Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 14

Văn bản gốc(Tây Tạng)

Trang 11 / 23 (50.000 ký tự/trang)
་ལོའི་རིམ་པས་གནས་པ་ནི། དབུས་སུ་བ་ལང་དང་སྟག་གི་པགས་པའི་གདན་ལ་ཤེས་རབ་དང་བཅས་པའི་གཙོ་བོ་སྟེ། སློབ་དཔོན་སྡོད་ཅིང་མིའི་པགས་པའི་སྣོད་དོ། །དེའི་གཡས་ཕྱོགས་སུ་མིའི་པགས་པའི་སྟེང་དུ་གཡུང་མོའོ། །
ཕྱོགས་རྣམས་ལ་ཁྱི་དང་། རྟ་དང་། བ་ལང་དང་། གླང་པོ་ཆེའི་པགས་པའི་སྟན་རྣམས་ལ་དམངས་རིགས་མ་དང་། རྒྱལ་རིགས་མོ་དང་བྲམ་ཟེ་མོ་དང་རྗེ་རིགས་མ་རྣམས་སོ། །མཚམས་རྣམས་ཀྱི་བྱང་ཤར་ནས་དྲི་ཆུ་དང་དྲི་ཆེན་དང་། ཁྲག་དང་། རྐང་རྣམས་ཀྱི་སྣོད་རྣམས་སོ། །དེ་ནས་ཐུགས་ཀྱི་དཀྱིལ་
འཁོར་ཡོངས་སུ་བསྐོར་བའི་ཕྱོགས་རྣམས་སུ་ལུག་དང་ནགས་ཀྱི་ཁྱི་དང་། རྔ་མོ་དང་འདམ་སེང་གི་པགས་པ་རྣམས་ལ་འཁར་བ་མཁན་མ་དང་། ཨུམ་བིའི་སྟེང་དུ་གར་བྱེད་མ་དང་། ནོར་བུ་བྱེད་མ་དང་། ཁྲོན་པ་བྱེད་མ་རྣམས་སོ། །མཚམས་རྣམས་ལ་ར་དང་རི་དགས་དང་། བོང་བུ་དང་ཕག་པའི་པགས་
པའི་སྟན་རྣམས་ལ་ཐག་མ་དང་། ཆང་འཚོང་མ་དང་། གསེར་མགར་མ་དང་ཕྲེང་བ་མ་རྣམས་སོ། །དེ་ནས་གསུམ་པ་གསུང་གི་འཁོར་ལོའི་གནས་ལ་ཕྱོགས་དང་མཚམས་རྣམས་ལ་ཆུ་སྲིན་ཀུམྦྷི་ར་དང་། འགྲོན་བུའི་ཕུང་པོ་དང་། ཀ་ཀ་རིའི་ཕུང་པོ་དང་། ཉ་སྲམ་དང་། ཆུ་སྲིན་དང་། སྦལ་པ་དང་། རུས་
སྦལ་ཁོག་པ་དང་། དུང་གི་གདན་རྣམས་ལ་ཤན་པ་མ་དང་བུམ་པ་བྱེད་མ་དང་། ཁུར་བྱེད་མ་དང་། སྨད་འཚོང་མ་དང་། ཁྱོགས་མཁན་མ་དང་། ཉ་བ་མ་དང་། གར་མ་དང་། ཁྲུས་མཁན་མ་རྣམས་སོ། །དེ་ནས་བཞི་པའི་ཡོངས་སུ་བསྐོར་བའི་ཕྱོགས་སུ་བསེ་དང་། སྟག་དང་། དྲེད་དང་། དོམ་རྣམས་ཀྱི་
པགས་པ་ལ་ལྕགས་མགར་མ་དང་། རྒྱ་སྐྱེགས་མཁན་མ་དང་། སྲིན་བལ་མཁན་མ་དང་། མར་ཁུ་མཁན་མ་རྣམས་སོ། །མཚམས་རྣམས་སུ་མེའི་མཚམས་ནས་འབྲི་དང་། ཅེ་སྤྱང་མ་དང་། སྲམ་དང་། བྱི་ལའི་པགས་པ་རྣམས་ལ། སྨྱུག་མཁན་མ་དང་། ཤིང་མཁན་མ་དང་། ཀོ་ལྤགས་
མཁན་མ་དང་། འདྲེག་མཁན་མ་རྣམས་སོ། །ཡོངས་སུ་བསྐོར་བ་ལྔ་པ་ལ་གོ་དྷཱ་བ་དང་། བྱི་བ་དང་། སཱ་ལ་ཛི་ཏ་ཀ་དང་། སྤྲེའུ་རྣམས་ལ། ཀླ་ཀློ་མ་དང་། མི་གཙང་འཕྱག་མ་དང་། དུར་ཁྲོད་གནས་མ་དང་། ཚོན་རྩི་མ་རྣམས་སོ། །མཚམས་ཀྱི་མེ་མཚམས་ནས་རི་བོང་དང་། གཟུང་མོ་དང་། ཨི་

ཤུ་ཀ་པ་ཤུ་དང་། སྦལ་པ་རྣམས་ལ་ཀོ་སྐྱ་མ་དང་། མཐུ་མ་དང་། མི་རྒོད་མ་དང་། རི་ཁྲོད་མ་རྣམས་སོ། །པགས་པ་འདི་རྣམས་མེད་ན་ཤར་དང་མེར་ཁྱིའི་པགས་པའོ། །ལྷོ་དང་བདེན་བྲལ་དུ་རྟའི་པགས་པའོ། །ནུབ་དང་རླུང་དུ་གླང་པོ་ཆེའི་པགས་པའོ། །བྱང་དང་དབང་ལྡན་དུ་བ་ལང་གི་པགས་པའོ། །
དབུས་སུ་མིའི་པགས་པའོ། །རྣལ་འབྱོར་མ་འདི་རྣམས་མ་ལུས་པ་གོས་དང་བྲལ་བ་སྐྲ་གྲོལ་བ་ཕྱག་རྒྱ་ལྔ་དང་ལྡན་པ་དེ་རྣམས་ཀྱི་གཡས་རྣམས་སུ་དཔའ་བོ་ཡང་དེ་རྣམས་དང་མཉམ་པ། ཕྱག་རྒྱ་ལྔ་དང་ལྡན་པ་དེ་རྣམས་ལ་པགས་པའི་གདན་སྦྱིན་པར་བྱའོ། །དེ་རྣམས་བཏུང་བའི་སྣོད་ནི་ཤར་དང་
མེར་ཉ་ཕྱིས་སོ། །ལྷོ་དང་ལྷོ་ནུབ་ཏུ་ན་རི་ཀེ་ལའི་སྣོད་དོ། །ནུབ་དང་རླུང་དུ་ཁམ་ཕོར་རོ། །བྱང་དང་དབང་ལྡན་དུ་མིའི་ཐོད་པའོ། །དབུས་སུ་ཤིང་གི་པོར་པ་རྣམས་སོ། །དེ་ནས་དམ་ཚིག་གི་རྫས་རྣམས་ལྷ་མོ་རྣམས་ཀྱི་རང་བཞིན་ཏེ། གདན་གྱི་སྲོག་ཆགས་སུམ་ཅུ་སོ་དྲུག་གི་སྟོབས་རྣམས་ཆུ་ལ་སྤྱོད་པའི་
དམ་ཚིག་གོ། །ཡང་ཙཱ་ཏ་ཀ་དང་། ནེ་ཙོ་དང་། ཁུ་བྱུག་དང་། ས་རི་ཀ་དང་། བྱ་ཝང་དང་། ཕུ་རོན་དང་། སོ་བྱ་དང་། མཆིལ་པ་དང་། ངུར་པ་དང་། ངང་པ་དང་། བྱ་ལོང་དང་། ཁུ་བྱུག་མིག་དང་། ཛ་ཀ་དང་། བྷ་ག་ཝ་ཏི་དང་། པོ་ཏ་ཀི་དང་། སྲེག་པ་དང་། བཞད་དང་། ཆུ་སྐྱར་དང་། ཆུ་བྱ་
དང་། ཁྭ་ཏ་དང་། བྱ་རྒོད་དང་། འུག་པ་དང་། ཧོར་པ་དང་། རྨ་བྱ་དང་། ཁྱིམ་བྱ་དང་། ཁྲ་དང་། འོལ་བ་དང་། བྱན་ལག་དང་། ཤིང་གི་དགྲ་དང་། མིག་སྔོན་ཙ་ཀོ་ར་དང་། གོ་བོ་དང་། པགས་པའི་བྱ་ཆེན་པོ་དང་། དྷཱ་ཏཱུ་ཧ་དང་། པ་ཧོར་ཏ་སྭ་ཡི་དང་། ཉ་ཟ་དང་། ཁྲུང་ཁྲུང་དང་། ཨཾ་པ་རི་ཀ་
རྣམས་ཀྱི་སྟོབས་ཏེ། འདི་རྣམས་ནི་མཁའ་ལ་སྤྱོད་པའི་དམ་ཚིག་གི་རྫས་སུམ་ཅུ་སོ་དྲུག་གོ། །དེ་ནས་ཡང་སོ་དང་། སྐྲ་དང་། པགས་པ་དང་། ཤ་དང་། ཆུ་བ་དང་། རུས་པ་དང་། གྲོད་པ་དང་། བྷ་ག་དང་། ཤིག་དང་། བ་སྤུ་དང་། སྲིན་བུ་དང་། གློ་བ་དང་། རྒྱུ་མ་དང་། མཚན་མ་དང་། བད་ཀན་དང་།
མཁྲིས་པ་དང་། ཆུ་སེར་དང་། ཁྲག་དང་། རྡུལ་དང་། ཚིལ་དང་། མཆི་མ་དང་། མཆིལ་མ་དང་། སྣབས་དང་། དྲི་ཆུ་དང་། ཞག་དང་། རྣག་རྣམས་ཁ་དོག་སྣ་ཚོགས་དང་དྲི་སྣ་ཚོགས་དང་། ཕྱིས་དང་། ལྕེ་དང་། མིག་དང་། རྣ་བ་དང་། སྣ་དང་། ཁུ་བ་དང་། རྡུལ་རྣམས་ཏེ། འདི་རྣམས་ནི་སེམས་ཅན་རྣམས་ཀྱི་

ལུས་ཀྱི་དམ་ཚིག་གོ། །ཁུ་བ་དང་། དྲི་ཆུ་དང་། བཤང་བ་དང་། རྐང་མར་དང་། ཤ་དང་། མཆེར་པ་དང་། མཁྲིས་པ་དང་། ཁྲག་དང་། རྒྱུ་མ་དང་། པགས་པ་རྣམས་དང་། ཆུ་དང་། ཡོན་ཆབ་དང་། བདུག་སྤོས་དང་། མར་མེ་དང་། མེ་ཏོག་དང་། འབྲས་བུ་མ་ཉམས་པ་དང་།
ལྷ་བཤོས་རྣམས་སྣོད་དུ་བཞག་སྟེ། ཕྱོགས་མཚམས་བརྒྱད་དུ་གཞག་གོ། །དེ་ནས་སློབ་དཔོན་གྱིས་སྲུང་བའི་འཁོར་ལོ་བསྒོམ་པ་སྔོན་དུ་སོང་བས་སྟོང་པ་ཉིད་ཀྱི་རྗེས་ལ་བདག་ཉིད་ཀྱི་ས་བོན་གྱི་འོད་ཟེར་གྱིས་སྤྱན་དྲངས་པའི་ཡེ་ཤེས་ཀྱི་འཁོར་ལོ་ལ་ཡོན་ཆབ་སྔོན་དུ་སོང་བས། ཐུགས་ལ་སོགས་པའི་
དཀྱིལ་འཁོར་ལ་གཞུག་པར་བྱའོ། །དེ་རྣམས་ཀྱང་ལྷའི་གཟུགས་སུ་བསྒོམས་ལ་དེ་ནས་སློབ་དཔོན་གྱིས་སྔོན་དུ་སོང་བའི་དམ་ཚིག་གི་རྫས་དང་། སྟོབས་དང་མྱོས་བྱེད་དང་ཟན་ལ་སོགས་པ་སྔོན་དུ་བཞག་ལ་གཏོར་མ་སྦྱང་ངོ་། །ཡང་ན་སྦྱང་ལུགས་གཞན་ནི་ཨོཾ་བཛྲ་ཀྲོ་དྷེ་ཤྭ་རི་སརྦ་དྲ་བྱཱ་ནི་བི་ཤོ་དྷ་ཡ་ཧཱུྃ་ཕཊ།
ཅེས་པས་བདུད་རྩི་ལྔ་མྱོས་བྱེད་ཀྱིས་བཞུ་བར་བྱ་སྟེ་བསང་གཏོར་བྱའོ། །དེ་ནས་སྲིན་ལག་གིས་བླངས་ནས་གྲུ་གསུམ་བྱས་པའི་དབུས་སུ་མཎྜལ་ཟླུམ་པོ་བྱས་ལ་དེ་ལ་ཡེ་ཤེས་ཀྱི་འཁོར་ལོ་སྤྱན་དྲང་ངོ་། །དེ་ནས་སྲིན་ལག་གིས་བླངས་ལ་སྔོན་དུ་སོང་བའི་སྔགས་ཀྱིས་ཡང་དག་པར་མཉེས་པར་བྱའོ། །དེ་
ནས་སྡིག་པ་བཤགས་པ་ལ་སོགས་པ་བྱ་སྟེ། འདོད་པའི་དོན་ལ་གསོལ་བ་གདབ་པར་བྱས་ནས་གཤེགས་སུ་གསོལ་བར་བྱས་ཏེ། །དེ་ནས་ཞིང་སྐྱོང་རྣམས་ལ་སྔོན་དུ་སོང་བའི་སྔགས་ཀྱིས་གཏོར་མ་བྱིན་ལ། དེ་ནས་ཨོཾ་ཧཱ་རི་ཏི་པི་ཎ་ཌི་ཀཾ་པྲ་ཏཱིཙྪ་སྭཱ་ཧཱ། ཨོཾ་དཱུ་ཏི་ཀེ་ཨ་གྲ་གྲཱ་ས་མ་པྲ་ཏཱིཙྪ་སྭཱ་ཧཱ། ཞེས་པས་
འཕྲོག་མ་དང་ཕོ་ཉ་དག་ལ་ཆང་ཟན་དང་ཕུད་ཡི་གེ་གསུམ་མངོན་པར་བསྔགས་ཏེ་ས་ལ་བཞག་ལ་ཟས་མ་ཟོས་པ་དང་སྦྱིན་ནོ། །དེ་ནས་ཡོན་བདག་གིས་མཎྜལ་བྱས་ལ་ཅི་བདེ་བར་གསོལ་བར་ཞུ་ཞེས་པའོ། །དེ་ནས་ལས་ཀྱི་རྡོ་རྗེས་བླ་མ་ལ་གུས་པས་བག་ཡོད་པས་དམ་ཚིག་གི་རྫས་དེ་དང་དེ་རྣམས་གུས་པ་དང་
བཅས་པས་དབུལ་བར་བྱའོ། །མྱོས་བྱེད་ཀྱི་སྣོད་པདྨའི་ཕྱག་གིས་དྲང་བར་བྱ་ཞིང་ལན་པས་ཀྱང་པདྨའི་ལག་ཀོར་གྱིས་སོ། །སློབ་དཔོན་ལ་ཐམས་ཅད་ཉིས་འགྱུར་དུ་དྲང་བར་བྱའོ། །དེ་རྣམས་ཀྱིས་མྱོས་བྱེད་ཀྱི་ཕུད་དང་པོ་སློབ་དཔོན་ལ་ཕུལ་ཏེ་ཕྱག་བྱས་ལ་བཏུང་བར་བྱའོ། །གནང་བ་མ་བྱིན་གྱི་

བར་དུ་མྱོས་བྱེད་ས་ལ་མི་གཞག་ཅིང་ས་ལ་གཞག་ན་གཅིག་ལ་གཅིག་པདྨའི་ཕྱག་གིས་དྲང་ཞིང་བླང་བར་བྱའོ། །དེ་ལྟར་སྟོབས་དང་མྱོས་བྱེད་ལ་སོགས་པ་ལྡག་པ་དང་བཏུང་བ་དང་བཟའ་བ་དང་བཅའ་བ་རྣམས་འདྲེན་པའི་དུས་སུ་དེ་དག་གིས་བརྗོད་པ། ཆོས་རྣམས་རང་བཞིན་རྣམ་པར་དག །འདི་ལ་ཐེ་
ཚོམ་མ་བྱེད་པར། །བྲམ་ཟེ་ཁྱི་དང་གདོལ་པ་རྣམས། །རང་བཞིན་གཅིག་ཏུ་ཟ་བར་གྱིས། །བདེ་གཤེགས་ཆོས་རྣམས་ཟག་པ་མེད། །ནམ་མཁའ་དང་མཚུངས་དྲི་མ་མེད། །གཟུང་དང་འཛིན་པ་རྣམས་དང་བྲལ། །འདི་ལ་འཁྲུལ་པ་མེད་པར་སྐྱབས། །གཞན་ཡང་། འཁོར་ལོ་གཙོ་བོས་མ་
གནང་བས། །ཚོགས་ཀྱི་འཁོར་ལོ་བྱ་བ་མིན། །ལྷ་ཡི་རྣལ་འབྱོར་ལྡན་པ་ཡིས། །བྱ་བ་ཐམས་ཅད་དལ་གྱིས་བྱ། །གཞན་དུ་ན་རྣམ་པར་གཡེང་བར་འགྱུར་རོ། །འགྲོ་བར་འདོད་ན་འཁོར་ལོའི་གཙོ་བོ་ལ་སོགས་པ་ལ་ཕྱག་བྱས་ཏེ། །གནང་བ་ཞུ་ལའོ། །འཇུག་པའི་དུས་སུ་ཕྱག་བྱས་ལའོ། །
དེ་ལྟར་མཉམ་པར་གཞག་པས་ལོངས་སྤྱད་དོ། །སྟོབས་དང་མྱོས་བྱེད་ལ་སོགས་པས་ཤེས་པས་བཏེག་ན་བླ་མ་ལས་རྗེས་གནང་ཐོབ་པ་དང་ཡིད་དུ་འོང་བའི་རྡོ་རྗེའི་གླུ་ཅུང་ཟད་སྨད་ལ་བླང་བ་ནི་ལྷ་དེ་དང་དེའི་ཕྱག་རྒྱ་དང་གར་དང་བཅས་པས་སོ། །དེ་ནས་སྟོབས་དང་མྱོས་བྱེད་ལ་སོགས་པ་བཟའ་བ་དང་བཏུང་
བ་ལ་སོགས་པ་བྱས་པ་དང་སོ་སོའི་གནས་ན་གནས་པའི་རྣལ་འབྱོར་མ་རྣམས་དང་། ཟུར་གྱི་མིག་གིས་བསྡུས་པའི་ལྟ་བས་བལྟ་བར་བྱ་ཞིང་མཐོ་ལ་མཁྲེགས་པའི་ནུ་མ་དང་པདྨ་རེག་ཅིང་མཆུ་གཞིབ་ཅིང་འཁྱུད་པ་ལ་སོགས་པའི་ཀ་ར་ནའི་བྱེ་བྲག་བྱའོ། །འདིར་རྣལ་འབྱོར་མ་རྣམས་ཀྱི་ཐ་དད་ཀྱི་ངོ་ཚ་དང་
རིགས་དང་། རིགས་མིན་ལ་སོགས་པའི་རྣམ་པར་རྟོགས་པ་སྤངས་ཏེ། སོ་སོའི་གནས་ན་གནས་པའི་སྲིང་མོ་ལ་སོགས་པ་སྣ་དང་། རྣ་བ་དང་མཆུ་ལ་སོགས་པ་ཆད་པ་དང་། གཟུགས་ངན་པ་ལ་སོགས་པ་དེ་རུ་འདུས་པའི་རྣལ་འབྱོར་པ་རྣམས་ཀྱིས་སྤང་བར་མི་བྱའོ། །རྣལ་འབྱོར་པ་རྣམས་ཀྱིས་
ཀྱང་ངོ་། །དེ་ཡང་ལང་ཚོ་མ་གང་ཞིག་ཨུཏྤ་ལའི་སྤྱན་དང་ལྡན་པས་སློབ་དཔོན་དང་དཔའ་བོ་རྣམས་དང་བཅས་པའི་རྡོ་རྗེ་ལ་མཆོད་པར་བྱེད་ན། དེའི་བསོད་ནམས་ནི་ས་གཞི་དང་གླང་པོ་ཆེ་དང་། རྟ་དང་། བུ་མོ་ལ་སོགས་པ་དཔག་ཏུ་མེད་པ་ཕུལ་བ་བས་ཀྱང་བསོད་ནམས་ཆེའོ། །འདིར་རྣལ་འབྱོར་

མ་རྣམས་ཀྱི་ཕྱག་དང་མཚན་མ་དང་། །རིགས་ཀྱི་དབྱེ་བ་ལ་སོགས་པ་གཞུང་ཆེས་ཀྱིས་དོགས་པས་མ་བྲིས་སོ། །དེ་ནས་སྟོབས་དང་མྱོས་བྱེད་ལ་སོགས་པ་ལ་ལོངས་སྤྱོད་ལ་དེ་ལྟར་ཐམས་ཅད་བྱ་སྟེ། རྫོགས་པ་དང་། ཟོས་པ་དང་། འཐུངས་པའི་ལྷག་མ་སློབ་དཔོན་གྱིས་
སྡུད་དུ་བཅུག་ལ། མདུན་དུ་བཞག་པ་ལ་སླར་ཡང་མྱོས་བྱེད་ལ་སོགས་པ་བླུགས་ཏེ། སྔགས་གསུམ་གྱིས་མངོན་པར་བྱིན་གྱིས་བརླབས་པའི་ཆང་གི་ཁ་ཕྲུ་བཏབ་ལ། ཨོཾ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨུ་ཙྪི་ཥྚ་བ་ལཱིཾ་ཨུཙྪིཥྚ་བྷཀྵ་ཀ་སྭཱ་ཧཱ། ཞེས་པའི་སྔགས་ཀྱིས་ལྷག་མའི་གཏོར་མ་ལ་སྟེ། མར་མེ་
དང་བཅས་པ་ཕྱི་ལོགས་སུ་གཏོང་དུ་བཞུག་གོ། །དེ་ནས་གོས་ཟུང་དང་། ལག་གདུབ་དང་། རྣ་རྒྱན་ལ་སོགས་པ་དྲི་ཞིམ་པོ་དང་བཅས་པའི་སོ་རྩི་ལ་སོགས་པ་གཙོ་བོ་དང་དཔའ་བོ་དང་དཔའ་མོ་ལ་སོགས་པ་རྣམས་ལ་འབུལ་ལོ། །དེ་ནས་མཎྜལ་བྱས་ཏེ་བརྗོད་པ། བསོད་ནམས་འདི་ཡིས་སེམས་ཅན་གྲངས་མེད་
ཁམས་གསུམ་ལ་གནས་རྣམས་ཀྱིས་བླ་ན་མེད་པ་ཐོབ་པར་ཤོག །ཅེས་པས་ཡོན་གྱི་བདག་པོས་སྨོན་ལམ་གདབ་པར་བྱའོ། །དེ་ནས་ལྷག་མ་ལུས་པ་དོང་དུ་སྦ་བར་བྱའོ། །དེ་ལྟར་ཚོགས་ཀྱི་འཁོར་ལོ་ས་བདག་རྒྱལ་པོའམ་གཞན་གྱིས་བྱ་བའོ། །དེ་ལས་གཞན་པ་ནི་ཆོག་པའི་བྱེ་བྲག་ཇི་ལྟར་རྙེད་
པའི་ཐ་མལ་མའི་བུད་མེད་དམ་སྐྱེས་པ་རྣམས་ལས་ལྔའམ་བཅུ་གསུམ་མམ། ཉི་ཤུ་རྩ་གཅིག་གམ། རྩ་དགུའམ། ཡོངས་སུ་རྫོགས་པ་ལ་སྙན་གསན་ཕབ་སྟེ། ཇི་ལྟར་རྙེད་པའི་གདན་ལ་སོགས་པ་དེ་ལྟར་ཐམས་ཅད་བྱའོ། །དེ་ནས་དཔའ་བོའི་སྟོན་མོ་ནི་རྡུལ་ཚོན་གྱི་དཀྱིལ་འཁོར་མེད་ན་
དབུས་བ་ལང་གི་ལྕི་བས་གྲུ་བཞི་པ་བྱས་ཏེ། དེ་ནས་ཡེ་ཤེས་ཀྱི་འཁོར་ལོ་སྤྱན་དྲངས་པ་ལ་སོགས་པ། སློབ་དཔོན་གྱིས་སྔ་མ་ལྟར་བྱས་ལ། དེ་ཡང་ཚོགས་ཀྱི་གཙོ་བོ་ཁ་ཤར་དུ་ཕྱོགས་པའོ། །དེའི་གཡོན་དུ་ཕྱག་རྒྱ་གཅིག་ཡོན་བདག་གིས་དབུལ་བར་བྱའོ། །གཞན་དུ་ན་ཕྱག་རྒྱ་དང་བྲལ་བའི་
ཆང་གི་བཏུང་བ་བཀག་པའི་ཕྱིར་རོ། །དེའི་གཡས་ཕྱོགས་སུ་སློབ་དཔོན་དགེ་སློང་རྣམས་ནི་གྲལ་ཤར་དུ་ཕྱོགས་པས་སོ། །བདེན་བྲལ་ནས་སློབ་དཔོན་དགེ་ཚུལ་རྣམས་བྱང་དུ་ཕྱོགས་པས་སོ། །དབང་ལྡན་ནས་སློབ་དཔོན་ཁྱིམ་པ་རྣམས་ཁ་ལྷོ་རུ་ཕྱོགས་པས་སོ། །དེ་ལྟར་དགེ་སློང་མ་དང་དགེ་ཚུལ་

མ་དང་། དགེ་བསྙེན་མ་རྣམས་ཀྱང་ངོ་། །ཚོགས་ཀྱི་གཙོ་མོའི་གཡོན་དུ་ཐབས་ཅིག་ཡོན་བདག་གིས་དབུལ་བར་བྱའོ། །གཞན་དུ་ན་ཐབས་དང་བྲལ་བའི་སྟོབས་ཀྱིས་བཟའ་བ་བཀག་པའི་ཕྱིར་རོ། །ལྷག་མ་སྔ་མ་དང་མཚུངས་སོ། །འདི་ནི་དཔའ་བོའི་སྟོན་མོ་དང་བཅས་པའི་ཚོགས་ཀྱི་འཁོར་ལོའི་
ཆོ་གའི་རིམ་པའོ། །དེ་ནས་གསུངས་པའི་དཀྱིལ་འཁོར་རམ་བྲིས་སྐུ་ལ་སོགས་པའི་དཀྱིལ་འཁོར་ལ་མཆོད་པ་ལ་སོགས་པ་སྔོན་དུ་སོང་བས་ལུགས་མ་ལ་སོགས་པ་རབ་ཏུ་གནས་པ་བྱ་བ་ནི། སྟོང་པའི་ངང་ལས་ས་བོན་ལ་སོགས་པ་ལས་ཡོངས་སུ་རྫོགས་པའམ། སྐད་ཅིག་གིས་དམ་ཚིག་སེམས་དཔའི་
གཟུགས་ཐུགས་ཀར་ས་བོན་དང་བཅས་པ་བསམས་ལ། ན་བཟའ་གསར་པ་དམར་པོ་ལ་སོགས་པ་བསྐོན་པ་དང་། དེ་ནས་ཡོན་བདག་མེ་ཏོག་དང་བཅས་པ་དེ་ཉིད་གཟུགས་བརྙན་མེ་ཏོག་དང་བཅས་པར་དམིགས་ཏེ། ཡོན་བདག་ལུགས་མ་སོགས་པ་དང་བཅས་པས་སློབ་མ་ཇི་ལྟ་བ་བཞིན་དུ་
རྡུལ་ཚོན་གྱི་དཀྱིལ་འཁོར་དུ་འཇུག་པ་སྟེ། སློབ་དཔོན་གྱིས་ཀྱང་ལུགས་མ་ལ་སོགས་པའི་ལྷག་པའི་ལྷའི་མཚན་མ་འམ་དེའི་རིགས་ཀྱི་མཚན་མ་ལ་དེའི་མེ་ཏོག་གི་ཕྲེང་བ་འབུལ་དུ་གཞུག་གོ། །ཡང་ན་མེ་ཏོག་དོར་བ་སྤངས་ཏེ། ལུགས་མ་ལ་སོགས་པ་དཀྱིལ་འཁོར་མཐོང་བ་ཙམ་གྱིས་འཇུག་
པར་བྱའོ། །དེ་ཡང་དཀྱིལ་འཁོར་གྱི་ཤར་གྱི་ཕྱོགས་སམ་བྱང་ཤར་མཚམས་སུ་ཁྲུས་ཀྱི་གདན་གྱི་སྣམ་བུ་ཆུ་དང་ཞེང་དུ་ཇི་ལྟར་འཚམ་པར་བྱ་བའམ། ཇི་ལྟ་བ་བཞིན་དུ་ས་གཞི་ལ་བྱུགས་པ་ལ་སོགས་བྱས་པ་ལ་བདུད་རྩི་ལྔ་དང་བཅས་པའི་བའི་རྣམ་ལྔས་བྱུགས་ཏེ། ཕྱོགས་མཚམས་ལ་བུམ་པ་
བརྒྱད་བཀོད་པ་དང་། མེ་ཏོག་ལ་སོགས་པ་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དང་། དྲིལ་བུ་དང་། གར་དང་། གླུ་དང་། སྒྲ་ལ་སོགས་པ་ཇི་ལྟར་ནུས་པ་ཡིད་དུ་འོང་བར་བྱས་ལ། དགེ་བའི་ཚེས་ལ་སོགས་པ་ལ་སློབ་དཔོན་རྒྱན་ཐམས་ཅད་བཏགས་ཏེ། རྡོ་རྗེ་སེམས་དཔའ་རིག་མ་དང་
བཅས་པའི་ང་རྒྱལ་གྱིས། སྟེགས་བུའི་དབུས་སུ་ཐུགས་ཀྱི་དཀྱིལ་འཁོར་གྱི་ཚད་ཀྱི་གྲུ་བཞི་པ། རྟ་བབས་དང་བྲལ་བའི་ནུབ་ཀྱི་སྒོ་དང་ལྡན་པ་སྣ་ཚོགས་པདྨ་འདབ་མ་བརྒྱད་པ་ཕྱོགས་དང་མཚམས་རྣམས་ལ་དོན་ཡོད་གྲུབ་པ་ལ་སོགས་པའི་མཚན་མ་རྣམས་རྡུལ་ཚོན་གྱིས་བྱའོ། །དེའི་སྟེང་དུ་སྣམ་

བུ་ལ་པདྨ་འདབ་མ་བརྒྱད་པ་བྲིས་པ་ལ། ལུགས་མ་ལ་སོགས་པ་བསྐྱོད་པར་ནུས་པ་རྣམས་ཤར་དུ་ཕྱོགས་པས་བཞུགས་སུ་གསོལ་ལོ། །ལྷ་ཁང་དང་མཆོད་རྟེན་དུ་དྲི་གཙང་ཁང་དང་། ལུགས་མ་ཆེན་པོ་རྣམས་སྔ་མ་ལྟར་དམ་ཚིག་པ་བསྐྱེད་ལ་དཀྱིལ་འཁོར་དུ་བཞུགས་པར་
བསམ་པ་སྟེ། དེ་རྣམས་ལ་ཁྲུས་ཀྱི་སྣམ་བུ་དགོས་པ་མེད་པས་ན་དེ་ལྟར་བྱེ་བྲག་གཉིས་སོ། །དེ་ཡང་ནུབ་མོའི་དུས་སུ་ལུགས་མ་ལ་སོགས་པ་སྔོན་དུ་བཞུགས་པ་དང་། དེ་ལ་བདག་ཉིད་མངོན་པར་ཕྱོགས་ཏེ་ཞབས་བསིལ་ལ་སོགས་སྔོན་དུ་སོང་བས་ནིར་མན་ཚ་ན་བྱ་བ་ནི། ཨོཾ་ཨཱཿཧཱུཾ་ཧོ་ཧཾ་ཀྵཿ།
ཞེས་པའི་སྔགས་ཀྱིས་གྲུབ་པའི་ཡུངས་ཀར་ཆང་བ་གཡས་གཡོན་དུ་གཟུང་ལ་སོ་སོར་ལན་གཉིས་སུ་གཡོན་དུ་བསྐོར་ཞིང་། ཨོཾ་སརྦ་པཱ་པཾ་ད་ཧ་ན་བཛྲཱ་ཡ་བཛྲ་ས་ཏྭ་སྱ་སརྦ་པཱ་པཾ་ད་ཧ་སྭཱ་ཧཱ། ཞེས་པ་བཟླས་ཏེ་ཡུངས་ཀར་མེ་ལ་གདེགས་པར་བྱའོ། །དེ་ལྟར་གཡས་སུ་བསྐོར་བས་ཀྱང་ངོ་། །དེ་ལྟར་ཆུས་
གང་བའི་ཁམ་ཕོར་དང་དཱུར་བ་དང་བཅས་པའི་བ་ལང་གི་ལྕི་བས་ཆང་བར་བཅངས་ལ་ཆང་ཟན་དང་། གསིལ་ཡ་བ་རས་རྣམས་ཏེ། འོན་ཀྱང་ཁ་འཕོར་ལ་སོགས་པ་མེ་རུ་སྐྱུར་བར་མི་བྱའོ། །དེ་ནས་ལུགས་མ་ལ་སོགས་པ་ལ་ལག་པས་རེག་ལ། གཙོ་བོའི་སྔགས་དང་བཅས་པས་ལུགས་མ་ལ་སོགས་པ་ལ་
ཇི་ལྟར་རིགས་པ་ལྟར་དངོས་སུ་འམ་མེ་ལོང་གི་གཟུགས་བརྙན་ལ་དྲི་ནི་ཐུགས་ཀར་བྱུག་གོ། །མེ་ཏོག་ནི་དབུ་ལའོ། །ཡོན་ཆབ་མདུན་དུའོ། །མར་མེ་བསྐོར་བཞིན་པས་སོ། །མར་དང་སྤོས་དཀར་ཡི་གེ་དྲུག་པ་ལན་བདུན་བཟླས་ཏེ་བདུག་པར་བྱའོ། །འདི་ནི་ནིར་མན་ཚ་ནའི་ཆོ་གའི་རིམ་པའོ། །དེ་
ནས་ཡི་གེ་དྲུག་པ་བཟླས་ཤིང་དཱུར་བའི་པིར་གྱིས་ཟངས་ཀྱི་སྣོད་ན་གནས་པའི་ཞོ་དང་། འོ་མ་དང་། མར་དང་། སྦྲང་རྩི་དང་། ཀ་ར་རྣམས་ཏེ། བདུད་རྩི་ལྔའི་བདག་ཉིད་དང་། གཞན་ཡང་ཞོ་དང་། འོ་མ་དང་། མར་དང་། བ་ལང་གི་ལྕི་བ་དང་། ཆུ་རྣམས་ཀྱིས་ལུགས་མ་ལ་སོགས་པ་སྐུ་ཁྲུས་གསོལ་
དུ་བཏུབ་པ་རྣམས་ལ། ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨ། ཞེས་པའི་སྔགས་ཀྱིས་བྱུག་པར་བྱའོ། །བྲིས་སྐུ་དང་པོ་ཏི་ལ་སོགས་པ་རྣམས་མེ་ལོང་གི་གཟུགས་བརྙན་ལའོ། །དེ་ནས་ཡི་གེ་དྲུག་པ་བཟླ་ཞིང་ཆུ་གཙང་མ་དང་དྲི་ཞིམ་པོས་ཁྲུས་བྱའོ། །དེ་ནས་ཁར་བའི་སྣོད་དུ་འདག་ཆལ་ལྔ་བླུགས་པས་དག་པར་བྱ་བ་ནི།

ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བི་ཤོ་དྷ་ནི་སྭཱ་ཧཱ། ཞེས་པས་སོ། །མེ་དང་ཉི་མས་སྨིན་པའི་དྲིའི་མར་གྱིས་བྱུགས་ལ་ཡང་འདག་ཆལ་གྱིས་སོ། །སྐྱུར་པོས་བྱུགས་ལ་དེ་ལྟར་ཁྲུས་བྱས་ཏེ། ཁར་བའི་སྣོད་ཀྱི་ཡུང་བས་བྱུགས་ནས་ཡང་ཁྲུས་བྱའོ། །དེ་ནས་ཙནྡན་དང་། གུར་གུམ་དང་། ག་པུར་དང་། གླ་རྩི་ལ་
སོགས་པས་མཉམ་པར་བྱུགས་ཏེ། སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་སྤྱན་དྲངས་པའི་བུམ་པས་ཁྲུས་བྱེད་པར་བསམ་ཞིང་བཀྲ་ཤིས་ཀྱི་གླུ་དང་བཅས་པས་བུམ་པ་རྣམས་ཀྱི་ཆུ་ཡིས་ཁྲུས་བྱ་བ་ནི། སྔོན་དུ་བརྗོད་པའི་ཚིགས་སུ་བཅད་པ་དང་བཅས་པས་སོ། །དེ་ཉིད་ལ་ཆགས་པའི་ཆུ་རས་འཇམ་
པོས་དབྱི་བར་བྱས་ལ་དེ་ལ་ཇི་ལྟར་ནུས་པའི་ན་བཟའ་དབུལ་བར་བྱའོ། །དེ་ནས་ས་བོན་གྱིས་ཡེ་ཤེས་སེམས་དཔའ་དང་། སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་དང་། ལྷ་རྣམས་མདུན་དུ་སྤྱན་དྲངས་ལ་ཞབས་བསིལ་དང་། ཞལ་བསིལ་དང་། ཡོན་ཆབ་རྣམས་སྔོན་དུ་སོང་བས་པུས་མོ་
གཡས་པ་ས་ལ་བཙུགས་ཏེ། ལག་པ་གཡོན་པས་དྲིལ་བུ་དཀྲོལ་ཞིང་གཡས་པས་སྤོས་སྣོད་ཀྱིས་བདུག་ཅིང་ཧཱུྃ་ལས་བྱུང་བའི་རྡོ་རྗེའི་ལྕེ་དང་ལྡན་པས། བཅོམ་ལྡན་འདས་དུས་ཀྱི་འཁོར་ལོ་ཉིད་ཅེས་པ། བདག་ནི་རྡོ་རྗེ་ཆེ་གེ་ཉིད། །ཅེས་པར་བསྒྱུར་བས་བསྟོད་དེ། ཕྱག་བྱས་ནས། ཨོཾ་བཛྲ་པུ་ན་རཱ་ག་མ་ན་
ཡ་མུཿ། ཞེས་པས་གཤེགས་སུ་གསོལ་ལོ། །ཁྲུས་བྱས་པའི་ལུགས་མ་ལ་སོགས་པ་རྣམས་ཀྱི་གནས་ལྔ་རྣམས་ལ་དྲིས་བྱུགས་ལ་མཆོད་དེ། ཡི་གེ་དྲུག་པ་དང་བཅས་པའི་གཡས་ཀྱི་རྡོ་རྗེ་ལན་གསུམ་དུ་རེག་ནས་ལྷ་དེ་དང་དེའི་བསྔགས་བཟླས་ཏེ། དེ་ནས་ཕྱོགས་སྐྱོང་རྣམས་ལ་གཏོར་མ་
དབུལ་ལོ་ཞེས་པས་སོ། །གང་ཞིག་སེམས་ཅན་བརྟན་ན་ལྷག་པར་གནས་པ་མེད་ཀྱང་རབ་ཏུ་གནས་པར་བྱ་བ་ནི། གསུངས་པར་འགྱུར་བའི་ཆོ་ག་རྣམས་ཉི་མ་གཅིག་ལ་བྱའོ། །ཡོན་བདག་ལ་འབྱོར་པ་ཡོད་ན་བསོད་ནམས་ཀྱི་ཚོགས་ཀྱི་དོན་དུ་ལྷག་པར་གནས་པར་བྱའོ། །འདི་ནི་ལྷ་ལྷག་པར་
གནས་པའི་ཆོ་གའི་རིམ་པའོ། །དེ་ནས་དཀྱིལ་འཁོར་གྱི་ཤར་ཕྱོགས་ཀྱི་གཞི་ལ་སྒོ་བཞི་པ་རེ་ཁཱ་ལྔ་དང་བཅས་པ་བྱས་ལ། དབུས་སུ་པདྨ་འདབ་མ་བརྒྱད་པའོ། །ཕྱོགས་དང་མཚམས་རྣམས་སུ་རིམ་པ་ཇི་ལྟ་བ་བཞིན་མཚན་མ་རྣམས་དགོད་དོ། །དེ་ནས་ལུགས་མ་ལ་སོགས་པ་དཀྱིལ་འཁོར་

ལ་སྔོན་དུ་ཕྱོགས་པས་ཞུགས་པ་དང་། རྒྱུད་དང་སྒྲུབ་ཐབས་ལ་སོགས་པར་ལྷ་བསྐྱེད་པའི་བྱེ་བྲག་སློབ་དཔོན་གྱིས་གོ་བར་བྱ་སྟེ། མཆོད་རྟེན་ལ་སོགས་པ་སྟོང་བའི་ངང་ལས་རིམ་པས་སམ། སྐད་ཅིག་གིས་དམ་ཚིག་སེམས་དཔའི་གཟུགས་བསྒོམ་མོ། །པོ་ཏི་རྣམས་ནི་སྟོང་པའི་
ངང་ལས་ཨཱཿདེ་ལས་འོད་དཔག་ཏུ་མེད་པའི་རིག་མ་དང་བཅས་པ་པདྨ་དང་ཉི་མའི་སྟེང་དུའོ། །དེ་ཡང་ཡོངས་སུ་གྱུར་པ་ལས་ཡི་གེའི་གཟུགས་བརྙན་གྱི་བདག་ཉིད་འོད་དཔག་མེད་ཀྱི་གཟུགས་ཀྱི་དམ་ཚིག་པ་རུ་བསྒོམ། ལྷ་ཁང་དང་། མཆོད་རྟེན་དང་། དྲིའི་གཙང་ཁང་ལ་སོགས་པ་རྣམས་པདྨ་དང་ཟླ་
བ་ལ་གནས་པ། ཨོཾ་ལས་བྱུང་བའི་རྣམ་པར་སྣང་མཛད་སྤྱན་མ་ལ་འཁྱུད་པ་ཡོངས་སུ་གྱུར་པ་ལས་ལྷ་ཁང་ལ་སོགས་པའི་གཟུགས་བརྙན་གྱི་བདག་ཉིད་རྣམ་པར་སྣང་མཛད་ཀྱི་གཟུགས་ཀྱི་དམ་ཚིག་སེམས་དཔའ་རུ་བསྒོམ་མོ། །གཞན་ཡང་སྟོང་བའི་རང་བཞིན་དུ་ནི་བྱས་ནས་རྒྱལ་བ་མཆོག་དང་
བཅས་པའི་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་རྣམས། །ཞེས་པས་སྒྲུབ་ཐབས་སུ་གསུངས་པའི་ཆོ་གས་བདག་ཉིད་དུས་ཀྱི་འཁོར་ལོར་བསྒོམ་ཞིང་། ལྷ་ལ་སོགས་པ་རྣམས་ཀྱང་སོ་སོའི་ས་བོན་ལས་བྱུང་བའི་སོ་སོའི་གཟུགས་ཀྱི་རྣམ་པར་བསྒོམས་ལ། ཟླ་བ་དཀར་པོ་ལ་སོགས་པ་ནས་ནམ་མཁའི་དཀྱིལ་འཁོར་
ལྗང་གུའི་བར་དཔྲལ་བ་ལ་སོགས་པའི་འཁོར་ལོ་ནས་གསང་བའི་བར་དུ་བཀོད་ལ་ཨོཾ་ནས་ཀྵཿའི་བར་བསྒོམ་པར་བྱའོ། །ལྷ་རྣམས་ཀྱང་འདི་ལྟ་སྟེ། རང་གི་ས་བོན་གྱི་འོད་ཟེར་གྱིས་ཡེ་ཤེས་ཀྱི་འཁོར་ལོ་སྤྱན་དྲངས་ཏེ། ཞབས་བསིལ་ལ་སོགས་པས་མཆོད་ལ། ཛ་ཧཱུྃ་བཾ་ཧོཿཞེས་པ་བརྗོད་དེ་ལྕགས་ཀྱུའི་ཕྱག་རྒྱ་ལ་
སོགས་པས་ཁྲོ་བོ་བཞི་ཡིས་དགུག་པ་དང་། གཞུག་པ་དང་། བཅིང་བ་དང་། དབང་དུ་བྱ་བ་རྣམས་རིམ་པ་བཞིན་དུ་བྱའོ། །དེ་ནས་ལུགས་མ་ལ་སོགས་པ་རྣམས་སྙིང་གའི་པདྨར་ཉི་མ་དང་ཟླ་བ་ཁ་སྦྱར་གྱི་ནང་དུ་ས་བོན་གྱི་ཡི་གེ་དགོད་པར་བྱའོ། །དེ་ནས་ཆུ་ལ་སོགས་པའི་དབང་རྣམས་སྔོན་དུ་གསུངས་པའི་
སློབ་མ་ལ་དབང་བསྐུར་བ་ཇི་ལྟ་བ་བཞིན་ནོ། །ཡང་ན་བསྒོམས་པས་ཐམས་ཅད་ཡོངས་སུ་རྫོགས་པར་བྱའོ། །གཞན་ཡང་དབང་བསྐུར་བ་སྤངས་ལ་ཐུགས་ཀར་ས་བོན་བཀོད་པ་དང་། ལྷའི་གཟུགས་བརྙན་གྱི་གཟུགས་སུ་ངེས་པར་བལྟས་ལ་རང་གི་སྔགས་སམ། སྔགས་འདིས་མཆོད་པ་ནི། ཨོཾ་

ཨཱཿབཛྲ་ཝསྟྲ་ཡེ་ཧཱུྃ་སྭཱ་ཧཱ། ཞེས་པ་དང་། དེ་ལྟར་ཨོཾ་ཨཱཿབཛྲ་དང་པོར་བརྗོད་ཅིང་ཧཱུཾ་སྭཱ་ཧཱ། མཐའ་མར་སྦྱར་བའི་སྔགས་རྣམས་ཀྱིས་མེ་ཏོག་དང་། བདུག་སྤོས་དང་། མར་མེ་དང་། དྲི་དང་། ལྷ་བཤོས་དང་། རྒྱན་ལ་སོགས་པ་དབུལ་ལོ། །ཨོཾ་ཨཱཿསརྦ་ཤོ་དྷ་ན་ཧཱུྃ་ཕཊ། ཅེས་པ་ནི། འབྲས་བུ་ལ་
སོགས་པ་དག་པར་བྱ་བའི་སྔགས་སོ། །ཨོཾ་བཛྲ་སྭཱ་ཧཱ། ཞེས་པའི་འབྲས་བུས་འདྲེན་པའི་སྔགས་སོ། །དེ་ནས་དམ་ཚིག་གི་རྫས་བྱིན་ལ། ཨོཾ་བཛྲ་ཨཱཿ། ཞེས་པའི་སྔགས་ཀྱིས་མེ་ལོང་བསྟན་ནོ། །དེ་ནས་སྦྱིན་སྲེག་གིས་མཉེས་པར་བྱ་བ་ནི། ཡོན་བདག་གི་འབྱོར་པའི་བྱེ་བྲག་གིས་ལུགས་མ་
ལ་སོགས་པའི་གཟུགས་ཀྱི་བྱེ་བྲག་ལ་སྟེ། ཞི་བ་ལ་སོགས་པས་སངས་རྒྱས་ཀྱི་བར་འདོད་པའི་དོན་ནི་དགོས་པའོ། །གསེར་གྱི་ཐུར་མས་དངུལ་ལ་སོགས་པའི་སྣོད་དུ་སྦྲང་རྩི་བཞག་པ་ལས་བླངས་ཏེ། ཨོཾ་ཙཀྵུ་ས་མནྟ་ཙཀྵུར་བི་ཤོ་དྷ་ནེ་སྭཱ་ཧཱ། ཞེས་བརྗོད་ཅིང་ལུགས་མའི་སྤྱན་ལ་བྱུག་ཅིང་དབྱེ་བར་བྱའོ། །
པོ་ཏི་ལ་སོགས་པ་རྣམས་ལ་མེ་ལོང་གི་གཟུགས་བརྙན་ལ་དེ་ལྟར་བྱའོ། །དེ་ནས་ཐབ་ཁུང་གི་མེའམ། མེ་གཞན་ལ་འོ་མ་དང་། འབྲས་མ་ཉམས་པ་དང་། མར་དང་། སྦྲང་དང་། ཀ་ར་རྣམས་ཧོམ་གཟར་རམ། པི་པི་ལིང་གི་ལོ་མས་སྒྱེད་པུའི་སྟེང་གི་སྣོད་དུ་བླུགས་སོ། །གཙོ་བོའི་སྔགས་བརྗོད་
ཅིང་ཚོས་པར་བཙོ་བར་བྱའོ། །ཐུག་པ་དེ་ཉིད། ཨོཾ་དཾ་བྱཱ་ནཾ་ས་མཱ་དྷི་དྷྱ་ན་པྲི་ཎ་ནེ་སྭཱ་ཧཱ། ཞེས་བརྗོད་ཅིང་ལུགས་མ་ལ་སོགས་པ་ལྷའི་གཟུགས་བརྙན་དུ་བསམས་ལ་དྲང་བར་བྱའོ། །ཞལ་བསིལ་ལ་དྲི་ཞིམ་པོའི་སྦྲང་རྩི་དང་བཅས་པ་དབུལ་ལོ། །དེ་ནས་ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨ། ཞེས་པའི་དམ་ཚིག་འདི་
ཉན་དུ་གཞུག་གོ། །པོ་ཏི་རྣམས་ལ་འོད་དཔག་མེད་ཤེས་རབ་དང་བཅས་པ་བསྟིམ་པས། བྱང་བུ་རྣམས་མཚན་སུམ་ཅུ་རྩ་གཉིས་དང་། དཔེ་བྱད་བརྒྱད་ཅུའི་རང་བཞིན་དབྱངས་དང་གསལ་བྱེད་དུ་བསྒོམ་མོ། །ལྷ་ཁང་ལ་སོགས་པ་རྣམས་ལ་རྣམ་པར་སྣང་མཛད་ཤེས་རབ་དང་བཅས་པ་ཐིམ་
པས། རང་བཞིན་ཡང་དག་པར་རྫོགས་པའི་སངས་རྒྱས་ཐམས་ཅད་དང་། དེའི་ཆོས་དང་། བྱང་ཆུབ་སེམས་དཔའ་དང་། ཉན་ཐོས་ལ་སོགས་པའི་ཏིང་ངེ་འཛིན་སྣ་ཚོགས་ཀྱི་བྲང་ཁང་དུ་བསམ་པར་བྱའོ། །མཆོད་རྟེན་ལ་དེ་ལྟར་རྣམ་པར་སྣང་མཛད་ཤེས་རབ་དང་བཅས་པ་ཐིམ་པས་དེའི་དབུས་སུ་

པདྨའི་ལྟེ་བའི་སྟེང་དུ་ཟླ་བ་ལ་འཁོར་ལོ་རྩིབས་བརྒྱད་པ་དཀར་པོའོ། །བྱང་ལ་སོགས་པའི་འདབ་མ་རྣམས་ལ་རལ་གྲི་དང་། རྡོ་རྗེ་དང་། རིན་པོ་ཆེ་དང་། པདྨ་རྣམས་བསམ་པར་བྱའོ། །དེ་ནས་མེ་ཏོག་ལ་སོགས་པ་རྣམས་ཀྱིས་མཆོད་ནས་ཐལ་མོ་སྦྱར་ཏེ། ཇི་ལྟར་སངས་རྒྱས་
ཐམས་ཅད་ཀྱིས། །དགའ་ལྡན་གནས་སུ་བཞུགས་པ་ནས། །སྒྱུ་མ་ལྷ་མཛེས་ལྷུམས་བལྟམས་ལྟར། །དེ་ལྟར་གཟུགས་བརྙན་འདི་ཉིད་ལ། །མགོན་པོ་བརྟན་པར་རྟག་བཞུགས་ནས། །བྱང་ཆུབ་སེམས་ནི་འཕེལ་དོན་དུ། །མཆོད་པ་ལ་སོགས་འདི་དག་རྣམས། །ཆེ་གེའི་དོན་དུ་བཞེས་པར་
མཛོད། །ཅེས་པ་འདི་ཇི་སྲིད་བར་དུ་བཞུགས་པར་གསོལ་བ་གདབ་པའི་དོན་དུའོ། །ཡི་གེ་དྲུག་པ་བཟླས་ཤིང་ལུགས་མ་ལ་སོགས་པའི་སྟོད་དང་། དབུས་དང་སྨད་ཀྱི་ཆ་རྣམས་ལ། ལག་པ་གཡས་པའི་རྡོ་རྗེས་ལན་གསུམ་དུ་བསྐོར་བས་བསྟན་པར་བྱ་སྟེ། མཆོག་སྦྱིན་རྡོ་རྗེ་མཆོག་ཁྱོད་འདུད། །ཅེས་
པ་ལ་སོགས་པས་བསྟོད་ལ། ལྷག་པ་དང་ཆད་པའི་སྐྱོན་སྤང་བའི་དོན་དུ། ཨོཾ་བཛྲ་སཏྭ་ས་མ་ཡ་མ་ནུ་པཱ་ལ་ཡ། བཛྲ་ས་ཏྭ་ཏྭེ་ནོ་པ་ཏིཥྛ། དྲྀ་ཌྷོ་མེ་བྷ་ཝ། སུ་ཏོ་ཥྱོ་མེ་བྷ་ཝ། སུ་པོ་ཥྱོ་མེ་བྷ་ཝ། ཨ་ནུ་རཀྟོ་མེ་བྷ་ཝ། སརྦ་སིདྡྷིཾ་མེ་པྲ་ཡཙྪ། སརྦ་ཀརྨ་སུ་ཙ་མེ་ཙིཏྟ་ཤྲི་ཡཿ། ཀུ་རུ་ཧཱུྃ་ཧ་ཧ་ཧ་ཧ་ཧོཿ། བྷ་ག་
ཝཱན་སརྦ་ཏ་ཐཱ་ག་ཏ། བཛྲ་མ་མེ་མུཉྩ་བཛྲཱི་བྷ་ཝ། མ་ཧཱ་ས་མ་ཡ་ས་ཏྭ་ཨཱཿ། དེ་ལྟར་ཡི་གེ་བརྒྱ་པ་བརྗོད་ལ། མེད་དང་མི་ཤེས་མ་གུས་པས། །གང་ཞིག་ཆད་དང་ལྷག་པར་བྱས། །དེ་རྣམས་མ་ལུས་ཐུགས་རྗེ་ཅན། །ཁྱེད་ལ་བདག་ནི་བཟོད་པར་གསོལ། །ཞེས་པས་བཟོད་པར་གསོལ་ལོ། །
སངས་རྒྱས་རྣམས་དང་ལྷ་མོ་བཅས། །དེ་སྲས་ཚངས་པ་ཀླུ་ལ་སོགས། །མ་ལུས་ཆོ་ག་ཆད་ལ་སོགས། །དེ་རྣམས་བཟོད་པར་གསོལ་བར་རིགས། །མེ་དང་ས་དང་ཆུ་དང་རླུང་། །རྣམས་ལས་ལུགས་མ་རྣམས་ལ་སྐྱོབས། །ཡོན་གྱི་བདག་ལ་ཞི་བ་དང་། །རྒྱས་དང་བཀྲ་ཤིས་རྒྱུན་དུ་སྤྱོད། །དེ་
ཡིས་བུ་སོགས་སློབ་མ་དང་། །བདག་ཀྱང་དེ་མཚུངས་མཉེས་མཛོད་ལ། །སངས་རྒྱས་ཡུལ་དུ་གཤེགས་ནས་ཀྱང་། །སླར་ཡང་འདིར་ནི་འབྱོན་པར་ཞུ། །ཞེས་ལན་གསུམ་བརྗོད་དེ། །ཕྱོགས་སྐྱོང་དང་། འབྱུང་པོ་ཐམས་ཅད་ལ་གཏོར་མ་སྦྱིན་ནོ། །ཡོན་གྱི་

བདག་པོས་ཀྱང་ལུགས་མ་ལ་སོགས་པ་ལ་བསྐོར་བ་དང་། མཆོད་པ་དང་། ཕྱག་རྣམས་བྱས་ལ། སློབ་དཔོན་ལ་ཡོན་ཕུལ་ཏེ། ཡང་དག་པར་མཉེས་པར་བྱའོ། །འོད་དཔག་མེད་ཀྱི་དཀྱིལ་འཁོར་དུ་པོ་ཏི་རྣམས་སོ། །རྣམ་པར་སྣང་མཛད་དུ་ལྷ་ཁང་ལ་སོགས་པའོ། །རྡོ་རྗེ་
སེམས་དཔས་གཙོ་བོ་བྱས་པར་སྐུའམ་གཟུགས་བརྙན་ངོ་མ་ཤེས་པ་རྣམས་སོ། །གལ་ཏེ་ལུགས་མའམ་གཟུགས་བརྙན་དེ་དང་དེའི་རིགས་སུ་ཤེས་ནས་རིགས་ཀྱི་བདག་པོ་དེ་དེང་དེའི་དཀྱིལ་འཁོར་དུའོ། །གང་དག་ཏུ་ཡང་། གཟུགས་བརྙན་རབ་ཏུ་གནས་པ་ནི། །རྒྱུད་ཉིད་གང་དུ་བཞུགས་པ་ལྟར། །དེ་ཉིད་ཀྱི་ནི་
དཀྱིལ་འཁོར་བྱ། །འོན་ཏེ་སློབ་དཔོན་རང་ཉིད་ཀྱི། །ལྷ་ཡི་བདག་ཉིད་གྱུར་པ་ལྟར། །དེ་ཡི་དབྱེ་བ་ཤེས་པར་བྱ། །ཞེས་པ་དེའི་ཕྱིར་རྒྱུད་དང་། རྒྱུད་དུ་གསུངས་པའི་ལྷ་ཡིས་ཀྱང་མཆོག་གི་བླ་ན་མེད་པ་འདིའི་དགོངས་པས་རབ་ཏུ་གནས་པའི་རིགས་སོ་ཞེས་བྱའོ། །ཆོ་ག་ཆུང་བའི་རབ་ཏུ་གནས་པ་ནི་ལུགས་
མ་ལ་སོགས་པ་སྟོང་པའི་ངང་ལས་སྐད་ཅིག་གིས་དེ་ཉིད་ཀྱི་ས་བོན་ལ་སོགས་པའི་དམ་ཚིག་སེམས་དཔའ་ལ་རང་གི་སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་ཡེ་ཤེས་སེམས་དཔའ་གཞུག་པར་བྱའོ། །རང་གི་ས་བོན་གྱི་འོད་ཟེར་གྱིས་སྤྱན་དྲངས་པའི་དེ་བཞིན་གཤེགས་པ་ལ་སོགས་པ་དང་། རང་ཉིད་ཀྱིས་ཀྱང་བུམ་
པའི་ཆུས་དབང་བསྐུར་ལ་ཡང་དག་པར་མཆོད་ནས། དེ་ཉིད་ཀྱི་སྔགས་བརྒྱ་རྩ་བརྒྱད་བཟླས་པར་བྱའོ། །འདི་ནི་ལུགས་མ་ལ་སོགས་པ་རབ་ཏུ་གནས་པའི་ཆོ་གའི་རིམ་པའོ། །སྲུང་པའི་འཁོར་ལོ་རབ་ཏུ་གནས་པ་ནི། རྡོ་རྗེ་འཛིན་པའི་ང་རྒྱལ་དང་ལྡན་པའི་སློབ་དཔོན་གྱིས་གནས་བསྲུང་བ་གང་དག་
གིས་དམ་ཚིག་སེམས་དཔའ་དེ་དང་མཐུན་པའི་ཡེ་ཤེས་སེམས་དཔའ་ལ་ཆོ་ག་ཇི་ལྟ་བ་བཞིན་གཞུག་ཅིང་བསྒོམ་པར་བྱ་བ་ནི། དེ་ལྟར་བསྒྲུབ་བྱའི་བྱེ་བྲག་གིས་དེ་དང་དེ་ལ་སྟེ། དེ་ཡང་སྲུང་འཁོར་གྱི་གཙོ་བོའི་སྔགས་དང་། སྒྲུབ་པ་པོའི་མིང་ལ་ཞུགས་པར་བསྒོམ་པ་དང་། བསྲུང་འཁོར་ཚངས་པའི་བུ་གའི་
ཁ་ནས་ཞུགས་ཏེ། རྡོ་རྗེའི་ལམ་ནས་ལྷ་མོའི་པདྨར་བབས་ལ། སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་དེ་བཞིན་གཤེགས་པ་དེ་ལྟར་ཞུགས་ནས་དབང་བསྐུར་བ་དང་། ཡང་བདག་ཉིད་ཀྱིས་ཀྱང་བུམ་པའི་ཆུས་སོ། །དེ་ཡང་བསྲུང་བའི་གཙོ་བོའི་སྙིང་པོའི་སྔགས་བརྒྱ་རྩ་བརྒྱད་བཟླས་སོ། །དེ་ནས་རྡོ་རྗེ་འཛིན་

པའི་ང་རྒྱལ་དང་ལྡན་པའི་སློབ་དཔོན་གྱིས་ལག་པ་གཡས་པའི་མཐིལ་དུ་སྐད་ཅིག་གིས་རྡོ་རྗེ་རྩེ་ལྔ་པ་བསྒོམས་ལ་དེ་རུ་ཨཱཿཡིག་ལས་ཉི་མ་ཨཱཿཡིག་གིས་བྱིན་གྱིས་བརླབས་པའོ། །གཡོན་པས་སྐད་ཅིག་གིས་པདྨའི་འདབ་མའི་རྣམ་པ་ལ་ཨཱཿཡིག་གིས་བྱིན་གྱིས་བརླབས་པའོ། །
དེ་དག་གི་དབུས་སུ་བཞག་པའི་ཕྲེང་བའི་དབུས་ཀྱི་སྐུད་པ་རྡོ་རྗེ་སེམས་དཔའི་རང་བཞིན་ནོ། །ཕྱོགས་དང་མཚམས་ཀྱི་སྐུད་པ་རྣམས་ལ་པདྨའི་ཕྱག་རྒྱ་དང་། བྱམས་པ་དང་། ནམ་མཁའ་མཛོད་དང་། ཀུན་དུ་བཟང་པོ་དང་། ཕྱག་ན་རྡོ་རྗེ་དང་། འཇམ་དཔལ་དང་། སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་
དང་། སའི་སྙིང་པོ་རྣམས་ཀྱི་བདག་ཉིད་དོ། །རྡོག་པོ་རྣམ་པར་སྣང་མཛད་ལ་སོགས་པའི་རང་བཞིན་ནོ། །མདོ་འཛིན་སྟོབས་ལ་སོགས་པའི་ཆོས་ཀྱི་རང་བཞིན་དུ་སྐད་ཅིག་གིས་རྣམ་པར་བསམ་མོ། །སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་སྤྱན་དྲངས་པའི་རྡོ་རྗེ་སེམས་དཔའ་ལ་སོགས་པ་རྣམས་ཇི་ལྟ་བ་
བཞིན་དུ་གཞུག་པར་བྱའོ། །ཨོཾ་པ་དེ་པ་དེ་མ་ཧཱ་ཛྙཱ་ནཱཾ་སརྦ་བུདྡྷ་མ་ཏཱཾ་བྷ་ཝེད་ཧཱུྃ་ཧཱུྃ་ཧཱུྃ་ཧོཿཧོཿཧོཿཨཿཁཾ་སྭཱ་ཧཱ། ཞེས་པའི་སྔགས་ཀྱིས་བྱིན་གྱིས་བརླབས་ཏེ། བུམ་པའི་ཆུས་དབང་བསྐུར་ལ་མཆོད་དོ། །ཚེགས་ཆུང་བར་བྱ་བ་ནི་ཕྲེང་བའི་སྐུད་པ་རྡོ་རྗེ་སེམས་དཔའ་དང་རོ་གཅིག་པར་བསམས་ལ། དེ་ཉིད་ཡོངས་
སུ་གྱུར་པ་ལས་ཕྲེང་བའི་རྣམ་པར་བསམ་པར་བྱའོ། །དབང་བསྐུར་ལ་གསུང་རྡོ་རྗེའི་སྙིང་པོ་བརྒྱ་རྩ་བརྒྱད་བཟླས་སོ། །ཡང་ན་དེ་ཉིད་སྟོང་པའི་ངང་ལས་རྡོ་རྗེ་འཛིན་པའི་ང་རྒྱལ་བྱས་པའི་སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་ཡི་གེ་ཧཱུྃ་རྣམས་སྤྱན་དྲངས་ལ་མདོ་འཛིན་དང་། རྡོག་པོ་གཞན་རྣམས་ལ་མཚན་
དང་དཔེ་བྱད་ཀྱི་བདག་ཉིད་གཞུག་གོ། །དེ་ལྟར་དྲིལ་བུ་ལ་ཨ་ལ་སོགས་པའི་དབྱངས་ཡིག་སུམ་ཅུ་རྩ་གཉིས་ཀྱིས་སོ། །རྡོ་རྗེ་ལ་ཀ་ལ་སོགས་པའི་གསལ་བྱེད་བརྒྱད་ཅུ་ཡིས་སོ། །མཆོད་ཕྱིར་ཐོགས་དང་ཚངས་སྐུད་ཀྱང་ངོ་། །འདི་ནི་སྲུང་འཁོར་ལ་སོགས་པའི་རབ་ཏུ་གནས་པའི་ཆོ་གའི་རིམ་པའོ། །
ཡོན་བདག་ནུས་པ་དང་ལྡན་པའི་དོན་དུ་རྣམ་པར་སྣང་མཛད་ཀྱིས་གཙོ་བོ་བྱས་པའི་དཀྱིལ་འཁོར་རྫིང་བུའི་འགྲམ་དུ་བཞེངས་ལ་འཁོར་ལོའི་གཙོ་བོའི་རྣལ་འབྱོར་དང་ལྡན་པས་རྫིང་བུའི་ཕྱོགས་དང་མཚམས་སུ་གཏོར་མ་བཏང་བ་དང་། ཆུ་སྟོང་པའི་ངང་ལས་བྷྲཱུཾ་ལས་བྱུང་བའི་འཁོར་ལོ་བྷྲཱུཾ་དང་བཅས་པ་ལས་

རྣམ་པར་སྣང་མཛད་སྤྱན་མ་དང་བཅས་པའོ། །དེ་ནས་རྡོ་རྗེ་ཆུ་བདག་དཀར་པོ་མིའི་གདོང་པ་ཅན། གདེངས་ཀ་བདུན་དང་ལྡན་པ། ཕྱག་གཡོན་པས་སྦྲུལ་གྱི་ཞགས་པ་དང་བཅས་པས་ཡུམ་ལ་འཁྱུད་དེ་རོལ་པས་གནས་པ། གཡས་ཀྱི་ཨུཏྤལ་སྔོན་པོ་བསྣམས་པ་ལྟེ་བ་མན་ཆད་སྦྲུལ་གྱི་རྣམ་པ། འདི་དམ་
ཚིག་གི་སེམས་དཔའི་རྣམ་པར་བསྒོམས་ལ། བདག་ཉིད་ཀྱི་སྙིང་གའི་ས་བོན་ལས་འོད་སྤྲོས་ཏེ་རྣམ་པར་སྣང་མཛད་སྤྱན་དྲངས་ནས། ཞབས་བསིལ་ལ་སོགས་པ་སྔོན་དུ་སོང་བས། ཨོཾ་ས་མ་ཡ་སྟཾ། ཞེས་བརྗོད་དེ་གཞུག་པར་བྱའོ། །དབང་བསྐུར་མེ་ཏོག་ལ་སོགས་པས་མཆོད་ནས་དེ་ཡོངས་སུ་གྱུར་
པ་ལས་གཟུགས་བརྙན་དང་བཅས་པའམ། ཡེ་ཤེས་ཀྱི་བདུད་རྩིའི་རང་བཞིན་དྲི་ཞིམ་པ། རོ་དང་ལྡན་པ་ཡང་བ་དང་། འཇམ་པ་དང་། གྲང་བ་མགྲིན་པ་དང་། གསུས་པ་ལ་ནད་མི་བྱེད་པའི་ཡན་ལག་བརྒྱད་དང་ལྡན་པའི་ཆུས་འོག་གི་བར་དུ་སྟེ། ཀླུ་བརྒྱད་དང་ལྡན་པ་ཕྱོགས་བཞི་རུ་རླབས་ཀྱིས་འགྲོ་བ་དེ་
ཉིད་ཀྱི་ཤར་ལ་སོགས་པའི་ཕྱོགས་རྣམས་ལ་དགའ་བོ་དང་། པདྨ་དང་། འཇོག་པོ་དང་། ཆུ་བདག་རྣམས་སོ། །མཚམས་རྣམས་སུ་དུང་སྐྱོང་དང་། ཀརྐོ་ཊ་དང་། རིགས་ལྡན་དང་། པདྨ་ཆེན་པོ་རྣམས་རིམ་པ་བཞིན་གསེར་དང་། ར་གན་དང་། ཟངས་དང་། དངུལ་དང་། ཞ་ཉེ་དང་། འཁར་བ་དང་།
ལྕགས་དང་། གཤའ་ཚེ་རྣམས་ལས་བྱས་པའམ་བསྒོམ་པ་སྟེ། སྐད་ཅིག་གིས་དམ་ཚིག་སེམས་དཔའི་གཟུགས་སུ་བསམས་ལ། སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་སྤྱན་དྲངས་ལ་ཡེ་ཤེས་སེམས་དཔའ་དང་ཐ་མི་དད་པར་གནས་པར་བྱའོ། །དེའི་དུས་སུ་མཆོད་སྡོང་དེའི་དཔངས་ཀྱི་ཉིས་འགྱུར་དང་ལྡན་པ་
གཟུགས་སོ། །དེའི་དབུས་སུ་ཆུ་བདག་གོ། །དེ་ལ་སྦྲང་རྩི་ཆུ་དང་བཅས་པ་དང་། བདུད་རྩི་ལྔ་བླུགས་པར་བྱའོ། །མེ་ཏོག་ལ་སོགས་པས་དེ་ཉིད་ཡང་དག་པར་མཆོད་པར་བྱས་ནས་སྦྱིན་སྲེག་བྱའོ། །དེའི་འགྲམ་དུ་བ་ལང་གི་ལྕི་བས་བྱུགས་ལ་གྲང་བའི་དྲི་ཡི་མཎྜལ་བྱས་ཏེ། རང་གི་སྙིང་གའི་ས་བོན་གྱི་འོད་
ཟེར་གྱིས་སྤྱན་དྲངས་ལ་མཎྜལ་གྱི་པདྨའི་ལྟེ་བར་རྡོ་རྗེ་ཆུ་བདག་གོ། །ཤར་ལ་སོགས་པའི་ཕྱོགས་དང་མཚམས་རྣམས་ལ་དགའ་བོ་ལ་སོགས་པའོ། །ཕྱི་རོལ་གྱི་ཕྱོགས་ཐམས་ཅད་དུ་ཀླུ་རྣམས་རྣམ་པར་བསམ་པར་བྱའོ། །ཨོཾ་ཨཱཿབཛྲ་བ་རུ་ཎཱ་ཡ་ཧཱུཾ་སྭཱ་ཧཱ། ཞེས་པ་དེ་ལྟར་རང་གི་མིང་དང་ལྡན་པའི་སྔགས་ཀྱིས་

མེ་ཏོག་དཀར་པོས་རྣམ་པར་མཆོད་ལ། ཀླུའི་ཕྱག་རྒྱ་དང་ལྡན་པས། ཨོཾ་ཨ་ནནྟ་བཱ་སུ་ཀི་ཏཀྵ་ཀ་ཀརྐོ་ཊ་ཀྲ་པདྨ་མ་ཧཱ་པདྨ་ཤཾ་ཁ་པཱ་ལ་ཀུ་ལི་ཀ་དེ་བ་ཏི་མ་ཧཱ་དེ་བ་ཏི་སོ་མ་ཤི་ཁི་དཎྜ་དྷ་ར་ཨ་བ་ལཱ་ལ་ཧུ་ལུ་ཧུ་ལུ་ནནྡ་ཨུ་ནནྡ་སཱ་ག་ར་མ་ཧཱ་སཱ་ག་ར་ཏཱ་བྷ་མ་ཧཱ་ཏཱབྟ་ཤྲཱི་ཀཱནྟི་མ་ཧཱ་ཀཱནྟི་རཏྣ་ཀཱནྟི་སུ་རཱུ་པ་མ་ཧཱ་སུ་རཱུ་
པ་བྷ་དྲི་ཧཱི་ཀ་མ་ཧོ་ད་ར། སི་ལི། མ་ཧཱ་ས་ལ་། ཨོཾ་བྷཀྵ་བྷཀྵ་ཨཱ་གཙྪ་ཨཱ་གཙྪ་མཧཱ་ནཱ་ག་ཨ་དྷི་པ་ཏི་སརྦ་བྷུར་བྷུ་ཝ་ཕྲུཾ་ཕྲུཾ་སྭཱ་ཧཱ། ཞེས་པའི་སྔགས་ཀྱིས་འོ་མའི་གཏོར་མ་སྦྱིན་ནོ། །དེ་ནས་ཇི་སྲིད་དུ་བཞུགས་པའི་དོན་དུ་ཡི་གེ་བརྒྱ་པ་བཟླས་ནས་བྱིན་གྱིས་བརླབས་པའི་ཕྱོགས་བརྒྱད་དུ་བཏང་ཞིང་དེའི་ཕྱི་རོལ་དུ་ཡང་
ངོ་། །གཞོན་ནུ་མ་མཉེས་པར་བྱ་སྟེ། འདི་ནི་རྫིང་བུ་དང་། ཁྲུས་གནས་དང་། ཁྲོན་པ་རྣམས་རབ་ཏུ་གནས་པའི་ཆོ་གའོ། །དེ་ནས་ལྗོན་ཤིང་དང་སྐྱེད་མོས་ཚལ་ལ་སོགས་པ་རབ་ཏུ་གནས་པའི་ཆོ་ག་ནི་ཕྱོགས་རྣམས་སུ་གཏོར་མ་བྱིན་ལ་རྣམ་པར་སྣང་མཛད་ཀྱི་བདག་ཉིད་ཀྱི་སློབ་དཔོན་གྱིས་ཤིང་རྣམས་ཀྱི་
གཙོ་བོ་སྟོང་པའི་ངང་ལས་རྣམ་པར་སྣང་མཛད་དུ་རྣམ་པར་བསམས་ལ། དེ་ལ་ཡེ་ཤེས་སེམས་དཔའི་ཡོན་ཆབ་སྔོན་དུ་སོང་བས་གཞུག་པར་བྱ་སྟེ། བུམ་པའི་ཆུ་ཡིས་དབང་བསྐུར་བ་དང་དེ་ཉིད་ཡོངས་སུ་གྱུར་པ་ལས་ལྗོན་ཤིང་ངོ་། །དེའི་དབུས་སུ་ལྗོན་ཤིང་ཡང་དེ་ལྟར་ལྷག་པར་མོས་པར་བྱའོ། །ལྗོན་
ཤིང་གཙོ་བོ་དེ་ཉིད་ལ་གནས་པའི་ལྷ་ལ་ཡང་མེ་ཏོག་ལ་སོགས་པས་མཆོད་དེ་གཞན་གྱི་བྱ་བ་བྱེད་ཅིང་། ཇི་སྲིད་དུ་བཞུགས་པར་གསོལ་བ་བཏབ་ཅིང་ཕྱོགས་རྣམས་སུ་གཏོར་མ་བཏང་བ་འདི་ནི་སྐྱེད་མོས་ཚལ་ལ་སོགས་པ་རབ་ཏུ་གནས་པའི་ཆོ་གའི་རིམ་པའོ། །ད་ནི་དབང་དང་རབ་ཏུ་གནས་པ་ལ་སོགས་པ་
ཐམས་ཅད་ལ་སྦྱིན་སྲེག་སྔོན་དུ་འགྲོ་བར་གསུངས་པའི་ཀུན་རྫོབ་ཀྱི་སྦྱིན་སྲེག་འདིར་བརྗོད་པར་བྱ་སྟེ། ཉིན་མོའི་ཐུན་དང་པོ་ལ་ཞི་བ་ལ་སོགས་པའི་ལས་བྱ་སྟེ། དེ་ལྟར་མཚན་མོ་ལ་ཡང་ངོ་། །དེ་ལྟར་ཐུན་ཕྱེད་རྣམས་སམ་ཐུན་རྣམས་ལ་སྟེ། ལས་ཐམས་ཅད་པ་དང་། ཞི་བ་དང་། རྒྱས་པ་དང་། གསད་པ་དང་།
དབྱེ་བ་དང་། དབང་དང་། དགུག་པ་དང་། རྨོངས་པ་དང་། རེངས་པ་རྣམས། གྲོང་ཁྱེར་གྱི་དབུས་དང་། གཤིན་རྗེ་དང་། བདེན་བྲལ་དང་། ཆུ་བདག་དང་། རླུང་དང་། གནོད་སྦྱིན་དང་། དབང་ལྡན་དང་། ཤར་དང་། མེ་མཚམས་སུ་སྟེ། དབང་བསྐུར་བའི་དུས་སུ་རྡུལ་ཚོན་གྱི་མེ་རིའི་ཕྱི་རོལ་དུ་ཁྲུ་དོ་སྤངས་པའི་གནོད་

སྦྱིན་ནམ། དྲག་པོ་རུ་ཟླུམ་པོ་དང་། གྲུ་བཞི་དང་། གཞུའི་རྣམ་པ་དང་། ཟུར་ལྔ་དང་། བདུན་དང་། གསུམ་དང་། དྲུག་དང་། བརྒྱད་རྣམས་དང་ལྡན་པའོ། །ཁྲུ་གང་བ་དང་། ཁྲུ་དོ་པ་དང་། ཁྲུ་གང་གི་ཕྱེད་དང་། ཟླུམ་པོ་དང་མཚུངས་པ་དང་། སོར་བཞི་བཅུ་པ་དང་། ཉི་ཤུ་པ་དང་། སུམ་ཅུ་པ་རྣམས་
སོ། །ཐབ་ཁུང་རྣམས་ཀྱི་རྒྱའི་ཕྱེད་སྟེང་དུའོ། །ཐབ་ཀྱི་ཁ་ཁྱེར་ལ་ཐད་ཀར་སྤངས་ཀྱི་དྲུག་ཆའོ། །དེ་དག་གི་ཉིས་འགྱུར་སྙེགས་བུའོ། །དེའི་ཉིས་འགྱུར་ཁ་ཁྱེར་ཚོན་ལའོ། །ཡང་མཆུ་དང་མཉམ་པ་ཕྱི་རུ་ཁ་ཁྱེར་བྱའོ། །སྟེང་དུ་ཟླ་བ་དང་། ཉི་མ་དང་། ཟླ་བ་དང་། མཎྜལ་སྔོན་པོ་དང་། དམར་པོ་དང་།
དུ་བའི་མཎྜལ་དང་། མཎྜལ་སེར་པོ་དང་། རི་རབ་གཉིས་ཀྱི་མཚན་མས་མཚན་པའི་ཐབ་བྱའོ། །སྟེགས་བུ་ཆ་ལྔ་རུ་བྱས་པའི་ལོགས་གཉིས་ཀྱི་ཆ་གཉིས་སྤངས་ཏེ། ཆ་གསུམ་ལ་འོག་ནས་འབྱུང་བའི་མཚན་མ་རྣམས་ཀྱིས་རིམ་པ་བཞིན་འོག་ནས་བསྐོར་བ་སྟེ། གལ་ཏེ་ས་ཡིས་བྱེད་ན་ཆུའི་ཕྱེད་ཀྱིས་སོ། །
རྡུལ་ཚོན་གྱིས་བྱེད་ན་ངེས་པ་མེད་དོ། །དེའི་ཕྱི་རོལ་དུ་གཉིས་ལ་པདྨའི་འདབ་མ་དང་། གཉིས་ལ་སོར་མོ་དང་བཅས་པའི་ལག་མཐིལ་དང་། ཁྭའི་འཇུག་སྒྲོ་དང་གཉིས་ལ་ཤིང་ཨརྒའི་འདབ་མ་དམར་པོ་དང་གཉིས་ལ་ཤིང་ཨརྒའི་འདབ་མ་སེར་པོ་རྣམས་ཀྱི་ཕྲེང་བས་བསྐོར་རོ། །དེའི་ཕྱི་རོལ་དུ་གཉིས་ལ།
ཀུ་ཤ་དང་ཤི་བའི་སྐྲ་དང་། ཡི་དགས་ཤིང་གི་ལོ་མ་དང་། གཉིས་ལ་མེ་ཏོག་དམར་པོ་དང་། གཉིས་ལ་མེ་ཏོག་སེར་པོ་རྣམས་ཀྱིས་བསྐོར་རོ། །ཐབ་ཀྱི་ཚད་ནི་པདྨའི་འདབ་མའོ། །བཅུ་གཉིས་ཀྱི་ཆས་གཙོ་བོའི་ལྟེ་བའོ། །དེ་ལ་རྡོ་རྗེ་ནག་པོ་དང་། པདྨ་དཀར་པོ་དང་། འཁོར་ལོ་དཀར་པོ་དང་། གྲི་གུག་
ནག་པོ་དང་། རལ་གྲི་ནག་པོ་དང་། མདའ་དམར་པོ་དང་། རྡོ་རྗེ་ལྕགས་ཀྱུ་དམར་པོ་དང་། སྦྲུལ་ཞགས་སེར་པོ་དང་། རྡོ་རྗེ་ལྕགས་སྒྲོག་སེར་པོ་རྣམས་དགོད་པར་བྱའོ། །ལས་ཐམས་ཅད་པའི་ཐབ་ཁུང་ལ་ཤར་ལ་སོགས་པའི་པདྨའི་འདབ་མ་རྣམས་ལ། རལ་གྲི་དང་། རིན་པོ་ཆེ་དང་། འཁོར་ལོ་དང་།
པདྨ་རྣམས་སོ། །མཚམས་རྣམས་ལ་གྲི་གུག་ནག་པོ་དང་། ལྕགས་ཀྱུ་དམར་པོ་དང་། རྡོ་རྗེ་ཞགས་པ་སེར་པོ་དང་། རྩེ་གསུམ་པ་དཀར་པོ་རྣམས་སོ། །དེ་ལྟར་ཞི་བ་ལ་ཡང་ངོ་། །རྒྱས་པ་ལ་ཡང་ཕྱོགས་རྣམས་སུ་རྡོ་རྗེ་ལ་སོགས་པའི་མཚན་མ་རྣམས་དང་། མཚམས་རྣམས་ལ་གྲི་གུག་ནག་པོ་ལ་

སོགས་པའོ། །དེ་ལྟར་གསད་པ་ལ་ཤར་དུ་ཕྱོགས་པའི་དཀྱིལ་འཁོར་ཏེ། གསད་པ་དང་དབྱེ་བ་ལ་བྱང་དུ་ཁ་ཕྱོགས་པའི་རལ་གྲི་ལ་སོགས་པའི་མཚན་མའོ། །དབང་དང་དགུག་པ་ལ་ལྷོར་ཁ་ཕྱོགས་པས་ཕྱོགས་རྣམས་ལ་རིན་པོ་ཆེ་ལ་སོགས་པའོ། །མཚམས་རྣམས་ལ་ལྕགས་ཀྱུ་
དམར་པོ་ལ་སོགས་པའོ། །རྨོངས་པ་དང་། རེངས་པ་ལ་ནུབ་ཏུ་ཁ་ཕྱོགས་པས་ཕྱོགས་བྲལ་རྣམས་ལ་འཁོར་ལོ་དང་། ཞགས་པ་སེར་པོ་ལ་སོགས་པའོ། །ཐབ་ཁུང་ལ་ཁྲུ་དོ་སྤངས་པར་རྡུལ་ཚོན་དཀར་པོ་དང་། དམར་པོ་དང་། ནག་པོ་རྣམས་ཀྱིས་ར་བ་གསུམ་བྱ་སྟེ། བྱང་ལ་སོགས་པར་ཁ་ཕྱོགས་
པའི་ར་བའི་ནང་གི་རྒྱའི་བརྒྱད་ཆའི་སྒོའོ། །དཀྱིལ་འཁོར་གྱི་སྒོ་དང་མཚུངས་པའི་རྟ་བབས་དང་བཅས་པ་ཐབ་ཁུང་ཀུན་ལ་བྱའོ། །ཐབ་ཁུང་གི་མདུན་དུ་ཁྲུ་དོ་སྤངས་པའི་གནས་སུ་ཞི་བ་ལ་སོགས་པའི་དབྱེ་བའི་དབྱིབས་དང་ལག་པ་སྔ་མ་ལྟར་པདྨ་དང་། མཚན་མའི་བྱེ་བྲག་བཀོད་པའི་ཁྲུ་གང་པ་རང་རང་གི་
ཕྱོགས་སུ་གཞག་གོ། །ལས་ཐམས་ཅད་པ་ལ་སྣ་ཚོགས་རྡོ་རྗེ་ཆོས་འབྱུང་དུ་ཆུད་པས་མཚན་པའོ། །དེ་ལྟར་སྦྱིན་སྲེག་གི་དགང་གཟར་ལ་སོགས་པའི་གདན་དང་། ཡོན་ཆབ་ཀྱི་གདན་གཡས་དང་གཡོན་དུའོ། །གདན་དེ་ལ་རིམ་པ་ཇི་ལྟ་བ་བཞིན་གནས་པར་བྱ་བ་སྟེ། རྐང་པ་གཡས་པ་གཡོན་པའི་པུས་མོའི་
གོང་དུ་བཞག་པ་པདྨའི་འདུག་སྟངས་སོ། །རྐང་པ་གཡས་པ་གཡོན་པའི་བརླའི་སྟེང་དུ་གཞག་ཅིང་གཡོན་པ་གཡས་པའི་བརླ་སྟེང་དུ་གཞག་པ་རྡོ་རྗེའི་འདུག་སྟངས་སོ། །ལྷ་མ་ཡིན་གྱི་འདུག་སྟངས་ནི་ལུས་བསྐུམས་ཏེ་རུས་སྦལ་ལྟར་གནས་པའོ། །རྐང་པའི་ལོང་མོ་གཉིས་གཤིབས་ཏེ། བཙོས་པོ་ཆེ་
འཕོང་དང་སྦྱར་ནས། པུས་མོ་གཉིས་བསླང་བ་ནི་ཙོག་པུའི་འདུག་སྟངས་སོ། །རྐང་པ་གཡོན་པ་སྐྱིལ་ཀྲུང་ཕྱེད་པའོ། །དེ་ལས་བཟློག་པ་ནི་གཉིས་པའོ། །རྐང་པ་གཡོན་པའི་ལོང་མོ་གཉིས་གཤིབས་ཏེ། བཙོས་པོ་ཆེ་འཕོང་དང་སྦྱར་ནས། པུས་མོ་གཉིས་བསླང་བ་ནི་ཙོག་པུའི་འདུག་སྟངས་སོ། །རྐང་པ་
གཡོན་པ་སྐྱིལ་ཀྲུང་དུ་གནས་ནས་གཡས་པའི་ཙོག་པུ་སྟེ། ཅུང་ཟད་བརྐྱང་པ་སྐྱིལ་ཀྲུང་ཕྱེད་པའོ། །དེ་ལས་བཟློག་པ་ནི་བྱེ་བྲག་གཉིས་པའོ། །རྐང་པ་གཡོན་པའི་རྟིང་པ་བཤང་ལམ་ན་གནས་ཏེ། གཡས་པ་ཙོག་པུར་གནས་པ་རྐང་པ་བཤང་ལམ་ན་གནས་པའོ། །དེ་ལས་བཟློག་པ་རྣམས་སོ། །དེ་

ནས་རིམ་པ་བཞིན་དུ་ཤེལ་དང་། མུ་ཏིག་དང་། མིའི་སོ་དང་། བོ་དེ་ཙེ་དང་། པདྨའི་ས་བོན་དང་། ཙནྡན་དམར་པོ་དང་། ལུང་ཏང་དང་། རུ་དྲཱཀྵའི་ཕྲེང་བ་རྣམས་སོ། །དེ་ནས་པད་སྣོད་འདབ་མ་དང་། ལྟེ་བ་རྣམས་ལ་སོར་བཅུ་གཉིས་པ། ཤེལ་དང་། དངུལ་དང་། ཐོད་པ་དང་། ལྕགས་དང་། གསེར་དང་།
ཟངས་དང་། ཤིང་དང་། ས་ལས་བྱས་པའི་ཡོན་ཆབ་ཀྱི་སྣོད་རྣམས་སོ། །དེ་ནས་དགང་གཟར་ནི་རྡོ་རྗེས་མཚན་པའི་ཁྲུ་གང་བའི་ཡུ་བ་ལ་སྟེང་གི་ཆ་ཐལ་མོ་སྦྱར་བའི་རྣམ་པའོ། །དེའི་ནང་གི་དབུས་གྲུ་བཞི་པ་པདྨས་མཚན་པ་སོར་བཞི་དང་ལྡན་པའོ། །དེའི་རྩེ་མོ་རྡོ་རྗེ་རྩེ་ལྔ་པའོ། །ར་དབུས་མ་ནས་བཅུད་འགྲོ་བའི་གནས་
དང་ལྡན་པའོ། །དེ་ལས་ཅུང་ཟད་ཕྲ་ལ་ཆུང་བ་སྲིད་དུ་མཚུངས་པའི་སྟེང་གི་ཆ་པདྨ་དང་བླུགས་གཟར་རོ། །དེ་ལྟར་ཞི་བ་ལ་སོགས་པའི་གཉིས་གཉིས་ཏེ། ཨུ་དུམྺཱ་ར་དང་། བྱང་ཆུབ་ཤིང་དང་། ནྱ་གྲོ་དྷ་དང་། བ་ཀ་ཌི་དང་། རྒུན་འབྲུམ་ཤིང་རྣམས་ཀྱི་ཡམ་ཤིང་ལྔ་བརྒྱའོ། །མིའི་དུས་པ་མཐེ་ཆུང་གི་རྣམ་པ་ལྔ་
བརྒྱའོ། །དེ་ལྟར་ཁྭའི་མཇུག་སྒྲོ་ཡང་ངོ་། །དེ་ལྟར་སེང་ལྡེང་ངམ། པ་ལ་ཤ་ལས་བྱུང་བ་དང་། དེ་ལྟར་བི་ལོ་ལས་བྱུང་བ་ལྔ་བརྒྱ་སོར་བཅུ་གཉིས་པའོ། །དེ་ལྟར་རྫས་རྣམས་ནི་ཞི་བ་ལ་བའི་འོ་མ་དང་དཱུར་བའོ། །རྒྱས་པ་ལ་མར་དང་། དཱུར་བའོ། །གསད་པ་ལ་ཤ་དང་དུག་གོ། །བསྐྲད་པ་དང་དབྱེ་བ་ལ་མིའི་ཞག་
དང་བཅས་པའི་རི་ཛ་ཀ་དང་ཚྭའོ། །དབང་ལ་རྡུལ་དང་། ཀ་ར་བཱི་ར་ལ་སོགས་པའི་མེ་ཏོག་དམར་པོའོ། །དགུག་པ་ལ་དྲི་ཆུ་དང་། ཤིང་པོ་ལའི་འདབ་མ་དང་། འབྲས་བུའོ། །རེངས་པ་ལ་མཆིལ་མ་དང་། མེ་ཏོག་རྙིང་པོའོ། །རྨོངས་པ་ལ་ཚ་དང་། ཐང་ཕྲོམ་གྱི་འདབ་མའོ། །དེ་ལྟར་གཉིས་གཉིས་ལ་སྟེ། མེ་
ཏོག་དྲི་ཞིམ་ལ་དཀར་བ་དང་། ཚ་ལ་ཚེར་མ་དང་ལྡན་པའི་ནག་པོ་དང་། དམར་པོ་དང་། སེར་པོ་རྣམས་སོ། །དེ་ལྟར་གྲང་བའི་བདུག་སྤོས་ནི་ཨ་ག་རུ་དང་། སི་ཧླ་དང་། ག་བུར་དང་། སྦྲང་རྩི་ཀ་ར་རྣམས་ཀྱིས་སོ། །དེ་ལྟར་ཤིན་ཏུ་བདུག་པའི་སྤོས་ནི་བཤང་བ་དང་། ཤ་དང་། ཁྲག་རྣམས་ཀྱིས་སོ། །དེ་ལྟར་
དྲི་ཆེ་བར་འགྱུར་བའི་སྤོས་གུ་གུལ་དང་། རྒྱ་སྐྱེགས་དང་། སྤོས་དཀར་དང་། ཀུན་དུ་རུ་དང་། ཤྲཱི་བ་ས་དང་། བུ་རམ་རྣམས་ཀྱིས་སོ། །དེ་ལྟར་བསྐ་བའི་སྤོས་ཨ་རུ་རའི་ཕྱེ་མ་དང་། བུ་རམ་དག་གིས་སོ། །ཡང་རིམ་པ་ཇི་ལྟ་བ་བཞིན་འོ་མའི་ཟན་དང་། ཞོ་དང་བཅས་པའི་ཟན་དང་། གྲོད་པ་དང་། མར་དང་བཅས་

པའི་ཟན་དང་ཏིལ་དང་བཅས་པའི་ཟན་དང་། སྲན་མུངྒ་དང་བཅས་པའི་ཟན་དང་། སྲན་ཙ་ན་ཀ་དང་བཅས་པའི་ཟན་རྣམས་སོ། །དེ་ལྟར་གཉིས་གཉིས་ལ་ཙནྡན་དཀར་པོ་དང་། ཁྲག་དང་། སོལ་བ་དང་། གུར་གུམ་དང་། གི་ཝཾ་དང་། ཙནྡན་དམར་པོ་དང་། ཡུང་བ་དང་། བ་བླ་
རྣམས་རྣམ་པར་བྱུག་གོ། །དེ་ལྟར་མར་དང་། མིའི་ཞག་དང་། ཏིལ་མར་དང་། ཛོ་ཏི་སྨ་ཏིའི་མར་དང་། བྷ་ལ་ཏ་ཀའི་མར་རྣམས་ཀྱིས་མར་མེའོ། །དེ་ལྟར་འབྲས་སཱ་ལུ་དང་། ར་ཛ་ཀ་དང་། ཡུངས་ཀར་དང་། སྲན་ཆུང་རྣམས་ཀྱིས་མ་ཉམས་པའོ། །དེ་ལྟར་ན་བཟའ་དཀར་པོ་ལ་སོགས་པ་རྣམས་ཞི་བ་ལ་སོགས་
པ་རྣམས་ལ་གོ་བར་བྱའོ། །དེ་ལྟར་སློབ་དཔོན་ཇི་ལྟར་གསུངས་པའི་གདན་ལ་ཇི་ལྟར་གསུངས་པའི་འདུག་སྟངས་ཀྱིས་གནས་ནས། ལས་ཐམས་ཅད་པ་ལ་ལྗང་གུའོ། །ཞི་བ་ལ་སོགས་པ་ལ་གཉིས་གཉིས་ཏེ། །ཞི་ཞིང་དཀར་བ་དང་། ཁྲོ་ལ་གནག་པ་དང་། ཆགས་པ་དང་བཅས་པའི་དམར་པོ་དང་། རེངས་ཤིང་
སེར་བ་སྟེ། སྔོན་དུ་གསུངས་པའི་དུས་ཀྱི་འཁོར་ལོའི་ཆ་བྱད་རྣམ་པར་བསྒོམས་ཏེ། སྲུང་བའི་འཁོར་ལོ་བྱས་ནས་སྔོན་དུ་གསུངས་པའི་ཆོ་གའི་རིམ་པ་བཞིན་དུ་ཨུ་དུམྺཱ་ར་དང་། པཊ་དང་། མྱ་ངན་མེད་དང་། རུས་པ་དང་། ལྕགས་དང་། སེང་ལྡེང་དང་། ས་ཁོགས་དང་། བི་ལོ་རྣམས་ལས་བྱུང་བའི་
ཕུར་བུས་ཕྱོགས་བཅུར་བཏབ་ལ། ཨོཾ་ཨཱཿཧཱུྃ་ཧཱཿཕཊ། ཅེས་པའི་སྔགས་ཀྱིས་ཀུ་ཤས་ཡོན་ཆབ་ནས་བླངས་ཏེ་བསང་གཏོར་བྱའོ། །དེ་ནས་ལས་ཐམས་ཅད་པ་དང་། ཞི་བ་ལ་སོགས་པ་ལ་ཙནྡན་ལ་སོགས་པའི་དྲི་ཞིམ་པོ་དང་། འོ་མ་ཅན་གྱི་ཤིང་དང་། ཙནྡན་དམར་པོ་ལ་སོགས་པ་དང་། བསྐ་
བའི་ཤིང་རྣམས་བརྩེགས་ཏེ། ལྷ་ཁང་དང་། བྲམ་ཟེ་དང་། དམངས་རིགས་དང་། གཏུམ་མོ་དང་། རྒྱལ་རིགས་དང་། རྗེ་རིགས་རྣམས་ཀྱི་ཁྱིམ་ནས་མེ་བླངས་ཏེ། དེར་བཙུག་ལ་རླུང་ཡབ་ཀྱིས་སྦར་བར་བྱའོ། །དེ་ནས་སྔགས་འདིས་མེ་ལྷ་སྤྱན་དྲང་བ་ནི། ཨོཾ་ཨེ་ཧྱེ་ཧི་མ་ཧཱ་བྷུ་ཏ་དེ་བ་རྀ་ཥི་དྭི་
ཛས་ཏ་མ། །གྲྀ་ཧི་ཏྭཱ་ཡུ་དྷ་མ་ཧཱ་ར་ཨ་སྨིན་སནྣི་ཧི་ཏོ་བྷབ་བཛྲ་དྷ་ར་ཨཱ་ཛྙཱ་པ་ཡ་ཏི་སྭཱ་ཧཱ། ཞེས་བརྗོད་དེ། རང་གི་སྙིང་ག་དང་ཕྱིའི་ཐབ་ཁུང་དུ་ལས་ཀྱི་བྱེ་བྲག་གིས་ཟླ་བའམ། ཉི་མ་ལ་རཾ་ལས་བྱུང་བའི་མེ་ལྷའི་རྣམ་པར་བསྒོམས་ཏེ། ཛཿཧཱུྃ་བཾ་ཧོཿབརྗོད་ཅིང་ལྕགས་ཀྱུའི་ཕྱག་རྒྱས་དགུག་གོ། །རྡོ་རྗེའི་ཕྱག་

རྒྱས་གཞུག་གོ། །ཞགས་པའི་ཕྱག་རྒྱས་བཅིང་ངོ་། །དྲིལ་བུའི་ཕྱག་རྒྱས་དབང་དུ་བྱའོ། །དེ་ནས་ཡང་ལས་ཐམས་ཅད་པ་ལ་སྐུ་མདོག་ལྗང་གུ་གཡས་པའི་ཕྱག་དག་གི་རྡོ་རྗེ་དང་ཕྲེང་བའོ། །གཡོན་པའི་ཕྱག་དག་གིས་དྲིལ་བུ་དང་པདྨའོ། །ན་བཟའ་དང་སྤྱན་དང་། དབུ་སྐྲ་རྣམས་དམར་ལ་སེར་བ་
མི་བསྐྱོད་པས་རྒྱས་གདབ་པའོ། །ཞི་བ་ལ་དཀར་པོ་གཡས་པ་དག་གིས་པདྨ་དང་། ཤེལ་གྱི་ཕྲེང་བའོ། །གཡོན་པ་དག་གིས་སྤྱི་བླུགས་དང་དུང་ངོ་། །རྒྱས་པ་ལ་གཡས་པ་དག་གིས་འཁོར་ལོ་དང་མུ་ཏིག་གི་ཕྲེང་བའོ། །གཡོན་པ་དག་གིས་པདྨ་དང་སྤྱི་བླུགས་སོ། །འོད་དཔག་མེད་ཀྱིས་རྒྱས་བཏབ་པའོ། །གསང་
བ་ལ་ནག་པོ་གཡས་པ་དག་གིས་གྲི་གུག་དང་རྩེ་གསུམ་པའོ། །གཡོན་པ་དག་གིས་ཐོད་པ་དང་ཁ་ཊྭཱཾ་གའོ། །དོན་ཡོད་གྲུབ་པས་རྒྱས་བཏབ་པའོ། །བསྐྲད་པ་དང་དབྱེ་བ་ལ་གཡས་པ་དག་གིས་རལ་གྲི་དང་རྩེ་གསུམ་པའོ། །གཡོན་པ་དག་གིས་ཐོད་པ་དང་ཁ་ཊྭཱཾ་གའོ། །དབང་དུ་བྱ་བ་ལ་གུར་གུམ་གྱི་ཁ་
དོག་གོ། །གཡས་པ་དག་གིས་མདའ་དང་། རིན་པོ་ཆེའོ། །གཡོན་པ་དག་གིས་གཞུ་དང་མེ་ལོང་ངོ་། །རིན་ཆེན་འབྱུང་ལྡན་གྱིས་རྒྱས་བཏབ་པའོ། །དགུག་པ་ལ་གཡས་པ་དག་གིས་རྡོ་རྗེ་ལྕགས་ཀྱུ་དང་རིན་པོ་ཆེའོ། །གཡོན་པ་དག་གིས་རྡོ་རྗེ་ཞགས་པ་དང་མེ་ལོང་ངོ་། །རྨོངས་པ་དག་ལ་གཡས་པ་དག་གིས་
སྦྲུལ་དང་དབྱུག་པའོ། །གཡོན་པ་དག་གིས་འཁོར་ལོ་དང་ཐོ་བའོ། །རེངས་པ་དང་ཕུར་བུས་གདབ་པ་དག་ལ་སེར་པོ་གཡས་པ་དག་གིས་ལྕགས་སྒྲོག་དང་ཐོ་བའོ། །གཡོན་པ་དག་གིས་འཁོར་ལོ་དང་ཐོ་བའོ། །རྣམ་པར་སྣང་མཛད་ཀྱིས་རྒྱས་གདབ་པའོ། །ཞི་བ་ལ་སོགས་པ་རང་རང་གི་ཁ་དོག་དང་མཚུངས་པའི་ན་བཟའོ། །
དེ་ནས་ཨོཾ་པྲ་ཝ་ར་སཏ་ཀར་མ་ཧཱ་ར་སྨིན་པྲ་ཏཱིཙྪ་སྭཱ་ཧཱ། ཞེས་པས་ཡོན་ཆབ་སྦྱིན་ནོ། དེ་ནས་ཨོཾ་བཛྲ་དང་པོར། པུཥྤཾ་ལ་སོགས་པས་བར་དུའོ། །སྭཱ་ཧཱ་ཞེས་པ་ཐ་མར་སྦྱར་བའི་པུཥྤཾ་དང་། དྷཱུ་པཾ་དང་། གནྡྷཾ་དང་། དཱི་པཾ་དང་། ཨཀྵ་ཏཾ་དང་། ནཻ་བི་དྱཾ་དང་། ལཱ་སྱཾ་དང་། ཧཱ་སྱཾ་དང་། བཱ་དྱཾ་དང་། ནྲྀ་དྱཾ་དང་། གཱི་ཏཾ་དང་།
ཀཱ་མཾ་རྣམས་གྱིས་མཆོད། དེ་ནས་མེ་ལྷའི་ཞལ་གདངས་པར། ཨོཾ་སརྦ་པཱ་པཾ་ད་ཧ་ན་བཛྲ་ཨགྞི་བཛྲ་ས་ཏྭ་སྱ་སརྦ་པཱ་པཾ་ད་ཧ་ད་ཧ་སྭཱ་ཧཱ། ཞེས་པ་ལས་ཐམས་ཅད་པ་ལ་སོགས་པར་དང་པོར་སྲེག་བླུགས་ལེན་པར་སྤྱན་དྲང་བའོ། །གསད་པ་ལ་སོགས་པར། ཨོཾ་བཛྲ་ཨ་ན་ལ་སརྦ་བྷཱུ་

ཏ་ན་ཛྭཱ་ལ་ཡ་སརྦ་ན་བྷསྨིཾ་ཀུ་རུ་སརྦ་དུཥྚཱན་སྭཱ་ཧཱ། ཞེས་པས་སོ། །དེ་ནས་ཨོཾ་ཨཱཿཧུཾ་ཧོ་ཧཾ་ཀྵཿསྭཱ་ཧཱ། ཞེས་པས་ཡམ་ཤིང་བརྒྱ་རྩ་བརྒྱད་ཀྱིས་བསྣུན་པར་བྱའོ། །ཨོཾ་ཧྼླྀཾ་ཧྲུཾ་ཧྡྼྀཾ་ཧྲྀཾ་ཧྲིཾ་ཧྲཿསྭཱ་ཧཱ། ཞེས་པས་བརྒྱ་རྩ་བརྒྱད་དོ། །དེ་ནས་ཨོཾ་ཨ་ཨཱ་ཨི་ཨཱི་རྀ་རཱྀ་ཨུ་ཨཱུ་ལྀ་ལཱྀ་ཨཾ་ཨཿསྭཱ་ཧཱ།
ཞེས་པ་ཡང་དེ་ལྟར་རོ། །དེ་ནས་ཨོཾ་ཨ་ཨཱ་ཨེ་ཨཻ་ཨར་ཨཱར་ཨོ་ཨཽ་ཨལ་ཨཱ་ལ་ཨཾ་ཨཿསྭཱ་ཧཱ། ཞེས་པ་ཡང་དེ་ལྟར་རོ། །དེ་ནས་ཨོཾ་ཧ་ཧཱ་ཡ་ཡཱ་ར་རཱ་ཝ་ཝཱ་ལ་ལཱ་ཧཾ་ཧཿསྭཱ་ཧཱ། ཞེས་པ་ཡང་དེ་ལྟར་རོ། །དེ་ལྟར་བཞི་བཅུས་ལྷག་པའི་ལྔ་བརྒྱ་ལ་ལྔ་བརྒྱ་ཞེས་བརྗོད་དོ། །ཞི་བ་ལ་སོགས་པ་ལ་ཆུ་ཤེལ་དང་
པུ་ཥུ་ར་ག་དང་། པནྡྷུ་ཀ་དང་། གསེར་ཞུན་མའི་ཁ་དོག་རྣམས་སོ། །མཱ་ལ་ཏི་དང་ག་བུར་དང་། ཨ་ག་རུ་དང་། ཙམ་པ་ཀའི་དྲི་རྣམས་སོ། །པི་ཝང་རྒྱུ་མངས་དང་གླིང་བུ་དང་། མྲི་མ་ག་དང་། ཤིན་ཏུ་དྲག་པོའི་སྒྲ་རྣམས་སོ། །དཔལ་བེའུ་དང་གདུགས་དང་། རལ་གྲི་དང་པདྨ་དང་། བུམ་པ་ལ་སོགས་པའི་གཟུགས་རྣམས་སོ། །གཅིག་དང་།
གཉིས་དང་། གསུམ་དང་། བཞི་ལ་སོགས་པ་བཟང་ངོ་། །ཤིན་ཏུ་གཡོ་བ་དང་། ཐིག་ལེ་ནག་པོ་ཅན་དང་། མེ་སྟག་འཕྲོ་བ་དང་། རང་གི་ཕྱོགས་སུ་ཕྱོགས་པ་དང་། གཡོན་ཞིང་འབར་བ་དང་། ཁ་དོག་སྣ་ཚོགས་པ་དང་། ཤིན་ཏུ་གནག་པ་དང་། ཚེག་སྒྲ་དང་། ཐོག་སྒྲ་རྣམས་ནི་གསད་པ་ལ་བཟང་ངོ་། །དེ་ནས་འབྲུ་ལ་
སོགས་པ་རྣམས་སྔོན་དུ་སོང་བའི་སྔགས་ཀྱི་ཆོ་གས་ཏེ་དགང་གཟར་ཡང་ངོ་། །དེ་ཉིད་མེད་ན། ལག་པ་གཡོན་གན་རྐྱལ་དུ་བྱས་ཏེ། ལག་པ་གཡས་པ་མཆོད་སྦྱིན་བྱས་པའི་མཐེ་བོས་བསྐྱོད་ཅིང་། སྔོན་གྱི་རྫས་རྣམས་བསྣུན་པར་བྱའོ། །ཞི་བ་ལ་ན་མཿའི་མཐའ་ཅན་ནོ། །རྒྱས་པ་ལ་བཽ་ཥ་ཊའོ། །གསད་པ་
དང་། བསྐྲད་པ་དང་། དབྱེ་བ་རྣམས་ལ་ཧཱུཾ་ངོ་། །དབང་ལ་བ་ཥཊ་ཅེས་པའོ། །པུར་བུས་གདབ་པ་དང་། རེངས་པ་དང་། རྨོངས་པ་རྣམས་ལ་ཕཊ་ཀྱི་མཐའ་རྟེན་དང་བཅས་པ་བརྗོད་ཅིང་བསྣུན་པར་བྱའོ། །དེ་ནས་ཧྐྵྨླླྦྼྱྃ་ཞེས་སྔགས་ཀྱིས་མར་གྱིས་དགང་གཟར་བཀང་ལ་མཉམ་པར་གཞག་པར་སློབ་
དཔོན་དང་། ལས་ཀྱི་རྡོ་རྗེས་མེ་ལྷ་ལ་དགང་བླུགས་དབུལ་བར་བྱའོ། །དེ་ནས་མེ་ཏོག་ལ་སོགས་པའི་སྔགས་ཀྱིས་ཕྱོགས་བཅུར་སྦྱིན་པ་ནི། ཨོཾ་བྷུར་བྷུ་བ་སྭཿ། ན་མོ་དེ་བེ་བྷྱཿ། སྭ་སྟི་པྲཛཱ་བྷྱཿ། སྭཱ་ཧཱ་རཱ་ཛ་བྷྱཿ། སྭཱ་དྷཱ་པི་ཏྲྀ་བྷྱཿ། ཨ་ལཾ་བྷཱུ་ཏེ་བྷྱཿ། ཝ་ཥ་ཌེནྡྲཱུ་ཡ་ཞེས་པས་སོ། །དེ་ལྟར་མེ་

ཏོག་ལ་སོགས་པ་ཕུལ་ལ། ཨོཾ་ཨཱཿཧཱུྃ་ཀ་ཡ་ཝཱག་ཙིཏྟ་སྭ་བྷཱ་ཝ་ཤུདྡྷ་སྭཱ་ཧཱ། ཞེས་པས་ཞལ་བསིལ་དབུལ་ལོ། །དེ་ནས་ཨོཾ་ཛཿགཙྪ་མ་ཧཱ་རསྨིཿསྭ་སྠཱ་ནཾ་སན་ཏྲིཔྟ་ཧོ། པུ་ན་རཱ་ག་མྱིཥྚ་ས་ཡ་དེ་ཝཱ་ཧྭ་ན་ཡ་མི་སྭཱ་ཧཱ། ཞེས་པས་སྙིང་གའི་པདྨ་ལ་ཡེ་ཤེས་ཀྱི་མེ་ལྷ་གཤེགས་སུ་གསོལ་ཞིང་
ཐབ་ཀྱི་མེ་ལྷ་ཡང་གཤེགས་སུ་གསོལ་ལོ། །འདི་ནི་སྦྱིན་སྲེག་གི་ཆོ་གའི་རིམ་པའོ། །དེ་ནས་སློབ་དཔོན་གྱིས་སྔ་མ་ལྟར་མཆོད་པ་བྱས་ལ་རྡོ་རྗེ་དང་དྲིལ་བུ་གཟུང་སྟེ། རྡོ་རྗེའི་འདུག་སྟངས་ལ་གནས་ནས། རང་གི་པདྨ་ལ་ཡེ་ཤེས་སེམས་དཔའ་གཤེགས་སུ་གསོལ་བ་ནི་རིམ་པ་བཞིན་དུ།
གཙུག་ཏོར་དང་། དཔྲལ་བ་དང་། མགྲིན་པ་དང་། སྙིང་ག་དང་། ལྟེ་བ་དང་། གསང་བའི་འཁོར་ལོ་རྣམས་སོ། །ཨ་ཨི་རི་ཨུ་ལྀ་ཧཾ་ཡི་གེ་རྣམས་སྟོང་པ་ལ་སོགས་པའི་ཟད་པར་རྣམས་དང་། ཕྱོགས་སྐྱོང་རྣམས་དང་། གཟའ་རྣམས་དང་། ཀླུ་རྣམས་དང་། འབྱུང་པོ་རྣམས་དང་། ཁྲོ་
བོའི་ཚོགས་རྣམས་གཤེགས་སུ་གསོལ། དེ་ནས་བུམ་པའི་གོས་ཟུང་རྣམས་སྲུང་བའི་གཞོན་ནུ་མ་རྣམས་ལ་སྦྱིན་དུ་གཞུག་གོ །བྱང་ཆུབ་ཀྱི་ཤིང་གི་ལོ་མའམ་རང་གི་ལག་པའམ་རྡོ་རྗེས་ཚངས་པའི་ཐིག་གི་ལམ་ནས་བདེ་བ་ཆེན་པོའི་འཁོར་ལོའི་བར་གཤེགས་པར་བྱའོ། །དེ་ནས་རང་གི་
སྤྱི་གཙུག་ཏུ་རྡུལ་ཚོན་ཅུང་ཟད་གཞག་སྟེ། པདྨ་ལ་སོགས་པ་བསྡུ་བར་བྱའོ། །དེ་ནས་རྡུལ་ཚོན་སྦྱངས་ཏེ་བུམ་པར་བླུགས་ནས་ཇི་ལྟར་འབྱོར་པ་ལྟར་གླང་པོ་ལ་སོགས་པའི་སྟེང་དུ་བཞག་སྟེ། གདུགས་དང་། རྒྱལ་མཚན་ལ་སོགས་པ་དང་བཅས་པར་ཁྱེར་ལ་རྒྱ་མཚོ་ལ་འགྲོ་བའི་ཆུ་བོ་ལ་དོར་
བར་བྱའོ། །བུམ་པ་དེ་ཉིད་ཆུས་བཀང་ལ། དཀྱིལ་འཁོར་གྱི་ཁང་པར་འོངས་ཏེ་གཏོར་ནས་བ་ལང་གི་ལི་བ་ལ་སོགས་པས་ཀྱང་བྱུགས་ཏེ། དེར་གནས་ནས་འོ་མ་ལ་སོགས་པའི་དཀར་བ་དང་། མངར་བ་དང་རས་ཟུང་རྣམས་ཀྱིས་གཞོན་ནུ་མ་མཉེས་པར་བྱས་ནས་གཤེགས་སུ་གསོལ་བ་
དང་། མཚན་མོའི་དུས་སུ་སྔོན་གྱི་ཆོ་གས་དཔའ་བོའི་སྟོན་མོ་སྦྱིན་པར་བྱའོ། །འདིས་ནི་གཤེགས་སུ་གསོལ་བའི་ཆོ་གའི་རིམ་པའོ། །སེམས་ཅན་དོན་ཕྱིར་རབ་ཏུ་སྤྲོ་བར་མཛད་པའི་མངའ་བདག་དཔལ་ལྡན་དུས་ཀྱི་འཁོར་ལོ་ཡི། །དཀྱིལ་འཁོར་ཆོ་གའི་སྒྲུབ་ཐབས་བྱས་པའི་དགེ་བར་གྱུར་པའི་དཀར་

བའི་འོད་ཟེར་དང་ལྡན་པ། །དེ་ཡིས་འགྲོ་བ་མ་ལུས་པ་ཡི་ཉོན་མོངས་ཚོགས་རྣམས་རབ་ཏུ་བཅོམ་པའི་གནས་གྱུར་པ། །སྤྲོས་པ་ཐམས་ཅད་དང་ནི་བྲལ་བའི་བདེ་བ་ཆེན་པོ་མཉམ་པ་མེད་པར་ཐོབ་པར་ཤོག །དཔལ་ལྡན་པདྨའི་ཕྱག་དང་ལྡན་པས་ཤིན་ཏུ་དྲི་མ་བྲལ་བར། །རབ་རིབ་མ་
ལུས་བཅོམ་ཡང་འོན་ཏེ་མ་དག་མིག་ལྡན་རྣམས་ཀྱིའོ། །གལ་ཏེ་དངོས་པོ་ཚོགས་རྣམས་མ་མཐོང་འགྱུར་ནས་སྔ་ཕྱི་འགལ་བ། །མཆིས་ན་མཁས་པར་གྱུར་པ་རྣམས་ལ་བདག་ནི་བཟོད་པར་གསོལ་ལོ། །དཔལ་དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་གྱི་ཆོ་ག་རྫོགས་སོ།། །།སློབ་དཔོན་ཆེན་པོ་སཱ་དྷུ་པུ་ཏྲ་ས་དྷརྨྨ་ཨཱ་ཀ་
ར་ཤཱནྟིའི་དོན་དུ་མཛད་པའོ། །རྒྱ་གར་གྱི་པཎྜི་ཏ་མཁས་པ་ཆེན་པོ་ཝཱ་གཱི་ཤྭར་གུཔྟ་དང་། སྒྲ་བསྒྱུར་གྱི་ལོ་ཙཱ་བ་དགེ་སློང་ཆོས་རབ་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། ༄༅༅། །རྒྱ་གར་སྐད་དུ། ཤྲཱི་ཀཱ་ལ་ཙཀྲ་མཎྜལ་བྷི་དྷིཿ། བོད་སྐད་དུ། དཔལ་དུས་ཀྱི་
འཁོར་ལོའི་དཀྱིལ་འཁོར་གྱི་ཆོ་ག །དཔལ་དུས་ཀྱི་འཁོར་ལོ་ལ་ཕྱག་འཚལ་ལོ། །གང་གི་གསུང་གི་འོད་ཟེར་གྱིས། །སྙིང་གའི་པདྨ་ཁ་འབྱེད་པའི། །སྤྱན་རས་གཟིགས་ལ་ཕྱག་འཚལ་ནས། །དཀྱིལ་འཁོར་ཆོ་ག་དབྱེ་བར་བྱ། །ཡན་ལག་བཞི་པའི་སྒྲུབ་ཐབས་ཀྱིས། །སྔོན་དུ་བསྙེན་
པ་བྱས་ནས་སུ། །སྡོམ་ནི། དཀྱིལ་འཁོར་ཡང་ནི་རྣམ་པ་གཉིས། །ལྷག་གནས་དང་ནི་མཆོད་པའོ། །ལྷག་གནས་ལ་ཡང་རྣམ་གཉིས་ཏེ། །རང་དོན་དང་ནི་གཞན་དོན་ནོ། །མཆོད་པ་ལ་ཡང་རྣམ་གཉིས་ཏེ། །བདག་སྒྲུབ་དང་ནི་གཞན་སྒྲུབ་པོ། །སྔོན་འགྲོ་དངོས་དང་རྗེས་དང་ནི། །ཡན་
ལག་ལ་སོགས་ཐུན་མོང་ངོ་། །དང་པོར་སློབ་དཔོན་བརྟག་པ་ནི། །སློབ་དཔོན་ཡང་ནི་དམ་ཚིག་ཅན། །རྡོ་རྗེའི་ཐེག་པ་དང་པོར་ཞོན། །དེ་ཉིད་ཁྱབ་ཅན་ཆགས་པ་མེད། །དྲི་མ་དང་ནི་རྣམ་པར་བྲལ། །བཟོད་དང་ཚུལ་ཁྲིམས་དོན་འཇུག་པ། །སློབ་མ་རྣམས་ལ་བདེ་སྟེར་ཞིང་། །དམྱལ་བ་ཡི་
ནི་འཇིགས་སེལ་བ། །དེ་ཁོ་ན་ཡི་ཚངས་སྤྱོད་ཅན། །བདུད་རྣམས་ཀྱི་ནི་རྡོ་རྗེ་དབྱུག །དེ་ཡང་ས་ཡི་སྟེང་དུ་ནི། །རྡོ་རྗེ་སེམས་དཔའ་རབ་ཏུ་གྲགས། །ཁྲོ་དང་ང་རྒྱལ་དང་ལྡན་ཞིང་། །དམ་ཚིག་དང་ནི་རྣམ་བྲལ་བ། །རྫས་ལ་བརྐམ་ཞིང་མ་ཐོས་པ། །སློབ་མ་རྣམས་ནི་བསླུ་དོན་དུ། །

མཆོག་ཏུ་བདེ་བའི་གོ་འཕང་དུ། །སེམས་ནི་ཉམས་དང་དབང་མ་བསྐུར། །ལོངས་སྤྱོད་ཆགས་ཤིང་མྱོས་པ་དང་། །ཞེར་འདེབས་པ་ཡི་ཚིག་སྨྲ་ཞིང་། །རང་དབང་དོན་དུ་འདོད་སྤྱོད་པ། །སློབ་མ་རྫོགས་བྱང་ཆུབ་དོན་དུ། །དམྱལ་བ་ལྟ་བུར་རྟོགས་པ་ཡིས། །དེ་ནི་སྤང་བར་བྱ་བ་ཡིན། །ཟབ་
ཅིང་རྒྱ་ཆེ་བ་ཡི་སེམས། །བླ་མ་མཉེས་པ་ལ་དགའ་ཞིང་། །གཏོང་བའི་སེམས་དང་ཡོན་ཏན་ཆེ། །ཐར་པ་འདོད་ཅིང་རྒྱུད་ལ་དད། །སེམས་ནི་གཡོ་བ་མེད་པ་དང་། །དེ་ཉིད་རྙེད་པ་དང་གསང་ཞིང་། །གདུག་པ་རྣམས་ཀྱི་ཚོགས་བྲལ་བ། །ཤིན་ཏུ་མཁས་པའི་བླ་མ་ཡིས། །སློབ་མ་དེ་ནི་གཟུང་
བར་བྱ། །དེ་ནས་གསོལ་བ་གདབ་པ་ནི། །སྐྱེ་བ་མང་པོའི་སྡིག་པ་ནི། །བསགས་པ་རྣམ་པར་འཇིག་བྱེད་པ། །སྡོམ་པ་སོ་སོར་གཟུང་བར་བགྱི། །དཔའ་བོ་དུས་ཀྱི་འཁོར་ལོ་བརྗོད། །དེ་ནས་ས་བསླང་བརྟག་པ་དང་། །སྦྱང་དང་གཟུང་དང་སྤེལ་བ་དང་། །དཔྱིད་འབྲིང་དཀར་ཚེས་ཉམ་ཐར་ཐུག །
གཞན་ལ་ཕན་པའི་བླ་མ་ཡིས། །ས་བརྟག་ལ་སོགས་རིམ་པར་བྱ། །ནགས་སམ་གྲོང་རྡལ་ཁང་སྟོང་སོགས། །བྱང་དང་དབང་ལྡན་ཕྱོགས་སུ་ནི། །དཀར་པོ་ཞི་བ་རྒྱས་པ་དང་། །ས་ལ་དྲི་ཞིམ་དང་ལྡན་པ། །ས་དང་ཆུ་ནི་བརྟགས་ནས་ནི། །བསླང་བ་གནང་དང་མི་གནང་དང་། །སྦྱང་བ་པུས་མོ་
ལྟེ་བ་དང་། །རྐེད་པ་འཕང་དུ་བརྐོ་བར་བྱ། །ཡང་ན་རྔོའམ་ཆུར་ཐུག་པར། །ཟུག་རྔུ་སོལ་བ་བཅས་པར་རོ། །ས་ཡི་ཁོང་ན་ཡོད་པ་ནི། །འཆི་བ་ཡི་ནི་འཇིགས་པ་བྱེད། །གནས་དེ་རུ་ནི་སྦྱང་བ་ནི། །ཡོན་ཏན་གྱི་ནི་དབང་གིས་འགྱུར། །དེ་ཡི་ཕྱིར་ན་སྦྱང་བར་བྱ། །ནོར་བུ་མཆིང་བུ་དུང་ཡོད་ན། །
རྣམ་པར་རྒྱལ་ཞིང་བདེ་བ་བྱེད། །དཀྱིལ་འཁོར་ས་གཞིའི་དོན་དང་ནི། །ཁང་བཟངས་དོན་དང་ཁྱིམ་དོན་དུ། །ངེས་པ་ཁོ་ནར་གསལ་བ་རུ། །མཆོད་སྦྱིན་ལ་སོགས་རྒྱུན་སྦྱང་བྱ། །རྫོགས་པ་ལ་ནི་སྦྱང་བྱ་ཞིང་། །དེ་བཞིན་ས་ནི་གཟུང་བར་བྱ། །བུ་རྣམས་གཟུང་བ་ལ་ཡང་ངོ་། །དེ་ཡང་
ཤར་དང་བྱང་དུ་གཞོལ། །དབུས་ནི་མེ་ལོང་བཞིན་དུ་མཐོ། །བརྡུང་ཞིང་ལེགས་པར་བརྡུངས་ནས་སུ། །མཉམ་ཞིང་ཟུག་རྔུ་མེད་པར་བྱ། །དེར་ནི་ཆུ་དང་ལྕི་བ་ཡིས། །དཀྱིལ་འཁོར་ས་ནི་ལེགས་པར་བྱུག །དེ་ནས་ཕྱོགས་བཅུའི་སངས་རྒྱས་ཀྱིས། །གཟུང་ཞིང་བླ་རེ་ལ་སོགས་བྲི། །སྤོས་ཆུས་

བརླན་པའི་ལག་པ་ཡིས། །ཉེ་སྙིང་བཟླས་པས་ས་ལ་རེག །རྡོ་རྗེ་ཡི་ནི་རང་བཞིན་བསམ། །ལྷག་གནས་ཡན་ལག་ཆོ་གའོ། །དེ་ནས་དགོངས་ཀའི་དུས་སུ་ནི། །ཆུ་དང་མཆོད་ཡོན་དྲི་ཆབ་སྤོས། །མེ་ཏོག་དང་ནི་འབྲས་བུ་དང་། །བསང་གཏོར་དང་ནི་མར་མེ་དང་། །ལྷ་
བཤོས་གོས་དང་བཅུར་འགྱུར་ཏེ། །དུར་ཁྲོད་བརྒྱད་དང་བཅས་པ་ཡི། །འཇིག་རྟེན་པ་ལ་གཏོར་མ་དང་། །ས་ཡི་ལྷ་མོའི་མཆོད་གཏོར་དང་། །ཚོགས་འཁོར་ཇི་ལྟར་འབྱོར་བ་དང་། །ན་བཟའ་ཉི་ཤུ་རྩ་ལྔ་དང་། །བླ་རེ་བ་དན་མཎྜལ་དང་། །སློབ་དཔོན་རྫས་བརྒྱད་ལྡན་པ་ཡིས། །ཡན་
ལག་བཞི་པའི་སྒྲུབ་ཐབས་བཞིན། །རིམ་པ་བཞིན་དུ་བསྒོམས་ནས་ནི། །མཎྜལ་སྟེང་གི་དྲི་ཐིག་ལེ། །མེ་ཏོག་བཀྲམ་ལ་ཁྲོ་བོ་ནི། །འདོད་པའི་རྒྱལ་པོ་ས་ལྷ་མོ། །སེར་མོ་ཕྱག་གཉིས་བུམ་པ་ཐོགས། །རོ་སྟོད་ས་ནས་འཐོན་པ་ནི། །བཀུག་ནས་མཆོད་ཡོན་ཞབས་བསིལ་དབུལ། །དམ་
ཚིག་ཕྱག་རྒྱ་བརྟན་ནས་སུ། །བསྟོད་དང་གསོལ་བ་གདབ་པར་བྱ། །ལྷ་ཡི་དབང་པོ་ལྷན་ཅིག་པའི། །བདུད་སྡེ་རྒྱལ་བས་བཅོམ་པ་ཡི། །དཔང་པོར་ལྷ་མོ་ཁྱོད་ནི་གྱུར། །དེ་ཕྱིར་ཁྱོད་ནི་མཆོད་པར་བྱ། །ལྷ་ཡི་མཆོག་གིས་ཕྱག་བྱས་པ། །བདག་གི་མཆོད་པ་འདི་བཞེས་ཤིག །ཇི་ལྟར་
རྒྱལ་བས་བྱང་ཆུབ་ཕྱིར། །བདུད་ཀྱི་སྡེ་ནི་མི་བཟད་པ། །སྟོབས་དང་ལྡན་པས་བཅོམ་པ་ལྟར། །སློབ་མ་རྣམས་ནི་དབང་བསྐུར་ཕྱིར། །དེ་བཞིན་དུ་ནི་བདག་གིས་ཀྱང་། །བདུད་ཀྱི་སྡེ་ནི་གཞོམ་པར་བགྱི། །གང་ཡང་ཕྱོགས་བཅུའི་སངས་རྒྱས་དང་། །དྲི་མ་དག་དང་བྲལ་བ་ཡི། །བྱང་ཆུབ་
སེམས་དཔའ་མ་ལུས་པ། །དེ་རྣམས་ཉིད་ཀྱིས་བསྐྱང་བར་མཛོད། །དཀྱིལ་འཁོར་དབང་བསྐུར་བ་ཡི་ཕྱིར། །མཆོག་གི་སྙིང་རྗེས་བསྐྱང་བར་མཛོད། །དེ་རྣམས་ཀུན་ལ་གསོལ་བཏབ་ནས། །དེ་ནས་རྣམ་བཅུའི་མཆོད་པ་དང་། །གཏོར་མ་ཕུལ་ལ་གཤེགས་སུ་གསོལ། །དེ་ནས་སྒྲུབ་པའི་
གྲོགས་ཀྱིས་སུ། །རིགས་དྲུག་གི་ནི་བསྟོད་པས་བསྟོད། །སེང་ལྡེང་མཁྲང་བའི་རང་བཞིན་གྱི། །ཕུར་བུ་བདུད་རྩི་འཁྱིལ་པར་བསྐྱེད། །སྐུད་གདགས་ཕུར་པའི་གསང་སྔགས་བཟླས། །དེ་ནས་སྔགས་དང་ཕྱག་རྒྱ་ཡིས། །དཀྱིལ་འཁོར་སྙིང་གར་བསྡུ་བར་བྱ། །རྐང་གཉིས་ཧཱུྃ་ལས་རྡོ་རྗེ་དང་། །

མིག་ཏུ་ཉི་མ་ཟླ་བ་བསམ། །ལངས་ནས་དཀྱིལ་འཁོར་དབུས་འདུག་སྟེ། །ཁྲོ་བོའི་དབྱངས་ཀྱིས་བསྟོད་པ་བྱ། །དེ་ནས་བགེགས་ལ་བཀའ་བསྒོ་བྱ། །གསང་བའི་རྒྱུད་ལས་འབྱུང་བ་ཡི། །སྟང་སྟབས་ཇི་ཙམ་ནུས་པ་བྱ། །དེ་ནས་བསྲུང་བའི་འཁོར་ལོ་ནི། །དཔལ་ཀྱེ་རྡོ་རྗེ་ཕྱོགས་ཀུན་
ནས། །གནས་པ་ཡི་ནི་བདུད་ཀྱི་ཚོགས། །མ་ལུས་པ་ནི་ངེས་པར་བསྲེག །རྡོ་རྗེ་གསུམ་གྱི་ར་བ་གསུམ། །ས་ཡིས་འཁོར་བར་སོང་བ་ཡི། །ས་འོག་གནས་དང་ནམ་མཁར་རོ། །རྡོ་རྗེ་ཁང་པ་བརྩེགས་མ་ཡིན། །དབུས་སུ་འདམ་སྐྱེས་ཉི་མའི་ཁྲུ། །ལྟེ་བ་དང་ལྡན་གདན་ལ་ནི། །དུས་དང་
ལག་པའི་ཁྲུ་རུ་འགྱུར། །དེ་ཡི་སྟེང་དུ་བདག་ཉིད་ནི། །དྲི་མ་དང་ནི་བྲལ་བ་ཉིད། །འཁོར་ལོའི་དབུས་སུ་ཁྲོ་དབང་པོ། །ཕྱག་ནི་རྒྱལ་བ་གཉིས་ལྷག་པ། །དུས་ཀྱི་ཞལ་ཏེ་རྡོ་རྗེའི་ཤུགས། །རྣལ་འབྱོར་པ་ཡིས་བསྒོམ་པར་བྱ། །ཕྱི་ནས་འཁོར་ལོ་རྩིབས་བཅུ་པ། །ཕྱོགས་དང་མཚམས་སུ་སོང་བ་ཡི། །ཁྲོ་མོའི་
ཚོགས་ནི་བསྒོམ་པར་བྱ། །དེ་ནས་སྔར་གྱི་ཕུར་བུ་ནི། །སྔགས་ཀྱིས་ཕྱོགས་མཚམས་སྟེང་འོག་གདབ། །དེ་ལ་དྲི་དང་བདུག་པ་བྱ། །ལྷག་གནས་སྔོན་དུ་འགྲོ་བའོ། །དེ་ནས་དྲི་ཡི་ཆུ་དང་ནི། །བ་ཡི་རྣམ་ལྔའི་སྐྱང་ནུལ་བྱ། །ཐིག་ལེ་ཉི་ཤུ་རྩ་ལྔ་དང་། །མེ་ཏོག་ཚོམ་ཡང་དེ་མཉམ་བྱ། །དེ་ནས་
རང་གནས་ལྷ་གནས་པའི། །རྣལ་འབྱོར་པས་ནི་སྙིང་ག་ནས། །དཀྱིལ་འཁོར་ལ་ནི་སྤྲུལ་པར་བྱ། །དེ་ནས་དེ་ལ་ཆོ་ག་དང་། །ཡེ་ཤེས་སྤྱན་དྲངས་མཆོད་བསྟོད་བྱ། །དབང་བསྐུར་ནས་ནི་དགུག་གཞུག་བྱ། །དེ་ནས་ཆང་དང་བདུད་རྩི་དང་། །མཆོད་པ་རྣམ་པ་བཅུ་པོ་དང་། །བསྟོད་པ་རྣམ་པ་དུ་མ་
དང་། །ན་བཟའ་ཅི་འབྱོར་དབུལ་བར་བྱ། །གོ་ཆའི་སྔགས་ཀྱིས་བསྲུངས་ནས་ནི། །གཉིས་མེད་ཡེ་ཤེས་ལས་བྱུང་བ། ཁྱབ་བདག་བརྟན་གཡོའི་བདག་པོ་ནི། །བཅོམ་ལྡན་དུས་ཀྱི་འཁོར་ལོ་གཙོ། །སྣ་ཚོགས་ཡུམ་གྱིས་མགུལ་ནས་འཁྱུད། །ཉི་ཤུ་རྩ་ལྔ་པ་ཡི་འཁོར། །མ་ལུས་བདག་ལ་དགོངས་
སུ་གསོལ། །སློབ་མ་རྣམས་ལ་ཕན་པ་དང་། །ཁྱེད་རྣམས་ལ་ཡང་མཆོད་པའི་ཕྱིར། །རྡོ་རྗེ་ཅན་བདག་འདི་ཞེས་པའི། །ནང་པར་དཀྱིལ་འཁོར་བྲི་བར་བགྱི། །རྗེས་སུ་བརྩེ་བར་ཉེར་དགོངས་ཏེ། །ཀུན་གྱིས་བྱིན་གྱིས་བརླབ་ཏུ་གསོལ། །དེ་ལྟར་ལྷ་ནི་ལྷག་བྱས་ནས། །བུམ་པ་ལྷག་པར་གནས་

པར་བྱ། །དེ་ཡང་རྣམ་རྒྱལ་བུམ་པ་ནི། །རྒྱ་རུ་བརྒྱད་གཉིས་སོར་གསུམ་པ། །དཔངས་སུ་སོར་ཚད་བཅུ་ཕྲག་གཉིས། །མཆུ་ནི་སོར་གཉིས་སྐེ་སོར་དྲུག །ཤེལ་ལམ་དངུལ་གྱི་བུམ་པ་ནི། །རི་བོང་འཛིན་པ་ལྟར་དཀར་བ། །ཡང་ན་ཐ་མལ་བུམ་པ་ནི། །འབྲས་ལ་སོགས་
པས་ཁ་དོག་བསྒྱུར། །བུམ་པ་རྣམ་པ་བཅུ་ལ་ནི། །རིགས་ཀྱི་མཚན་མ་རྣམས་བཀོད་ལ། །སྨན་དང་འབྲུ་རྣམས་གཞུག་པ་ནི། །དྲི་ཡི་སྨན་གྱི་རེ་མིག་ཏུ། །རིམ་པ་བཞིན་དུ་སྨན་གྱི་གྲངས། །མིག་དང་ཟླ་བ་ལ་སོགས་ཆས། །ཚངས་མ་ལ་སོགས་ལྔ་ལྔ་ལ། །ཚངས་མ་ཁྱབ་འཇུག་མ་
དྲག་མོ། །དབང་ཕྱུག་མ་དང་དབང་ཆེན་མོ། །དཔང་མོ་དཔལ་མོ་ཕག་མོ་དང་། །གཞོན་ནུ་མ་དང་རྒན་བྱད་མ། །ས་མོ་ཆུ་མོ་མེ་མོ་དང་། །རླུང་མོ་མཁའ་སྤྱོད་མ་དེ་བཞིན། །མ་དང་སྲིང་མོ་བུ་མོ་དང་། །ཚ་མོ་རང་རྨོངས་མ་དེ་བཞིན། །བྲམ་ཟེ་མོ་དང་རྒྱལ་རིགས་མོ། །རྗེའུ་རིགས་མོ་དང་
དམངས་རིགས་མོ། །གཡུང་མོ་དེ་བཞིན་ཤེས་བར་བྱ། །སྨན་འདི་ཡིས་ནི་དངོས་གྲུབ་ཆེ། །སྤྱོད་དང་གྲོལ་བ་རབ་ཏུ་སྟེར། །འབྲས་དང་མོན་སྲན་གྲེའུ་དང་། །མོན་སྲན་དཀར་དང་ཙནྡན་དཀར། །ཏིལ་ནག་ལྔ་པ་དང་པོ་ཡིན། །ཀྲོ་ཏྲ་འབྲས་སྔོན་སྲན་མ་དང་། །ཏིལ་དཀར་གྲོ་ནི་གཉིས་པ་
ཡིན། །མུ་ཏྲ་ཡུ་ཏྲི་པུ་ཡུངས་སྨུག །ནས་སྲན་མ་ཤ་གསུམ་པ་ཡིན། །སྲན་ཆུང་ཡུངས་ཀར་དཀར་པོ་དང་། །ཀ་ཀུན་ཏྲི་བི་ཀ་ར་དང་། །བ་ར་ཙི་ཀ་བཞི་པ་ཡིན། །ཨ་ཏ་ཤི་དང་པ་ར་ཏི། །བ་ལ་རྒྱ་སྲན་ཙནྡན་ནག །དེ་ནི་ལྔ་པར་བཀོད་པ་ཡིན། །དེ་ནས་རིན་པོ་ཆེ་ཡི་རིགས། །བྲམ་ཟེ་
རྒྱལ་དང་རྗེ་དམངས་དང་། །མཐར་སྐྱེས་རིགས་ཀྱི་རྡོ་རྗེའོ། །དེ་ནས་ཨིནྡྲ་བ་ར་ཀ །ཆུ་ཤེལ་ཀེ་ཀེ་རུ་མ་རྒད། །དང་པོའི་ལྔ་ཚན་བསྟན་པ་ཡིན། །ལྕགས་དང་གསེར་དངུལ་ཟངས་ཁྲོ་ཆུ། །ཁབ་ལེན་ལྔ་ཚན་གཉིས་པ་ཡིན། །མུ་ཏིག་བྱུ་རུ་མཐིང་ཤིང་དང་། །ཀ་ཤ་མ་ནི་ཤད་ཨ་རུ། །ལྔ་ཚན་
གསུམ་པར་བཀོད་པ་ཡིན། །ཡུ་ཛ་ཛི་པ་ཛཱ་ཏི་དང་། །དོ་བ་རིག་འབའ་ཧ་རི་ཏ། །ལྔ་ཚན་བཞི་པར་བཀོད་པ་ཡིན། །ལྔ་པ་འཁོར་ལོས་སྒྱུར་བ་ཡིན། །ལྷ་ཀླུའི་ནོར་བུ་ཁ་དོག་ལྔའོ། །འབྱོར་བ་མེད་ན་ཁ་དོག་ལྔ། །མེ་ཏོག་ལྔ་ནི་གཞུག་པར་བྱ། །ལྗང་གུ་རྣམ་རྒྱལ་བུམ་པར་གཞུག །སྔོན་པོ་

རྒྱལ་དང་རྣམ་རྒྱལ་ལ། །ནག་པོ་ཤར་མེའི་བུམ་པར་རོ། །དམར་པོ་ལྷོ་དང་བདེན་བྲལ་ལོ། །དཀར་པོ་བྱང་དང་དབང་ལྡན་དུའོ། །སེར་པོ་ནུབ་དང་རླུང་དུའོ། །ཐམས་ཅད་ཆ་དབྱེས་བཅུག་ནས་ནི། །རིགས་མཐུན་གོས་ཀྱིས་མགྲིན་པ་བཅིང་། །གཡས་སུ་པདྨའི་སྟེང་བཞག་ནས། །
ཤཱུ་ནྱ་ཏཱ་ཡིས་སྟོང་པར་བསམ། །དེ་ནས་ཧཾ་ལས་གཞལ་ཡས་ཁང་། །བཾ་ལས་འོ་མའི་རྒྱ་མཚོ་བསྐྱེད། །ཧྲཱིཿལས་པདྨ་འདབ་བརྒྱད་ལ། །ཧཱུྃ་ལས་ལྷ་རྣམས་བསྐྱེད་པར་བྱ། །ཆོ་ག་གོང་མ་འདྲ་བ་ལས། །ནག་པོར་ཤར་གྱི་ལྷ་ཚོགས་བསྐྱེད། །གཞན་ཡང་དེ་བཞིན་ཤེས་པར་བྱ། །དེ་
ནས་བགེགས་བསྐྲད་ཡེ་ཤེས་དགུག །དབང་བསྐུར་ཡིག་གསུམ་བྱིན་བརླབས་ལ། །མཆོད་བསྟོད་གོང་མ་བཞིན་དུ་བྱ། །ཚོན་སྐུད་བུམ་པའི་སྟེང་བཞག་ནས། །ཐུན་གཅིག་བར་དུ་བཟླས་པར་བྱ། །དེ་ནས་བུམ་པ་བསྡུས་ནས་སུ། །གོས་ཀྱིས་བཀབ་ནས་ཞལ་བཞིས་བསྲུང་། །དེ་ལྟར་བུམ་པ་
ལྷག་གནས་ནས། །སྦྱིན་སྲེག་ལྷག་པར་གནས་པར་བྱ། །གྲོང་ཁྱེར་གྱི་ནི་དབུས་ཉིད་དང་། །བྱང་དང་དབང་ལྡན་མཚམས་སུའོ། །ཐབ་ཁུང་ཁྲུ་གང་ཟླུམ་པོ་ལ། །ཟབས་སུ་ཁྲུ་ཕྱེད་བརྐོ་བར་བྱ། །མཆུ་ནི་ཐབ་ཁུང་བཅུ་གཉིས་ཆ། །དེ་ཡི་ཉིས་འགྱུར་ཁ་ཁྱེར་རོ། །ཁ་ཁྱེར་དཔངས་ལ་མཆུ་ཡི་ཕྱེད། །
ནང་དུ་པདྨ་འདབ་མ་བརྒྱད། །ཚོན་རྩི་དཀར་པོས་བྲི་བར་བྱ། །ཕྱི་རོལ་པདྨའི་འདབ་མ་ལ། །ཀུ་ཤ་ཡིས་ནི་དགྲམ་པར་བྱ། །དེ་ཡི་མཐའ་ཡི་ནུབ་ཏུ་ནི། །ངེས་པ་ཁོ་ནར་བྱ་བ་ནི། །ར་བ་གསུམ་ལ་སྒོ་གཅིག་པ། །སློབ་དཔོན་གྱི་ནི་བདག་ཉིད་ནི། །མཉམ་པ་ཁོ་ནར་བྱ་བ་ཡིན། །སྔར་གསུངས་
མཆོད་པ་བཅུ་པ་ནི། །རིམ་པ་བཞིན་དུ་བཤམ་པར་བྱ། །ནྱ་གྲོ་དྷ་དང་འོ་མ་ཅན། །བསྲེག་པའི་ཤིང་ནི་མདའ་ཡི་བརྒྱ། །ཏིལ་དང་ཡུངས་ཀར་ལ་སོགས་དང་། །དཱུར་བའོ་མ་ལ་སོགས་དང་། །ནས་གྲོ་མ་ཤ་ཞུ་བའི་རྫས། །བིལ་བ་ཏ་རྐ་ཛཱ་ཏི་དང་། །འབྲས་བུ་ཨུ་དུམྺཱ་རའི་ཤིང་། །ནགས་ཀྱི་
ལྕུག་མ་ལ་སོགས་དང་། །ཤེལ་ཕྲེང་གསེར་དང་གོས་དང་ནི། །ཤ་ལྔ་བདུད་རྩི་ལྔ་དང་ཆང་། །ཚོགས་ཀྱི་འཁོར་ལོའི་རྫས་རྣམས་བསགས། །དེ་ནས་དེ་རྗེས་ཉིད་ལ་ནི། །དག་པ་རྣམ་གསུམ་བྱ་བ་ནས། །ཡན་ལག་བཞི་པ་གཞུང་བཞིན་བསྒོམ། །སྙིང་གར་སྔགས་རྣམས་ཀུན་བཀོད་ནས། །

བཟླས་བརྗོད་མེས་ནི་སྡིག་པ་སྦྱང་། །རང་ཉིད་དཀྱིལ་འཁོར་བར་སྣང་དུ། །བཞག་ནས་ཁམས་གསུམ་སྟོང་པར་བསམ། །བེ་རམ་ལ་སོགས་རི་རབ་ལ། །ཐུག་པ་རིམ་པ་བཞིན་དུ་བསྐྱེད། །དེ་དབུས་བྷྲཱུཾ་ལས་མེ་ཐབ་ཀྱི། །འཁོར་ལོ་རིམ་པ་བཞིན་བསམས་ནས། །དེ་དབུས་དེ་
ལས་མེ་དཀྱིལ་འཁོར། །གྲུ་གསུམ་པ་ནི་བསམ་པར་བྱ། །དེ་དབུས་བཾ་ལས་ཆུ་དཀྱིལ་འཁོར། །ཟླུམ་པོ་དབུས་སུ་མེ་དཀྱིལ་འཁོར། །དབུས་སུ་རང་གི་མཚན་མ་བསམ། །ཟུར་གསུམ་ལ་ནི་ཡིག་གསུམ་བསམ། །ལོགས་སུ་ཧི་ཡི་ཡི་གེ་བསམ། །དེ་རྣམས་གྱུར་ལས་མེ་ལྷ་ནི། །ཞལ་
གཅིག་ཕྱག་གཉིས་མདོག་དཀར་བ། །གཡོན་པ་ཐབ་ཁུང་པདྨའོ། །གཡས་ན་བགྲང་ཕྲེང་དབྱུག་པའོ། །བཟང་པོ་སེར་སྐྱ་རལ་བ་ཅན། །སྤྱན་ནི་སེར་སྐྱ་ན་བཟར་བཅས། །ཟླ་བའི་སྟེང་དུ་བསྒོམ་པར་བྱ། །དེ་ལྟར་དམ་ཚིག་བསྐྱེད་ནས་ནི། །ཁྲོ་བོ་ལྷ་མོས་བསྲུང་ནས་ནི། །དྲི་ཡི་ཆུས་ཀྱང་བསང་བར་
བྱ། །དེ་རྗེས་མེ་ལྷ་སྤྱན་དྲངས་ཏེ། །མེ་ལྷ་སྤྱན་དྲང་ཕྱག་རྒྱ་དང་། །ཨོཾ་ཨེ་ཧྱེ་ཧི་མ་ཧཱ་བྷཱུ་ཏ་དེ་བ་རྀ་ཥི་ཏེ་ཛ་མ་ནུ་རྀ་ཥི་ཧི་ཏྭ་ཨུཏྟ་མ་ཧཱ་རསྨི་ཧི་ཏོ་བྷ་བེ་བཛྲ་དྷཱ་ར་ཨཱཛྙཱ་པ་ཡ་ཏི་སྭཱ་ཧཱ། །ཆུ་དང་བཅས་པའི་མེ་ཏོག་གི །མཆོད་ཡོན་ཉིད་ནི་མེ་ལྷ་ལ། །དེ་ཡི་སྦྱོར་དང་ལྡན་པས་སྦྱིན། །བསྟོད་པ་ཡང་ནི་བྱས་ནས་སུ། །
ཛཿདང་ལྕགས་ཀྱུའི་ཕྱག་རྒྱས་དྲངས། །ཧཱུྃ་དང་རྡོ་རྗེ་ཡིས་ནི་གཞུག །བཾ་དང་ཞགས་པའི་ཕྱག་རྒྱས་བཅིང་། །ཧོཿདང་དྲིལ་བུས་དགྱེས་པར་བྱ། །དེ་ནས་བུམ་པས་དབང་བསྐུར་ལ། །སྣང་བ་མཐའ་ཡས་དབུ་ལ་བསམ། །དེ་ནས་མཆོད་ཡོན་དབུལ་བ་ནི། །ཨོཾ་པྲ་བ་ར་སཏྐཱ་ར་མ་ཧཱ་རསྨི་པྲ་ཏཱིཙྪ་སྭཱ་ཧཱ།
ཨརྩ་མ་ན་པྲ་ཏཱིཙྪ་སྭཱ་ཧཱ། བཛྲ་དྷཱུ་པ་པྲ་ཏཱིཙྪ་སྭཱ་ཧཱ། བཛྲ་པུཥྤ་པྲ་ཏཱིཙྪ་སྭཱ་ཧཱ། བཛྲ་དཱི་པ་པྲ་ཏཱིཙྪ་སྭཱ་ཧཱ། བཛྲ་ནཻ་བི་དྱེ་པྲ་ཏཱིཙྪ་སྭཱ་ཧཱ། བཛྲ་ལཱ་སྱ་པྲ་ཏཱིཙྪ་སྭཱ་ཧཱ། བཛྲ་ཧཱ་སྱ་པྲ་ཏཱིཙྪ་སྭཱ་ཧཱ། བཛྲ་བཱ་ད་པྲ་ཏཱིཙྪ་སྭཱ་ཧཱ། བཛྲ་གཱི་ཏཱི་པྲ་ཏཱིཙྪ་སྭཱ་ཧཱ། བཛྲ་ཀཱ་མེ་པྲ་ཏཱིཙྪ་སྭཱ་ཧཱ། དེ་ཡང་གསུངས་པ། མེ་ནི་རྣམ་པ་
གསུམ་ཡིན་ཏེ། །ཀུན་བསྲེག་ཁྱིམ་བདག་ཡོན་གྱི་མེ། །ཁྱིམ་བདག་ཟླ་བའི་ལྕེ་ལ་ནི། །ཨོཾ་ཨ་ན་ལ་སརྦ་བྷཱུ་ཏ་ཛྭ་ལ་ཡ་སརྦ་བྷསྨིཾ་ཀུ་རུ་སརྦ་ཛ་ན་དུཥྚཱ་ན་ཧཱུྃ་ཕཊ། མེ་ནི་གསོ་ཕྱིར་དགང་བླུགས་སྦྱིན། །དེ་ནས་བགེགས་ནི་བརྟག་པར་བྱ། །ཙེག་ཙེག་སྒྲ་དང་རོ་ཡི་དྲི། །བ་ལང་མགོ་སོགས་མི་

དགེ་བའི། །མཚན་མ་ཡིན་པར་ཤེས་པར་བྱ། །གདུགས་དང་དཔལ་བེའུ་ཆུ་ཤེལ་དང་། །དྲི་ཞིམ་མཚན་མ་སོགས་ཞེས་བྱ། །མི་ཤིས་པ་ནི་ཕྱིར་བཟློག་བྱ། །མཆོད་སྦྱིན་གྱི་ནི་ལག་པ་ཡིས། །མཐེ་བོང་གིས་ནི་མེ་ཡི་ཁར། །རྡོ་རྗེ་ཡན་ལག་ཕུང་སོགས་ཀྱང་། །བསྲེག་པ་རུ་ནི་རབ་ཏུ་བྱ། །
ཨོཾ་ཨཱཿཧཱུྃ་ཧོ་ཧཾ་ཀྵཿསྭཱ་ཧཱ། ཧུྃ་ཧཱུྃ་ཧྲི་ཧྲི་ཧྲི་སྭཱ་ཧཱ། ཨ་ཨཱ་ཨི་ཨཱི་རྀ་རཱྀ་ཨུ་ཨཱུ་ལྀ་ལཱྀ་ཨཾ་ཨཿསྭཱ་ཧཱ། ཨ་ཨཱ་ཨེ་ཨཻ་ཨར་ཨཱར་ཨོ་ཨཽ་ཨལ་ཨཱལ་ཨཾ་ཨཿསྭཱ་ཧཱ། ཧ་ཧཱ་ཡ་ཡཱ་ར་རཱ་ཝ་ཝཱ་ལ་ལཱ་ཧཾ་ཧཿསྭཱ་ཧཱ། དེ་རྣམས་འོད་ལ་དབུལ་བར་བྱ། །ཨོཾ་ཨགྣ་ཡེ་སྭཱ་ཧཱ། མར་ནི་ཞལ་དུ་དབུལ་བར་བྱ། །ཨོཾ་སརྦ་
སཾ་པ་དེ་སྭཱ་ཧཱ། འབྲས་ཆན་ཞལ་དུ་དབུལ་བར་བྱ། །ཨོཾ་ཨ་པྲ་ཏི་ཧ་ཏ་བཛྲཱ་ཡ་སྭཱ་ཧཱ། ཨོཾ་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ། ཀུ་ཤ་དཱུར་བ་སྤྱི་གཙུག་ཏུའོ། །ཨོཾ་མ་ཧཱ་བེ་གེ་སྭཱ་ཧཱ། ཨོཾ་བཛྲ་གྷསྨ་ར་ཡེ་སྭཱ་ཧཱ། ཨོཾ་བཛྲ་བི་ཛཱ་ཡ་སྭཱ་ཧཱ། ཨོཾ་མ་ཧཱ་བེ་གཱ་ཡ་སྭཱ་ཧཱ། ཨོཾ་བཛྲ་མུ་ཏ་ཡེ་སྭཱ་ཧཱ། ནས་དང་གྲོ་དང་སོ་བ་
དང་། །མ་ཤ་འབྲས་ནི་ཞལ་དུའོ། །འོ་མ་ལ་སོགས་ཞུ་བའི་རྫས། །མེ་ཡི་སྔགས་ཀྱིས་ཞལ་དུའོ། །ཨོཾ་མ་ཧཱ་ཤེ་པཱ་ཡ་སྭཱ་ཧཱ། བིལ་བ་དང་ནི་སྟརྐའོ། །དྲི་ནི་ཐུགས་ཀ་མེ་ཏོག་དབུ། །སྤོས་ནི་འོད་ལ་མར་མེ་བདུན། །མཆོད་ཡོན་འཐོར་འཐུང་ཕྱག་ཏུའོ། །བདུད་རྩི་ཞལ་དང་རིན་ཆེན་དབུ། །
ཕྲེང་བ་ཕྱག་དང་སྐུ་ལ་སོགས། །དེ་ལྟར་མེ་ལྷ་མཆོད་ནས་ནི། །མེ་ནི་གསང་ལ་འོད་དུ་ཞུ། །དེ་ཡི་དབུས་སུ་ཡེ་ཤེས་ཀྱི། །འཁོར་ལོ་ཆོ་ག་བཞིན་དུ་བསྐྱེད། །ཡེ་ཤེས་སེམས་དཔའ་སྤྱན་དྲངས་ལ། །མཆོད་བསྟོད་དགུག་གཞུག་གོ་བསྐོན་ནས། །དབང་བསྐུར་ནས་ནི་སྔོན་བཞིན་དུ། །སྦྱིན་
སྲེག་རྒྱས་པར་དབུལ་བར་བྱ། །ཚོགས་ཀྱི་འཁོར་ལོ་རྒྱས་པ་ཡང་། །ཡེ་ཤེས་མེ་ལ་དབུལ་བར་བྱ། །དེ་ནས་ཁྱད་པར་སྦྱིན་སྲེག་ནི། །ཨོཾ་བྷུར་བྷུ་བ་སྭཿ། ན་མོ་དེ་བེ་བྷྱཿསྭསྟི་པྲ་ཛཱ་བྷྱཿསྭཱ་ཧཱ།