡེ་ཤེས་དང་རྣམ་པར་ཤེས་པ་རྣམས་ཀྱི་ཤེས་རབ་དང་
ཐབས་ཀྱི་བདག་ཉིད་ཅན་ཉིད་ཡིན་ན། དེའི་ཚེ་ཇི་ལྟར་མིག་གི་ཕྱག་རྒྱ་རྣམས་ཀྱིས་ལྟ་བ་གནས་ཕྱག་རྒྱའི་བརྡའི་དགོས་པ་དབྱེར་མེད་པ་ཉིད་ཀྱི་ཕྱིར་དང་གཅིག་ཅིང་མི་གཡོ་བས་ཤེ་ན། དེའི་ཕྱིར་གསུངས་པ། རང་བཞིན་དེ་རྣམས་སུ་ཤེས་བྱ་ཞེས་བྱ་བ་སྟེ། དེ་ནི་བདེན་ཏེ་འོན་ཀྱང་ཡེ་
ཤེས་དང་རྣམ་པར་ཤེས་པ་གཉིས་པོ་དེ་རྣམས་སུ་རེ་རེ་ལ་སུམ་ཅུ་རྩ་དྲུག་གི་སེམས་འབབ་པའི་རང་བཞིན་གྱི་རྩའི་རྣམ་པར་གཞག་པར་འགྱུར་རོ། །དེ་རྣམས་སུ་ཡང་དེའི་མཚན་ཉིད་ཡོངས་སུ་ཤེས་པའི་བསམ་གཏན་དུ་བརྟན་པ་ཉིད་དུ་འགྱུར་རོ། །བརྡའི་ཕྱག་རྒྱ་དང་

ཕྱག་རྒྱའི་ལན་གྱིས་ཡིད་ཆེས་པར་བྱ་བའི་ཕྱིར་དེའི་དབང་དུ་བྱས་ནས་གསུངས་པ། མིག་ཅེས་བྱ་བ་ལ་སོགས་པ་སྟེ་འོག་དང་སྟེང་ཞེས་བྱ་བ་ནི་མི་ཕྱེད་མ་ལ་སོགས་པ་སུམ་ཅུ་རྩ་དྲུག་གི་རྩ་རྣམས་ཀྱི་འོག་དང་སྟེང་རྣམས་སུ་གཉིས་གཉིས་ཧེ་རེ་རེའི་ལྟ་བས་སྦྱར་བས་སོ། །དེའི་
ཕྱིར་འོག་ན་གནས་པའི་ཡེ་ཤེས་སྟེང་དུ་འགྲོའོ། །རྣམ་པར་ཤེས་པ་ཡང་སྟེང་ནས་འོག་ཏུ་འགྲོའོ། །ཕུན་སུམ་ཚོགས་པ་ཐམས་ཅད་ཅེས་བྱ་བ་ནི་ཚིག་གི་དོན་ཐམས་ཅད་རྣམ་པར་སྤྱོད་པས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་པོ། །སེམས་ཅན་ཐམས་ཅད་ཀྱི་ཐོབ་པར་བྱ་བའི་
དོན་ཞེས་བྱ་བར་ངེས་པའོ། །ད་ནི་གཏུམ་མིག་མའི་ཡི་གེ་རྣམས་ཀྱི་རྣམ་པར་གཞག་པའི་དང་དེ་བཞིན་དུ་རྫུ་འཕྲུལ་གྱི་རྐང་པའི་ཡང་གསུངས་པ། གཏུམ་མིག་མ་ཞེས་བྱ་བ་ལ་སོགས་པས་ཏེ། བདག་མོ་ཞེས་བྱ་བ་ནི་བདག་པོ་བྱེད་པ་སྟེ། འཆད་པར་འགྱུར་བའི་དཀྱིལ་
འཁོར་འདི་རྣམས་ཀྱི་དབུས་སུའོ། །སྡང་བ་ཚར་གཅོད་བྱེད་པ་མོ། །ཞེས་བྱ་བ་ནི་དབང་པོ་ལ་སོགས་པ་ལ་སྡང་བར་བྱེད་པ་མོ་སྟེ་ཡེ་ཤེས་ཀྱི་སྣང་བ་རབ་ཏུ་འཇུག་པ་མོའོ། །རྒྱུ་གང་གིས་ཡེ་ཤེས་ཀྱི་སྣང་བ་འཇུག་པར་གསུངས་པ། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ཞེས་
བྱ་བ་སྟེ། བར་སྐབས་འདིར་རྣལ་འབྱོར་མ་རྣམས་ཀྱི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་རྣམས་ཀྱི་གཙོ་བོ་མ་ཡིན་པ་ཉིད་དུ་བརྩོན་འགྲུས་ཀྱི་རྫུ་འཕྲུལ་གྱི་རྐང་པར་རབ་ཏུ་གནས་ཏེ། གཙོ་བོ་ཉིད་དུ་ཡང་བརྩོན་འགྲུས་ཀྱི་རྫུ་འཕྲུལ་གྱི་རྐང་པ་ཞེས་བྱ་བ་དེ་དེ་
བཞིན་དུ་གསུངས་སོ། །དེས་དེའི་རང་བཞིན་དུ་འཇིག་རྟེན་ལ་སྣང་བ་བྱེད་དེ་སེམས་ཅན་ཐམས་ཅད་དེར་བྱ་བ་དང་དེའི་རང་བཞིན་ཞེས་བྱ་བའི་དོན་ནོ། །དེ་ཇི་ལྟར་བརྩོན་འགྲུས་གཙོ་བོར་གཏུམ་མིག་མ་ཡིན་ཞེ་ན། གསུངས་པ། གཏུམ་མོ་ཞེས་བྱ་བ་སྟེ་གཏུམ་པའི་
མིག་འབར་བས་འབར་བ་སྟེ་ཡེ་ཤེས་ཀྱི་རྣམ་པར་བལྟ་བའོ། །ཐམས་ཅད་ཀྱི་རང་བཞིན་དང་ལྷའི་རྣམ་པར་རྟོག་པ་ཐམས་ཅད་སེམས་དང་བསམ་པ་ལས་བྱུང་བ་ཟད་པར་འགྲོ་བ་ཞེས་བྱ་བར་འབྲེལ་ལོ། །གཡོ་བ་ཞེས་བྱ་བ་ལ་སོགས་པས་རྩའི་ཡི་གེའི་

དོན་ནོ། །རེངས་པ་ཞེས་བྱ་བ་ལ་སོགས་པས་ཌཱའི་ཡི་གེའི་དོན་ནོ། །མཁའ་འགྲོ་སྐྱེས་ཞེས་བྱ་བ་ནི་ལྷན་ཅིག་སྐྱེས་པ་ལས་བྱུང་བའོ། །ཀུན་རྫོབ་ཅེས་བྱ་བ་ལ་སོགས་པ་ཀྵའི་ཡི་གེའི་དོན་ནོ། །མིག་གིས་བསྲུང་བ་ཞེས་བྱ་བ་ལ་སོགས་པས་དེ་ལྟར་ཡི་གེ་གསུམ་
རྣམས་ཀྱི་མདོར་བསྡུས་པའི་དོན་ནོ། །ལྷག་མ་རྟོགས་པར་སླའོ། །ད་ནི་དཀྱིལ་འཁོར་གྱི་འཁོར་ལོ་བསྒོམ་པ་ལ་སོགས་པ་གསུངས་པ། དཀྱིལ་འཁོར་ཞེས་བྱ་བ་ལ་སོགས་པ་སྟེ་སྔོན་དུ་བཤད་པའི་མཚན་ཉིད་ཀྱི་དཀྱིལ་འཁོར་གྱི་དབུས་སུ་ནི་དེ་དེ་བཞིན་དུ་བཤད་པར་འགྱུར་
རོ། །དེའི་བརྡའི་ཆོ་གས་ཞེས་བྱ་བ་ནི་སྔོན་དུ་བཤད་པའི་ལྟ་བའི་ཕྱག་རྒྱ་རྣམས་ཇི་ལྟར་རྣལ་འབྱོར་མ་རྣམས་ཀྱི་མིང་རྣམས་ཏེ་དེ་བཞིན་དུ་དེ་རྣམས་ཀྱི་མིང་ཞེས་བྱ་བའོ། །འོན་ཀྱང་ལུགས་དང་མི་མཐུན་པས་ལྟ་བ་རྣམས་ཀྱི་མིང་རྣམས་སོ། །དེ་ཇི་ལྟར་བརྡ་རྣམས་དང་།
རྣལ་འབྱོར་མ་རྣམས་ཀྱི་མིང་རྣམས་མཉམ་ཞེས་གསུངས་པ། ཐམས་ཅད་བྱང་ཆུབ་རང་བཞིན་ཅན། །ཞེས་བྱ་བ་སྟེ་དེའི་བྱེད་པ་དང་དགོས་པར་ཡང་ངོ་། །དེ་ཡང་ཇི་ལྟར་ཞེ་ན། གསུངས་པ། སྔགས་ཀྱི་ཡི་གེ་རྣམས་སུ་སྐྱེས་པ་ཞེས་བྱ་བ་སྟེ་རང་བཞིན་གྱི་སྔགས་རྣམས་སུའོ། །
དེས་ཡང་འཁོར་བར་ཞེས་བྱ་བ་སྟེ་དེ་དེ་བཞིན་ནོ། །དེའི་སྔགས་གསུངས་པ། ཨོཾ་ཤ་ད་ཞེས་བྱ་བ་ལ་སོགས་པ་སྟེ་སྔོན་དུ་བཤད་པའི་མཚན་ཉིད་ཀྱི་ཚིག་རྣམས་སོ། །ད་ནི་རབ་ཏུ་གཏུམ་མོ་ལ་སོགས་པ་རྣལ་འབྱོར་མ་ཉི་ཤུ་རྩ་བཞི་རྣམས་ཀྱི་རང་རང་གི་གནས་ལ་སོགས་
པར་གནས་པ་རྣམས་སུ་རང་གི་དགོས་པ་དང་བྱེད་པ་གསུངས་པ། གད་པའི་རི་ཞེས་བྱ་བ་ལ་སོགས་པ་སྟེ། དུས་ཐམས་ཅད་དུ་སྐྱེས་ཞེས་བྱ་བ་ནི་དུས་ཐམས་ཅད་དུ་རང་རང་གི་རང་བཞིན་གྱིས་སེམས་ཅན་ཐམས་ཅད་འཆར་བའོ། །རྣལ་འབྱོར་པ་རྣམས་ཀྱི་སླར་ཡང་
ཉ་ཡི་ཟླ་བ་དཔྲལ་བ་རུ། །ཞེས་བྱ་བ་ནི་རྡོ་རྗེ་དང་པདྨ་དང་ཀུན་དུ་སྦྱོར་བ་ལས་ཞུ་བའི་བདག་པོའི་དུས་སུའོ། །རི་ཆེན་པོ་ལ་ཟླ་བ་འཆར་བ་ཞེས་བྱ་བ་ནི་དཔྲལ་བ་ལས་བྱང་ཆུབ་ཀྱི་སེམས་འཆར་བའི་དུས་རྣམས་སུ་ཉའི་ཟླ་བ་ཡོངས་སུ་རྫོགས་པའི་བདེ་བར་འགྱུར་བ་སྟེ། དེའི་

དུས་རྣམས་ཐམས་ཅད་དུ་རབ་ཏུ་གཏུམ་མོ་དེ་དེ་བཞིན་དུ་གསུངས་སོ། །དེ་ལྟར་དྲ་བ་འཛིན་པ་སྤྱི་བོའི་གནས་སུ་རཱ་ཧུས་ཟས་སུ་བྱས་ཞེས་བྱ་བ་ནི་གཏུམ་མིག་མ་ཧུའི་ཡི་གེས་རཱ་ཧུ་བཞིན་ཏེ་དེའི་དབུས་སུ་གཏུམ་མོ་སྲར་བས་སོ། །དེས་ཀྱང་འདོད་ཆགས་ཆེན་པོའི་ཡེ་ཤེས་ཀྱི་
མེས་ཉམས་སུ་མྱོང་བ་སྟེ། རང་གི་སེམས་ཀྱིས་སེམས་ཟོས་ཏེ་བཟར་རྒྱུར་བྱས་པ་སྟེ། རབ་ཏུ་གཏུམ་མོ་དེ་ཉིད་ཟོས་པས་མིག་ནི་མི་ཟད་པ་སྟེ་ཇི་སྲིད་ནམ་མཁའ་དང་དབྱེར་མེད་པའི་གཟུགས་སུ་རྣལ་འབྱོར་མ་ཐམས་ཅད་རབ་ཏུ་གནས་པ་ཞེས་བྱ་བར་དགོངས་
སོ། །དུས་གང་གི་ཚེ་ཞེ་ན། གསུངས་པ། ཚེས་གཅིག་ཅེས་བྱ་བ་སྟེ། དེ་ཡང་ཉའི་དེ་མ་ཐག་ཏུ་གནས་ཏེ། རཱ་ཧུ་གང་། ཉི་མའི་རྗེས་འགྲོར་ངེས་པའོ་ཞེས་བྱ་བ་སྟེ་གཉིས་ཀྱི་མཚམས་སུ་ཉི་མ་བར་དུ་རབ་ཏུ་འཇུག་སྟེ་གྲིབ་མས་སྐྲག་པ་ནི་རཱ་ཧུའི་འདུ་ཤེས་ཙམ་སྟེ།
དེའི་ཟླ་བའི་བུ་རཱ་ཧུ་ཞེས་འཇིག་རྟེན་པ་རྣམས་སུ་གྲགས་སོ། །དེ་ཇི་ལྟར་ཟླ་བའི་ཆ་ཡིན། དེ་ཉིད་ཉི་མའི་བུ་དམན་པའོ། །གཙོ་བོའི་གཟུགས་སོ། །དེའི་ཕྱིར་གཉིས་ཀའི་ཟས་སོ། །དེ་ལྟར་ཞེས་བྱ་བ་ལ་སོགས་པ་རྣལ་འབྱོར་མ་འདི་རྣམས་ཐམས་ཅད་ཀྱིས་ཤེས་པར་བྱའོ། །
རང་གི་ཞིང་སྐྱེས་མིང་རྒྱ་ཆེ། །ཞེས་བྱ་བ་ནི་རབ་ཏུ་གཏུམ་མོ་ལ་སོགས་པ་འདི་རྣམས་ཐམས་ཅད་ཀྱིས་སླར་ཡང་ཚེས་གཅིག་ལ་སོགས་པ་ནས་བཅུ་གཉིས་ཀྱི་བར་རྣམས་སུ་སྟེ་བཅུ་གསུམ་པ་དང་བཅུ་བཞི་པ་དང་ནུབ་པ་དང་འཆར་བའི་ཉ་བཤད་པའི་མཚན་ཉིད་ཀྱི་
མཐར་གནས་གཉིས་གཉིས་དེ་ལྟར་གོ་བར་བྱ་སྟེ། རེ་རེ་ཞེས་པ་ནི་སླར་ཡང་དེའི་ནང་དུ་སོན་པ་རྣམས་སོ། །དེ་ལྟར་བསམ་གཏན་ཞེས་བྱ་བ་ལ་སོགས་པས་མན་ངག་ཐོབ་པའི་དུས་རྣམས་སུ་རྣལ་འབྱོར་གྱི་དབང་ཕྱུག་རྒྱུའི་དངོས་པོ་དང་བྲལ་བས་རྨོངས་
པའོ། །ཧཱུྃ་ཕཊ་ཡི་གེ་མི་འདོད་དོ། །ཞེས་བྱ་བ་ནི་མཆོག་ཏུ་ཟག་པ་མེད་པའི་སྐད་ཅིག་ལ་ཡང་རྡོ་རྗེ་དང་པདྨ