Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 9

Văn bản gốc(Tây Tạng)

Trang 11 / 22 (50.000 ký tự/trang)
ཇི་ལྟར་གཞག་ཅེ་ན། འཇིག་རྟེན་པའི་དུས་ཀྱི་ཆའི་གྲངས་ཀྱིས་འཁོར་ལོའི་

གྲངས་སུ་གཞག་གོ། །དུས་ཀྱི་ཆ་ནི་གང་ཞེ་ན། ཐུན་ཚོད་དང་འཕོ་བ་དང་། ཆུ་ཚོད་དང་དབྱུ་གུའི་གྲངས་དང་མཐུན་ནོ། །དེ་ལ་ཐུན་ནི་བརྒྱད་དོ། །འཕོ་བ་ནི་བཅུ་དྲུག་གོ། །ཆུ་ཚོད་ནི་སུམ་ཅུ་རྩ་གཉིས་སོ། །དབྱུ་གུ་ནི་དྲུག་ཅུའོ། །དེ་བས་དེ་ལྟ་བུ་དེ་ཡང་འཁོར་ལོ་ཉིད་དོ། །འོ་ན་
འཁོར་ལོ་བཞི་པོ་དེ་ལ་སྤྲུལ་པ་དང་། ཆོས་དང་ལོངས་སྤྱོད་དང་བདེ་བ་ཆེན་པོ་ཞེས་ཅིའི་ཕྱིར་བྱ་ཞེ་ན། ལྟེ་བ་གསང་བ་ནི་ཐམས་ཅད་ཀྱི་འབྱུང་གནས་ཡིན་པས་སྤྲུལ་པ་འབྱུང་བའི་གནས་པས་སོ། །སྙིང་ག་ནི་ཤེས་པའི་གནས་པས་ཆོས་ཀྱི་སྐུའོ། །མགྲིན་པ་ནི་རོ་དྲུག་མྱོང་ཞིང་ལོངས་སྤྱོད་
པས་སོ། །སྤྱི་བོ་ནི་བདེ་བ་ཆེན་པོའི་གནས་སམ་རྒྱུར་གྱུར་པས་སོ། །སྐད་ཅིག་མས་ཀྱང་རིམ་པར་གཞག་གོ། །རྣམ་པ་སྣ་ཚོགས་དང་། རྣམ་པར་སྨིན་པ་དང་རྣམ་པར་ཤེས་པ་དང་། མཚན་ཉིད་དང་བྲལ་བའི་རིམ་པས་སོ། །བདེན་པ་བཞི་ནི་སྡུག་བསྔལ་དང་། ཀུན་འབྱུང་དང་། འགོག་པ་
དང་། ལམ་མོ། །དེ་ཁོ་ན་ཉིད་བཞི་ནི་བདག་གི་དེ་ཁོ་ན་དང་། སྔགས་དང་། ལྷ་དང་ཡེ་ཤེས་ཀྱི་དེ་ཁོ་ན་ཉིད་དོ། །དགའ་བ་བཞི་ནི་དགའ་བ་དང་མཆོག་ཏུ་དགའ་བ་དང་། ཆད་པའི་དགའ་བ་དང་། ལྷན་ཅིག་སྐྱེས་པའི་དགའ་བའོ། །སྡེ་པ་བཞི་ནི་གནས་བརྟན་པ་དང་། ཐམས་ཅད་ཡོད་པར་
སྨྲ་བ་དང་། མང་པོས་བཀུར་བ་དང་། དགེ་འདུན་ཕལ་ཆེན་ནོ། །དེ་ལྟ་བུའི་རིམ་པས་ན་སྤྲུལ་པ་ལ་སོགས་པའི་མིང་དུ་གྲགས་སོ། །འོ་ན་འཁོར་ལོ་བཞི་པོ་དེ་གང་གི་ངོ་བོ་ཡིན་ཞེ་ན། སྐུ་དང་གསུང་དང་ཐུགས་ཀྱི་ངོ་བོའོ། །ཨེ་ཝཾ་མ་ཡ་ཡིན་ཏེ། ཨེ་ནི་ལྷ་མོ་སྤྱན་ནོ། །ཝཾ་ནི་མཱ་མ་ཀཱིར་
བརྗོད་དོ། །མ་ནི་གོས་དམར་མོ་ཞེས་བྱ། ཡ་ནི་སྒྲོལ་མར་བརྗོད་པས་སོ། །དེ་ལ་ཚུལ་ཇི་ལྟར་བཞུགས་ཤེ་ན། །སྤྲུལ་པ་ནི་ཤེས་རབ་སྟེ་ཆོས་ཀྱི་འབྱུང་གནས་སོ། །སྙིང་གི་པདྨ་ནི་དམ་ཚིག་གི་འཁོར་ལོ་ཞེས་བྱ་སྟེ། རྟག་ཏུ་ཆོས་ཀྱི་དབྱིངས་མ་ལ་བལྟས་པས་ན་ཁ་སྦྱོར་རོ། །འོ་ན་
ཆོས་ཀྱི་དབྱིངས་མ་ཚུལ་ཅི་འདྲ་བ་ཞེ་ན། རྟག་ཏུ་དེ་བཞིན་གཤེགས་པ་ལྔའི་ལོངས་སྤྱོད་དུ་གྱུར་པས་ལོངས་སྤྱོད་དོ། །དེ་ཇི་ལྟར་རྫོགས་ཤེ་ན། ལོ་བཅུ་དྲུག་གི་རྣམ་པ་ལྟ་བུ་བས་གཞོན་ནུའི་མདངས་དང་ལྡན་པ་གདུ་བུ་གསུམ་གྱིས་བརྒྱན་པས་སྒེག་པ་ལ་སོགས་པའི་ཉམས་དང་

ལྡན་པ་འབྱུང་བའི་ཡི་གེ་ལྔས་བརྒྱན་པས་བྷ་ག་ཤིན་ཏུ་རྒྱས་པའོ། །ཇི་ལྟར་རྒྱས་ཤེ་ན་རྩ་ལྔ་ནི་རོ་བཞིའི་གནས་སོ། །རོ་བཞི་ནི་བདེ་བའི་རོའོ། །དེའི་གནས་སུ་གྱུར་པས་རྒྱས་པའོ། །ལོངས་སྤྱོད་དུ་ཇི་ལྟར་འགྱུར་ན། བདེ་བ་ནམ་མཁའ་ལྟ་བུའི་གནས་སུ་གྱུར་པས་ལོངས་སྤྱོད་རྫོགས་པའོ། །
དེ་ལ་རྟག་ཏུ་དམིགས་ཤིང་འཛག་པས་ན་བདེ་བ་ཆེན་པོའོ། །ཇི་ལྟ་བུའི་བདེ་བ་ཆེན་པོ་ཞེ་ན། ལུས་དང་ཡིད་ལས་ཁྱད་པར་དུ་བྱས་པའི་ཏིང་ངེ་འཛིན་ལས་བྱུང་བ་ཁྱད་པར་ལྔ་དང་ལྡན་པའི་བདེ་བ་ཆེན་པོའོ། །ལས་གང་ཞེ་ན་དྲིལ་བུ་ལས་རྒྱུན་མི་འཆད་པར་འབབ་པས་ན་འབྲས་བུ་ཡང་
བདེ་བ་ཆེན་པོར་གྱུར་པའོ། །དེ་ཡང་ཁ་སྦྱོར་གྱི་ངོ་བོ་བས་ཐབས་དང་ཤེས་རབ་བོ། །དེ་ལྟ་བུའི་འཁོར་ལོ་ལས་ཡེ་ཤེས་བདེ་བ་ཆེན་པོ་ཇི་ལྟར་ཐོབ་པར་བྱ་ཞེ་ན། ཡོངས་སུ་བསྐོར་བས་རྙེད་པར་འགྱུར་རོ། །བསྐོར་བ་ནི་ཇི་ལྟར་བསྐོར་ཞེ་ན། བླ་མའི་མན་ངག་ལས། རླུང་མ་དང་། གཉིད་
མ་གཉིས་གཙོ་བོ་སྤྲད་པར་བྱའོ། །དེས་རླུང་བསྐྱེད་དོ། །དེས་ཙཎྜ་ལཱི་རབ་ཏུ་འབར་རོ། །དེས་སྤྲུལ་པ་རབ་ཏུ་འབར་རོ། །དེས་དམ་ཚིག་གི་རྟོག་པ་རབ་ཏུ་བསྲེགས་སོ། །དེ་ནས་ན་ཆུང་ལ་རབ་ཏུ་བསྐོར་ནས་གཡས་ནས་ཕྱུང་ནས་ཕྱིར་མཆོད་པའི་དོན་བྱས་ཏེ་གཡོན་དུ་ཞུགས་སོ། །
དེ་ནས་བདེ་བ་ཆེན་པོའི་དཀྱིལ་འཁོར་ལ་གཡོན་དུ་བསྐོར་ཏེ་གནད་ཀྱི་སྒོ་ཕྱེ་སྟེ། ཕྱོགས་བཅུའི་སངས་རྒྱས་རྣམས་ཀྱི་ཐུགས་ཀར་ཞུགས་ནས། ཡེ་ཤེས་ཀྱི་བདུད་རྩིར་གྱུར་ཏེ། སླར་བདུད་རྩི་ཁྱེར་ནས་ཛཱ་ལནྡྷ་ར་ཞེས་བྱ་བར་ཐིམ་པར་གྱུར་ཏོ། །དེས་ལོངས་སྤྱོད་ཀྱང་ཁེངས།
གཡོན་གྱི་རྩ་ནས་ཞུགས་ཏེ་སྤྲུལ་པ་ཡང་གསོས། དེ་ནས་གཡས་སུ་ཞུགས་ཏེ། ཕྱིར་ལོངས་སྤྱོད་ལ་ཐིམ་ནས་གདོད་དམ་ཚིག་གི་དཀྱིལ་འཁོར་ཡོངས་སུ་གསོས་སོ། །དེ་ནས་ཡང་སྤྲུལ་པ་ལ་ཐིམ་པས་ཆེར་འབར་ཏེ། ཡང་སྔོན་བཞིན་དུ་བསྐོར་བ་ཡང་སྐྲའི་རྩེ་མོ་བརྒྱར་
གཤགས་པའི་ཚད་ཙམ་དུ་ཡར་འགྲོ་བ་དང་མར་འགྲོ་བ་ཡང་མི་མཐོང་ངོ་། །དེ་ལྟར་བྱས་པས་འདོད་པའི་དོན་རྙེད་པར་འགྱུར་རོ། །དེ་ལྟར་ཡང་དང་ཡང་བྱས་ཀྱང་མ་རྙེད་ན་འཁོར་ལོ་བཞི་ལ་ཐིག་ལེ་བཞི་བྱས་ཏེ་བསླབ་པར་བྱའོ། །དེས་ཀྱང་མ་རྙེད་ན། ཨཾ་ཧཾ་གཉིས་ལས་བསླབ་པར་

བྱའོ། །དེས་ཀྱང་མ་རྙེད་ན་ཨཾ་དང་ཧཱུྃ་ལས་བསླབ་པར་བྱའོ། །དེ་ལྟར་བྱས་པས་འདོད་པའི་དོན་རྙེད་པར་འགྱུར་རོ། །རྙེད་པ་དེའི་ཚེ་རོ་བརྒྱད་སྐྱེ་ལ། སྐྱེས་པ་དེའི་ཚེ་གྲི་གུག་གིས་ལྷའི་བདུད་བསད་དོ། །དེ་ནས་ཡོངས་སུ་ཐིམ་པར་བྱ་བ་ཡིན་ལ། དེ་ནི་སྦྲུལ་འཁྱིལ་བ་
དང་འདྲའོ། །དེ་ལྟར་གྱུར་པས་སེང་གེ་ཕྲུག་གུ་གསོའོ། །དེ་ལྟ་བུའི་ངོ་བོ་དེ་ལ་འཁོར་ལོ་བཞི་ལས་མཐར་ཕྱིན་པ་ཞེས་བྱ་བ་བཤད་ཟིན་ཏོ། །དེ་ནས་ཅི་བཅོམ་ལྡན་འདས། བསྒྲུབ་པ་བྱ་བ་ལ་འཁོར་ལོ་ཁོ་ན་ཡིན་ནམ་སྙམ་པ་ལ། སྡོམ་པ་བཤད་པ་ཡིན་པས་སོ། །བྱང་ཆུབ་ཀྱི་
སེམས་དགའ་བ་བཞི་ལ་བསླབ་པར་བྱའོ། །དེ་ལ་དགའ་བ་བཞི་ནི་རྒྱུན་ཆ་ལ་དགའ་བ་དང་། མཆོག་ཏུ་དགའ་བ་དང་། དགའ་བྲལ་གྱི་དགའ་བ་དང་། ལྷན་ཅིག་སྐྱེས་པའི་དགའ་བའོ། །ཇི་ལྟ་བུའི་དགའ་བ་ལ་དགའ་བ་བཞི་ཞེ་ན། ཚོགས་པ་དང་ཚོགས་ཅན་ལས་སྐྱེས་པའི་
འབྲས་བུ་མྱོང་བའི་རྣམ་གྲངས་ལ་ནི་དགའ་བ་ཞེས་བྱའོ། །དེ་ཡང་ཇི་ལྟར་མྱོང་ཞེ་ན། དམ་ཚིག་གི་དུས་སུ་མྱོང་བའི་དགའ་བ་དེ་བཤད་པར་བྱའོ། །དེ་ཅིའི་ཕྱིར་རྒྱུན་ཆའི་དགའ་བ་ཞེ་ན། འདོད་ཆགས་ཀྱི་བསྟན་བཅོས་ལས་སྐྱེས་པ་པདྨ་དང་། རྡོ་རྗེ་ཀུན་ནས་རེག་པ་ལ་ནི་རྣམ་པ་སྣ་
ཚོགས་པའི་སྐད་ཅིག་མ་ཞེས་བྱ་སྟེ། དེ་ལ་ཡུལ་དུ་བྱས་པའི་ཤེས་རབ་ཡེ་ཤེས་ཞེས་བྱའོ། །དེ་ནས་བསྐྱོད་པའི་རྐྱེན་གྱིས་ཡོངས་སུ་སྨིན་པར་གྱུར་པའི་རྡོ་རྗེའི་རྐེད་པ་ལ་གནས་པ་ལ་ནི་མཆོག་ཏུ་དགའ་བ་ཞེས་བྱའོ། །དེ་ནས་ཤེས་རབ་ཀྱི་མཛོད་ཁ་ཁ་མུ་ཁ་དང་། ནོར་བུ་ཀུན་རེག་
པར་གྱུར་ཏེ་རྣམ་པར་ཉེད་པའི་དུས་སུ་རྟོག་པ་ཐམས་ཅད་དང་བྲལ་བར་གྱུར་པས་ན་དགའ་བྲལ་གྱི་དགའ་བ་ཞེས་བྱའོ། །དེ་ལ་གནས་སུ་ཐོབ་པའི་ཤེས་རབ་ཡེ་ཤེས་ཞེས་བྱའོ། །དེ་ལྟ་བུའི་རེག་བྱ་ལས་སྐྱེས་པའི་དགའ་བས་བདག་པོའི་རྐྱེན་བྱས་ནས། སྐད་ཅིག་མ་ཕྱི་མ་
ལ་ནོར་བུའི་རྩེ་མོར་མཚན་ཉིད་ཐམས་ཅད་དང་བྲལ་བའི་ངོ་བོ་མི་རྟོག་པ་ཆ་ཅན་དམིགས་པ་ཐམས་ཅད་དང་བྲལ་བ་སྐྱེས་པ་དེ་ལ་ལྷན་ཅིག་སྐྱེས་པའི་དགའ་བ་ཞེས་བྱ་སྟེ། དེ་ལ་ཉམས་སུ་མྱོང་བའི་ཤེས་རབ་ཡེ་ཤེས་ཞེས་བྱའོ། །དེ་ལྟ་བུའི་དགའ་བ་བཞི་ལ་རྣམ་པ་གཉིས་

ཏེ། ཤློ་ཀའི་དགའ་བ་དང་། བྱུང་རིམ་གཉིས་སོ། །དེ་ལ་ཅིའི་ཕྱིར་ཤློ་ཀ་ཞེ་ན། ཤེས་རབ་དང་ཡེ་ཤེས་ཏེ། ཤེས་རབ་ནི་མྱ་ངན་ལས་འདས་པར་བཞེད་ལ། ཡེ་ཤེས་ནི་འཁོར་བའོ། །གཉིས་པ་མི་གནས་པ་ནི་དབུ་མ་བས་ནི་མཆོག་གོ། །དེ་ལས་འདས་པས་ས་ཧ་ཛའོ། །དེ་ནི་
དགྱེས་པའི་རྡོ་རྗེའོ། །དེ་བས་ན་ལྷན་ཅིག་སྐྱེས་པའི་དགའ་བ་ནི་ཐ་མར་བཞེད་དོ། །སྐུ་གསུང་ཐུགས་སུ་འདོད་པ་དག་ནི། ཆད་པ་ནི་སོང་བ་ལ་འཛིན་པར་འདོད་དོ། །དེ་སྐད་དུ། ཇི་ལྟར་འབྱུང་བ་ཁུ་བ་ཡིན། །ལྷན་ཅིག་སྐྱེས་པ་རྣམ་པ་གཉིས། །དང་པོ་བུད་མེད་ཤེས་རབ་ཡིན། །ཐབས་ནི་
སྐྱེས་བུ་བརྗོད་པའོ། །དེ་ནས་འདི་དག་རྣམ་པ་གཉིས། །དོན་དམ་ཀུན་རྫོབ་དེ་དབྱེ་བྱའོ། །དང་པོ་སྐྱེས་བུ་རྣམ་པ་གཉིས་ཏེ། ཁུ་བ་འམ་ནི་དེ་བདེ་བའོ། །སྐྱེས་བུ་ཇི་ལྟར་ཤེས་རབ་ཀྱང་། །ཁུ་བ་འམ་དེ་ཡི་བདེ་བའོ། །དེ་ཡི་ཕྱིར་ན་དགའ་བ་ནི། །བཞིར་ནི་རབ་ཏུ་དབྱེ་བའོ། །གང་ཕྱིར་ལྷན་
ཅིག་སྐྱེས་རྣམ་བཞི། །རྫོགས་པའི་རིམ་པ་ཡི་ནི་ཕྱོགས། །མཆོག་ཏུ་དགའ་བ་རྣལ་འབྱོར་མ། །དགའ་བྲལ་དགའ་བ་ཐམས་ཅད་ནི། །དེ་བདེ་ཐབས་ཀྱི་ཐམས་ཅད་རིག །བདེ་བ་ཅུང་ཟད་དགའ་བ་སྟེ། །མཆོག་ཏུ་དགའ་བ་དེ་བས་ལྷག །དགའ་བྲལ་དགའ་བ་ཆགས་བྲལ་ཡིན། །ལྷན་
ཅིག་སྐྱེས་དགའ་ཐ་མའོ། །དང་པོར་རེག་པར་འདོད་པ་སྟེ། །གཉིས་པ་བདེ་བར་འདོད་པའོ། །གསུམ་པ་འདོད་ཆགས་འཛིན་པ་ཡིན། །དེ་ཕྱིར་བཞི་པ་བསྒོམ་པར་བྱ། །མཆོག་ཏུ་དགའ་བ་སྲིད་པར་བརྗོད། །འདོད་ཆགས་བྲལ་ཕྱིར་མྱ་ངན་འདས། །དམན་པ་དགའ་བ་ཙམ་ཉིད་དོ། །
དེ་དག་རྣམ་སྤངས་ས་ཧ་ཛ། །འདོད་ཆགས་མེད་ཅིང་ཆགས་བྲལ་མེད། །དབུ་མར་ཡང་ནི་མི་དམིགས་ལ། །འདི་ལ་ཐབས་དང་ཤེས་རབ་མེད། །ཡང་དག་དེ་ཉིད་རྟོགས་པའོ། །གཞན་གྱིས་མི་བསྐྱེད་ལྷན་ཅིག་སྐྱེས། །གང་ནས་ཀྱང་ནི་མི་རྙེད་དེ། །བླ་མའི་དུས་ཐབས་བསྟན་པ་དང་། །
བསོད་ནམས་ཀྱིས་ནི་བདག་གིས་ཤེས། །ཞེས་གསུངས་སོ། །དེ་ལ་དགའ་བ་དེ་ལྟ་བུ་ལ་བསླབ་པ་ནི་ནོར་བུའི་དཀྱིལ་དུ་བདེ་བ་ཕབ་ལ། འཁོར་ལོ་རེ་རེ་ལ་ཆ་བཞི་བཞིར་བརྩིས་པས། དེ་ལྟ་བུའི་དགའ་བ་རེ་རེ་ལ་བཞི་བཞིར་བརྩིས་པས་རྣལ་འབྱོར་གྱི་འཕོ་བ་བཅུ་དྲུག་གོ། །བྱང་ཆུབ་ཀྱི་

སེམས་དགའ་བཞིའི་དེ་ཁོ་ན་ཉིད་བཤད་ནས། དེ་ནས་བཞི་པའི་དེ་ཁོ་ན་ཉིད་བཤད་པར་བྱ་སྟེ། ཇི་ལྟ་བུའི་བཞི་པ་ཞེ་ན། གསུམ་པ་ལ་བལྟས་ཏེ་བསྒོམས་ནས་ཐོབ་པ་དེ་ལ་བཞི་པ་ཞེས་བྱའོ། །དེ་ལྟ་བུའི་ངོ་བོ་ཡང་ཇི་ལྟ་བུ་ཞིག་ཏུ་འགྱུར་གྲང་ན། ཡུལ་དུ་མཚོན་པའི་
བཞི་པ་དང་འདྲ་བར་མཚོན་པའི་བཞི་པ་ནི་བཞི་པ་ཞེས་བྱའོ། །དེ་ལ་མཐར་ཐུག་པའི་ཆོས་ཞེས་བྱའོ། །ཆོས་ནི་ཡང་དག་པའི་མཐའོ། །མཐར་ཐུག་པ་ནི་ཟབ་མོའོ། །དེ་ཡང་ཇི་ལྟ་བུའི་མིང་ཅན་ཞེ་ན། ཆོས་ཉིད་གནས་པའི་ངོ་བོ་དང་ཡེ་ཤེས་གསལ་བའི་ངོ་བོའོ། །དེ་ནི་ཆོས་ཉིད་ཇི་བཞིན་
པ་དང་། སེམས་ཉིད་ཇི་བཞིན་པའི་ངོ་བོའོ། །དེ་ཐ་མི་དད་པ་ནི་རྡོ་རྗེ་སེམས་དཔའ་སྟེ་ངོ་བོ་ཉིད་དག་པའི་སྐུའོ། །དེ་ལ་སེམས་ཀྱི་དཀྱིལ་འཁོར་འོད་གསལ་བ་ནི་གསང་སྔགས་ཀྱི་དེ་ཁོ་ན་ཉིད་དོ། །དེ་ལྟ་བུའི་ཡུལ་དོན་དམ་པའི་བདེན་པ་དེ་ནི། ཡུལ་དུ་མཚོན་པའི་བཞི་པ་སྟེ། དེ་ནི་
མཐར་ཐུག་པའི་ཞེས་བྱའོ། །འོ་ན་ཅི་འདྲ་བར་མཚོན་ཞེ་ན། ཤེས་རབ་ཡེ་ཤེས་རྟོག་པའི་དགའ་བ་དེས་མཚོན་ཏེ། བསྒོམ་པས་གཏན་ལ་ཕབ་ནས་མངོན་སུམ་དུ་གྱུར་པའི་ཡན་ལག་བདུན་དང་ལྡན་པར་གྱུར་པའི་བསྒྲུབ་པར་བྱ་བ་མཐར་ཐུག་པ་དེ་ཐོག་མའི་ཆོས་ཉིད་ཡུལ་དུ་བྱས་
པ་དང་། རྩ་བའི་རྣམ་པར་ཤེས་པ་གནས་སུ་དག་པའི་མེ་ལོང་ལྟ་བུའི་ཡེ་ཤེས་གསལ་བའི་ངོ་བོ་དེ་དང་དབྱེར་མེད་པར་གྱུར་པ་ལ་ནི་འདྲ་བར་མཚོན་པའི་བཞི་པ་ཞེས་བྱའོ། །དེ་ལྟ་བུའི་བཞི་པ་དེ་ཡང་དགའ་བའི་ངོ་བོ་དེས་མཚོན་པར་བྱེད་ཅིང་ཤེས་པར་བྱེད་པས་ན་མཚོན་བྱེད་དོ། །
དེས་ཇི་ལྟར་མཚོན་པར་བྱེད་ཅེ་ན། རྒྱུད་ལས། དམན་པ་འབྲིང་པོ་མཆོག་དང་ནི། །གཞན་དང་གང་དང་དེ་ཡང་ནི། །དེ་དག་ཐམས་ཅད་མཉམ་ཉིད་དུ། །དེ་ཉིད་བསྒོམས་པས་བལྟ་བར་བྱ། །དམན་པ་དངོས་པོ་ཕྲ་བའི་དོན། །མཆོག་གི་དངོས་པོར་བརྗོད་པ་སྟེ། །དབུ་མས་གཉིས་ནི་
སྤངས་པའོ། །ཞེས་པ་ལ་སོགས་པའོ། །དེ་སྐད་དུ་བཤད་པའི་རྒྱུད་ལས་ཀྱང་། །སྟོང་པ་བསྒོམ་པར་མི་བྱ་སྟེ། །མི་སྟོང་པ་ཡང་མི་བསྒོམ་མོ། །རྣལ་འབྱོར་སྟོང་པ་སྤང་མི་བྱ། །སྟོང་པ་མིན་ཡང་མི་སྤང་ངོ་། །སྟོང་དང་མི་སྟོང་གཉིས་བཟུང་ན། །རྟོག་པ་མང་པོ་རབ་ཏུ་སྐྱེ། །ཡོངས་

སུ་སྤངས་ན་ཡང་དག་རྟོགས། །དེ་ཕྱིར་དེ་གཉིས་སྤང་བར་བྱ། །གཉིས་པོར་ཞེན་པ་ཡོངས་སྤངས་ནས། །རྣམ་པར་གྲོལ་བར་ངེས་པར་གནས། །བདག་ཏུ་ཡང་དག་རྟོགས་པ་འདི། །དེ་ཕྱིར་དེ་ཡང་དངོས་སྤང་བྱ། །ཞེས་གསུངས་པས། དེ་མཐའ་གསུམ་ལ་མི་རེག་པ་ནི་དེ་ཁོ་ན་ཉིད་
བསྒོམ་པར་བཅོམ་ལྡན་འདས་ཀྱིས་ཉེ་བར་བསྟན་ཏེ། དེ་སྐད་དུ་ཡང་། གང་ལ་བསྒོམ་པ་པོ་མེད་ཅིང་། །མི་སྒོམ་པ་ཡང་ཡོད་མ་ཡིན། །བསྒོམ་པ་ཡང་ནི་ངེས་པ་མེད། །དེ་ནི་དེ་ཉིད་བསྒོམ་པར་བརྗོད། །འདི་ལྟར་ས་ཧ་ཛའི་དེ་ཁོ་ན་ཉིད་ཁོང་དུ་ཆུད་ཅིང་རྣམ་པར་རྟོགས་ནས། དངོས་པོ་ཐ་
དད་པ་མེད་པར་མཐོང་བ་རང་རང་གི་རང་བཞིན་དུ་ཆོས་ཐམས་ཅད་རྣམ་པར་བསྒོམ་པར་བརྗོད་དོ། །དེ་སྐད་དུ། འགྲོ་བ་ཐམས་ཅད་བསྒོམ་པ་ནི། །གང་ཕྱིར་ཡིད་ཀྱིས་མ་བསྒོམས་པའོ། །ཐམས་ཅད་ཆོས་ནི་ཡོངས་ཤེས་ན། །བསྒོམ་པ་ཉིད་ནི་སྒོམ་པ་མིན། །དངོས་གང་གཡོ་དང་
མི་གཡོ་བ། །རྩྭ་ལྕུག་འཁྲིལ་ཤིང་ཡལ་ག་སོགས། །དམ་པ་དེ་ཉིད་ངེས་པར་བསྒོམ། །རང་གི་དངོས་པོ་རང་བཞིན་དུ། །དེ་ཡི་དམ་པ་གཅིག་ཡོད་མིན། །ཡང་དག་རང་རིག་བསྒོམ་པ་སྟེ། །རང་གི་རིག་པའི་རང་བཞིན་ལས། །མི་མཐུན་པ་ལས་སྐྱེས་པའོ། །ཞེས་པས་སོ། །དེ་ལྟ་
བུའི་ཤཾ་པྲ་ཏིའི་བསྒོམ་པ་ལ་གནས་པས་མི་རྟོག་པ་རྒྱུན་མི་འཆད་པར་སྐྱེས་པ་དེའི་ཚེ་ས་བཅུ་ཐོབ་པ་ཡང་ཡིན་ལ། གང་གི་ཚེ་རྟོག་པ་མེད་པའི་ཤེས་པ་རྒྱུན་མི་འཆད་པར་སྐྱེས་པ་དེའི་ཚེ་ལུང་སྟོན་པའི་བཀའ་ལུང་འབྱུང་ལ། དེ་ནས་ཨ་བ་དྷཱུ་ཏཱིའི་སྤྱོད་པ་ལ་གནས་པར་འགྱུར་རོ། །སྤྱོད་
པ་དེ་ལ་གནས་ནས་བསྐལ་པ་གྲངས་མེད་པར་སེམས་ཅན་གྱི་དོན་མཛད་ལ། ཡང་དེའི་ཚེ་ཉིད་ན་རྣལ་འབྱོར་མ་རིགས་ཅན་དང་ཡང་དག་པའི་མཐའ་ལ་སྦྱོར་བར་མཛད་དོ། །དེ་ལྟར་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་བརྙེས་པ་ནི་དགོས་པ་ཡོངས་སུ་གྲུབ་པ་སྟེ། ཡན་ལག་བདུན་དང་ལྡན་
པའི་རྣལ་འབྱོར་དུ་གྱུར་པ་ལ་ནི་འདྲ་བ་མཚོན་པའི་བཞི་པ་ཞེས་བྱའོ། །གང་གིས་དགོས་པ་ཡོངས་སུ་གྲུབ་པ་དེའི་ཚེ་སྟོན་པའི་བཞུགས་ཚུལ་ཇི་ལྟར་ཡིན་པ་ཡང་ཤེས་པར་བྱའོ། །དེ་ལྟ་བུའི་མན་ངག་ལ་ནི་བཞི་པའི་དེ་ཁོ་ན་ཉིད་ཅེས་བྱའོ། །དེ་ཉིད་བཞི་ནི། རྒྱུ་འབྲས་ཚུལ་དུ་ཁ་སྦྱོར་

མི་ཕྱེད་པས། །དངོས་དང་དངོས་མེད་བདེ་དང་སྡུག་བསྔལ་བྲལ། །གང་ཡང་མི་དམིགས་ཚུལ་དང་ལྡན་པ་འདི། །ཆོས་ཕྱིར་འབྲེངས་པ་རྣམས་དང་ཕྲད་གྱུར་ཅིག །དེ་ཉིད་བཞི་རྟོགས་དགྱེས་པའི་རྡོ་རྗེ་མྱུར་ཐོབ་ནས། །ཁམས་གསུམ་སྐྱེ་བོ་ནད་པའི་ཚོགས་
རྣམས་སོས་གྱུར་ཅིག །དེ་ཁོ་ན་ཉིད་བཞི་པའི་མན་ངག་གསལ་བའི་སྒྲོན་མ་ཞེས་བྱ་བ་དཔལ་ཨུ་རྒྱན་གྱི་ཡུལ་གྱི་དངོས་གྲུབ་གྲུབ་པའི་སློབ་དཔོན་ཆེན་པོ་ཏིལླི་པའི་ཞལ་སྔ་ནས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་རཏྣ་ཤྲཱི་ཉིད་ཀྱི་ཞལ་སྔ་ནས་བསྒྱུར་ཅིང་བཤད་ནས་
གཏན་ལ་ཕབ་པའོ།། ༄༅༅། །རྒྱ་གར་སྐད་དུ། ཧེ་བཛྲ་ནཱ་མ་སཱ་དྷ་ནཾ། བོད་སྐད་དུ། ཀྱེ་རྡོ་རྗེ་ཞེས་བྱ་བའི་སྒྲུབ་པའི་ཐབས། །ཀྱེ་རྡོ་རྗེ་ལ་ཕྱག་འཚལ་ལོ། །ཞལ་བརྒྱད་ཕྱག་ནི་བཅུ་དྲུག་པ། །ཧཱུྃ་སྐྱེས་གཽ་རཱི་ལ་སོགས་བསྐོར། །ཞབས་ཀྱིས་བདུད་བཞི་
མནན་པ་སྟེ། །བདག་མེད་མ་ཡིས་ལྟག་ནས་འཁྱུད། །སྤྱན་ནི་ཉི་ཤུ་རྩ་བཞི་མངའ། །ཐོད་རློན་བརྒྱ་ཕྱེད་ཕྲེང་བ་ཅན། །སྔོན་པོ་ཕྱག་རྒྱ་ལྔས་བརྒྱན་ལ། །ཕྱག་འཚལ་སྒྲུབ་ཐབས་བཤད་པར་བྱ། །དེ་ལ་དང་པོར་རེ་ཞིག་རྣལ་འབྱོར་པས། གདོང་བཀྲུ་བ་ལ་སོགས་པའི་བྱ་བ་བྱས་
ལ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བློ་བསྐྱེད་ནས། ཨོཾ་རཀྵ་རཀྵ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་པས་གནས་ལ་སོགས་པ་བསྲུང་བ་བྱས་ལ། དཔལ་ཀྱེ་རྡོ་རྗེ་ལས་གསུངས་པའི་དཀྱིལ་འཁོར་དུ་ཞུགས་པས་རིམ་པ་ཇི་ལྟ་བ་བཞིན་དུ་དབང་བསྐུར་བ། ཡང་དག་པའི་བཀའི་རྗེས་སུ་
གནང་བ་དང་། ཤིན་ཏུ་རྣམ་པར་དག་པ་དང་། དེ་ཁོ་ནའི་ཡེ་ཤེས་ཕྱི་ཅི་མ་ལོག་པ་ཐོབ་པ། མཚན་མ་རྙེད་པ། དུར་ཁྲོད་ལ་སོགས་པ་ཡིད་དུ་འོང་བའི་གནས་སུ་སྣ་ཚོགས་རྡོ་རྗེས་མཚན་པའི་བདེ་བའི་སྟན་ལ་འདུག་པ། བདུད་རྩི་ལྔ་ལ་སོགས་པའི་དམ་ཚིག་བསྟན་པ། གང་ལ་
ཡང་མི་ལྟོས་པ། དོགས་པ་མེད་པའི་ཤེས་རབ་དང་བཅས་པ་དཔལ་ཀྱེ་རྡོ་རྗེའི་ང་རྒྱལ་དང་ལྡན་པར་བྱའོ། །དེ་ནས་རང་གི་སྙིང་གར་པདྨའི་སྟེང་དུ་རཾ་ཞུ་བ་ལས་ཉི་མའི་དཀྱིལ་འཁོར་དེའི་སྟེང་དུ་ཧཱུྃ་སྔོན་པོ་དམིགས་སོ། །དེ་ནས་ཧཱུྃ་གི་ཡི་གེ་ལས་འོད་ཟེར་ལྔ་སྤྲོས་པས་ཁམས་གསུམ་

གསལ་བར་བྱས་ནས་སླར་བཀུག་སྟེ། མདུན་གྱི་ནམ་མཁའ་ལ་བཅོམ་ལྡན་འདས་ཕྱག་བཅུ་དྲུག་པ་ཞལ་བརྒྱད་པ་སྤྱན་གསུམ་པ་རང་གི་རིག་མ་ལ་འཁྱུད་པ། སྐྲ་སེར་པོ་གྱེན་དུ་བརྫེས་པ། ཕྱག་རྒྱ་ལྔས་བརྒྱན་པ། ལྷ་མོ་བརྒྱད་ཀྱིས་བསྐོར་བ། ཁ་དོག་དང་ཕྱག་མཚན་འོག་
ནས་འབྱུང་བ་ལྟ་བུ་སྤྲོ་བ་དང་བསྡུ་བའི་སྐུ་བསམ་མོ། །དེའི་མདུན་དུ་གཽ་རཱི་ནག་མོ་ཕྱག་ན་བྱང་ཆུབ་ཀྱི་སེམས་ཀྱི་ཟླ་བ་ཅན་གཡས་ན་ཙཽ་རཱི་དམར་པོ་རང་འབྱུང་གི་མེ་ཏོག་ཅེས་བྱ་བའི་ཉི་མ་ཅན། རྒྱབ་ཏུ་བེ་ཏཱ་ལཱི་སེར་མོ་ཕྱག་ན་རྡོ་རྗེའི་ཆུའི་ལྷུང་བཟེད་ཐོགས་མ། བྱང་དུ་གྷསྨ་རཱི་ལྗང་གུ་
གསང་བའི་སྨན་འཛིན་མ། དབང་ལྡན་དུ་པུཀྐ་སཱི་སྔོན་མོ་ཤ་སྣ་ཚོགས་འཛིན་མ། མེ་རུ་ཤ་བ་རཱི་དཀར་མོ་ཆང་བསྣམས་མ། །བདེན་བྲལ་དུ་ཙཎྜ་ལཱི་ཅུང་ཟད་དམར་བ་རྔེའུ་ཆུང་བརྡུང་མ། རླུང་དུ་ཌོམྦི་ནཱི་དུ་བའི་མདོག་ཅན་མ་ཉིད་ཀྱི་སྐུ་ལ་འཁྱུད་པ། དེ་ལྟར་རྣལ་འབྱོར་མ་རྣམས་
ཀྱིས་བསྐོར་བའི་བཅོམ་ལྡན་འདས་གསལ་བར་དམིགས་ཏེ། དེ་ནས་ཕྱིས་འོད་ཟེར་རང་གི་ས་བོན་ལ་བསྟིམ་མོ། །ཡང་རང་གི་ས་བོན་ལས་འོད་ཟེར་སྤྲོས་ཏེ། ཕྱི་དང་ནང་དང་། གསང་བ་དང་། དེ་ཁོ་ནའི་མཆོད་པའི་ཁྱད་པར་གྱིས་བཅོམ་ལྡན་འདས་ལ་མཆོད་པ་ནི་དེ་ལ་མེ་
ཏོག་དང་། སྤོས་དང་། ལྷ་བཤོས་དང་། རིན་པོ་ཆེ་སྣ་བདུན་ལ་སོགས་པ་དབུལ་བ་ནི་ཕྱིའི་མཆོད་པའོ། ལྷ་མོ་བརྒྱད་ཀྱིས་བདུད་རྩི་ལྔ་དང་ཤ་ལྔ་ལ་སོགས་པ་དབུལ་བ་ནི་གསང་བའི་མཆོད་པའོ། །ཡང་དག་པའི་བླ་མའི་གདམས་ངག་གིས་བདག་མེད་མ་དང་གཉིས་སུ་མེད་པའི་བདེ་བ་
ཉམས་སུ་མྱོང་བ་དེ་ནི་དེ་ཁོ་ནའི་མཆོད་པའོ། །དེ་ལྟར་ཤིན་ཏུ་རྣམ་པར་དག་པའི་མཆོད་པ་བྱས་ནས། ལུས་ངག་ཡིད་གསུམ་དང་བས་ཕྱག་བྱས་ཏེ། དེ་དག་གི་མདུན་དུ་སྡིག་པ་བཤགས་པ་ལ་སོགས་པ་བྱའོ། །གང་ཞིག་འཁོར་བ་ཐོག་མ་མེད་པ་ནས་ཕྱིན་ཅི་ལོག་གི་རྣམ་པར་རྟོག་པ་
ལས་སྐྱེས་པའི་བདག་གིས་སྡིག་པའི་ལས་བྱས་པ་ཐམས་ཅད་དང་། གཞན་གྱིས་བགྱིས་པ་ལ་རྗེས་སུ་ཡི་རང་བ་དང་། ཅུང་ཟད་བགྱིད་དུ་སྩལ་བ་དེ་དག་ཐམས་ཅད་བཤགས་ཤིང་ཡང་ཕྱིན་ཆད་མི་བགྱིའོ། །གང་ཞིག་སོ་སོའི་སྐྱེ་བོ་དང་། ལྷ་དང་། ཉན་ཐོས་དང་། རང་སངས་རྒྱས་དང་།

བྱང་ཆུབ་སེམས་དཔའ་དང་། ཡང་དག་པར་རྫོགས་པའི་སངས་རྒྱས་ཐམས་ཅད་ཀྱི་དགེ་བའི་རྩ་བ་ཐམས་ཅད་ལ་རྗེས་སུ་ཡི་རང་ངོ་། །བསོད་ནམས་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བར་བགྱིའོ། །དེ་ནས་ཁམས་གསུམ་གྱི་
བདག་ཉིད་བདེ་བ་ཆེན་པོའི་རང་བཞིན་གྱིས་སངས་རྒྱས་དཔལ་ཀྱེ་རྡོ་རྗེ་དང་། དེས་བསྟན་པའི་སྔགས་དང་ཕྱག་རྒྱ་དང་། དཀྱིལ་འཁོར་ལ་སོགས་པའི་རང་བཞིན་གྱི་ཆོས་དང་། དེའི་དཀྱིལ་འཁོར་གྱི་འཁོར་ལོར་གནས་པའི་རྣལ་འབྱོར་མའི་ཚོགས་ལ་ཇི་སྲིད་བྱང་ཆུབ་ཀྱི་སྙིང་པོ་ལ་མཆིས་ཀྱི་བར་དུ་
སྐྱབས་སུ་མཆིའོ་སེམས་ཅན་ཐམས་ཅད་ཀྱི་དོན་བྱེད་པའི་རྒྱུར་གྱུར་པའི་རང་བཞིན་གྱི་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་ཡང་དག་པའི་བྱང་ཆུབ་ཀྱི་སེམས་བདེ་བ་ཆེན་པོ་བསྐྱེད་པར་བྱའོ། །བདག་གིས་འདི་ལྟར་བླ་ན་མེད་པ་བྱང་ཆུབ་ཀྱི་སེམས་ཀྱི་རྡོ་རྗེའི་ལམ་ལ་བརྟེན་པར་བྱའོ། །
ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་བ་དང་། མྱ་ངན་ལས་མི་འདའ་བར་གསོལ་བ་གདབ་པར་བྱའོ། །དེ་ནས་སེམས་ཅན་ཐམས་ཅད་ལ་བུ་གཅིག་པ་དང་འདྲ་བའི་བདེ་བའི་མཆོག་གི་ངོ་བོ་ཉིད་ཀྱི་བྱམས་པ་ཆེན་པོ་དང་། སྡུག་བསྔལ་དང་། སྡུག་བསྔལ་གྱི་རྒྱུར་གྱུར་པ་རྟོག་པ་ཐམས་ཅད་ཀྱི་
རྒྱ་མཚོར་བྱིང་བའི་སེམས་ཅན་ཐམས་ཅད་སྐྱབས་མེད་པ་མཐོང་ནས་དེ་བསྒྲལ་བའི་ཕྱིར་འདོད་པའི་སྙིང་རྗེ་ཆེན་པོ་དང་། བདེ་བ་ཆེན་པོ་དང་མ་བྲལ་བར་མཐོང་བའི་དགའ་བ་དང་། འཇིག་རྟེན་པའི་ཆོས་བརྒྱད་ལས་ལོག་པའི་ལམ་གྱི་མཚན་ཉིད་ཀྱི་བཏང་སྙོམས་བསྒོམ་པར་བྱའོ། །དེ་ལྟར་བླ་ན་
མེད་པའི་ཆོས་ཐམས་ཅད་རབ་ཏུ་འབྱེད་པའི་མཚན་ཉིད་ཀྱི་ཤེས་རབ་ཀྱིས་ཆོས་ཐམས་ཅད་རྟེན་འབྲེལ་ལས་སྐྱེས་པ་ཙམ་རང་བཞིན་གྱིས་གཟོད་མ་ནས་སྐྱེ་བ་མེད་པར་གསལ་བར་ཤེས་པར་བྱ་སྟེ། དངོས་པོ་མ་ལུས་པའི་བདེ་བ་དེ་ཁོ་ན་ཉིད་ཀྱི་སྙིང་པོར་བསྡུས་པའི་སྟོང་པའི་ཡེ་ཤེས་ཀྱི་རྡོ་རྗེའི་
རང་བཞིན་གྱི་ཆོས་ཤེས་ནས་ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ་ཞེས་པའི་སྔགས་དེ་ཡིད་ཀྱིས་བཟླས་ཏེ། སྐྱེ་བ་མེད་པ་འགག་པ་མེད་པ་ཡང་དག་པའི་བླ་མའི་མན་ངག་གིས་ཐང་ཅིག་མི་གནས་པའི་ངོ་བོ་ལ་གནས་པའོ། །དེ་ཉིད་འོད་གསལ་བའོ། །དེ་ནི་ཤིན་ཏུ་བདེ་བར་གནས། །

ཆོས་ཀུན་དེ་ཉིད་ཁོ་ནར་གསུངས། །ཤེས་རབ་ཕ་རོལ་ཕྱིན་པ་དེ། །བདུད་རྣམས་འཇོམས་པར་བྱེད་པའི་མཆོག །དེ་ནས་སྔོན་གྱི་སྔོན་ལམ་གྱིས་སྟོང་པ་ཉིད་འོད་གསལ་བའི་ཏིང་ངེ་འཛིན་ལས་ལངས་ཏེ། ནམ་མཁའ་ལ་རཾ་ལས་བྱུང་བའི་ཉི་མའི་དཀྱིལ་འཁོར་དེའི་སྟེང་དུ་ཧཱུྃ་སྔོན་པོ་འོད་དུ་ཞུ་བར་
གྱུར་པ་ལས་སྣ་ཚོགས་རྡོ་རྗེའི་འོད་ཟེར་ལྔ་བསྒོམས་ནས་མནར་མེད་པའི་སེམས་ཅན་དམྱལ་བའི་མེ་དང་འདྲ་བའི་འོད་ཟེར་ཤིན་ཏུ་འབར་བའི་ཚོགས་ཇི་ཙམ་འདོད་པར་སྤྲོ་སྟེ། ཕྱོགས་སུ་རྡོ་རྗེའི་རྭ་བ་དང་། སྟེང་དུ་རྡོ་རྗེའི་གུར་དང་། འོག་ཏུ་རྡོ་རྗེའི་ས་གཞི་དམྱལ་བ་ལ་ཐུག་པ་ཡན་ཆད་བསམ་
པར་བྱའོ། །དེའི་ནང་དུ་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་སྣ་ཚོགས་རྡོ་རྗེ། དེ་ལས་འོད་ཟེར་འཕྲོས་པས་ཕྱོགས་མཚམས་རྡོ་རྗེའི་རྩིག་པ་ལ་སོགས་པས་བརྟན་པར་བྱའོ། །དེའི་དཀྱིལ་དུ་བྷྲཱུཾ་སེར་པོ་བསམ་མོ། །བྷྲཱུཾ་ཞུ་བ་ལས་འཁོར་ལོ་རྩིབས་བཅུ་པ་ཁ་དོག་སེར་པོ་མྱུར་དུ་འཁོར་ཞིང་
གཞན་དུ་མི་གཡོ་བའོ། །དེའི་དཀྱིལ་དུ་སྣ་ཚོགས་རྡོ་རྗེ། །དེའི་སྟེང་དུ་སྣ་ཚོགས་པདྨ། །དེའི་སྟེང་དུ་ཉི་མའི་དཀྱིལ་འཁོར་བསམ་མོ། །དེའི་སྟེང་དུ་ཟླ་བ་ཉི་མ་ཁ་སྦྱར་བའི་དབུས་སུ་ཧཱུྃ་ཡིག་བལྟའོ། །མེ་ལོང་ལྟ་བུའི་ཡེ་ཤེས་ལ་སོགས་པ་ཡེ་ཤེས་ལྔའི་རིམ་པས་བཅོམ་ལྡན་འདས་ཧཱུྃ་
མཛད་བསམ་མོ། །ཧཱུྃ་ལས་སྐྱེས་པ་སྐུ་མདོག་ཨིནྡྲ་ནཱི་ལ་དང་འདྲ་བ་ལྗང་གུ་སྣ་ཚོགས་པས་བརྒྱན་པ། རིན་པོ་ཆེའི་དབུ་རྒྱན་ཅན། འཇིགས་བྱེད་དང་དུས་མཚན་མོ་ནག་མོ་མནན་པ། ཕྱག་གཉིས་རྡོ་རྗེ་དང་དྲིལ་བུ་འཛིན་པས་རང་གི་རིག་མ་ལ་འཁྱུད་པ། ཞབས་བརྐྱང་བསྐུམ་དུ་
བཞུགས་པ་བསམ་པར་བྱའོ། །དེ་ནས་ཡང་དག་པའི་སློབ་དཔོན་གྱི་གདམས་ངག་ལས་རྡོ་རྗེ་ཐོད་པའི་སྦྱོར་བས་ཁྲོ་བོ་བཅུ་བསྒོམ་པར་བྱ་སྟེ། དེ་ལ་ཤར་ལ་སོགས་པ་ཕྱོགས་བཞིར་གཤིན་རྗེ་གཤེད་པོ་དང་། ཤེས་རབ་མཐར་བྱེད་དང་། པདྨ་མཐར་བྱེད་དང་བགེགས་མཐར་བྱེད་དང་བཞི་ནི་
ནག་པོ་དང་། དཀར་པོ་དང་དམར་པོ་དང་། སྔོན་པོའི་རིམ་པས་སོ། །རྡོ་རྗེའི་ཐོ་བ་དང་། བེ་ཅོན་དཀར་པོ་དང་། ཆུ་སྐྱེས་དམར་པོ་དང་། རྡོ་རྗེ་ནག་པོ་ཕྱག་གིས་འཛིན་པའོ། །དེ་རྣམས་ཀྱང་སྦོམ་ལ་ཐུང་བ། གསུས་པ་འཕྱང་བ། ཁྲོ་བ་དང་བཅས་པ། སྦྲུལ་གྱི་ཆུན་པོ་བརྒྱད་ཀྱིས་བརྒྱན་པ། སྐྲ་

སེར་པོ་གྱེན་དུ་བརྫེས་པ། སྤྱན་དམར་ལ་ཟླུམ་པ། རྣམ་པར་སྣང་མཛད་དང་། མི་བསྐྱོད་པ་དང་། སྣང་བ་མཐའ་ཡས་དང་། དོན་ཡོད་གྲུབ་པ་དང་། བཞིས་དབུ་བརྒྱན་པ། སྟག་གི་པགས་པའི་ཤམ་ཐབས་ཅན་ནོ། །དེ་བཞིན་དུ་མེའི་མཚམས་དང་། བདེན་བྲལ་གྱི་
མཚམས་དང་། རླུང་གི་མཚམས་དང་། དབང་ལྡན་གྱི་མཚམས་དང་བཞིར་འདོད་པའི་རྒྱལ་པོ་དང་། དབྱུག་སྔོན་ཅན་དང་། སྟོབས་པོ་ཆེ་དང་། མི་གཡོ་མགོན་ནོ། །དེ་རྣམས་ཀྱང་ཁ་དོག་ནག་པོ་ལྕགས་ཀྱུ་དང་། དབྱུག་ཏོ་དང་། རྩེ་གསུམ་དང་། རལ་གྲི་ཕྱག་གིས་འཛིན་པའོ། །
འདོད་པའི་རྒྱལ་པོ་དང་། མི་གཡོ་མགོན་པོ་དང་གཉིས་ནི་ན་བཟའ་བཟང་པོ། །རིན་པོ་ཆེ་ལ་སོགས་པས་བརྒྱན་པ། རིན་པོ་ཆེའི་དབུ་རྒྱན་ཅན་ནོ། །དབྱུག་ཏོ་ཅན་དང་། སྟོབས་པོ་ཆེ་གཉིས་ནི་གཤིན་རྗེ་གཤེད་པོ་དང་འདྲ་བ་ཤིན་ཏུ་འཇིགས་པའོ། །འོག་ཏུ་གནོད་མཛེས་རྒྱལ་པོ་ནི་ཐོ་བ་ནག་པོ་
ཕྱག་གིས་འཛིན་པ་རིན་པོ་ཆེས་དབུ་བརྒྱན་པའོ། །སྟེང་གི་རྩིབས་ལ་ཡང་གཙུག་ཏོར་འཁོར་ལོས་སྒྱུར་བ་སེར་པོ་རིན་པོ་ཆེས་དབུ་བརྒྱན་པ། འཁོར་ལོ་སེར་པོ་བསྣམས་པ། རྣམ་པར་སྣང་མཛད་ཀྱིས་དབུ་བརྒྱན་པའོ། །འདོད་པའི་རྒྱལ་པོ་ལ་སོགས་པ་ལྔ་ནི་མི་བསྐྱོད་པས་དབུ་བརྒྱན་
པའོ། །དེ་དག་ནི་ཁྲོ་བོ་བཅུ་སྟེ། སྣ་ཚོགས་པདྨའི་སྟེང་དུ་ཉི་མའི་དཀྱིལ་འཁོར་ལ་ཞབས་བགྲད་ནས་གནས་པ། གཡོན་པས་སྡིགས་མཛུབ་སྙིང་གར་བསྒྲེང་བ། སྦྲུལ་གྱི་ཞགས་པ་ཐོགས་པའོ། །དེ་ལྟར་སྲུང་བའི་འཁོར་ལོ་བྱས་ནས་དེའི་དཀྱིལ་ན་རྡོ་རྗེ་ཧཱུཾ་མཛད་ཞུ་བ་ལས་འབྱུང་བ་ཆེན་པོ་ནམ་མཁའ་
ཆེན་པོ་ཆོས་འབྱུང་གྲུ་གསུམ་པ་རྡོ་རྗེ་འཛིན་པ་ཆེན་པོའི་རང་བཞིན་སྟོན་ཀའི་རི་བོང་ཅན་ལྟར་དཀར་བ་ཞབས་ཕྲ་བ་ཁ་ཡངས་པ་ཟུར་གསུམ་པ་ཟུར་དོད་པ་དེ་ལྟར་བསམ་པར་བྱའོ། །དེའི་དཀྱིལ་དུ་སྣ་ཚོགས་པདྨ། དེའི་སྟེང་དུ་སྣ་ཚོགས་རྡོ་རྗེ་ཆེན་པོ་རྩེ་མོ་བཅུ་གཉིས་པ། ཤར་གྱི་རྩེ་མོ་གསུམ་ནི་
དཀར་བ། ལྷོའི་གསུམ་ནི་སེར་བ། ནུབ་ཀྱི་གསུམ་ནི་དམར་བ། བྱང་གི་གསུམ་ནི་ལྗང་ཁུ། དབུས་སྔོན་པོ་བསམ་པར་བྱའོ། །དེའི་སྟེང་དུ་ཡཾ་ལས་སྐྱེས་པའི་རླུང་གི་དཀྱིལ་འཁོར་གཞུའི་དབྱིབས་འདྲ་བ་སྔོན་པོ་བ་དན་གཡོ་བ་གཉིས་ཀྱིས་མཚན་པའོ། །དེའི་སྟེང་དུ་རཾ་ལས་མེའི་

དཀྱིལ་འཁོར་གྲུ་གསུམ་དམར་པོ་ལ་རཾ་གྱིས་མཚན་པའོ། །དེའི་སྟེང་དུ་བཾ་ལས་སྐྱེས་པའི་ཆུའི་དཀྱིལ་འཁོར་དཀར་བ་ཟླུམ་པོ་བཾ་གྱིས་མཚན་པའོ། །དེའི་སྟེང་དུ་ལཾ་ལས་སྐྱེས་པའི་སའི་དཀྱིལ་འཁོར་གྲུ་བཞི་པ་སེར་པོ་ཟུར་ལ་རྡོ་རྗེ་རྩེ་གསུམ་པས་མཚན་པའོ། །དེའི་དཀྱིལ་དུ་སྣ་ཚོགས་
རྡོ་རྗེ་ལ་རྟེན་འབྲེལ་ལས་སྐྱེས་པའི་སེམས་ཅན་འབྱུང་བ་ཆེན་པོ་བཞི་ཞུ་བ་ལས་སྐྱེས་པ་ཤིན་ཏུ་རྣམ་པར་དག་པའི་སངས་རྒྱས་ཀྱི་ཞིང་འདུས་པ་ཆེན་པོའི་གཞལ་ཡས་ཁང་རྣམ་པར་སྣང་མཛད་ཀྱི་རང་བཞིན་སྣ་ཚོགས་པའི་རིན་པོ་ཆེ་བཞིའི་རང་བཞིན་གྱི་གཞལ་ཡས་ཁང་གྲུ་བཞི་པ། སྒོ་
བཞི་པ། ཀ་བ་བརྒྱད་ཀྱིས་ཉེ་བར་བརྒྱན་པ། ཟུར་བཞི་པ། རྟ་བབས་བཞིས་རྣམ་པར་སྤྲས་པ། ལྷ་མོ་སེར་མོ་པི་ཝང་བརྡུང་བ་དང་། ལྷ་མོ་དམར་མོ་གླིང་བུ་འབུད་པ་དང་། ཌ་མ་རུ་བརྡུང་བ་ལྷ་མོ་དུ་བའི་མདོག་ཅན་མ། ལྷ་མོ་དཀར་མོ་རྔ་བོ་ཆེ་བརྡུང་བ་དང་། ལྷ་མོ་སེར་མོ་མེ་ཏོག་གི་ཕྲེང་བ་
ཐོགས་པ། ལྷ་མོ་དམར་མོ་འགྱིང་བག་ཅན། ལྷ་མོ་གླུ་མ་སྐུ་མདོག་དམར་སེར་མ། ལྷ་མོ་གར་མ་ཁ་དོག་སྣ་ཚོགས་པ། ལྷ་མོ་མེ་ཏོག་མ་དཀར་མོ། །ལྷ་མོ་སྤོས་མེ་མ་ནག་མོ། །ལྷ་མོ་མར་མེ་མ་དམར་མོ། །ལྷ་མོ་དྲི་ཆབ་མ་སེར་མོ། །གཟུགས་ཀྱི་ལྷ་མོ་དཀར་མོ་དང་། རོའི་ལྷ་མོ་དམར་མོ་དང་། རེག་བྱའི་ལྷ་མོ་ལྗང་གུ་དང་།
ཆོས་ཀྱི་ལྷ་མོ་སྟེ། དེ་ལྟར་བཅུ་དྲུག་ནི་ཟླ་བ་ཕྱེད་པའི་ཐིག་ལེ་ཅན། རང་རང་གི་ས་བོན་ལས་གྲུབ་པ། མིག་དང་གཟུགས་ཐ་དད་པར་བཞུགས་པ། རྩ་བ་ལ་སོགས་པའི་སྒོའི་འགྲམ་དུ་མཆོད་པའི་ལྷ་མོ་རྣམས་ཀྱིས་བརྒྱན་པ་སྟེ། དེ་ལྟར་རིམ་པས་གཡས་སྐོར་དུ་གཉིས་གཉིས་གནས་
སོ། །དྲ་བ་དང་དྲ་བ་ཕྱེད་པ་དང་། པུ་ཤུ་དང་། མེ་ཏོག་གི་ཕྲེང་བ་དང་། བླ་རེ་དང་། མེ་ལོང་དང་། རྔ་ཡབ་ལ་སོགས་པས་མཛེས་པར་བརྒྱན་པ། རྡོ་རྗེའི་ཕྲེང་བའི་འོད་ཟེར་གསལ་བ་སངས་རྒྱས་མང་པོ་འཕྲོ་བ་ལ་སོགས་པ་སྣ་ཚོགས་གཡོ་བའི་རྩེ་ལ་དྲིལ་བུ་འཁྲོལ་བ་འདོད་པའི་ཡོན་ཏན་
ལྔས་བརྒྱན་པ། ཡིད་དུ་འོང་བའི་གཞལ་ཡས་ཁང་ལ་དུར་ཁྲོད་བརྒྱད་ཀྱིས་བསྐོར་བ་བསམ་པར་བྱའོ། །དེ་ལ་ཤར་གྱི་དུར་ཁྲོད་ཆེན་པོ་ནི་གཏུམ་དྲག་ཅེས་བྱ་སྟེ། ཤི་རི་ཤའི་ཤིང་ལ་ལྷ་གླང་པོ་ཆེའི་མགོ་བོ་ཅན་སེར་པོ། །བརྒྱ་བྱིན་སེར་པོ་དང་། ཀླུ་བ་སུ་ཀི་སེར་པོ། །སྤྲིན་སྒྲ་སྒྲོགས་

ཞེས་བྱ་སྟེ་སྔོན་པོའོ། །མེའི་མཚམས་ཀྱི་དུར་ཁྲོད་ཆེན་པོ་ནི་ཧ་ཧ་དགོད་ཅེས་བྱ་སྟེ། ཤིང་ཀ་རཉྫ་ལ་ལྷ་རའི་གདོང་པ་ཅན་མེ་ལྷ་དམར་པོ་དེར་ཀླུ་པདྨ་ཆེན་པོ་ལྗང་གུ། སྤྲིན་འཁྲིགས་པ་ཞེས་བྱ་སྟེ། མདོག་དམར་པོའོ། །ལྷོའི་དུར་ཁྲོད་ནི་འཇིགས་སྡེ་ཞེས་བྱ་སྟེ། ཤིང་
ཨ་མྲ་ཞེས་བྱ་བ་ལ་ལྷ་མ་ཧེའི་མགོ་བོ་ཅན། གཤིན་རྗེ་ནག་པོ། །དེར་པདྨ་དཀར་པོ་དང་། སྤྲིན་འཁྱིལ་བ་ཞེས་བྱ་བ་མདོག་སེར་པོ། །བདེན་བྲལ་གྱི་དུར་ཁྲོད་ནི་འཇིགས་པ་ཞེས་བྱ་སྟེ། པ་ཀ་ཧའི་ཤིང་ལྷ་རའི་གདོང་བ་ཅན། བདེན་བྲལ་ནག་པོ་ཀླུ་མཐའ་ཡས་སྐྱ་བོ་དང་། སྤྲིན་གང་བ་
སེར་པོའོ། །ནུབ་ཀྱི་དུར་ཁྲོད་ནི་འབར་བ་འཁྲིགས་པ་ཞེས་བྱ་སྟེ། ཤིང་ནི་ཨ་ཤོ་ཀ་ལ་ལྷ་ཆུ་སྲིན་གྱི་མགོ་བོ་ཅན་སེར་པོ་ཆུ་ལྷ་དཀར་པོ། །དེར་ཀླུ་ཀརྐོ་ཊ་དམར་པོ། །སྤྲིན་དྲག་པོ་དཀར་པོའོ། །རླུང་གི་མཚམས་ཀྱི་དུར་ཁྲོད་ནི་མུན་ནག་འཇིགས་པ་ཞེས་བྱ་སྟེ། ཨརྫུ་ནའི་ཤིང་ལ་ལྷ་རི་
དགས་ཀྱི་གདོང་པ་ཅན་དཀར་པོ། །རླུང་གི་ལྷ་སྔོ་སྐྱ། དེར་ཀླུ་རིགས་ལྡན་ཁྲ་བོ། །སྤྲིན་ཆར་འབེབས་ལྗང་གུའོ། །བྱང་གི་དུར་ཁྲོད་ནི་ཚང་ཚིང་ཅན་འཇིགས་སུ་རུང་བ་སྟེ། བྱང་ཆུབ་ཀྱི་ཤིང་ལ་ལྷ་མིའི་གདོང་པ་ཅན། གནོད་སྦྱིན་སེར་པོ། །དེར་ཀླུ་འཇོག་པོ་ནག་པོ། སྤྲིན་རྨུགས་པ་
དཀར་པོའོ། །དབང་ལྡན་གྱི་དུར་ཁྲོད་ནི་དཔལ་གྱི་ནགས་ཞེས་བྱ་བ་སྟེ། ཤིང་ནི་བོ་དྷི་བྲྀཀྵ་ལ་ལྷ་ཁྱུ་མཆོག་གི་གདོང་པ་ཅན། ལྷ་ཆེན་པོ་དཀར་པོ། །ཀླུ་དུང་སྐྱོང་སེར་པོ། །སྤྲིན་གཏུམ་དྲག་མདོག་སྣ་ཚོགས་པའོ། །དུར་ཁྲོད་ཆེན་པོ་ནི་མཆོད་རྟེན་དུ་བལྟ་བར་བྱའོ། །དེ་ལྟར་བསམ་པར་
བྱའོ། །དེ་ལྟར་བརྒྱ་བྱིན་ལ་སོགས་པ་བརྒྱད་ནི་རོ་སྟོད་ཅན་ཏེ། གཡོན་པ་རྣམས་ཀྱིས་ཐོད་པ་བསྣམས་པ། གཡས་ཀྱིས་གཏོར་མ་འཛིན་པའོ། །དེ་ལྟར་ཤིང་ཆེན་པོ་ནི་བརྒྱད་དོ། །གཞན་དག་ནི་ཤིང་སྣ་ཚོགས་པ་སྟེ་དཔག་ཏུ་མེད་དོ། །ཕོ་རོག་དང་། འུག་པ་དང་། བྱ་དཀར་དང་།
འབྲི་ཏ་དང་། ཁྱི་དང་། སྤྱང་ཀི་དང་། སྤྱང་མོ་དང་། ཁྲ་དང་། ཁྲ་མོ་དང་། སེང་གེ་དང་། ཕག་པ་དང་། སྟག་ལ་སོགས་པའི་འཇིགས་པ་དང་། སྦྲུལ་ཐམས་ཅད་དང་། གླང་སྦྲུལ་དང་། དུམ་བུ་བྷ་མ་གར་ཧི་བྷ་ཤིན་ཏུ་འཇིགས་པར་བྱེད་པ། ཀེང་རུས་དང་། གསལ་ཤིང་དང་།

རོ་འཕྱང་བ་དང་། མགོ་ཆད་པའི་ལུས་པོ་དང་། ཐོད་པ་དང་། པུས་མོ་དང་། མགོ་མེད་པའི་ལུས་པོ་དང་། ལག་པ་དང་། མགོ་བོ་དང་། འཇིགས་པ་སྣ་ཚོགས་པའོ། །དངོས་གྲུབ་ཅན་ལ་སོགས་པ་ལྷ་མང་པོ་དང་། དམ་ཚིག་གི་བདག་ཉིད་རྣལ་འབྱོར་མ་རྣམས་འདུ་བའི་ཚོགས་
གནོད་སྦྱིན་དང་། སྲིན་པོ་དང་། ཡི་དགས་སྲོག་གཅོད་པ་ལ་སོགས་པ་རྒྱུ་བར་གནས་པའོ། །བདག་ལ་དགའ་བ་ཆོ་འཕྲུལ་སྣ་ཚོགས་སྟོན་པ། སྒྲ་ཆེན་པོ་སྒྲོགས་པའི་དུར་ཁྲོད་ཆེན་པོའོ། །དེའི་དབུས་སུ་པདྨ་དམར་པོ་འདབ་མ་བརྒྱད་པའི་སྟེང་དུ་འཇིགས་པའི་བདུད་བཞི་གན་
རྐྱལ་དུ་འཇུག་པར་བལྟའོ། །ཕུང་པོའི་བདུད་ཚངས་པ་དང་། ཉོན་མོངས་པའི་བདུད་ཁྱབ་འཇུག་དང་། ལྷའི་བུའི་བདུད་བརྒྱ་བྱིན་དང་། འཆི་བདག་གི་བདུད་དབང་ཕྱུག་ཆེན་པོའོ། །བདུད་བཞིའི་སྙིང་གར་ཉི་མས་མནན་པ་བསམ་པར་བྱའོ། །ཤར་ལ་སོགས་པ་བཞིར་ཚངས་པ་
ལ་སོགས་པ་མནན་པའོ། །དབང་ལྡན་ལ་སོགས་པ་བཞིར་གཤིན་རྗེ་དང་། གནོད་སྦྱིན་དང་། ལྷ་མ་ཡིན་དང་། སྲིན་པོའོ། །དེ་བརྒྱད་ཀྱི་སྙིང་གར་ཟླ་བས་མནན་པའོ། །དེ་དག་ཐམས་ཅད་གཞལ་ཡས་ཁང་གྲུབ་པའི་རྗེས་སུ་བསམ་མོ། །དེར་ཨཱ་ལི་བཅུ་དྲུག་ཉིས་འགྱུར་
དུ་བྱས་པ་ལས་ཟླ་བའི་དཀྱིལ་འཁོར་ཤེས་རབ་ཀྱི་གཟུགས་ཀྱི་རང་བཞིན་མེ་ལོང་ལྟ་བུའི་ཡེ་ཤེས་སོ། །དེའི་སྟེང་དུ་ཀཱ་ལི་སུམ་ཅུ་རྩ་བཞི་ཌྷ་ཌ་དྷ་ད་ཡ་ལ་དེ་ལྟར་དྲུག་གི་བཞི་བཅུའོ། །དེ་དག་ཉིས་འགྱུར་དུ་བྱས་པ་ལས་ཉི་མའི་དཀྱིལ་འཁོར་ཐབས་ཀྱི་རང་བཞིན་ནི་མཉམ་
པ་ཉིད་ཀྱི་ཡེ་ཤེས་སོ། །དེ་གཉིས་ཁ་སྦྱོར་བའི་དབུས་སུ་ཧཱུྃ་དང་ཨཾ་གཉིས་འོད་དུ་ཞུ་བ་ལས། གྲི་གུག་དང་ཐོད་པ་སྦྱར་བ་ལ་རང་གི་ས་བོན་གྱིས་མཚན་པ་ནི་སོ་སོར་རྟོག་པའི་ཡེ་ཤེས་སོ། །ས་བོན་གཉིས་ལས་འོད་ཟེར་འཕྲོས་པས་དེ་བཞིན་གཤེགས་པ་ཐམས་ཅད་
གསལ་བར་བྱས་ནས་དེ་རྣམས་ཀྱི་འོད་ཟེར་གྱིས་བཀུག་ནས་སླར་རང་ལ་ཐིམ་སྟེ། ཐམས་ཅད་གཅིག་ཏུ་གྱུར་པ་ནི་བྱ་བ་ནན་ཏན་གྱི་ཡེ་ཤེས་སོ། །དེའི་ཐོག་ཏུ་ཟླ་བ་དང་། ཉི་མ་དང་། ས་བོན་དང་། ཕྱག་མཚན་རྣམས་ཡོངས་སུ་གྱུར་པ་ལས་བདག་ཉིད་བཅོམ་ལྡན་འདས་

རྡོ་རྗེ་སེམས་དཔའི་སྐུ་མདོག་དང་ཕྱག་མཚན་འོག་ནས་འབྱུང་བ་ལྟ་བུའི། དཔལ་ཀྱེ་རྡོ་རྗེའི་གཟུགས་སུ་ལངས་ཏེ། རྒྱུའི་རྡོ་རྗེ་འཛིན་གྱི་རང་བཞིན་བདག་མེད་མས་ལྟག་ནས་འཁྱུད་པ། ཆོས་ཀྱི་དབྱིངས་ཀྱི་བདག་ཉིད་བསམ་པར་བྱའོ། །ཡེ་ཤེས་ལྔའི་
བྱང་ཆུབ་པའི་རྣམ་པའོ། །དེ་ནས་ཨོཾ་པདྨ་སུ་ཁ་དྷཱ་ར་མ་ཧཱ་རཱ་ག་སུ་ཁྃ་དད་ཏ་ཙ་ཏུ་རཱ་ནནྡ་བྷ་ག་བི་ཤྭ། ཧཱུྃ་ཧཱུྃ་ཧཱུྃ་ཀརྱཾ་ཀུ་རུ་ཥྭ་མེ། ཨོཾ་བཛྲ་མ་ཧཱ་དྭེ་ཥ་ཙ་ཏུ་རཱ་ནནྡ་ད་ཡ་ཀ་ཁ་ག་མུ་ཁེ་ཀ་ར་སོ་ནཱ་ཐ་ཧཱུྃ་ཧཱུྃ་ཧཱུྃ་ཀརྱཾ་ཀུ་རུ་ཥྭ་མེ་ཞེས་པདྨ་དང་རྡོ་རྗེ་བྱིན་གྱིས་བརླབ་པར་བྱའོ། །ཨོཾ་སརྦྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་
ཎ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། དེ་མ་ཐག་ཏུ་རྗེས་སུ་ཆགས་པར་བྱའོ། །སྦྱོར་བ་དང་པོ་བཤད་པའོ། །དེ་ལྟར་ལས་ཀྱི་ཕྱག་རྒྱའི་རིམ་པའོ། །དེ་ནས་བཅོམ་ལྡན་འདས་ཀྱི་ཐུགས་ཀར་ཧཱུྃ་བཅོམ་ལྡན་འདས་མའི་ཐུགས་ཀར་ཨྃ་གི་ས་བོན་བལྟས་ནས་སྙིང་གའི་ས་བོན་ལས་འོད་ཟེར་འཕྲོས་པས་
དེ་བཞིན་གཤེགས་པ་ཐམས་ཅད་བཀུག་ནས་སྙིང་གའི་ས་བོན་ལ་ཐིམ། དེ་རྣམས་འོད་དུ་ཞུ་བ་ལས་ཤར་ཕྱོགས་ལ་སོགས་པར་ཚངས་པའི་གདན་གནས་པའི་སྟེང་དུ་ཟླ་བ་དང་། ཉི་མ་ཁ་སྦྱར་ལ་བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེ་ཞུ་ནས་ཕྱིར་འཕྲོས་པ་དང་རིམ་པ་ཇི་ལྟ་བ་བཞིན་དུ་གཾ་ཙྃ་བྃ་གྷྃ་པྃ་ཤྃ་
ལྃ་ཌྃ་ཞེས་བྱ་བའི་ས་བོན་བརྒྱད་བསམ་མོ། །དེ་རྣམས་ཡོངས་སུ་གྱུར་པ་ལས་གྲི་གུག་དང་། ཅང་ཏེའུ་དང་། རུས་སྦལ་དང་། སྦྲུལ་དང་། སེང་གེ་དང་། དགེ་སློང་དང་། འཁོར་ལོ་དང་། རྡོ་རྗེ་རྣམས་བསམ་མོ། །དེའི་སྟེང་དུ་ཡང་ས་བོན་གྱི་ཡི་གེ་རྣམས་སོ། །ཟླ་བ་དང་། ཉི་མ་དང་།
ཕྱག་མཚན་ལ་སོགས་པ་ཞུ་ནས་སྔོན་པོ་དང་འདྲ་བའི་ཡེ་ཤེས་སེམས་དཔའ་ལྔའི་མངོན་པར་བྱང་ཆུབ་པ་ལས་གཽ་རཱི་ལ་སོགས་པ་བསྒོམ་པར་བྱ་སྟེ། དེ་ལ་ཤར་སྒོར་གྃ་གི་ཡི་གེ་ལས་སྐྱེས་པའི་གཽ་རཱི་དཀར་མོ་མདོག་ནག་མོ། །ཕྱག་གཡས་ན་གྲི་གུག །གཡོན་ན་ཉ་རོ་ཧི་ཏ། ཚངས་པ་
མནན་པ། གཟུགས་ཀྱི་ཕུང་པོའི་རང་བཞིན་དགོད་དོ། །ལྷོའི་སྒོ་ལཾཙྃ་གི་ཡི་གེ་ལས་སྐྱེས་པ་རྩཽ་རཱི་དམར་མོ་ཕྱག་གཡས་ན་ཅང་ཏེའུ། གཡོན་ན་ཕག་པ། དབང་པོ་མནན་པ་ཚོར་བའི་ཕུང་པོའི་རང་བཞིན་ཅན་ནོ། །ནུབ་ཀྱི་སྒོར་པྃ་གྱི་རྣམ་པ་ལས་སྐྱེས་པ་བེཏཱ་ལཱི་གསེར་བཙོ་མ་ལྟ་བུ་ཕྱག་

གཡས་ན་རུས་སྦལ། གཡོན་པདྨའི་སྣོད་ཉེ་དབང་མནན་པ་འདུ་ཤེས་ཀྱི་ཕུང་པོའི་རང་བཞིན་ནོ། །བྱང་གི་སྒོར་གྷསྨ་རཱི་རྒྷྃ་གི་རྣམ་པ་ལས་སྐྱེས་པ་ལྗང་གུ་ཕྱག་གཡས་ན་སྦྲུལ། གཡོན་ན་ཐོད་པ། དྲག་པོ་མནན་པ་འདུ་བྱེད་ཀྱི་ཕུང་པོའི་རང་བཞིན་ནོ། །དབང་ལྡན་གྱི་མཚམས་སུ་པུཀྐ་སཱི་སྔོན་
མོ་པྃ་གི་རྣམ་པ་ལས་སྐྱེས་པ་ཕྱག་གཡས་ན་སེང་གེ། གཡོན་ན་དགྲ་སྟ། གཤིན་རྗེ་མནན་པ་ཁམས་ཀྱི་རང་བཞིན་བསམ་མོ། །མེའི་མཚམས་སུ་ཤ་བ་རཱི་ཤྃ་གི་རྣམ་པ་ལས་སྐྱེས་པ་ཁ་དོག་དཀར་པོ་ཕྱག་གཡས་ན་དགེ་སློང་། གཡོན་ན་གསིལ་བྱེད། གཤིན་རྗེ་མནན་པ་ཆུའི་
ཁམས་ཀྱི་རང་བཞིན་བསམ་མོ། །བདེན་བྲལ་དུ་གཏུམ་མོ་ལྃ་ཡིག་གི་རྣམ་པ་ལས་སྐྱེས་པ་སྔོན་མོ་ཕྱག་གཡས་ན་འཁོར་ལོ། །གཡོན་ན་ཐོད་པ། སྲིན་པོ་མནན་པ་མེའི་ཁམས་ཀྱི་རང་བཞིན་བསྒོམ་མོ། །རླུང་གི་མཚམས་སུ་ཌོཾ་བི་ནཱི་ཌྃ་གི་རྣམ་པ་ལས་སྐྱེས་པ་ཁ་དོག་སྣ་ཚོགས་པ་ཕྱག་
གཡས་ན་རྡོ་རྗེ། གཡོན་ན་སྡིགས་མཛུབ་ཐགས་བཟངས་རིས་མནན་པ་རླུང་གི་ཁམས་ཀྱི་རང་བཞིན་བསྒོམ་མོ། །དེ་རྣམས་ཐམས་ཅད་སྤྱན་ཟླུམ་ཞིང་དམར་པོ་གསུམ་པ་སྐྱིལ་ཀྲུང་ཕྱེད་པའི་གར་གྱིས་བཞུགས་པ། སྐྲ་སེར་པོ་གྱེན་དུ་བརྫེས་པ། ཞབས་གཉིས་པ། ཕྱག་
རྒྱ་ལྔ་དང་ལྡན་པ། ཟླ་བའི་གདན་ལ་བཞུགས་པ། གར་དགུའི་རོ་དང་ལྡན་པ། མཆེ་བ་གཙིགས་པ། གཅེར་བུ་མ། བྱང་ཆུབ་ཀྱི་སེམས་འཕྲོ་བ་ལས་བྱུང་བ་ཡང་དག་པར་བསྒོམ་མོ། །དེ་ནས་ཨོཾ་ཨཱཿཧཱུྃ་གི་ཡི་གེ་གསུམ་གྱི་རང་བཞིན་ཧོཿདམར་པོ་གཉིས་ཀྱིས་མཚན་པ་མཐའ་མ་བརྟེན་
པ་དྲི་ཟའི་གྲོང་ཁྱེར་དང་འདྲ་བ་མཐོང་བ་ལས་རྗེས་སུ་ཆགས་པས་བཅོམ་ལྡན་འདས་ཀྱི་ཞལ་དུ་ཞུགས་ནས། རྡོ་རྗེའི་ལམ་ནས་ལྷ་མོའི་དཀྱིལ་འཁོར་དུ་ཞུགས་ཏེ། དེ་ལྟ་བུའི་རང་བཞིན་བསྒོམ་མོ། །དེའི་རྗེས་སུ་བཅོམ་ལྡན་འདས་ཤིན་ཏུ་བདེ་བ་ཆེན་པོར་རོ་གཅིག་པས་རང་གི་རིག་མ་དང་
ལྷན་ཅིག་ཞུ་བར་གྱུར་པ་ལས་རང་གི་ས་བོན་གྱི་གཟུགས་ཀྱིས་རྣམ་པར་གནས་པར་བསམ་མོ། །དེ་ནས་པུཀྐ་སཱི་ལ་སོགས་པའི་ལྷ་མོ་བཞི་པོ་རྣམས་རང་རང་གི་མགོན་མེད་པར་ཤེས་ནས་ཡིད་སྡུག་བསྔལ་ཆེན་པོར་གྱུར་ཏེ། ཤིན་ཏུ་འདོད་པའི་སེམས་དང་རབ་ཏུ་སད་པར་འདོད་པ་རྣམས་

ཀྱིས་རྡོ་རྗེའི་གླུས་བསྐུལ་བས་བཅོམ་ལྡན་འདས་བཞེངས་སུ་གསོལ་བ། རྗེ་བཙུན་སྙིང་རྗེའི་ཡིད་བཞེངས་ཤིག །པུཀྐ་སཱི་ནི་བདག་ལ་སྐྱོབས། །སྟོང་པའི་རང་བཞིན་ཉིད་སྤོངས་ལ། །བདག་ལ་བདེ་ཆེན་སྦྱོར་བར་མཛོད། །ཁྱོད་མེད་ན་ནི་བདག་འགུམ་པས། །ཀྱེ་ཡི་
རྡོ་རྗེ་ཁྱོད་བཞེངས་ཤིག །སྟོང་པའི་རང་བཞིན་ཉིད་སྤངས་ལ། །ས་བ་རི་འབྲས་གྲུབ་པར་མཛོད། །དགའ་གཙོ་འཇིག་རྟེན་མགྲོན་གཉེར་བ། །སྟོང་པ་ཉིད་ལ་བཞུགས་སམ་ཅི། །ཁྱོད་མེད་ཕྱོགས་ནི་མི་འཚལ་བས། །གཏུམ་མོ་བདག་ནི་ཞུ་བ་བགྱིད། །བདག་གིས་ཁྱོད་ཀྱི་ཐུགས་
འཚལ་གྱིས། །མིག་འཕྲུལ་མངའ་བ་ཁྱོད་བཞེངས་ཤིག །ཌོཾ་བི་བདག་ནི་དྲན་ཉམས་པས། །སྙིང་རྗེ་རྒྱུན་ཆད་མ་མཛད་ཅིག །ཅེས་དེ་ཁོ་ན་ཉིད་ཀྱི་གླུ་རྣམས་ཀྱིས་བསྐུལ་བས་རྨི་ལམ་རབ་ཏུ་སད་པ་ལྟར་བཅོམ་ལྡན་འདས་རབ་ཏུ་བཞེངས་ནས་བདུད་རྩིར་ཞུ་བར་གྱུར་པ་ལས་ཟླ་བའི་གཟུགས་
སོ། །དེའི་སྟེང་དུ་ས་བོན་གཉིས་གྱུར་པའི་ཕྱག་མཚན་དེ་ཡང་ཧཱུྃ་དང་ཨྃ་གིས་མཚན་པའོ། །དེ་ནས་ཉི་མའི་དཀྱིལ་འཁོར་དང་བཅས་པ་གཅིག་ཏུ་གྱུར་ནས། ཨཾ་གི་རྣམ་པ་ལས་བྱུང་བ་བདག་མེད་མ་ལ་སྙོམས་པར་ཞུགས་པས་ཧཱུྃ་ལས་སྐྱེས་པའི་བཅོམ་ལྡན་འདས་ཀྱིས་བདག་
ཉིད་འབྲས་བུ་ཀྱེ་རྡོ་རྗེ་ཞབས་བརྐྱང་བསྐུམས་དུ་བཞུགས་པ། ལྷ་དང་ལྷ་མ་ཡིན་ལ་སྡིགས་པས་ཁྲོས་པ། ཐོད་པ་ལྔས་དབུ་བརྒྱན་པ། གཞོན་ནུ་ལོ་བཅུ་དྲུག་ལོན་པ་དང་འདྲ་བ། ཞབས་བཞིས་བདུད་བཞི་མནན་པ། མགོ་བོ་རློན་པ་ལྔ་བཅུའི་ཕྲེང་བ་ཅན། སྤྱི་བོར་སྣ་ཚོགས་རྡོ་རྗེ་
ནག་པོས་མནན་པ། ཉི་མའི་འོད་ལྟ་བུར་འབར་བ་ཞལ་ནས་ཧཱུྃ་གི་སྒྲ་སྒྲོགས་པ། ལུས་ལ་ཐལ་བས་བྱུགས་པ། ཞལ་བརྒྱད་པ་རྩ་བའི་ཞལ་ནག་པོ་ཆེན་པོ། །གཡས་ནི་དཀར་བ། ཡང་གཡས་པ་གཉིས་ནི་ནག་པོའོ། །གཡོན་པ་ནི་དམར་པོའོ། །ཡང་གཡོན་པའི་ཞལ་གཉིས་
ནི་ནག་པོའོ། །སྟེང་གི་ཞལ་ནི་བུང་བའི་མདོག་གོ། །མཆེ་བ་གཙིགས་པ། སོ་སོའི་ཞལ་སྤྱན་དམར་པོ་གསུམ་གསུམ་མངའ་བ། མཆེ་བ་ཅུང་ཟད་གཙིགས་པ། སྒེག་པ་དང་། དཔའ་བ་དང་། དྲག་ཤུལ་དང་། ཁྲོ་བ་དང་། རྒོད་པ་དང་། འཇིགས་པ་དང་། སྙིང་རྗེ་དང་། རྔམ་

པ་དང་། ཞི་བ་སྟེ། གར་གྱི་རོ་དགུའི་ཚུལ་དུ་བཞུགས་པ། སྐྲ་སེར་པོ་གྱེན་དུ་འཁྱིལ་བ། ཕྱག་རྒྱ་དྲུག་གིས་བརྒྱན་པ། སྐྱིལ་ཀྲུང་ཕྱེད་པའི་གར་གྱིས་ཉི་མའི་དཀྱིལ་འཁོར་ལ་བཞུགས་པ། ཕྱག་བཅུ་དྲུག་པ། གཡས་ཀྱི་ཕྱག་བརྒྱད་དུ་གླང་པོ་ཆེ་དང་། རྟ་དང་། བོང་བུ་དང་།
བ་གླང་དང་། རྔ་མོ་དང་། མི་དང་། སེང་གེ་དང་། བྱི་ལ་སྟེ། ཐོད་པའི་སྣོད་བརྒྱད་དུ་གླང་པོ་ཆེ་ལ་སོགས་པ་རིམ་པ་ཇི་ལྟ་བ་བཞིན་ནོ། །ས་དང་། ཆུ་དང་། མེ་དང་། རླུང་དང་། ཟླ་བ་དང་། ཉི་མ་དང་། གཤིན་རྗེ་དང་། གནོད་སྦྱིན་ཏེ་དེ་ལྟ་བུའི་རྣམ་པ་བསམ་མོ། །བདག་མེད་མ་ལ་
སོགས་པ་ནི་ཞབས་གཉིས་ཕྱག་གཉིས་མ། ཞལ་གཅིག་མ་ནག་མོ་སྤྱན་གསུམ་དམར་ཞིང་ཟླུམ་པ། ཕྱག་རྒྱ་ལྔ་འཛིན་མ། གཅེར་བུ་མ། སྐྲ་སེར་པོ་གྱེན་དུ་འཁྱིལ་པ། ཐོད་པ་ལྔས་དབུ་བརྒྱན་པ། མགོ་བོ་སྐམ་པོ་ལྔ་བཅུའི་དོ་ཤལ་ཅན། ཕྱག་གཡས་ན་གྲི་གུག །གཡོན་
ན་ཐོད་པ། བཅོམ་ལྡན་འདས་ལ་ཕྱག་གཉིས་ཀྱིས་འཁྱུད་པ། བཅོམ་ལྡན་འདས་ཀྱི་མ་མཆུའི་རོ་མྱང་བ་བསམ་པར་བྱའོ། །དེ་ནས་བཅོམ་ལྡན་འདས་ཀྱི་ཐུགས་ཀར་པདྨ། དེའི་སྟེང་དུ་ཉི་མ། དེའི་སྟེང་དུ་ཧཱུྃ་སྔོན་པོའོ། །བདག་མེད་མའི་ཐུགས་ཀར་པདྨའི་སྟེང་ན་ཟླ་བ།
དེའི་དཀྱིལ་ན་ཨ་ལས་བྱུང་བའི་གྲི་གུག་ཡུ་བ་ལ་ཟླ་བ། དེའི་སྟེང་དུ་ཨཾ་བསམ་པར་བྱའོ། །རྣལ་འབྱོར་མ་བརྒྱད་ཀྱི་ཐུགས་ཀར་ཡང་པདྨ། དེའི་སྟེང་དུ་ཟླ་བ་དེའི་སྟེང་དུ་རང་གི་ས་བོན། དེ་གྱུར་པ་ལས་ཕྱག་མཚན། དེ་ལ་ཡང་ཟླ་བའི་སྟེང་དུ་ས་བོན་བསམ་པར་བྱའོ། །དེ་དག་ནི་
དཀྱིལ་འཁོར་རྒྱལ་པོ་མཆོག་གི་ཏིང་ངེ་འཛིན་ཏོ། །དེ་ནས་དཀྱིལ་འཁོར་ཡོངས་སུ་བསྒྲུབས་ལ། ས་བོན་དེ་རྣམས་ལས་ཕྱིར་འཕྲོས་ཏེ། ནམ་མཁའ་ཁྱབ་པར་སྤྲོས་ནས། དེ་དག་གསལ་བར་བྱས་ནས་རང་གི་སྙིང་གའི་ས་བོན་ལས་འོད་ཟེར་ལྕགས་ཀྱུ་ལྟ་བུས་ཡེ་ཤེས་ཀྱི་འཁོར་
ལོ་བཀུག་སྟེ། ཤར་ཕྱོགས་ཀྱི་ནམ་མཁར་བཞུགས་ནས་ཞལ་བརྒྱད་ཀྱི་ཧཱུཾ་གིས་བགེགས་བསྐྲད་དེ། མཆོད་ཡོན་ལ་སོགས་པ་ཕུལ་ནས་ཡང་མཆོད་ཅིང་བསྟོད་ནས། ཛཿཧཱུྃ་བཾ་ཧོཿབསྐུལ་བས་གཽ་རཱི་ལ་སོགས་པ་རིམ་པ་ཇི་ལྟ་བས་དགུག་པ་དང་། གཞུག་པ་དང་། བཅིང་

བ་དང་། དགྱེས་པར་བྱས་ནས་དམ་ཚིག་གི་འཁོར་ལོ་དང་། ཡེ་ཤེས་ཀྱི་འཁོར་ལོ་གཉིས་ཆུ་ལ་ཆུ་བཞག་པ་བཞིན་གཅིག་ཏུ་གྱུར་པར་བསམ་མོ། །མིག་ལ་གཏི་མུག་རྡོ་རྗེ་མ། །རྣ་བར་ཞེ་སྡང་རྡོ་རྗེ་མ། །སྣ་ལ་སེར་སྣ་རྡོ་རྗེ་མ། །ཁ་ལ་འདོད་ཆགས་རྡོ་རྗེ་མ། །
ལུས་ལ་ཕྲག་དོག་རྡོ་རྗེ་མ། །ཡིད་ལ་བདག་མེད་རྣལ་འབྱོར་མ། །དཀར་མོ་རྡོ་རྗེ་མ་དང་། ནག་མོ་བདག་མེད་མ་དང་། སེར་མོ་ནང་གི་གཽ་རཱི་དང་། །དམར་མོ་རྡོ་རྗེ་ཆུ་མ་དང་། །ལྗང་གུ་རྡོ་རྗེ་མཁའ་འགྲོ་མའོ། །ཡང་ནག་མོ་ནི་བདག་མེད་མའོ། །དེ་རྣམས་རྡོ་རྗེ་མ་ལ་སོགས་པའི་མིང་
བཞིའོ། །གཏི་མུག་རྡོ་རྗེ་མ་ལ་སོགས་པ་རང་རང་གི་ས་བོན་རྣམས་ལས་བྱུང་བ་གོ་ཆས་དབང་པོ་དག་པའོ། །དེ་ནས་ལུས་ངག་ཡིད་གསུམ་ལ་ཡི་གེ་ཨོཾ་ཨཱཿཧཱུྃ་ལས་སྤྱོད་མ་དང་། མཁའ་སྤྱོད་མ་དང་། བདག་མེད་མ་རིགས་གསུམ་པས་བྱུང་བའོ། །དེ་དག་ཀྱང་ཕྱག་གཉིས་པ་གྲི་
གུག་དང་ཐོད་པ་འཛིན་པ། སྤྱན་གསུམ་ཞལ་གཅིག་མ། རོའི་སྟེང་ན་ཟླ་བ་མནན་པ་བསམ་པར་བྱའོ། །རང་རང་གི་སྙིང་གའི་ས་བོན་ལས་འོད་ཟེར་འཕྲོས་པས་སངས་རྒྱས་སྤྱན་དྲངས་ཏེ་ནམ་མཁའ་ལ་བཞུགས་པ་ལ་ལྷ་མོ་བརྒྱད་པོ་རྣམས་ཀྱིས་ཡང་དག་པར་མཆོད་དེ་གསོལ་བ་གདབ་
པོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་ལ་དབང་བསྐུར་བར་མཛད་དུ་གསོལ། དེ་ནས་སངས་རྒྱས་དེ་རྣམས་ཀྱིས་ཧེ་རུ་ཀའི་གཟུགས་ཀྱིས་དེ་བཞིན་གཤེགས་པ་ལྔའི་བདག་ཉིད་ཀྱིས་བདུད་རྩི་ལྔས་བུམ་པ་གང་བས། འདི་ལྟར། སྣང་བ་ཐམས་ཅད་སྐྱེས་ཙམ་ན། །དེ་བཞིན་
ཆུ་ཡིས་ཁྲུས་བྱས་ལྟར། །དེ་བཞིན་གཤེགས་པས་དབང་མཛད་དེ། །དག་པ་བཟང་པོའི་ཆུས་དབང་བསྐུར། །ཞེས་བརྗོད་དེ་དབང་བསྐུར་རོ། །དབང་བསྐུར་བའི་རྗེས་ལ་མེ་ཏོག་དང་གུར་ཀུམ་གྱི་ཆར་འབབ་པར་འགྱུར་རོ། །རྔའི་སྒྲ་བྱེད་དོ། །དབང་བསྐུར་བས་སྤྱི་བོར་རང་རང་གི་རིགས་ཀྱི་བདག་
པོས་མཚན་པར་འགྱུར་རོ། །དེ་ལ་བཅོམ་ལྡན་འདས་ཀྱི་དབུ་ལ་མི་བསྐྱོད་པས་དབུ་བརྒྱན་པའོ། །དེ་ལྟར་མི་བསྐྱོད་པ་དང་། རྣམ་པར་སྣང་མཛད་དང་། རིན་ཆེན་འབྱུང་ལྡན་དང་། སྣང་བ་མཐའ་ཡས་རྣམས་ཀྱིས་གཽ་རཱི་ལ་སོགས་པ་བཞི་ལ་དབུ་བརྒྱན་པ་ནི་ཞེ་སྡང་དང་། གཏི་མུག་

དང་། སེར་སྣ་དང་། འདོད་ཆགས་སོ། །པུཀྐ་སཱི་ལ་སོགས་པའི་ཕྱག་རྒྱ་དེ་ཉིད་དོ། །ཨོཾ་སརྦྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ་ཞེས་བྱ་བའི་སྔགས་བཟླས་སོ། །དེ་ནས་ཡཾ་ནག་པོ་ལས་རླུང་གི་དཀྱིལ་འཁོར། དེའི་སྟེང་དུ་རཾ་དམར་པོ་ལས་མེའི་དཀྱིལ་འཁོར་དམར་པོ། །དེའི་སྟེང་དུ་ཐོད་
པ་གསུམ། དེའི་སྟེང་དུ་ཨ་དམར་པོ་ལས་བྱུང་བའི་ཐོད་པ་ཕྱི་དཀར་ལ་ནང་དམར་བ། དེའི་ནང་ཨ་ལས་ཟླ་བའི་དཀྱིལ་འཁོར། དེའི་སྟེང་དུ་བྷྲཱུཾ་ཨཱཾ་ཛྲཱྀཾ་ཁཾ་ཧཱུཾ་རིགས་ལྔའི་སངས་རྒྱས་ཀྱི་རང་བཞིན་བདུད་རྩི་ལྔ་དང་ཤ་ལྔ་ཀུན་གོ་གུ་ད་ཧ་ན་དེའི་སྟེང་དུ་ཨོཾ་ཡིག་ལས་ཁ་ཆོད་ཀྱི་ངོ་བོ་དང་། ཨ་ལས་ཟླ་
བའི་དཀྱིལ་འཁོར་རོ། །དེའི་སྟེང་དུ་ཧཱུྃ་ལས་རྡོ་རྗེ་རྩེ་ལྔ་པ་ལྟེ་བར་ཧཱུྃ་གིས་མཚན་པར་བསམ། ཧཱུྃ་ལས་སྤྲོས་པའི་འོད་ཟེར་གྱིས་རླུང་གི་བ་དན་བསྐྱོད་པས་ཟླ་བའི་རྡོ་རྗེའི་ལྷག་མ་ཞུ་བར་གྱུར་ཏེ། ཐོད་པ་ན་གནས་པའི་རྡོ་རྗེ་ཡང་ལན་ལྔར་འབར་བའི་བདུད་རྩི་ཀུན་དཀྲུགས་པས་འབར་ནས་དེ་
ཉིད་དུ་ཞུ་བར་གྱུར་ནས་དེར་ལྷུང་སྟེ། ཨོཾ་ཨཱཿཧཱུྃ་གི་ཡི་གེ་དེ་གསུམ་གྱིས་ཁམས་གསུམ་གྱི་བདུད་རྩི་དྲངས་ནས་ཐིམ་པས་ཡི་གེ་གསུམ་གྱིས་བྱིན་གྱིས་བརླབས་པས་གཅིག་ཏུ་གྱུར་ཏོ། །འཁོར་ལོའི་ལྷ་དང་ལྷ་མོ་དེ་དག་གི་ལྕེ་ལ་ཧཱུྃ་ལས་བྱུང་བའི་རྡོ་རྗེ་ནས་ཙམ་སྦུ་གུ་ཡོད་པ་བསྒོམས་
ལ། དེའི་རྡོ་རྗེ་བཅུད་ལེན་ཏེ། དེ་ནས་བཅོམ་ལྡན་འདས་ལ་སོགས་པས་གསོལ་བར་བསམ་མོ། །དེ་ནས་ཞལ་དུ་ཇི་ལྟར་རིགས་པར་བདག་མེད་མ་ལ་སོགས་པ་ལ་སྟེར་བ་སྟེ། ཨོཾ་སརྦྦ་ཏ་ཐཱ་ག་ཏ་ཨ་མྲྀ་ཏ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ་སྔགས་དེ་བཟླས་པས་འཁོར་ལོའི་ལྷ་ཐམས་ཅད་
མཉེས་པར་གྱུར་ཏེ། རང་གི་སྙིང་གའི་ས་བོན་ལས་འོད་འཕྲོས་པས་གཟུགས་རྡོ་རྗེ་མ་དང་། རོ་རྡོ་རྗེ་མ་དང་། རེག་རྡོ་རྗེ་མ་དང་། ཆོས་ཀྱི་དབྱིངས་ཀྱི་རྡོ་རྗེ་མ་སྟེ། མེ་ལོང་དང་། པི་ཝང་དང་། དུང་དང་། རོལ་མོའི་སྣོད་དང་། རེག་བྱ་རྡོ་རྗེ་མ་ན་བཟའ་སྣ་ཚོགས་འཛིན་མ། ཆོས་ཀྱི་འབྱུང་
གནས་ཕྱག་གིས་འཛིན་པའོ། །དེ་དག་ལ་སོགས་པ་ནི་སྣ་ཚོགས་པ་ཡོ་བྱད་ཀྱི་དཀྱིལ་འཁོར་དང་རང་ལ་མཆོད་པའོ། །ཨོཾ་སརྦྦ་ཏ་ཐཱ་ག་ཏ་པཱུ་ཛ་བཛྲ་སྭཱ་བྷཱ་བ་ཨཱཏྨ་ཀོ྅ཧཾ། དེ་བཟླས་ནས་སངས་རྒྱས་སྤྱན་དང་། མཱ་མ་ཀཱི་དང་། གོས་དཀར་མོ་དང་། སྒྲོལ་མ་བཞིས་འཁོར་ལོ་ལ་བསྟོད་

པ། ཁྱོད་ནི་རྣལ་འབྱོར་མ་ཡི་ཚོགས་ཀྱིས་བསྐོར། །ཉིད་ཀྱི་ཐུགས་ཀྱིས་བྱིན་བརླབས་ཁྱོད་དགོངས་གྲུབ། །འགྲོ་བ་གཡོ་དང་མི་གཡོ་ཁྱོད་ཀྱིས་དབང་། །ཐུགས་ཀྱི་ཐུགས་ཀྱིས་སེམས་ཅན་སྒྲོལ་བར་མཛད། །བསམ་མི་ཁྱབ་ལ་མི་ལྡོག་བརྩོན་པར་བྱེད། །
ཐུགས་དགྱེས་མཛོད་ཅིག་དཔལ་ལྡན་ཀྱེ་རྡོ་རྗེ། །དེ་ལྟར་རྣལ་འབྱོར་མ་རྣམས་ཀྱིས་རྡོ་རྗེའི་གླུས་བསྟོད་དོ། །ཨོཾ་སརྦྦ་ཏ་ཐཱ་ག་ཏ་སྟུ་ཏི་ར་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ་ཞེས་བཟླས་སོ། །ཕོ་བྲང་དག་པ་ནི་རྣམ་པར་སྣང་མཛད་དེ་ཡན་ལག་དང་པོའོ། །རྗེས་སུ་ཆགས་པ་དག་པ་ནི་རྡོ་རྗེ་སེམས་
དཔའ་སྟེ་གཉིས་པའོ། །དབང་གི་དག་པ་ནི་མི་བསྐྱོད་པ་སྟེ་གསུམ་པའོ། །བདུད་རྩི་མྱང་བའི་རང་བཞིན་དག་པ་ནི་འོད་དཔག་མེད་པ་སྟེ་བཞི་པའོ། །མཆོད་པ་དག་པ་ནི་དོན་ཡོད་གྲུབ་པ་སྟེ་ལྔ་པའོ། །བསྟོད་པ་དག་པ་ནི་རིན་ཆེན་འབྱུང་ལྡན་ཏེ་དྲུག་པའོ། །དེ་ལྟར་འཁོར་ལོ་ཡན་ལག་
དྲུག་བསྒོམས་པ་དེས་ནི་མྱུར་དུ་དངོས་གྲུབ་ཐོབ་པར་འགྱུར་རོ། །དེ་ལྟར་བསྒོམས་པས་དངོས་གྲུབ་ཀྱི་མཚན་མ་ནི་དང་པོ་སྤྲིན་གྱིས་བསྒྲིབས་པའི་ཉའི་ཟླ་བ་དང་འདྲ་བར་སྣང་ངོ་། །དེ་བས་ཀྱང་ཆེར་གོམས་པ་ལ་ནི་སྒྱུ་མ་དང་འདྲ་བར་སྣང་ངོ་། །དེ་བས་ཀྱང་ཆེར་གོམས་པ་ལས་ནི་
རྨི་ལམ་དང་འདྲ་བར་སྣང་ངོ་། །ཤིན་ཏུ་གོམས་པས་རྣམ་པར་སྨིན་པས་གཉིད་མ་ལོག་པ་དང་འདྲ་བར་སྣང་ངོ་། །དེ་ནས་དཀར་མོ་ལ་སོགས་པ་རྣལ་འབྱོར་མ་བརྒྱད་དང་། །དཀྱིལ་འཁོར་གྱི་གཙོ་བོ་ཕྱོགས་བཅུར་རྒྱུན་མི་འཆད་པར་སྤྲོས་ཏེ། སྣ་ཚོགས་པའི་གདུལ་བྱ་
སེམས་ཅན་ལ་སོགས་པའི་གཟུགས་སུ་སྤྲུལ་ནས་སེམས་ཅན་གྱི་དོན་བྱས་ཏེ་སོ་སོ་ཇི་ལྟར་འདུལ་བའི་དོན་བྱས་ནས་དེའི་རྗེས་ལ་སླར་འདུས་ནས་དཀྱིལ་འཁོར་བདེ་བ་ཆེན་པོར་བལྟའོ། །དེ་ལྟར་ཆོས་ཀྱི་ཕྱག་རྒྱའི་རིམ་པའོ། །དེ་ལྟར་ཁམས་གསུམ་ཐམས་ཅད་དཀྱིལ་འཁོར་གྱི་
རྣམ་པར་བསམ་མོ། །འདི་ལྟར་ཐབས་དང་ཤེས་རབ་རོ་གཅིག་པ་བདེ་བ་ཆེན་པོ་ལས་སྐྱེས་པའི་བྱང་ཆུབ་ཀྱི་སེམས་ལས་འཕྲོས་པ་དེ་ལྟ་བུར་ཤེས་ནས་གཽ་རཱི་ལ་སོགས་པ་ལྷ་མོ་བརྒྱད་རང་གི་ཞལ་དུ་ཐིམ། དེའི་རྗེས་སུ་ཞལ་བདུན་རྩ་བའི་ཞལ་ལ་ཐིམ། །དེ་བཞིན་དུ་ཕྱག་བཅུ་

བཞི་ཕྱག་མཚན་དང་བཅས་པའི་རྩ་བའི་ཕྱག་གཉིས་ལ་ཐིམ། དེ་བཞིན་དུ་ཞབས་གཉིས་རྩ་བའི་ཞབས་ལ་ཐིམ་པར་བསམ་མོ། །དེ་ལྟར་ཐབས་དང་ཤེས་རབ་ཀྱི་རང་བཞིན་གྱི་གཟུགས་ཁམས་གསུམ་ཐམས་ཅད་གཅིག་ཏུ་གྱུར་པར་མཐོང་སྟེ། ཇི་ལྟར་གནས་བཞི་འཁོར་ལོ་
བཞིར་རྒྱས་བཏབ་པོ། །དེ་ལྟར་ལྟེ་བའི་འོག་ཏུ་སྤྲུལ་པའི་འཁོར་ལོ་གནས་ཏེ། ཁ་དོག་སྣ་ཚོགས་པ་པདྨའི་འདབ་མ་དྲུག་ཅུ་རྩ་བཞི་ལ། དེའི་ལྟེ་བར་ས་བོན་ཨོཾ་ནག་པོ་འོད་སེར་པོ་ཅན་ཁ་ཡར་བལྟ་བའོ། །སྙིང་གར་ཆོས་ཀྱི་འཁོར་ལོ་དཀར་པོ་འདབ་མ་བརྒྱད་པ་སྟེ། དེའི་
དབུས་སུ་ཧཱུྃ་གི་རྣམ་པ་སྔོན་པོ་ཁ་ཐུར་དུ་བལྟས་པ་དེའི་པདྨ་འདབ་མ་བརྒྱད་ལ་བྷཱུཾ་ཨཱཾ་ཛྲཱྀ་ཁཾ་ཕྱོགས་བཞིར་དགོད་དོ། །མགྲིན་པར་ལོངས་སྤྱོད་ཀྱི་འཁོར་ལོ་དམར་པོ་པདྨ་འདབ་མ་བཅུ་དྲུག་པ་སྟེ། དེའི་དབུས་སུ་ཨོཾ་གྱི་རྣམ་པ་དམར་པོ་ཁ་གྱེན་དུ་བལྟས་པ་ཨོཾ་ལྃ་ཨ་ལྃ་བཞིས་
བསྐོར་བའོ། །སྤྱི་བོར་བདེ་བ་ཆེན་པོའི་འཁོར་ལོ་ནི་པདྨ་དཀར་པོ་འདབ་མ་སུམ་ཅུ་རྩ་གཉིས་མགོ་མར་བལྟ་བ། དེའི་དབུས་སུ་ཧྃ་གི་རྣམ་པ་དཀར་པོ་བདུད་རྩི་འབབ་པ་ཤིན་ཏུ་གསལ་བར་བལྟས་ལ། འཁོར་ལོ་ཡང་དག་པར་བསྒོམས་ནས། འོད་ཟེར་གྱི་ཚོགས་ནམ་མཁའ་
ཁྱབ་པར་སྤྲོས་པ་དང་། བསྡུ་བ་ཡང་དེ་ཉིད་ཀྱི་ནང་དུ་ཐིམ་པར་བྱའོ། །དེ་ལྟ་བུའི་དུས་ལ་རྣལ་འབྱོར་གྱིས་སྔགས་བཟླས་པ་འདིའི་ཚུལ་གྱིས་ངེས་པར་སྔགས་ཀྱི་ཡི་གེ་བཟླས་ཏེ། ལྷ་མོའི་ཞལ་ནས་འོད་ཟེར་དང་ལྡན་པ་འཕྲོས་པས་གཙོ་བོའི་ཞལ་དུ་ཞུགས། རྡོ་རྗེའི་
ལམ་ནས་བྱུང་ནས་པདྨར་ཞུགས། ཡང་ལྷ་མོའི་ཞལ་ནས་གཙོ་བོའི་ཞལ་དུ་ཞུགས། དེའི་རིམ་པས་རྒྱུན་མི་འཆད་པར་བཟླས་སོ། །ཞི་བ་ལ་སོགས་པའི་ལས་ཀྱི་དབྱེ་བས་དཀར་པོའི་ལས་བྱའོ། །དེའི་སྔགས་ནི། ཨོཾ་ཨཥྚཱ་ན་ནཱ་ཡ་པིཾ་གོ་རྡྷ་ཀེ་ཤ་ཝརྟྨ་ནི། ཙ་ཏུར་པིཾ་ཤ་
ཏི་ནེ་ཏྲཱ་ཡ། ཥོ་ཌ་ཤ་བྷུ་ཛཱ་ཡ། ཀྲྀཥྞ་ཛཱི་མཱ་ཏ་ཝ་པུ་ཥེ། ཀ་པཱ་ལ་མཱ་ལཱ་ནེ་ཀཱི་དྷཱ་རི་ཎེ་ཨདྷྨཱ་ཏ་ཀྲཱུ་ར་ཙིཏྟཱ་ཡ་ཨརྡྷེནྡུ་དཾཥྚཱི་ཎེ། ཨོཾ་མཱ་ར་ཡ་མཱ་ར་ཡ། ཀཱ་ར་ཡ་ཀཱ་ར་ཡ། གརྫྫ་ཡ་གརྫྫ་ཡ། ཏརྫྫ་ཡ་ཏརྫྫ་ཡ། ཤོ་ཥ་ཡ་ཤོ་ཥ་ཡ། སབྟ་སཱ་ག་རཱ་ན་བནྡྷ་བནྡྷ། ནཱ་གཱ་ཥྚ་ཀཱ་ན། གྲྀཧྞ་གྲྀཧྞ། ཤ་ཏྲཱུཾ།

ཧ་ཧཱ་ཧི་ཧཱི་ཧུ་ཧཱུ་ཧེ་ཧཻ་ཧོ་ཧཽ་ཧཾ་ཧཿཕཊ་སྭཱ་ཧཱ། བཅོམ་ལྡན་འདས་ཀྱི་རྩ་བའི་སྔགས་སོ། །ཨོཾ་དེ་ཝ་བི་ཙུ་བཛྲ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། སྙིང་པོའི་སྔགས་སོ། །ཨོཾ་བཛྲ་ཀརྟཱ་རི་ཧེ་བཛྲཱ་ཡ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཉེ་བའི་སྙིང་པོའི་སྔགས་སོ། །དེ་ནས་ཟླ་བ་དང་ལྡན་པ་ཨཾ་གི་ས་
བོན་དང་བཅས་པར་བདག་མེད་མ་ཞུ། བཅོམ་ལྡན་འདས་མ་བཅོམ་ལྡན་འདས་ཀྱི་ཐུགས་ཀའི་ས་བོན་ལ་ཐིམ་པར་བསམ་པར་བྱའོ། །དེ་ནས་སྤྲུལ་པའི་ས་བོན་ལས་མར་མེ་འབར་བ་དང་འདྲ་བའི་གཏུམ་མོ་སྦར་བས་གཏུམ་པའི་ཕྱིར་ན་གཏུམ་མོའི་གཟུགས་ཏེ། དེས་ཆོས་
ཀྱི་འཁོར་ལོ་ལ་གནས་པའི་དེ་བཞིན་གཤེགས་པ་ལྔ་བསྲེགས་ཏེ། སྤྱན་ལ་སོགས་པ་ཡང་བསྲེགས་ནས། ཨཱ་ལི་ཀཱ་ལི་ལྡན་པའི་ལོངས་སྤྱོད་ཀྱི་འཁོར་ལོ་དང་། བདེ་བ་ཆེན་པོའི་འཁོར་ལོ་དེའི་དབུས་ན་གནས་པའི་ཡེ་ཤེས་ཀྱི་གཟུགས་ཀྱི་ཧཾ་བསྲེགས་ཏེ། བསྲེགས་
ནས་མི་ཤིགས་པའི་བདེ་བ་ཆེན་པོའི་གཟུགས་བྱང་ཆུབ་ཀྱི་སེམས་བཟུང་ནས་བཅོམ་ལྡན་འདས་དེ་དང་ལྷན་ཅིག་ཏུ་རོ་གཅིག་པར་གྱུར་ནས་ཡང་སླར་ལོག་སྟེ་ཉི་མ་དང་ཐོད་པ་བཟུང་ནས་སྙིང་གའི་ས་བོན་ལ་ཐིམ་པར་བསམ་མོ། །དེ་ནས་ས་བོན་ཉིད་གཅིག་པུ་སྟེ། རིགས་
ལྔའི་བདག་ཉིད་དུ་འོད་གསལ་བ་ཙམ་དུ་གནས་པའོ། །འདི་ལྟ་སྟེ་ལུང་ལས། རྡོ་རྗེ་སེམས་དཔའ་ཐིག་ལེ་སྟེ། །མི་བསྐྱོད་པ་ཡང་དེ་ཉིད་ཡིན། །ཟླ་ཚེས་རྣམ་པར་སྣང་མཛད་དོ། །རང་གི་རིན་ཆེན་འབྱུང་ལྡན་ཏེ། །ཧ་ནི་སྣང་བ་མཐའ་ཡས་ཡིན། །ཨུ་ནི་དོན་ཡོད་གྲུབ་པ་
སྟེ། །སངས་རྒྱས་ལྔ་རུ་དེ་ཤེས་ནས། །ཞེས་སོ། །དེ་ནཱ་ད་ལས་དམར་མོ་ལྟ་བུའི་འོད་འཕྲོས་ཏེ་ཨུ་ཕྲག་དོག་གི་རང་བཞིན་གྱི་གཟུགས་ལྷ་ལ་ཐིམ་སྟེ། དེ་ནས་ཧ་འདོད་ཆགས་ཀྱི་རང་བཞིན་སེར་སྣའི་གཟུགས་ཟླ་ཚེས་ལ་ཐིམ། དེ་ནས་གཏི་མུག་གི་གཟུགས་ཐིག་ལེ་ལ་ཐིམ།
ཐིག་ལེའི་ཕྱེད་ཞེ་སྡང་གི་གཟུགས་ཐིག་ལེ་ལ་ཐིམ། ཐིག་ལེ་དེ་ཆོས་ཀྱི་དབྱིངས་ཀྱི་གཟུགས་ཙམ་ལ་ཐིམ་མོ། །དེ་ལྟར་ཆོས་ཐམས་ཅད་གཉིས་སུ་མེད་པ་རྟག་པ་དང་། ཆད་པ་དབུས་མེད་པར་ཀུན་ལ་མི་གནས་པའི་བདེ་བ་ཆེན་པོ་སྟེ་ནཱ་ད་ཙམ་གནས་སོ། །དེ་ལྟར་ཕྱག་རྒྱ་ཆེན་པོའི་

མཚན་ཉིད་བཤད་ཟིན་ཏོ། །འདི་ལྟ་སྟེ། ཨ་ནི་ཡིག་འབྲུ་ཀུན་གྱི་མཆོག །ཁོང་ནས་འབྱུང་བ་སྐྱེ་བ་མེད། །ཚིག་ཏུ་བརྗོད་པ་སྤངས་པ་སྟེ། །དོན་ཆེན་ཡི་གེ་དམ་པ་ཡིན། །གཞན་ཡང་། ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཱཾ་ཨཱ་དྱ་ནུཏྤནྣ་ཏྭཱཏ། ཅེས་གསུངས་པ་དང་། སྒྱུ་འཕྲུལ་དྲ་བ་འབུམ་ཕྲག་ལྔའི་
རྒྱུད་ལས་ཀྱང་གསུངས་པ། ཆོས་རྣམས་སྐྱེ་མེད་ཡི་གེ་གནས་མེད་པ། །ཚིག་ཏུ་བརྗོད་མེད་ཡིད་ཀྱི་ཡུལ་མེད་ལས། །འདི་ལྟར་སྐྱེས་པའི་ཆོས་རྣམས་རབ་ཏུ་གསུངས། །དེ་ལྟར་ཆོས་ནི་སྐྱེ་བ་མེད་པའོ། །ཞེས་གསུངས་སོ། །དེ་ནས་སྔོན་གྱི་སྔོན་ལམ་གྱི་སྟོབས་ཀྱིས་སྣ་ཚོགས་པའི་སེམས་ཅན་
གྱི་སེམས་ཇི་ལྟར་འདུལ་བའི་དབང་གིས་ཆོས་ཀྱི་སྐུ་ལས་ལོངས་སྤྱོད་རྫོགས་པ་དང་སྤྲུལ་པ་སྤྲོས་ཏེ། སེམས་ཅན་མ་ལུས་པའི་དོན་བྱེད་དོ། །གཞན་དུ་ཡང་ལུང་ལས། །ཕྱག་རྒྱ་ཆེན་པོའི་དབང་དེ་ལས། །ཇི་ལྟར་ཤེས་པའི་བདེ་ཆེན་པོ། །དེ་ཡི་དབང་གིས་འདི་ཡིན་ཏེ། །དཀྱིལ་འཁོར་དེ་ན་གཞན་
མ་ཡིན། །ཇི་ལྟར་སྒྱུ་མ་རྨི་ལམ་བཞིན། །ཇི་ལྟར་དྲི་ཟའི་གྲོང་ཁྱེར་བཞིན། །དེ་ལྟར་དཀྱིལ་འཁོར་ས་ལེ་བར། །གོམས་པར་གྱུར་ནས་དེ་ལྟར་མཐོང་། །ཞེས་གསུངས་སོ། །དེ་ལྟར་ཁམས་གསུམ་ཐམས་ཅད་ནི་དཀྱིལ་འཁོར་གྱི་བདག་ཉིད་དེ་ཆུ་ཟླ་དང་འདྲ་བར་རྟེན་འབྲེལ་ལས་སྐྱེས་པར་ཤེས་
ནས་དབང་པོའི་སྒོ་མི་འགོག་ཅིང་གང་ལ་ཡང་མི་བརྟེན་པ་ཐེ་ཚོམ་དང་བྲལ་བའི་རྣལ་འབྱོར་པས་ལྷའི་ང་རྒྱལ་ཇི་ལྟ་བར་བདེ་བར་སྤྱོད་པར་བྱེད་དོ། །འདི་ལྟ་སྟེ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་དེ་གསུངས་པ། འདི་ནི་ཁམས་གསུམ་མིན་ཏེ་གཞལ་ཡས་ཁང་པ་ཡིན། །སྲོག་ཆགས་མིན་ཏེ་རྒྱལ་བའི་
འཁོར་ལོའི་གཙོ་བོ་ཡིན། །ཡུལ་མིན་དབང་པོ་མིན་ཏེ་འབྱུང་བ་ལ་སོགས་མིན། །གཟུགས་ལ་སོགས་པ་མ་ཡིན་ཆོས་ཉིད་བདག་ཉིད་དོ། །དེ་ནས་དཀྱིལ་འཁོར་བ་ཡང་འདིའོ། །སྣ་ཚོགས་དཀྱིལ་འཁོར་འཁོར་ལོ་ཤེས་ཏེ་ཅི་སྟེ་འཁྲུལ་པར་བྱས་པ་ཡིན། དམ་ཚིག་གི་ཕྱག་རྒྱའི་བཤད་
པའོ། །དེའི་ཕྱིར་དག་པའི་དྲན་པ་ཐམས་ཅད་ནི་བར་ཆད་ཐམས་ཅད་སྤོང་བའི་རྣམ་པར་དག་པ་ནི་རྡོ་རྗེའི་རྭ་བ་ལ་སོགས་པའོ། །ཆོས་ཐམས་ཅད་ནམ་མཁའ་ལྟ་བུར་རྣམ་པར་དག་པས་ཆོས་ཀྱི་འབྱུང་གནས་སོ། །ཆོས་ལ་གོས་པ་མེད་པ་རྣམ་པར་དག་པས་སྣ་ཚོགས་པདྨའོ། །ཆོས་ཐམས་

ཅད་རང་བཞིན་མེད་པ་གཉིས་སུ་མེད་པའི་ཡེ་ཤེས་ལྔ་རྣམ་པར་དག་པ་ནི་སྣ་ཚོགས་རྡོ་རྗེའོ། །རྣམ་པར་སྣང་མཛད་བཙུན་མོ་དང་ལྡན་པ་རྣམ་པར་དག་པས་གཞལ་ཡས་ཁང་ངོ་། །རྣམ་པར་ཤེས་པའི་ཚོགས་བརྒྱད་རྣམ་པར་དག་པས་ཆོས་སྣ་ཚོགས་དབྱེར་མེད་པའོ། །དེ་བཞིན་
གཤེགས་པ་དང་དེ་བཞིན་ཉིད་ལ་རང་བཞིན་མེད་པར་གནས་པས་ཟུར་བཞི་མཉམ་པའོ། །དྲན་པ་ཉེ་བར་གཞག་པ་བཞི་རྣམ་པར་དག་པ་ནི་ཤར་ཕྱོགས་ཀྱི་སྒོའོ། །ཡང་དག་པར་སྤོང་བ་བཞི་རྣམ་པར་དག་པ་ནི་ལྷོ་ཕྱོགས་ཀྱི་སྒོའོ། །རྫུ་འཕྲུལ་གྱི་རྐང་པ་བཞི་རྣམ་པར་དག་པ་ནི་ནུབ་ཀྱི་
སྒོའོ། །དབང་པོ་ལྔ་རྣམ་པར་དག་པ་ནི་བྱང་གི་སྒོའོ། །བསམ་གཏན་བཞི་རྣམ་པར་དག་པ་ནི་རྟ་བབས་བཞིའོ། །ཏིང་ངེ་འཛིན་བཞི་རྣམ་པར་དག་པ་ནི་སྣམ་བུ་བཞིའོ། །ཆོས་ཟབ་མོ་ལ་བཟོད་པ་རྣམ་པར་དག་པ་ནི་ལྷ་མོ་བཅུ་དྲུག་གོ། །གསུང་རབ་ཡན་ལག་དགུ་རྣམ་པར་དག་པ་ནི་དྲིལ་
བུ་དང་འཕན་ལ་སོགས་པའོ། །བྱང་ཆུབ་ཀྱི་ཡན་ལག་བདུན་རྣམ་པར་དག་པ་ནི་དྲ་བ་དང་དྲ་བ་ཕྱེད་པ་དང་ཉི་མ་དང་ཟླ་བའོ། །རྔ་ཡབ་དཀར་པོ་བཅུ་རྣམ་པར་དག་པ་ནི་དགེ་བ་སྙིང་རྗེས་འཛིན་ཅིང་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་སོ། །ཕུན་སུམ་ཚོགས་པའི་མཆོག་རྣམ་པར་དག་པ་ནི་བུམ་པ་
བརྒྱད་དོ། །ཐམས་ཅད་དུ་མ་བཅིངས་ཤིང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་རྡོ་རྗེའི་ལམ་ཆོས་ཀྱི་འཁོར་ལོ་རྣམ་པར་དག་པ་ནི་རྡོ་རྗེའི་ཕྲེང་བ་ནག་པོའོ། །གཟུགས་ལ་སོགས་པ་རྣམ་པར་དག་པ་ནི་མཐའ་ཡས་ཤིང་དཔེ་མེད་པ་ཀུན་དུ་འདོད་པའི་ཡོན་ཏན་ལྔའོ། །
ཆོས་ཀྱི་དབྱིངས་རྣམ་པར་དག་པ་ནི་མཆོད་པ་རྣམ་པ་ལྔའོ། །ངོ་ཚ་ཤེས་པ་དང་ཁྲེལ་ཡོད་པ་རྣམ་པར་དག་པ་ནི་སྒོའི་དར་དཔྱངས་སོ། །འཕགས་པའི་ལམ་ཡན་ལག་བརྒྱད་རྣམ་པར་དག་པ་ནི་ཀ་བ་བརྒྱད་དོ། །ཆོས་ཐམས་ཅད་སེམས་མེད་པ་རྣམ་པར་དག་པ་ནི་དུར་ཁྲོད་བརྒྱད་
ཀྱིས་བརྒྱན་པའོ། །འདོད་ཆགས་ཆེན་པོ་རྣམ་པར་དག་པ་ནི་པདྨ་དམར་པོ་འདབ་མ་བརྒྱད་པའོ། །ལྟེ་བ་ལ་རང་བཞིན་གཉིས་སུ་མེད་པའི་དེ་ཁོ་ན་ཉིད་དྲུངས་འབྱིན་པ་རྣམ་པར་དག་པ་ནི་ཚངས་པ་ལ་སོགས་པ་བཞིའི་གདན་ནོ། །སེམས་ཅན་ཐམས་ཅད་ཀྱི་རྒྱུད་འཁོར་ཞིང་མ་རིག་

པའི་མུན་པས་མི་དགེ་བའི་འདམ་དུ་བྱིང་བ་དེ་བསལ་བའི་ཕྱིར་བྱང་ཆུབ་སེམས་ཀྱི་མྱུ་གུ་བསྐྱེད་པ་རྣམ་པར་དག་པ་ནི་ཚངས་པ་ལ་སོགས་པའི་སྟེང་དུ་ཉི་མའི་དཀྱིལ་འཁོར་རོ། །འཇིག་རྟེན་གྱི་ཆོས་བརྒྱད་དུ་བཤད་པ་རྣམ་པར་དག་པ་ནི་ཕྱོགས་བརྒྱད་ན་བཞུགས་པའི་ལྷའི་གདན་ནོ། །
སེམས་ཅན་གྱི་ཉོན་མོངས་པའི་མེ་ཞི་བ་རྣམ་པར་དག་པ་ནི་ཟླ་བའི་གདན་ནོ། །གཟུགས་ཀྱི་ཕུང་པོ་དང་། གཏི་མུག་ཆེན་པོ་དང་། མེ་ལོང་ལྟ་བུའི་ཡེ་ཤེས་དང་། གཟུགས་དང་། སྦྱིན་པའི་ཕ་རོལ་དུ་ཕྱིན་པ་དང་། འཇིགས་ཚོགས་སུ་ལྟ་བ་དང་། ཤེས་བྱའི་སྒྲིབ་པ་རྣམ་པར་དག་
པ་ནི་རོ་ཧི་ཏའོ། །ཉོན་མོངས་པ་དྲུག་རྣམ་པར་དག་པ་ནི་གྲི་གུག་གོ། །ཚོར་བའི་ཕུང་པོ་དང་། ང་རྒྱལ་དང་ཕྲ་མ་དང་། མཉམ་པ་ཉིད་ཀྱི་ཡེ་ཤེས་དང་། ཚུལ་ཁྲིམས་དང་། མཐར་འཛིན་པར་ལྟ་བ་དང་། ཉོན་མོངས་པའི་སྒྲིབ་པ་རྣམ་པར་དག་པ་ནི་ཙཽ་རཱིའོ། །ཡན་ལག་དགུ་
རྣམ་པར་དག་པ་ནི་རྗེ་ཆུང་ངོ་། །གཏི་མུག་རྣམ་པར་དག་པ་ནི་ཕག་པའོ། །འདུ་ཤེས་ཀྱི་ཕུང་པོ་དང་། འདོད་ཆགས་ཆེན་པོ་དང་། སོ་སོར་རྟོག་པའི་ཡེ་ཤེས་དང་། ལོག་པར་ལྟ་བ་དང་། སྐྱེ་བའི་སྒྲིབ་པ་དང་། བཟོད་པ་དང་། དྲི་མ་རྣམ་པར་དག་པ་ནི་བེ་ཏཱ་ལཱིའོ། །ཕྲག་དོག་རྣམ་པར་
དག་པ་ནི་རུས་སྦལ་ལོ། །སྟོང་པ་རྣམ་པར་དག་པ་ནི་ཐོད་པའོ། །འདུ་བྱེད་ཀྱི་ཕུང་པོ་དང་། ཕྲག་དོག་དང་། བྱ་བ་ནན་ཏན་གྱི་ཡེ་ཤེས་དང་། ལྟ་བ་མཆོག་ཏུ་འཛིན་པ་དང་། ལས་ཀྱི་སྒྲིབ་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། རོ་རྣམ་པར་དག་པ་ནི་གྷསྨ་རཱིའོ། །
ཞེ་སྡང་རྣམ་པར་དག་པ་ནི་སྦྲུལ་ལོ། །འདོད་ཆགས་སྦྱོར་བ་རྣམ་པར་དག་པ་ནི་ག་བུར་རོ། །སའི་ཁམས་དང་། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། བྱམས་པ་ཆེན་པོ་དང་། ཐབས་ཀྱི་ཕ་རོལ་དུ་ཕྱིན་པ་རྣམ་པར་དག་པ་ནི་པུཀྐ་སཱིའོ། །ང་རྒྱལ་རྣམ་པར་དག་པ་ནི་སེང་གེའོ། །
ལུས་ངག་ཡིད་རྣམ་པར་དག་པ་ནི་དགྲ་སྟའོ། །ཆུའི་ཁམས་དང་། རྣམ་པར་ཐར་པའི་སྒོ་མཚན་མ་མེད་པ་དང་། སྙིང་རྗེ་ཆེན་པོ་དང་། སྨོན་ལམ་གྱི་ཕ་རོལ་དུ་ཕྱིན་པ་རྣམ་པར་དག་པ་ནི་ས་པ་རཱིའོ། །བྱང་ཆུབ་ཀྱི་སེམས་རྣམ་པར་དག་པ་ནི་དགེ་སློང་ངོ་། །མི་བརྗེད་པའི་

དྲན་པ་རྣམ་པར་དག་པ་ནི་གསིལ་བྱེད་དོ། །མེའི་ཁམས་དང་། རྣམ་པར་ཐར་པའི་སྒོ་སྨོན་པ་མེད་པ་དང་། དགའ་བ་ཆེན་པོ་དང་། སྟོབས་ཀྱི་ཕ་རོལ་དུ་ཕྱིན་པ་རྣམ་པར་དག་པ་ནི་ཙཎྜ་ལཱའ་། །ཉོན་མོངས་པའི་ཐ་པ་རློག་པར་བྱེད་པས་ན་ཐོང་པའོ། །མི་ཤེས་པ་
གཅོད་པར་བྱེད་པས་འཁོར་ལོའོ། །རླུང་གི་ཁམས་དང་། རྣམ་པར་ཐར་པའི་སྒོ་འདུས་མ་བྱས་པ་དང་། བཏང་སྙོམས་ཆེན་པོ་དང་། ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པ་ནི་ཌོཾ་བི་ནཱིའོ། །ཡེ་ཤེས་དག་པའི་ཕྱིར་ན་རྡོ་རྗེའོ། །བདུད་ཚོགས་གཅིག་གི་ངོ་བོ་དག་པ་ནི་སྡིགས་
མཛུབ་བོ། །རྣམ་པར་ཤེས་པའི་ཕུང་པོ་དང་། ཞེ་སྡང་ཆེན་པོ་དག་པ་དང་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་ཚུལ་ཁྲིམས་དང་བརྟུལ་ཞུགས་ཀུན་དུ་སྤྱོད་པ་དང་། རེག་བྱ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། གཟུགས་རྣམ་པར་དག་པ་ནི་དཔལ་ཧེ་རུ་ཀའོ། །བྱམས་པའི་
སེམས་རྣམ་པར་དག་པ་ནི་ནག་པོའི་ལུས་སོ། །སྙིང་རྗེ་རྣམ་པར་དག་པ་ནི་མིག་དམར་པོའོ། །མི་བསྐྱོད་པ་དང་། ལུས་ངག་ཡིད་རྣམ་པར་དག་པ་ནི་དམར་པོའོ། །རྣམ་པར་ཐར་པ་བརྒྱད་རྣམ་པར་དག་པ་ནི་ཞལ་བརྒྱད་པའོ། །དེ་ལ་དབང་རྣམ་པར་དག་པ་ནི་གཡོན་པདྨ་དམར་
པོའོ། །ཞི་བ་དག་པ་ནི་གཡས་དཀར་པོའོ། །མི་བསྐྱོད་པ་དང་། སྣང་བ་མཐའ་ཡས་དང་། རིན་ཆེན་འབྱུང་ལྡན་དང་། རྣམ་པར་སྣང་མཛད་དང་། དོན་ཡོད་གྲུབ་པ་རྣམ་པར་དག་པ་ནི་འཁོར་ལོ་དང་། རྣ་ཆ་དང་། མགུལ་རྒྱན་དང་། དཔུང་རྒྱན་དང་། སྐ་རགས་སོ། །རྡོ་རྗེ་སེམས་
དཔའ་རྣམ་པར་དག་པ་ནི་ཐལ་བས་བྱུགས་པའོ། །ཁྲོ་བོ་ནི་འདུལ་བར་དཀའ་བའི་གདུལ་བྱ་འདུལ་བའོ། །ནང་དུ་འཛུམ་པ་ནི་སྐྲ་ཁམ་པ་གྱེན་དུ་བརྫེས་པའོ། །རང་བཞིན་མེད་པར་རྟོགས་པ་ནི་སྤྱི་བོར་སྣ་ཚོགས་རྡོ་རྗེའོ། །རིགས་ལྔར་གཏོགས་པ་ནི་དཔྲལ་བར་ཐོད་པ་ལྔའོ། །
སྟོང་པ་བཅུ་དྲུག་ནི་ཕྱག་གོ། །ཐབས་དང་ཤེས་རབ་ནི་གཡོན་པ་དང་གཡས་པ་ན་ལྷ་ལ་སོགས་པའི་ཐོད་པའོ། །གློ་དང་། དབུགས་མི་བདེ་བ་དང་། སྙོམ་པ་དང་། ཁྲག་ནད་དང་། མཛེ་དང་། འབྲུམ་བུ་དང་། མཆིན་པའི་ནད་དང་མཆེར་བའི་ནད་ནི་གླང་པོ་ལ་སོགས་པའི་དག་པའོ། །

སེམས་ཅན་ཐམས་ཅད་ཀྱི་ཀློ་ལ་སོགས་པའི་ནད་བསལ་བའི་ཕྱིར་རོ། །དབང་ཕྱུག་ཐམས་ཅད་གྲུབ་པར་བྱ་བའི་ཕྱིར་རྣམ་པར་དག་པ་ནི་ས་ལ་སོགས་པ་བརྒྱད་དོ། །ཨཱ་ལི་ཀཱ་ལི་རྣམ་པར་དག་པ་ནི་བརྒྱ་ཕྱེད་ཀྱི་ཐོད་པའི་ཕྲེང་བའོ། །བསྡུ་བའི་དངོས་པོ་བཞི་རྣམ་པར་དག་པ་ནི་ཞབས་
སོ། །བྱང་ཆུབ་ཀྱི་ཡན་ལག་བདུན་རྣམ་པར་དག་པ་ནི་པགས་པའོ། །བདེན་པ་བཞི་རྣམ་པར་དག་པ་ནི་རུས་པའོ། །ཤ་ནི་སྦོས་མོའོ། །ཁྲག་ནི་རི་ཁྲོད་མའོ། །ཁུ་བ་ནི་གཏུམ་མོའོ། །གཡུང་མོ་ནི་རྐང་དང་ཚིལ་དག་གོ། །གཟུགས་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་ནི་
དཀར་མོ་ལ་སོགས་པ་བཞིའོ། །སྤྲུལ་པ་དང་། ལོངས་སྤྱོད་དང་། ཆོས་རྣམ་པར་དག་པ་ནི་སྐུ་གསུམ་མོ། །བདེ་བ་ཆེན་པོའི་སྐུ་རྣམ་པར་དག་པ་ནི་ཁོང་དུ་དྲན་པའོ། །ཁམས་གསུམ་མ་ལུས་པ་དམིགས་པ་མེད་པའི་དག་པར་བྱ་བ་ནི་སྐྱིལ་ཀྲུང་ཕྱེད་པའོ། །སྒོའི་ངོས་ཐམས་
ཅད་རྣམ་པར་དག་པ་ནི་རྐང་པ་ཡ་གཅིག་གི་མཐེ་བོང་ཉི་མ་ལ་རེག་པའོ། །ཆོས་ཐམས་ཅད་མེད་པ་རྣམ་པར་བྱང་བ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་བདག་མེད་པ་ཡོད་མེད་ཀྱི་སྐྱོན་དག་པར་བྱ་བ་ནི་གྲི་གུག་གོ། །དངོས་པོ་དང་དངོས་པོ་མེད་པའི་རྣམ་པར་རྟོག་པ་དག་ནི་
མགོ་བོའི་པདྨའི་སྣོད་དོ། །བདུད་བཞིའི་ཁྲག་དག་པར་བས་པ་ནི་ཀ་པཱ་ལ་ཁྲག་གིས་བཀང་བའོ། །རིགས་ལྔ་དག་པ་ནི་ཐོད་པའི་ཕྲེང་བའོ། །སྲིད་པ་དང་མྱ་ངན་ལས་འདས་པའི་ངོ་བོ་ནི་ལག་པའོ། །བདེན་པ་གཉིས་རྣམ་པར་དག་པ་ནི་ཞབས་གཉིས་སོ། །སྟོང་པ་དང་སྙིང་རྗེ་
དབྱེར་མེད་པའི་རང་བཞིན་དུ་ཉམས་སུ་མྱོང་བ་དང་གྲུབ་པའི་མཐའ་དག་པ་ནི་ཕྱི་རོལ་དུ་ཐབས་དང་ཤེས་རབ་སྙོམས་པར་འཇུག་པ་ངེས་པར་བསྟན་པའོ། །ཉིན་མོ་དང་མཚན་མོ་རྣམ་པར་དག་པ་ནི་ཐབས་དང་ཤེས་རབ་ཀྱི་དག་པའོ། །དབྱུག་གུ་དྲུག་ཅུ་རྩ་བཞི་དང་། ཐུན་བརྒྱད་
དང་། འཕོ་བ་བཅུ་དྲུག་དང་། རྩ་སུམ་ཅུ་རྩ་གཉིས་རྣམ་པར་དག་པ་ནི་རིགས་པར་རོ། །སྤྲུལ་པ་ལ་སོགས་པ་འཁོར་ལོ་བཞིའི་འདབ་མ་ལ་གནས་པ་ནི་དེ་ལྟར་དགྱེས་པའི་རྡོ་རྗེའི་དམ་ཚིག་གི་རྣལ་འབྱོར་པས་རྡོ་རྗེ་དང་གྲི་གུག་འཛིན་པས་སེམས་ཅན་ཐམས་ཅད་ལ་ཕན་པའི་དོན་

དུ་གཏོར་མ་བྱིན་གྱིས་བརླབ་པར་བྱའོ། །དེ་ལ་ཆོས་ཀྱི་འབྱུང་གནས་གྲུ་གསུམ་དུ་པདྨ་དམར་པོ་འདབ་མ་བརྒྱད་ཀྱིས་བརྒྱན་པ་དབུས་དང་སྟེང་དང་འོག་ཏུ་བལྟའོ། །དེ་ལ་དབུས་ཀྱི་པདྨ་འདབ་མ་བརྒྱད་ལ་ཤར་གྱི་འདབ་མ་ལ་དབང་པོ་མིག་སྟོང་པ་ཕྱག་ན་རྡོ་རྗེའོ། །གླང་
པོ་ཆེ་དཀར་པོའི་གདན་ཅན་ནོ། །ལྷོར་གཤིན་རྗེ་ཕྱག་ན་དབྱུག་པའོ། །ནག་པོ་མ་ཧེའི་གདན་ཅན་ནོ། །ནུབ་ཀྱི་འདབ་མ་ལ་ཆུ་ལྷ་དཀར་པོའོ། །ཆུ་སྲིན་གྱི་གདན་ཅན་ནོ། །ཕྱག་ན་ཞགས་པ་ཅན་ནོ། །བྱང་གི་འདབ་མ་ལ་གནོད་སྦྱིན་སེར་པོ་བྱི་ལའི་གདན་ཅན་ནོ། །ཕྱག་ན་དཔལ་འབྲས་སོ། །དེ་
རྣམས་ཐམས་ཅད་འཛིན་པའི་རིན་པོ་ཆེའི་ཅོད་པན་ཅན་ནོ། །གཤིན་རྗེ་ཉི་མའི་གདན་ཅན་དང་ཉི་མའི་འོད་དོ། །ལྷག་མ་ཟླ་བའི་གདན་དང་ཟླ་བའི་འོད་དོ། །དབང་ལྡན་གྱི་འདབ་མ་ལ་ས་བདག་སྤྱན་གསུམ་པ། རལ་པ་དང་ཅོད་པན་ཅན་ནོ། །ཁྱུ་མཆོག་གི་གདན་ཅན་ལག་ན་རྩེ་གསུམ་དཀར་
པོའོ། །སྟག་གི་པགས་པའི་གོས་འཛིན་པ། །ཐལ་བའི་རྡུལ་གྱིས་བྱུགས་པ། རུས་པའི་རྒྱན་ཅན་ཟླ་བའི་གདན་དང་དེའི་འོད་དོ། །མེའི་འདབ་མ་ལ་མེའི་ལྷ་གསུས་པ་འཕྱང་བ་ཤིན་ཏུ་དམར་སེར་ར་ལ་ཞོན་པ། བགྲང་ཕྲེང་དང་། སྤྱི་བླུགས་འཛིན་པ། རལ་པའི་ཅོད་པན་ཅན། ཉི་མའི་
གདན་དང་དེའི་འོད་དོ། །ཆོས་གོས་གྱོན་པའོ། །བདེན་བྲལ་གྱི་འདབ་མ་ལ་སྲིན་པོ་སྐྲ་དམར་སེར་གྱེན་དུ་འཁྱིལ་བ་གྲི་གུག་དང་ཐོད་པ་འཛིན་པའོ། །སྨིན་མ་འཁྱོག་པ་དང་བཅས་པ་ནག་པོ། །ཉི་མའི་འོད་དང་དེའི་གདན་ཅན་ནོ། །རླུང་གི་འདབ་མ་ལ་རླུང་ལྷ་ཕྱག་ན་རྒྱལ་མཚན་
ལྗང་གུ་དང་རིན་པོ་ཆེའི་ཅོད་པན་ཅན། རི་དགས་ལ་ཞོན་པ། ཟླ་བའི་འོད་དང་དེ་ཉིད་ཀྱི་གདན་ཅན་ནོ། །རྒྱན་ཐམས་ཅད་འཛིན་པ། ལྟེ་བ་ལ་སའི་ལྷ་སེར་པོ་བཟང་པོའི་སྟན་ཅན། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། བུམ་པའི་ལག་པ་དང་། ཟླ་བའི་སྟན་ལ་ཟླ་བའི་འོད་དོ། །
ཡི་དགས་ཀྱིས་བསྐོར་ནས་གནས་པའོ། །སྟེང་གི་ཆོས་འབྱུང་ལ་གནས་པའི་འདབ་མ་བརྒྱད་ལ། ཤར་གྱི་འདབ་མ་ལ་ཟླ་བ་དཀར་པོའོ། །རྟ་དཀར་པོའི་གདན་ཅན་ནོ། །རིན་པོ་ཆེའི་ཅོད་པན་ཅན་ལག་ན་ཀུ་མུ་ཏའོ། །རྒྱན་ཐམས་ཅད་ཀྱིས་བརྒྱན་པ། ཟླ་བའི་གདན་དང་ཟླ་

བའི་འོད་དོ། །ལྷོའི་འདབ་མ་ལ་ཉི་མ་དམར་པོ་ཕྱག་བཞི་པ་པདྨ་འཛིན་པ་རྟ་ལྗང་གུ་ལ་ཞོན་པ། རིན་པོ་ཆེའི་ཅོད་པན་ཅན་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། རང་གི་འོད་ཅན་ནོ། །ཉི་མ་དང་ཟླ་བ་ཉ་བར་མཚོན་པ་དང་། ཕྱོགས་དང་ཕྱོགས་མ་ཡིན་པའི་མཚོན་པ་མིག་དམར་དང་།
གཟའ་ལྷག་པ་དང་། ཕུར་བུ་དང་། པ་སངས་དང་། སྤེན་པ་དང་། སྒྲ་གཅན་དམར་པོ་དང་། སྔོ་བསངས་དང་། སེར་པོ་དང་། དཀར་པོ་དང་། ནག་པོ་དང་། དུ་བའི་འོད་དོ། །རང་རང་གི་སྟན་དང་། མཚན་མ་དང་རྒྱན་ཅན་ནོ། །དབུས་ཀྱི་ལྟེ་བ་ལ་ཚངས་པ་ཞལ་བཞི་པ། ཕྱག་བཞི་པ།
དབྱུག་པ་གསུམ་འཛིན་པ། མི་འཇིགས་པའི་ཕྱག་ན་བགྲང་ཕྲེང་དང་། སྤྱི་བླུགས་འཛིན་པ། སེར་པོ་ངང་པ་ལ་ཞོན་པ། ཟླ་བའི་གདན་དང་ཟླ་བའི་འོད་དོ། །མཆོད་ཕྱིར་ཐོགས་འཆང་བ། ལུས་སྦོམ་པོ། །རལ་པ་ཐུང་བ། ཚངས་རིས་ཀྱིས་བསྐོར་བ། མདུན་ན་འདོན་དང་། དགའ་
ལྡན་དང་། འཕྲུལ་དགའ་དང་། འོག་མིན་ལ་སོགས་པ་རང་རང་གི་གཟུགས་བརྟན་པར་བྱའོ། །འོག་ཏུ་ཆོས་འབྱུང་ལ་གནས་པའི་པདྨ་འདབ་མ་བརྒྱད་པོ་རྣམས་ལ་ཕྱོགས་དང་ཕྱོགས་མཚམས་སུ་རིམ་པ་ལྟར་སྟོབས་ཀྱི་རྒྱུ་ལྗང་གུ་དང་། དུང་སྐྱོང་སེར་པོ་དང་། མཐའ་ཡས་སེར་པོ་དང་།
ནོར་རྒྱས་ཀྱི་བུ་དམར་པོ་དང་། འཇོག་པོ་དང་། རིགས་ལྡན་སེར་བ་དག་དང་། པདྨ་སེར་པོ་དང་། པདྨ་ཆེན་པོ་དཀར་པོ་དག་སྟེ། བརྒྱད་པོ་དེ་དག་ནི་རིན་པོ་ཆེའི་ཅོད་པན་ཅན། མིའི་གདོང་པ་ལ་རྒྱན་ཐམས་ཅད་དང་། གདེངས་ག་དང་ལྡན་པ། ལྷ་མ་ཡིན་དང་། སེམས་ཅན་དམྱལ་བ་དང་ལྷན་ཅིག་པའོ། །
ལྟེ་བ་ལ་ལྷ་དཀར་པོ་མིའི་ཐོད་པ་ཅན་མིའི་གདེངས་ཀ་ཅན་ཏེ། དེ་དག་ཐམས་ཅད་ནི་པདྨ་གསུམ་ལ་སྟེ། རང་གི་སྙིང་གའི་ས་བོན་ལས་བྱུང་བའི་དཀར་མོས་བཀུག་ནས་ཆོས་རྐུན་མས་པདྨའི་སྟེང་དུ་བཅུག་ལ། རོ་ལངས་མས་ལྕགས་སྒྲོག་གིས་བཅིངས་ཏེ། ཟ་ཕོད་
མས་དྲིལ་བུས་དབང་དུ་བྱས་ལ་དབུས་ཀྱི་པདྨ་ལ་གནས་པ་རྣམས་ནི་རང་རང་གི་མདོག་དང་། རྟགས་དང་མཚན་མ་དང་། དབྱིབས་ཡོངས་སུ་གྱུར་ནས་ས་བོན་གྱི་ཡི་གེ་ལས་སྐྱེས་པའི་ནག་པོ་མི་བསྐྱོད་པའི་ཅོད་པན་ཅན་ནོ། །སྟེང་དུ་གནས་པ་རྣམས་ནི་རང་རང་གི་གཟུགས་དང་

གཟུགས་ཀྱི་ངོ་བོར་གྱུར་ཏེ། ཡི་གེ་ཨོཾ་ལས་སྐྱེས་པ་དཀར་པོ། རྣམ་པར་སྣང་མཛད་ཅོད་པན་ཅན་ནོ། །འོག་ན་གནས་པ་རྣམས་ནི་རང་རང་གི་གཟུགས་སྤངས་ཏེ་ཡི་གེ་ཨ་ལས་སྐྱེས་པ་དམར་པོ་སྣང་བ་མཐའ་ཡས་ཀྱི་ཅོད་པན་ཅན་ནོ། །པདྨ་གསུམ་ལ་གནས་པ་དེ་
དག་ནི་ལག་ན་རྡོ་རྗེ་དང་དྲིལ་བུ་འཛིན་པ། གདོང་གཅིག་པ་རང་སྣང་བའི་རིག་མའི་ཡན་ལག་གིས་འཁྱུད་པ་གཡས་བརྐྱང་བས་སྟན་ལ་གནས་པར་བལྟའོ། །འདི་རྣམས་བསྟན་པར་བྱ་སྟེ། དེ་རྣམས་ལ་ཨོཾ་པྲ་པར་སཏྐཱ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། ཞེས་བྱ་བའི་སྔགས་ཀྱིས་དུང་ཕོར་གྱི་
ནང་དུ་ཕྱག་རྒྱས་མདུན་དུ་མཆོད་ཡོན་བྱིན་ནས། སྔ་མ་བཞིན་དུ་བདུད་རྩི་མྱང་བའི་ཆོ་གས་གཏོར་མ་ཉེ་བར་སྤྱོད་པ་བདུད་རྩི་ཉིད་དུ་བསྒྲུབས་ལ། ཨོཾ་ཨིནྡ་ཛ་མ་ཛ་ལ་ཛཀྑ། བྷཱུ་ཏ་བཧྣི་བཱ་ཨུ་རཀྑ། ཙནྡ་སུཛྫ་མཱ་ད་བབྦ་ཏཱ་ལ་བཱ་ཏཱ་ལེ་ཨཎྚ་སཔྤ་སྭཱ་ཧཱ། ཞེས་བྱ་བ་འདིས་དེ་རྣམས་བསྟོད་
ཅིང་དྲིལ་བུ་དཀྲོལ་ལོ། །གཏོར་མ་ཉེ་བར་སྤྱོད་པ་དེ་ནི་ཡི་གེ་ཧཱུྃ་ལས་སྐྱེས་པའི་ནས་འབྲས་ཙམ་གྱི་རྡོ་རྗེའི་ལྕེའི་འོད་ཟེར་གྱི་སྦུ་གུས་དྲངས་ལ་རྣལ་འབྱོར་པ་བདག་བཟའ་ཞིང་དེ་དག་ལ་ཡང་བཟའ་བ་སྦྱིན་ནོ། །དེ་དག་ཀྱང་ཧཱུཾ་ལས་འོད་ཟེར་གྱི་ལྕེའི་སྦུ་གུས་དྲངས་ཏེ་དེ་ནས་ཇི་ལྟ་བར་བདེ་བ་
མྱང་བར་བསམ་པར་བྱ་སྟེ། ཨི་དཾ་བ་ལིཾ་བྷུཉྫ་ཛིཾ་གྷ་ཕུལླ་དྷཱུ་པྤ་མཱཾ་ས་པིཾ་གྷ། ཨམྦྷ་སཔྤ་ཀཛྫ་སཱ་དཱ་ཁནྟི་ཁུ་ཎི་ཕེ་ཌ་གཱ་ད་ཞེས་བྱ་བ་ལ་སྒོ་བཞིར་དྲིལ་བུ་གནས་བཞིར་དཀྲོལ་ལོ། །ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཱཾ་ཨཱ་དྱ་ནུ་ཏྤནྣ་ཏྭཱཏ་ཨོཾ་ཨཱཿཧཱུྃ་ཕཊ་སྭཱ་ཧཱ། ཞེས་བྱ་བའི་སྔགས་ཀྱིས་
ཚིམ་པར་བྱའོ། །ཀོལླ་ཨི་རི་ཊྛི་ཨ་པོ་ལཱ། མུམྨུ་ཎི་རེ་ཀཀྐོ་ལཱ། གྷ་ཎེ་ཀྲྀ་བི་ཊ་ཧོ་བཛྫ་ཨི་ཀ་རུ་ཎེ་ཀི་ཨ་ཨ་ཎ་རོ་ལཱ། ཏ་ཧི་བཾ་ལ་ཁཱཛྫ་ཨི་གཱ་ཌྷེཾ་མ་ཨེ་ནཱ་པིཛྫ་ཨི། ཧ་ལེ་ཀཱ་ལི་ཛྫ་པཱ་ཎི་ཨ་ཨི་དུནྡུ་ར་བཱིཛྫི་ཨ་ཨི། ཙ་ཨུ་ས་མ་ཀ་ཙྪུ་རཱི་སིཧླཱ་ཀ་པུ་ར་ལཱ་ཨི་ཨ་ཨི། མཱ་ལ་ཨིནྡྷ་ཎ་སཱ་ལིཾ་
ཛ། ཏ་ཧི་བྷ་རུ་ཁཱ་ཨི་ཨ་ཨི། ཕྲེཾ་ཁ་ཎ་ཁ་ཊ་ཀ་རིནྟ་ཤུདྡྷ། ཨ་ཤུདྡྷ་ན་མུ་ཎི་ཨ་ཨི། ནི་རཾ་ཤུ་ཨཾ་གེ་ཙ་ཌཱ་ཝི། ཏ་ཧིཾ་ཛ་ས་རཱ་བ་པཱ་ཎི་ཨ་ཨི། མ་ལ་ཨ་ཛེ་ཀུནྡུ་རུ་བ་ཊཱ་ཨི། ཌིཎྜི་མི་ཏ་ཧིཾ་ཎཱ་བཱཛྫི་ཨ་ཨི་ཞེས་བྱ་བ་རྡོ་རྗེའི་གླུ་ཡན་ལག་ཐམས་ཅད་ཡོངས་སུ་རྫོགས་ཤིང་ཡོངས་སུ་རྫོགས་

པར་བྱ་སྟེ། ཕྱི་ནས་འཐོར་འཐ
Luận tạng Tây Tạng (Tengyur) — Tập 9 | Tra cứu Kinh điển | Tàng Kinh Việt