Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 20

Văn bản gốc(Tây Tạng)

Trang 16 / 21 (50.000 ký tự/trang)
ིར་གྱི་དོན་ཏེ། ས་གསུམ་སྙིང་པོའི་ཕྱག་རྒྱ་ཡིས། །ཞེས་བྱ་
བ་ནི་ལུས་དང་ངག་དང་ཡིད་ཀྱི་འཁོར་ལོ་ཞེས་བྱ་བ་སྟེ་རྩ་ཐམས་ཅད་ཀྱིའོ། །དེ་ལྟར་གང་དུ་བསྒྲུབ་པར་བྱ་བ་གསུངས་པ། གསུང་གི་འཁོར་ལོ་ཞེས་བྱ་བ་སྟེ། བཅོ་ལྔ་པར་གསུངས་པའི་རིམ་པ་སྟེ། དེ་ཡང་གསང་བ་ཆེན་པོ་ཞེས་བྱ་བ་ནི་དབུས་མའི་ནང་དུ་སྟེ། ལེའུ་དེར་བདག་ཤཱཀྱ་ཐུབ་
པས་གཅིག་ནས་གཅིག་ཏུ་བརྒྱུད་པ་བཤད་པ་སྟེ། །དེ་ལྟར་ཞེས་བྱ་བ་ལ་སོགས་པ་རྟོགས་པར་སླའོ། །དཔལ་མཁའ་འགྲོ་རྒྱ་མཚོ་རྣལ་འབྱོར་མའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོའི་འགྲེལ་པ་གྲུ་གཟིངས་ལས་རླུང་གི་ཤུགས་ཅན་མའི་མིང་གི་ཡི་གེའི་རབ་ཏུ་སྦྱོར་བ་དང་དེ་བཞིན་དུ་ཉེ་བའི་ཞིང་
ལ་སོགས་པའི་མིང་གི་ཡི་གེའི་རྣམ་པར་གཞག་པས་སྣ་ཚོགས་པའི་མདོག་དང་གཟུགས་ཀྱི་བདག་ཉིད་དུ་བསྐྱེད་པས་ཕྱག་རྒྱའི་མཚན་ཉིད་ཀྱི་ཆོ་ག་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་ལ་སོགས་པའི་ཡང་སྒོམ་པ་རྒྱས་པར་བཤད་པ་སྟེ་ལེའུ་སུམ་ཅུ་རྩ་དྲུག་པའི་བཤད་པའོ།། །།དང་པོ་ཆང་

འཐུང་མར་བཏུད་ནས། །དཔའ་བོའི་བརྡ་སོགས་དངོས་པོ་ནི། །བཀླགས་པས་གྲུབ་པའི་མན་ངག་སྟེ། །དེ་ཡི་འགྲེལ་པ་རྒྱ་ཆེར་བྱ། །ད་ནི་ཆང་འཐུང་མའི་རབ་ཏུ་སྦྱོར་བས་ལེའུ་སུམ་ཅུ་རྩ་བདུན་པའི་ཆོ་གའི་བཤད་པ་གསུངས་པ། དེ་ནས་རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་
སྟེ། རྡོ་རྗེ་ཕག་མོའི་སྤྲུལ་པའི་ལུས་ཆང་འཐུང་མ་ལྟ་བུ་རྣམས་ཀྱིས་མཆོད་པ་བྱས་ནས། །དེ་ཏའི་ཡི་གེ་ནི་ངེས་པར་གཟུང་བ་སྟེ། ཇི་ལྟ་བའི་ཆོ་གའི་ཞེས་བྱ་བ་ནི་འཆད་པར་འགྱུར་བ་ཇི་ལྟ་བའི་མན་ངག་གི་རིམ་པས་བླ་ན་མེད་པའི་མཆོད་པ་རྣམས་ཀྱིས་མཆོད་པའི་མཆོད་པ་དེས་བཅོམ་ལྡན་
འདས་ཡེ་ཤེས་ཀྱི་སྐུ་གཅིག་པུས་མཉེས་པས་ཚིག་འདི་གསུངས་པ་སྟེ། ཉོན་ཅིག་ལྷ་མོ་ཞེས་བྱ་བ་ལ་སོགས་པ་སྟེ། རང་གིས་ཕྱག་རྒྱ་ལྷ་བླ་མ། །ཞེས་བྱ་བ་ནི། ཕྱག་རྒྱ་འདི་ཉིད་བླ་མ་སྟེ། ཕྱག་རྒྱ་ལྷ་བླ་མ་སྟེ་རང་གིས་མངོན་སུམ་དུ་ཉམས་སུ་མྱོང་བའི་གཟུགས་ལས་ཞེས་བྱ་བའི་དོན་ནོ། །
དེ་ཉིད་གསུངས་པ། འོ་བྱེད་མ་ཞེས་བྱ་བ་ལ་སོགས་པ་སྟེ། རྣལ་འབྱོར་མ་དྲུག་ནང་གི་བདག་ཉིད་ཅན་གྱི་གཏོར་མ་དང་འཁོར་ལོ་མཆོད་པའི་དུས་སུ་དཔའ་བོ་རྣམས་ཀྱིས་བརྟན་པར་བྱའོ། །རྣལ་འབྱོར་པ་རྣམས་ཀྱིས་ལག་པ་གཡོན་པས་བྱ་སྟེ་དེས་དེ་རྣམས་ཀྱི་རང་གི་རིགས་རྣམས་
སུ་རབ་ཏུ་བྱེད་པ་པོར་འགྱུར་བའོ། །དེ་ལྟར་རྣམ་གསུམ་ཞེས་བྱ་བ་ལ་སོགས་པས་བཤད་པར་བྱའོ་ཞེས་བྱ་བར་འབྲེལ་ཏོ། །མཁས་པ་ཁ་སྦྱོར་སྦྱོར་བའོ། །ཞེས་བྱ་བ་ནི་ལག་པ་གཡོན་པའི་མཐིལ་དང་རྒྱབ་ཏུ་དེར་ལག་པའི་མཐིལ་དུ་རྣལ་འབྱོར་མ་དང་དཔའ་བོ་རྣམས་ཏེ་རྒྱབ་ཏུ་ཡང་ཤེས་
པར་བྱ་ཞེས་བྱ་བ་སྟེ་སོགས་པའི་སྒྲས་རྡོ་རྗེ་མཁའ་འགྲོ་དང་གཏི་མུག་མཁའ་འགྲོ་དང་རིན་ཆེན་མཁའ་འགྲོ་དང་པདྨ་མཁའ་འགྲོ་དང་སྣ་ཚོགས་མཁའ་འགྲོ་དང་ཡེ་ཤེས་མཁའ་འགྲོའོ། །རྒྱབ་ཏུ་ཞེས་བྱ་བ་ལ་སོགས་པ་རྟོགས་པར་སླའོ། །དེ་བཞིན་དུ་དོན་དམ་པར་ཡང་ལག་པ་གཡོན་པ་
ཕྲེང་བ་སྟེ་རླུང་ལྔའི་རང་བཞིན་དུ་དེའི་དེ་ལྟར་སོར་མོ་ལྔ་རྣམས་སུ་ཤེས་པར་བྱའོ། །དེ་ལ་དེ་བཞིན་གཤེགས་པ་རྣམས་ཀྱི་གནས་ཏེ་ལག་པའི་རྒྱལ་པོ་དེར་ཡང་རྩ་ལྔ་རྣམས་ཀྱི་འདི་རྣམས་གཅིག་པའི་བུ་ག་ལྔ་རྣམས་ཀྱི་མདུད་པ་སྟེ་དེར་ལྷ་མོ་རྣམས་ཀྱི་གནས་སུ་འགྱུར་རོ། །དེ་ལྟར་ལྟེ་བའི་

གནས་སུ་ཡང་ངོ་། །དེ་བཞིན་དུ་དབུས་མའི་མཚམས་ནི་སྙིང་གའི་བུ་ག་རྣམས་ཀྱིས་མདུད་པ་ནི་དེ་ལ་ཞེས་བྱ་བ་སྟེ། དེ་ལྟར་ཡང་རླུང་ལྔ་རྣམས་ཏེ་གནས་དེར་ལྷ་མོ་རྣམས་ཀྱང་ངོ་། །དེ་བཞིན་གཤེགས་པ་ལག་མཐིལ་དུ་ཞེས་བྱ་བ་ནི་མདུད་པ་རྣམས་ཀྱི་སྟེང་དུ་དོ་ལིར་གྱུར་པ་རྣམས་ཀྱི་དེ་
རྣམས་སུ་རླུང་རྣམས་ཀྱི་གནས་རྣམས་སུ་དེ་བཞིན་གཤེགས་པ་རྣམས་ཀྱི་གནས་སུ་འགྱུར་རོ། །དེ་ལྟར་སེན་མོའི་ཉ་ཕོར་དུ་རྩ་ལྔ་ལས་བྱུང་བའི་རྩེ་མོར་སྲོག་རྣམས་སུ་མགྲིན་པའི་མདུད་པའི་བར་དུ་དཔའ་བོ་རྣམས་ཀྱི་གནས་སུ་འགྱུར་རོ། །སླར་ཡང་མཐེབ་མོའི་གནས་སྣའི་རྩེ་མོའི་ཁར་
རྣམས་སུ་རྣལ་འབྱོར་མ་རྣམས་ཀྱི་གནས་སུ་འགྱུར་བ་སྟེ་ཚིག་འདིའོ། །ལག་པའི་རྩེ་མོར་དོ་ལ་ལས་གཏོང་བའི་དུས་སུ་དཔའ་བོ་དང་རྣལ་འབྱོར་མ་རྣམས་ཀྱི་བརྡ་བྱ་སྟེ་ཕྱི་རོལ་དུ་ནི་འདུ་བའི་གནས་རྣམས་སུ་བརྟན་པར་བྱའོ། །དེ་ལྟར་རྒྱབ་ཀྱིས་གཤེགས་གསོལ་བྱ། །ཞེས་བྱ་བ་ནི་ལག་
པའི་རྒྱབ་ཀྱིས་བྱའོ། །འདི་བྱས་པས་གང་ཞིག་གང་གི་བདག་པོ་ཉིད་དུ་འགྱུར་ཏེ་ནང་གི་བདག་ཉིད་དང་རང་བཞིན་དུ་འབྱུང་བའོ། །དེ་རྣམས་ཀྱི་དཔའ་བོ་དང་རྣལ་འབྱོར་མ་རྣམས་ཀྱི་མཚོན་པར་བྱའོ། །དེ་ལྟར་ཅི་བྱས་ནས་དཔའ་བོ་དང་རྣལ་འབྱོར་མ་རྣམས་འབྱུང་ཞེ་ན། དེའི་ཕྱིར་
གསུངས་པ། ཆང་འཐུང་མ་ཞེས་བྱ་བ་ལ་སོགས་པ་སྟེ་འཆད་པར་འགྱུར་བའི་མིང་གི་ཡི་གེའི་རབ་ཏུ་སྦྱོར་བས་སོ། །དེ་ལྟར་མདོར་བསྟན་པའི་ཚིགས་སུ་བཅད་པའི་རྒྱས་པར་བཤད་པ་གསུངས་པ། ལེགས་པར་གཟུང་ཞེས་བྱ་བ་ལ་སོགས་པ་སྟེ་བཟང་པོར་གཟུང་བ་ནི་ལེགས་པར་
བཟུང་བ་སྟེ། སུའི་ཡི་གེའི་དོན་ཏོ། །དེས་གང་དུ་ཞེ་ན། ཡིད་བཟང་མའི་ནང་དུ་བདེ་བའི་ས་བོན་བཅིངས་པས་ཕྱག་རྒྱ་ཆེན་པོ་བསྒྲུབ་པར་བྱའོ། །དེའི་ཕྱིར་དུས་ཐམས་ཅད་དུ་སྐྱེས་པ་ནི་དཔའ་བོ་དང་རྣལ་འབྱོར་མ་རྣམས་ཀྱི་ཞེས་བྱ་བའི་དོན་ཏོ། །དེ་ལྟར་དཔའ་བོ་རྣམས་ཀྱིས་ཕྱི་རོལ་
ཏུ་བཟའ་བ་དང་སྟོན་མོ་ལ་སོགས་པ་བྱའོ། །དེ་ཉིད་ནང་གི་བདག་ཉིད་དུ་སྟེ། ཅི་བྱས་ནས་འགྱུར་བ་གསུངས་པ། ཧ་རུ་ཞེས་བྱ་བ་ལ་སོགས་པ་སྟེ་རཱའི་ཡི་གེའི་དོན་གྱིས་སོ། །ཧ་རུ་ཞེས་བྱ་བ་ནི་བུམ་པ་ཅན་གྱི་རྩའོ། །དུས་ཀྱི་མེ་ཞེས་བྱ་བ་ནི་གཡོན་པའི་རྩ་དང་། ཉི་མ་ཞེས་བྱ་བ་

ནི་གཡས་པའི་རྩ་སྟེ། དེ་རྣམས་ཀྱི་ཟས་སུ་བྱས་པ་ནི་སྣའི་རྩེ་མོར་ཏེ་དེ་བཞིན་ཞེས་བྱ་བ་སྟེ་རྩེ་མོ་ནི་འཁྱིལ་བའི་ཨ་ཝ་དྷཱུ་ཏཱིའི་རྩེ་མོར་ཀྱང་རྣལ་འབྱོར་གྱིས་བཟུང་བས་ཟས་སུ་བྱའོ་ཞེས་པ་ནི་ངེས་པའོ། །འདི་བྱས་པས་ཀྱང་བཟའ་བ་ཞེས་བྱ་བ་ལ་སོགས་པས་བྷའི་ཡི་གེའི་
དོན་ཏེ་དེས་ཡུལ་ཞེས་བྱ་བ་ནི་ཡུལ་གྱི་སྒྲས་སྣ་ཚོགས་པའི་བདེ་བའི་དབང་པོ་རྣམས་སོ། །དེའི་ཕྱིར་ཕྲ་མོ་གཉིས་མེད་གཟུགས་ཅན་ཞེས་བྱ་བ་སྟེ་ཟོས་ནས་ནང་དུ་ཐིམ་པ་ཞེས་བྱ་བའི་དོན་ཏེ། །དེ་རྣམས་ཀྱི་དཔའ་བོ་ལ་སོགས་པ་རྣམས་ཀྱི་བདུད་རྩི་ལྔ་ཕྱི་རོལ་དུ་བཟའ་བའི་རྒྱུར་
གསུངས་པ། ཀྵི་ཎི་ཞེས་བྱ་བ་ལ་སོགས་པ་སྟེ་ཀྵིའི་ཡི་གེའི་དོན་གྱིས་བཤད་པའི་ནང་དུ་སོན་པའི་ཁམས་ཐམས་ཅད་བདུད་རྩིར་བསྐྱེད་དོ། །དེར་འཛགས་པས་ནའོ། །དེར་ཡང་རང་གིས་རིག་པའི་སེམས་ཀྱིས་བཟའ་བར་བྱའོ། །མེ་ཏོག་ཅེས་བྱ་བ་ནི་ཕྱི་རོལ་གྱི་མཆོད་པའི་རྒྱུར་མེ་ཏོག་
རྣམས་སོ། །དེ་ཡང་སེམས་ཀྱི་ས་བོན་ཞེས་བྱ་བ་ནི་བྱང་ཆུབ་ཀྱི་སེམས་ཀྱི་ས་བོན་གཉིས་ནམ་མཁའི་མེ་ཏོག་གོ། །དེ་ལྟར་ཞེས་བྱ་བ་ལ་སོགས་པས་ཕྱི་རོལ་དུ་འདིར་འཐུངས་ནས་སོང་སྟེ་དེ་རྣམས་ཀྱི་རྒྱུ་གསུངས་པ། ལྟེ་བ་ཞེས་བྱ་བ་སྟེ་ལྟེ་བའི་དབུས་སུ་ར་སྔོན་ཞེས་བྱ་བ་ནི་ཇི་ལྟར་གྲོང་ཁྱེར་
ན་གནས་པའི་སྐྱེ་བོ་རྣམས་ཀྱི་གནས་པར་འགྱུར་ཏེ་དེར་དེས་ཀྱང་སྣ་ཚོགས་པའི་སུ་ར་རྣམས་ཀྱི་སྦྱོར་བར་བྱེད་དེ་འགྲོ་བ་རྣམས་ཀྱི་དགའ་དོན་དུའོ། །དེ་བཞིན་དུ་ལྟེ་བའི་གནས་སུ་རྩ་ཐམས་ཅད་ཀྱི་འཁོར་ལོའི་ཚོགས་གནས་པར་འགྱུར་ཏེ་སུ་ར་རྣམས་ནི་མིག་ལ་སོགས་པ་ལས་བྱུང་
བའི་ལྷ་རང་གི་སེམས་ཀྱི་རང་བཞིན་རྣམས་སོ། །སྔོན་ཞེས་བྱ་བ་ནི་དེར་སྔོན་དུ་བཤད་པའི་རིམ་པས་བྱང་ཆུབ་ཀྱི་སེམས་སྦྱར་བའི་སུ་ར་འཐུང་བ་སྟེ་དེས་དུས་ཐམས་ཅད་དུ་དཔའ་བོ་དང་རྣལ་འབྱོར་མ་རྣམས་དགའ་བས་ར་རོ་བ་ཉིད་དུ་འགྱུར་རོ། །དེ་ལྟར་སྦྱར་བ་ཞེས་བྱ་བ་བརྟན་པའི་
རྣལ་འབྱོར་གྱིས་བྱེད་དོ། །འདིར་ནི་ཇི་ལྟར་ཞེ་ན་གསུངས་པ། གཞུའི་དབྱུག་པ་ཞེས་བྱ་བ་ལ་སོགས་པ་སྟེ་ཞིང་གི་དང་པོའི་ཡི་གེས་དེ་ཉིད་གསུངས་པ། ཀོའི་ཡི་གེའི་དོན་གྱིས་སོ། །དེ་ལྟར་བླངས་ནས་མགོ་བོར་གཞུའི་དབྱུག་པའི་རྣམ་པའི་སྲོག་ཏུ་བཟུང་བ་སྟེ། དེའི་ནང་དུ་སོན་

པའི་སེམས་ཞེས་བྱ་བ་ནི་མཉམ་པར་བཟུང་བ་ཙམ་གྱིས་ཀྱང་དེ་དེ་བཞིན་དུ་བཤད་དོ། །དེ་ལྟར་རོ་མཉམ་ཞེས་བྱ་བ་ལ་སོགས་པའི་ཡི་གེའི་དོན་ཏོ། །དེས་ཆོས་ཐམས་ཅད་ཀྱི་རོ་མྱངས་པས་ཆོས་ཀྱི་རོས་ཚིམ་པའོ། །དེས་ཕྱི་རོལ་དུ་བཤད་པའོ། །དེ་ལྟར་ཡང་གནས་གང་དུ་འགྱུར་བ་གསུངས་
པ། ལ་ལ་ཞེས་བྱ་བ་ལ་སོགས་པ་སྟེ། ལའི་ཡི་གེའི་དོན་ཏེ། དེས་ལ་ལ་ནཱ་ཡང་དབུ་མ་གཡོན་ནས་རྩ་ཐམས་ཅད་ཀྱི་ཕྱི་མོར་གནས་པ་ལས་སོ། །དེའི་ལ་ལཱ་ནས་ཀྱང་འོངས་པས་བདེ་བའི་མཐུས་སྲོག་གི་ས་བོན་གྱི་གཟུགས་ཀྱིས་ཟག་པ་མེད་པ་སྟེ་འཕོ་བ་མེད་པར་འགྱུར་རོ། །དེ་ལྟར་
བརྡའི་དེའི་དུས་སུ་ཡང་དེ་དེ་བཞིན་དུ་གསུངས་པར་འགྱུར་རོ། །དེ་ཡང་དྲན་པའི་སྟོབས་ཀྱིས་བདག་ཉིད་ཀྱིས་སྔོན་གྱི་ངག་གི་རྗེས་སུ་གནས་པ་དེས་རབ་ཏུ་གནས་པ་སྟེ། དྲན་པའི་བྱང་ཆུབ་ཀྱི་རྡོ་རྗེ་སྣ་ཚོགས་པའི་ཞིང་དང་ཉེ་བའི་ཞིང་ལ་སོགས་པ་རྣམས་སུ་དཔའ་བོ་དང་རྣལ་འབྱོར་མ་རྣམས་
ཀྱི་མངལ་ལ་སོགས་པ་འཆགས་པར་བྱེད་དོ། །དགའ་བ་དང་བཅས་མཆོག་ཞལ་ཅན། །ཞེས་བྱ་བ་ནི་རྩ་ཐམས་ཅད་ལས་བྱུང་བའི་སྣ་ཚོགས་པའི་སེམས་ཀྱི་རང་བཞིན་ལས་བསམ་པ་ཞེས་བྱ་བར་དགོངས་པའི་དོན་ཏོ། །དེ་ལྟར་ནང་གི་བདག་ཉིད་ཀྱི་རིགས་པའི་བརྡ་དང་བྲལ་བས་
ཐབས་གཞན་ཡོད་པ་མིན་པ་དེ་དེ་བཞིན་དུ་བཤད་དོ། །དེ་བཞིན་དུ་ཡང་གསུངས་པ། ཕྱག་རྒྱ་ཆེན་པོའི་བརྡ་ཡིས་ནི། །གྲོལ་བའི་རྒྱུ་རྣམས་རབ་ཏུ་བསྟན། །འཁོར་བ་ཡི་ནི་འཆིང་བ་ལས། །དེ་དང་བྲལ་བས་གྲོལ་མི་འགྱུར། །ནང་གི་བདག་ཉིད་ཀྱང་ཤེས་པས། །རྣལ་འབྱོར་དགའ་
བའི་ས་ལ་གནས། །ལྟེ་བའི་འཁོར་ལོར་རྣལ་འབྱོར་ཆེ། །དྲི་མ་མེད་པར་སོན་པའི་སེམས། །དགའ་བཅས་དེ་ལས་ལངས་ནས་ནི། །རང་བདག་ཉིད་ཀྱི་ས་ལ་འགྲོ། །བྱང་ཆུབ་འཁོར་ལོར་ལྷ་མོ་རྣམས། །དེ་ཡི་གཟུགས་སུ་འགྲོ་བའོ། །སྣ་ཚོགས་ཕུང་པོ་ལ་སོགས་ཁམས། །སྔོན་
དུ་བཟའ་བར་ཡང་དག་རིག །ཕྱི་རོལ་ལ་དགའ་དེ་ཉིད་ཀྱིས། །འདུས་པ་ན་ནི་བཟའ་བའོ། །ཞེས་བྱ་བ་ནི་མདོར་བསྡུས་པའོ། །ད་ནི་དེ་རྣམས་ཀྱི་ཇི་ལྟ་བའི་ཐབས་ཀྱིས་བསྐྱེད་པར་འགྱུར་ཏེ། རྣམ་པ་དང་བཅས་པ་ཉིད་ཀྱི་དཀྱིལ་འཁོར་གྱི་འཁོར་ལོ་བསྒོམ་པ་གསུངས་པ། རྣལ་འབྱོར་མའི་

ཚོགས་ཞེས་བྱ་བ་ལ་སོགས་པ་སྟེ་དེ་ལྟར་རྟོགས་པར་སླའོ། །འབྱིན་པ་ཞེས་བྱ་བ་ལ་སོགས་པས་སྔགས་ཀྱི་རྐང་པ་གཉིས་གཉིས་རྣལ་འབྱོར་མ་ཐམས་ཅད་ཀྱི་འབྱིན་པ་དང་སྡུད་པའི་དོན་གྱིས་བཤད་པ་སྟེ་དོ་ལ་དང་ཕྲེང་བའི་རིམ་པས་སོ། །ལྷག་མ་རྟོགས་པར་སླའོ། །དཔལ་
མཁའ་འགྲོ་རྒྱ་མཚོ་རྣལ་འབྱོར་མའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོའི་འགྲེལ་པ་གྲུ་གཟིངས་ལས་ཆང་འཐུང་མའི་རབ་ཏུ་སྦྱོར་བའི་ཆོ་གའི་མཚན་ཉིད་དང་དེས་དེ་ལྟར་ཕྱི་དང་ནང་གི་བདག་ཉིད་ཀྱི་ལག་པའི་བརྡས་དཀྱིལ་འཁོར་བསྟན་པ་དང་དཀྱིལ་འཁོར་གྱི་འཁོར་ལོ་བསྒོམ་པ་རྣམས་ཀྱི་རྒྱས་པར་བསྟན་
པ་སྟེ་ལེའུ་སུམ་ཅུ་རྩ་བདུན་པའི་བཤད་པའོ།། །།ལས་རྣམས་ཐམས་ཅད་འཛིན་པ་མོ། །ལྗང་ལྷ་མོ་ལ་ཕྱག་བྱས་ནས། །ཕག་མོའི་སྦྱོར་བ་དང་ལྡན་པས། །རྣལ་འབྱོར་པ་རྣམས་དེར་རབ་འགྲོ། །རྩ་བའི་སྔགས་ཀྱི་རྒྱལ་མོ་ཡི། །ཕག་མོ་ལ་ཡང་ཕྱག་བྱས་ནས། །འཁོར་
ལོ་རྣམས་ཀྱི་དང་པོའི་གཟུགས། །དེ་ཡི་འཁྲུལ་འཁོར་བཅུ་གཉིས་སུ། །དེས་ནི་འཁོར་ལོ་རྣམས་འབྱིན་ཏེ། །བཅུ་གཉིས་གནོད་མཛེས་སྔགས་ཀྱིས་ནི། །སྔོན་གྱི་འཁོར་ལོ་གཉིས་བརྟེན་ནས། །དེ་རུ་ལས་ནི་བསྒྲུབ་པར་བྱ། །གསང་སྔགས་ཆེན་པོའི་ཚུལ་དག་ཏུ། །བཅུ་གཉིས་
རྣམས་ཀྱི་རྣལ་འབྱོར་མ། །ལེའུ་རྣམས་ནི་དེ་ལས་བྱུང་། །ཚིག་གི་རྗེས་འབྲང་སྨྲ་བར་བྱ། །ད་ནི་ལས་ཀྱི་ཚོགས་ཀྱི་དུས་རྣམས་སུ་གནས་པའི་ལྗང་ལྷ་མོ་རྣམས་ཀྱི་ལེའུ་སུམ་ཅུ་རྩ་བརྒྱད་པ་བཤད་པ་གསུངས་པ། དེ་ནས་ལྷ་མོ་ཞེས་བྱ་བ་ལ་སོགས་པ་སྟེ། དེ་ནས་ཀྱི་སྒྲ་ནི་ཕྱག་རྒྱའི་
ལེའུ་རྣམས་ཀྱི་དེ་མ་ཐག་པར་གནས་པའོ། །འཁྲུལ་འཁོར་དང་སྔགས་དང་ལས་ཚོགས་རྣམས་ཀྱི་དང་པོར་ལྗང་ལྷ་མོ་སྟེ། དེའི་ཚེ་གཟུགས་བརྗེ་ཞིང་བསྒྱུར་བར་གནས་པ་སྟེ། རྡོ་རྗེ་ཕག་མོའི་གཟུགས་ཀྱིས་གནས་ནས་སྔོན་དུ་བཤད་པའི་ཀུན་དུ་སྤྱོད་པའི་མཚན་ཉིད་ཀྱི་མཆོད་པའི་
ངག་གིས་ལྷ་མོ་ཞེས་བྱ་བའོ། །དེས་ཀྱང་ལྷ་རྫས་པདྨ་ཅན་གྱི་གཟུགས་ཀྱིས་ཨ་ཝ་དྷཱུ་ཏཱིར་རང་གི་རིག་པ་བཟུང་བས་མཆོད་པ་སྟེ་དཔལ་ཧེ་རུ་ཀའི་རྣམ་པར་གཞག་པ་ལས་ཏེ་ངེས་པས་འདྲི་བ་གསུངས་པ། སྟོན་ཞེས་བྱ་བ་ལ་སོགས་པ་སྟེ། རྣལ་འབྱོར་མའི་བདག་པོ་ཞེས་བྱ་བ་ནི་ལྗང་ལྷ་

མོའི་བདག་པོ་ལས་ཀྱི་ཚོགས་སུ་གང་གྱུར་པ་དེ་བདག་ནི་བདག་གི་རྡོ་རྗེ་ཕག་མོ་ལས་ཏེ། རྡོ་རྗེ་ཞེས་བྱ་བ་ནི་ཀྱེ་བཅོམ་ལྡན་འདས་རྡོ་རྗེ་འཆང་བསྟན་པར་མཛོད་ཅེས་བྱ་བར་འབྲེལ་ཏོ། །དེ་ནས་བཤད་པར་བྱ་ཞེས་བྱ་བ་ལ་སོགས་པས་བཅོམ་ལྡན་འདས་ཀྱི་ལན་གྱི་ཚིག་གསུངས་པ། ལྷ་རྫས་
ཞེས་བྱ་བ་ནི་ལྷ་རྫས་ཀྱི་དབང་པོའི་སྒོ་རྣམས་སུ་ནང་གི་བདག་ཉིད་རྣམས་སུ་བསྟན་པས་སེམས་ཅན་གྱི་དགོས་པར་འགྱུར་རོ། །གང་གིས་ཞེས་བྱ་བ་ནི་ལས་ཀྱིས་སོ། །དབང་ལ་སོགས་པ་ཞེས་བྱ་བ་ནི་དབང་དང་དགུག་པ་དང་རེངས་པ་དང་གསད་པ་དང་བསྐྲད་པ་ལ་སོགས་པ་སྟེ། ལྷ་ལ་
སོགས་པ་དེ་བཞིན་འགྱུར། །ཞེས་བྱ་བ་ནི་ལྷ་དང་ལྷ་མ་ཡིན་དང་ཀླུ་དང་གནོད་སྦྱིན་དང་འཁོར་ལོས་སྒྱུར་བ་ལ་སོགས་པའོ། །ལས་འདི་དེ་སྔགས་གང་གིས་བྱ་ཞེ་ན། དེ་ཉིད་གསུངས་པ། ཐོག་མ་ཞེས་བྱ་བ་ལ་སོགས་པ་སྟེ། ཐོག་མར་སྔོན་དུ་བསྙེན་པ་དང་སྲུང་བ་དང་ཡོངས་སུ་སྲུང་
བ་ལ་སོགས་པ་བྱ་སྟེ། རྡོ་རྗེ་ཕག་མོའི་ལེའུ་གཉིས་པར་གསུངས་པའི་དེ་ཁོ་ན་ཉིད་ཀྱི་རིགས་པས་རྩ་བའི་སྔགས་ཀྱི་ལས་འགྲུབ་པ་སྟེ། དེ་ལྟར་གྲུབ་པའི་མཐུས་བཀས་གནང་བ་སྟེར་རོ། །ཀ་ལིངྒ་ཁའི་གནས་སུ་གྲུབ་པའི་ཚིག་གིས་ལྗང་ལྷ་མོ་སྔགས་ཀྱིས་བསྐུལ་བས་མངོན་
སུམ་དུ་མཐོང་ངོ་། །དེ་གང་ཅིས་ཤེ་ན། དེའི་རིགས་རྣམས་སུ་རྣལ་འབྱོར་པའི་ལུས་ཀྱི་ཁམས་ཀྱིས་ཡེ་ཤེས་ཀྱི་རྣམ་པའི་སྔགས་ཀྱི་རྣམ་པར་གཞག་པ་ལ་རྡོ་རྗེ་ཕག་མོ་ལས་གསུངས་པའི་མཚན་ཉིད་ཀྱིས་སོ། །དེས་ཧིའི་ཡི་གེའི་ངེས་པར་བཟུང་བའོ། །དེའི་ཕྱིར་དེའི་རིགས་
ལས་བྱུང་བའི་ལྗང་ལྷ་མོ་བདག་ཉིད་ཀྱི་རྣམ་པས་དེ་བདག་ཉིད་ཀྱི་རྐྱེན་གྱིས་རང་གི་བདག་ཉིད་དུ་བཀས་གནང་བའོ། །གྲུབ་པའི་གནང་བ་ཞེས་བྱ་བར་དགོངས་པའི་དོན་ཏོ། །དེ་ལྟར་སྔོན་དུ་སྒོམ་པ་ཅིའམ་ཅིའི་གཟུགས་སྒོམ་པ་བསྒོམ་པར་བྱ་བར་འགྱུར་བ་གསུངས་པ། རྩ་བདུན་
ཞེས་བྱ་བ་ལ་སོགས་པ་སྟེ། དེ་ལྟར་མཆོག་གི་དབང་ཕྱུག་མ་བསྒོམ་བྱ། །ཞེས་བྱ་བ་ནི་ལྗང་ལྷ་མོའོ། །དེ་སྒོམ་པ་དང་བྲལ་བས་མིན་པ་སྟེ་དེ་དེ་བཞིན་དུ་བཤད་དོ། །སྔགས་གསུངས་པ། ཨོཾ་ཤ་ཞེས་བྱ་བ་ལ་སོགས་པས་སོ། །མཆོག་ཅེས་བྱ་བ་ནི་བཟླས་པ་དང་སྒོམ་པ་འདི་རྣམས་ཐམས་

ཅད་ཀྱི་སྔོན་དུ་ཇི་ལྟ་བའི་མངོན་པར་རྟོགས་པའི་རིམ་པས་བསྒོམ་པར་བྱའོ། །ཕྱི་ནས་རྡོ་རྗེ་ཕག་མོ་དང་གཉིས་སུ་མེད་པའི་རྩ་བའི་སྔགས་ཀྱི་རབ་ཏུ་སྦྱོར་བས་འབད་པས་སྔགས་ཀྱི་བཟླས་པ་ལ་སོགས་པ་བྱའོ་ཞེས་བྱ་བ་ནི་ངེས་པའོ། །ད་ནི་ཕྱི་དང་ནང་གི་བདག་ཉིད་ཀྱི་
ལས་གསུངས་པ། ཟླ་མཚན་ཞེས་བྱ་བ་ལ་སོགས་པ་སྟེ་ཟླ་མཚན་གྱི་མེ་ཏོག་གིས་གོས་པའི་རས་ཏེ། དེ་ཡང་ཕྱོགས་བཅུ་རྣམས་སུ་གང་བསྐུར་བར་གྱུར་པའི་བགོ་བའི་གོས་ཏེ་ཡོངས་སུ་བཟུང་ནས་བསྐམ་པར་བྱའོ། །བྱི་ལའི་བྲུན་དང་བསྲེས་པ་དེས་བདུག་པར་བྱའོ། །དེས་བདུག་པས་
དངོས་གྲུབ་འདོད་པའི་དངོས་གྲུབ་ཏུ་འགྱུར་རོ། །དེ་ཡང་ཉེ་བར་ཞེས་བྱ་བ་ལ་སོགས་པ་སྟེ། བསྟན་པ་དེས་འགྱུར་བ་སྟེ། དེ་ཅིག་ན་སྒྲུབ་པ་པོ་རྣམས་ཀྱིས་གང་འདོད་པའི་མཆོག་སྟེར་བར་བྱེད་དེ་འདི་ནི་ཕྱིའིའོ། །ནང་གི་བདག་ཉིད་ཀྱིས་གསུངས་པ། ཕག་མོ་ཞེས་བྱ་བ་ལ་སོགས་པ་
སྟེ་མིང་གི་ཡི་གེ་རྣམས་ཀྱི་ངེས་པའི་ཚིག་གི་སྦྱོར་བ་དང་ལྡན་པར་འགྱུར་བས་ཏེ། དེ་དེ་ལྟར་འདིའི་ཚིག་འཆད་པར་གསུངས་པ། གཡོན་ཞེས་བྱ་བ་ལ་སོགས་པ་སྟེ་བཱའི་ཡི་གེའི་དོན་གྱིས་སོ། །མཐུན་པའི་རྩ་དང་ལུས་པས་ཞེས་བྱ་བ་ནི་མཐུན་པའི་བདེ་བ་འབབ་པས་ཡེ་ཤེས་དང་ཤེས་བྱ་
འདུས་པ་ལས་ཏེ། འདིར་འགྲོ་བ་ཐམས་ཅད་གཡོན་ལས་བྱུང་ཞེས་བྱ་བ་ནི་འཕོ་བ་མེད་པ་སྟེང་དུ་འབབས་པའི་དུས་སུ་རང་གི་སེམས་གཡོན་དུ་འཁོར་བ་དེས་འགྲོ་བའི་གཟུགས་སུ་འབྱུང་བར་འགྱུར་བའོ། །དེ་ལྟར་རང་ཉིད་མཛེས་ཞེས་བྱ་བ་ལ་སོགས་པས་རའི་ཡི་གེའི་དོན་གྱིས་ཏེ།
མཛེས་པ་ནི་འབར་བ་སྟེ་འདིས་མཛེས་པར་གྱུར་པའི་རང་གིས་རང་རིག་པའི་བདེ་བ་ལ་ཆགས་པའོ། །ཇི་སྲིད་དེས་འདིར་བླ་མཚན་གྱི་རྡུལ་གྱི་གོས་སུ་འགྱུར་རོ། །བྲུན་ཞེས་བྱ་བ་ལ་སོགས་པས། ཧྱཱའི་ཡི་གེའི་དོན་དུ་ཤེས་པར་བྱ་སྟེ། འཇིག་རྟེན་གསུམ་དང་ཡེ་ཤེས་བསྲེས། །
ཞེས་བྱ་བ་ནི། ལུས་ངག་ཡིད་མཉམ་པ་ཉིད་ཀྱི་ཡེ་ཤེས་སུ་གཉིས་སུ་མེད་པར་བསྲེས་པ་སྟེ་འདོད་ཆགས་ཆེན་པོའི་བདག་ཉིད་ཀྱི་རྡུལ་ཅན་གྱི་རས་དེ་རྣམས་ཀྱིས་བདུག་པས་བླ་ན་མེད་པའི་བྱང་ཆུབ་ཏུ་འགྲོའོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་སླར་ཡང་བྱི་ལ་ཞེས་བྱ་བ་ནི་བྱི་བ་ཟ་བའི་དོན་

གྱིས་ཕྱི་རོལ་དུ་མཉམ་པའི་དུས་ཀྱི་བྱི་ལ་མཐོང་བས་དེར་འཇིགས་པས་བྲུན་ལྷུང་ངོ་། །དེས་བྱའོ་ཞེས་བྱ་བ་ནི་མན་ངག་གོ། །ནང་གི་བདག་ཉིད་དུ་ནི་གཡོ་བ་མེད་པའི་སེམས་དེ་ཡུལ་ཐམས་ཅད་ཀྱི་འཇིགས་པས་འཇིགས་པས་ནཱ་ཧྱཱའི་ཡི་གེའི་ཚིག་གིས་སོ། །དེ་ལྟར་ལྗང་གུ་ཞེས་བྱ་བ་ལ་སོགས་པ་ལྗང་ལྷ་མོའི་
ཡི་གེ་རྣམས་ཀྱི་དོན་གྱིས་སྟོང་པ་ཉིད་དང་སྙིང་རྗེ་གསུངས་པ། དེ་ལྟར་འདིའི་མིང་སྙིང་རྗེའི་སྦྱོར་བས་ལྗང་གུ་ཞེས་བྱ་བའོ། །ལྷ་མོ་དབུས་མ་དེ་བཞིན་ཞེས་བྱ་བ་ནི་དབུ་མར་ཞུགས་པ་ན་སྟེ་ཙའི་ཡི་གེས་སྟོང་པ་ཉིད་ཀྱང་ལྷ་སྟེ་མ་བཅོས་པའི་ཡེ་ཤེས་ཉིད་ཀྱི་ཕྱིར་རོ། །དེ་ཉིད་ཀྱང་སྟོང་པ་ཉིད་
དུ་ཀ་ལིང་ཀའི་ཡི་གེ་རྣམས་ཀྱིས་གསལ་བར་གསུངས་པ། བདེ་བ་ཅི་ཞེས་བྱ་བ་ལ་སོགས་པ་སྟེ། ཀའི་ཡི་གེའི་དོན་གྱིས་ཆོས་ཐམས་ཅད་ཀྱི་བརྗོད་བྱར་འགྱུར་ཏེ། ཆོས་ཐམས་ཅད་ནི་ཕུང་པོ་ལ་སོགས་པ་མི་བདེན་པའི་ཕྱིར་བདེ་བ་ཅི་ལ་ཡོད། གང་བདག་དང་བདག་གི་བ་དང་།
གཟུང་བ་དང་འཛིན་པའི་རྣམ་པ་ཏིང་ངེ་འཛིན་གྱི་ཟད་པ་དེ་ལ་འདིར་གང་རིགས། གང་གི་ཚེ་སྲིད་པའི་འདོད་ཆགས་ལ་སོགས་པས་ཕ་རོལ་དུ་སྡུག་བསྔལ་སྟེར་བ་པོར་མི་རིགས་ཏེ། དེའི་ཚེ་དོན་དམ་པའི་སྤྱོད་ཡུལ་ཅི་སྟེ་ཕན་ཚུན་སྒྱུ་མར་བལྟས་པའི་དངོས་པོས་སོ། །དེ་ལྟར་ཡང་
བསྟན་པས་གལ་ཏེ་རབ་ཏུ་འཆིང་བས་སྐྱོན་དུ་མི་འགྱུར་ཏེ་དེའི་ཆེ་སྐྱེན་ཡོད་ཅེས་གཞན་གྱི་ཐེ་ཚོམ་སྟེ་དེ་རྣམས་ཀྱི་དེས་མཛད་པར་བཞེད་ནས་གསུངས་པ། གོས་པ་ཞེས་བྱ་བ་ལ་སོགས་པ་སྟེ། ལིའི་ཡི་གེའི་དོན་གྱིས་སོ། །དེ་ལྟར་གོས་པར་གྱུར་པ་སྟེ་རྣལ་འབྱོར་ཆེན་པོ་ཞེས་བྱ་བ་ནི་སྦྱོར་བ་བསྒོམ་
པའི་རྗེས་སུ་ཆགས་པས་སེམས་གང་ལ་ཏིང་ངེ་འཛིན་གྱི་ཆགས་པས་གོས་པ་སྟེ། །ཤིན་ཏུ་མཐུན་པའི་རྣམ་པར་ཤེས་པ་ལྷག་མར་འདོད་ཅེས་བྱ་བ་ནི་རྣམ་པར་ཤེས་པའི་ཚོགས་ལས་སྐྱེས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལུས་ལྷག་མ་དང་བཅས་པ་སྟེ། འཇིག་རྟེན་རྣམས་ལ་
ཆོས་སྟོན་པའི་སྒོ་ནས་ཡོངས་སུ་གཞག་པར་འདོད་དོ་ཞེས་བྱ་བ་སྟེ། ཇི་ལྟར་ཤཱཀྱའི་རྒྱལ་པོས་ཡེ་ཤེས་ལ་རབ་ཏུ་འཇུག་པའི་དུས་སུ་བྱམས་པ་ཡོངས་སུ་གཞག་པ་སྟེ། དེ་ལས་བྱུང་བ་འདི་ལ་སྐྱོན་མེད་དོ། །དེ་ལྟར་གནས་གང་ནས་རྣམ་པར་ཤེས་པ་སྐྱེད་ཅེ་ན། དེའི་ཕྱིར་བཤད་པ།

བགྲོད་པ་ཞེས་བྱ་བ་ལ་སོགས་པ་སྟེ། གའི་ཡི་གེའི་དོན་གྱིས་བགྲོད་པའི་དམ་པའི་དངོས་པོའི་བདེ་བ་རྩ་ཐམས་ཅད་དང་ཚིགས་སོ་སོར་བླ་མའི་མན་ངག་འདིས་སྐྱེ་འགྲོ་ཐམས་ཅད་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་དེ་རྣམས་ཀྱི་བདག་ཉིད་ཆེན་པོ་རྣམས་སུ་འགྱུར་རོ། །ལས་གཞན་
གསུངས་པ། ཐོད་པ་ཞེས་བྱ་བ་ལ་སོགས་པ་སྟེ། ནང་གི་བདག་ཉིད་ཀྱི་སྦྱིན་སྲེག་གོ །དེ་ཡང་ཐོད་པ་ཁ་སྦྱོར་ཞེས་བྱ་བ་ནི་ལ་ལ་ནཱ་དང་ར་ས་ནཱ་དག་ཁ་སྦྱོར་བ་དབུ་མའི་ནང་དུ་བཅིངས་ལ། ཨཱ་ལི་དང་ཀཱ་ལི་ལས་བྱུང་བའི་ཡི་གེ་རྣམས་ཀྱིས་བསྒྲུབ་བྱའི་མིང་དང་བཅས་པའི་ཕག་མོ་ལ་སོགས་པའི་སྔགས་
ཀྱི་འཁྲུལ་འཁོར་བྲིས་ནས་དེར་རྣམ་པར་གཟུང་བར་གྱུར་པའི་དགོངས་པས་སའི་སྙིང་པོ་ལ་གཞག་སྟེ་མང་ལ་དུའོ། །དེའི་རྒྱབ་ཏུ་སྐྲ་རྣམས་ཀྱིས་གཡོན་ཅན་རང་བཞིན་གྱི་དངོས་པོ་རྣམས་སྦྱིན་སྲེག་རང་བཞིན་མེད་པའི་བཤད་པར་བྱའོ། །ཕྱི་རོལ་དུ་ཡང་དེ་བཞིན་ནོ། །འདི་དེ་ཞེས་
བྱ་བ་ནི་སྦྱོར་བ་འདིས་མེ་ཏོག་གང་ལ་མངོན་པར་བསྔགས་ནས་བྱིན་ན་དེ་དགོས་པ་གང་དང་གང་ཡིད་ཀྱིས་བསམ་པ་དེ་དང་དེ་བྱེད་དོ། །དངོས་གྲུབ་ཐམས་ཅད་རབ་སྟེར་བྱེད། །ཅེས་བྱ་བའི་ཚིག་གིས་སོ། །དེ་སླར་ཡང་དམ་ཚིག་ཅེས་བྱ་བ་ལ་སོགས་པས་སོ་སོར་བསྐྱངས་པས་ཀྱང་གྲུབ་པ་སྟེ།
སྔགས་ཤེས་པའི་རྣལ་འབྱོར་པས་ཞེས་བྱ་བ་ནི་ངེས་པའོ། །ནང་གི་བདག་ཉིད་དུ་ནི་ཐམས་ཅད་རང་བཞིན་གྱིས་བསྲེགས་པས་མེ་ཏོག་སྟེ་ནམ་མཁའི་མེ་ཏོག་ཡེ་ཤེས་ཀྱི་བདག་ཉིད་དེ་བྱིན་པས་ནི་བསམས་པ་སྟེ། བུད་མེད་དང་སྐྱེས་པ་ལ་སོགས་པ་རྗེས་སུ་འཛིན་པས་དེ་དེའི་སྐད་ཅིག་ལ་དེ་
དང་འདྲ་བར་འགྱུར་ཏེ། སངས་རྒྱས་རྗེས་སུ་དྲན་པ་ལ་སོགས་པ་དྲན་པས་ཏེ། དངོས་གྲུབ་སྟེར་བ་པོ་སྟེ། འཁོར་བ་ནི་ཅི། གྲོལ་བ་ནི་ཅི། བྲལ་བ་ནི་ཅི་ཞེས་བྱ་བ་ལ་སོགས་པའོ། །དེ་ལྟར་དམ་ཚིག་སོ་སོར་སྐྱོང་བར་བྱེད་ཅེས་བྱ་བ་ནི་གང་ཞིག་རྒྱུན་དུ་དེ་ཉི་མ་རེ་རེས་འགྲུབ་པ་སྟེ།
ཟླ་བའི་བཏུང་བ་ཞེས་བྱ་བའི་ཚིག་གིས་སོ། །རྣལ་འབྱོར་མ་རྣམས་དང་རྩ་རྣམས་ཀྱི་རྟག་ཏུ་དུས་ཐམས་ཅད་དུ་ཀུན་དུ་སྤྱོད་པའི་ལས་ཀྱི་ཟླ་བ་སྟེ་ལྷན་ཅིག་སྐྱེས་པ་ཆེན་པོའི་བདེ་བ་ཞེས་བྱ་བའི་དོན་ཏོ། །བ་ལང་གི་ཤ་ཞེས་བྱ་བ་ལ་སོགས་པ་ནས་དངོས་གྲུབ་བགྲོད་དེ་ཕྱིར་ཞེས་བྱ་

བའི་བར་དུ་ཐམས་ཅད་རྟོགས་པར་སླའོ། །ད་ནི་འདི་རྣམས་ཀྱི་ལས་ཀྱི་དུས་སུ་ཡང་འཁྲུལ་འཁོར་གང་གིས་བྱ་ཞེ་ན། དེའི་འཁྲུལ་འཁོར་གསུངས་པ། རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་སྟེ། རྡོ་རྗེའི་འཁྲུལ་འཁོར་རབ་ཏུ་བྱ། །ཞེས་བྱ་བ་ནི་རྡོ་རྗེའི་རྣམ་པར་བྱ་བ་ཡང་དུམ་བུ་དང་ལེའུ་ཚེར་
རྡོ་རྗེ་བྲི་བར་བྱ་བ་སྟེ་རྡོ་རྗེའི་ཕྲེང་བས་ཀྱང་བསྐོར་བར་བྱའོ། །དེ་ཉིད་གསུངས་པ། གཅིག་གིས་དམན་པའི་ལྔ་བཅུ་ཞེས་བྱ་བ་ལ་སོགས་པ་སྟེ། དུམ་བུ་བཞི་བཅུ་ཞེ་དགུ་རྣམས་ས་གཞི་ལ་ད་ལྟ་ཉིད་དུ་བྲིས་པ་སྟེ། དེའི་ཚེ་ལས་ཀྱི་རྗེས་སུ་འབྲངས་པས་བྲིའོ་ཞེས་བྱ་བ་སྟེ། དུར་ཁྲོད་
ཀྱི་རས་ལ་སོགས་པ་ཞེས་བྱ་བ་ནི་ངེས་པའོ། །དེ་ལྟར་དེར་ཇི་ལྟར་རིམ་པས་བྲི་བར་བྱ་སྟེ། རྣམ་པར་སྣང་མཛད་ནི་ཡི་གེ་ཨོཾ་མོ། །ཡེ་ཤེས་ཀྱི་ས་བོན་ནི་ཡི་གེ་ཧཱུྃ་ངོ་། །རིག་བྱེད་རྣམས་ཀྱི་དང་པོའི་དབྱངས་ནི་ཡི་གེ་ཨོཾ་མོ། །རླུང་ནི་ཡི་གེ་ཡའོ། །ཡི་གེ་ཐམས་ཅད་ཀྱི་དབྱངས་ནི་ཡི་གེ་
ཨོཾ་མོ། །འཁོར་ལོ་བཟུང་ཞེས་བྱ་བ་ནི་གཡོན་དང་གཡས་སུ་བསྐོར་བ་རྣམས་སུ་འཁོར་ལོ་གཉིས་བྲིས་ནས། ཐོད་པའི་དབུས་སུ་གཞག་པར་བྱའོ། །དབང་གི་རྫས་རྣམས་ཀྱིས་ཞེས་བྱ་བ་ནི་གུར་གུམ་ལ་སོགས་པས་འཆད་པར་འགྱུར་བ་རྣམས་ཀྱིས་སོ། །དེ་ལྟར་འཁྲུལ་འཁོར་གྱི་
རང་བཞིན་གྱི་འཕྲོ་བ་བཅུ་གཉིས་རྣམས་ཀྱི་ཡི་གེ་གཉིས་རྣམས་སུ་ཤར་བ་དེ་ནས་དབུས་སུ་སྔགས་མཚོན་པ་དང་བྲལ་བར་བྱའོ། །དེ་རྣམས་ཀྱི་དབུས་སུ་བསྒྲུབ་བྱའི་ཡི་གེ་རྣམས་མཚོན་པ་དང་བྲལ་བ་ཉིད་རང་གི་རྡོ་རྗེའི་བུ་ག་ལས་བྱུང་བའི་རྩར་རྣམ་པར་བཟུང་བས་དབང་དུ་འགྱུར་རོ། །
དེ་ལྟར་སྔགས་ཀྱིས་བདུད་རྩི་ལྔ་རྣམས་དབབ་པར་བྱ་སྟེ། སྦྱིན་སྲེག་དེས་ནང་གི་བདག་ཉིད་ཀྱི་བྱ་བ་སྟེ་ལྷག་མ་རྟོགས་པར་སླའོ། །འདི་བྱས་པས་གཞན་ལས་སྣ་ཚོགས་པ་རྣམས་གསུངས་པ། དེ་ནས་ལས་ཞེས་བྱ་བ་ལ་སོགས་པས་ཀྱང་དེ་ཡང་རྩ་བར་རབ་ཏུ་གྲགས་སོ། །དེ་ལྟར་
རབ་ཏུ་སྦྱོར་བའོ། །དེ་བཞིན་དུ་གཉིས་པ་གསུངས་པ། སའི་ཞེས་བྱ་བ་ལ་སོགས་པས་ཏེ། མངལ་ནས་སྐྱེས་པའི་སྲོག་ཆགས་ཀྱི་ཁྱད་པར་ཏེ་སའི་ལྕུག་མའོ། །དེ་ལྟར་མཁས་པས་དུས་ཐམས་ཅད་དུ་རེངས་ཞེས་བྱ་བ་ནི་གཡོན་པའི་ཆུ་སྐྱེས་སུ་གཡོན་པའི་ངོས་སུ་ཨ་ཝ་དྷཱུ་

ཏཱིར་ཞུགས་པས་སའི་ལྕུག་མས་བྱུག་པ་བྱས་པ་སྟེ་ཏིལ་གྱི་མར་ནི་བྱང་ཆུབ་ཀྱི་སེམས་སོ། །རང་མཐར་གྱི་སྒྲས་རྡོ་རྗེ་ནོར་བུ་སྟེ་བསྒྲུབ་བྱའི་སེམས་རང་གི་སེམས་ཀྱིས་དུས་སུ་མཉེས་པས་ཐམས་ཅད་རང་བཞིན་གྱིས་དབང་དུ་འགྱུར་རོ་ཞེས་བྱ་བ་དགོངས་པའི་དོན་ཏོ། །
རབ་ཏུ་སྦྱོར་བ་གཞན་གསུངས་པ། པ་ཐཱ་ཞེས་བྱ་བ་ལ་སོགས་པ་སྟེ། རབ་ཏུ་སྦྱོར་བ་བྱ་བ་སྟེ་དེས་ཀྱང་ཇི་ལྟར་གསུངས་པ་བཞིན་དུ་འགྱུར་རོ། །དེའི་སྨན་རྣམས་ནི་རབ་ཏུ་གྲགས་པའོ། །ར་ཛ་ནི་ཞེས་བྱ་བ་ལ་སོགས་པས་བཅུད་ལེན་གྱི་རབ་ཏུ་སྦྱོར་བ་གསུངས་པ། ར་ཛ་ནི་ཞེས་
བྱ་བ་ནི་ཡུང་བ་ནག་པོའི་ཁྱད་པར་རོ། །དེ་ལྟར་བྱས་པས་དེ་དེ་བཞིན་དུ་གསུངས་པ་བཞིན་དུ་འགྱུར་རོ། །འོན་ཀྱང་དངུལ་ཆུ་དང་ལྷན་ཅིག་བསྡུ་བར་བྱའོ་ཞེས་བྱ་བ་ནི་མན་ངག་གོ། །དེ་ལྟར་སྦྱོར་བ་མཆོག་ཅེས་བྱ་བ་ནི་སྣ་ཚོགས་པའི་རྫས་བསྡུ་བ་གཙོ་བོ་ཞེས་བྱ་བའི་དོན་ཏོ། །
སྤྲེའུའི་མཆིལ་མ་ཞེས་བྱ་བ་ནི་འབྲས་བུའི་ཁྱད་པར་རོ། །རང་གི་དབང་པོ་ཡང་དག་ལྡན། །ཞེས་བྱ་བ་ནི་ཐོག་མའི་མེ་ཏོག་དང་ལྡན་པ་དང་། འདུས་པ་ལས་བྱུང་བ་སྟེ་དེ་དང་ཡང་དག་པར་ལྡན་པས་བྱའོ་ཞེས་བྱ་བའོ། །རྣམ་འགྱུར་མེད་པ་དང་ནི་ཁྲག །ཅེས་བྱ་བ་ནི་རྣམ་འགྱུར་མེད་
པ་ནི་བྱ་རྒོད་ཀྱི་ནོར་བུའོ། །ཙཎྜ་ལཱིའི་བུ་མོའི་ཐོག་མའི་ཁྲག་དང་ལྷན་ཅིག་བྱས་ནས་སྒྲུབ་པ་པོས། དུར་ཁྲོད་ཆེན་པོར་རིགས་པས་རྡོ་རྗེ་ཕག་མོའི་སྔགས་ཀྱིས་མི་གང་ཞིག་མི་མཐོང་སྟེ། དེ་རེག་པ་ཙམ་གྱིས་མི་མཐོང་ངོ་། །ཕྱེ་བ་ཞེས་བྱ་བ་ནི་སྐྱེས་བུའི་གཟུགས་སྤངས་ནས་བྱ་རྒོད་ཀྱི་
གཟུགས་སུ་འགྱུར་རོ། །ཡང་ན་རྣམ་འགྱུར་མེད་པ་སྣ་ཚོགས་པའི་ཐོད་པ་རྣམས་སུ་རས་བལ་གྱི་ས་བོན་རྣམས་བཏབ་ལ་ཐོད་པ་གང་ཡིན་པ་དེའི་བདུད་རྩི་ལྔ་ལ་སོགས་པ་ཡོངས་སུ་བཟུང་སྟེ་དབང་བསྐུར་བ་སྦྱིན་པ་དང་གཏོར་མ་དང་བསྲུང་བ་ལ་སོགས་པ་བྱས་ནས་དེའི་ཐོད་པའི་སྟེང་
གི་རས་བལ་བླངས་ནས་བུ་མོས། བྱས་པའི་སྐུད་པ་ལ་དུར་ཁྲོད་དུ་སྔོན་དུ་བཤད་པའི་བུ་མོའི་མེ་ཏོག་བཟུང་སྟེ་དེས་སྐུད་པ་ལ་བསྒོས་ནས། སེམས་ཅན་གང་ལ་བཅིངས་པ་དེའི་ཡང་ཁྲག་འདྲེན་པའི་སྦྱོར་བས་ཁྲག་བཟུང་ལ་ཁྲག་ཅེས་བྱ་བ་ནི་བརྒྱབ་པ་དང་ལྷུང་བ་ལ་སོགས་པའི་འོ། །

འོན་ཀྱང་བྱ་རྒོད་ཀྱི་ནོར་བུ་རྣམས་ཀྱིས་མི་སྣང་བར་བྱེད་པར་འགྱུར་རོ། །ལྷག་མ་རྟོགས་པར་སླའོ། །རྡོ་རྗེའི་ནོར་བུར་སོན་པར་ཞེས་བྱ་བ་ནི་ལྷན་ཅིག་སྐྱེས་པའི་དགའ་བའི་དུས་རྣམས་སུ་རང་གིས་རིག་པའི་སྦྱོར་བའི་བདག་ཉིད་དུ་རང་གི་སེམས་འགྱུར་བ་སྟེ། དེའི་རྣམ་པ་དམིགས་པས་སེམས་ཅན་
ཐམས་ཅད་ཀྱི་ལས་ཀྱི་ཚོགས་ཐམས་ཅད་འགྲུབ་པའོ། །འདི་ནི་མདོར་བསྡུས་པའི་ངེས་པའོ། །འཁྲུལ་འཁོར་ཞེས་བྱ་བ་ནི་རྡོ་རྗེ་ནོར་བུའི་ནང་དུ་སོན་པར་མཚོན་པར་བྱའོ། །དེ་ལྟར་ཁམས་ཀྱི་རེའུ་མིག་ཅེས་བྱ་བ་ནི་གཅིག་གིས་ཉུང་བའི་ལྔ་བཅུའི་ཁམས་དེ་རྣམས་ཏེ། དེ་ཡང་གཟུགས་
ལ་སོགས་པ་ལ་སུམ་ཅུ་རྩ་དྲུག་སྟེ། དེ་བཞིན་དུ་ཁྲག་དང་ཁུ་བ་དང་རྐང་དང་རུས་པ་དང་ཤ་དང་ཆུ་རྒྱུས་དང་ལྤགས་པ་དང་རླུང་དང་མཁྲིས་པ་དང་བད་ཀན་དང་ཤ་དང་སྣབས་དང་ལུད་པ་རྣམས་ཏེ། དེ་རྣམས་ཀྱི་ཁམས་རྣམས་ལ་སོ་སོ་རེ་རེ་རྩ་རྣམས་ཀྱི་བུ་ག་དང་བུ་གའི་དུམ་བུ་རྣམས་སུ་དེ་
རྣམས་ཀྱི་རྡོ་རྗེ་ནོར་བུའི་བུ་གར་བདེ་བ་ཞེས་བྱ་བ་སྟེ། རྩ་ཕྲ་མོའི་གཟུགས་ཅན་ཞེས་བྱ་བའི་ཚིག་གིས་སོ། །དེར་ཡི་གེ་ཞེས་བྱ་བ་ནི་མཆོག་ཏུ་ཟག་པ་མེད་པ་སྟེ། དེས་ལྷའི་གཟུགས་རྣམས་ནི་རླུང་ཆེན་པོའི་རང་བཞིན་རྣམས་སུ་འགྱུར་རོ། །འདིར་བཤད་པ། རླུང་གི་ཕྲ་མོའི་གཟུགས་ཀྱི་
ནི། །ཡེ་ཤེས་དེ་དང་འདྲེས་པར་སོན། །ལྷ་ཡི་རྣམ་པའི་གཟུགས་བདག་ཉིད། །ལུས་ཐམས་ཅད་ལ་གནས་པའོ། །ནོར་བུའི་ནང་སོན་རྩ་རྣམས་ཀྱི། །མཆོག་ཏུ་ཟག་མེད་ཡང་དག་རིགས། །ཁམས་རྣམས་ལ་སོགས་དེ་ལྟར་དུ། །སྣ་ཚོགས་བུ་ག་ལས་བྱུང་བའོ། །སེམས་ཅན་
ཀུན་གྱིས་བདག་ཉིད་སེམས། །འདིར་ནི་རྣམ་པར་བཟུང་ཞིང་བསམ། །སྐུ་གསུམ་དོན་ཆེན་པོ་རུ་ནི། །ཁ་སྦྱར་སྟེང་དུ་འབབ་པ་པོ། །དེ་རུ་སྤྲུལ་པའི་ལས་རྣམས་ནི། །དབང་ལ་སོགས་པ་ཀུན་དུ་འགྲོ། །རྣལ་འབྱོར་རྣམ་རྟོག་ཐོབ་བྱའི་ཕྱིར། །སངས་རྒྱས་གར་མཁན་གྱིས་བསྟན་
ཏོ། །སྤྱི་བོར་ཁམས་རྣམས་ཐམས་ཅད་ཀྱི། །བག་ཆགས་རི་མོ་བྱེད་པ་ལའོ། །སྔགས་ནི་ས་གསུམ་གནོན་པ་སྟེ། །ཐབས་དང་ཤེས་རབ་རྒྱུན་མི་འཆད། །ཅེས་བྱའོ། །དེ་ལྟར་སླར་ཡང་རྡོ་རྗེ་ཕག་མོའི་ཐོག་མར་སྔགས་ཀྱི་འཁྲུལ་འཁོར་རྣམས་སུ་མཉམ་པར་བྱའོ་ཞེས་བྱ་བ་ནི་ངེས་

པའོ། །ལྷག་མ་རྟོགས་པར་སླའོ། །དཔལ་མཁའ་འགྲོ་རྒྱ་མཚོ་རྣལ་འབྱོར་མའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོའི་འགྲེལ་པ་གྲུ་གཟིངས་ལས་རྡོ་རྗེ་ཕག་མོ་དང་གཉིས་སུ་མེད་པའི་ལྗང་ལྷ་མོ་ལ་སོགས་པ་འདིའི་སྒོ་ནས་ཡེ་ཤེས་འབྱུང་བ་ཞེས་བྱ་བའི་ཆོ་གའི་མཚན་ཉིད་རྒྱས་པར་
བསྟན་པ་སྟེ། ལེའུ་སུམ་ཅུ་རྩ་བརྒྱད་པའི་བཤད་པའོ།། །།ཤིང་བཟང་རྣལ་འབྱོར་མར་བཏུད་ནས། །མིང་ཡིག་རྣམས་ལས་བྱུང་བ་ཡི། །དེ་ཡིས་དེ་ལྟར་འདོད་ཀུན་ཉིད། །བསམ་པས་དངོས་གྲུབ་སྟེར་འགྱུར་ཏེ། །སྣ་ཚོགས་མན་ངག་ངེས་བསམ་པ། །རྣལ་འབྱོར་
མ་ཀུན་བསྐྱེད་པ་སྟེ། །འཁྲུལ་འཁོར་འཁོར་ལོ་བྲིས་པ་ཡིས། །རིགས་ཀྱི་ཀླུ་ནི་འདིར་འགྲུབ་སྟེ། །རྩ་བའི་སྔགས་ཀྱི་བཟླས་པ་དང་། །དཀྱིལ་འཁོར་ལ་སོགས་བསྒོམས་པ་ཡིས། །ལས་བྱེད་པ་ཡི་འགྲེལ་བཤད་དེ། །རང་གིས་མདོར་བསྟན་རྒྱས་བཤད་ཀྱིའོ། །ཞེས་
བྱའོ། །ད་ནི་ལེའུ་སུམ་ཅུ་རྩ་དགུ་པའི་བཤད་པ་གསུངས་པ། དེ་ནས་སླར་ཡང་ཞེས་བྱ་བ་ལ་སོགས་པ་སྟེ་སླར་ཡང་ཞེས་བྱ་བ་ནི་སྔོན་དུ་བཤད་པའི་ངག་གིས་བཅོམ་ལྡན་འདས་ཡང་སོ་སོར་མཚོན་པར་མཛད་དེ། འདིར་སོ་སོར་མཚོན་པ་ཅི་ཞེ་ན། གསུངས་པ། ཤིན་ཏུ་བཟང་
མོའི་རྣལ་འབྱོར་མའི་སྦྱོར་བ་ཞེས་བྱ་བ་ལ་སོགས་པ་སྟེ། དེའི་སྦྱོར་བ་སླར་ཡང་ཇི་ལྟར་ཞེ་ན། མིང་གི་ཡི་གེ་རྣམས་སུ་ཞེས་བྱ་བ་སྟེ། དེ་ལྟར་སླར་ཡང་། ལམྦ་ཀ་ཡི་རབ་སྦྱོར་བ། །ཞེས་བྱ་བ་སྟེ། ལམྦ་ཀའི་གནས་ཀྱི་ཡི་གེ་རྣམས་ཀྱིས་དང་། བྱང་ཆུབ་ཀྱི་ཕྱོགས་ཤེས་རབ་ཀྱི་
སྟོབས་ཀྱི་ལས་དང་ལྡན་པ་དང་། དེ་བཞིན་དུ་རྟའི་འགྲོས་ཞེས་བྱ་བའི་འཁྲུལ་འཁོར་རྣམས་སུ་བྲི་བ་ལ་སོགས་པ་སོ་སོར་མཚོན་པར་མཛད་པ་དེ་ལྟར་མདོར་བསྟན་པའམ་མདོར་བསྡུས་པར་ཤེས་པར་བྱའོ། །ད་ནི་འདིའི་རྒྱས་པར་བཤད་པ་ཐོག་མར་ཤེས་རབ་ཀྱི་སྟོབས་ཀྱི་ཡི་གེ་ལ་
སོགས་པ་གསུངས་པ། དེ་ལྟར་རབ་ཏུ་དགའ་བ་ཞེས་བྱ་བ་ལ་སོགས་པ་སྟེ། བྲའི་ཡི་གེའི་དོན་ཉིད་ཀྱིས་རབ་ཏུ་དགའ་བའི་སྦྱོར་བ་ལ་གནས་པ་སྟེ། སྡུག་བསྔལ་དང་ཀུན་འབྱུང་དང་འགོག་པ་དང་ལམ་གྱི་རིགས་པ་རྣམས་སུ་གང་བསྐྱེད་པ་རབ་ཏུ་དགའ་བ་བསྒྲུབས་པའི་རྣལ་

འབྱོར་པ་རྣམས་ཀྱིས་རྣལ་འབྱོར་བསྒོམས་པས་དེ་རབ་ཏུ་དགའ་བ་སྟེ་དེ་དེ་བཞིན་ནོ། །དེ་ཉིད་གསུངས་པ། འཁོར་བའི་སྡུག་བསྔལ་ལས་བསྒྲལ་བའི་ཕྱིར་དགའ་བ་དང་བཅས་པའི་བསམ་པས་བྱས་པའི་སྙིང་རྗེ་དེས་སེམས་ཅན་དང་རབ་ཏུ་ཕྲད་པས་སེམས་སྡུག་བསྔལ་བར་
འགྲོ་སྟེ་འདི་ནི་སྡུག་བསྔལ་གྱི་བདེན་པའོ། །དེའི་ཕྱིར་ཀུན་འབྱུང་སྟེ་མཆོག་ཏུ་དགའ་བ་དང་བྱམས་པ་ཤིན་ཏུ་མཐུན་པས་སེམས་ཅན་མ་ལུས་པའི་སྤྱོད་པ་དགྲོལ་བའི་རྒྱུར་སེམས་རབ་ཏུ་འགྲོ་སྟེ་འདི་ནི་ཀུན་འབྱུང་གི་བདེན་པའོ། །འགོག་པ་ཡང་བྲལ་བའི་དགའ་བས་འགྲོ་བ་
མེད་པའི་བཏང་སྙོམས་བསྒྲུབ་པའི་བཏང་སྙོམས་ཡོད་པ་དང་མེད་པའི་ཆོས་སྤངས་པས་དེ་བཞིན་དུ་འཕོ་བ་མེད་པར་བྱེད་པས་སེམས་ཅན་སྨིན་པའི་རྒྱུར་སེམས་རབ་ཏུ་འགྲོ་བ་ནི་འགོག་པའི་བདེན་པའོ། །ལམ་ཞེས་བྱ་བ་ལ་ཡང་གཉིས་ཀྱི་དངོས་པོ་དང་བྲལ་བ་དེས་ལྷན་
ཅིག་སྐྱེས་པའི་དགའ་བར་གནས་ཏེ་གང་གི་ཕྱིར་རབ་ཏུ་དགའ་བས་སེམས་ཅན་ཐམས་ཅད་ཀྱིས་ཡེ་ཤེས་ཐོབ་པར་བྱ་བའི་ཕྱིར་བྱང་ཆུབ་ཀྱི་ལམ་གྱི་གཟུགས་སུ་སེམས་རབ་ཏུ་འགྲོ་བ་འདི་ནི་ལམ་གྱི་བདེན་པའོ། །དེ་ལྟར་གང་གིས་འགྲོ་ཞེ་ན། དགའ་བ་བཞི་ཞེས་བྱ་བ་ལ་
སོགས་པ་གསུངས་པ། རྩ་བའི་སྔགས་ཞེས་བྱ་བ་སྟེ། རྩ་བའི་སྔགས་རྐང་པ་བཞི་བཅུ་རྩ་བརྒྱད་ཀྱི་བདག་ཉིད་ཅན་དེའི་རྒྱུས་ཏེ་ཅི་ཞེ་ན། ཇི་ལྟར་རྣལ་འབྱོར་མ་ཐམས་ཅད་ཀྱི་དེའི་སྔགས་ཀྱི་རྐང་པ་དང་། མིང་གི་ཡི་གེ་རྣམས་སུ་བསྐྱེད་པར་འགྱུར་རོ། །བཤད་པའི་
མཚན་ཉིད་དེ་རྣམས་ཀྱིས་ལེའུ་དང་པེའུ་རྣམས་སུ་ཀུན་དུ་སྤྱོད་པ་ལ་སོགས་པས་ཐིམ་པ་དང་ལོངས་སྤྱོད་པ་དང་ཁྱབ་བདག་ཉིད་དུ་སོན་པ་ཞེས་བྱ་བས་དགའ་བ་བཞི་རྣམས་བསྐྱེད་པར་འགྱུར་ཏེ། དེ་ལ་ཐིམ་པའི་སྡུག་བསྔལ་ལོ། །ལོངས་སྤྱོད་པ་ནི་ཀུན་འབྱུང་ངོ་། །བདག་ཏུ་
བྱེད་པ་ནི་འགོག་པའོ། །ཁྱབ་བདག་ཉིད་ནི་ལམ་ཞེས་བྱའོ། །དེ་ལྟར་སྔགས་ཤར་བ་རྣམས་སུ་དང་། འཕོ་བ་བཅུ་གཉིས་ཀྱི་དུས་རྣམས་སུ་སྡུག་བསྔལ་ལ་སོགས་པ་འབྱུང་བར་འགྱུར་ཏེ་དུས་ཐམས་ཅད་དུ་བྱང་ཆུབ་པོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་སླར་ཡང་ཐབས་གང་གིས་

འགྱུར་བ་གསུངས་པ། ཡེ་ཤེས་ཞེས་བྱ་བ་ལ་སོགས་པ་སྟེ། ཛྙཱའི་ཡི་གེའི་དོན་གྱིས་ཏེ་ཡེ་ཤེས་ལྡན་ཞེས་བྱ་བ་ནི་མཉམ་པ་ཉིད་བསམས་པ་སྔོན་གྱི་མཚན་ཉིད་དང་ལྡན་པའི་རྣལ་འབྱོར་པ་དེ་དང་ལྡན་པ་སེམས་ཅན་གྱི་དོན་གྱི་རྒྱུས་ཏེ། །དབུགས་རྒྱུ་བའི་བདག་ཉིད་ཅེས་
བྱ་བ་ནི་རྩ་ཐམས་ཅད་ཀྱི་ཀུན་དུ་སྤྱོད་པ་རྣམས་སུ་ནང་དུ་གནས་པ་ཉིད་ཀྱིས་ཕྱི་རོལ་དུ་གང་འདོད་པ་དེ་བྱེད་དེ་དེས་དེ་དང་འདྲ་བའི་སེམས་ཞེས་བྱ་བའི་དོན་ཏོ། །དེ་ལྟར་ཀུན་རྫོབ་བདེན་པ་བཟུང་བ་ཞེས་བྱ་བ་ནི་འཁོར་བའི་སེམས་ཅན་རྣམས་ཀྱི་ཀུན་རྫོབ་ཀྱི་བདེན་པའི་སྒོ་བཟུང་ནས་བྱང་ཆུབ་སྒྲུབ་
པར་བྱེད་པས་ན་བརྟན་པ་དང་ཕྲད་པ་ལས་སོ་ཞེས་བྱ་བ་ནི་ངེས་པའོ། །དེ་ལྟར་བྱས་པས་འཇིག་རྟེན་འདི་ལ་ཡང་མངོན་སུམ་གྱིས་དགོས་པ་ཅིར་འགྱུར་བ་གསུངས་པ། སྟོབས་ཞེས་བྱ་བ་ལ་སོགས་པ་སྟེ། བ་ལའི་ཡི་གེ་གཉིས་ཀྱི་དོན་གྱིས་ཏེ། ལས་རྣམས་སུ་ཞེས་བྱ་བ་ནི་ལས་ཀྱི་
ཚོགས་རྣམས་སུ་སྟོབས་ཏེ་ནུས་པ་ཅན་དུ་འགྱུར་རོ། །དེ་ལྟར་རྩའི་ཀུན་དུ་སྤྱོད་པ་ལས་གང་དུ་ཞུགས་པས་ནུས་མཐུར་འགྱུར་བ་གསུངས་པ། ཡིད་བཟང་མ་ཞེས་བྱ་བ་ལ་སོགས་པ་སྟེ། ཤིན་ཏུ་བཟང་མོའི་ཡི་གེའི་རབ་ཏུ་སྦྱོར་བ་དེས་ནི། ཐོག་མ་ཉིད་དུ་སུའི་ཡི་གེའི་དོན་
གྱིས་དེ་དེ་བཞིན་དུ་བཤད་དེ། དེ་ལྟར་དབུ་མའི་ནང་དུ་རབ་ཏུ་ཞུགས་པས་སོ། །འདིས་ཀྱང་དོན་དམ་པའི་བདེན་པ་འཆད་པ་སྟེ། དེ་རྣམས་གསལ་བར་གསུངས་པ། ཟ་བ་ཞེས་བྱ་བ་ལ་སོགས་པ་སྟེ། བྷའི་ཡི་གེའི་དོན་གྱིས་སོ། །ལས་ཆེན་པོ་ཞེས་བྱ་བ་ནི་སྔོན་དུ་བཤད་
པའི་ནང་གི་བདག་ཉིད་ཀྱི་རིག་པས་དང་ཀུན་རྫོབ་ཀྱི་བདེན་པས་སོ། །དེ་རྣམས་ཀྱང་སེམས་ཀྱི་ཞེན་པ་དང་བྲལ་བ་རྣམས་སུ་རྟོག་པ་མེད་པའི་བདག་ཉིད་བསྒོམ་པ་ལ་སོགས་པ་འདི་དང་རྩ་བའི་སྔགས་ཀྱི་རྒྱུས་བཤད་པའི་རིམ་པས་རང་བཞིན་དུ་ཟ་བར་གྱུར་པ་བྱས་ནས་ཞེས་བྱ་བ་
ལ་སོགས་པར་དགོངས་སོ། །རང་བཞིན་འདི་རྣམས་ཀྱིས་ཅིའི་གཟུགས་ཅི་ལས་བྱུང་བ་ཟ་ཞེ་ན། གསུངས་པ། ཞུ་བ་ཞེས་བྱ་བ་ལ་སོགས་པ་སྟེ། དྲིའི་ཡི་གེའི་དོན་གྱིས་ཏེ། ཞུ་བྱས་བདུད་རྩི་དྲོན་མོ་བཅས། །ཞེས་བྱ་བ་ནི་མཚམས་ཐམས་ཅད་དྲིལ་བུ་ཅན་གྱི་རབ་ཏུ་སྦྱོར་བ་སྟེ།

འདོད་ཆགས་ཆེན་པོ་དེ་དྲོ་བ་སྟེ་དེའི་སྐད་ཅིག་ལས་སོ། །དེའི་དབུས་སུ་མ་བཅོས་པའི་ངོ་བོའི་འཁོར་ལོ་འཆད་པར་འགྱུར་བའི་གཟུགས་ཀྱིས་གང་བསྐྱེད་པ་དེ་རྣམས་བཟའ་བར་བྱའོ་ཞེས་བྱ་བའི་དོན་ཏོ། །ད་ནི་ལམྦ་ཀའི་ཡི་གེ་རྣམས་ཀྱི་རབ་ཏུ་སྦྱོར་བ་གསུངས་པ། བདུན་ཞེས་
བྱ་བ་ལ་སོགས་པ་སྟེ། ལམ་གྱི་ཡི་གེའི་དོན་གྱིས་ཏེ་སྔོན་དུ་བཤད་པའི་དྲིལ་ཅན་མ་ཡང་བཤད་པར་བྱའོ། །འཕྱང་བར་གྱུར་པ་བྱང་ཆུབ་ས་བོན་ཞེས་བྱ་བ་ནི་ཆུ་ཤིང་གི་མེ་ཏོག་ལྟ་བུ་འཕྱང་བར་འགྱུར་བ་ཁ་འོག་ཏུ་བལྟས་པའི་རྩ་སྙིང་གའི་དབུས་ནས་ལྟེ་བའི་དབུས་སུ་ངལ་
སོས་བརྟན་པ་ཀྵུཾ་གི་རྣམ་པའི་ཡི་གེ་འབར་བཞིན་པའི་གཏུམ་མོ་མཚོན་བྱ་མཚོན་པའི་བྱང་ཆུབ་ཀྱི་སེམས་ཀྱི་ས་བོན་གྱི་སེམས་སུམ་ཅུ་རྩ་བདུན་གྱི་བདག་ཉིད་ཅན་དེར་དབུས་སུ་སྙིང་ག་དང་ལྟེ་བ་དག་ཏུ་འགྲོའོ་ཞེས་བྱ་བར་འབྲེལ་ཏོ། །དེ་ལྟར་དེའི་ས་བོན་གྱི་ངེས་པའི་ཚིག་
གསུངས་པ། མེ་ཞེས་བྱ་བ་ལ་སོགས་པས་ཏེ། པའི་ཡི་གེའི་དོན་གྱིས་སོ། །མེའི་རྣམ་པའི་ལྷ་མོ་དེ། །ཅེས་བྱ་བ་ནི། མེའི་ཡི་གེ་ཀྵུཾ་གི་ཡི་གེའི་རྣམ་པའི་བདག་ཉིད་ཅན་གྱི་ལྷ་མོ་དེ་ཤིན་ཏུ་བཟང་མོ་སྟེ་གཏུམ་མོའི་རྣམ་པ་གཙོ་མོ་རང་གི་དཀྱིལ་འཁོར་པ་རྣམས་ཀྱི་མ་ལྟ་བུ་སྟེ་དེ་
རྣམས་ཀྱིས་སྙིང་གི་བདག་ཉིད་ཅེས་བྱ་བ་སྟེ་སེམས་ཉིད་ཕའོ། །དེ་དག་གིས་དཀྱིལ་འཁོར་དང་དཀྱིལ་འཁོར་བ་ཞེས་བྱ་བའོ། །དེ་ལྟར་སླར་ཡང་དྲིལ་ཅན་མའི་ས་བོན་གྱི་ཡི་གེ་དང་། རྩའི་རང་བཞིན་ཅིར་འགྱུར་བ་གསུངས་པ། ཀེང་རུས་ཞེས་བྱ་བ་ལ་སོགས་པ་སྟེ། ཀའི་
ཡི་གེའི་དོན་ཉིད་ཀྱིས་སོ། །ཀེང་རུས་རྣམ་པར་ཤེས་པའི་རླུང་། །ཞེས་བྱ་བ་ནི་འདིར་ཀེང་རུས་ཀྱི་སྒྲས་དྲིལ་ཅན་མ་སྟེ་རླུང་གི་ཡི་གེའི་ས་བོན་ནི་རྣམ་པར་ཤེས་པ་ཡེ་ཤེས་དང་བཅས་པ་དང་། ལྷ་མོ་དང་ཐབས་རིག་པའི་གཟུགས་ཅན་བྱང་ཆུབ་ཀྱི་ས་བོན་ཞེས་བྱ་བའི་དོན་ཏོ། །དེར་བདག་
ཉིད་ཀྱིས་དུར་ཁྲོད་དུ་ཕྱིན་ནས་ཞེས་བྱ་བ་ནི་དེའི་གནས་ལས་རང་གི་ལུས་འདོར་བ་དང་ལྡན་པས་དུར་ཁྲོད་ཅེས་བྱ་བར་མངོན་པར་བརྗོད་དོ། །ཕྲ་མོ་ཡེ་ཤེས་ཀྱི་རྣམ་པར་རླུང་གི་སྲོག་འབབ་པས་བདག་ཉིད་ཀྱིས་སངས་རྒྱས་ཀྱི་ཞིང་རྣམས་སུ་འགྲོ་བ་སྟེ། སངས་རྒྱས་ཀྱི་གཟུགས་ཀྱི་

རང་བཞིན་རྣམས་ཀྱིས་ཞེས་བྱ་བའི་དོན་ཏོ། །དེ་ལྟར་འདིའི་ས་བོན་གྱི་ཡི་གེ་ཞེས་བྱ་བ་ལ་སོགས་པས་དེ་དེ་བཞིན་དུ་བཤད་པ་སྟེ། དེའི་ས་བོན་གྱི་ཡི་གེའི་དབུས་སུ་སླར་ཡང་འཆད་པར་འགྱུར་བའི་སྔགས་ཀྱི་ཡི་གེ་རྣམས་བསྒོམ་པར་བྱའོ། །དེ་ལྟར་རེ་
རེའི་ཞེས་བྱ་བ་ནི་སྔགས་ཀྱི་ཡི་གེ་རྣམས་ཀྱི་མཐར་རོ། །རྩ་བའི་སྔགས་ཞེས་བྱ་བ་ནི་རྐང་པ་བཞི་བཅུ་རྩ་བརྒྱད་ཀྱི་བདག་ཉིད་ཅན་དེའི་དེ་ལྟར་ཡི་གེ་རྣམས་སྣ་ཚོགས་པའི་རྣལ་འབྱོར་མ་རྣམས་འཕྲོ་བ་ཞེས་བྱ་བའི་དོན་ཏོ། །ད་ནི་དཀྱིལ་འཁོར་གྱི་འཁོར་ལོ་བསྒོམ་པ་གསུངས་
པ། ཨོཾ་ཨ་ཞེས་བྱ་བ་ལ་སོགས་པ་སྟེ་དཀྱིལ་འཁོར་གྱི་འཁོར་ལོ་ནི་སྔོན་དུ་བཤད་པའི་རིམ་པས་བསྒོམ་པར་བྱའོ་ཞེས་བྱ་བའོ། །གསང་བ་ཞེས་བྱ་བ་ནི་སྔོན་དུ་བཤད་པའི་དྲིལ་ཅན་མའི་གསང་བ་རྣམས་སུ་སྟེ་རླུང་གི་ལྟེ་བར་ཏེ་དེའི་དབུས་སུ་སྦྱོར་བའི་བདུད་རྩིའི་རང་
བཞིན་ཅན་ཞེས་བྱ་བ་སྟེ། བདུད་རྩིའི་འོད་བཞིན་གདན་བཞིའི་རིམ་པ་སྟེ་གང་གི་ཕྱིར་དེར་གསུངས་པའོ། །དེ་ལྟར་དང་པོར་བྱས་ནས། ཕྱི་ནས་ལས་ནི་ཡང་དག་བརྩམ། །ཞེས་བྱ་བ་ནི། ཀླུ་ལ་སོགས་པས་འཁྲུལ་འཁོར་གྱི་འཁོར་ལོའི་རིམ་པ་སྟེ་དེ་རྣམས་ཀྱི་
འཁྲུལ་འཁོར་གྱི་འཁོར་ལོ་གསུངས་པ། འཁྲུལ་འཁོར་འཁོར་ལོ་ཞེས་བྱ་བ་ལ་སོགས་པ་སྟེ། དེ་ལྟར་སྔོན་མོའི་གཟུགས་ཞེས་བྱ་བ་ནི་གཅིག་གིས་དམན་པའི་དུམ་བུ་ལྔ་བཅུའི་བདག་ཉིད་ཅན་ནོ། །དེ་རྣམས་སུ་སྔགས་ཀྱི་ཚིག་དགོད་པ་གསུངས་པ། རྣམ་པར་
སྣང་མཛད་ནི་ཡི་གེ་ཨོཾ་མོ། །ཐོག་མ་ཞེས་བྱ་བ་ནི་དུམ་བུ་ཐོག་མར་དགོད་པར་བྱའོ། །རིག་བྱེད་ཀྱི་དང་པོ་ཡི་གེ་ཨོཾ་མོ། །ལྷག་མ་རྟོགས་པར་སླའོ། །ད་ནི་ཀླུ་དགུག་པ་དང་དབང་དུ་བྱ་བ་དང་ལྷ་རྣམས་ཀྱི་གསད་པ་གསུངས་པ། ཀླུ་ཞེས་བྱ་བ་ལ་སོགས་པ་མདོར་བསྟན་པའི་
ཚིག་གོ། །སོགས་པའི་སྒྲས་མི་ལ་སོགས་པ་རྣམས་ལ་བྱེད་པའོ། །འོ་ན་ཐེག་པ་ཐམས་ཅད་དུ་སངས་རྒྱས་པ་རྣམས་སྙིང་རྗེ་ཅན་རྣམས་ཀྱི་སྲོག་གཅོད་པ་ལ་སོགས་པ་དང་བྲལ་བ་སྙིང་རྗེ་ཆེན་པོ་ཅན་རྣམས་ཀྱི་ངག་ཏུ་བཏོན་པ་ཙམ་གྱིས་ཀྱང་སྲོག་གཅོད་པར་འགྱུར་ན། ཅི་ལྟར་

མངོན་སུམ་དུ་བྱེད་པར་ནུས་ཅེ་ན། མི་ནུས་པ་གསུངས་པ། དེ་ནི་བདེན་ཏེ་འོན་ཀྱང་བཅོམ་ལྡན་འདས་ཀྱི་ཚིག་གིས་མི་འགྱུར་བ་གསུངས་པ། རྟག་ཏུ་ཞེས་བྱ་བ་ལ་སོགས་པ་སྟེ། དུས་ཐམས་ཅད་དུ་སྨོན་ལམ་ལ་སོགས་པས་བྱང་ཆུབ་ཀྱི་བར་དུ་རྣལ་འབྱོར་ལ་གོམས་པར་བྱེད་པའི་དུས་
རྣམས་སུའོ། །བརྩེ་བའི་བདག་ཉིད་ཅན་གྱི་རྣལ་འབྱོར་པས་རང་གི་སེམས་གསད་པ་དེ་དྲུག་པའི་དོན་གྱིས་དང་པོ་དེ་རང་གི་སེམས་གསོད་པར་བྱེད་པ་སྟེ། ཆོས་ཀྱི་དབྱིངས་ཀྱི་རང་བཞིན་གྱིས་སོ། །ཡང་ན་སླར་ཡང་ཞེས་བྱ་བ་ནི་སྡང་བའི་སེམས་ཅན་རྣམས་བསྟན་པ་ལ་གནོད་པ་
བྱེད་པ་དང་། མཚམས་མེད་པ་ལྔ་བྱེད་པ་དེ་རྣམས་ཀྱི་གྲོལ་བའི་རྒྱུར་བརྩེ་བ་བསྐྱེད་པ་ལ་སོགས་པ་བྱས་ནས་སྔོན་དུ་བཤད་པའི་འོ། །ལྷ་རྣམས་ཇི་ལྟར་དེའི་ཕྱིར་གསུངས་པ། སྡང་བའི་ལྷ་དང་ཀླུ་དང་གནོད་སྦྱིན་ལ་སོགས་པ་ལ་བྱེད་པའོ། །དེ་ཇི་ལྟར་སྡང་ན་དེ་གསུངས་པ། དྲག་
པོས་གྲོང་ཁྱེར་སུམ་བརྩེགས་བསྲེགས། །ཁྱབ་འཇུག་གིས་ནི་ཐམས་ཅད་དཀྲུགས། །ཐམས་ཅད་བདག་ཉིད་ཚངས་པས་སྤྲུལ། །དེ་བཞིན་སླར་ལ་སྡུད་པར་བྱེད། །དགྲ་བཅོམ་གྱིས་ནི་སྡིག་བྱས་ཏེ། །ཀཽ་ལ་སོགས་བྱུང་རྣམ་པར་ཤེས། །ལྷ་ཡི་བླ་མས་སྐྱེ་རྣམས་ཀྱི། །
འདོད་པ་བྱས་པ་གཅོད་པ་ཡིན། །བྲམ་ཟེ་ཉི་མ་ཡི་ལྷ་ཅན། །སྐྱོབ་པ་རྣམས་ཀྱིས་བ་ལང་གསད། །དེ་ལྟར་སྡང་བ་བྱེད་རྣམས་ཀྱི། །ངེས་པར་གསོད་པ་བྱེད་པའོ། །བདེ་གཤེགས་སྙིང་རྗེས་བརླན་པ་ཡིས། །བདག་ཉིད་དམྱལ་སོགས་འགྲོ་བ་མཆོག །ཅེས་སོ། །འོན་ཀྱང་
ལྷ་རྣམས་སོགས་པ་འདི་རྣམས་རང་རང་གི་དུས་སུ་འབྱུང་བ་ལ་རང་བཞིན་གྱི་ཆོས་ཀྱི་འབྱུང་གནས་སུ་གསད་པ་དེས་དམིགས་པ་མེད་པས་སོ། །སླར་ཡང་མངོན་སུམ་དུ་བྱེད་པ་ནི་མིན་ནོ། །ཕྱི་རོལ་དུ་དྲན་པས་ཀྱང་ཕྱག་ལ་སོགས་པ་མི་བྱའོ་ཞེས་འཇིག་རྟེན་དུ་དེ་ལྟར་རབ་
ཏུ་གྲགས་པས་འཇིག་རྟེན་གྱི་བྱ་བ་ལ་གཅིག་ལ་གཅིག་མི་རྣམས་མི་ཆེན་པོ་རྣམས་ཀྱི་དམ་པ་མ་ཡིན་པའི་བྱ་བ་བྱེད་པས་བསད་པ་དང་མཚུངས་པའོ། །དེས་ཞེས་བྱ་བ་ནི་དེ་དེ་བཞིན་དུ་བཤད་དོ། །དེའི་ཕྱིར་རང་གི་སེམས་བསད་པས་ཐམས་ཅད་གསད་པར་འགྱུར་རོ། །

དེའི་ཕྱིར་དེས་བསད་ཅེས་བྱ་བ་ལ་སོགས་པའི་ཚིག་དེ་དེ་བཞིན་ནོ། །དེ་ལྟར་ལས་ཐམས་ཅད་ཆོ་ག་ཇི་ལྟ་བུས་བྱ་བ་རྣམས་གསུངས་པ། བདེ་མཆོག་ཕྱི་མ་རྣམས་ཞེས་བྱ་བ་སྟེ། རྡོ་རྗེ་མཁའ་འགྲོ་ལ་སོགས་པ་བཤད་པའི་རྒྱུད་ཀྱི་རྗེས་སུ་འབྲངས་ནས་བྱ་བ་སྟེ།
གང་ཅུང་ཟད་དབང་གི་ལས་ལ་སོགས་པ་འདིར་གསུངས་པ་གང་དེ་ཐམས་ཅད་ཇི་ལྟ་བའི་ཆོ་གས་ངེས་པར་གོར་མ་ཆག་པར་བྱ་བ་སྟེ། རང་གི་སེམས་ཀྱིས་དེ་ལྟར་ཞེས་བྱ་བ་ལ་དགོངས་པའི་དོན་ཏོ། །དེ་ལྟར་འདིར་བཤད་པར་བྱ་ཞེས་བྱ་བ་ནི་མཁའ་འགྲོ་རྒྱ་མཚོ་འདིར་མདོར་
བསྡུས་པས་མན་ངག་རྣམས་ཀྱིས་ལྷན་ཅིག་ལས་རེ་རེའི་ཅུང་ཟད་བཤད་པར་བྱ། །ཞེས་བྱ་བར་འབྲེལ་ཏོ། །དེ་ཉིད་གསུངས་པ། ཀླུ་ཞེས་བྱ་བ་ལ་སོགས་པ་སྟེ། མཐའ་ནས་རིམ་པས་ཞེས་བྱ་བ་ནི་པདྨའི་འདབ་མ་རེ་རེ་ལ་ཀླུའི་རྒྱལ་པོ་བརྒྱད་རེ་རེ་སྟེ་རྩའི་ཡི་གེས་ཀྱང་ཀླུའི་
རྒྱལ་པོ་རྣམ་པར་རྒྱལ་བ་དང་། མཐའ་ཡས་ཀྱིས་གནོན་པ་ནི་འོག་དང་སྟེང་གི་དབྱེ་བས་སོ། །དེ་ལྟར་སླར་ཡང་སྙིང་གའི་པདྨ་ཤེས་པར་བྱ་སྟེ། དེས་སྲོག་ནི་ནོར་རྒྱས་འདིས་སོ། །ཞེས་བྱ་བ་ལ་སོགས་པ་རྟོགས་པར་སླའོ། །ད་ནི་རླུང་ཀླུའི་རྒྱལ་པོའི་རང་བཞིན་འདི་རྣམས་ཀྱི་
ལས་མཛད་པར་བཞེད་ནས་གསུངས་པ། དགུག་པ་ཞེས་བྱ་བ་ལ་སོགས་པ་སྟེ། འཇུག་པས་ཞེས་བྱ་བ་ནི་སྲོག་དགང་བ་སྟེ། འགེངས་པའི་དུས་སུ་ཇི་སྲིད་ཨ་ཝ་དྷཱུ་ཏཱིར་རླུང་ཐམས་ཅད་མི་འཇུག་པ་དེ་སྲིད་དུ་དགང་བར་བྱ་སྟེ། འདིས་ཀླུ་རྣམས་འགུགས་པར་འགྱུར་རོ། །
འདི་ལྟར་འདི་རྣམས་ཀྱི་གཏོང་བས་གཤེགས་སུ་གསོལ་བ་ཞེས་བྱ་བ་ནི་ཀླུ་རྣམས་ཀྱིས་གྲོལ་བར་བྱེད་པ་སྟེ། ཆར་དབབ་པའི་དོན་དུ་ཞེས་བྱ་བ་ནི་ཕྱི་རོལ་དུ་དེ་སྲིད་དུ་གཏང་བར་བྱ་བ་སྟེ། ཇི་སྲིད་དེར་ཐིམ་ནས་སོང་གི་བར་དུའོ། །དེས་དེ་ལྟར་གཏོང་བ་དང་འགེངས་པ་དག་གིས་ཆར་
དབབ་པ་བུམ་པ་ཅན་གྱིས་བྱ་སྟེ། ཇི་སྲིད་བྱང་ཆུབ་ཀྱི་སེམས་རབ་ཏུ་འབབ་པ་དེས་དེ་ལྟར་ཆར་འབེབས་པར་འགྱུར་ཏེ་རྩ་བའི་སྦྱོར་བས་སོ། །དེ་ལྟར་ཆར་ཆེས་པ་སེལ་བ། །ཞེས་བྱ་བ་ནི་ཆར་ཆེས་པ་བཟློག་པ་སྟེ་མཉམ་པའི་རླུང་གིས་རྣམ་པར་ཐིམ་པ་ན་བྱང་ཆུབ་ཀྱི་སེམས་

རེངས་པར་གྱུར་ཏེ་ཕྱི་རོལ་དུ་ཡང་ངེས་དེ་བཞིན་ནོ། །ཀླུ་མོ་རྣམས་འདིར་ཞེས་བྱ་བ་ནི་རྣམ་པར་ཤེས་པ་རྣམས་ཀྱི་རང་བཞིན་ནོར་རྒྱས་ལ་སོགས་པའི་ཆུང་མ་དེ་རྣམས་ཀྱང་དེ་ཉིད་བྱས་པར་འགྱུར་རོ། །དེ་ལྟར་ཐབས་གང་གིས་ན་བུམ་པ་ཅན་ལ་སོགས་པར་འགྱུར་བ་ཞེས་པ་ལ་
སོགས་པས་འགྱུར་བ་གསུངས་པ། ཕུཿཡི་གེ་བརྒྱད་ཅེས་བྱ་བ་ལ་སོགས་པ་སྟེ། བརྒྱད་བརྒྱད་ཅེས་བྱ་བ་ནི་དྲུག་ཅུ་རྩ་བཞི་སྟེ་ཀླུ་རེ་རེ་ལ་བརྒྱད་བརྒྱད་དུ་འགྱུར་རོ། །དེ་ཡང་ཏིང་ངེ་འཛིན་རྣམ་པ་སྣ་ཚོགས་དེ་བཞིན་ཞེས་བྱ་བ་སྟེ། རེ་རེ་ལ་སྲོག་ལ་སོགས་རིམ་པ་ཇི་ལྟ་བས་འཕོ་བ་
སོ་སོའི་དབྱེ་བ་རྣམས་ཀྱིས་གནས་བརྒྱད་རྣམས་སུ། ཕུཿའི་ཡི་གེ་བརྒྱད་ཉེ་བར་དགོད་པར་བྱའོ། །དེ་ལ་སྙིང་ག་དང་མགྲིན་པ་དང་ལྟེ་བ་དང་མགོ་བོ་དང་སྤྱི་གཙུག་དང་གསང་བ་དང་ནོར་བུའི་བུ་ག་དང་སྣའི་རྩེ་མོ་ཞེས་བྱ་བའོ། །དེ་ལྟར་ཇི་ལྟ་བའི་རིམ་པས་འདི་རྣམས་སུ་
ཀླུའི་རྒྱལ་པོའི་རྣམ་པར་གཞག་པར་བྱ་བའོ། །དེ་ཉིད་གསུངས་པ། ནོར་རྒྱས་ལྟེ་བའི་དབུས་སུ་སྟེ། །སྙིང་ག་རུ་ནི་དུང་སྐྱོང་ངོ་། །མགྲིན་པ་རུ་ནི་པདྨའི་ཀླུ། །པདྨ་ཆེན་པོ་མགོ་བོ་སྟེ། །སྤྱི་བོའི་གཙུག་ཏུ་འཇོག་པོའོ། །གསང་བར་ཧུ་ལུ་ཧུ་ལུ་འདོད། །སྟོབས་རྒྱུ་ནོར་
བུའི་བུ་གར་རོ། །མཐའ་ཡས་སྣ་ཡི་རྩེ་མོར་རོ། །རྒྱལ་དང་རྣམ་རྒྱལ་དེ་བཞིན་འདིར། །རྐང་མཐིལ་དང་ནི་མགོ་དག་ཏུ། །ཚིགས་རྣམས་ཀུན་དུ་ཁྱབ་པར་རོ། །ཞེས་བྱ་བའོ། །ཕན་ཚུན་ཞེས་བྱ་བ་ལ་སོགས་པ་ཐམས་ཅད་རྟོགས་པར་སླའོ། །དེ་ལྟར་ཐམས་ཅད་རྡོ་རྗེ་
ཕག་མོའི་རྩ་བའི་སྔགས་ཀྱི་འཁྲུལ་འཁོར་རྣམས་སུ་བྱའོ། །དཔལ་མཁའ་འགྲོ་རྒྱ་མཚོ་རྣལ་འབྱོར་མའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོའི་འགྲེལ་པ་གྲུ་གཟིངས་ལས་བཅོམ་ལྡན་འདས་ཀྱི་རྩ་བའི་སྔགས་དང་དེ་བཞིན་དུ་ཤིན་ཏུ་བཟང་མོའི་རྩ་བའི་སྔགས་གཉིས་སུ་མེད་
པའི་སྦྱོར་བའི་བདག་ཉིད་དང་མིང་གི་ཡི་གེ་རྣམས་དང་དཀྱིལ་འཁོར་གྱི་འཁོར་ལོའི་བདག་པོ་དང་ལས་ཀྱི་ཚོགས་ཀྱི་མཚམས་སྦྱོར་གྱི་སྐད་ཅིག་གིས་གསད་པ་ལ་སོགས་པས་དང་ཀླུ་དགུག་པ་ལ་སོགས་པས་དང་རྟའི་འཁྲུལ་འཁོར་གྱི་ཆོ་གའི་མཚན་ཉིད་རྒྱས་པར་བསྟན་པ་

སྟེ། ལེའུ་སུམ་ཅུ་རྩ་དགུ་པའི་བཤད་པའོ།། །།འཁོར་བ་ལས་སྒྲོལ་ཁྱབ་བདག་མོ། །རྟ་རྣ་མ་ལ་ཕྱག་བྱས་ནས། །ལས་ཀྱི་སྦྱོར་བར་ལྷ་མོ་དེ། །གནས་ནས་སྒྲུབ་བྱེད་སྒྲུབ་པ་པོ། །སྡང་བའི་སེམས་ཅན་རྣམས་གསོད་པར། །བྱེད་དེ་དེ་ནི་
དམིགས་པས་སོ། །བདག་གིས་སེམས་ཅན་དགོངས་པའི་ཕྱིར། །དེ་ཡི་དོན་གསལ་བྲི་བར་བྱ། །ད་ནི་རྟ་རྣ་མའི་ལེའུ་བཞི་བཅུ་པའི་བཤད་པར་གསུངས་པ། དེ་ནས་དེའི་ཕྱིར་སླར་ཞེས་བྱ་བ་ལ་སོགས་པ་སྟེ། ལེའུ་སྔོན་མའི་རྗེས་སུ་རྡོ་རྗེ་ཕག་མོ་ལ་སོགས་པ་རྣམས་
ཐེ་ཚོམ་དང་ལྡན་པས་དེས་སླར་ཡང་རྡོ་རྗེ་ཕག་མོས་ཇི་ལྟ་བའི་མཆོད་པ་བཅོམ་ལྡན་འདས་དཔལ་ཧེ་རུ་ཀ་ལ་བྱས་པས་དེ་བཞིན་དེ་དེས་མཉེས་པ་སྟེ། ལྷ་ཞེས་བྱ་བ་ནི་དཔལ་ཧེ་རུ་ཀས་མངོན་པར་མཛད་པ་འདི་གསུངས་པ། རྟ་ཞེས་བྱ་བ་ལ་སོགས་པ་སྟེ། རྟ་རྣ་མ་དང་ཀཉྩི་
དང་ཏིང་ངེ་འཛིན་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དེ་རྣམས་ཀྱི་མིང་གི་ཡི་གེ་རྣམས་ཀྱི་རབ་ཏུ་སྦྱོར་བར་འཆད་པར་འགྱུར་བའི་རིམ་པ་རྣམས་ཀྱིས་ཡི་གེ་རེ་རེའི་ངེས་པའི་ཚིག་རྣམས་བཤད་པར་བྱའོ་ཞེས་བྱ་བར་འབྲེལ་ཏོ། །དེ་ལྟར་ཡང་ཐམས་ཅད་ཀྱི་མིང་གི་ཡི་གེའི་ངེས་པའི་
ཚིག་གི་སྦྱོར་བ་བསྡུས་པའི་དོན་གྱི་གནས་གང་དུ་གནས་ཞེ་ན་གསུངས་པ། སྙིང་ག་རུ་ནི་ཡང་དག་གནས། །ཞེས་བྱ་བ་ཏེ་སྙིང་པོའི་དོན་འདིར་སྙིང་གའི་དོན་ནོ། །དེའི་དབུས་སུ་བསྒོམ་པར་བྱ་བ་སྟེ་དེ་ཉིད་གསུངས་པ། ཧ་ཡིག་ཅེས་བྱ་བ་ལ་སོགས་པ་སྟེ། ཐོག་མ་ཉིད་དུ་
རྟ་རྣ་མའི་ཡི་གེ་རྣམས་བཤད་པར་བྱ་སྟེ། དེས་ཧའི་ཡི་གེ་ནཱ་ད་ལས་ཞེས་བྱ་བ་ནི་བདེ་བའི་ཐིག་ལེ་ཙམ་མོ། །ལུས་ཀུན་ཞེས་བྱ་བ་ནི་ལྟེ་བ་ལ་སོགས་པའི་འཁོར་ལོ་དེ་ཐམས་ཅད་དུ་སྟེ། སྙིང་གའི་དབུས་ལས་ཀྱང་ནི་ལངས། །ཞེས་བྱ་བ་ནི་གཏུམ་མོ་དེ་ཉིད་དེ་ལྟར་ནཱ་དའི་
བདག་ཉིད་ཅན་ཡེ་ཤེས་ཀྱི་འོད་གསལ་བ་ངེས་ཏེ། ཀྱང་གི་ཡི་གེ་ནི་སྡུད་པའོ། །དེ་ལྟར་བྱུང་བ་གང་གིས་ཡིན་ཞེ་ན་གསུངས་པ། ཡའི་ཡི་གེའི་དོན་གྱིས་ཏེ། དེ་ལྟར་ཡ་ཡིག་འགྲོ་འོང་ཞེས་བྱ་བ་ནི་ལུས་ཐམས་ཅད་འགྲོ་བ་དང་འོང་བ་དག་སྟེ་ཧེ་ར་ཎོ་དང་དྷཱ་ཏུ་བྷེ་རི་ནི་འགྲོ་བའོ། །ཅི་

འགྲོ་གསུངས་པ། སྲོག་ཅེས་བྱ་བ་སྟེ། འདིར་སྲོག་གི་སྒྲས་སེམས་ལ་བཤད་དོ། །ཅིས་ཤེ་ན་སྲོག་ཆགས་ཐམས་ཅད་ཀྱི་ནང་དུ་གྱུར་པ་ཉིད་ཀྱིས་སྲོག་ནི་སེམས་སོ་ཞེས་བྱ་བར་བྱས་ནས། རྡོ་རྗེའི་རླུང་གིས་བསྐྱོད་པའོ་ཞེས་བྱ་བ་ནི་ཐིག་ལེ་བརྗོད་དུ་མེད་པ་དེས་བསྐུལ་བ་སྟེ། མདོར་ན་
གང་རྣམ་པར་རྟོག་པ་ཐམས་ཅད་དེས་བསྲེགས་པས་སེམས་རང་བཞིན་གྱིས་འོད་གསལ་བར་འགྲོའོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་ཡང་རྩའི་གཙོ་བོ་སྙིང་ག་དང་ལྟེ་བའི་འཁོར་ལོ་གཉིས་སུ་རྡོ་རྗེའི་རླུང་ལ་བརྟེན་པ་རྣམས་ཀྱི་ཀའི་ཡི་གེ་རྣམ་པར་འཇོག་པར་བྱེད་དེ། དེ་ཉིད་གསུངས་པ།
དུ་ཞིག་ཅེས་བྱ་བ་ལ་སོགས་པ་སྟེ། ཚིགས་སུ་བཅད་པ་གཉིས་སོ། །དེ་ལྟར་ཉི་ཤུ་རྩ་བརྒྱད་ཀྱི་འདབ་མ་རྣམས་སུ་ཞེས་བྱ་བ་ནི་སྙིང་གའི་པདྨའི་འདབ་མ་སོ་སོར་དེ་ཉིད་དགའ་བས་རྩའི་ཚད་དུ་ཞིག་དེ་རྣམས་ཀྱི་ཚད་དུ་གྱུར་བ་ཇི་ལྟར་ཞེས་བྱ་བའོ། །དེ་རྣམས་སྟོན་པ་ནི་སླར་ཡང་
གསུམ་གསུམ་ཞེས་བྱ་བ་སྟེ། སླར་ཡང་གི་སྒྲས་འདབ་མ་བརྒྱད་ཀྱི་རྩ་སྟེ་དེས་དེ་ལྟར་ཡང་སྐུ་དང་གསུང་དང་ཐུགས་ཀྱི་ཆོས་ཀྱི་བདག་ཉིད་ཀྱིས་གསུམ་གསུམ་དུ་འགྱུར་བ་སྟེ། ཉི་ཤུ་རྩ་བཞི་དེ་རྣམས་སྐུ་ལ་སོགས་པའི་འཁོར་ལོ་ལ་གནས་མ་རྣམས་ཀྱི་རྡོ་རྗེའི་རླུང་ཤིན་ཏུ་ཕྲ་བའི་
གཟུགས་ཀྱིས་རྣམ་པར་གནས་པ་འདི་ནི་ངེས་པའོ། །སླར་ཡང་ལྟེ་བའི་འཁོར་ལོར་རྩའི་པདྨ་འདབ་མ་བཅུ་གཉིས་རྣམས་སུ་མཁའ་འགྲོ་མ་ལ་སོགས་པ་རྣམ་པར་གནས་པའོ། །གནས་དེ་རྣམས་སུ་རྡོ་རྗེ་རླུང་གི་རྣམ་པར་ཅིར་འགྱུར་ཞེ་ན། དེ་གསུངས་པ། དེའི་ཚེ་ཞེས་བྱ་བ་སྟེ་
རེ་རེའི་ནང་རྣམས་སུ་རྟ་རྣ་མ་ལ་སོགས་པ་དཀྱིལ་འཁོར་གྱི་འཁོར་ལོའི་གཟུགས་ཀྱི་གནས་པའོ། །འོ་ན་རྡོ་རྗེའི་རླུང་ནི་རྣམ་པ་མེད་པའི་གཟུགས་སུ་གྱུར་པ་ཡིན་པ་རྣལ་འབྱོར་མ་ནི་རྣམ་པ་དང་བཅས་པ་ཡིན་ནོ་ཞེ་ན། གསུངས་པ། ཎ་ཡིག་ཅེས་བྱ་བ་ལ་སོགས་པ་སྟེ། ཎའི་
ཡི་གེའི་དོན་གྱི་ལྷ་མོ་དེ་ཡང་གསལ་བ་མ་ཡིན་ཞེས་བྱ་བ་སྟེ། རྣམ་པ་དང་བཅས་པར་མི་འགྱུར་བའོ། །དེ་ཇི་ལྟར་མི་གསལ་ཞེ་ན། རང་བཞིན་ཅན་ཞེས་བྱ་བ་སྟེ་རགས་པའི་རྣམ་པས་སོ། །སེམས་དེ་ཉིད་རགས་པའི་རྣམ་པས་མི་གསལ་བའི་གཟུགས་སུ་འགྲོ་སྟེ། དེ་དེ་ལྟར་

གསལ་བ་རབ་ཀྱི་མཐར་ཕྱིན་པས་རྡོ་རྗེའི་རླུང་སྟེ་རྡོ་རྗེ་དང་མཉམ་པ་ཉིད་ཀྱི་ཕྱིར་རོ། །སེམས་ནི་ལུས་ཀྱི་ནང་ཐམས་ཅད་དུ་དབང་པོ་ལ་སོགས་པ་ཐམས་ཅད་དང་ཁམས་ཀྱི་གཟུགས་ཅན་ཏེ་དེས་རྣམ་པ་མེད་པར་བཤད་དོ། །ཡང་གི་ཡི་གེ་ནི་བསྡུ་བའོ། །དེའི་ཕྱིར་
གསལ་བ་དང་མི་གསལ་བ་གཉིས་སུ་མེད་པའི་རང་བཞིན་ཅན་རྣལ་འབྱོར་མའི་གཟུགས་ཅན་ཞེས་བྱ་བའི་དོན་ཏོ། །དེས་ཀྱང་རྣལ་འབྱོར་མ་རྣམས་ཀྱི་རང་བཞིན་གྱི་ཡང་དག་པའི་ཏིང་ངེ་འཛིན་གྱི་བྱང་ཆུབ་ཀྱི་ཡན་ལག་ལ་གནས་པའི་རྣལ་འབྱོར་པའི་རང་ལུས་དང་སེམས་བསྒྲུབ་
པ་རྫོགས་པ་དེའི་ཚེ་ཀཉྩིའི་ཡི་གེ་གཉིས་ཀྱིས་གཞན་གྱི་ཕུན་སུམ་ཚོགས་པ་བྱེད་པའི་རྒྱུར་འདོད་པའི་ཁམས་སུ་བསྐྱེད་པ་སྟེ་ཞེས་བྱ་བར་བཤད་པའི་ཕྱིར་གསུངས་པ། འདོད་པ་ཞེས་བྱ་བ་ལ་སོགས་པ་སྟེ། དེར་བྱུང་བ་ནི་སྔོན་དུ་བཤད་པའི་རིགས་པས་སོ། །དེའི་ཚེ་ཐར་
པའི་གཟུགས་ཅན་གྱི་ལས་ཞེས་བྱ་བ་སྟེ། ལས་དང་ཡོངས་སུ་ལྡན་པས་ལས་ཅན་ཏེ་བཤད་པར་འགྱུར་བའི་བརྙས་པ་བྱེད་པ་དེ་རྣམས་ཀྱི་གསད་པ་ལ་སོགས་པའི་ལས་བསྒྲུབ་པའི་ཕྱིར། རྣལ་འབྱོར་མའི་གཟུགས་སུ་འདོད་པའི་ཁམས་སུ་སེམས་བསྐྱེད་དོ། །གང་གི་ལས་
ཀྱིས་སྐྱེ་འགྲོ་ཐམས་ཅད་ཐར་པའི་གཟུགས་ཅན་དུ་འགྱུར་བའོ། །དེ་ཆོས་གང་གིས་འགྱུར་བར་གསུངས་པ། ཙྱ་ཡིག་འཕོ་བ་ཡི་ནི་ཆོས། །ཞེས་བྱ་བ་སྟེ་ཤིན་ཏུ་སྡང་བའི་སེམས་ཅན་གཞན་རྣམ་པར་འཇོམས་པར་བྱེད་པ་རྣམས་མནར་མེད་པ་ལ་སོགས་པར་འཚེད་དོ། །དེ་ལྟར་
མནར་མེད་ལ་སོགས་པར་རྣལ་འབྱོར་པ་རྣམས་ཀྱིས་ཆོས་ཡིད་ལ་བྱས་ནས་བདག་དེར་འཚེད་པར་བྱེད་པ་མཆོག་ཡིན་གྱི་དེ་རྣམས་ཀྱི་གྲོལ་བ་ཐོབ་པར་བྱ་བའི་ཕྱིར་གསད་པ་ལ་སོགས་པ་བྱས་ནས་ཇི་སྲིད་དུ་སྡང་བའི་ལས་རྣམས་ལ་དགའ་བ་དང་བྲལ་བར་བྱེད་པ་དེ་སྲིད་དུ་ཐམས་
ཅད་སེམས་ཀྱི་ནང་དུ་གྲོལ་བ་སྟེ་གཉིས་ཀ་གྲོལ་བར་འགྱུར་རོ། །ཅི་བྱང་ཆུབ་སེམས་དཔའ་གཞན་གྱི་དགོས་པ་བྱེད་པ་རྣམས་ཀྱི་བདག་དང་བདག་གི་བའི་འཛིན་པ་དང་། འདོད་པ་དང་མི་འདོད་པའི་བག་ཆགས་དང་བྲལ་བ་ཉིད་ཀྱིས་དྲི་མ་མེད་པའི་སེམས་དེའི་ནང་དུ་གྲོལ་བ་

ཞེས་བྱ་བ་སྟེ། སྡང་བ་རྣམས་ཀྱི་སྐྱོན་སྤངས་པས་རང་གི་སེམས་ཀྱི་ནང་དུ་དེ་ལྟར་གྲོལ་བའོ། །དེ་བཞིན་དུ་ཡང་གསུངས་པ། སེམས་ནི་སྐྱོན་རྣམས་སུ་འཕོ་འགྱུར། །གཞན་གྱི་བསམ་པས་སྐྱོན་མེད་དེ། །རྐང་པ་ལག་པ་ལ་སོགས་པས། །གཞན་ལ་བརྒྱབ་ཀྱང་སྐྱོན་
མེད་དོ། །དེ་ནི་ལུས་ལ་སོགས་པ་ཡི། །རྣམ་པ་ཙམ་དུ་གནས་པས་སོ། །བག་ཆགས་བཅས་བྱུང་སྐྱོན་རྣམས་ཀྱིས། །འཆིང་བ་རྣམས་ཀྱིས་འཕོ་བའོ། །གྲངས་མེད་པ་ཡི་གཟུགས་ཅན་གྱི། །སེམས་ཀྱི་སྤྱོད་པ་གཟུང་བར་བྱ། །སེམས་གྲོལ་བ་ཡི་ཐམས་ཅད་ནི། །
དེར་ནི་ཐམས་ཅད་གྲོལ་བར་འགྱུར། །ཕྱིན་ཅི་ལོག་དགའ་སྡང་བདག་ཅན། །གཞན་ལ་བརྙས་པ་ཡི་ནི་སེམས། །བསོད་ནམས་སྐྲུན་ཕྱིར་རྣལ་འབྱོར་པས། །འདི་ཡི་ཕན་ཡོན་འདིར་ཅི་ཟད། །འདི་དང་གང་དུ་གསད་པར་བྱ། །ཞེས་བྱ་བ་གསུངས་སོ། །བདུན་པ་ཞེས་བྱ་བ་
ལ་སོགས་པས་སྔོན་དུ་བཤད་པའི་ཏིང་ངེ་འཛིན་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གི་ཏིང་ངེ་འཛིན་ལ་གནས་པས་ན་དེ་རྣམས་ཀྱི་ཏིང་ངེ་འཛིན་ལ་སོགས་པའི་ཡི་གེ་རྣམས་ཀྱིས་སྟོན་ཏེ། ཅིའི་དོན་སྟོན་ཞེ་ན། དེ་ལྟར་ཐོག་མ་ཉིད་དུ་སའི་ཡི་གེའི་དོན་གྱིས་སུམ་ཅུ་རྩ་བདུན་བདག་
ཉིད་དབུས་སུ་ཞེས་བྱ་བ་སྟེ། སེམས་ཅན་ཐམས་ཅད་ཀྱི་ཐོག་མ་ཉིད་རང་གི་སེམས་གསད་པར་བྱ་སྟེ། ཐམས་ཅད་ཀྱི་བདག་ཉིད་དུ་གང་གི་ཚེ་འགྱུར་བ་སྟེ་བརྟན་པ་དང་འགྲོ་བ་ལ་སོགས་པའི་ཁྱབ་པ་པོར་རོ། །དེའི་ཚེ་སྔོན་དུ་བཤད་པའི་འཁོར་ལོ་གཉིས་སུམ་ཅུ་རྩ་
དྲུག་རྣམས་ཀྱི་ནང་དུ་རྡོ་རྗེའི་རླུང་ལྷའི་རྣམ་པའི་གཟུགས་སུ་བསྒོམ་པར་བྱ་ཞིང་འདིར་ཐམས་ཅད་བསད་པའི་ལས་རྣམས་ཀྱིས་ནི་སེམས་པའོ་ཞེས་བྱ་བའི་དོན་ཏོ། །འདི་བྱས་པས་ཕྱི་རོལ་ཏུ་སྡང་བའི་སེམས་ཅན་དེ་རྣམས་ལ་བསྟན་པར་བྱ་བར་གསུངས་པ། གང་གང་ཞེས་
བྱ་བ་ལ་སོགས་པ་སྟེ། དེ་རྣམས་ཀྱིས་བྱེད་པ་སྟེ་བསམས་པ་ཙམ་གྱིས་འགྲུབ་པོ་ཞེས་བྱའོ། །དེ་ལྟར་འདི་རྣམས་ཀྱིས་བསད་པའི་འཁྲུལ་འཁོར་བྲིའི་དེའི་སླར་ཡང་སྣག་ཚ་གསུངས་པ། དུག་ཅེས་བྱ་བ་ལ་སོགས་པ་སྟེ། རྟོགས་པར་སླའོ། །གཤིན་རྗེའི་འཁྲུལ་འཁོར་

ཞེས་བྱ་བ་ནི་མ་ཧེའི་གཟུགས་ཅན་ལ་བྲི་བར་བྱའོ། །དེ་ཡང་སྔོན་དུ་བཤད་པ་སྟེ། ལེའུ་ཚེ་བཞི་བཅུ་རྩ་དགུའི་བདག་ཉིད་ཅན་ལའོ། །དེ་ལ་སྔགས་ཀྱི་ཕྲེང་བ་འདི་དགོད་པར་བྱ་ཞེས་བྱ་བ་ནི་སྔགས་ཉིད་ཕྲེང་བ་སྟེ། སྔགས་ཀྱི་ཕྲེང་བ་ནི་གནོད་མཛེས་རྒྱལ་
པོའིའོ། །དེ་ལྟར་ཐོག་མར་ཞེས་བྱ་བ་ནི་རེའུ་མིག་ཐོག་མ་ལ་སྟེ་རྣམ་པར་སྣང་མཛད་ནི་ཡི་གེ་ཨོཾ་མོ། །རིག་བྱེད་དང་པོ་ཡང་དེ་ཉིད་དུ། ལྷག་མ་རྟོགས་པར་སླའོ། །ད་ནི་རྟ་རྣ་མའི་དཀྱིལ་འཁོར་གྱི་འཁོར་ལོ་བསྒོམ་པ་གསུངས་པ། ས་བོན་ཡི་གེ་ཞེས་བྱ་བ་ལ་སོགས་པ་སྟེ་རྟོགས་
སླའོ། །འོན་ཀྱང་ཀུན་དུ་སྤྱོད་པ་ལ་སོགས་པས་སྔོན་དུ་བཤད་པའི་རིགས་པས་བསྒོམ་པར་བྱ་བ་སྟེ། རྡོ་རྗེ་ཕག་མོའི་གསུམ་པའི་འཁྲུལ་འཁོར་སྔགས་ཀྱི་འཁྲུལ་འཁོར་གྱི་འཁོར་ལོ་རྣམས་སུའོ། །སླར་ཡང་ངོ་མཚར་ཞེས་བྱ་བ་ལ་སོགས་པས་རྡོ་རྗེ་ཕག་མོ་ལ་སོགས་པའི་
རྣལ་འབྱོར་མའི་འཁོར་རྣམས་ཀྱི་དང་། དེ་བཞིན་དུ་ཕྱག་ན་རྡོ་རྗེ་ལ་སོགས་པའི་དཔའ་བོ་མཐའ་མེད་པ་སྤྲོ་ཞིང་རབ་ཏུ་དགའ་བ་ཐོབ་པ་རྣམས་ཀྱི་རྣམ་པར་དཔྱད་པ་གསུངས་པ། སེམས་ཅན་ཤིན་ཏུ་བསམ་པ་ཆུང་བ་ལ་སོགས་པ་རྣམས་ལ་བལྟས་ནས་དེས་སྐྲག་སྟེ། འགའ་
ཞིག་གིས་ཐོས་པ་དང་བསམ་པ་ལ་སོགས་པ་བྱས་པས་དེ་བཞིན་དུ་ཡང་ཤེས་རབ་དམན་པས་མི་ཤེས་ཏེ་ཕྱིན་ཅི་ལོག་གི་ལམ་དེ་རྣམས་སུ་འགྲོ་བའི་མུ་སྟེགས་ཅན་ལ་སོགས་པ་དེ་རྣམས་ལ་བལྟས་ནས་འགྱེལ་ཏེ་ཕྱི་མའི་དུས་སུ་ཆུད་ཟོས་པའི་སེམས་ཅན་རྣམས་ཀྱི་བསམ་
པ་གང་གིས་བྱང་ཆུབ་མི་ཐོབ་པ་སྟེ་ཤིན་ཏུ་རིག་པའོ། །དེའི་ཕྱིར་ཀྱེ་མ་ཞེས་བྱ་བ་ལ་སོགས་པས་མཆོག་ཏུ་ངོ་མཚར་བ་དང་ལྡན་པ་རྣམས་ཀྱི་སྟེ། །ཚུལ་འདི་ཞེས་བྱ་བ་ནི་བཤད་པའི་མཚན་ཉིད་ཀྱིས་ཏེ། གང་གིས་ཞེས་བྱ་བ་ནི་དེ་དེ་བཞིན་དུ་བཤད་དོ། །དེ་ལྟར་ཡིད་
ལ་བསམ་པ་བཏང་ནས་ཡིད་ཀྱིས་ངོ་མཚར་བསྐྱེད་དེ། དེའི་ཚེ་རང་ཉིད་ལ་ཡིད་ཆེས་པ་རྣམས་ཀྱིས་བདག་གི་ཤེས་པ་དེས་སླར་ཡང་དིང་ཞེས་བྱ་བ་ལ་སོགས་པ་དེ་དེ་བཞིན་ནོ། །དེ་ནས་དབུས་ནས་ཡང་ལངས་ཞེས་བྱ་བ་ལ་སོགས་པ་སྟེ། ཕྱག་ན་རྡོ་རྗེ་ལ་སོགས་པའི་དེ་

བཞིན་གཤེགས་པ་ཐམས་ཅད་དང་བྱང་ཆུབ་སེམས་དཔའ་ལ་སོགས་པ་མཐའ་མེད་ཅིང་མུ་མེད་པ་རྣམས་ཀྱིས་མཆོད་པ་བྱས་ནས་ཇི་ལྟ་བ་བཞིན་ཞུ་བ་བྱེད་པ་སྟེ། བཅོམ་ལྡན་འདས་ལ་བདག་འདྲིའོ་ཞེས་བྱ་བ་ལ་སོགས་པ་སྟེ། ཕྱེད་དང་བཅས་པའི་ཚིགས་སུ་བཅད་པ་གཉིས་
ཀྱིས་སོ། །དེ་ཉིད་གསུངས་པ། ཀྱེ་བཅོམ་ལྡན་འདས་བདག་པོ་ཁྱབ་བདག་སྟོན་པ་ཅི་ཡིས་བདག་ཅེས་བྱ་བ་ནི་ཕྱག་ན་རྡོ་རྗེ་ལ་སོགས་པ་དང་དཔའ་བོ་ཐམས་ཅད་གལ་ཏེ་བདག་ཅག་འབྲས་བུ་དང་རྒྱུའི་རང་བཞིན་དུ་རྣམ་པར་གཞག་ན་དེའི་ཚེ་ཁྱེད་ཉིད་གང་གི་རང་བཞིན་དུ་རྣམ་པར་
བཞག་ཅེས་བདག་གི་ཐེ་ཚོམ་ཡོད་དེ། འདིར་ཅི་ལ་བཅོམ་ལྡན་འདས་རྣམ་པར་གཞག་ཅེས་བྱ་བ་སྟེ། དཔྱོད་པ་ཐོག་མའོ། །གཉིས་པ་གསུངས་པ། གལ་ཏེ་ཞེས་བྱ་བ་ལ་སོགས་པ་སྟེ། གལ་ཏེ་དེ་སྲིད་ཁྱེད་ཉིད་བཅོམ་ལྡན་འདས་འབྲས་བུའི་གཟུགས་ཡིན་ན་དེའི་ཚེ་ཇི་
ལྟར་གསད་པ་དེ་དེ་ལྟར་ཁྱོད་ཉིད་ཀྱིས་འདྲ་བར་གསུངས་པ་འདི་ལ་ཐེ་ཚོམ་ཡོད་དོ། །གསུམ་པ་གསུངས་པ། ཡང་ན་ཞེས་བྱ་བ་ལ་སོགས་པ་སྟེ། ཡང་ན་བཅོམ་ལྡན་འདས་རྒྱུའི་གཟུགས་ཀྱིས་རྣམ་པར་གནས་ན་འབྲས་བུའི་གཟུགས་ཀྱིས་སྐྱེས་བུ་སྟེ། དེའི་ཚེ་དེ་རྣམས་ཀྱི་ཇི་ལྟར་
གསོད་པར་བྱེད། འདི་ནི་དགོངས་པ་སྟེ་འབྲས་བུའི་གཟུགས་ཀྱིས་ཆོས་ཀྱི་དབྱིངས་ལ་ཟེར་རོ། །བཅོམ་ལྡན་འདས་ཞེས་བྱ་བ་ནི་དེ་བཞིན་དུ་དེ་ཉིད་རྒྱུའི་གཟུགས་ཀྱིས་སྤྲུལ་པའི་སྐུའི་བདག་ཉིད་ཀྱི་གཟུགས་འདི་ནི་སྐྱེས་བུ་སྟེ། དེའི་ཚེ་འདི་རྣམས་ཀྱི་ཇི་ལྟར་གསོད་པ་ལ་སྦྱོར་བར་
བྱེད། སོམ་ཉི་འདིས་ཕྱི་རབ་ཀྱི་སེམས་ཅན་རྣམས་ཕྱག་ན་རྡོ་རྗེས་ཐུགས་ཀྱིས་གཟིགས་ནས་ཐེ་ཙོམ་དང་བཅས་པ་སྟེ། གཞུང་འདི་རྣམས་བསྟན་པས་གསུངས་ཤིག་པའོ། །བདག་གི་ཞེས་བྱ་བ་ནི་ཕྱག་ན་རྡོ་རྗེ་ལ་ཆོས་སྟོན་པའི་དུས་སུ་བདག་པོ་ཞེས་བྱ་བ་སྟེ་བཅོམ་ལྡན་
འདས་ཐེ་ཚོམ་གསུམ་སེལ་བའི་ལན་གསུམ་དྲིས་པའོ། །གསུངས་པ་ཞེས་བྱ་བ་ལ་སོགས་པས་བཅོམ་ལྡན་འདས་ཀྱི་ལན་ནོ། །རྡོ་རྗེ་ཞེས་བྱ་བ་ནི་ཕྱག་ན་རྡོ་རྗེ་ལ་སོགས་པ་ལའོ། །ཉོན་ཞེས་བྱ་བ་ནི་ཉན་པ་ལ་སྦྱོར་བའོ། །ཚིག་ཅེས་བྱ་བ་ནི་ངའི་ཚིག་ལ་རྩེ་གཅིག་པའི་

སེམས་ཀྱིས་སོ། །དེ་ཉིད་གསུངས་པ། འབྲས་བུ་ཞེས་བྱ་བ་ལ་སོགས་པ་སྟེ། ལས་ཀྱི་རྗེས་མཐུན་ཞེས་བྱ་བ་ནི་ཞི་བ་ལ་སོགས་པ་སྣ་ཚོགས་པའོ། །ཡང་ན་དཀྱིལ་འཁོར་བྲི་བ་ལ་སོགས་པའོ། །མདོར་ན་ང་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་གང་ཅུང་ཟད་
མིག་གི་དབང་པོ་ལ་སོགས་པས་མཐོང་བའམ་ལེན་པ་ལ་སོགས་པ་རྗེས་སུ་མཐུན་པའི་གཟུགས་དེས་དེ་དང་འདྲ་བའི་རྣམ་པའི་གཟུགས་ཀྱིས་འབྲས་བུར་འགྲོ་བ་སྟེ། འབྲས་བུའི་གཟུགས་ཀྱི་ཕྱིར་རོ། །འོན་ཀྱང་བདག་བདེ་བ་ཐམས་ཅད་ཀྱི་གནས་ཞེས་བྱ་བ་ནི་འབྲས་བུའི་གཟུགས་
ལ་སོགས་པ་ཐམས་ཅད་ཀྱི་རྟེན་ནི་ཆོས་ཀྱི་སྐུ་སྟེ་དེའི་ཡོན་ཏན་ཉེ་བར་སྤྱོད་པ་ཉིད་པས་བདག་ཅེས་བྱ་བའོ། །བདེ་བའི་གནས་ཞེས་བྱ་བ་ནི་བདེ་བ་རྣམས་ཀྱི་གཞི་ནི་བདེ་བའི་གནས་ཏེ། བདེ་བ་ཐམས་ཅད་ནི་ལྷན་ཅིག་སྐྱེས་པ་ལ་སོགས་པ་ལ་དམིགས་པ་གང་གི་ཕྱིར་དེ་རྣམས་ཀྱིས་
ཡང་ཆོས་ཀྱི་སྐུའི་རྟེན་གྱིས་གཟུགས་ཏེ་དེ་རྣམས་ཀྱི་ལས་ཀྱི་དབང་གིས་དང་། འབྲས་བུའི་གཟུགས་ལ་སོགས་པ་ཐམས་ཅད་ཀྱིས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ལ་སོགས་པར་འགྱུར་བ་སྟེ་ཁྱེད་ཕྱག་ན་རྡོ་རྗེ་ལ་སོགས་པ་བཞིན་ནོ། །དེ་ལྟར་རྒྱུ་དང་འབྲས་བུའི་རང་
བཞིན་ཀྱང་སྟེ་ལས་རྣམས་ནི་འབྲས་བུ་ལ་ཆོས་ཀྱི་སྐུའི་རྒྱུད་བསྒྲུབས་པ་གཅིག་ཏུ་གྱུར་ཅིང་གཉིས་སུ་མེད་པ་རྣམས་ཀྱིས་སེམས་སྤྲོས་པ་དང་བཅས་པ་དང་སྤྲོས་པ་མེད་པ་དང་བྲལ་བས་རྣམ་པར་གནས་པ་ནི་སངས་རྒྱས་རྣམས་སོ། །སྤྱོད་པ་དང་པོ་གསལ་བའོ། །གཉིས་པའི་གསུངས་
པ། རྒྱུད་བཅས་ཞེས་བྱ་བ་ལ་སོགས་པ་སྟེ། དངོས་པོ་ཐམས་ཅད་ཀྱི་གཉིས་སུ་མེད་པའི་རྒྱུ་དེའི་རྐྱེན་མཁས་པས་ལས་ནི་རྐྱེན་ཞེས་བྱ་བ་སྟེ་གསད་པ་ལ་སོགས་པའི་ལས་བྱ་བ་སྟེ། དེས་བཅོམ་ལྡན་འདས་འབྲས་བུའི་གཟུགས་ཀྱིས་བྱས་པའི་ཕྱིར་དེ་དང་འདྲ་བར་བཤད་
དེ། གསད་པ་ཞེས་བྱ་བ་ནི་རང་གིས་བཅོམ་ལྡན་འདས་ཀྱི་གཟུགས་ཉིད་ཀྱིས་སོ། །འདི་ནི་གང་འདིའི་དྲི་བ་གཉིས་པ་གསལ་བའོ། །གསུམ་པ་གསུངས་པ། དམག་དཔུང་ཞེས་བྱ་བ་ལ་སོགས་པ་སྟེ། སངས་རྒྱས་ཀྱི་སྐུའི་བདག་ཉིད་ཅན་ཀྱི་སྐྱེས་བུ་རྣམས་ཀྱི་དཔུང་སྟེ་གཡུལ་

ངོ་ལ་སོགས་པའི་བྱ་བ་ངན་པའི་ལས་ཆེན་པོའི་སའི་འཇིག་རྟེན་ལ་བལྟས་ནས་མཁས་པའི་སྦྱོར་བ་འཛིན་པ་རྣམས་ཀྱིས་དེ་དེའི་ཚེ་གཉིས་སུ་མེད་པར་བྱ་སྟེ་དེས་དེ་ལྟར་ཐམས་ཅད་ཀྱི་བདག་ཉིད་ཀྱི་སེམས་རྣམ་པ་སྣ་ཚོགས་པར་འགྲོ་བའི་དོན་དུ་བྱའོ། །དེའི་ཕྱིར་འདིར་གསོད་པ་དང་
མི་ལྡན་པ་སྟེ་མི་འགྱུར་བའམ། གལ་ཏེ་འགྱུར་བའོ། །དེའི་ཚེ་དམག་དཔུང་ལ་སོགས་པ་མཐོང་བས་འདྲེས་པའི་གཟུགས་ཀྱིས་སེམས་སྐྱེ་བར་འགྱུར་ཏེ། དེ་ཡང་སོ་སོར་གསལ་བར་གྱུར་པ་སྐྱེས་བུ་ལ་སོགས་པའི་རྣམ་པ་རྣམས་ཀྱིས་རྒྱུ་དང་འབྲས་བུའི་འབྲེལ་པ་
རྣམས་ཀྱི་གཉིས་སུ་མེད་པ་རྣམས་ཀྱིས་བྱའོ། །དེ་ལྟར་ཡང་ཕྱེད་དང་བཅས་པའི་ཚིགས་སུ་བཅད་པ་གསུམ་གྱིས་གསལ་བར་བྱ་བ་གསུངས་པ། བདག་ཉིད་ཅེས་བྱ་བ་ལ་སོགས་པ་ནས་ངེས་པར་ཞེས་བྱ་བའི་བར་དུའོ། །དེ་ལྟར་སྔར་དང་གཞན་ཐམས་ཅད་རྟོགས་སླའོ། །
འོན་ཀྱང་གང་བཤད་པ་བརྗོད་པར་བྱ་བ་དང་བརྗོད་པའི་མཚན་ཉིད་དེ་ཐམས་ཅད་རྡོ་རྗེ་ཕག་མོའི་འཁྲུལ་འཁོར་དང་སྔགས་དང་འཁོར་ལོ་གསུམ་པར་བྱའོ་ཞེས་བྱ་བ་ནི་ངེས་པའོ། །དཔལ་མཁའ་འགྲོ་རྒྱ་མཚོ་རྣལ་འབྱོར་མའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོའི་འགྲེལ་པ་གྲུ་གཟིངས་
ལས་རྟ་རྣ་མའི་ལྷ་མོ་རྣམས་དང་དཔའ་བོ་གཉིས་སུ་མེད་པའི་སྦྱོར་བས་གསད་པ་ལ་སོགས་པའི་ལས་ཀྱི་ཚོགས་ཡེ་ཤེས་ངེས་པའི་ཚིག་གིས་རིམ་པའི་མཚན་ཉིད་དང་ཡི་གེའི་དོན་གྱི་མིང་རྣམས་དང་གོ་ཆའི་སྔགས་ལ་སོགས་པས་གཤིན་རྗེའི་འཁྲུལ་འཁོར་གྱི་འཁོར་ལོ་དང་དཀྱིལ་
འཁོར་གྱི་འཁོར་ལོ་བསྒོམ་པ་ལ་སོགས་པའི་ཆོ་གའི་མཚན་ཉིད་རྒྱས་པར་བསྟན་པ་སྟེ། ལེའུ་བཞི་བཅུ་པའི་བཤད་པའོ།། །།ལས་ཀྱི་སྦྱོར་བས་གནས་པ་མོ། །བྱ་གདོང་ལྷ་མོར་ཕྱག་བྱས་ནས། །རླུང་དང་རྣམ་ཤེས་རྣལ་འབྱོར་མས། །མ་ལུས་སྨྱོ་བར་བྱེད་པ་
དང་། །ཡི་དགས་འཁོར་ལོ་ཉིད་ལྷ་མོ། །ཀུན་རྫོབ་བདེན་པའི་གཟུགས་ཅན་མ། །དེ་ཡི་འགྲེལ་པ་རྟོགས་བྱེད་པ། །འདོད་པ་ཀུན་སྟེར་བདག་གིས་བཤད། །ད་ནི་བྱ་གདོང་མའི་ལེའུ་བཞི་བཅུ་རྩ་གཅིག་པའི་བཤད་པ་གསུངས་པ། དེ་ནས་ཞེས་བྱ་བ་ལ་སོགས་པ་སྟེ།

རབ་ཏུ་སྦྱོར་བ་ཞེས་བྱ་བ་ནི་འཆད་པར་འགྱུར་བའིའོ། །ཐམས་ཅད་ཅེས་བྱ་བ་ནི་སེམས་ཅན་ཐམས་ཅད་སྨྱོ་བར་བྱེད་པ་སྟེ། རྙེད་དཀའ་བ་ནི་གང་གིས་དེ་ལྟར་ལམ་བཟང་པོར་རབ་ཏུ་འཇུག་ཅིང་ལམ་ངན་པ་སྤོང་བ་སྟེ། སེམས་ཅན་ཐམས་ཅད་ཀྱི་དབྱུག་
པ་ལ་སོགས་པས་སྣ་ཚོགས་པའི་སྡུག་བསྔལ་སྟེར་བ་པོ་ཉིད་ཀྱི་ཕྱིར་རོ། །དེ་ལྟར་གང་གིས་བསྒྲུབ་པར་བྱ་ཞེ་ན། གསུངས་པ། །བྱ་གདོང་མ་ཡི་རབ་སྦྱོར་བས། །ཞེས་བྱ་བ་སྟེ། དེ་བཞིན་དུ། བརྩོན་འགྲུས་བྱང་ཆུབ་ཡན་ལག་ཆོས། །ཞེས་བྱ་བ་དང་། ཧི་མ་ལ་ཡ་ཞེས་བྱ་བའི་མདོར་
བསྟན་པའི་ཚིག་རྣམས་ཀྱི་ཡི་གེ་རྣམས་ཀྱི་བསྒྲུབ་པར་བྱ་བ་ཡང་སྟེ། དེ་རྣམས་བཤད་པར་བྱ་བའོ། །མདོར་བསྡུས་པའི་ཞེས་བྱ་བ་ནི་ཉུང་དུ་བསྡུས་པ་སྟེ་རྒྱུད་གཞན་རྣམས་སུ་ནི་རྒྱ་ཆེ་བའི་ཕྱིར་རོ། །དེ་ལྟར་སླར་ཡང་གང་དུ་བསྒོམ་པར་བྱ་ཞེ་ན། གསུངས་པ། ལྟེ་བ་ཞེས་
བྱ་བ་ལ་སོགས་པ་སྟེ། འཁོར་ལོའི་གཙོ་མོ་ཞེས་བྱ་བ་ནི་འཆད་པར་འགྱུར་བའི་དཀྱིལ་འཁོར་གྱི་འཁོར་ལོའི་བདག་ཉིད་ཅན་ནོ། །ད་ནི་ཡི་གེ་རེ་རེའི་རྒྱས་པར་བཤད་པ་གསུངས་པ། མཁའ་གཟུགས་ཞེས་བྱ་བ་ལ་སོགས་པ་སྟེ། ཁའི་ཡི་གེའི་དོན་ཏེ་ཐོག་མ་ཉིད་དུ་ཁ་གཱ་
ན་ནཱ་ཡིས་སོ། །དེ་ལྟར་བདག་ཉིད་མཁའི་གཟུགས་ཏེ། ཕོ་ཉ་ཞེས་བྱ་བ་ནི་འདིར་ཕོ་ཉའི་སྒྲས་རང་གིས་རིག་པ་འབབ་པའི་རྩ་གཟུང་བ་དང་འཛིན་པའི་རྣམ་པ་སྤངས་པ་འདིས་ནམ་མཁའི་གཟུགས་ཀྱི་བདག་ཉིད་དུ་གནས་སོ། །གང་གི་ཚེ་དེའི་ཚེ་རྐན་དང་རྡོ་རྗེ་ཆུ་སྐྱེས་དབུས་སུ་ཞེས་
བྱ་བ་ནི་རབ་སྦྱོར་བ་གསུངས་པ། རྐན་ནི་མགོ་བོའི་དབུས་ཏེ། རྡོ་རྗེ་ཆུ་སྐྱེས་ཀྱི་དབུས་སུ་ཞེས་བྱ་བ་ནི་ལྔ་པའི་དོན་གྱི་གཉིས་པ་སྟེ་རྡོ་རྗེ་དང་ཆུ་སྐྱེས་ཀྱི་དབུས་ནས་སོ། །སྟེང་དུ་བསྐྱོད་ཅེས་བྱ་བ་ལ་སོགས་པ་ཤིན་ཏུ་ཕྲ་བའི་རྣམ་པར་ཤེས་པ་དང་རླུང་གིས་བྱང་ཆུབ་ཀྱི་སེམས་ཀྱིས་སོ། །
ལྷན་ཅིག་ཅེས་བྱ་བ་ནི་འདི་དང་དེ་ལྟར་ལྡན་པ་གསུངས་པ། །ལུས་ཞེས་བྱ་བ་ལ་སོགས་པ་སྟེ། གཱའི་ཡི་གེའི་དོན་གྱིས་ཏེ། ལུས་ནི་འདར་བར་བྱ་ཞེས་བྱ་བ་སྟེ། དེས་དེའི་དུས་སུ་མདའི་ཤུགས་ཀྱིས་གྱེན་དུ་བསྐྱོད་པ་སྟེ་རང་གི་སེམས་ཀྱི་སྦྱོར་བས་ལུས་ཐམས་ཅད་འདར་

བར་བྱ་སྟེ། དེས་དེ་ལྟར་མི་འཕོ་བ་སྟེ། དྲག་ཤུལ་སྦྱོར་བའི་བྱ་བས་སོ། །ཞེས་བྱ་བའི་ཚིག་གིས་སོ། །དེ་ལྟར་བྱ་ཞེས་བྱ་བ་ནི་གོམས་པར་གྱུར་པས་རྟག་ཏུ་དུས་ཐམས་ཅད་དུའོ། །རྣལ་འབྱོར་པ་ཞེས་བྱ་བ་ནི་རྣལ་འབྱོར་པ་རྣམས་ཀྱི་མཆོག་ཏུ་ཟག་པ་མེད་པའོ། །ཕྱི་རོལ་ཏུ་རྩེད་མོའི་
དུས་སུ་ཡང་འཕོ་བ་མེད་པ་འགྲུབ་སྟེ། དེ་རྣམས་ནི་གཡོ་མིན་ཞེས་བྱ་བ་ལ་སོགས་པ་སྟེ། ནའི་ཡི་གེའི་དོན་གྱིས་གསལ་བར་གསུངས་པ། ཇི་སྲིད་རྣལ་འབྱོར་པ་མི་འདོད་ཀྱི་བར་དུ་སྟེ་བཤད་པའི་ཏིང་ངེ་འཛིན་གྱིས་མགོ་བོའི་དབུས་ནས་རླུང་དང་རྣམ་པར་ཤེས་པ་རྣམས་ཀྱིས་
མི་གཡོ་བ་དེ་སྲིད་དུ་རབ་ཏུ་འབབ་པ་སྟེ། སྐད་ཅིག་ནས་བརྩམས་ནས་ལོ་སྟོང་ཕྲག་ལ་སོགས་པར་རོ། །བརྒྱ་ལ་ཞིག་ན་རྣལ་འབྱོར་པ་རང་གི་འདོད་པའམ་མི་འདོད་པས་མཚན་ཉིད་དུ་འགྱུར་རོ། །དེ་འཁྲུལ་པ་སྟེ་སྣ་ཞེས་བྱ་བ་ལ་སོགས་པ་སྟེ། ནའི་ཡི་གེའི་དོན་གྱིས་འཆད་པ་
གསུངས་པ། དེ་ལྟར་སྣའི་བུ་གར་སོན་པའི་སྲོག་ཅེས་བྱ་བ་ནི་རྐན་དུ་རྣམ་པར་འཁོར་བ་ལས་ཡང་འོངས་པའི་སྲོག་གོ། །དེ་ཅིའི་ཕྱིར་ཞེ་ན། ལྟེ་བའི་དབུས་སུ་གཡོ་བ་ཞེས་བྱ་བ་སྟེ། རྡོ་རྗེའི་ལམ་ནས་ལྟེ་བའི་བར་དུ་འོང་བ་གང་གི་ཚེ་ལྟེ་བའི་གནས་སུ་ཀུན་དུ་འཕོ་བ་སྟེ། རྣམ་པར་
འཕོ་བ་ལས་ཞེས་བྱ་བ་ནི་གཡོན་པ་དང་གཡས་པའི་དབྱེ་བས་སོ། །དེའི་ཕྱིར་མཉམ་པར་རབ་ཏུ་འབབ་པའི་དུས་སུ་བྱའོ་ཞེས་བྱ་བ་ནི་ངེས་པའོ། །དེ་གསལ་བར་བྱ་བའི་དོན་དུ་གསུངས་པ། ལྟེ་བ་ཞེས་བྱ་བ་ལ་སོགས་པ་སྟེ། དེ་དེ་བཞིན་དུ་གསུངས་སོ། །དེ་ལྟར་བྱས་
པས་ཅིར་འགྱུར་བ་གསུངས་པ། འཁོར་ཞེས་བྱ་བ་ལ་སོགས་པ་སྟེ། རླུང་དང་བཅས་པའི་རྣམ་པར་ཤེས་པའི་གླེན་པའི་དངོས་པོར་སྨྱོ་བ་བཞིན་དུ་འཁོར་བ་སྟེ། དེས་དེའི་དུས་ཞེས་བྱ་བ་ལ་སོགས་པ་སྟེ་དངོས་པོ་ཐམས་ཅད་མཐོང་བ་ནི་རྐང་གཉིས་ལ་སོགས་པ་དེ་དང་
འདྲ་བར་སྒྲུབ་པར་བྱེད་དོ། །ལྷག་མ་ཇི་ལྟ་བ་བཞིན་ནོ། །སླར་ཡང་དེ་ལྟར་རྣལ་འབྱོར་ཧི་མ་ལ་ཡའི་ཡི་གེ་རྣམས་ཀྱིས་སྔོན་གྱི་སྦྱོར་བ་དེ་ཉིད་ཀྱི་ཉེ་བར་སྤྱོད་པ་བསྟན་པ་གསུངས་པ། ཧི་ཡིག་ཅེས་བྱ་བ་ལ་སོགས་པས་ཏེ། །འཕྱང་བའི་ཡེ་ཤེས་ཞེས་བྱ་བ་ནི་རྐན་གྱི་དབུས་སུ་ཡེ་ཤེས་

ཨ་ཝ་དྷཱུ་ཏཱི་ཧིའི་ཡི་གེའི་རྣམ་པ་དང་ནཱ་དའི་གཟུགས་ཀྱིས་ཏེ། དེར་རླུང་དང་རྣམ་པར་ཤེས་པ་འགྲོ་བའོ། །དེ་ལྟར་རབ་ཏུ་སྦྱོར་བ་དཔའ་བོ་རང་གིས་མངོན་སུམ་དུ་སྟེ་རླུང་དང་རྣམ་པར་ཤེས་པའི་བདག་ཉིད་པས་གསུངས་པ་ཞེས་བྱ་བའོ། །དེ་བཞིན་དུ་མའི་ཡི་གེའི་
གསུངས་པ། མ་ཡིག་རང་གིས་རིག་པ་ཞེས་བྱ་བ་ནི་བདག་ཉིད་ནམ་མཁའི་གཟུགས་སྐྱེས་ཏེ་དེ་ཉིད་ཕོ་ཉ་སྟེ་རང་གིས་རིག་པའི་བདག་ཉིད་སྔོན་གྱིའོ། །དེའི་ཕྱིར། བདག་ཉིད་རྣམ་པའི་གོ་འཕང་གནས། །ཞེས་བྱ་བའི་ཚིག་གིས་ཀྱང་ངོ་། །དེའི་ཕྱིར་ཐིམ་པ་ཞེས་བྱ་བ་ལ་སོགས་པ་ལ་དང་
ཡའི་ཡི་གེ་གཉིས་ཀྱི་དོན་གྱིས་ཏེ། སྔོན་གྱི་རྡོ་རྗེ་དང་ཆུ་སྐྱེས་ཀྱི་དབུས་སུ་ལོངས་སྤྱོད་དོ། །རྐན་གྱི་དབུས་སུ་ཐིམ་པ་སྟེ། དེ་ཅིས་ན་མཆོག་ཏུ་ཟག་པ་མེད་པའི་བདེ་བའི་རྣམ་པའི་གཟུགས་སུ་རྣམ་པར་རྟོག་པ་ཐམས་ཅད་དང་བྲལ་བའི་རྟོག་པའི་བར་འགྲོ་བ་སྟེ། སངས་རྒྱས་ཀྱི་སྐུ་
ཞེས་བྱ་བ་ནི་སྔོན་དུ་གླེན་པར་གྱུར་པའི་སྨྱོན་པའི་འདུ་ཤེས་ཀྱིས་སོ། །རྣམ་པར་ཤེས་པ་རླུང་དང་བཅས་པའི་རྒྱུས་དེར་ཐིམ་པ་ཉིད་ཀྱིས་སངས་རྒྱས་ཀྱི་སྐུའི་གཟུགས་སྐུ་འགྲོའོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་ཟད་པས་ཅི་བྱེད་པ་གསུངས་པ། རང་གིས་རིག་པའི་བདག་ཉིད་རིག་
པའི་སེམས་ཅན་རྣམས་ཀྱི་ལམ་འདི་འདྲ་བ་བསྟན་པ་བྱས་པས་སེམས་ཅན་དེ་རྣམས་ཀྱི་དོན་བྱས་པའི་ངེས་པས་དེའི་ཚེ་བྱང་ཆུབ་ཀྱི་ཡུལ་རྣམས་སུ་ཡོངས་སུ་མྱ་ངན་ལས་འདས་པར་འགྲོ་བའོ། །དེ་ལྟར་སྦྱོར་བ་རྣམས་ཀྱི་དང་པོར་ཅི་བསྒོམ་པར་བྱ་བ་ལ་སོགས་པ་གསུངས་པ།
བདུན་ཞེས་བྱ་བ་ལ་སོགས་པ་སྟེ། ལས་ཀྱི་རྣལ་འབྱོར་མ་ཞེས་བྱ་བ་ནི་བྱ་གདོང་མ་སྨྱོ་བའི་ལས་བྱེད་པ་མོའམ། རྣལ་འབྱོར་མ་ལས་རྣམས་སྒྲུབ་པ་མོའོ། །ལྷག་མ་རྟོགས་པར་སླའོ། །ད་ནི་འཁྲུལ་འཁོར་གྱི་འཁོར་ལོ་གསུངས་པ། །འཁྲུལ་འཁོར་ཞེས་བྱ་བ་ལ་
སོགས་པ་སྟེ། ཇི་ལྟར་སྔོན་གྱི་རྗེས་མཐུན་པ། །ཞེས་བྱ་བ་ནི་ཇི་ལྟར་སྔོན་དུ་བཤད་པའི་དུམ་བུ་གཅིག་གིས་དམན་པ་ལྔ་བཅུའི་བདག་ཉིད་ཅན་ད