Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 14

Văn bản gốc(Tây Tạng)

Trang 19 / 23 (50.000 ký tự/trang)
་སྤང་བར་བྱ་བ་
ཡིན། །བ་ལང་དང་ནི་བྱིས་པ་དང་། །བུད་མེད་སྐྱེས་བུ་ཐུབ་པ་ལྔ། །གསོད་པ་གདུག་པའི་བྲམ་ཟེ་ཡི། །འཚེ་བར་བྱེད་པ་ཆོས་ལྔ་ཡང་། །གྲོགས་དང་རྗེ་དཔོན་སངས་རྒྱས་དང་། །རང་ལ་དགེ་འདུན་དབུགས་འབྱིན་ལ། །ཁུ་བ་ལྔ་ཞེས་བྱ་བ་སྟེ། །བྱས་པ་མི་སྐྱོ་རྣམ་ལྔ་སྤང་། །དབང་

པོ་ལྔ་རྣམས་ཡུལ་གནས་ཀྱི། །འདོད་ཡོན་ལྔ་ལ་ཆགས་པ་སྤང་། །མུ་སྟེགས་བརྟུལ་ཞུགས་ཉི་ཤུ་ལྔ། །སངས་རྒྱས་པ་ཡིས་སྤང་བར་བྱ། །རྡོ་རྗེ་ཐེག་པ་དུས་ཀྱི་འཁོར་ལོའི་རྩ་བའི་ལྟུང་བ་ཡན་ལག་དང་བཅས་པ་བྱང་ཆུབ་སེམས་དཔས་མཛད་པ་རྫོགས་སོ།། །།
༅། །དཔལ་དུས་ཀྱི་འཁོར་ལོའི་སྡོམ་ཚིག་བཞུགས། ༄༅༅། །དམ་པ་རྣམས་ལ་ཕྱག་འཚལ་ལོ། །བདེན་པ་དབྱེར་མེད་དུས་འཁོར་ལོ། །ཤེས་བྱའི་ཆ་ནས་གཉིས་ཞེས་བྱ། །བརྗོད་བྱ་དང་ནི་རྗོད་བྱེད་དོ། །བརྗོད་བྱ་བདེན་པ་གཉིས་ཡིན་ཏེ། །ཀུན་རྫོབ་ཕྱི་ནང་གཞན་དང་གསུམ། །ཕྱི་ནི་
འཆགས་གནས་འཇིག་པ་སྟེ། །ཆགས་པ་རྟེན་དང་བརྟེན་པའོ། །རྟེན་ནི་རྒྱུ་དང་གོ་རིམས་དབྱིངས། །རང་བཞིན་ཁ་དོག་མིང་དང་ནི། །ཡི་གེ་གྲངས་དང་ཚད་དག་གོ། །རྒྱུ་ནི་ལས་ཀྱི་འདུས་བྱས་ནས། །རྡུལ་ཕྲན་དག་ལས་སྐྱེས་པར་འདོད། །སྟོང་དང་རླུང་སོགས་རིམ་པའོ། །
དབྱིངས་ནི་གཞུ་སོགས་རང་བཞིན་ནི། །གཡོ་སོགས་ཁ་དོག་སྔོ་ལ་སོགས། །མིང་ནི་རླུང་སོགས་རི་ལ་སོགས། །ཡི་གེ་ཡ་ར་ལ་སོགས་པའོ། །གྲངས་ནི་རླུང་དང་མཚོ་ཡི་བར། །ཚད་ནི་རྔམས་དང་མཐའ་སྐོར་རོ། །བརྟེན་པ་སེམས་ཅན་ཞེས་བྱ་སྟེ། །རྒྱུ་དང་མིང་གི་རབ་དབྱེ་དང་། །
སོ་སོའི་གནས་དང་ཚེ་ཚད་དང་། །ས་བོན་ཡི་གེར་རབ་ཤེས་བྱ། །རྒྱུ་ནི་ལས་དང་ཉོན་མོངས་དང་། །མིང་ནི་མནར་མེད་ནས་བཟུང་ནས། །སྲིད་པ་སུམ་ཅུ་རྩ་གཅིག་བར། །གནས་ནི་རླུང་དང་སྲིད་རྩེའི་བར། །ཚེ་ཚད་ལོ་དང་བསྐལ་པའི་གྲངས། །ས་བོན་ཡི་གེ་ཀ་ལ་སོགས། །འཆགས་
པ་སྡུད་པར་ཤེས་པར་བྱ། །གནས་པ་རྣམ་པ་གཉིས་ཡིན་ཏེ། །བསྟན་པ་དུས་དང་བྱེད་པ་རྩིས། །དང་པོ་དུས་བཞི་ལ་སོགས་པས། །ས་ཡི་དུམ་བུ་རྣམས་ལ་ནི། །འཁོར་ལོས་སྒྱུར་རྒྱལ་ལུས་ཀྱིས་སུ། །ལོག་འདྲེན་མཐར་བྱེད་ལེགས་རྣམས་འཛིན། །བྱེད་པ་ཡན་ལག་ལྔས་བསྡུས་
ཏེ། །གཟའ་ནི་ཚེས་དང་རྒྱུ་སྐར་དང་། །ཁྱིམ་ལ་གནས་པ་དག་ཡིན་ནོ། །ཚེས་ནི་དབྱངས་དང་རྟེན་འབྲེལ་དང་། །དྲག་མོ་ལ་སོགས་ཤེས་པར་བྱ། །འཇིག་པ་ས་སོགས་རིམ་ཞུགས་པས། །ཐ་མ་སྟོང་པར་གྱུར་པའོ། །ནང་ནི་སྐྱེ་གནས་འཆི་བ་སྟེ། །སྐྱེ་བ་ནང་དང་ཕྱི་དག་གོ། །ནང་

གི་དུས་དང་རྒྱུ་དག་དང་། །ངོ་བོ་རྐྱེན་རྣམས་རྫོགས་དུས་སོ། །དུས་ནི་ཡེ་ཤེས་གཡོ་བ་དང་། །རྒྱུ་ནི་ཁུ་སྲོག་སྐྱེ་གནས་ཁྲག །ངོ་བོ་ཕུང་པོ་ཁམས་རང་བཞིན། །རྐྱེན་ནི་མ་ཡིས་རོ་ཟོས་མཐུས། །རྣམ་པ་ཁུ་ཁྲག་རྩ་རླུང་གིས། །གཙོ་བོ་བརྒྱད་ནི་བསྐྱེད་པའོ། །རྫོགས་
དུས་བཅུ་གཉིས་བཅུ་གསུམ་མོ། །ཕྱི་ནས་དབྱིབས་དང་ཚད་དག་དང་། །རྣམ་གྲངས་དག་ཏུ་བསྟན་པ་ཡིན། །དབྱིབས་ནི་ལུས་དང་ཡན་ལག་སོགས། །ཚད་ནི་སོར་དང་ཁྲུ་ཡི་བར། །དབྱེ་བ་ཕུང་པོ་ཁམས་དག་དང་། །དབང་པོ་ལས་ཀྱི་དབང་པོ་དང་། །འཁོར་ལོ་བྱ་བའི་འཁོར་ལོ་དང་། །
ལས་ཀྱི་འཁོར་ལོ་དག་ཏུའོ། །དེ་ཡང་རྩ་རླུང་སེམས་དག་གིས། །ལུས་ཀྱི་ངོ་བོ་བསྡུས་པའོ། །གནས་པ་ལས་དང་བསྲུང་བའོ། །ལས་ནི་ཕྱི་ཉིད་ནང་སྦྱར་བས། །དུས་ཀྱི་འཁོར་ལོར་གྱུར་པའོ། །བསྲུང་བ་སེམས་ཀྱི་སྡིག་གཞོམ་དང་། །ནད་ཞི་ལུས་ཀྱི་བཅུད་ལེན་ནོ། །འཆི་བ་དུས་དང་
དུས་མིན་པའོ། །གཞན་ནི་སྒྲུབ་པའི་ཐབས་དང་ནི། །འཇིག་རྟེན་དབང་ནི་ངོ་བོ་དང་། །ངེས་ཚིག་དབྱེ་བ་ཆོ་གའོ། །ངོ་བོ་གཞན་ལས་ཐོབ་བྱ་སྟེ། །ངེས་ཚིག་དྲི་འཁྲུད་ངེས་པར་འཇོམས། །དབྱེ་བ་ཐུན་མོང་ཁྱད་པར་གྱིས། །བདུན་དང་གསུམ་དུ་ཤེས་པར་བྱའོ། །ཆོ་ག་སྦྱོར་བ་དངོས་གཞིའོ། །
སྒྲུབ་པ་ལམ་དང་འབྲས་བུ་སྟེ། །ལམ་ནི་ལས་དང་ཡེ་ཤེས་སོ། །ལས་བརྒྱའི་ངོ་བོ་དབྱེ་བ་དང་། །ཉམས་སུ་བླང་བའི་ཆོ་གའོ། །ངོ་བོ་ནུས་པ་སྐྲ་ལྡན་པ། །དབྱེ་བ་གཞན་གྱི་རིགས་ལ་སོགས། །ཉམས་བླངས་བསྙེན་སྒྲུབ་སྒྲུབ་པའོ། །ཡེ་ཤེས་ཕྱག་རྒྱའི་ངོ་བོ་ནི། །རང་གི་སེམས་
ཀྱིས་བརྟགས་པ་སྟེ། །དབྱེ་བ་དཀྱིལ་འཁོར་རྣམ་གསུམ་མོ། །ཆོ་ག་སྔོན་འགྲོ་དངོས་དང་མཇུག །དངོས་ནི་བསྐྱེད་དང་བསྒོམ་པའོ། །བསྒོམ་པ་དངོས་ཞེན་རྣམ་གཉིས་དང་། །ཞེན་བྲལ་དག་པ་བསྒོམ་པའོ། །རྗེས་ནི་མཉམ་གཞག་ལས་ལངས་ལ། །སྣང་གྲགས་ཆོས་ལ་སོགས་པ་ཡང་། །
ནང་གི་རྣམ་པ་ཕྱིས་སྦྱར་ནས། །ལུས་ངག་ཡིད་ཀྱིས་བྱས་པའོ། །འབྲས་བུ་འདོད་དང་གཟུགས་ཁམས་ཀྱི། །མཐར་ཐུག་ཐོབ་པར་འགྱུར་བའོ། །དོན་དམ་བདེན་པ་ལ་བརྟེན་པ། །ལྟ་བ་ལམ་དང་འབྲས་བུའོ། །ཆོས་ཉིད་མི་མཐུན་ཕྱི་ནང་གི། །ལོག་པར་རྟོག་པ་བསྟན་པའོ། །མཐུན་པ་

གཉིས་སུ་མེད་སྒྲུབ་པ། །ངོ་བོ་དབྱེ་བ་མཚོན་བྱེད་དང་། །དཔེ་ཡི་རྣམ་པར་ཤེས་པར་བྱ། །ངོ་བོ་མི་རྟོག་ཡེ་ཤེས་ཏེ། །དེ་ཡང་བེམས་པོ་ལོག་པའོ། །དབྱེ་བ་ཆོས་ཅན་དག་གི་ནི། །སྟོང་པ་ལྔ་དང་ཐིག་ལེ་དྲུག །སྤང་བྱ་སོགས་པས་ཤེས་པར་བྱ། །མཚོན་བྱེད་སྒྲ་དང་མཚན་མ་སྟེ། །ཨེ་
བྃ་ཨ་ལ་སོགས་པ་དང་། །དེ་རུ་མཚོན་པའི་དབྱིབས་དག་གོ། །དཔེ་ནི་པྲ་ཏི་སེ་ན་སོགས། །འཇིག་རྟེན་དཔེ་ལས་འདས་པའོ། །ཆོས་ཅན་ཅི་རླུང་སེམས་དག་གི། །གནས་ལུགས་ཤེས་པར་བྱེད་པའོ། །ལམ་ནི་དབང་དང་སྒྲུབ་པའི་ཐབས། །དབང་ནི་འཇིག་རྟེན་ལས་འདས་ཏེ། །ངོ་བོ་རང་གི་
བྱང་ཆུབ་སེམས། །བླ་མའི་རྐྱེན་གྱིས་ངོ་ཤེས་པ། །ངེས་པའི་ཚིག་ནི་གོང་དང་མཚུངས། །དབྱེ་བ་དངོས་དང་བརྟག་པ་སྟེ། །དང་པོ་སངས་རྒྱས་དུས་སུ་སྟེ། །བརྟག་པ་ད་ལྟ་རྒྱུ་དུས་སོ། །ཆོ་ག་བྱེད་དང་བྲལ་ན་ཡང་། །རེ་ཞིག་དཔེ་དང་བརྡ་ཚིག་གིས། །ཕྱི་ཡི་རྣམ་པར་རྟོག་པའོ། །
སྒྲུབ་པ་ཕྱག་རྒྱ་ཆེན་པོ་སྟེ། །ངོ་བོ་མི་རྟོག་ཡེ་ཤེས་སོ། །དབྱེ་བ་རྣམ་པ་གསུམ་བདག་ཉིད། །ཉམས་བླང་རྒྱུ་དང་ངོ་བོ་དང་། །དབྱེ་བའི་ཚུལ་དུ་བསྟན་པའོ། །རྒྱུ་ནི་རྐྱེན་གསུམ་ངོ་བོ་དང་། །མི་རྟོག་པ་ལ་དམིགས་པའོ། །དབྱེ་བ་ཡན་ལག་དྲུག་ཡིན་ཏེ། །སྤང་བྱ་སྤོང་བྱེད་ཐོབ་བྱ་ཡིས། །
ལམ་ནི་ཡན་ལག་དེར་བསྡུས་ན། །གདམས་ངག་མཚན་ཉིད་རྟགས་འབྲས་བུ། །སོ་སོར་དབྱེ་བ་ལ་སོགས་ཀུན། །སྒྲུབ་བཞིའི་ཚུལ་དུ་སྒོམ་པའོ། །འབྲས་བུ་སྤངས་ཐོབ་ཕུན་ཚོགས་པའོ། །སངས་རྒྱས་སྐུ་བཞི་ལ་སོགས་པའི། །གདུལ་བྱའི་སྒོ་ནས་དག་བྱ་ཡིས། །རྣམ་ཐར་ལ་
སོགས་ལམ་གྱིས་སོ། །དེ་ནི་བརྗོད་བྱ་མདོར་བསྡུས་པའོ། །རྗོད་པར་བྱེད་པའི་ཚིག་དག་ནི། །གཞུང་ཚད་གྲངས་དང་བཤད་ཚུལ་བསྡུ། །གཞུང་ཚད་རྒྱུ་དང་འགྲེལ་པའོ། །གྲངས་ནི་རྒྱུད་ཀྱི་ལེའུ་གྲངས་ཏེ། །མདོར་བསྡུས་དང་ནི་བསྡུས་དོན་ནོ། །རྒྱས་པར་བཤད་པ་འགྲེལ་པས་སོ། །
རྒྱུད་ཀྱི་ལེའུ་རྣམ་ལྔ་ནི། །གྲངས་ངེས་གོ་རིམས་ངེས་པ་ཡང་། །རྒྱུད་གསུམ་དག་གི་གྲངས་དག་དང་། །གཞན་གཞུག་དངོས་པོའི་རིམ་པ་དང་། །རྣལ་འབྱོར་སྙོམས་ཞུགས་རགས་པྲ་དང་། །དམན་པ་མཆོག་གི་གོ་རིམས་སོམོ། །འགྲེལ་པ་རྣམ་གསུམ་བཤད་པ་ཡང་། །གྲངས་

ངེས་ལུས་ལ་རྩ་དག་དང་། །དེ་ཡི་ཆས་ཕྱེད་དབུས་མའི་དབུས། །མཚན་དང་དཔེ་བྱད་ཏིང་འཛིན་དང་། །གོ་རིམས་སོམོ་སོའི་རྣམ་འགྲེལ་ལོ། །བཤད་ཐབས་མཐའ་དྲུག་མཚན་ཉིད་དེ། །དེ་ཡང་དྲང་དོན་ངེས་དོན་ནོ། །དོན་བསྡུས་རྒྱུད་གསུམ་དག་ཏུ་ནི། །སྤྱི་རུ་བསྡུས་དང་སོ་
སོའི་དང་། །དངོས་དང་ཕལ་པའི་ཡུལ་དུ་སྟེ། །ཡན་ལག་དེ་དང་དེར་ཤེས་བྱ། །དམ་པའི་དྲིན་གྱིས་ངེས་གསལ་བའི། །དམ་པའི་ལམ་འདིས་སེམས་ཅན་ལ། །མི་ཡི་སྐྱེ་བ་འདི་ཉིད་ཀྱིས། །བྱང་ཆུབ་མྱུར་ཐོབ་ངེས་པར་ཤོག །དཔལ་དུས་ཀྱི་འཁོར་ལོའི་སྡོམ་ཚིག་པཎྜི་ཏ་ཆེན་པོ་ཨ་བྷྱཱ་
ཀ་རས་མཛད་པ་རྫོགས་སོ།། །།པཎྜི་ཏ་ཇོ་བོ་རི་པ་དང་། སྒྲ་སྒྱུར་གྱི་ལོ་ཙཱ་བ་ཁེའུ་བགད་འཁོར་ལོ་གྲགས་ཀྱིས་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། ཤྲཱི་ཀཱ་ལ་ཙཀྲ་དཎྜ་ཀ་སྟུ་ཏི་ནཱ་མ། བོད་སྐད་དུ། དཔལ་དུས་ཀྱི་འཁོར་ལོའི་བསྟོད་པ་རྒྱུན་ཆགས་པ་ཞེས་བྱ་བ།
བཅོམ་ལྡན་འདས་དཔལ་དུས་ཀྱི་འཁོར་ལོ་ལ་ཕྱག་འཚལ་ལོ། །གང་ཞིག་མཐའ་ཡས་སངས་རྒྱས་ཆོས་མངའ་ཞིང་། །སངས་རྒྱས་རྣམས་ཀྱི་སྐུ་ཡི་སྤྲུལ་པ་ཡིས། །འཕྲུལ་བྱེད་སྐུ་རྣམས་རང་བཞིན་མཚན་ཉིད་སྐུ། །གཅིག་པུ་བདེ་བ་ཆེན་པོ་རྒྱལ་གྱུར་ཅིག །གང་ཞིག་རབ་ཟབ་ཐམས་
ཅད་མཁྱེན་པའི་ཡང་། །རྩིས་ལས་འདས་ཤིང་ཡན་ལག་དང་བྲལ་བ། །དེ་ཉིད་ལུས་ཅན་གྱུར་ན་བླུན་པོས་ཀྱང་། །དཔྱད་པར་བྱ་བའི་སྤྱོད་ཡུལ་དག་ཏུ་གྱུར། །ཨནྡ་རྙིལ་དང་ཨུཏྤལ་སྔོན་པོ་དྲི་མེད་མཁའ་འདྲ་ཆར་སྤྲིན་ཕྲེང་བ་ཟར་མའི་མེ་ཏོག་མདོག་མཚུངས་འོད་ཟེར་དྲ་བ་རབ་འབར་
ནམ་མཁའ་འགེངས་མཛད་མཐོན་མཐིང་རིན་ཆེན་རི་འདྲའི་མཐར་འཁྲུངས་བྱུ་རུའི་རི་མཆོག་རིན་ཆེན་རྩེ་འདྲ་གཞོན་མདོག་ཞལ་ནི་ཞབས་དང་སོར་མོས་རྣམ་པར་བཀྲ་ཞིང་ཡན་ལག་མཛེས་གྱུར་དགྲ་དང་བདུད་སྡེའི་གདོང་ལ་དྲིས་བསྒོས་རབ་འཇིགས་འབྱེར་བྱེད་ཕྱག་རྒྱ་འཛིན་མཛད་འཇིགས་
རུང་དུས་མཐར་ཆེམ་ཆེམ་སྒྲ་སྒྲོགས་ཆུ་གཏེར་ཆད་འདྲ་ཉི་མ་སྟོང་ལྷག་འོད་ཟེར་དང་ལྡན་སྣ་ཚོགས་ཡུམ་གྱི་གློག་འགྱུར་དང་འབྲེལ་བསམ་གཏན་སྒེག་ལྡན་ཞི་བ་རབ་ཁྲོས་གསུམ་གསུམ་སྤྱན་འཕྲོ་རིག་བྱེད་ཞལ་གྱི་ཆུ་སྐྱེས་ཞལ་གྲྭར་རབ་ཤར་འཆར་ཀ་ཟླ་བའི་དུམ་འདྲ་ཆེས་གསལ་མཆེ་བའི་མྱུ་

གུ་དང་ལྡན་རྩ་བའི་ཞལ་སྔོ་གཡས་གདོང་དམར་ཞིང་བཞིན་རྒྱབ་སེར་ལ་ཟླ་འདྲ་དཀར་པོས་གཡོན་ཞལ་རབ་བརྒྱན་དྲི་མེད་མཐིང་ག་དཀར་དམར་མགྲིན་པ་གསུམ་ལྡན་རྩིབ་ལོགས་གཉིས་ལ་དེ་བཞིན་ཕྲག་འབྲེལ་ཐལ་གོང་སོ་སོར་ལེགས་འབྲེལ་དཔུང་པ་གཉིས་ཀྱིས་རབ་བརྒྱན་དེ་ཉིད་རེ་རེར་ལག་གཉིས་
ཉེར་སྐྱེས་ལག་པ་རྣམས་ཀྱིས་རྡོ་རྗེ་དྲིལ་བུ་རལ་གྲི་ཕུབ་ཟླུམ་གསལ་ཤིང་ཁ་ཊྭཱཾ་གྲི་གུག་ཐོད་པ་མདའ་དང་གཞུ་འཛིན་ལྕགས་ཀྱུ་ཞགས་པ་རིན་ཆེན་རབ་འབར་པདྨ་དགྲ་སྟྭ་མེ་ལོང་ལག་པ་འཇིགས་རུང་ཚངས་མགོ་འཁོར་ལོ་ཆེས་གསལ་མདུང་དང་མདུང་ལག་དབྱུག་ཏོ་ཐོ་བ་ལུ་གུ་རྒྱུད་འཆང་ཅང་ཏེའུ་
དཀྲོལ་སྒྲས་བགེགས་ཀྱི་ཚོགས་སྐྲོད་དུ་བའི་མདོག་འདྲ་རལ་པ་རབ་བརྩེགས་ཟླ་དུམ་གྱིས་བརྒྱན་ཅོད་པན་རྩེར་བཞུགས་འདྲེན་པ་དག་དང་དེ་བཞིན་འོད་ཟེར་ལྔ་འབར་མགོ་ལྔའི་ཕྲེང་བ་སྣ་ཚོགས་རྡོ་རྗེ་ནོར་བུ་དང་ནི་རྡོ་རྗེའི་ཅོད་པན་རབ་འཆང་ཐུབ་པ་མ་ལུས་རྟོག་བྲལ་དཔག་བསམ་ལྗོན་པ་ཉི་ཤུ་བཞི་ཕྱག་
ཡལ་ག་རབ་ལྡན་སྣ་ཚོགས་པདྨ་ཟླ་ཉི་མུན་པ་དུས་མེའི་སྟེང་ན་དྲག་པོ་དཀར་ལ་ལུས་མེད་དམར་བའི་ལུས་ལ་རི་སྲས་དགའ་མ་དག་གིས་ངུ་ཞིང་འཇུས་པའི་དཀར་དམར་མདོག་ཅན་གཡས་བརྐྱང་སྟབས་ལ་སྟག་གི་པགས་པའི་ན་བཟའ་རབ་དཔྱངས་ཐལ་བ་དང་ནི་དག་བྱེད་ལ་སོགས་ཕྱག་རྒྱ་འཛིན་མཛད་
ཁྲག་གི་རྒྱུན་འཛག་མགོ་ཕྲེང་དོ་ཤལ་ཕྱག་དང་ཞབས་སོར་ལྔ་ལྔའི་མདོག་ཅན་དེ་ནང་ཚིགས་གསུམ་དམར་ནག་ཟླ་འོད་འོག་པག་མགུལ་རྒྱན་སྙན་ཆས་བརྒྱན་ཅིང་རྐང་པ་ས་འཛིན་ཁུར་གྱིས་རབ་མནན་འབྱུང་པོའི་དབང་ཕྱུག་དྲེགས་ཅན་དྲེགས་པའི་རི་བོ་རབ་འཇོམས་སིལ་སིལ་སྒྲ་སྒྲོགས་རྐང་གདུབ་
དང་ལྡན་སྣ་ཚོགས་ཡུམ་གྱི་ནུ་གཉིས་བུམ་པར་རབ་གང་དགའ་བདེ་བདུད་རྩིས་དབང་བསྐུར་བསིལ་བར་གྱུར་པས་ལུས་ཀྱི་ས་སྐྱེས་བ་སྤུ་རབ་རྒྱས་དྲེགས་བཅས་རྡོ་རྗེ་ཡན་ལག་འཁྱུད་ཅིང་སྐྱེ་བ་ཀུན་འཇོམས་འདོད་ཆགས་མེ་འབར་ཉེས་པའི་བུད་ཤིང་མ་ལུས་བསྲེགས་པའི་ཐལ་བས་རབ་མཆོད་འདོད་ཆགས་
མེ་ལས་ཅུང་ཟད་འཐིགས་པའི་ཕྲེང་གྱུར་ཟླ་བ་རྡོ་རྗེ་རྡུལ་ཐིགས་ཟིལ་བསྟེན་དགྱེས་པའི་རོལ་པས་རབ་གནས་དགའ་མའི་ཡན་ལག་གཉིས་ཀྱིས་བསྡམས་ཤིང་མགྲིན་ནས་ལེགས་བརྗིད་བརྟུལ་ཞུགས་འཛིན་མཛད་དགའ་མས་མགུལ་འཁྱུད་ལག་གཉིས་ཞགས་པས་འཆིང་བཞིན་མ་ལུས་རྣམ་པར་འགྱུར་

བས་རྒྱ་ཆེན་སྐུ་ལ་ལྷན་ཅིག་རབ་བཏུད་དགའ་བ་ལ་བརྩོན་རྡོ་རྗེ་ཡན་ལག་བཟང་ལྡན་མ་ཡི་ཞལ་གྱི་ཟླ་བ་བདུད་རྩིས་ཚིམ་སྤྱན་ཙ་ཀོར་དང་འདྲ་དུས་ཀྱི་འཁོར་ལོ་དང་པོའི་སངས་རྒྱས་རྡོ་རྗེ་སེམས་ཆེན་འཇམ་པའི་རྡོ་རྗེ་བློ་གྲོས་མཆོག་སྟེར་གྲུབ་ཆེན་སྩོལ་མཛད་འཇིག་རྟེན་མགོན་པོ་དེ་ལ་
ལུས་དང་ངག་དང་ཡིད་ཀྱིས་རྟག་ཏུ་བདག་ནི་ཕྱག་འཚལ་ལོ།། །།རྩོལ་བྲལ་གནས་མེད་མེ་ཆུ་སྙིང་ལྡན་ལྷུན་པོ་སྣ་ཚོགས་ཆུ་སྐྱེས་ཟླ་བ་ཉི་མ་དགྲ་གཅན་དུས་མེ་ལས་གྱུར་ས་སྟེང་ས་འོག་བདེ་འགྲོའི་རང་བཞིན་རྡོ་རྗེ་གསུམ་བརྩེགས་རིན་ཆེན་གཞལ་མེད་འོད་འཕྲོ་ཉམས་དགར་ལྷ་མོ་གླུ་ལེན་
དཀྲོལ་མཆོད་སོགས་ཕུལ་སིལ་སྙན་གསུང་ལྡན་དྲི་དང་ཕྲེང་བ་མར་མེ་དང་ནི་བདུད་རྩི་ཞེས་བགྱིས་རང་རང་མིང་མཐུན་མཆོད་པའི་ཁྱད་པར་དུ་མས་རབ་མཆོད་སྒོ་རྣམས་སོ་སོར་རྟ་བབས་ཆེས་མཐོ་མཛེས་པའི་རྒྱན་གྱི་རྟ་བབས་ལས་དབྱངས་དྲིལ་སྒྲ་དག་དང་རྨ་བྱ་ངང་སོགས་ཅ་ཅོར་བཞད་ཅིང་གོས་དང་རྒྱལ་
མཚན་གཡེར་ཀ་རབ་དཔྱངས་སྒེག་མོ་བཞད་ལྡན་ཐུགས་ཀྱི་འཁོར་ལོའི་དབུས་ན་རབ་གནས་ཡེ་ཤེས་འཁོར་ལོར་སྣ་ཚོགས་ཡུམ་དང་ལྷན་ཅིག་པདྨའི་ལོ་མ་ལ་གནས་ཤེས་རབ་བརྒྱད་བསྐོར་དེ་ཡི་ཟུར་བཞིར་གཎྜཱི་དུང་དང་ཡིད་བཞིན་ནོར་བུ་ས་སྐྱེས་གཙོ་དང་བདེ་ཆེན་འཁོར་ལོར་དེ་བཞིན་དོན་ཡོད་རིན་
ཆེན་དབང་ཕྱུག་ཆུ་སྐྱེས་རྟགས་ཅན་རྣམ་སྣང་མཛད་རྣམས་ཆུ་སྐྱེས་དཀར་པོ་ཉི་མར་རྡོ་རྗེ་སྐྱིལ་ཀྲུང་གིས་གནས་ཇི་བཞིན་ཕྱོགས་ཀྱི་སངས་རྒྱས་རྣམས་ཀྱིས་རང་གི་ཡུམ་དང་སྙོམས་འཇུག་རང་བཞིན་དེ་ལྟར་སྤྱན་དང་བདག་མ་གོས་དཀར་སྒྲོལ་མ་རྣམས་ཀྱིས་ཆུ་སྐྱེས་དམར་དང་ཟླ་བའི་གདན་ལ་ཕྱོགས་
བྲལ་གནས་དང་ལྷ་དང་ལྷ་མོའི་དབུས་མར་ཀ་བའི་བར་དུ་བདུད་རྩིས་རབ་གང་བུམ་པ་རྣམས་དང་ཐུགས་ཀྱི་འཁོར་གནས་བྱང་ཆུབ་སེམས་ཆེན་ཀུན་ཏུ་བཟང་པོ་སྒྲིབ་པ་རྣམ་སེལ་འཇིག་རྟེན་དབང་ཕྱུག་ནམ་མཁའི་སྙིང་པོ་དང་ནི་ས་དབང་རྡོ་རྗེ་དབང་ཕྱུག་རྣམས་དང་དེ་བཞིན་གཡས་བརྐྱང་ཞབས་ཀྱིས་
རབ་གནས་པདྨ་མཐར་བྱེད་བགེགས་མཐར་བྱེད་དང་རྨུགས་བྱེད་དང་ནི་རེངས་བྱེད་རང་གི་ཁྲོ་མོ་རྡོ་རྗེ་ཡན་ལག་སྙོམས་འཇུག་སྒོ་སྐྱོང་རྣམས་དང་གསུང་གི་འཁོར་ལོར་རབ་སོང་འཇིགས་མ་ལ་སོགས་དྲུག་ཅུ་རྩ་བཞི་རྣལ་འབྱོར་མ་དབུས་རབ་གནས་ཙཱ་རྩི་ཀཱ་དང་འཇུག་མ་ཕག་མོ་གདོང་དྲུག་

རྡོ་རྗེ་ལག་མ་རི་དགས་དབང་པོའི་གདན་དང་ངང་མོ་ལ་གནས་དྲག་མོ་རྣམས་དང་སྐུ་ཡི་འཁོར་ལོར་རབ་ཞུགས་རང་རང་པདྨ་ལ་གནས་རྣལ་འབྱོར་མ་ཚོགས་དབུས་ན་རབ་འཁོད་ཚངས་པ་དབང་ཕྱུག་སྲེད་མེད་བུ་དང་མེ་ལྷ་གཤིན་རྗེ་གཞོན་ནུ་བརྒྱ་བྱིན་ལྷན་ཅིག་གནོད་སྦྱིན་སྲིན་པོ་ཆུ་དང་རླུང་ལྷ་བགེགས་
ཀྱི་བདག་པོ་རྣམས་དང་ཤིང་རྟའི་སྟེང་དུ་མི་གཡོ་གཙུག་ཏོར་དབྱུག་སྔོན་ཅན་དང་གནོད་མཛེས་ལ་སོགས་ལུ་གུ་རྒྱུད་སོགས་ལྷ་མོའི་ཚོགས་འཁྱུད་རྟ་བབས་གནས་དང་ས་ཡི་དཀྱིལ་སྟེང་བྱང་ཆུབ་ཤིང་སོགས་ཟླ་བ་ཉི་མ་དེ་བཞིན་འདོད་དང་སོ་སོར་འདོད་སོགས་ལྷ་མོ་རྣམས་ཀྱིས་ཐམས་ཅད་ཀུན་
མཁྱེན་ཐུབ་པའི་དབང་ཕྱུག་སྟོན་པ་བླ་མ་ཤཱཀྱ་སེང་གེ་སྐྱབས་ཀྱི་མཆོག་གྱུར་ཡེ་ཤེས་ཆེ་མངའ་དུས་ཀྱི་འཁོར་ལོ་ལྷ་ཡི་ལྷ་ལ་ཕྱག་འཚལ་མཆོད་བསྟོད་དགའ་བས་བསྟོད་ཅིང་ལ་ལ་དག་ཏུ་རྡོ་རྗེ་ཤུགས་ཅན་ཁྲག་གི་རྒྱུན་འཛག་གླང་ཆེན་པགས་པའི་ན་བཟས་ལྷག་མའི་ལག་པ་གཉིས་བྲེལ་ཁྲོ་བོའི་རྒྱལ་
པོ་དྲག་ཤུལ་ཀླུ་བཅུས་ལུས་པོ་རབ་བརྒྱན་འཇིགས་པའི་སྒྲ་སྒྲོགས་ཁྲོ་ཚོགས་རྣམས་ཀྱིས་བགེགས་ཀྱི་ཚོགས་ལ་འབར་བའི་ཕུར་བུས་རྟག་ཏུ་རབ་བསྣུན་གཏུམ་མོ་འབར་བ་ལྟས་མཐོང་གྱུར་པ་རྣམས་ཀྱིས་རྒྱུ་སྐར་ཚོགས་འདུས་གློག་རབ་འཁྱུག་ཅིང་སྐར་མདའ་ལྟུང་བར་འཁྲུལ་པས་རྣམས་འཛིན་
ཟབ་མོ་འབྲུག་སྒྲ་ཧཱུཾ་ཞེས་སྒྲོག་བྱེད་གྲུབ་པའི་བླ་མ་གཽ་ཏ་མ་ལ་ཡན་ལག་བདུན་བཤམས་མཆོད་པ་རྣམས་ཀྱིས་རྟག་ཏུ་བདག་ནི་མཆོད་པར་བགྱིའོ།། །།མི་སྡུག་པ་ཡི་རོ་ཡི་ལུས་ཀྱི་ཤ་དང་ཁྲག་ཆགས་རབ་མྱོས་ཁྱི་དང་ཅེ་སྤྱང་གཡུལ་འགྱེད་སོ་ཡི་ཕྲེང་བ་གཏུམ་པའི་ཁར་བྱུག་དྲག་ཤུལ་སྒྲས་
འབྲོས་བྱ་རོག་དུ་མའི་ཕྲེང་བས་རབ་བཀང་ཕྱོགས་ཆར་མུན་གཏིབས་ཀུན་ཏུ་འཁྲུགས་གྱུར་རིགས་ལྡན་ཆུང་མ་ལག་གཉིས་ཞགས་པས་མགྲིན་པ་རིང་བཀུག་ཁ་ཡིས་ཆང་འཐུངས་མྱོས་གྱུར་མིག་ཅན་ཐོད་ཐོགས་དུ་མས་དཔའ་དང་སྒེག་བཅས་སྣ་ཚོགས་དང་ལྡན་ཨ་མྲ་ལ་སོགས་ཤིང་གི་ཚོགས་
དཔྱངས་ཆོམ་རྐུན་ལུས་ལ་ཁྲག་ལ་བརྐམ་པའི་རྒོད་སོགས་རྣམས་ཀྱིས་སྡེར་མོས་བབ་བསྣུན་ཟག་པའི་ཁྲག་གི་རྒྱུན་གྱིས་མུན་གཏིབས་མུན་པའི་ཁྲོད་ན་ཁྲག་རྒྱུན་འཐུངས་པའི་ཡི་དགས་ཁ་རླངས་མེ་ཚོགས་རབ་འཁྲུག་ཙཱུ་ཏ་ཀི་ལི་བྱང་ཆུབ་ཤིང་སོགས་དུར་ཁྲོད་སྡོང་བུའི་སེར་ཀར་ལུས་རིང་

རྩེ་མོ་ཕྱེད་འཐོན་ལོངས་སྤྱོད་དབང་པོ་རླུང་འཐུང་དུམ་དུམ་ཁྲིགས་གྱུར་སོར་མོ་སོར་ཕྲེང་ལོང་བུ་པུས་མོ་བརླ་དང་རྗེ་ངར་རྒལ་ཚིགས་རྐེད་རུས་རུས་པ་སྐམ་པོས་ས་གཞི་དག་ནི་མཆེ་བ་ཅན་གྱུར་ཡལ་གའི་རྩེར་དཔྱངས་འཇིགས་རུང་མགོ་ཕྲེང་རླུང་གིས་རབ་བསྐྱེད་སྐྱེ་གནས་ལག་པས་
ཤིང་དྲུང་དག་ན་སྡིགས་པའི་མཛུབ་སྟོན་ཆེམ་ཆེམ་སྒྲ་སྒྲོགས་འཁོར་བྱེད་དང་ནི་གཏུམ་པོ་ལ་སོགས་སྤྲིན་ལས་བྱུང་བའི་ཐོག་སྒྲ་དྲག་པོས་རབ་སྐྲག་འཕུར་བའི་འུག་པ་ཁྭ་དང་བྱ་རྒོད་ལ་སོགས་གཤོག་པའི་ཚོགས་ཀྱིས་མཁའ་ལ་རབ་བསྣུན་ཕྱོགས་ཀྱི་དཀྱིལ་འཁོར་མ་ལུས་ཉོན་མོངས་དབུགས་སྒྲ་
འབྱིན་བྱེད་བརྐམ་ཞིང་མ་ངེས་བྱ་རྒོད་གཡུལ་ཚོགས་ཕན་ཚུན་རབ་ཁྲོས་ཁ་ཁྭ་སྒྲ་འབྱིན་སྒྲུབ་པའི་ཚོགས་བརྟན་ལ་ལར་བཅད་པའི་མགོ་དང་མཇིང་པ་གསུམ་བཏགས་རྐུབ་ཚོས་རྒྱུ་མའི་ཕྲེང་བ་རྣ་བ་སྣ་མཆུ་སོར་མོའི་ཕྲེང་ལྡན་རུལ་པའི་དྲི་བསུང་ལ་ལ་དག་ཏུ་རིགས་ལྡན་འཇིག་རྟེན་འཆི་བདག་རྣམས་ཀྱིས་
རྟག་ཏུ་འཁོར་ལོའི་ལོངས་སྤྱོད་དོན་དུ་མི་རྣམས་རྟག་སྒྲོལ་ཁ་ཅིག་དག་ཏུ་མཚན་མོའི་ཆ་ལ་དུར་མེས་ཕྱེད་སྲེགས་ལྷག་མའི་མགུལ་དུམ་ལུས་ལས་བྱུང་བའི་ཞག་དང་གླད་པ་རྐང་དང་ཚིལ་དང་རོ་དང་རྒྱུ་མའི་མར་ཁུའི་རླན་གྱིས་རབ་འབར་བལྟ་དཀའི་མེ་ཡིས་ལ་ལ་ཚིག་པའི་ལུས་པོ་དག་ལ་ཡན་ལག་
ཆུར་བཅུ་གཅེ་སྤྱང་རྣམས་ཀྱིས་ཆིལ་ཆིལ་མེ་གསད་ཉེ་བར་ལོངས་སྤྱོད་ལྷ་མོའི་ཁྱིམ་དུ་རྣལ་འབྱོར་དང་ནི་རྣལ་འབྱོར་མ་དབང་འཁོར་ལོ་གར་ཕྱིར་ཀང་ཀཱ་ཙ་ཙད་པུ་ཌ་ལ་སོགས་བྱ་བ་རབ་ལྡན་སྣ་ཚོགས་ཅང་ཏེའུ་ལ་སོགས་རབ་བརྡུངས་སྒྲ་དང་རྡོ་རྗེ་གླུ་ལ་སོགས་ཀྱི་ལྷག་མའི་བཟའ་བ་དོན་གཉེར་རབ་
འཕེལ་གྱིས་གཏོར་འཛམ་བུའི་ཕྲེང་བ་ཐམས་ཐམས་སོ་རྡེགས་མ་རུངས་སྒྲ་ཡིས་དངངས་པར་བྱེད་རྒྱུན་ཤ་ཆེན་ཁྲག་འཐུང་རོ་ལངས་སྲིན་པོ་ཤ་ཟ་དང་ནི་སྨྱོ་བྱེད་ལ་སོགས་ཕེཾ་སྒྲ་དྲག་པོ་རྗེས་སྒྲོགས་རྡོ་རྗེ་ལྷ་མོའི་སྡུམ་པར་སྒྲུབ་པོ་དུ་མའི་ཧཱུཾ་དང་ཕཊ་སྒྲས་རབ་ཏུ་རྒྱུག་བྱེད་ཡི་དགས་ཁ་ནས་རྐན་སྒྲ་
སྒྲོགས་པས་འཇིགས་རུང་རབ་འབར་མེ་ཡིས་ཆེར་གས་མགོ་བོ་གླད་མིག་གསུམ་བཏགས་རྗེ་ངར་ལག་པའི་ཚིགས་རྣམས་ཙཾ་ཙཾ་པ་ཊད་རབ་འདྲེས་དབྱངས་སྒྲོགས་རྣམ་ཤེས་བརྒྱད་དག་དུར་ཁྲོད་བརྒྱད་ན་རྩིབས་བརྒྱད་འཁོར་ལོ་དཀྱིལ་འཁོར་གདན་ལ་གཡས་བསྐུམ་གྱིས་གནས་ཁྱི་ཡི་

བཞིན་ལྡན་བྱ་རོག་མཆུ་ཅན་ཅེ་སྤྱང་གདོང་དང་མཁའ་ལྡིང་དང་ནི་འུག་པ་ཕག་དང་བྱ་རྒོད་ལ་སོགས་གདོང་ཅན་བརྒྱད་མཆོད་འཇིགས་བྱེད་འཇིགས་བྱེད་བློ་འཆང་བགེགས་ཀྱི་བགེགས་དང་ཉོན་མོངས་ནད་སེལ་སྨན་པའི་རྒྱལ་པོ་སྐྱེས་པ་ཀུན་དགའ་ཚོགས་སྩོལ་ཡིད་བཞིན་ཕུན་སུམ་ཚོགས་སྟེར་
དུས་ཀྱི་འཁོར་ལོ་བདེ་ཆེན་མཆོག་ལ་བདག་ནི་གྲོལ་བར་སྐྱབས་སུ་མཆིའོ།། །།རྒྱུན་ཆད་མེད་པར་འོད་ཟེར་ལས་འཁྲུངས་སངས་རྒྱས་ཚོགས་ཀྱིས་ནམ་མཁའི་ཁམས་བཀང་གངྒཱའི་ཀླུང་མང་བྱེ་མའི་གྲངས་མཉམ་སེམས་ཅན་ཕན་འདོགས་ལན་ཅིག་ཉིད་ལ་འཇིག་རྟེན་ཁམས་སུ་ལྷུན་གྱིས་གྲུབ་པའི་
ཐུགས་རྗེ་དག་གིས་སློབ་མ་དང་ནི་བསེ་རུ་ལ་སོགས་ཆོས་ལ་མོས་གནས་རྣམ་པ་སྣ་ཚོགས་བསམ་པ་ལ་ལྟོས་སྐྱེས་པ་ལ་སོགས་མྱ་ངན་འདས་པར་རྫོགས་སངས་རྒྱས་མཛད་མཐའ་ཡས་རབ་བརྟན་གསུམ་ཀུན་མཁྱེན་ཉིད་བྱང་ཆུབ་ཕྱོགས་དང་ཚད་མེད་དང་ནི་ཉོན་མོངས་མེད་དང་མ་འདྲེས་བཅོ་བརྒྱད་
བསྙེལ་མེད་ཆོས་ཉིད་ལ་སོགས་དུ་མའི་ཆོས་སྐུའི་བདུད་རྩིས་ཉོན་མོངས་ཉེས་པ་མ་ལུས་ལེགས་བཀྲུས་སུམ་ཅུ་གཉིས་ལྷག་མཚན་གྱིས་རབ་གསལ་འཇིག་རྟེན་བླ་མ་ཡེ་ཤེས་ལུས་ཅན་གཉིས་མེད་ཐུགས་རྗེ་རྟག་ཏུ་རབ་དགྱེས་དཔེ་བྱད་བརྒྱད་ཅུའི་རྒྱན་གྱིས་མཛེས་གྱུར་འཇིག་རྟེན་གསུམ་གྱི་སྐྱེ་བོ་
མཆོག་ལུས་ཕུན་སུམ་ཚོགས་པ་ཟིལ་གྱིས་གནོན་ཅིང་ཐོག་མ་དང་ནི་མཐའ་དབུས་སྤངས་པའི་དམ་པའི་ཆོས་སྒྲ་རྒྱ་ཆེན་དག་ལ་ཉེ་བར་ལོངས་སྤྱོད་བྱང་ཆུབ་སེམས་དཔའ་གཅིག་པུས་རྟོགས་བྱ་ལོངས་སྤྱོད་རྫོགས་སྐུ་དཔྱད་པར་དཀའ་ཞིང་ཞི་ལ་མཚན་མེད་རྣལ་འབྱོར་ཆོས་རིག་སྤྲོས་དང་བྲལ་ཞིང་ཉོན་
མོངས་རྣམ་རྟོག་དབའ་རླབས་རབ་སྤངས་མཆོག་དགའི་རྒྱ་མཚོ་ཆོས་ཀྱི་དབྱིངས་མཆོག་ཚངས་པའི་དབྱངས་ཅན་ཉི་ཟླ་འགགས་གྱུར་དུས་ཀྱི་བདག་ཉིད་ཞེ་སྡང་རྣམས་དང་གཏི་མུག་ཀུན་རྨོངས་ང་རྒྱལ་རབ་བསྙིལ་འདོད་ཆགས་སྦྱོང་མཛད་དེ་ཉིད་ལོག་རྟོག་ལུས་སུ་ལྟ་འཇོམས་འཁོར་བའི་རྒྱུན་གཅོད་
བདེ་འགྲོ་གནས་སྟོན་ངན་འགྲོ་རབ་འཇོམས་སྡིག་པ་ཀུན་སྐེམས་བསོད་ནམས་ཚོགས་སྤེལ་ཡེ་ཤེས་ཚོགས་གྲུབ་ཉོན་མོངས་འཇོམས་མཛད་བྱང་ཆུབ་རིགས་འཛིན་དཔལ་མཛད་བློ་མཛད་སྣ་ཚོགས་སྒྱུ་མ་བསོད་ནམས་ཡེ་ཤེས་འཇིག་རྟེན་སྲུང་མཛད་དོགས་པ་ཀུན་སེལ་དགའ་གསོལ་དགའ་

མགུ་རབ་སྩོལ་སྒེག་དང་དཔའ་བོ་མི་སྡུག་དྲག་ཤུལ་སྙིང་རྗེ་ལ་སོགས་སྣ་ཚོགས་རོ་ཡིས་འཇིག་རྟེན་རྟག་སྲུང་སྤྲུལ་སྐུ་གར་མཛད་ཧེ་རུ་ཀ་གཙོ་རྐང་འོག་མི་ཡུལ་བདེ་འགྲོ་གཟུགས་གཅིག་གཟུགས་བཟང་གཟུགས་ངན་མ་ལུས་གཟུགས་སྤངས་དེ་ཉིད་གསུམ་ལྡན་རྡོ་རྗེ་
གསུམ་བདག་སེམས་གསུམ་དབྱེར་མེད་རྣལ་འབྱོར་བཞི་དག་བྱང་ཆུབ་བཞི་རྟོགས་སྐུ་བཞི་རབ་གྲུབ་ཚངས་པའི་གནས་བཞི་མིག་ལྔ་དང་ལྡན་ཡེ་ཤེས་ལྔ་བདག་དག་པའི་དབང་པོ་རྡོ་རྗེ་བ་སྤུ་སྟེང་གི་ཚངས་བུག་གཙུག་ཏོར་འཁོར་ལོའི་ནང་ཁྱབ་བཅུ་དྲུག་དགའ་བས་རབ་གང་ཡེ་ཤེས་ཆེན་པོའི་ཁམས་
ཀྱིས་ཆེར་རྫོགས་བཅུ་དྲུག་ཆ་ཡིས་ཤེས་རབ་སྣང་བ་གཙུག་ཏོར་ཆེན་པོའི་འཁོར་ལོ་དག་ཏུ་འགྱུར་བ་མེད་གནས་དེ་ཉིད་ས་དང་རིག་བྱེད་ལས་སྐྱེས་རླུང་དང་ནམ་མཁའི་ཁམས་ཀྱི་རང་བཞིན་མགོ་བོ་མགྲིན་པ་སྙིང་ག་དང་ནི་གསང་བ་ལ་གནས་ཟླ་བ་ཉི་མ་དུས་ཀྱི་མེ་དང་མུན་པ་ལ་ཞུགས་དྲི་མེད་
སྐྱེས་མཆོག་ལེགས་སྨིན་དངུལ་ཆུ་ཞེས་བྱའི་མཚན་མཐར་ཡེ་ཤེས་དམ་པ་བླ་མེད་ཚུལ་ཁྲིམས་དམ་པའི་ཆོས་གྲུབ་ཁྱབ་བདག་འཇིག་རྟེན་མ་ལུས་མཐར་བྱེད་ལོག་པར་ལྟ་འཇོམས་འཇིག་རྟེན་མུན་སེལ་དུས་ཀྱི་འཁོར་ལོ་ཚངས་ཆེན་ཁྱབ་འཇུག་རྡོ་རྗེ་ཅན་དང་བདེ་འགྱུར་རྣམས་ཀྱིས་མཆོད་
བསྟོད་བསྟེན་ཅིང་སྤྱི་བོས་རབ་གཏུགས་འབྱུང་པོ་དྲི་ཟ་གནོད་སྦྱིན་ལྟོ་འཕྱེ་ཞིང་སྐྱོང་ལ་སོགས་པ་དང་འཇིག་རྟེན་སྐྱོང་བས་རབ་བསྟེན་མགོན་པོ་དེ་ལ་རྟག་ཏུ་བདག་གིས་བླ་མེད་བྱང་ཆུབ་ཆེན་པོར་སེམས་ནི་བསྐྱེད་བགྱིའོ།། །།དེ་ལྟར་བདག་གིས་རྒྱུན་ཆགས་བསྟོད་པ་བགྱིས་པ་ལས། །
བསོད་ནམས་གང་དེས་དུས་མཐར་འགྲོ་བ་སྐྱེ་བ་ཡི། །འཁྲི་ཤིང་འདི་ནི་རྒྱལ་བའི་སྲས་ཀྱི་མེ་ཏོག་དང་། །བྱང་ཆུབ་ཅེས་བྱའི་འབྲས་བུར་འབྲས་དང་བཅས་གྱུར་ཅིག །དཔལ་དུས་ཀྱི་འཁོར་ལོའི་བསྟོད་པ་རྒྱུན་ཆགས་པ་ཞེས་བྱ་བ། ཀ་ལིངྐའི་རྒྱལ་པོའི་བླ་མ་སྡེ་སྣོད་གསུམ་བཤད་པའི་
མཁས་པ་ཆེན་པོ་ལེགས་པའི་གྲགས་པས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་པཎྜི་ཏ་བི་ནཱ་ཡ་ཤྲཱི་མི་ཏྲ་དང་། ལྡན་མ་ཚུལ་ཁྲིམས་སེང་གེས་ཆུ་མིག་རིང་མོར་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། ཨཥྚཱ་ཥྚ་ཀེ་ན་ཙ་ཏུཿཥཥྛི་ཡོ་གི་ནཱི་བ་ལིཾ་བི་དྷི་ནཱ་མ། བོད་

སྐད་དུ། བརྒྱད་བརྒྱད་དྲུག་ཅུ་རྩ་བཞིའི་རྣལ་འབྱོར་མ་རྣམས་ཀྱི་གཏོར་མའི་ཆོ་ག་ཞེས་བྱ་བ། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །སྔགས་པས་ལས་ཚོགས་སྒྲུབ་པ་དང་། བར་དུ་གཅོད་པ་བསལ་བར་འདོད་པས་ཕོ་ཉ་མོ་དྲུག་ཅུ་རྩ་བཞི་ལ་དབྱུ་གུ་དྲུག་ཅུ་རྩ་བཞིའི་གཏོར་མ་
དབུལ་བར་བྱའོ། །དེ་ལ་དང་པོར་སྐྱབས་སུ་འགྲོ་བ་དང་སེམས་བསྐྱེད་པ་ལ་སོགས་པ་སྔོན་དུ་འགྲོ་བའི་ཆོས་མཐུན་པ་རྣམས་བྱས་ཏེ། ལས་དང་རྗེས་སུ་མཐུན་པའི་དཀར་གསུམ་ལ་སོགས་པའི་གཏོར་མའམ། བདུད་རྩི་ལྔ་དང་བཅས་པ་ཡོངས་སུ་གྲགས་པའི་གནས་བརྒྱད་དམ། གྲོང་ཁྱེར་
ལ་སོགས་པའི་ཕྱོགས་བརྒྱད་དམ། ཡིད་དང་མཐུན་པའི་གནས་རྣམས་སུ་མཆོད་པ་དང་བཅས་པའི་གཏོར་མ་དབུལ་བར་བྱ་སྟེ། དེ་ཡང་ཤར་ལ་སོགས་པའི་ཕྱོགས་བརྒྱད་དུ་ཙཱ་རྩི་ཀཱ་ལ་སོགས་པའི་རྣལ་འབྱོར་མ་བརྒྱད་བརྒྱད་དྲུག་ཅུ་རྩ་བཞི་པོ་རྣམས་ཛཿཧཱུཾ་བཾ་ཧོཿ། ལ་སོགས་པས་སྤྱན་
དྲང་བ་ལ་སོགས་པ་བྱ་སྟེ། དེ་རྣམས་ཀྱང་རང་རང་གི་བཞོན་པ་ལ་གནས་པ་ཕྱག་བཞི་པ་སྤྱན་གསུམ་པ་ཞལ་སྣ་ཚོགས་པའོ། །དེ་ལ་ཤར་གྱི་ཕྱོགས་སུ་པདྨ་འདབ་མ་བརྒྱད་པའི་ཟེའུ་འབྲུ་ལ་ཙཱ་རྩི་ཀཱ་ཞལ་གཅིག་པ་ནག་མོའོ། །མེའི་མཚམས་སུ་ཁྱབ་འཇུག་མ་ནག་མོའོ། །གཤིན་རྗེ་དང་
བདེན་བྲལ་དུ་ཕག་མོ་དང་གདོང་དྲུག་མ་དག་དམར་མོའོ། །ཆུ་ལྷར་དབང་མོ་སེར་མོའོ། །རླུང་དུ་རྒྱ་མཚོའི་གདོང་སྟེ་ཚངས་མ་སེར་མོའོ། །བྱང་དུ་དྲག་མོ་དཀར་མོའོ། །དབང་ལྡན་དུ་དཔལ་མོ་དཀར་མོ་སྟེ་དེ་གཉིས་ཞལ་གཅིག་མའོ། །དེ་ལྟར་པདྨའི་ལྟེ་བ་ལ་གཙོ་མོ་བཞུགས་པའི་
བརྒྱད་བརྒྱད་དྲུག་ཅུ་རྩ་བཞིའི་པད་འདབ་ལ་རྣལ་འབྱོར་མ་རྣམས་བཞུགས་པ་ནི་རང་རང་གི་གཙོ་མོའི་དབྱིབས་དང་ཁ་དོག་ལ་སོགས་པ་བཞིན་ནོ། །ད་ནི་ཙཱ་རྩི་ཀཱ་ལ་སོགས་པ་རྣམས་ཀྱི་རིམ་པ་བཞིན་དུ་ཕྱག་གཡས་ཀྱི་མཚན་མ་བརྗོད་པར་བྱ་སྟེ། ཙཱ་རྩི་ཀཱའི་ཕྱག་གཡས་ཀྱི་དང་པོ་ནི་གྲི་
གུག །གཉིས་པ་ན་རྩེ་གསུམ། ཁྱབ་འཇུག་མའི་འཁོར་ལོ་དང་དབྱུག་ཏོ། །ཕག་མོའི་དབྱུག་པ་དང་རལ་གྲི། གཞོན་ནུ་མའི་མདུང་ཐུང་དང་ལྕགས་ཀྱུ། དབང་མོའི་རྡོ་རྗེ་དང་མདའ། ཚངས་མའི་པདྨ་དང་ཚངས་པའི་དབྱུག་པ། དྲག་མོའི་རྩེ་གསུམ་དང་ཌ་མ་རུ། དེ་ལྟར་འདབ་མའི་

ལྷ་མོ་རྣམས་ཀྱི་གཡས་ཀྱི་ཕྱག་གཉིས་པ་རྣམས་ན་ཡང་ངོ་། །དེ་བཞིན་དུ་ཙཱ་རྩི་ཀཱའི་ཕྱག་གཡོན་གྱི་དང་པོ་ན་ཐོད་པ། གཉིས་པ་ན་ཁ་ཊྭཱཾ་གའོ། །ཁྱབ་འཇུག་མའི་པདྨ་དང་མདུང་། ཕག་མོའི་ལྕགས་སྒྲོག་དང་ཕུབ། གཞོན་ནུ་མའི་རིན་པོ་ཆེ་དང་ཞགས་པ། དབང་
མོའི་དྲིལ་བུ་དང་གཞུ། ཚངས་མའི་སྤྱི་བླུགས་དང་པར་བུ། དྲག་མོའི་ཁ་ཊྭཱཾ་ག་དང་སྦྲུལ། བཀྲ་ཤིས་ཆེན་མོའི་པདྨ་དང་རིན་པོ་ཆེ་རྣམས་སོ། །གཙོ་མོ་ཇི་ལྟ་བ་བཞིན་དུ་འཁོར་གྱི་ལྷ་མོ་རྣམས་ཀྱི་ཡང་ངོ་། །དེ་ལ་ཤར་ཕྱོགས་ལ་སོགས་པ་རྣམས་སུ་ཙཱ་རྩི་ཀཱ་ལ་སོགས་པ་རྣམས་ཀྱི་པདྨའི་འདབ་
མ་རྣམས་ཀྱི་མདུན་ནས་གཡས་སྐོར་གྱིས་རིག་པར་བྱའོ། །དེ་ལ་ཙཱ་རྩི་ཀཱ་ལ་མངོན་པར་ཕྱོགས་པའི་ནོར་གྱི་པདྨའི་འདབ་མ་རྣམས་ལ་འདབ་མ་དང་པོར་འཇིགས་བྱེད་མའོ། །དེ་བཞིན་དུ་གཉིས་པ་ལ་སོགས་པར་དྲག་མོ་དང་། མཆེ་བ་གཉིས་གཙིགས་མ་དང་། ཁ་ནས་མེ་འབར་མ་དང་།
རླུང་ཤུགས་མ་དང་། རབ་གཏུམ་མ་དང་། དྲག་མིག་མ་དང་། སྣ་ཆེན་མ་རྣམས་སོ། །མེར་ཁྱབ་འཇུག་མ་ལ་མངོན་པར་ཕྱོགས་པའི་ནོར་གྱི་པདྨའི་འདབ་མ་རྣམས་ལ། ཁྱབ་འཇུག་མའི་དང་པོ་ལ་སོགས་པར་དཔལ་མོ་དང་། སྒྱུ་འཕྲུལ་མ་དང་། གྲགས་མ་དང་། བཀྲ་ཤིས་མ་དང་། ཤིན་
ཏུ་ང་རྒྱལ་མ་དང་། དཔལ་རྒྱལ་མ་དང་། དཔལ་ཅན་མ་དང་། འཁོར་ལོ་ཅན་མ་སྟེ་བརྒྱད་པོ་རྣམས་སོ། །ལྷོ་རུ་ཕག་མོའི་པདྨའི་འདབ་མ་ལ་ཀེང་རུས་མ་དང་། དུས་མཚན་མ་དང་། ཁྲོ་གདོང་མ་དང་། དུས་ལྕེ་མ་དང་། གཙིགས་མ་དང་། ནག་མོ་དང་། འཇིགས་བྱེད་མ་དང་། གཟུགས་
ངན་མ་སྟེ་བརྒྱད་རྣམས་སོ། །བདེན་བྲལ་དུ་གཞོན་ནུ་མའི་མདུན་གྱི་པདྨའི་འདབ་མ་ལ། པདྨ་དང་། ཡན་ལག་མེད་མ་དང་། གཞོན་ནུ་མ་དང་། རི་དགས་བདག་མོ་དང་། རིན་ཆེན་ཕྲེང་མ་དང་། མིག་བཟངས་མ་དང་། རུལ་པ་མ་དང་། བཟང་མོ་སྟེ་བརྒྱད་པོ་རྣམས་སོ། །ནུབ་ཏུ་དབང་མོའི་
མདུན་གྱི་འདབ་མ་ནས་རྡོ་རྗེ་འོད་མ་དང་། རྡོ་རྗེ་ལུས་མ་དང་། གསེར་གྱི་མཆོག་ལྡན་མ་དང་། རིགས་འཛིན་མ་དང་། སྣ་ཚོགས་རི་མོ་འདྲི་མ་དང་། ཆུ་ཤིང་མ་དང་། ཟུག་རྔུ་སེལ་མ་དང་། ཤིན་ཏུ་སྒྲོལ་མ་སྟེ་བརྒྱད་པོ་རྣམས་སོ། །རླུང་དུ་ཚངས་མའི་མདུན་གྱི་པདྨའི་འདབ་མ་ནས་

མཆོག་སྦྱིན་འདོན་མ་དང་། པདྨའི་མིག་མ་དང་། ཆུ་སྐྱེས་ལྡན་མ་དང་། བློ་མ་དང་། ངག་གི་དབང་ཕྱུག་མ་དང་། གླུ་ལེན་མ་དང་། གློག་མ་དང་། དྲན་པ་མ་སྟེ་བརྒྱད་པོ་རྣམས་སོ། །བྱང་དུ་དྲག་མོའི་མདུན་གྱི་པདྨའི་འདབ་མ་ནས་གཽ་རཱི་དང་། གཾ་གཱ་དང་། རྟག་མ་དང་། ཤིན་ཏུ་མགྱོགས་མ་དང་།
འདེབས་མ་དང་། དཔལ་མོ་དང་། སེར་སྐྱ་དང་། ནག་མོ་སྟེ་བརྒྱད་པོ་རྣམས་སོ། །དབང་ལྡན་དུ་བཀྲ་ཤིས་ཆེན་མོའི་མདུན་གྱི་པདྨའི་འདབ་མ་ལ་དཔལ་ལྡན་དཀར་མོ་དང་། ཟླ་བའི་རི་མོ་ཅན་དང་། རི་བོང་འཛིན་ཞལ་མ་དང་། ངང་པའི་མདོག་ཅན་དང་། འཛིན་བྱེད་མ་དང་། པདྨའི་དབང་ཕྱུག་
མ་དང་། འོད་ཟེར་མིག་མ་དང་། དྲི་མེད་རི་བོང་འཛིན་མ་རྣམས་ཏེ་བརྒྱད་བརྒྱད་དྲུག་ཅུ་རྩ་བཞི་པོ་རྣམས་སོ། །པདྨའི་ལྟེ་བ་ལ་ཙཱ་མུཎྜཱའི་གདན་ལ་ཡི་དགས་དམར་པོའོ། །འདབ་མ་ལ་ལྷ་མོ་བརྒྱད་དོ། །ཁྱབ་འཇུག་མའི་བྱ་ཁྱུང་ངོ་། །ཕག་མོའི་མ་ཧེའོ། །གཞོན་ནུ་མའི་རྨ་བྱའོ། །དབང་མོའི་
གླང་པོ་ཆེའོ། །ཚངས་མའི་ངང་པའོ། །དྲག་མོའི་གླང་ངོ་། །བཀྲ་ཤིས་ཆེན་མོའི་སེང་གེའོ། །ཙཱ་རྩི་ཀཱ་ལ་སོགས་པའི་ས་བོན་གྱི་ཡི་གེ་ནི་ཧ་ཡིག་ནི་ཙཱ་མུཎྜཱའི་འོ། །ཧཾ་ཡིག་ནི་དབང་ཕྱུག་ཆེན་མོའོ། །ཧ་ན་ཕག་མོའི་འོ། །ཧཱ་ནི་དབང་མོའི་འོ། །ཀྵ་ནི་ཁྱབ་འཇུག་ཆེན་མོའི་འོ། །ཀྵཱ་ནི་ཚངས་མའི་འོ། །
ཀྵཾ་ནི་བཀྲ་ཤིས་ཆེན་མོའིའོ། །ཀྵ་ནི་གཞོན་ནུ་མའི་སྟེ་གཙོ་བོ་རྣམས་ཀྱིའོ། །དེ་བཞིན་དུ་འདབ་མའི་ལྷ་མོ་རྣམས་ཀྱི་རིམ་པ་ཇི་ལྟ་བ་བཞིན་དུ་ཤར་ལ་སོགས་པའི་ཕྱོགས་བརྗོད་ཀྱི་རྒྱབ་ཀྱི་པདྨའི་འདབ་མ་རྣམས་ལ་ཧཱི་ཧྲཱྀ་ཧཱུ་ཧླཱྀ་ཀྵཱི་ཀྵྼཱྀ་ཀྵཱུ་ཀྵླཱྀ། ཞེས་བྱ་བའི་དབྱངས་རིང་པོ་རྣམས་སོ། །མདུན་གྱི་ཕྱོགས་ཀྱི་
འདབ་མ་བརྒྱད་རྣམས་ལ་ཧི་ཧྲྀ་ཧུ་ཧླྀ་ཀྵི་ཀྵྼྀ ཀྵུ་ཀྵླྀ། ཞེས་བྱ་བའི་དབྱངས་ཡིག་ཐུང་ངུ་རྣམས་སོ། །ཤར་གྱི་པདྨའི་འདབ་མ་དག་དང་། ལྷོའི་དག་དང་། བྱང་གི་དག་དང་། ནུབ་ཀྱི་དག་དང་། མེའི་དག་དང་། བདེན་བྲལ་གྱི་དག་དང་། དབང་ལྡན་གྱི་དག་དང་། རླུང་གི་དག་ཏུའོ། །ལྷག་མའི་
འདབ་མ་དྲུག་ལ་ཡ་སོགས་དབྱངས་དྲུག་དབྱེ་བ་པད་འདབ་དྲུག་ཉིད་རིམ་པས་ཡོངས་སུ་བྱས་པར་ཐུང་དང་རིང་བ་དང་། ཞེས་པ་བྱ་ལ། ཕྱོགས་མཚམས་ཀྱི་པདྨའི་འདབ་མ་རྣམས་སུ་སྟེ། དེ་ལ་ཙཱ་མུཎྜཱའི་པདྨའི་འདབ་མར་སྔར་བཀོད་པའི་ཧི་ཡིག་གོ། །དེ་ནས་གཡོན་སྐོར་གྱིས་འདབ་མ་

གཉིས་པར་ཡའོ། །གསུམ་པར་ཡིའོ། །བཞི་པར་ཡྲྀའོ། །ལྔ་པར་སྔར་བཀོད་པའི་ཧཱིའོ། །དྲུག་པར་ཡུའོ། །བདུན་པར་ཡཱིའོ། །བརྒྱད་པར་ཡཾ་ངོ་། །དེ་བཞིན་དུ་ཁྱབ་འཇུག་མའི་ཀྵི་ཡཱ་ཡཱི་ཡྼཱྀ་ཀྵཱི་ཡཱུ་ཡླཱྀ་ཡ། དེ་བཞིན་དུ་ཕག་མོའི་མདུན་གྱི་འདབ་མ་ཧྲྀའོ། །དེ་བཞིན་དུ་ར་རྀ་
ཧླྀ་རུ་རླྀ་ར་རྣམས་སོ། །དེ་བཞིན་དུ་གཞོན་ནུ་མའི་ཀྵྼྀ་རཱ་རཱི་ཪྼཱྀ་ཀྵི་རཱུ་རླཱྀ་ར་རྣམས་སོ། །དེ་བཞིན་དུ་དྲག་མོའི་ཧུ་ཝ་ཝིལྦྼྀ་ཧུ་ཝུ་ཝླྀ་ཝཾ་རྣམསོ། །དེ་བཞིན་དུ་བཀྲ་ཤིས་ཆེན་པོའི་ཀྵུ་ཝཱ་ཝཱི་ཝྼཱྀ་ཀྵཱུ་ཝཱུ་ཝླཱྀ་ཝ་རྣམས་སོ། །དེ་བཞིན་དུ་དབང་མོའི་ཧླྀ་ལ་ལྀ་ལྼྀ་ཧླཱྀ་ལུ་ལླྀ་ལཾ་རྣམས་སོ། །དེ་བཞིན་དུ་ཚངས་མའི་ཀྵྨཱྀ་ལཱ་ལཱྀ་ལྼཱྀ་
ཀྵྨཱྀ་ལཱུ་ལླཱྀ་ལ་ཞེས་པ་རྣམས་སོ། །དེ་རྣམས་ལས་ལྷ་རྣམས་རྫོགས་པར་བསྐྱེད་ནས། དེ་ནས་བཟའ་བ་དང་བཅའ་བ་ལ་སོགས་པའི་གཏོར་མ་རྒྱས་པར་བཤམས་ཏེ། ཡཾ་རཾ་ཝཾ་ལཾ། ཨ་ཨ་ཨ། བི་ར་ཤུ་མ་མུ། ཨ་ཨི་རི་ཨུ་ལི། ན་གུ་ཧ་གོ་ཏེ། ཨཱ་ཨཱི་རཱྀ་ཨཱུ་ལཱྀ་ཞེས་པའི་ས་བོན་གྱི་ཡི་གེ་རྣམས་ལས་
འབྱུང་བ་རིམ་བརྩེགས་དང་བདུད་རྩི་ལྔ་ལ་སོགས་པར་བསྐྱེད་ནས་རྣམ་པར་སྦྱང་བའི་སྔགས་ནི་འདི་ལྟ་སྟེ། ཨོཾ་ཨོཾ་བཛྲ་ཙནྡྲ་སརྦ་དྷརྨྨཱཿསུ་བི་ཤུདྡྷ་སྭ་བྷཱ་བ་སརྦ་དྷརྨྨ་ན་བི་ཤོ་དྷ་ཡ་ཧཱ། ཨོཾ་ཨཱཿབཛྲ་སཱུརྱ་སརྦ་དྷརྨྨཱཿཔྲ་བོ་དྷ་ཀ་སརྦ་དྷརྨྨ་ན་པྲ་བོ་དྷ་ཡ་སྭཱ་ཧཱ། ཨོཾ་ཧཱུཾ་བཛྲ་ཨ་ན་ལ་སརྦ་དྷརྨྨཱཿཔྲ་དཱི་པ་ཀ་སརྦ་དྷརྨྨཿཔྲ་
དཱི་པ་ཡ་སྭཱ་ཧཱ། ཨོཾ་ཧོ། སརྦ་དྷརྨྨ་བཛྲ་ཨ་མྲྀ་ཏ་ཀཱ་ར་སརྦ་དྷརྨྨ་ན་བཛྲ་ཨ་མྲྀ་ཏཾ་ཀུ་རུ་ཀུ་རུ་སྭཱ་ཧཱ། སྔགས་ཀྱི་རིགས་འདི་རྣམས་ཀྱི་གོ་རིམས་ཇི་ལྟ་བ་བཞིན་དུ་ལག་པ་གཡོན་པས་སྦྱང་བར་བྱ་བ་དང་། གཡས་པས་རྟོག་པར་བྱ་བ་དག་རེག་པས་སོ། །འོག་ཏུ་སྙིམ་པ་ཁ་སྦུབ་པས་བཀབ་སྟེ་རབ་ཏུ་
སྦྱར་བར་བྱའོ། །རྡོ་རྗེ་བྱ་ཁྱུང་གི་ཕྱག་རྒྱས་རྡོ་རྗེ་བདུད་རྩིར་བྱས་ཏེ། དེ་ནས་རྡོ་རྗེ་མཁའ་འགྲོ་མ་རྣམས་སྤྱན་དྲང་བར་བྱ་སྟེ། ཨོཾ་ཧ་ཧཱ་ཧི་ཧཱི་བཛྲ་བྷཻ་ར་བ་ཨཱ་ཀཪྵ་ཡ་ཨཱ་ཀཪྵ་ཡ། པྲ་བེ་ཤ་ཡ་པྲ་བེ་ཤ་ཡ། བནྡྷ་ཡ་བནྡྷ་ཡ། ཏོ་ཥ་ཡ་ཏོ་ཥ་ཡ། ཛཿཧཱུཾ་བཾ་ཧོཿབཛྲ་ཌཱ་ཀི་ནཱི་ནཱཾ་ཧྲྀ་ད་ཡཾ་ཧུཾ་ཧཱུཾ་ཕྲེཾ་ཕྲེཾ་ཕཊ། ཅེས་པའི་
སྔགས་ཀྱིས་སྤྱན་དྲང་ངོ་། །དེ་ནས་རྡོ་རྗེ་རྩེ་ལྔ་པའི་ཕྱག་རྒྱས་མཁའ་འགྲོ་མ་རྣམས་ལ་གཏོར་མ་དྲི་དང་། མེ་ཏོག་དང་། སྤོས་དང་། མར་མེ་དང་། མཆོད་ཡོན་དང་། རྫས་མ་ཉམས་པ་དང་བཅས་པ་རྣམས་དབུལ་བར་བྱ། ཨོཾ་ཨཱཿཧུཾ་ཧོཿབཛྲ་ཙརྩི་ཀཱ་བྷཱི་མོ་གྲཱ། ཀཱ་ལ་དཾཥྚྲ། ཛྭ་ལ་ད་ན་ལ་མུ་ཁཱ།

བཱ་ཡུ་བེ་གཱ། པྲ་ཙཎྜ་རཽ་དྲཱཀྵཱི། སྠཱུ་ལ་ནཱ་སཱ་བྷཱཿས་པ་རི་ཝཱ་རེ་བྷྱ། ཨེ་དཾ་བ་ལིཾ་གནྡྷཾ་པུཥྤཾ་དྷཱུ་པཾ་དཱི་པཾ་ཨཀྵ་ཏཾ་ད་དཱ་མ་ཧེ་ཏེ་ཙ་ཨཱ་བ་ཏྱ་ས་པ་རི་ཝཱ་རེཿཤཱི་གྷྲཾ་ཨི་དཾ་བ་ལིཾ་གྲྀ་ཧྞ་ནྟུ་ཁཱ་དནྟུ། བི་བནྟུ་ཛཿཧཱུཾ་བཾ་ཧོཿ། སཾ་ཏྲིཔྟཱཿསརྦ་སཏྭ་ནཱཾ་ཤཱནྟི་པུཥྚི་རཀྵཱ་བ་ར། གུཾཔྟཾ་ཀུརྦནྟུ་ཧུཾ་ཧཱུཾ་ཕཊ་བཛྲ་དྷ་ར་ཨཱཛྙཱ་པ་ཡ་ཏི་སྭཱ་ཧཱ། ཞེས་
བྱ་བས་ཙཱ་རྩི་ཀཱ་འཁོར་དང་བཅས་པ་ལ་གཏོར་མ་དབུལ་ལོ། །ས་པ་རི་ཝཱ་ར་ཞེས་བྱ་བ་ནས་སྭཱ་ཧཱའི་བར་གྱིས་གཞན་རྣམས་ལ་ཡང་རང་མིང་དང་བཅས་པས་དབུལ་བར་བྱའོ། །ཨོཾ་ཨཱཿཧུཾ་ཧོཿབཛྲ་བཻཥྞུ་པི་ཤྲཱིཿམཱ་ཡཱ། ཀཱིརྟཱི། ལཀྵྨྱ། སུ་པ་ར་མ། བི་ཛ་ཡཱ། ཤྲཱི་ཛ་ཡ་ན་ཏཱི། ཤྲཱི་ཙཀྲི་བྷྱཿ། ཞེས་
བྱ་བས་ཁྱབ་འཇུག་མ་འཁོར་དང་བཅས་པ་ལ་འབུལ་ལོ། །ཨོཾ་ཨཱཿཧུཾ་ཧོཿ། བཛྲ་བཱ་རཱ་ཧཱི། ཀཾ་ཀཱ་ལཱི། ཀཱ་ལ་རཱ་ཏྲཱི། པྲ་ཀུ་པི་ཏི་པ་དཱ་ནཱ། ཀཱ་ལ་ཛི་ཧྭཱ། ཀཱ་རཱ་ལཱཾ། ཀཱ་ལཱི། གྷོ་རཱ། བི་རཱུ་པ་བྷྱཿ། ཞེས་བྱ་བས་རྡོ་རྗེ་ཕག་མོ་འཁོར་དང་བཅས་པ་ལ་དབུལ་ལོ། །ཨོཾ་ཨཱཿཧུཾ་ཧོཿབཛྲ་ཀུ་མཱ་རཱི། པདྨཱ།
ཨ་ནཾ་གཱ། ཀུ་མཱ་རཱི། མྲྀ་ག་པ་ཏི་ག་མ་ནཱ། རཏྣ་མཱ་ལཱ། སུ་ནེ་ཏྲཱ། ཀླཱི་ནྣ། བྷ་དྲཱ་བྷྱཿ། ཞེས་བྱ་བས་གཞོན་ནུ་མ་འཁོར་དང་བཅས་པ་ལ་དབུལ་ལོ། །ཨོཾ་ཨཱཿཧུཾ་ཧོཿབཛྲ་ཨིནྡྲི། བཛྲཱ་བྷཱ། བཛྲ་གཱ་ཏྲཱ། ཝ་ཪྐ་ན་ཀ་བ་ཏཱི། ཙོ་ར་བ་སཱི། ཙི་ཏྲ་ལེ་ཁཱ། རམ་བྷཱ། ཧ་ལྱཱ། སུ་ཏཱ་རཱ་བྷྱཿ། ཞེས་བྱ་བས་
དབང་མོ་འཁོར་དང་བཅས་པ་ལ་དབུལ་ལོ། །ཨོཾ་ཨཱཿཧུཾ་ཧོཿམ་ཧཱ་བྲ་ཧྨཱ་ཎཱི། སཱ་བི་ཏྲ། པདྨ་ནེ་ཏྲཱ། ཁ་ལུ་ཛ་ལ་ཛ་བི་ཏཱི། བུདྡྷཾ། ཝཱ་གཱི་ཤྭ་རཱི། དྷྭེ་གཱ་ཡ་ཏཱི། བི་དྱུ་ཏཱ། སྨྲྀ་ཏི་བྷྱཿ། ཞེས་བྱ་བས་ཚངས་མ་འཁོར་དང་བཅས་པ་ལ་དབུལ་ལོ། །ཨོཾ་ཨཱཿཧུཾ་ཧོཿབཛྲ་མ་ཧེ་ཤྭ་རཱི། གཽ་རཱི།
གཾ་གཱ། ན་ནི་ཏྱཱ། སུ་པ་ར་མ་ཏུ་རི་ཏཱ། ཏོ་ཏ་ལཱ། ལཀྵྨ་ཎཱ། པིཾ་ག་ལཱ། ཀྲྀཥྞཱ་བྷྱཿ། ཞེས་བྱ་བས་དྲག་མོ་འཁོར་དང་བཅས་པ་ལ་དབུལ་ལོ། །ཨོཾ་ཨཱཿཧུཾ་ཧོཿ། མ་ཧཱ་ལཀྵྨཱ། ཤྲཱི་ཤྭེ་ཏཱ། ཙནྡྲ་ལེ་ཁཱ། ཤ་ཤཱ་དྷ་ར་བ་དཱ་ནཱ། ཧཾ་ས་བ་ར་ཎཱ། དྷྲྀ་ཏི། པདྨེ་ཤྭ། ཏཱ་རཱ་ནེ་ཏྲཱ། བི་མ་ལ་ཤ་ཤཱ་དྷ་རཱ་བྷྱཿ།
ཞེས་བྱ་བས་བཀྲ་ཤིས་ཆེན་མོ་འཁོར་དང་བཅས་པ་རྣམས་ལ་གཏོར་མ་དབུལ་བར་བྱའོ། །ས་པ་རི་ཝཱ་རེ་ཞེས་བྱ་བ་ལ་སོགས་པ་ནས་སྭཱ་ཧཱའི་བར་དུ་སྡེ་ཚན་རེ་རེ་ཞིང་ཡང་ཤེས་པར་བྱའོ། །དབྱུ་གུ་དྲུག་ཅུ་རྩ་བཞི་ཡི། །གཏོར་མ་དྲུག་ཅུ་རྩ་བཞི་ཡིས། །ས་སྟེངས་གནས་ན་ཕོ་ཉ་རྣམས། །

མཆོད་བྱས་དགོས་འདོང་སྒྲུབ་པར་བྱེད། །ཕྱི་དང་ནང་གི་ཆོས་ཤེས་པའི་སྔགས་པས་རྣལ་འབྱོར་མའི་ཚོགས་རྣམས་མཆོད་ཅིང་མཉེས་པར་བྱས། མཆོག་དང་ཐུན་མོང་གི་དངོས་གྲུབ་ཏུ་འགྱུར་རོ། །དཔལ་དུས་ཀྱི་འཁོར་ལོ་ལས་རྣལ་འབྱོར་མ་དྲུག་ཅུ་རྩ་བཞིའི་གཏོར་མའི་ཆོ་ག་བསྡུས་
པ། རྣལ་འབྱོར་མ་དྲུག་ཅུ་རྩ་བཞི་དབྱུ་གུ་དྲུག་ཅུ་རྩ་བཞིའི་གཏོར་མའི་ཆོ་ག་རྫོགས་སོ།། །།པཎྜི་ཏ་ཆེན་པོ་ཀཱིརྟི་ཙནྡྲའི་ཞལ་སྔ་ནས། ལོ་ཙཱ་བ་གྲགས་པ་རྒྱལ་མཚན་གྱིས་བསྒྱུར་རོ།། ༄༅༅། །རྒྱ་གར་སྐད་དུ། ཀཱ་ལ་ཙཀྲ་ཨ་བ་ཏཱ་ར་ནཱ་མ། བོད་སྐད་དུ། དུས་ཀྱི་འཁོར་ལོ་ལ་
འཇུག་པ་ཞེས་བྱ་བ། འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །ཤེས་རབ་སྙིང་རྗེ་གཉིས་མེད་བདེ་བ་མཐའ་མེད་པ། །སྣ་ཚོགས་རྣམ་པ་འཛིན་ལ་རྟོག་པ་མེད་པའི་གཟུགས། །གཟུགས་མེད་གཟུགས་ལ་སོགས་པའི་རང་བཞིན་ཅན་གྱི་སྐུ། །རྒྱལ་བ་སྐྱེ་བོ་ཀུན་གྱི་
གཉུག་མ་ལ་ཕྱག་འཚལ། །གང་ཞིག་ནམ་མཁའི་དཔལ་རྣམས་མ་ལུས་སྟེར་བྱེད་ཅིང་། །འབྱོར་པ་དང་ནི་རྒུད་པ་ཡང་ནི་སྟོན་མཛད་པ། །དེ་བཞིན་གཤེགས་པ་རྣམས་ཀྱི་ནང་ལྟར་གསལ་བྱེད་པའི། །གཟའ་སྐར་དེ་དག་ཐོག་མར་མུན་ལས་རྒྱལ་གྱུར་ཅིག །འདིར་གང་གི་ཕྱིར་སེར་སྣས་
ཉེ་བར་ཉམས་པའི་མུ་སྟེགས་པ་རྣམས་ཀྱི་རྩིས་ཀྱི་གྲུབ་པའི་མཐའ་སྦས་ཏེ་བྱེད་པ་ཉུང་ངུའི་སྤྲོས་པ་མང་པོ་བྱས་ཀྱང་མེ་ཤེས་པའི་ཕྱིར་ད་ནི་བསྟན་པར་བྱ་སྟེ། དང་པོར་གསུམ་དང་དྲུག་ཅུས་ལྷག་པའི་བཞི་བརྒྱ་ཕྲི་བར་བྱའོ། །དཀར་པོའི་ཚེས་གཅིག་ལ་སོགས་པའི་ནག་པའི་ཟླ་བ་ལ་སོགས་པ་ལོར་
གང་གི་གྱུར་པ་དེའི་ཚེ་དེ་རྣམས་དེ་ལ་བསྲེ་བར་བྱའོ། །དེ་ལ་གཉིས་དང་བརྒྱད་ཅུ་དང་བརྒྱ་ཕྲི་པ་ནི་དག་པའི་ལོའི་བརྟན་པར་འགྱུར་རོ། །དེ་ལ་ཉི་མས་བསྒྱུར་བས་ཟླ་བའི་ཚོགས་སོ། །དཀར་པོའི་ཚེས་གཅིག་ལ་སོགས་པ་ནས་གནམ་སྟོང་གི་མཐར་ཐུག་པ་ནག་པ་ལ་སོགས་པའི་ཟླ་བར་གྱུར་པ་
དེ་ལ་བསྲེས་ཏེ། གནས་གཉིས་སུ་བཞག་ལ་འོག་ན་གནས་པ་བཞིས་བསྒྱུར་ནས་ནམ་མཁའ་མེ་དང་ཟླ་བས་བགོ་ཞིང་བགོས་པའི་ལྷག་མ་དབྱིའོ། །ཐོབ་པ་རྣམས་སྟེང་དུ་བཅུག་པར་གྱུར་པས་སྟེང་མ་དག་པའི་ཟླ་བའི་ཕུང་པོར་འགྱུར་རོ། །གང་གི་ཚེ་དབྱར་ཟླ་འབྲིང་པོ་གཉིས་བྱུང་བ་དེའི་ཚེ་

ཟླ་བ་བཅུ་གསུམ་གྱིས་ལོར་བྱའོ། །ཟླ་བ་གཉིས་པོ་གཅིག་ཏུ་བགྲང་ཞིང་ནག་པའི་ཟླ་བར་ཡང་གཞུག་པར་མི་བྱའོ། །དེ་ནས་དག་པའི་ཟླ་བའི་ཕུང་པོ་དེ་གནས་གསུམ་དུ་བྱས་ཏེ། དབུས་མའི་ཕུང་པོ་ལག་པ་དང་རྩེ་མོ་ཅན་གྱིས་བསྒྱུར་བ་ལ་འོག་ན་གནས་པ་ལ་དྲུག་གིས་ཐོབ་པས་སྦྱང་བར་བྱའོ། །
གལ་ཏེ་བགོས་པའི་ལྷག་མ་ཡོད་ན་དེའི་ཚེ་ཡང་དྲུག་གི་ཐོབ་པའི་ཆས་སྦྱང་བར་བྱའོ། །འདིར་འོག་ན་གནས་པ་ལ་སུམ་ཅུས་བསྲེ་ཞིང་དྲུག་ཅུས་བགོས་པས་ཐོབ་པ་སྟེང་མར་གཉིས་བསྲེས་པར་གཞུག་གོ། །བགོས་པའི་ལྷག་མ་དབྱུ་གུའི་ཕུང་པོར་འགྱུར་རོ། །སྟེང་མ་བདུན་གྱིས་བགོས་པའི་
ལྷག་མ་གཟའི་ཕུང་པོར་འགྱུར་རོ། །ཐོབ་པ་ནི་ཅི་ཡང་མ་ཡིན་ནོ། །སླར་ཡང་ཟླ་བ་དག་པའི་ཕུང་པོར་གཉིས་དང་བཅུས་ལྷག་པའི་བརྒྱ་བསྲེས་ལ་གནས་གཉིས་སུ་བྱས་ཏེ། འོག་ན་གནས་པ་ལ་དུས་དང་། ཉི་མས་བགོས་པའི་ལྷག་མ་རིལ་པོའི་ཆ་ཤས་སུ་འགྱུར་རོ། །བགོས་པས་ཐོབ་
པ་ལ་ལྔ་བསྲེས་ལ་སྟེང་མ་གཉིས་ཀྱིས་བསྒྱུར་བར་སྦྱིན་ནོ། །དེ་ནས་སྟེང་མ་ཉི་ཤུ་རྩ་བརྒྱད་ཀྱིས་བགོས་ལ་བགོས་པའི་ལྷག་མ་རྐང་པའི་རིལ་བོར་འགྱུར་རོ། །འདིར་གཟའི་ཕུང་པོ་དང་། དབྱུ་གུ་དང་། རྐང་པའི་རིལ་པོ་དང་། རིལ་པོའི་ཆ་ཤས་རྣམས་རིམ་པར་འོག་མ་འོག་མར་དབྲི་
བར་བྱའོ། །ཡང་དག་པའི་ཟླ་བ་གནས་གསུམ་གྱི་དབུས་མར་གནས་པ་དབང་ཕྱུག་གིས་བསྒྱུར་ཞིང་འོག་མ་ལ་སུམ་ཅུ་རྩ་དགུས་བགོས་པས་ཐོབ་པར་གཉིས་བསྲེས་པས་ཕྲི་བ་ལ། དབྱུ་གུ་དྲུག་ཅུས་བགོས་ཤིང་བགོས་པའི་ལྷག་མ་རྒྱུ་སྐར་གྱི་དབྱུ་གུར་ཤེས་པར་བྱའོ། །ཐོབ་པ་ནི་སྟེང་མ་
གཉིས་ཀྱིས་བསྒྱུར་བ་ལ་སྦྱིན་པར་བྱའོ། །དེ་ནས་སྟེང་མ་ཉི་ཤུ་རྩ་བདུན་གྱིས་བགོས་པའི་ལྷག་མ་སྐར་མའི་ཕུང་པོར་ཤེས་པར་བྱའོ། །འདིར་རྒྱུ་སྐར་གྱི་ཕུང་པོའི་འོག་ཏུ་རྒྱུ་སྐར་གྱི་དབྱུ་གུའི་ཕུང་པོ་དབྲི་བར་བྱའོ། །གང་གི་ཚེ་ལོའི་ཕུང་པོར་ལོ་དང་། དག་པའི་ཟླ་བའི་ཕུང་པོར་ཡང་ཟླ་བ་མ་
བཅུག་ན། དེའི་ཚེ་ཟླ་བ་སོ་སོ་ལ་གཟའ་དང་། དབྱུ་གུ་དང་། རྐང་པའི་རིལ་པོ་དང་། རིལ་པོའི་ཆ་ཤས་རྣམས་སུ་གོ་རིམས་བཞིན་དུ་གཅིག་དང་སུམ་ཅུ་རྩ་གཉིས་དང་གཉིས་དང་གཅིག་རྣམས་སྦྱིན་ནོ། །རྒྱུ་སྐར་དང་དེའི་དབྱུ་གུར་གཉིས་དང་དྲག་པོ་དག་སྦྱིན་ནོ། །ལོ་ལ་

སོགས་པ་བཅུག་ན་ནི་གཟའི་ཕུང་པོ་ལ་སོགས་པ་གཞན་ཁོ་ན་བྱའོ། །ཉི་མ་སོ་སོའི་གཟའི་ཕྱིར་དང་། ཚེས་ཀྱི་ལོངས་སྤྱོད་ཀྱི་དོན་དུ་ད་ལྟར་བའི་ཟླ་བའི་དཀར་པོའི་ཚེས་གཅིག་ལ་སོགས་པ་འདས་པ་དང་། ད་ལྟར་བའི་ཚེས་རྣམས་གྲངས་ཇི་ལྟ་བར་བསྣན་པ་དང་དབྲི་བ་
དང་། སླར་ཡང་བསྣན་པ་ནི་གཟའ་དང་དབྱུ་གུ་དང་རྐང་པ་རྣམས་སུའོ། །རིལ་པོ་ལ་བཅུ་བཞིས་བགོས་པས་ཐོབ་པ་གཉིས་སམ་བཞི་འམ་མ་ཐོབ་ཀྱང་མཉམ་པའི་ཕུང་པོར་ཤེས་པར་བྱའོ། །གཅིག་གམ་གསུམ་ཐོབ་པ་ནི་མི་མཉམ་པའོ། །འདི་ལས་ལྷག་པ་མི་ཐོབ་སྟེ། གང་གི་ཚེ་
ཉི་ཤུ་རྩ་བདུན་པས་ལྷག་པའི་རིལ་པོ་མི་འགྱུར་ཞིང་། །དེ་ཡང་ཚེས་སུམ་ཅུ་དང་བཅས་ན་ལྔ་བཅུ་རྩ་བདུན་ལས་ལྷག་པར་མི་འགྱུར་རོ། །མཉམ་ན་ཟླ་བའི་རྐང་པ་རྣམས་སྦྱིན་པར་བྱ་ཞིང་མི་མཉམ་ན་དབྲི་བར་བྱའོ། །བགོས་པའི་ལྷག་མ་ནི། སྟོང་པར་སྟོང་པ་རྣམ་དག་བཅུ་གསུམ་རི་
བོང་ཅན་ལ་རྐང་པ་ལྔ་སྟ་མིག་དང་ཉི་མར་ཕྱོགས། །བཅུ་གཅིག་མེ་ལ་ཚེས་ཞེས་བྱ་བ་བཅུ་དང་ཆུ་གཏེར་རྐང་པ་ཉི་ཤུར་གཅིག་གིས་མ་ཚང་བ། ལྔ་དང་བུ་གར་ཉི་ཤུ་གཉིས་ཏེ་དུས་དང་ནོར་ལ་རྒྱལ་བ་བདུན་པར་ཉི་ཤུ་རྩ་ལྔའོ། །དེར་ནི་ཉི་མའི་རབ་ཏུ་དབྱེ་བས་ཉིན་བྱེད་བསྣན་དང་འབྲི་བ་བྱས་
པས་རབ་ཏུ་གསལ་བར་འགྱུར། རྣམ་དག་ཅེས་པ་ནི་ཅུང་ཟད་སྦྱིན་པའམ་དབྲི་བ་མེད་པའོ། །དེར་ནི་ཞེས་བྱ་བ་དབྱུ་གུའི་ཕུང་པོར་རོ། །ཉི་མའི་རབ་ཏུ་དབྱེ་བས་ནི་ཉི་མའི་རྐང་པར་གྱུར་པ་རྣམས་ཏེ། ཉི་མའི་བུ་ལོན་ནི་དེའི་ཡང་བུ་ལོན་ནོ། །ཉི་མའི་ནོར་ནི་དེའི་ཡང་ནོར་རོ་ཞེས་བྱ་བ་ནི་
ཉི་མའི་རབ་ཏུ་དབྱེ་བའོ། །འདི་སྐད་གསུངས་པ་ཡིན་ཏེ། འཆད་པར་འགྱུར་བའི་ཚུལ་གྱིས་འབྱུང་བ་ལ་སོགས་པས་བགོས་པས་ཐོབ་པ་བསྲེས་པའམ། དོར་བའི་ཉི་མ་རྒྱུ་བའི་རྐང་པ་རྣམས་བསྡམས་པ་ཇི་ལྟར་ཡོད་པར་གྱུར་པ་དེ་སྙེད་ནི་ར་བི་ཀ་ཞེས་བྱའོ། །གལ་ཏེ་ཉི་མའི་ལོངས་སྤྱོད་དུ་
སྣོན་པ་ནི་དེའི་ཚེ་གཟའི་ཆུ་ཚོད་ལ་ཡང་བསྣན་ནོ། །ཡང་ན་ཉི་མའི་ལོངས་སྤྱོད་ལ་འབྲིད་ན་ཡང་དབྲི་བར་བྱའོ། །ཟླ་བའི་རྐང་པ་རྣམས་ཀྱང་འབྱུང་དང་འབྱུང་བ་མདའ་དང་རིག་བྱེད་མེ་ལག་རི་བོང་ཅན་རྣམས་མདུན་གྱི་ཆ་དང་རྒྱབ་ཏུ་ཡང་། །མདུན་གྱི་ཆར་ནི་སྟེང་ནས་གོ་རིམས་ཀྱིས་ཏེ།

དབུས་སུ་ཐད་ཀར་རེ་ཁཱ་གཞག་པའི་རྒྱབ་ཏུ་འོང་ནས་རི་བོང་ཅན་ལ་སོགས་པ་གོ་རིམས་བཟློག་ནས་བཅུ་བཞི་པོ་རྣམས་བྲི་བར་བྱའོ་ཞེས་པ་སྟེ། འདིར་གཟའ་ཐམས་ཅད་ཀྱི་རྐང་པ་དགོད་པའོ། །གཟའ་ཐམས་ཅད་ཀྱི་རྐང་པ་རྣམས་ནི་དབྱུ་གུའི་བདག་ཉིད་ཁོ་ནའོ། །འདིར་བཅུ་བཞིས་བགོས་
པའི་ལྷག་མས་མཚོན་པ་ནི་རྒྱུ་བའི་རྐང་པའོ། །དེའི་སྟེང་མར་རྒྱུ་ཞིང་ཡོད་པ་སྟེ་དེར་གཟའ་ཞུགས་པའོ། །དེས་རིལ་པོའི་ཆ་ཤས་བསྒྱུར་ལ་བརྒྱ་ཉི་ཤུ་རྩ་དྲུག་གིས་བགོས་པས་ཐོབ་པ་དང་། ལྷག་མ་དྲུག་ཅུ་ལ་སོགས་པས་བསྒྱུར་ནས་བགོས་པས་ཐོབ་པའི་ཆུ་སྲང་ལ་སོགས་པ་བདུན་གྱི་
ཕྱེད་ལ་ནི་ལོངས་སྤྱོད་པའི་རྐང་པ་དང་། རྒྱབ་མའི་ཕྱེད་དུ་དེ་དོར་ནས་ལོངས་སྤྱོད་པའི་རྐང་པ་ཉི་གཟའི་དབྱུ་གུའི་གནས་སུ་སྦྱིན་པའམ་དབྲི་བར་བྱའོ། །དེ་ནས་གཟའི་གནས་སུ་གཅིག་ལ་སོགས་པས་ཉི་མ་གཟའ་རྟོགས་པར་བྱའོ། །ཚེས་སུ་ནི་དབྱུ་གུ་ལ་སོགས་པ་རྣམས་ཉི་མ་ཤར་བ་
ནས་བརྩམས་ནས། ལོངས་སྤྱོད་པར་བྱ་བ་ཡིན་ནོ། །ཉིན་ཞག་སོ་སོ་ལ་ཉི་མས་སྐར་མ་ལ་ལོངས་སྤྱོད་པའི་དོན་དུ་དཀར་པོ་ལ་སོགས་པར་སྨོས་པའི་ཚེས་གནས་གཉིས་སུ་བྱས་ཏེ། གཅིག་ལ་དབྱུ་གུ་བཞིས་བསྒྱུར་ཅིང་། གཞན་ལ་ཡང་བྱེད་པའི་རིམ་པས་ཉི་ཤུའམ་ཉི་ཤུ་རྩ་གཉིས་ཀྱི་ཆུ་སྲང་
གིས་སམ། གྲུབ་པའི་མཐའི་རིམ་པས་ནི་ཆུ་སྲང་ཉི་ཤུ་རྩ་དྲུག་གིས་བསྒྱུར་ལ། དྲུག་ཅུས་བགོས་ཏེ་ཐོབ་པ་ནི་སྟེང་དུ་གཞུག་གོ། །སྟེང་གི་དབྱུ་གུ་ཡང་དྲུག་ཅུས་བགོས་པས་ཐོབ་པ་ནི་རྒྱུ་སྐར་དུ་དང་། བགོས་པའི་ལྷག་མ་སྐར་མའི་དབྱུ་གུར་གཞུག་པར་བྱའོ། །ཆུ་སྲང་ཡང་རྒྱུ་སྐར་གྱི་དབྱུ་
གུའི་འོག་ཏུ་དབྲི་བར་བྱའོ། །རྒྱུ་སྐར་དང་དེའི་དབྱུ་གུའི་ཕུང་པོ་དང་ཆུ་སྲང་རྣམས་གནས་གཉིས་སུ་བྱས་ཏེ། གཅིག་ལར་བི་ཀའི་དོན་དུ་རྐང་པ་གསུམ་དང་བཅས་པའི་རྒྱུ་སྐར་དྲུག་སྦྱང་བར་བྱའོ། །ལུག་དང་དབྱུག་པ་ལ་སོགས་པ་སྦྱང་པ་ལས་གཞན་དེ་མ་ཐག་པ་སྐྱེས་པའི་ཁྱིམ་དུ་འགྱུར་རོ། །ལུག་
ཟུང་ཀརྐ་ཊ་ནི་ཟླ་བ་པ་བ་སངས་དང་ཉི་མ་སེང་གེ་བུ་མོ་སྲང་རྣམས་ནི། །མིག་དམར་ཕུར་བུ་སྒྲ་གཅན་སྡིག་པ་གཞུ་ཡི་ཐོག་མ་ཐ་མར་གཟའ་ལྷག་སྤེན་པ་མཇུག་རིངས་རྣམས། །ཞེས་ཀྱང་གསུངས་སོ། །ཐོག་མ་ཐ་མར་ཞེས་པ་ལ་གཞུའི་ཐོག་མའི་ཆ་ནི་སྤེན་པའོ། །ཐ་མ་ནི་མཇུག་རིངས་ཀྱིའོ་

ཞེས་བྱའོ། །འདིར་གལ་ཏེ་བུ་ལོན་གྱི་ཕུང་པོ་ལྷག་ལ། ལོངས་སྤྱོད་ཀྱི་ཕུང་པོ་ཉུང་བ་ན། དེ་ལ་རྒྱུ་སྐར་གྱི་འཁོར་ལོ་ཉི་ཤུ་རྩ་བདུན་རྒྱུ་སྐར་གྱི་གནས་སུ་བཅུག་སྟེ་སྦྱང་བར་བྱའོ། །གལ་ཏེ་སྦྱངས་པའི་ལྷག་མ་འཁོར་ལོ་ཕྱེད་བྱུང་ན་དེའི་ཚེ་འཁོར་ལོ་ཕྱེད་པ་དེ་དོར་བར་བྱ་སྟེ་དེ་ཉིད་
རིམ་པ་མིན་པར་ཤེས་པར་བྱའོ། །འཁོར་ལོ་ཕྱེད་མ་དོར་ན་ནི་རིམ་པ་ཁོ་ནའོ། །རྒྱུ་སྐར་ལ་དྲུག་ཅུས་བསྒྱུར་ནས། འོག་གི་དབྱུ་གུ་དང་ལྡན་པ་ལ་འབྱུང་བ་མེ་ཟླ་བས་བགོས་པས་ཐོབ་པ་ནི་ཁྱིམ་རྒྱུ་བ་ཤེས་པར་བྱེད་པ་སྟེ། ཁྱིམ་རྒྱུ་བ་ཤེས་ནས་དབྱི་བར་བྱའོ། །རོ་དང་ཟུང་དང་ཟླ་བ་རྣམས་
ངལ་པའི་ལས་ལ་ཁྱིམ་དྲུག་གི་རྐང་པ་སྟེ། ཀརྐ་ཊ་ལ་སོགས་པ་སྐྱེས་པ་ལ་སོགས་པའི་ཁྱིམ་དྲུག་ཏུ་འགྱུར་རོ། །རྐང་པ་འདི་ལྟ་བུ་ནི་གཟའ་ཐམས་ཅད་ཀྱི་བུལ་བའི་ལས་ལའོ། །འབྱུང་བ་ལ་སོགས་པས་མ་ཐོབ་ན་ཡང་རྒྱུ་བའི་རྐང་པ་དང་པོ་ལ་གཟའ་གནས་སོ་ཞེས་ཀུན་ལ་ཤེས་པར་
བྱའོ། །དེའི་ཚེ་དེས་བགོས་པའི་ལྷག་མའི་དབྱུ་གུ་རྣམས་བསྒྱུར་ལ་ཞེས་པ་ལ་སོགས་པ་འཆད་པར་འགྱུར་བ་ལྟར་བྱའོ། །དེ་ལ་གཟའ་ཐམས་ཅད་ཀྱི་བུལ་བའི་ལས་ལ་རིམ་པས་ནི་བུ་ལོན་ལ་རིམ་པ་མིན་པས་ནོར་དུ་ཤེས་པར་བྱའོ། །དེ་ནས་ལོངས་སྤྱོད་པའི་རྐང་པ་ལས་གཉིས་པ་ལོངས་སྤྱོད་
པར་བྱ་བས་ལོངས་སྤྱོད་དོ། །དེས་བགོས་པའི་ལྷག་མའི་དབྱུ་གུ་རྣམས་བསྒྱུར་ལ་འབྱུང་བ་ལ་སོགས་པས་བགོས་པས་ཐོབ་པ་ལོངས་སྤྱོད་ཀྱི་ཆ་དང་ལྷན་ཅིག་ཏུ་སྔོན་མ་ཕྱེད་ལ། ཁྱིམ་གྱི་དབང་ལས་གཟའི་ལོངས་སྤྱོད་པའི་རྐང་པ་རྣམས་བསྡོམས་པ་དང་། ཕྱི་མ་ཕྱེད་ལ་བགོས་པས་ཐོབ་པའི་
ལོངས་སྤྱོད་ཀྱི་ཆ་དོར་ནས་ལོངས་སྤྱོད་ཀྱི་ཆ་གཞན་དང་ལྷན་ཅིག་ལོངས་མ་སྤྱད་པའི་རྒྱུ་བའི་རྐང་པ་བསྡོམས་པ་རྣམས། ནོར་དང་བུ་ལོན་གྱི་དབང་ལས་གཟའི་ལོངས་སྤྱོད་ཀྱི་དབྱུ་གུ་ལ་བསྣན་པའམ་དབྲིའོ། །འདི་ཉིད་ནི་ཉི་མའི་དག་པའི་ར་བི་ཀའོ། །ཉི་མའི་སྐར་མའི་གནས་སུ་སྐར་མ་
ལ་སོགས་པ་རྣམས་ནི་ལོངས་སྤྱོད་པའོ། །ལྷག་མ་ནི་ལོངས་སྤྱོད་བྱའོ། །འཆད་པར་འགྱུར་བའི་ཟླ་བ་ལ་ཡང་དེ་ལྟར་སྦྱོར་བ་ཡང་ངོ་།། །།ད་ནི་ཉི་མའི་མ་དག་པའི་ར་བི་ཀ་བརྗོད་པར་བྱ་སྟེ། ཉི་མར་དུས་དང་རོ་དང་ཀླུ་དང་བཅུ་དང་འཕྲོག་བྱེད་དྲག་པོ་ཕྱོགས་དང་ཀླུ་དང་དྲུག །མེ་དང་ནམ་

མཁའ་བྱང་དང་ལྷོ་རུ་བགྲོད་པའི་མཐར་གྱུར་པ་ན་ནོར་དང་བུ་ལོན་དག་བྱའོ། །ཟླ་བ་དྲུག་ལ་ཕྱོགས་ཀྱི་དབྱེ་བས་ཉིན་མོར་བྱེད་པ་རྒྱུ་བའི་ཟླ་བ་འཕོ་བའི་དབྱེ་བས་སོ། །ཞེས་པས། འདིར་ཀརྐ་ཊ་ལ་སོགས་པ་ནས་དབྲི་སྟེ་ཕྱོགས་དང་པོ་ལ་དུས་སོ། །ཀརྐ་ཊའི་ཕྱོགས་གཉིས་པ་ལ་རོའོ། །དེ་བཞིན་
དུ་གཞུ་ལ་མེ་དང་ནམ་མཁའ་བགྲོད་པའི་མཐར་རོ། །དེ་ལྟར་ཆུ་སྲིན་ལ་སོགས་པ་ལ་སྦྱིན་ནོ་ཞེས་བྱའོ། །ཟླ་བས་རྒྱུ་སྐར་ལ་ལོངས་སྤྱོད་པའི་དོན་དུ་ཉི་མའི་ལོངས་སྤྱོད་ཀྱི་རྒྱུ་སྐར་གྱི་གནས་སུ་དཀར་པོ་ལ་སོགས་པར་སྨོས་པའི་ཚེས་རྣམས་སྦྱིན་ནོ། །དེའི་རྗེས་ལ་ཚེས་དེ་དག་གནས་གཞན་དུ་རོ་ཡིས་བསྒྱུར་ལ།
གཟའི་ལོངས་སྤྱོད་ཀྱི་དབྱུ་གུ་ལ་སོགས་པས་བསྲེས་ཏེ། ཉི་མའི་ལོངས་སྤྱོད་ཀྱི་དབྱུ་གུའི་གནས་སུ་བུ་ལོན་ཞེས་བྱ་བ་སྟེ་ཕྲི་བ་འདི་ལས་ཟླ་བའི་ལོངས་སྤྱོད་དུ་འགྱུར་རོ། །ཉི་མའི་ལོངས་སྤྱོད་དང་ཟླ་བའི་ལོངས་སྤྱོད་བསྲེས་པས་སྦྱོར་བར་འགྱུར་རོ།། །།དཀར་པོ་ལ་སོགས་པར་སྨོས་པའི་ཚེས་རྣམས་
གཉིས་ཀྱིས་བསྒྱུར་ལ་གཅིག་དོར་ཏེ་སྲིད་ནི་བདུན་གྱིས་བགོས་པའི་ལྷག་མ་བྱེད་པར་གྱུར་ཏོ། །བྱེད་པའི་ལོངས་སྤྱོད་ནི་ཚེས་ཀྱི་ལོངས་སྤྱོད་ཉིད་དོ། །འདིར་ཐུན་མོང་གི་ཚུལ་ནི། དབུགས་ཀྱི་གནས་སུ་དྲུག་ལས་ལྷག་པའི་དབུགས་མི་གནས་སོ། །དུས་ཀྱིས་བགོས་པས་ཐོབ་པ་ནི་ཆུ་སྲང་དུ་
གཞུག་གོ། །དེ་ཡང་དྲུག་ཅུ་ལས་ལྷག་པ་མི་གནས་སོ། །དྲུག་ཅུས་བགོས་པས་ཐོབ་པ་ནི་དབྱུ་གུར་གཞུག་གོ། །དབྱུ་གུ་ཡང་དེ་བཞིན་དུ་གཟའ་འམ་སྐར་མར་གཞུག་གོ། །གཟའ་ཡང་བདུན་དུ་གྱུར་པ་ན་རྣམ་པར་འཇིག་གོ། །སྐར་མ་ཡང་ཉི་ཤུ་རྩ་བདུན་དུ་གྱུར་པ་ན་མི་གནས་སོ། །སྦྱོར་
བ་ཡང་དེ་བཞིན་ནོ། །དེ་ལྟར་རྒྱུ་སྐར་དང་། གཟའ་དང་། སྦྱོར་བ་དང་། ཉིན་ཞག་གཅིག་ལ་དབྱུ་གུ་དྲུག་ཅུའོ། །དེ་ལ་གཟའ་ནི་ཉི་མ་ལ་སོགས་པ་བདུན་ནོ། །ཚེས་ནི་གཅིག་ལ་སོགས་པ་བཅོ་ལྔའོ། །སྐར་མ་ནི་ཐ་སྐར་དང་། བྲ་ཉེ་དང་། སྨིན་དྲུག་དང་། སྣར་མ་དང་། མགོ་དང་། ལག་
དང་། ནབ་སོ་དང་། རྒྱལ་དང་། སྐག་དང་། མཆུ་དང་། གྲེ་དང་། དབོ་དང་། མེ་བཞི་དང་། ནག་པ་དང་། ས་རི་དང་། ས་ག་དང་། ལྷ་མཚམས་དང་། སྣྲོན་དང་། སྣྲུབས་དང་། ཆུ་སྟོད་དང་། ཆུ་སྨད་དང་། གྲོ་བཞིན་དང་། མོན་དྲེ་དང་། མོན་གྲུ་དང་། ཁྲུམས་སྟོད་དང་། ཁྲུམས་

སྨད་དང་། ནམ་གྲུ་ཞེས་བྱ་བ་སྟེ་ཉི་ཤུ་རྩ་བདུན་ནོ། །དེ་བཞིན་དུ་སྦྱོར་བ་ནི་རྣམ་པར་སེལ་བ་དང་། མཛའ་བ་དང་། ཚེ་དང་ལྡན་པ་དང་། སྐལ་བ་བཟང་པོ་དང་། མཛེས་པ་དང་། ཤིན་ཏུ་སྐྲང་བ་དང་། ལས་བཟང་དང་། འཛིན་པ་དང་། ཟུག་རྔུ་དང་། འབྲས་དང་། འཕེལ་
པ་དང་། བརྟན་པ་དང་། རྣམ་པར་འཇོམས་པ་དང་། ཡིད་དགའ་བ་དང་། རྡོ་རྗེ་དང་། དངོས་གྲུབ་དང་། རྒུད་པ་དང་། ཆུ་སྦྱིན་དང་། ཡོངས་སུ་སྣུན་པ་དང་། ཞི་བ་དང་། གྲུབ་པ་དང་། བསྒྲུབ་བྱ་དང་། དགེ་བ་དང་། དཀར་པོ་དང་། ཚངས་པ་དང་། དབང་པོ་དང་། རྣམ་པར་འཛིན་
པ་ཞེས་བྱ་བ་སྟེ་ཉི་ཤུ་རྩ་བདུན་ནོ། །བྱེད་པ་རྣམས་ནི་བ་བཾ་དང་། བ་ལ་བཾ་དང་། ཀཽ་ལ་བཾ་དང་། ཏཻ་ཏི་ལཾ་དང་། ག་ར་ཛཾ་དང་། པ་ཎི་ཛཾ་དང་། བིཥྚི་ཞེས་བྱ་བ་སྟེ་བདུན་ནོ། །དེ་བཞིན་དུ་ཤ་ཀུ་ནི་དང་། ཙ་ཏུཥྤ་དོ་དང་། ནཱ་ག་དང་། ཀི་སྟུ་གྷཱ་ཎ་ཞེས་བྱ་བ་དང་བཅུ་གཅིག་གོ། །དེ་ལ་དཀར་
པོའི་ཚེས་གཅིག་གི་ཕྱི་མ་ཕྱེད་ནས་བརྩམས་ནས། རེ་རེ་ཞིང་ཐུན་བཞི་ལ་ལོངས་སྤྱོད་ཅིང་གྲངས་ཀྱི་གོ་རིམས་ཇི་ལྟ་བ་བཞིན་དུ་ཡང་དང་ཡང་དུ་འཁོར་བས་ནག་པོའི་བཅུ་བཞིའི་སྔོན་མ་ཕྱེད་ཀྱི་བར་དུ་བདུན་པོ་རྣམས་ལོངས་སྤྱོད་དོ། །དེའི་ཕྱི་མ་ཕྱེད་ནས་བརྩམས་ནས་དཀར་པོའི་ཚེས་
གཅིག་གི་སྔོན་མ་ཕྱེད་ཀྱི་བར་ནི་གཞན་བཞི་པོ་རྣམས་ཀྱིའོ། །ཚེས་ཀྱི་ལོངས་སྤྱོད་ལ་མཉམ་པར་ཆ་གཉིས་སུ་བྱས་ཏེ། སྔ་མ་ཕྱེད་དང་། ཕྱི་མ་ཕྱེད་དུ་རྣམ་པར་གཞག་པར་ཤེས་པར་བྱའོ། །གཟའ་དང་། ཚེས་དང་། སྐར་མ་དང་། སྦྱོར་བ་དང་། བྱེད་པ་སྟེ་ཡན་ལག་ལྔའི་རིམ་པའོ། །
དབྱུ་གུ་དང་། བྲ་ཉེ་དང་། སྨིན་དྲུག་གི་རྐང་པ་གཅིག་གིས་ལུག་གོ། །དེ་བཞིན་དུ་སོ་སོར་རྐང་པ་དགུའི་བཅུ་གཉིས་པོ་རྣམས་ཏེ། ལུག་དང་། ཁྱུ་མཆོག་དང་། འཁྲིག་པ་དང་། ཀརྐ་ཊ་དང་། སེང་གེ་དང་། བུ་མོ་དང་། སྲང་དང་། སྡིག་པ་དང་། གཞུ་དང་། ཆུ་སྲིན་དང་། བུམ་
པ་དང་། ཉའི་ཁྱིམ་རྣམས་ས་ག་ལ་སོགས་པར་ཤེས་པར་བྱའོ། །མིག་དམར་པ་སངས་གཟའ་ལྷག་ཟླ་བ་ཉི་མ་དང་། །གཟའ་ལྷག་པ་བ་སངས་དང་མིག་དམར་ཕུར་བུ་དང་། །སྤེན་པ་སྤེན་པ་ཕུར་བུ་རྣམས་ནི་རིམ་པ་ཡིས། །ཁྱིམ་འདི་རྣམས་སུ་ཞིང་ཅན་དུ་ནི་ཡང་དག་འདོད། །

ཀླ་ཀློ་དབང་བའི་ལོ་དག་པའི་ལོ་ལ་བརྒྱད་བསྲེས་པ་བཞི་བརྒྱས་བསྒྱུར་བ་ལ་སྔར་དག་པའི་ལོ་ལ་བརྒྱད་བསྲེས་པས་ཕྲི་བ་ལ། བཅུ་བདུན་ལྷག་པའི་སུམ་བརྒྱས་པ་གོས་པས་ཐོབ་པར་གཉིས་བསྲེས་པ་ནི་གཟར་འགྱུར་རོ། །བགོས་པའི་ལྷག་མ་དྲུག་ཅུས་བསྒྱུར་ཏེ། དབྱུ་གུར་བྱས་པ་བཅུ་
བདུན་ལ་སོགས་པས་བགོས་པས་ཐོབ་པ་བཟུང་ལ། བགོས་པས་ཐོབ་པའི་ལྷག་མ་དབྱེ་བར་བྱའོ། །ཐོབ་པའི་དབྱུ་གུ་ལ་སུམ་ཅུ་བསྲེས་ལ་དྲུག་ཅུས་བགོས་པས་ཐོབ་པ་གཉིས་བསྲེས་པའི་གཟར་གཞུག་གོ། །བགོས་པའི་ལྷག་མ་གཟའི་དབྱུ་གུའི་བསྟན་པ་སྟེ་འོག་ཏུའོ། །གཟའ་ལ་
ཡང་བདུན་གྱིས་བགོས་པའི་ལྷག་མ་ལོ་མ་འཕོས་ཀྱི་བར་སྟེང་དུ་གཟའི་དྷྲུ་བ་ཀར་འགྱུར་རོ། །འདིར་གང་གི་ཚེ་ཉི་མ་ཉ་སྤངས་ནས་ལུག་ཏུ་འགྲོ་བ་དེའི་ཚེ་གཞུག་པའི་གཞུག་བྱ་བཅུ་གཉིས་ལུག་ལ་སོགས་པར་རིམ་པ་བཞིན། ཟླ་བ་རི་དང་འབྱུང་བ་རིག་བྱེད་ཡོན་ཏན་མདའ་དང་རི་བོང་ཅན་
རི་ཟླ་བ་གསུམ་པ་ལའོ། །རིག་བྱེད་མེ་དང་འབྱུང་བ་ཟླ་བ་མིག་དང་ལག་པ་ཟུང་དང་རིག་བྱེད་མིག་ནི་དྲུག་པ་ལའོ། །དྲུག་དང་ཟླ་བ་མདའ་དང་ཟླ་བ་རི་ཟུང་མེ་དྲུག་ཟླ་བ་རིག་བྱེད་རི་དང་འཇིག་རྟེན་ནོ། །དྲུག་དང་རིག་བྱེད་སྟོང་དང་སྟོང་པ་མིག་དང་མདའ་ཡི་རྐང་པ་རྣམས་ནི་ཉ་ཡི་ཁྱིམ་དུ་
ཉི་མའོ། །ཞེས་པ་འདི་རྣམས་ཀྱི་དགོས་པ་ནི། རེའུ་མིག་བཅུ་གཉིས་པོ་འདི་རྣམས་ཏེ། སོ་སོར་ཐོག་མར་གཟའ་ངེས་པར་སྦྱིན་ནོ། །གཉིས་པ་ལྔ་བཅུ་རྩ་བདུན་ལ་སོགས་པ་དབྱུ་གུའི་བརྟན་པར་འགྱུར་རོ་ཞེས་པ་བྱེད་པའི་འཕོ་བ་སྟེ། གཟའ་དང་དེའི་ལོངས་སྤྱོད་དུ་ཤེས་པར་བྱའོ། །ད་ནི་
མིག་དམར་ལ་སོགས་པ་རྒྱུ་སྐར་ལ་ལོངས་སྤྱོད་པའི་དོན་དུ་ཉིན་ཞག་གི་གྲངས་བརྗོད་དེ། དག་པའི་ཟླ་བ་རྣམས་ཉིན་ཞག་གི་ཕུང་པོའི་དོན་དུ་སུམ་ཅུས་བསྒྱུར་ལ། དཀར་པོ་ལ་སོགས་པར་སྨོས་པའི་ཚེས་དང་བཅས་པ་གནས་གསུམ་དུ་བྱས་ལ། འོག་གི་ཕུང་པོ་རི་དང་ནམ་མཁའ་རི་ཡིས་
བགོས་པས་ཐོབ་པ་དབུས་མར་སྦྱིན་ནོ། །དེ་ནས་དབུས་མ་དྲུག་ཅུ་རྩ་བཞིས་བགོས་པས་ཐོབ་པས་ཕྲི་བའི་སྟེང་མའི་ཕུང་པོ་མི་གསལ་པའི་ཉིན་ཞག་གི་ཚོགས་ཡིན་ནོ། །དེ་གནས་གཉིས་བཞག་ལ། གཅིག་ལ་གཟའ་བདུན་གྱིས་བགོས་པས། གལ་ཏེ་དེ་ཉིན་ཞག་གི་གཟར་མ་གྱུར་ན།

དེ་ནས་གཅིག་ལ་སོགས་པ་ཇི་ལྟར་གཟར་འགྱུར་བའི་ཐོག་མའི་ཕུང་པོར་སྦྱིན་པའམ་དབྲི་བས་དེ་ནས་གསལ་བའི་ཉི་མའི་ཚོགས་སུ་འགྱུར་རོ། །མིག་དམར་དག་པར་བྱ་བའི་དོན་དུ། གསལ་བའི་ཉིན་ཞག་གི་ཚོགས་ལ་བདུན་དང་དྲུག་ཅུས་ལྷག་པའི་བརྒྱ་བསྲེས་ནས།
མིག་དམར་གྱི་ཉིན་ཞག་གི་འཁོར་ལོ་ངི་དང་ཀླུ་དང་དུས་ཀྱིས་བགོས་པས་ཐོབ་པ་ནི་ཁྱིམ་བསྐོར་པ་སྟེ་ཕྱི་མར་བྱའོ། །འདི་ལྟར་གཞན་རྣམས་ལ་ཡང་ངོ་། །ལྷག་མ་རྒྱུ་སྐར་གྱིས་བསྒྱུར་ལ། །རང་གི་ཉིན་ཞག་གིས་འཁོར་ལོས་བགོས་པས་ཐོབ་པ་ནི་སྐར་མར་འགྱུར་ཏེ་སྟེང་དུའོ། །དེའི་
ལྷག་མ་དྲུག་ཅུས་བསྒྱུར་ལ་རང་གི་ཉིན་ཞག་གི་འཁོར་ལོས་བགོས་པས་ཐོབ་པ་ནི་དབྱུ་གུ་སྟེ་འོག་ཏུའོ། །སྔར་བཞིན་དུ་ཆུ་སྲང་ལ་སོགས་པའོ། །སྐར་མ་ལ་སོགས་པ་འདི་དག་གནས་གཉིས་སུ་བཞག་ལ། གཅིག་ལ་སྐར་མ་ཕྱེད་དང་བཅས་པའི་དགུ་སྦྱང་བར་བྱའོ། །དེ་ནས་ཉིན་
པར་ལུག་དང་དབྱུག་པ་ཞེས་བྱ་བ་ལ་སོགས་པ་གསུམ་པ་རྣམས་ཤེས་པར་བྱའོ། །བྱེ་བྲག་ཏུ་འདིར་དེ་ཁོ་ན་ཉིད་རི་དང་། བཅོ་བརྒྱད་དང་རི་རྣམས་བུལ་བའི་ལས་ཀྱི་རྐང་པའོ། །སྐར་མ་ལ་སོགས་པ་གཞན་ལ་འམ་འབྲི་བའོ་ཞེས་པ་མིག་དམར་གྱིས་བུལ་བའི་ལས་དག་པའོ། །མྱུར་
བའི་ལས་ལ་ཡང་མིག་དམར་དང་། ཕུར་བུ་དང་། སྤེན་པ་རྣམས་བུལ་བའི་ལས་ཡོངས་སུ་དག་པའི་ལོངས་སྤྱོད་གནས་གཉིས་སུ་བྱས་ཏེ། གཅིག་གིས་ཉིན་བྱེད་མ་བྱས་པའི་ཉི་མའི་ལོངས་སྤྱོད་ཚེས་བསྲེས་པ་དག་པར་མ་བྱས་ཏེ་རྐང་པ་གསུམ་དང་བཅས་པའི་སྐར་མ་དྲུག་དོར་བ་ལ་
སོགས་པའི་ཆོས་མ་བྱས་པ་ལ་སྦྱང་བར་བྱའོ། །དེ་ནས་ཉེ་བར་བརྗོད་པའི་གལ་ཏེ་བུ་ལོན་ཞེས་པ་ལ་སོགས་པ་ནས་རིམ་པ་ཁོ་ནའོ་ཞེས་པའི་བར་དུ་ཤེས་པར་བྱའོ། །འདིར་མྱུར་བའི་བྱ་བ་ལ་རིམ་པས་ནི་ནོར་ཏེ་བསྣན་ཅིང་། རིམ་པ་མིན་པས་ནི་བུ་ལོན་ཏེ་དབྲི་བར་བྱའོ། །སྦྱངས་
ཤིང་ཇི་ཙམ་ཡོད་པ་དོར་བའི་ལྷག་མས་གཟའི་རྐང་པ་རྟོགས་པར་བྱེད་པ་སྟེ་རྐང་པ་རྙེད་པ་ཤེས་ནས་ཕྱི་བར་བྱའོ། །རྐང་པ་དེ་ཉིད་ཀྱིས་དབྱུ་གུ་ལྷག་མས་བསྒྱུར་ལ། དྲུག་ཅུས་བགོས་པས་ཐོབ་པ་དང་། རྐང་པ་དེའི་ཆི་དང་ལྷན་ཅིག་སྔོན་མ་ཕྱེད་དུ་ཁྱིམ་རྒྱུ་བའི་དབང་གིས་གཟའ་

ཡིས་ལོངས་སྤྱོད་པའི་དབང་གིས་རྐང་པ་རྣམས་བསྡམས་པ་དང་ཕྱི་མ་ཕྱེད་དུ་ནི་བགོས་པས་ཐོབ་པ་དང་། རྐང་པ་དེའི་ཆ་དོར་ཏེ་རྐང་པ་གཞན་མ་དེའི་ཆ་དང་ལྷན་ཅིག་ལོངས་མ་སྤྱད་པ་རྣམས། གཞན་བུལ་བའི་ལས་ཀྱིས་དག་པའི་གཟའི་ལོངས་སྤྱོད་ལ་བསྣན་པའམ་དབྲི་བར་བྱའོ། །འདིར་
རྐང་པ་ནི་བཅུ་བཞི་སྟེ། རྒྱལ་བ་མེ་མིག་རྣམ་གསུམ་ཟླ་བ་ལག་པ་གཉིས། །བཅོ་བརྒྱད་ཚེས་དང་དྲག་པོ་མེ་དང་རྩ་བ་ནས། །བཅུ་གཅིག་བརྒྱད་དང་མེའོ་ནམ་མཁའ་ཀླུང་དང་ནི། །དེ་རྗེས་ལྔ་བཅུ་གསུམ་པོ་འདི་རྣམས་མིག་དམར་གྱིའོ། །རྩ་བ་ཞེས་པ་ནི། དབུས་ནས་ཐད་ཀར་རེ་ཀའོ། །
ཕྱོགས་ཕྱོགས་བུག་པ་ནོར་དྲུག་དྲུག །གཉིས་གཅིག་རྩ་བ་ཡོན་ཏན་རོ། །བུག་པ་དྲག་པོ་རྒྱལ་པོ་རི། །ཕུར་བུའི་མྱུར་ལས་རྐང་པ་ཡིན། །དུས་མདའ་མདའ་དང་རིག་བྱེད་མིག་དང་། མིག་དང་མཁའ་དང་། རྩ་ནས་གཉིས་ཟུང་ཟླ་རོ་བརྒྱད་གསུམ་ནི་སྤེན་པའི་རྐང་པའོ། །
ཚིགས་སུ་བཅད་པ་ཕྱེད་པའོ། །དེ་བཞིན་དུ་བུལ་བའི་ཉི་མ་གནས་གཉིས་སུ་གཞག་པ་གཅིག་གིས་གཟའ་ལྷག་གི་རྒྱུ་བའམ། པ་བ་སངས་ཀྱི་རྒྱུ་བ་ལ་སྦྱང་བར་བྱའོ། །དེ་ནས་སྦྱངས་ཏེ་ཞེས་པ་ལ་སོགས་པ་ནས། ལོངས་མ་སྤྱད་པ་རྣམས་ཤེས་པའི་མཐར་ཐུག་ལ། དེ་མ་ཐག་
ཏུ་མིག་དམར་དུ་གསུངས་པ་རྣམས་བྱས་ལ། གཞན་བུལ་བའི་ཉི་མར་བསྣན་པའམ་དབྲི་བར་བྱའོ། །དེ་ལྟར་དེ་ཉིད་གཟའ་ལྷག་གི་ལོངས་སྤྱོད་དང་། པ་བ་སངས་ཀྱི་ལོངས་སྤྱོད་དུ་འགྱུར་རོ། །རྒྱལ་པོ་རྒྱལ་པོ་དེ་ནས་ཚེས། །མི་དང་ཡན་ལག་ཞི་བ་རི། །ལྔ་མཁའ་རྩ་བ་ནས་ནི་
མཚོ། །དབང་ཕྱུག་ཉི་ཤུ་ཉི་ཤུ་བརྒྱད། །སུམ་ཅུ་རྩ་བཞི་གཟའ་ལྷག་གི། །གསུམ་དུ་དེ་ཉིད་གཉིས་རྒྱལ་བ། །གཉིས་སུ་གཉིས་མིག་སྐྱོན་ཚེས་བརྒྱད། །རྩ་བ་ནས་དྲུག་མཁའ་མེ་དང་། །བུག་པ་བུག་པ་ཡོན་ཏན་རི། །པ་སངས་མྱུར་རྒྱུའི་རྐང་པའོ། །ཞེས་པ་ནི་བུལ་བ་ལ་སོགས་
པའི་མྱུར་བའི་ལས་དག་པའོ། །བུལ་བའི་ལས་ལ་གཟའ་ལྷག་དག་པའི་དོན་དུ་གསལ་བའི་ཉི་མའི་ཚོགས་རྣམས་བརྒྱ་ཡིས་བསྒྱུར་ནས། མེ་དང་ཉི་མ་རི་ཡིས་ཕྲི་བ་ལས་གཟའ་ལྷག་གི་ཉི་མའི་འཁོར་ལོ་རི་དང་བུག་པ་རི་དང་ཀླུ་ཡིས་བགོས་པས་ཐོབ་པ་ཞེས་བྱ་བ་ལ་སོགས་པ་ནས།

ཆུ་སྲང་ལ་སོགས་པའོ་ཞེས་པའི་བར་དུ་མིག་དམར་བཞིན་དུ་བྱའོ། །རྒྱུ་སྐར་ལ་སོགས་པ་འདི་དག་ནི་མྱུར་བའི་ལས་ཀྱི་དོན་དུ་རྒྱུ་བ་ཞེས་བརྗོད་དོ། །དེའི་ཕྱིར་དེའི་དོན་དུ་གནས་གཞན་དུ་བཞག་གོ། །ཉི་བྱེད་མ་བྱས་པའི་ཉི་མའི་ལོངས་སྤྱོད་གནས་གཉིས་སུ་བྱས་ཏེ་ཉི་མའི་
ལོངས་སྤྱོད་གཅིག་ལ་རྒྱུ་སྐར་ཕྱེད་དང་བཅས་པའི་བཅུ་དྲུག་སྦྱང་བར་བྱའོ། །དེ་ནས་ཉི་མར་བརྗོད་པའི་ལུག་ཅེས་པ་ལ་སོགས་པ་ནས་ནོར་དང་བུ་ལོན་གྱི་དབང་ལས་ཤེས་པའི་མཐར་ཐུག་པ་བྱས་ཏེ། ཉི་མའི་ལོངས་སྤྱོད་གཞན་ལ་བསྣན་པའམ་དབྲི་བར་བྱའོ་ཞེས་པ་ནི་གཟའ་ལྷག་
གི་བུལ་བའི་ལས་དག་པའོ། །འདི་ནི་གཞན་དུ་ཉི་མའི་ལོངས་སྤྱོད་བུལ་བའི་ལས་དག་པ་གཟའ་ལྷག་གི་བདག་ཉིད་དུ་གྱུར་པ་སྟེ། མྱུར་བའི་ལས་ཀྱི་དོན་དུ་ནི་བུལ་བའི་ཉི་མ་ཞེས་བརྗོད་དོ། །བཅུ་དང་རི་དང་རྩེ་མོ་ཅན་ནི་བུལ་བའི་ལས་ཀྱི་རྐང་པའོ། །ཕུར་བུ་དག་པའི་དོན་དུ་གསལ་བའི་
ཉི་མའི་ཚོགས་ལ། མཁའ་དང་ནམ་མཁའ་དང་རོ་དང་མིག་གིས་ཕྲི་བ་ལ་ཕུར་བུའི་ཉི་མའི་འཁོར་ལོ་སོ་དང་མེ་དང་རྒྱ་མཚོས་བགོས་པས་ཐོབ་པ་ཞེས་པ་ལ་སོགས་པ་སའི་བུ་བཞིན་བྱའོ། །འདིར་ཁྱད་པར་ནི་འདི་ཡིན་ཏེ། རྒྱུ་སྐར་བཅུ་གཉིས་སྦྱང་བ་དང་། འཕྲོག་བྱེད་དང་། དགུ་དང་
རྩེ་མོ་ཅན་ནི་རྐང་པའོ། །པ་བ་སངས་དག་པའི་དོན་དུ་གསལ་བའི་ཉི་མའི་ཚོགས་ལ་བཅུ་ཡིས་བསྒྱུར་ནས་བརྒྱད་ཅུ་རྩ་བཞིས་ཕྲི་བ་ལ། པ་བ་སངས་ཀྱི་ཉིན་ཞག་གི་འཁོར་ལོ་རི་དང་རྒྱལ་བ་མིག་གིས་བགོས་པས་ཐོབ་པ་ཞེས་པ་ལ་སོགས་པ་ཐམས་ཅད་གཟའ་ལྷག་བཞིན་དུ་བྱའོ། །
ཁྱད་པར་ནི་འདི་ཡིན་ཏེ། རྒྱུ་སྐར་དྲུག་སྦྱང་བ་དང་། རྐང་པ་ནི་མདའ་དང་། ཟུང་དང་རི་བོང་ཅན་ནོ། །སྤེན་པ་དག་པའི་དོན་དུ་གསལ་བའི་ཉི་མའི་ཚོགས་ལ་མཁའ་དང་མིག་དང་བརྒྱད་དང་རིག་བྱེད་ཀྱིས་ཕྲི་བ་ལ། ཉི་མའི་བུའི་ཉི་མའི་འཁོར་ལོ་དྲུག་དང་རོ་དང་རི་དང་ནམ་མཁའ་དང་
གཅིག་གིས་བགོས་པས་ཐོབ་པ་ཞེས་བྱ་བ་ལ་སོགས་པ་མིག་དམར་བཞིན་དུ་བྱའོ། །ཁྱད་པར་ནི་རྒྱུ་སྐར་བཅོ་བརྒྱད་སྦྱང་བ་དང་། ཉི་ཤུ་རྩ་གཉིས་དང་ཚེས་དང་དུས་ཀྱི་རྐང་པ་རྣམས་ཞེས་བྱ་བ་ནི་གཟའ་ལྷག་ལ་སོགས་པའི་བུལ་བའི་ལས་ཡོངས་སུ་དག་པའོ། །འོན་ཀྱང་བུལ་

བའི་ལས་དག་པའི་གཟའི་ལོངས་སྤྱོད་མྱུར་བའི་ལས་ཀྱིས་ཡོངས་སུ་དག་པས་ན། ལས་གཉིས་ཀྱིས་གཟའ་གཅིག་ཉིད་ཀྱིས་ལོངས་སྤྱོད་དག་པར་འགྱུར་གྱི་བུལ་བའི་ལས་དག་པ་གཟའི་ལོངས་སྤྱོད་ཐ་དད་པ་དང་མྱུར་བའི་ལས་ཡོངས་སུ་དག་པ་ཐ་དད་པ་ཡང་མ་ཡིན་ནོ་ཞེས་སྐར་
མའི་བསྟན་བཅོས་རིག་པ་རྣམས་ཀྱིའོ། །ལས་གཉིས་ཀྱིས་ལོངས་སྤྱོད་ཡོངས་སུ་དག་པ་ནི། མིག་དམར་དང་། གཟའ་ལྷག་དང་། བླ་མ་དང་། པ་བ་སངས་དང་། སྤེན་པ་རྣམས་ཁོ་ནའོ། །ཉི་མ་ནི་བུལ་བའི་ལས་ཁོ་ནས་སོ། །ཟླ་བ་ནི་མྱུར་པའི་ལས་ཁོ་ནས་སོ་ཞེས་སོ། །སྒྲ་གཅན་
གྱིས་རྒྱུ་སྐར་ལ་ལོངས་སྤྱོད་པའི་དོན་དུ། དག་པའི་ཟླ་བར་མིག་དང་ཉི་མ་བསྲེས་ལ་ཟླ་བ་ཕྱེད་པའི་ཕུང་པོའི་དོན་དུ་གཉིས་ཀྱིས་བསྒྱུར་བར། ཉ་ལ་ཟླ་བ་འཛིན་པའི་དོན་དུ་ཟླ་བ་ཕྱེད་པ་གཅིག་བསྲེ་ཞིང་། གནམ་སྟོང་ལ་ཉི་མ་འཛིན་པའི་དོན་དུ་ཟླ་བ་ཕྱེད་པ་གཉིས་བསྲེས་པ་ལ།
སྒྲ་གཅན་གྱི་ཟླ་བ་ཕྱེད་པའི་འཁོར་ལོ་ནམ་མཁའ་དུས་དང་རྒྱ་མཚོ་ཡིས་བགོས་པས་ཐོབ་པ་ཕྱི་བར་བྱའོ། །བགོས་པའི་ལྷག་མ་ཟླ་བ་ཕྱེད་པ་རྣམས་རྒྱུ་སྐར་གྱི་དོན་དུ་ཉི་ཤུ་རྩ་བདུན་གྱིས་བསྒྱུར་བ་ལ་ནམ་མཁའ་ལ་སོགས་པས་ཐོབ་པ་རྒྱུ་སྐར་དུ་འགྱུར་རོ། །ལྷག་མ་དྲུག་ཅུས་བསྒྱུར་
བ་ལ་ནམ་མཁའ་ལ་སོགས་པས་བགོས་པས་ཐོབ་པ་ནི་དབྱུ་གུའོ། །དེའི་ལྷག་མ་ལ་ཡང་དེ་བཞིན་དུ་ཆུ་སྲང་ངོ་། །དེའི་ལྷག་མ་དྲུག་གིས་བསྒྱུར་ཅིང་ནམ་མཁའ་ལ་སོགས་པས་ཐོབ་པ་དབྱུ་གུའོ། །རྒྱུ་སྐར་ལ་སོགས་པ་འདི་རྣམས་ཀྱིས་རྒྱུ་སྐར་ཉི་ཤུ་རྩ་བདུན་ལ་ཕྲི་བ་ནི་སྒྲ་
གཅན་གྱི་ཁའི་ལོངས་སྤྱོད་དུ་འགྱུར་རོ། །ཁའི་ལོངས་སྤྱོད་དེ་ཉིད་དུ་རྒྱུ་སྐར་ཕྱེད་དང་བཅས་པའི་བཅུ་གསུམ་བསྲེས་པ་ནི་མཇུག་མའི་ལོངས་སྤྱོད་ལ་རྒྱུ་སྐར་གཉིས་དང་། དབྱུ་གུ་བཅུ་གཅིག་སྟེ། ཟླ་བ་དྲུག་ལ་རྒྱུ་སྐར་བཅུ་གཉིས་དང་དབྱུ་གུ་དྲུག་ཏུ་འགྱུར་ཞིང་། དེ་ལས་བཅུ་
གསུམ་ཕྲི་བས་ལྔ་བཅུ་རྩ་གསུམ་དུ་འགྱུར་རོ། །འདི་ཉི་མའི་ལོངས་སྤྱོད་ལ། ཉི་མ་འཛིན་པ་ན་གནམ་སྟོང་གི་ལོངས་སྤྱོད་ལ་ར་བི་ཀ་བསྣན་པའམ་ཕྲི་བ་ལའོ། །དེ་ནས་སྒྲ་གཅན་གྱི་ལོངས་སྤྱོད་ལ་དབྱུ་གུ་བཞི་བཅུ་ཞེ་ལྔ་ཕྲི་ལ་ལྷག་མ་སྐར་མའི་ལོངས་སྤྱོད་ཀྱིས་སྦྱང་བར་བྱའོ། །དེ་ལ་

གལ་ཏེ་ཁའམ་མཇུག་མ་དང་སྐར་མ་མཉམ་པར་གྱུར་ན། དེའི་ཚེ་ཁོ་ན་གཟས་འཛིན་གྱིས་གཞན་དུ་ནི་མ་ཡིན་ནོ། །ཡང་ན་སྔར་སྨྲས་པའི་ཚུལ་གྱིས་བསྒྲུབ་པའི་གནམ་སྟོང་གི་ཉི་མའི་ལོངས་སྤྱོད་ཀྱིས་སྒྲ་གཅན་གྱི་ཁའི་ལོངས་སྤྱོད་དམ་མཇུག་མའི་ལོངས་སྤྱོད་ལ་སྦྱང་
བར་བྱའོ། །ཟླ་བ་འཛིན་པ་ནི་ཟླ་བ་ཉའི་ལོངས་སྤྱོད་ཀྱིས་སྒྲ་གཅན་གྱི་ཁའི་ལོངས་སྤྱོད་ལ་སྦྱང་བར་བྱའོ། །ཁའམ་མཇུག་མ་དང་ལྷན་ཅིག་རྒྱུ་སྐར་མཉམ་པ་ཉིད་ལ་འཛིན་གྱི་གཞན་དུ་ནི་མ་ཡིན་ནོ། །འདིར་ཡང་གནམ་སྟོང་གི་མཐའ་འམ་ཉའི་མཐར་དུས་ཚིགས་ཀྱི་མཚམས་སུ་སྒྲ་གཅན་གྱི་
དཀྱིལ་འཁོར་ལ་ཉི་ཟླའི་དཀྱིལ་འཁོར་འཇུག་གོ། །དཀྱིལ་འཁོར་གྱི་སྒྲ་ནི་འདིར་དབྱུ་གུ་དྲུག་ཅུ་སྟེ། རྒྱུ་སྐར་གཅིག་གི་ལོངས་སྤྱོད་དོ། །དེ་ཡང་ཁྱིམ་བཅུ་གཉིས་དང་ཆ་བཅུ་དྲུག་གི་བདག་ཉིད་དུ་རིག་པར་བྱའོ། །དེ་ལ་གལ་ཏེ་སྒྲ་གཅན་གྱི་ལོངས་སྤྱོད་ལ་འདི་གཉིས་ཀྱི་ལོངས་སྤྱོད་དག་ན།
དེའི་ཚེ་དབྱུ་གུ་དྲུག་ཅུའི་མཐར་ཐུག་པ་ཐམས་ཅད་འཛིན་ཏོ། །ལོངས་སྤྱོད་ཕྱེད་པར་གྱུར་ན་ཕྱེད་འཛིན་ཏོ། །ཆ་ནི་དབྱུ་གུ་བཞིའི་བདག་ཉིད་དེ་སྒྲ་གཅན་གྱི་ལོངས་སྤྱོད་ལ་ཞུགས་ན་བཞི་ཆའི་བར་དུ་གཟའ་དང་ལྷན་ཅིག་འགྲོ་བར་ཤེས་པར་བྱའོ། །གང་གི་ཚེ་ཡང་སྒྲ་གཅན་གྱི་ཁའི་ལོངས་
སྤྱོད་དུ་འཛིན་པ་དེའི་ཚེ་ཤར་གྱི་ཆ་ནས་སོ། །མཇུག་མའི་ལོངས་སྤྱོད་དུ་ནི་ནུབ་ཀྱི་ཆ་ནས་སོ། །དེ་བཞིན་དུ་ཕྱོགས་དང་ཕྱོགས་མཚམས་ཀྱི་ཆའི་ཁོར་ཡུག་གཞན་ནི་གཞན་དུ་ཤེས་པར་བྱའོ། །ཞེས་ཊཱྀ་ཀ་ལ་སོགས་སོ། །འཛིན་པ་འདི་དག་ཀྱང་ཟླ་བ་དྲུག་ཉིད་ན་ཡིན་ནོ། །དོན་དམ་པར་ནི་ཟླ་བ་
ཉིད་མུན་པའི་རང་བཞིན་གྱི་སྒྲ་གཅན་གྱིས་འཛིན་ཏེ། བསིལ་བའི་འོད་ཟེར་གྱི་ཕྱིར་རོ། །ཉི་མ་ནི་མིན་ནོ། །གནམ་སྟོང་གི་མཐའི་དུས་སུ་ནི་ཟླ་བ་ཡང་ཉི་མ་ལ་ཞུགས་པའི་ཕྱིར་ནི་ཉི་མ་གཟུང་ངོ་ཞེས་བྱ་བ་ནི་ཐ་སྙད་དོ་ཞེས་པ་སྒྲ་གཅན་དག་པའོ། །མཇུག་རིངས་ནི་ཉི་མའི་དཀྱིལ་འཁོར་ལ་ཞུགས་
ནས་ཉི་མ་སོ་སོ་ལ་དབྱུ་གུ་བཞི་དང་། ཆུ་སྲང་ཉི་ཤུ་རྩ་དྲུག་ནི་ཉི་མའི་ལོངས་སྤྱོད་དེ། དེ་ལས་ལྷག་པར་ཆུ་སྲང་ཕྱེད་དང་གསུམ་ནི་མྱུར་བར་རྒྱུ་བ་ནི་རིམ་པས་མདུན་ནས་དང་། ཡོན་པོར་རྒྱུ་བ་ན་རིམ་པ་མིན་པས་རྒྱབ་ནས་རྣམ་པར་རྒྱུའོ། །དེ་ལྟར་ལོ་གསུམ་གནས་ནས་ཕྱིར་འཐོན་ནོ། །

འཐོན་ནས་ཀྱང་ཉི་མ་སོ་སོ་ལ་དབྱུ་གུ་གཉིས་འཆར་ཏེ། དབྱུ་གུ་ཡང་རྐང་པ་གཉིས་པ་དང་བཅས་པའི་ཆུ་སྲང་ལྔ་བཅུ་རྩ་དྲུག་གིས་བདག་ཉིད་དེ། ཨ་བ་དྷཱུ་ཏཱི་ལས་འཐོན་པའི་ཕྱིར་མཇུག་རིངས་ཀྱིའོ། །ཟླ་བ་གཅིག་གི་བར་དུ། དུ་བ་མེད་པར་སྐར་མ་བཞིན་དུ་སྣོང་ལ། དེ་ནས་ཟླ་བ་
ཕྱེད་དུ། དུ་བའི་མཇུག་མ་རིང་པོར་གསལ་ལོ། །དེ་བཞིན་དུ་ཟླ་བ་ཕྱེད་དང་གཉིས་ཀྱིས་མཐར་སླར་ཡང་ཉི་མའི་དཀྱིལ་འཁོར་ལ་དེ་བཞིན་དུ་ལོ་གསུམ་གྱི་བར་དུ་མི་སྣང་བར་འགྱུར་རོ། །འདིའི་ཐོག་མར་འཆར་བ་ཇི་ལྟར་གྲགས་པ་བརྟགས་པས་ཤེས་པར་བྱའོ། །དེ་ལྟར་འཆར་བ་གཅིག་གི་
ཤེས་ན་དུས་དཔག་ཏུ་མེད་པའི་ཤེས་པར་འགྱུར་རོ། །མཇུག་རིངས་དག་པའོ། །འདིར་ཐུན་མོང་གི་རིམ་པ་འདི་དག་སྟེ་མྱུར་བའི་ལས་ལ་ཉི་མའི་དཀྱིལ་འཁོར་ལས་འཆར་བའི་གཟའ་རིམ་པར་བགྲོད་པ་ན། དབྱུ་གུའི་རྐང་པ་བཅུ་བཞིའི་ཕྱེད་ལས། སྔོན་མ་ཕྱེད་ལ་ལོངས་སྤྱོད་པ་ན་བྱུང་
བར་རྒྱུ་བ་ཞེས་བརྗོད་དོ། །ཕྱི་མ་ཕྱེད་ལ་ལོངས་སྤྱོད་པ་ནི་བུལ་བར་རྒྱུ་བའོ། །དེ་ལས་འཁོར་ལོ་ཕྱེད་དོར་ནས་གཟའི་རིམ་པ་མ་ཡིན་པ་སྟེ། སྔོན་མ་ཕྱེད་པ་ནི་ཡོན་པོར་རྒྱུ་བའོ། །ཕྱི་མ་ཕྱེད་ལ་འཐོན་པོར་རྒྱུ་བ་ཞེས་བརྗོད་དོ། །ཁྱིམ་གྱི་རྒྱུ་སྐར་གྱི་འཁོར་ལོ་འདོར་བའི་ཕྱིར་རོ། །འདིར་
རིམ་པ་ལ་སྔོན་མ་ཕྱེད་དུ་ནི་ནོར་འཕེལ་ལ། གཟའ་རྣམས་ཀྱང་ཤར་དུ་མངོན་པར་ཕྱོགས་པའོ། །ཕྱི་མ་ཕྱེད་དུ་ནི་ནོར་འཛད་པ་དང་ལྷོར་མངོན་པར་ཕྱོགས་པའོ། །རིམ་པ་མིན་པ་ལ་སྔོན་མ་ཕྱེད་དུ་བུ་ལོན་འཕེལ་ལ་ཁ་ནུབ་ཏུ་མངོན་པར་ཕྱོགས་པའོ། །ཕྱི་མ་ཕྱེད་དུ་བུ་ལོན་ཉམས་པ་
དང་བྱང་དུ་མངོན་པར་ཕྱོགས་པའོ། །འདི་དག་འཆི་ལྟས་ལ་སོགས་པའི་དབང་གིས་ཕྱོགས་གཞན་དུ་ལྟ་བ་ཉིད་དོ། །རང་བཞིན་གྱིས་ནི་སྒྲ་གཅན་ཁ་ནུབ་ཏུ་ཕྱོགས་ནས་རི་རབ་ལ་གཡས་སྐོར་བྱེད་ལ། གཟའ་གཞན་ནི་ཤར་དུ་ཁ་ལྟའོ། །དེ་ལ་ཉི་མའི་འོད་ཟེར་གྱིས་བསྒྲིབས་པའི་ཕྱིར་
ཉི་མ་ལ་ནུབ་པ་སྟེ། གཟའ་ཐམས་ཅད་དུ་མེད་པ་ནི་མ་ཡིན་ནོ། །སླར་ཡང་དེ་བཞིན་ཁོ་ནར་འཆར་རོ་ཞེས་བྱའོ། །འདིར་འཕགས་པའི་ཡུལ་དུ་ཉི་མ་དང་ཟླ་བའི་ལོངས་སྤྱོད་འཕེལ་འགྲིབ་ཀྱི་དབང་གིས་དབྱུ་གུ་དྲུག་ཅུའི་རང་བཞིན་གྱི་ཉིན་མཚན་ལས་བཅུ་ཡིས་བགོས་པས་ཐོབ་

པའི་དབྱུ་གུ་རྣམས་ཀྱིས་ཉིན་མོ་འཕེལ་བར་འགྱུར་བ་ནི་མཚན་མོ་འགྲིབ་སྟེ། ལོ་མེའི་ཁོར་ཡུག་གི་མཚམས་ནས་གངས་ཅན་ཆེན་པོའི་ཁོར་ཡུག་གི་མཚམས་ཀྱི་བར་དུ་དཔག་ཚད་སྟོང་ཕྲག་བདུན་ཅུ་རྩ་ལྔ་བྱང་དུ་བགྲོད་པ་ལ་ཟླ་བ་དྲུག་གིས་སོ། །དེ་བཞིན་དུ་གངས་ཅན་ཆེན་
པོའི་ཁོར་ཡུག་གི་མཚམས་ནས། ལོ་མེའི་ཁོར་ཡུག་གི་མཚམས་ཀྱི་བར་དུ་ལྷོར་བགྲོད་པ་ན་མཚམས་མཚན་མོ་འཕེལ་ཞིང་ཉིན་མོ་འགྲིབ་པའོ། །དེ་ལྟར་གྱུར་པ་ན་ཉིན་མཚན་སོ་སོ་ལ་ཆུ་སྲང་གཉིས་འཕེལ་བའམ་འགྲིབ་པར་ཤེས་པར་བྱའོ། །དེ་བཞིན་དུ་བོད་ཡུལ་དང་ལི་ཡུལ་དང་།
རྒྱ་ནག་ལ་སོགས་པའི་ཡུལ་རྣམས་དང་། ཤམྦྷ་ལའི་ཡུལ་གྱི་མཐའི་བར་དུ་དགུ་དང་། བརྒྱད་དང་། བདུན་གྱིས་བགོས་པས་ཐོབ་པའི་དབྱུ་གུ་རྣམས་ཀྱིས་དང་། ཀེ་ལ་ཤའི་དུམ་བུར་དྲུག་གིས་སྐལ་བས་ཉིན་མཚན་ལ་ཇི་ལྟར་རིགས་པར་རོ། །ཀེ་ལ་ཤའི་དུམ་བུ་ལས་བྱང་ཕྱོགས་
སུ་གངས་ཅན་གྱི་རིའི་བར་ལ་ཉིན་མཚན་སོ་སོ་ལ་དབུགས་བཞིས་ལྷག་པའི་ཆུ་སྲང་གསུམ་འཕེལ་བའམ། འགྲིབ་པའོ། །གངས་རིའི་ཕྱི་རོལ་གྱི་ཕྱོགས་མཚམས་བརྒྱད་དུ་ཁོར་ཡུག་གི་རྣམ་པས་རྒྱུ་སྐར་གྱི་ཁྱིམ་ཟླུམ་པོ་གཅིག་ཏུའོ། །འདིའི་དབུས་ན་མཉམ་པའི་རེ་ཁཱའོ། །དེ་ཉིད་ཀྱི་ཕྱོགས་
ལོགས་གཉིས་སུ་གཞུའི་རྣམ་པའོ། །འདིར་ཡང་འབྲུ་བསྙིལ་བའི་དབུས་ཀྱི་ཀ་བ་བཞིན་དང་། །གླང་བཞིན་འཁོར་ལ། རྒྱུ་སྐར་དབྱུ་གུ་ལ་སོགས་པ་ནས་ནག་པའི་ཕྱེད་ཀྱི་བར་དུ་བྱང་ཕྱོགས་ཀྱི་རེ་ཁཱ་ལ། ལྷོ་ཕྱོགས་སུ་ཡང་ནག་པའི་ཕྱེད་ལ་སོགས་པ་ནས་ནམ་གྲུའི་མཐར་རོ། །དེ་རྣམས་
ཁོ་ན་ལ་རྐང་པ་དང་བཅས་པའི་རྒྱུ་སྐར་གཉིས་ལ་ཁྱིམ་གཅིག་ཉིད་དོ། །དེ་ལྟར་ཁྱིམ་བཅུ་གཉིས་པོ་རྣམ་པར་གཞག་གོ། །དེ་ལ་བརྟེན་པའི་གཟའ་ནི་ལོངས་སྤྱོད་པའོ། །བྱང་ཕྱོགས་སུ་བགྲོད་པ་ན་ཟླུམ་པོ་འདིའི་བྱང་གི་མཐའ་ནི། བྱང་གི་མེའི་ཁོར་ཡུག་གི་དང་པོར་འགྲོའོ། །ལྷོ་ཕྱོགས་ཀྱི་
མཐའ་ཡང་གངས་ཅན་གྱི་རིའི་ལྷོའི་མཐར་རེག་པའོ། །ལྷོར་བགྲོད་པ་ན་ཡང་ལྷོ་ཕྱོགས་ཀྱི་མཐའ་ནི་ལྷོའི་མེའི་ཁོར་ཡུག་གི་དང་པོར་འགྲོའོ། །བྱང་ཕྱོགས་ཀྱི་མཐའ་ཡང་བསིལ་བའི་རིའི་བྱང་གི་མཐའ་རེག་པར་འགྱུར་རོ། །རྒྱུ་སྐར་ལ་སོགས་པ་འདི་དག་ཀྱང་རི་རབ་ལ་སྐོར་བ་བྱེད་

པས་འགྲོ་བའི་འཁོར་བའི་དབང་གིས་ཟླུམ་པོའི་རྣམ་པར་འགྱུར་རོ། །ཟླུམ་པོའི་ཚད་ནི་ལྷོ་ནི་མེའི་ཁོར་ཡུག་ནས་གངས་ཅན་ཆེན་པོའི་བར་རོ། །དཔག་ཚད་སྟོང་ཕྲག་བདུན་ཅུ་རྩ་ལྔས་སོ། །དེ་དག་ལ་འཁོར་ལོའི་ཉིན་ཞག་བརྒྱ་བརྒྱད་ཅུ་རྩ་ཕྱེད་