Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 9
Văn bản gốc(Tây Tạng)
Trang 1 / 22 (50.000 ký tự/trang)
༄༅༅། །རྒྱ་གར་སྐད་དུ། ཤྲཱི་ཧེ་བཛྲ་སཱ་དྷ་ནཾ། བོད་སྐད་དུ། དཔལ་དགྱེས་པ་རྡོ་རྗེའི་སྒྲུབ་ཐབས། དཔལ་དགྱེས་པའི་རྡོ་རྗེ་ལ་ཕྱག་འཚལ་ལོ། །དཔལ་ལྡན་དགྱེས་པའི་རྡོ་རྗེ་དང་། །བདག་མེད་མ་ལ་གུས་ ཕྱག་འཚལ། །རྡོ་རྗེ་སློབ་དཔོན་བཀའ་དྲིན་གྱིས། །དེ་ཡི་སྒྲུབ་ཐབས་ཆོ་ག་བཤད། །དང་པོ་ཁོ་ནར་རྣལ་འབྱོར་པས། །སེམས་ཅན་ཐམས་ཅད་ཀྱི་དོན་དུ་བློ་བསྐྱེད་ནས། བླ་མ་བཅོམ་ལྡན་འདས་ཡང་དག་པར་བསྙེན་ཏེ། ཆོ་ག་ ཇི་ལྟ་བ་བཞིན་དུ་དཔལ་དགྱེས་པའི་རྡོ་རྗེའི་དཀྱིལ་འཁོར་དུ་ཞུགས་ཤིང་རིམ་པ་ཇི་ལྟ་བ་བཞིན་དུ་དབང་བསྐུར་ཏེ། ཡང་དག་པར་རྗེས་སུ་གནང་བ་ཤིན་ཏུ་རྣམ་པར་དག་པའི་དེ་ཁོ་ན་ཉིད་མ་ནོར་བའི་ཡེ་ཤེས་ཐོབ་ཅིང་མཚན་མ་ རྙེད་པ་དང་། བདུད་རྩི་ལྔ་ལ་སོགས་པའི་དམ་ཚིག་བསྟེན་པ། དཔལ་དགྱེས་མཛད་རྡོ་རྗེ་བསྒྲུབ་པར་འདོད་པས་རིག་མ་དང་ལྷན་ཅིག་དུར་ཁྲོད་ལ་སོགས་པ་ཡིད་དུ་འོང་བའི་གནས་སུ་འདུག་ནས་མཆོད་པ་དང་། གཏོར་མ་ལ་ སོགས་པ་བྱས་ཏེ། རང་གི་སྙིང་གར་རྃ་ལས་བྱུང་བའི་ཉི་མ་ལ་ཧཱུྃ་ཡིག་སྔོན་པོ་བལྟས་ཏེ། ཧཱུྃ་ཡིག་དེ་ལས་འོད་ཟེར་རྣམ་པ་ལྔ་ནམ་མཁའི་ཕྱོགས་སུ་ཡོངས་སུ་སྤྲོས་ནས། འོད་ཟེར་དེས་བཅོམ་ལྡན་འདས་རྡོ་རྗེ་ལས་བྱུང་བའི་ སྐུ་མདོག་སྔོན་པོ་ཕྱག་དང་ཕྱག་མཚན་འོག་ནས་འབྱུང་བ་བཞིན་དུ་ཕྱག་བཅུ་དྲུག་པའམ། ཕྱག་དྲུག་པའམ། ཕྱག་བཞི་པའམ། ཕྱག་གཉིས་པ་ཡང་རུང་སྟེ། རང་གི་རིག་མ་ལ་འཁྱུད་པ་སྤྱན་གསུམ་པ་དབུ་སྐྲ་ཁམ་པ་གྱེན་དུ་འགྲེང་ བ། ཕྱག་རྒྱ་དྲུག་དང་ལྡན་པ། ལྷ་མོ་བརྒྱད་ཀྱིས་ཡོངས་སུ་བསྐོར་བ། སྐུ་རྣམས་སྤྲོ་བ་དང་སྡུད་པ་མདུན་གྱི་ནམ་མཁའི་ཕྱོགས་སུ་བཀུག་སྟེ་བསྒོམ་པར་བྱའོ། །དེའི་མདུན་ན་གཽ་རཱི་ནག་མོ་ཕྱག་ན་བྱང་ཆུབ་ཀྱི་སེམས་ཀྱི་ཟླ་བ་ཅན་ནོ། །ལྷོ་ཕྱོགས་སུ་ ཆོམ་རྐུན་མ་བཙོད་ཀྱི་མདོག་ཅན་ཕྱག་ན་རང་བྱུང་གི་ཉི་མ་ཞེས་བྱ་བའི་མེ་ཏོག་ཅན་ནོ། །རྒྱབ་ཏུ་རོ་ལངས་མ་སེར་མོ་རྡོ་རྗེའི་ཆུ་སྣོད་ཅན་ནོ། །བྱང་ཕྱོགས་སུ་ཟ་ཕོད་མ་མ་ར་ཀ་ཏ་ལྟ་བུ་གསང་བའི་སྨན་བསྣམས་པའོ། །དབང་ལྡན་གྱི་མཚམས་སུ་ནི་སྤོས་མོ་ མདོག་སྔོན་མོ་སྣ་ཚོགས་པའི་ཤ་བསྣམས་པའོ། །མེའི་མཚམས་སུ་དུར་ཁྲོད་མ་དཀར་མོ་ཕྱག་ན་རོ་བསྣམས་པའོ། །སྲིན་པོའི་མཚམས་སུ་གཏུམ་མོ་དམར་སྐྱ་རྔེའུ་ཆུང་གི་སྒྲ་སྒྲོགས་པའོ། །རླུང་ལྷའི་མཚམས་སུ་སྨེ་མ་སྣ་ཚོགས་ཀྱི་མདོག་རང་གི་ སྐུ་ལ་འཁྱུད་པ་སྟེ། དེ་ལྟ་བུའི་བཅོམ་ལྡན་འདས་ཀྱི་སྐུ་རྣམ་པར་འཕྲོ་བ་དང་སྡུད་པ་ནམ་མཁའ་ལ་བལྟས་ནས། རང་གི་སྙིང་གར་ཉི་མ་ལ་གནས་པའི་ས་བོན་ལས་འོད་འཕྲོས་པའི་ཕྱི་ནང་གསང་བ་དང་། དེ་ཁོ་ན་ཉིད་ཀྱི་མཆོད་པའི་ཁྱད་པར་གྱིས་ཡང་དག་ པར་མཆོད་ནས། དེའི་སྤྱན་སྔར་སྡིག་པ་བཤགས་པ་ལ་སོགས་པ་བྱའོ། །ཇི་སྲིད་ཐོག་མཐའ་མེད་པའི་འཁོར་བ་ཕྱིན་ཅི་ལོག་གི་རྟོག་པས་བསགས་པའི་སྡིག་པའི་ལས་བདག་གིས་བགྱིས་པ་དེ་དག་ཐམས་ཅད་བཅོམ་ལྡན་འདས་ཀྱི་སྤྱན་སྔར་བཤགས་ཤིང་ཕྱིས་སྡོམ་པར་བགྱིའོ། །སེམས་ཅན་ ཐམས་ཅད་ཀྱི་དགེ་བ་ཇི་སྙེད་པ་ཐམས་ཅད་ལ་རྗེས་སུ་ཡི་རང་ཞིང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བར་བགྱིའོ། །གཞན་ཡང་ཁམས་གསུམ་ཐམས་ཅད་བདེ་བ་ཆེན་པོའི་རྣམ་པར་རོ་གཅིག་པའི་སངས་རྒྱས་དགྱེས་མཛད་རྡོ་རྗེ་དང་། དེས་གསུངས་པའི་སྔགས་དང་ཕྱག་རྒྱ་དང་ དཀྱིལ་འཁོར་ལ་སོགས་པའི་ཆོས་དང་དེའི་འཁོར་ལོ་ལ་འཁོར་བར་གནས་པའི་ལྷ་མོའི་ཚོགས་ལ་བདག་སྐྱབས་སུ་མཆི་བར་བགྱིའོ། །སེམས་ཅན་ཐམས་ཅད་ཀྱི་དོན་བྱ་བའི་རྒྱུར་གྱུར་པའི་རྣམ་པ་ཐམས་ཅད་ཀྱི་མཆོག་དང་། སྟོང་པ་ཉིད་ཀྱི་བདག་ཉིད་དུ་སེམས་བརྟན་པར་བྱའོ། །དེ་ནས་སེམས་ ཅན་ཐམས་ཅད་ལ་བུ་གཅིག་པ་ལྟར་བྱམས་པ་ཆེན་པོ་བསྒོམ་པར་བྱའོ། །དེའི་རྗེས་ལ་རྣམ་པར་རྟོག་པའི་རྒྱ་མཚོར་བྱིང་བའི་སེམས་ཅན་སྐྱབས་མེད་པ་རྣམས་མཐོང་ནས་དེ་དག་ཐམས་ཅད་བསྒྲལ་བར་འདོད་པའི་སྙིང་རྗེ་ཆེན་པོའི་རང་བཞིན་བརྟན་པར་བྱའོ། །དེ་ལྟར་དགའ་བ་ཆེན་པོ་ཐོབ་པའི་སྔགས་པས་ བརྟགས་པའི་ཡུལ་རྣམས་ལ་བཏང་སྙོམས་སུ་བྱས་ནས། དངོས་པོ་མ་ལུས་པ་བསྡུས་པའི་སྙིང་པོ་དེ་ཁོ་ན་ཉིད་ཀྱི་སྔགས། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ་ཞེས་བརྗོད་པར་བྱའོ། །འདིའི་རྗེས་ལ་སྔགས་ཀྱི་དོན་བདག་ཁམས་གསུམ་པོ་ངོ་བོ་ཉིད་དང་བྲལ་བར་བསྒོམ་པར་བྱའོ། །དེ་ ནས་སྔོན་གྱི་སྨོན་ལམ་རྗེས་སུ་དྲན་པ་ལས་ནམ་མཁར་རྃ་ལས་བྱུང་བའི་ཉི་མའི་དཀྱིལ་འཁོར་གྱི་དབུས་སུ་ཧཱུྃ་ཡིག་ལས་ཡང་དག་པར་བྱུང་བའི་འོད་ཟེར་ལྔའི་བདག་ཉིད་ཀྱི་རྩེ་གསུམ་པའི་སྣ་ཚོགས་རྡོ་རྗེའི་འོད་ཟེར་ལས་ཡང་དག་པར་བྱུང་བའི་ཇི་སྙེད་འདོད་པའི་འབར་བའི་ཚོགས་ཅན་གྱི་རྡོ་རྗེ་ར་བ་བལྟ་བར་ བྱའོ། །དེའི་ནང་དུ་རྡོ་རྗེའི་དྲ་བ་བགེགས་རྣམས་སེལ་བར་བྱེད་པ་རྣམ་པར་བསྒོམ་མོ། །དེའི་དབུས་སུ་ནམ་མཁའ་ཁྱབ་པའི་ཤེས་རབ་ཨེའི་རྣམ་པ་ལྟ་བུ་དཀར་པོ་བསྒོམ་པར་བྱའོ། །དེའི་སྟེང་དུ་སའི་དཀྱིལ་འཁོར་ལྃ་ལས་བྱུང་བའི་གྲུ་བཞི་པ་ལྗང་གུའོ། །དེའི་སྟེང་དུ་ཆུའི་དཀྱིལ་འཁོར་པྃ་ ལས་སྐྱེས་པའི་ཟླུམ་པོ་དཀར་པོའོ། །དེར་མེའི་དཀྱིལ་འཁོར་རྃ་ལས་སྐྱེས་པ་གྲུ་གསུམ་དམར་པོའོ། །དེར་རླུང་གི་དཀྱིལ་འཁོར་ཡཾ་ལས་སྐྱེས་པའི་ཟླ་བ་ཕྱེད་ཀྱི་རྣམ་པ་ལྟ་བུ་མདོག་སྔོན་པོའོ། །དེ་ནས་དེའི་དབུས་སུ་རྣམ་པར་ཤེས་པ་གནས་པར་བལྟའོ། །དེ་དག་གནས་པར་ གྱུར་པ་ལས་དཀྱིལ་འཁོར་འཁོར་ལོའི་ཁང་པ་འོད་ཀྱི་སྣང་བ་ཅན་སྐད་ཅིག་ཙམ་གྱིས་བསྒོམ་པར་བྱ་སྟེ། གྲུ་བཞི་པ་སྒོ་བཞི་དང་ཀ་བ་བརྒྱད་ཀྱིས་ཉེ་བར་མཛེས་པ། དྲ་བ་དང་དྲ་བ་ཕྱེད་པ་དང་ཏྭ་ར་ན་ལ་སོགས་པས་སྤྲས་པ་སེམས་ལས་གྲུབ་པར་རྣམ་པར་བསམ་མོ། །དེའི་དབུས་སུ་ཟླ་བ་དང་ཉི་མ་ཁ་ སྦྱོར་བར་ཆུད་པའི་ཧཱུྃ་དང་ཨྃ་གྱི་ས་བོན་གཉིས་ལས་ཡང་དག་པར་བྱུང་བའི་གྲི་གུག་དང་ཐོད་པ་ལ་ལྟེ་བར་ལྷའི་ས་བོན་གཉིས་ཀྱིས་མཚན་པ་བལྟའོ། །དེ་དག་ཐམས་ཅད་ཡོངས་སུ་གྱུར་པ་ལས། །བདག་ཉིད་དཔལ་དགྱེས་མཛད་རྡོ་རྗེའི་གཟུགས་སྐུ་མདོག་སྔོན་པོ་ཞལ་བརྒྱད་པ། ཕྱག་བཅུ་དྲུག་ པ་ཞབས་བཞི་པ་བདག་མེད་མ་དང་ལྷན་ཅིག་མཆོག་ཏུ་དགའ་བ་བདེ་བ་ཆེན་པོར་རོ་གཅིག་པ། ཕན་ཚུན་འཁྲིགས་པས་ཆགས་པ་དང་ལྡན་པར་བལྟ་བར་བྱའོ། །དེ་ནས་ཨོཾ་པདྨ་སུ་ཁ་དྷ་ར་མ་ཧཱ་རཱ་ག་སུ་ཁཾ་ད་ད་ཙ་ཏུར་ཨཱ་ནནྡ་བྷ་ག་བི་ཤྭ་ཧཱུྃ་ཧཱུྃ་ཧཱུྃ་ཀརྱྃ་ཀུ་རུ་ཥྭ་མེ། །ཨོཾ་བཛྲ་མ་ཧཱ་དྭེ་ཥ་ཙ་ཏུ་ར་ཨཱ་ནནྡ་དཱ་ཡ་ཀ་ཁ་མུ་ཁེ་ཀ་རཱ་ སོ་ནཱ་ཐ་ཧཱུྃ་ཧཱུྃ་ཧཱུྃ་ཀརྱཾ་ཀུ་རུ་ཥྭ་མེ་ཞེས་བྱ་བ་འདིས་ཕྱི་རོལ་གྱི་ཆགས་པའི་བྱ་བ་ལ་རྡོ་རྗེ་དང་པདྨ་བྱིན་གྱིས་བརླབ་པར་བྱའོ། །དེ་ནས་བསྲུབ་ཅིང་སྲུབས་པའི་སྦྱོར་བས་ལྷའི་འཁོར་ལོ་དབྱུང་བར་བྱ་སྟེ། དེ་ལ་ཤར་ལ་སོགས་པའི་སྒོ་རུ་རིམ་པ་ཇི་ལྟ་བ་བཞིན་དུ་ཚངས་པ་དང་། །དབང་པོ་དང་། ཉེ་བའི་དབང་པོ་དང་། དྲག་པོའོ། །དེ་ བཞིན་དུ་དབང་ལྡན་ལ་སོགས་པའི་མཚམས་སུ་ནི་གཤིན་རྗེ་དང་ནོར་བདག་དང་བདེན་བྲལ་དང་། ཐགས་བཟངས་རིས་དང་། དེ་ལྟར་གདན་བརྒྱད་པོ་དག་བསྒོམ་པར་བྱའོ། །དེའི་སྟེང་དུ་ཟླ་བ་དང་ཉི་མ་ཁ་སྦྱོར་བར་ཆུད་པའི་གྃ་ཙྃ་བྃ་གྷྃ་པྃ་ཤྃ་ལྃ་ཌྃ་ཞེས་བྱ་བའི་ས་བོན་བརྒྱད་ཀྱི་བདག་ཉིད་བལྟའོ། །དེ་དག་ ཡོངས་སུ་གྱུར་པ་ལས། དཀར་མོ་ལ་སོགས་པའི་མཚན་མ་གྲི་གུག་དང་། རྔེའུ་ཆུང་དང་། རུས་སྦལ་དང་། སྦྲུལ་དང་། སེང་གེ་དང་། དགེ་སློང་དང་། འཁོར་ལོ་དང་། རྡོ་རྗེ་དག་བསམ་པར་བྱའོ། །དེའི་སྟེང་དུ་ཡང་ས་བོན་བརྒྱད་ཀྱི་མཚན་མ་སྟེ། དེ་དག་ཐམས་ཅད་སོ་སོར་གཅིག་ཏུ་ཡོངས་སུ་གྱུར་པ་ལས་ དཀར་མོ་ལ་སོགས་པ་ཡོངས་སུ་རྫོགས་པར་བྱའོ། །དེ་ལས་ཤར་ཕྱོགས་ཀྱི་སྒོར་ནི་དཀར་མོ་གཟུགས་ཀྱི་ཕུང་པོའི་རང་བཞིན་གཾ་ཡིག་ལས་བྱུང་བ་མདོག་སྔོན་མོ་ཕྱག་གཡས་ན་གྲི་གུག་གཡོན་ན་རོ་ཧི་ཏའི་ཉ་བསྣམས་ཤིང་ཚངས་པ་མནན་པ་དགོད་པར་བྱའོ། །ལྷོ་སྒོར་ནི་ཆོམ་རྐུན་མ་ཚོར་བའི་ཕུང་པོའི་རང་ བཞིན་ཙྃ་ཡིག་ལས་ཡང་དག་པར་བྱུང་བ་བཙོད་ཀྱི་མདོག་ཅན་ཕྱག་གཡས་ན་རྡེའུ་ཆུང་གཡོན་ན་ཕག་པ་བསྣམས་ཤིང་དབང་པོ་མནན་པ་དགོད་པར་བྱའོ། །ནུབ་ཀྱི་སྒོ་རུ་ནི་རོ་ལངས་མ་འདུ་ཤེས་ཀྱི་ཕུང་པོ་ལས་སྒྲུབ་ཅིང་བྃ་ཡིག་ལས་སྐྱེས་པ་གསེར་བསྲེགས་པའི་མདོག་ཅན་ཕྱག་གཡས་ན་རུས་སྦལ་ གཡོན་ན་པདྨའི་སྣོད་བསྣམས་ཤིང་ཉེ་བའི་དབང་པོ་མནན་པ་བསམ་པར་བྱའོ། །བྱང་ཕྱོགས་ཀྱི་སྒོར་ནི་ཟ་ཕོད་མ་འདུ་བྱེད་ཀྱི་ཕུང་པོའི་རང་བཞིན། གྷྃ་ཡིག་ལས་སྐྱེས་པ་མ་ར་ཀ་ཏ་ལྟ་བུ་ཕྱག་གཡས་ན་ཐོད་པ་བསྣམས་ཤིང་དྲག་པོ་མནན་པ་བལྟ་བར་བྱའོ། །དབང་ལྡན་གྱི་མཚམས་སུ་སྦོས་མོ་སའི་ ཁམས་ཀྱི་རང་བཞིན་བྃ་ཡིག་ལས་སྐྱེས་པ་མདོག་སྔོན་མོ་གཡས་ན་སེང་གེ་གཡོན་ན་དགྲ་སྟ་བསྣམས་ཤིང་གཤིན་རྗེ་མནན་པར་བསྒོམ་པར་བྱའོ། །མེའི་མཚམས་སུ་རི་ཁྲོད་མ་ཆུའི་ཁམས་ཀྱི་རང་བཞིན་ཤྃ་ཡིག་ལས་ཡང་དག་པར་བྱུང་བ་མདོག་དཀར་མོ་ཕྱག་གཡས་ན་དགེ་སློང་གཡོན་ན་བསིལ་ བྱེད་བསྣམས་ཤིང་ནོར་བདག་མནན་པ་བསྒོམ་པར་བྱའོ། །བདེན་བྲལ་གྱི་མཚམས་སུ་ནི་གཏུམ་མོ་མེའི་ཁམས་ཀྱི་རང་བཞིན་ལྃ་ཡིག་ལས་སྐྱེས་པ་ནམ་མཁའི་མདོག་ཅན་གཡས་ན་འཁོར་ལོ་འཛིན་པ་གཡོན་ན་ཐོད་པ་བསྣམས་ཤིང་སྲིན་པོ་མནན་པ་བསྒོམ་པར་བྱའོ། །རླུང་གི་མཚམས་སུ་ནི་ སྨེ་མ་རླུང་གི་ཁམས་ཀྱི་རང་བཞིན་ཌྃ་ཡིག་ལས་ཡང་དག་པར་བྱུང་བ་སྣ་ཚོགས་ཀྱི་མདོག་ཅན་ཕྱག་གཡས་ན་རྡོ་རྗེ་བསྣམས་པ་གཡོན་ན་སྡིགས་མཛུབ་མཛད་ཅིང་ལྷ་མ་ཡིན་མནན་པ་བསྒོམ་པར་བྱའོ། །དེ་དག་ཐམས་ཅད་ཀྱང་སྤྱན་གསུམ་པ་མཆེ་བ་གཙིགས་པ་དབུ་སྐྲ་ཁམ་པ་གྱེན་དུ་འགྲེང་བ་ གཅེར་བུ་ཕྱག་རྒྱ་ལྔ་དང་ལྡན་པ་ཕྱེད་ཀྲུང་བཅས་པའི་གར་གྱིས་བཞུགས་པའི་བྱང་ཆུབ་ཀྱི་སེམས་འཕྲོས་པ་ལས་ཡང་དག་པར་བྱུང་བ་བསྒོམ་པར་བྱའོ། །འདིའི་མཐར་བཅོམ་ལྡན་འདས་ཤིན་ཏུ་འཇུངས་པས་མཆོག་ཏུ་བདེ་བ་ཆེན་པོར་རོ་གཅིག་པར་ལྡན་པའི་རིག་མ་དང་ལྷན་ཅིག་ཏུ་ཞུ། ས་བོན་གྱི་གཟུགས་སུ་གནས་པར་གྱུར་ཏོ། །དེ་ལ་སྦོས་མོ་ལ་སོགས་པའི་ལྷ་མོ་བཞི་བདག་གི་བདག་པོ་མེད་པར་ཤེས་ནས་ཆེར་ཡིད་མི་བདེ་བ་ཐོབ་སྟེ། མྱ་ངན་གྱིས་གདུངས་ནས། བཅོམ་ལྡན་འདས་ཀྱི་ཐུགས་སད་པར་བྱེད་པའི་རྡོ་རྗེའི་གླུས་སློང་བར་བྱེད་པ་ནི། སྙིང་རྗེའི་ ཡིད་ཀྱིས་བཅོམ་ལྡན་བཞེངས། །སྦོས་མོ་བདག་ལ་ཡོངས་སུ་སྐྱོབས། །སྟོང་པའི་ཏིང་འཛིན་སྤངས་ནས་སུ། །བདེ་ཆེན་འདོད་པས་བདག་ལ་སྦྱོར། །ཁྱོད་མི་བཞུགས་པས་བདག་འགུམ་པས། །སྟོང་པའི་རང་བཞིན་སྤངས་ནས་སུ། །རི་ཁྲོད་མ་དགོས་བསྒྲུབ་པའི་ཕྱིར། །དགྱེས་པའི་རྡོ་རྗེ་ཁྱེད་ བཞེངས་ཤིག །འདོད་པས་འཇིག་རྟེན་སྙན་མནན་ནས། །གཙོ་བོ་ཅི་ཕྱིར་སྟོང་ཉིད་བཞུགས། །ཁྱོད་མི་བཞུགས་ནི་ཕྱོགས་རྨོངས་པས། །གཏུམ་མོ་བདག་ནི་གསོལ་བ་འདེབས། །བདག་གིས་ཁྱེད་ཀྱི་ཐུགས་འཚལ་གྱིས། །སྒྱུ་འཕྲུལ་ལྟ་བུར་ཁྱེད་བཞེངས་ཅིག །འགྲོ་གཙོ་སྨེ་མ་བདག་ལགས་ཞེས། ། ཐུགས་རྗེ་རྒྱུན་ཆད་མ་མཛད་ཅིག །དེ་ཁོ་ན་ཉིད་ཀྱི་གླུ་འདིས་གཉིད་བསངས་པ་དང་འདྲ་བར་བཅོམ་ལྡན་འདས་ཟླ་བ་ཞུ་བ་ལྟ་བུའི་བདུད་རྩིའི་གཟུགས་ལས་བཞེངས་ཏེ། དེའི་སྟེང་དུ་ས་བོན་གཉིས་ལས་བྱུང་བའི་མཚན་མ་གཉིས་ཀྱི་སྟེང་དུ་ཡང་ཧཱུྃ་དང་ཨཾ་གྱི་ས་བོན་གཉིས་ཀྱིས་མཚན་པའོ། །དེ་དག་ཉི་མའི་ དཀྱིལ་འཁོར་དང་བཅས་པ་ཐམས་ཅད་གཅིག་ཏུ་ཡོངས་སུ་གྱུར་པ་ལས། ཉི་མའི་དཀྱིལ་འཁོར་གྱི་དབུས་སུ་ཧཱུྃ་ཡིག་ལས་བྱུང་བ་ཨཾ་ཡིག་ལས་ཡང་དག་པར་བྱུང་བའི་བདག་མེད་མ་དང་ཡང་དག་པར་ལྡན་པའི་བཅོམ་ལྡན་འདས་དཔལ་དགྱེས་མཛད་རྡོ་རྗེ་བདག་ཉིད་སྤྲུལ་པར་བྱ་སྟེ། སྐུ་མདོག་ སྔོན་པོ་ཆེར་དྲག་པ་སྤྱན་གསུམ་པ་དབུ་སྐྲ་ཁམ་པ་གྱེན་དུ་འབར་བ་དབུ་ལ་སྣ་ཚོགས་རྡོ་རྗེས་མཚན་པ། དཔྲལ་བའི་སྟེང་དུ་ཐོད་པ་ལྔའི་ཕྲེང་བས་བརྒྱན་པ། སྨིན་མ་གཉེར་མའི་ཁྲོ་གཉེར་ཅན་གྱི་ཞལ་དང་པོ་སྔོན་པོ། གཡས་ཀྱི་དཀར་པོ། །གཡོན་གྱི་དམར་པོ། །ཡང་གཡོན་གྱི་ཞལ་ གཉིས་སྔོ་བ། དེ་བཞིན་དུ་གཡས་ཀྱི་ཞལ་གཉིས་སྔོ་བ། སྟེང་གི་ཞལ་དུ་བའི་མདོག་ཅན་རྣམ་པར་གཙིགས་པའོ། །ཞལ་དེ་དག་ཐམས་ཅད་མཆེ་བ་གཙིགས་ཤིང་སྤྱན་གསུམ་པའོ། །གཡས་པའི་ཕྱག་བརྒྱད་ན་པདྨའི་སྣོད་བརྒྱད་ལ་གནས་པའི་རིམ་པ་ཇི་ལྟ་བ་བཞིན་དུ་གླང་པོ་ཆེ་ དང་། རྟ་དང་། བོང་བུ་དང་། བ་ལང་དང་། རྔ་མོ་དང་། མི་དང་། ཁྱི་དང་། མ་ཧེའོ། །དེ་བཞིན་དུ་གཡོན་པའི་ཕྱག་བརྒྱད་ན་ནི་སའི་ལྷ་མོ་དང་། ཆུ་ལྷ་དང་། མེ་ལྷ་དང་། རླུང་ལྷ་དང་། ཟླ་བ་དང་། ཉི་མ་དང་། གཤིན་རྗེ་དང་། ནོར་སྦྱིན་ནོ། །སྐུ་ལ་མགོ་བོ་རློན་པའི་ཕྲེང་བས་བརྒྱན་པ། ཕྱག་རྒྱ་དྲུག་ དང་ལྡན་པ་གཅེར་བུ་ཞབས་གཡས་བརྐྱང་བས་བཞུགས་པ། ཉི་མའི་དཀྱིལ་འཁོར་ལ་ཕུང་པོ་དང་། ཉོན་མོངས་པ་དང་། འཆི་བདག་དང་། ལྷའི་བུའི་བདུད་བཞི་མཉམ་པར་མནན་པའི་གར་གྱིས་རོལ་པས་བཞུགས་པར་བསྒོམ་མོ། །བདག་མེད་མ་ནི་སྔོན་མོ་ཕྱག་གཉིས་ན་གྲི་གུག་དང་ ཐོད་པར་ལྡན་པ་སྟེ། ཕྱག་གཡས་པ་དང་གཞན་གྱིས་ལྷན་ཅིག་མཉམ་པར་འཁྱུད་པ་གཅེར་བུ་ཕྱག་རྒྱ་ལྔ་དང་ལྡན་པ་སྤྱན་གསུམ་པ་ཐོད་པའི་ཕྲེང་བས་མགོ་བོར་བརྒྱན་པ། སྐུ་ལ་སྐྱེས་པའི་མགོ་བོའི་ཕྲེང་བ་སྐམ་པོས་བརྒྱན་པ། གཡོན་བརྐྱང་བ་བཅོམ་ལྡན་འདས་དང་མཉམ་པར་ལྡན་པས་ མཆོག་ཏུ་བདེ་བའི་རོ་ལ་ཆགས་པའི་བཅོམ་ལྡན་འདས་མ་བསྒོམ་པར་བྱའོ། །རིག་པའི་ཚོགས་ཀྱི་དཀྱིལ་འཁོར་གྱི་འཁོར་ལོ་ཇི་ལྟ་བ་དེ་བཞིན་དུ་ཡང་བལྟ་སྟེ། རང་གི་འོད་ཟེར་གྱི་ཚོགས་ཀྱིས་ནམ་མཁའ་ཐམས་ཅད་ཡོངས་སུ་ཁྱབ་པ་བསྒོམ་མོ། །དེ་ནས་རང་གི་སྙིང་གར་གནས་པའི་རང་གི་ ས་བོན་ལས་འོད་ཟེར་འཕྲོས་ཏེ། འོད་ཟེར་དེས་ཁམས་གསུམ་ཐམས་ཅད་དུ་ཁྱབ་ནས་སླར་ཡི་གེ་དེ་ཉིད་དུ་གཞུག་གོ། །ཡང་ནམ་མཁའི་ངོས་སུ་ཡོངས་སུ་འཕྲོས་ནས་ཡེ་ཤེས་ཀྱི་འཁོར་ལོ་མངོན་སུམ་དུ་སྤྱན་དྲངས་ཏེ་མདུན་དུ་བྱོན་པ་ལ། ཡང་དག་པར་མཆོད་ཅིང་བསྟོད་ནས། རང་གི་ དམ་ཚིག་གི་འཁོར་ལོ་ལ་གཞུག་པར་བྱ་སྟེ། ཞུགས་ནས་ལྷ་དང་གཅིག་ཏུ་གྱུར་པའི་ང་རྒྱལ་བསྐྱེད་པར་བྱའོ། །དེ་ནས་རང་གི་སྐུའི་འོད་ཟེར་གྱི་ཚོགས་ལས་བྱུང་བའི་དེ་བཞིན་གཤེགས་པ་དང་བྱང་ཆུབ་སེམས་དཔའ་དང་། རིག་པའི་ལྷ་མོ་དང་། ཁྲོ་བོའི་རྒྱལ་པོ་ལ་སོགས་པ་ རྣམས་ལ་མཆོད་པ་སྣ་ཚོགས་པའི་ཁྱད་པར་གྱིས་ཡང་དག་པར་མཆོད་དེ། དེ་དག་གིས་བདུད་རྩི་ལྔས་ཡོངས་སུ་གང་བའི་བུམ་པས་བདག་ལ་དབང་བསྐུར་བ་བསྒོམ་པར་བྱའོ། །འདི་ལྟར་རིམ་པ་ཇི་ལྟ་བ་བཞིན་དུ་རྣམ་པ་དུ་མ་དང་རྣམ་པར་སྨིན་པ་དང་། རྣམ་པར་འཇོམས་པའི་དང་། རྣམ་པའི་མཚན་ཉིད་ཀྱི་སྐད་ཅིག་མ་བཞི་པོ་དག་ལས་དགའ་བ་དང་། མཆོག་ཏུ་དགའ་བ་དང་། རྣམ་པའི་དགའ་བ་དང་། ལྷན་ཅིག་སྐྱེས་པའི་དགའ་བའི་མཚན་ཉིད་མངོན་དུ་འགྱུར་རོ། །དགོད་པ་དང་། བལྟ་བ་དང་། འཁྱུད་པ་དང་། འཁྲིག་པ་བཞི་རྣམ་པར་དག་པ་ལས་ སློབ་དཔོན་དང་། གསང་བ་དང་། ཤེས་རབ་ཡེ་ཤེས་དང་། མཆོག་ཏུ་དགའ་བའི་བདེ་བ་ཆེན་པོའི་དབང་བཞི་བླང་བར་བྱའོ། །དབང་བསྐུར་བས་རང་གི་རིགས་ཀྱི་གཙོ་བོས་མགོ་བོར་མཚན་པ་སྟེ། འདི་ལྟར་སེམས་ཀྱི་གཙོ་བོ་དང་། རྟག་པ་དང་། རིན་ཆེན་འབྱུང་ལྡན་དང་། འོད་དཔག་ཏུ་མེད་པ་ རྣམས་ཀྱིས་དཀར་མོ་ལ་སོགས་པ་ལ་གདབ་པར་བྱའོ། །ཞེ་སྡང་དང་། གཏི་མུག་དང་། ང་རྒྱལ་དང་། འདོད་ཆགས་རྣམས་ཀྱིས་ནི་སྦོས་མོ་ལ་སོགས་པའི་སྤྱི་བོར་མཚན་པར་བྱའོ། །དེ་དག་བཅོམ་ལྡན་འདས་ཀྱི་འཁོར་ལོ་དང་ལྷན་ཅིག་ཡེ་ཤེས་ལྔའི་བདག་ཉིད་དོ། །དེ་ལ་ཨཱ་ལི་ཡོངས་སུ་གྱུར་ པའི་ཟླ་བ་ནི་མེ་ལོང་ལྟ་བུའི་རང་བཞིན་ནོ། །ཀཱ་ལི་ཡོངས་སུ་གྱུར་པའི་ཉི་མ་ནི་མཉམ་པ་ཉིད་ཀྱི་རང་བཞིན་ནོ། །དེ་དག་གི་དབུས་སུ་གྱུར་པའི་ས་བོན་དང་མཚན་མ་ནི་སོ་སོར་ཀུན་དུ་རྟོག་པའོ། །ཐམས་ཅད་གཅིག་ཏུ་ཡོངས་སུ་གྱུར་པ་ནི་བྱ་བ་གྲུབ་པའོ། །གཟུགས་བརྙན་རྫོགས་པ་ནི་ཤིན་ཏུ་རྣམ་པར་དག་པ་ ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཏེ། དེ་ལྟར་ཁམས་གསུམ་ཐམས་ཅད་དཀྱིལ་འཁོར་གྱི་འཁོར་ལོའི་རྣམ་པར་མོས་པར་བྱའོ། །འདི་ལྟ་བུའི་ཤེས་རབ་དང་ལྷན་ཅིག་མཆོག་ཏུ་དགའ་བའི་བདེ་བ་ཆེན་པོ་རོ་གཅིག་པའི་བྱང་ཆུབ་སེམས་ཕྱུང་བ་ལས་ཡང་དག་པར་བྱུང་བ་ཤེས་པར་བྱ་སྟེ། དཀར་མོ་ལ་སོགས་པའི་ལྷ་ མོ་བརྒྱད་རང་གི་སྐུའི་ཞལ་བརྒྱད་དུ་རིམ་པ་བཞིན་དུ་ཞུགས་པར་བསམ་པར་བྱའོ། །དེ་ལྟར་ཁམས་གསུམ་ཐམས་ཅད་ཐབས་དང་ཤེས་རབ་ཀྱི་རང་བཞིན་གཅིག་གི་ཚུལ་དུ་བྱས་པ། རང་གི་གནས་ཇི་ལྟ་བ་བཞིན་དུ་རྒྱས་བཏབ་སྟེ། མགོ་བོར་ནི་བདེ་བ་ཆེན་པོའི་འཁོར་ལོ་ལ་པདྨ་འདབ་མ་སུམ་ཅུ་རྩ་གཉིས་ པའི་པདྨའོ། །དེའི་ལྟེ་བ་ལ་ཧྃ་དཀར་པོ་འོད་ཟེར་དཀར་པོ་སྣང་བ་དང་ལྡན་པར་བལྟའོ། །མགྲིན་པར་ནི་ལོངས་སྤྱོད་རྫོགས་པའི་འཁོར་ལོ་འདབ་མ་བཅུ་དྲུག་པའི་པདྨའོ། །དེའི་དབུས་སུ་ཨོཾ་དམར་པོའོ། །སྙིང་གར་ནི་ཆོས་ཀྱི་འཁོར་ལོ་ལ་འདབ་མ་བརྒྱད་པའི་པདྨའོ། །དེའི་དབུས་སུ་ནི་ཧཱུྃ་སྔོན་པོའོ། ། ལྟེ་བར་ནི་སྤྲུལ་པའི་འཁོར་ལོ་འདབ་མ་དྲུག་ཅུ་རྩ་བཞི་པའི་པདྨའོ། །དེའི་སྙིང་པོ་ལ་ཨ་འོད་ཟེར་ལྔའི་བདག་ཉིད་བསྒོམ་པར་བྱའོ། །འཁོར་ལོ་དེ་དག་ཡང་དག་པར་བསྒོམས་ནས་དེའི་འོད་ཟེར་གྱི་ཚོགས་ཀྱིས་ནམ་མཁའ་ལ་སྤྲོ་ཞིང་བསྡུས་ཏེ་དེ་ཉིད་དུ་ཐིམ་པར་བྱའོ། །དེ་ནས་རང་གི་ལུས་ལ་ གནས་པའི་ཕྱག་རྒྱ་དྲུག་གི་གཟུགས་དེ་བཞིན་གཤེགས་པའི་བདག་ཉིད་ཀྱི་གོ་ཆ་བཅིང་བར་བྱ་སྟེ། འཁོར་ལོ་གཟུགས་ནི་མི་བསྐྱོད་པ། །རྣ་ཆ་འོད་དཔག་མེད་པའི་བདག །མགུལ་གྱི་ཕྲེང་བ་རིན་ཆེན་གཙོ། །ལག་རྒྱན་རྣམ་པར་སྣང་མཛད་གནས། །སྐ་རགས་ལ་ནི་དོན་གྲུབ་བཞུགས། །ཡན་ལག་ཀུན་ སྤྱོད་རྡོ་རྗེ་འཛིན། །དེ་བཞིན་དུ། མིག་གཉིས་གཏི་མུག་རྡོ་རྗེ་མ། །སྙན་ལ་ཞེ་སྡང་རྡོ་རྗེ་མ། །སྣ་ལ་སེར་སྣ་རྡོ་རྗེ་མ། །ཁ་ལ་འདོད་ཆགས་རྡོ་རྗེ་མ། །རེག་ནི་ཕྲག་དོག་རྡོ་རྗེ་མའོ། །ཡིད་ནི་བདག་མེད་རྣལ་འབྱོར་མའོ། །དེ་དག་ནི་དམ་ཚིག་ཏུ་གྱུར་པའོ། །དེ་ནས་ཆོ་ག་སྣ་ཚོགས་པའི་སྔགས་བཟླས་པ་ནི་སྔགས་ཀྱི་ ཡི་གེའི་ཚོགས་བརྗོད་པས། དེ་དག་ལྷ་མོའི་ཞལ་ནས་ཕྱུང་སྟེ་འོད་ཟེར་དང་བཅས་པ་རང་གི་ཞལ་དུ་ཞུགས་ནས་རྡོ་རྗེའི་ལམ་ནས་བྱུང་སྟེ། རང་གི་ལྷ་མོའི་པདྨར་དབབ་པོ། །དེ་ཡང་ལྷ་མོའི་ཞལ་ནས་བདག་གི་ཞལ་དུ་སྟེ། རིམ་པ་དུ་མར་རྒྱུན་མི་འཆད་པར་སྔགས་ཀྱིས་འཁོར་བར་བྱའོ། །ལས་ཀྱི་བྱེ་ བྲག་ལས་ནི་ཁ་དོག་གི་བྱེ་བྲག་ཏུ་བྱས་ཏེ། དེ་ལྟར་མི་སྐྱོའི་བར་དུ་སྔགས་ཡོངས་སུ་བཟླའོ། །དེ་ནས་རང་གི་སྙིང་གར་ཉི་མ་དང་ཟླ་བའི་བར་དུ་སྔོན་པོའི་རྣམ་པར་སྤྲོ་བ་དང་བསྡུ་བའི་ལུས་བསྒོམ་སྟེ། བདག་མེད་མའི་སྙིང་གར་ཡང་ཟླ་བ་ལ་ཨྃ་བལྟ་སྟེ། ཨྃ་དང་ཟླ་བའི་དཀྱིལ་འཁོར་དེ་དག་ལྷན་ཅིག་ ཏུ་ཞུ་བ་དང་ལྡན་པའི་བཅོམ་ལྡན་འདས་མ་བཅོམ་ལྡན་འདས་ཀྱི་ཐུགས་ཀར་ཞུགས་པར་རྣམ་པར་བསམ་མོ། །དེ་ནས་བཅོམ་ལྡན་འདས་ཀྱི་ཐུགས་ཀ་ན་གནས་པའི་ཟླ་བ་དང་ཉི་མའི་དབུས་ཀྱི་ཧཱུྃ་ལས་འཕྲོས་པའི་ཨཱ་ལི་ཀཱ་ལིའི་འོད་ཟེར་གྱི་ཚོགས་འབྱུང་བ་དང་འཇུག་པའི་དབུགས་ཀྱིས་སྤྲོ་བ་དང་ བསྡུ་བས་རང་གི་དེ་ཉིད་དུ་ཞུགས་ནས་གཅིག་ཏུ་གྱུར་ཏེ། ཟླ་བ་དང་ཉི་མ་ཁ་སྦྱོར་བའི་ནང་ས་བོན་གྱི་ལུས་ཀྱིས་གནས་པ་དེའི་ཚེ། འདི་ལྟར་བསམ་མོ། །ཐོག་མ་ཐ་མ་མེད་པ་ཡི། །འཁོར་མིན་མྱ་ངན་འདས་མ་ཡིན། །གཞན་མིན་བདག་ཉིད་མ་ཡིན་པ། འདི་ནི་མཆོག་ཏུ་བདེ་ཆེན་ཡིན། །དེ་བཞིན་ དུ་ས་བོན་ཡི་གེ་ཟླ་བ་དང་ཉི་མ་དང་འདྲེས་པར་གྱུར་པའི་བདུད་རྩིའི་རང་བཞིན་གྱི་འོད་ཀྱི་གོང་བུའི་རྣམ་པ་དང་མར་མེའི་རྩེ་མོ་ལྟ་བུའི་རིམ་པ་བཞིན་དུ་མཆོད་པ་དང་གཏོར་མའི་ཡོ་བྱད་སྔོན་དུ་འགྲོ་བས་བསྒོམ་པར་བྱའོ། །ཨོཾ་ཨིནྡ་ཛ་མ་ཛ་ལ་ཛཀྑ་བྷཱུ་ཏ་བཧྣི་བཱ་ཨུ་རཱཀྑ་ཙནྡ་ སུཛྫ་མཱ་ད་པཱཔྤ་ཏ་ལ་པཱ་ཏཱ་ལེ། ཨཊྚ་སཔྤ་སྭཱ་ཧཱ། ཨི་དཾ་བ་ལིཾ་བྷུ་ཉྫ་ཛི་གྷཾ་ཕུལླ་དྷཱུཔྤ་མཱཾ་ས་པིཾ་ག་ཨཾ་བ་སཔྤ་ཀཛྫ་ས་དཱ་ཁནྟི་ཁུ་ཎི་ཕེཊ་གཱ་ད། ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཱཾ། ཨཱདྱ་ནུཏྤནྣ་ཏྭཱཏ་ཨོཾ་ཨཱཿཧཱུྃ་ཕཊ་སྭཱ་ཧཱ། འབྱུང་པོ་ཐམས་ཅད་པའི་གཏོར་མའི་སྔགས་སོ། །ཨོཾ་ཨཥྚཱ་ན་ནཱ་ཡ། པིཾ་གོརྡྷ་ ཀེ་ཤ་ཝརྟྨ་ནེ། ཙ་ཏུརྦིཾ་ཤ་ཏི་ནེ་ཏྲཱ་ཡ། ཥོ་ཌ་ཤ་བྷུ་ཛཱ་ཡ། ཀྲྀཥྞ་ཛཱི་མཱུ་ཏ་ཝ་པུ་ཥེ། ཀ་པཱ་ལ་མཱ་ལཱ་ནེ་ཀཱ་དྷཱ་རི་ཎེ། ཨཱདྷྨ་ཏ་ཀྲཱུ་ར་ཙིཏྟཱ་ཡ། ཨརྡྷེནྡུ་དཾཥྚྲྀ་ཎེ། ཨོཾ་མཱ་ར་ཡ་མཱ་ར་ཡ། ཀཱ་ར་ཡ་ཀཱ་ར་ཡ། གརྫྫ་ཡ་གརྫྫ་ཡ། ཏརྫྫ་ཡ་ཏརྫྫ་ཡ། ཤོ་ཥ་ཡ་ཤོ་ཥ་ཡ། སཔྟ་སཱ་ག་རཱན། བནྡྷ་བནྡྷ། ནཱ་ག་ཨཥྚ་ ཀཱན་གྲྀཧྞ་གྲྀཧྞ་སརྦྦ་ཤ་ཏྲཱུཾ་ན། ཧ་ཧཱ་ཧི་ཧཱི་ཧུ་ཧཱུ་ཧེ་ཧཻ་ཧོ་ཧཽ་ཧཾ་ཧཿ། ཕཊ་སྭཱ་ཧཱ། བཅོམ་ལྡན་འདས་ཀྱི་རྩ་བའི་སྔགས་སོ། །ཨོཾ་དེ་བ་པི་ཙུ་བཛྲ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། སྙིང་པོའོ། །ཨོཾ་བཛྲ་ཀརྟ་རི་ཧེ་བཛྲཱ་ཡ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ། ཉེ་བའི་སྙིང་པོའོ། །ཨོཾ་ཨ་ཀ་ཙ་ཊ་ཏ་པ་ཡ་ཤ་སྭཱ་ཧཱ། གྲོང་ཁྱེར་བསྐྱོད་པའི་སྔགས་སོ། །མཆོད་ པ་དང་གཏོར་མ་བྱ་བའི་ཆོ་གའི་དུས་སུ་དང་པོ་དང་ཐ་མར་དམ་ཚིག་པའི་མཆོག་གི་གླུ་བརྗོད་པར་བྱ་སྟེ། ཀོལླ་ཨི་རེ་ཏྠི་ཨ་པོ་ལཱ། མུམྨུ་ཎི་རེ་ཀཀྐོ་ལཱ། གྷ་ཎེ་ཀྲྀ་པི་ཏ་ཧོ་བཱཛྫ་ཨི། ཀ་རུ་ཎེ་ཀི་ཡ་བི་ན་རོ་ལཱ། ཏ་ཧིཾ་བ་ལ་ཁཱཛྫ་ཡི། གཱ་ཌྷེམྨ་ཨ་ཎཱ་བིཛྫ་ཡི། ཧ་ལེ་ཀཱ་ལིཉྫ་ར་པ་ཎི་ཡ་ཡི། དུནྡུ་ར་བཱཛྫི་ཨ་ཨི། ཙ་ཧུ་ས་མཱ་ཀཏྠུ་རཱི་སིཧླཱ། ཀཔྤུ་ར་ལཱ་ཡཱི་ཨ་ཨི། མཱ་ལ་ཨིནྡྷ་ཎ་སཱ་ལིཾ་ཛ། ཏ་ཧིཾ་བྷ་རུ་ཁཱ་ཧི་ཨ་ཨི། ཕྲེཾ་ཁ་ཎ་ཁེ་ཊ་ཀ་རེ་ནྟེ། སུདྡྷ་ཨ་སུདྡྷ་ན་མུ་ཎི་ཨ་ཨི། ནི་རཱཾ་སུ་ཨཾ་གེ་ཙ་ཌཱ་བི་ཨ་ཨི། ཏ་ཧིཾ་ཛ་ས་རཱ་ཝ་པ་ཎི་ཨ་ཨི། མ་ལ་ཡ་ཛེ་ཀུནྡུ་རུ་བཱ་ཊ་ཨི། ཌིཎྜི་མ་ཏ་ཧིནྣ་བཱཛྫི་ཡ་ཡི། འདི་ལྟར་མཚམས་སུ་ལྷག་ པར་གནས་པ་དང་། ཚོགས་ཀྱི་མཆོད་པའི་དུས་སུ་རྡོ་རྗེ་དང་དྲིལ་བུ་འཛིན་པའི་སྔགས་པས་དངོས་གྲུབ་ཐམས་ཅད་ཉེ་བར་བྱ་བའི་ཕྱིར་གླུ་འདི་ཤིན་ཏུ་དལ་བས་བླང་བར་བྱའོ། །ཇི་ལྟར་བསྟན་པའི་རིམ་པ་དེ་བཞིན་དུ། དཀྱིལ་འཁོར་གྱི་འཁོར་ལོའི་ནང་དུ་བཅོམ་ལྡན་འདས་ ཞལ་གཅིག་ཕྱག་གཉིས་ཕྱག་གཡས་པ་ན་རྡོ་རྗེ་གཡོན་པ་ན་ཐོད་པ་དང་། །ཁ་ཊྭཱྃ་ག་གཅེར་བུ་ཞབས་གཡས་པ་བརྐྱང་བས་རོ་ལ་གནོན་པ་བསྒོམ་པར་བྱའོ། །དེ་བཞིན་དུ་ཕྱག་བཞི་པ་ནི་གཡས་ན་རྡོ་རྗེ་གཡོན་ན་ཐོད་པ་ལྷག་མའི་ཕྱག་གཉིས་ཀྱིས་རང་གི་རིག་མ་ལ་འཁྱུད་པའོ། །དེ་དག་ཇི་ ལྟ་བ་བཞིན་དུ་ཞལ་གསུམ་པ་ཕྱག་དྲུག་པ་ལ་ནི་ཞལ་གཡོན་པ་དམར་བ་གཡས་པ་དཀར་པོ། །ཕྱག་གཡོན་ན་རྩེ་གསུམ་པ་དང་དྲིལ་བུ། ཕྱག་གཡས་ན་རྡོ་རྗེ་དང་གྲི་གུག། ཕྱག་ལྷག་མ་གཉིས་ཀྱིས་རང་གི་རིག་མ་ལ་འཁྱུད་པའོ། །དེའི་བཅོམ་ལྡན་འདས་མ་ནི་གྲི་གུག་དང་ཐོད་པར་ལྷན་ཅིག་ལྡན་པའི་ ཕྱག་གིས་བཅོམ་ལྡན་འདས་ལ་མཉམ་པར་འཁྱུད་པའོ། །ཕྱག་གཉིས་པ་དང་ཕྱག་བཞི་པ་དང་ཕྱག་དྲུག་པ་འདི་དག་ཀྱང་མདོག་སྔོན་པོ་སྤྱན་གསུམ་པ་སྐྲ་ཁམ་པ་གྱེན་དུ་འགྲེང་བ་ཕྱག་རྒྱ་དྲུག་དང་ལྡན་པ། ཞབས་གཡས་པ་བརྐྱང་བས་རོ་ལ་གནོན་པར་བསམ་མོ། །འོན་ཀྱང་ཞལ་བརྒྱད་པ་མི་སྒོམ་པས་ ཀྱང་ལྷའི་འཁོར་ལོ་རང་གི་ལུས་ལ་གཞུག་པར་བསྒོམ་མོ། །ཨོཾ་ཏྲཻ་ལོཀྱཱ་ཀྵེ་པ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཕྱག་གཉིས་པའི་སྔགས་སོ། །ཨོཾ་ཛྭ་ལ་ཛྭ་ལ་བྷྱོ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཕྱག་བཞི་པའི་སྔགས་སོ། །ཨོཾ་ཀི་ཊི་ཀི་ཊི་བཛྲ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཕྱག་དྲུག་པའི་སྔགས་སོ། །ཆོ་ག་ལྷག་མ་རྣམས་ནི་སྔ་མ་བཞིན་དུ་བྱའོ། ། གཞན་ཡང་འདི་ལྟར་ཤེས་པར་བྱ་སྟེ། སྙིང་རྗེའི་སྤྱན་ནི་དམར་པོ་སྟེ། ཡན་ལག་སྔོན་པོ་བྱམས་པའི་སེམས། །བསྡུ་དངོས་བཞི་ནི་ཞབས་བཞིར་བཤད། །ཞལ་བརྒྱད་རྣམ་པར་ཐར་པ་བརྒྱད། །ཕྱག་ནི་སྟོང་པ་བཅུ་དྲུག་སྟེ། །རུས་རྒྱན་ཕྱག་རྒྱ་རྣམ་པ་ལྔ། །ཁྲོ་བོ་གདུག་པ་འདུལ་བ་སྟེ། །ཤ་ནི་པུཀྐ་སཱི་རུ་བཤད། ། ཁྲག་ནི་རི་ཁྲོད་མ་རུ་བརྟག །ཙཎྜ་ལཱི་ནི་ཁུ་བའི་གཟུགས། །སྨེ་མ་རྐང་དང་ཚིལ་བུ་སྟེ། །པགས་པ་བྱང་ཆུབ་ཡན་ལག་བདུན། །རུས་པ་འཕགས་པའི་བདེན་པ་བཞི། །དེ་ལྟར་སྔགས་པས་མོས་བྱས་ནས། ལྷ་ཡི་སྦྱོར་བས་རབ་ཏུ་རྒྱུ། །དེ་ནས་སྨོན་ལམ་གདབ་པར་བྱ། །རིགས་སྐྱེས་རྗེས་སུ་མ་ཉམས་ཤིང་། ། དམ་ཚིག་ཅན་དགྱེས་རྡོ་རྗེ་འཆང་། །སྙིང་རྗེ་ལྡན་ཞིང་བླ་མ་གུས། །སྐྱེ་ཞིང་སྐྱེ་བར་བདག་གྱུར་ཅིག །ལག་ན་རྡོ་རྗེ་དྲིལ་སྒྲོགས་ཤིང་། །ཟབ་མོའི་ཆོས་ནི་རབ་འདོན་པ། །ཤེས་རབ་འདུས་པའི་ཁུ་བ་ཅན། །སྐྱེ་ཞིང་སྐྱེ་བར་བདག་གྱུར་ཅིག །ཅུང་ཟད་ཙམ་གྱི་སྒྲུབ་ཐབས་འདི། །དད་པའི་ཤུགས་ཀྱིས་བདག་ གིས་བྲིས། །བློ་གྲོས་རབ་དམན་བདག་ལ་ནི། །དེ་ཉིད་མཁྱེན་རྣམས་བཟོད་པར་གསོལ། །བླ་མའི་ཞབས་ཀྱི་པདྨར་གུས་ཤིང་སེམས་ཅན་བརྩེ། །ཟླ་བའི་ཐིགས་པའི་རིགས་རྣམས་རབ་དགའ་བ། །མངོན་པའི་ང་རྒྱལ་དགྲ་ལས་རང་རྒྱལ་བའི། །ལྷ་ཡི་མཚན་མ་རྙེད་ནས་བདག་ གིས་བྲིས་པ་ཡིན། །དགྱེས་པའི་རྡོ་རྗེ་རྙེད་དཀའ་བའི། །སྒྲུབ་པའི་ཐབས་སུ་བྱས་པ་ཡིས། །བསོད་ནམས་གང་ཞིག་རྙེད་པ་དེས། །འཇིག་རྟེན་རྡོ་རྗེ་འཛིན་གྲུབ་ཤོག །དཔལ་དགྱེས་པའི་རྡོ་རྗེའི་སྒྲུབ་ཐབས། །སློབ་དཔོན་པདྨས་མཛད་པ་རྫོགས་སོ།། །། ༄༅༅། །རྒྱ་གར་སྐད་དུ། ཧེ་བཛྲ་མཎྜ་ལ་ཀརྨ་ཀྲ་མ་བི་དྷི། །བོད་སྐད་དུ། །ཀྱེ་རྡོ་རྗེའི་དཀྱིལ་འཁོར་གྱི་ལས་ཀྱི་རིམ་པའི་ཆོ་ག །དཔལ་ཀྱེ་རྡོ་རྗེ་ལ་ཕྱག་འཚལ་ལོ། །དང་པོར་སློབ་དཔོན་གྱིས་བླ་མ་ལས་དབང་ཐོབ་ཅིང་། དམ་ཚིག་ལ་གནས་པ། མཚན་ཉིད་ཐམས་ཅད་དང་ལྡན་པ་ དེས། །སློབ་མ་ལ་དབང་བསྐུར་བའི་དོན་དུ་དཀྱིལ་འཁོར་བྲི་བ་ནི། །དང་པོར་སློབ་མའི་མཚན་ཉིད་བརྟག་པར་བྱ་སྟེ། དེས་ཤིང་འཇམ་ལ་སྙན་པར་སྨྲ་བ། །སེམས་ཅན་ཐམས་ཅད་ལ་བྱམས་པ་དང་། སྙིང་རྗེའི་སེམས་དང་ལྡན་པ་ཐོས་བསམ་དང་ཀློག་པ་ལ་མངོན་པར་བརྩོན་པ་ཐབས་ དང་ཤེས་རབ་ཟབ་མོའི་ཚུལ་གསང་བའི་ཆོས་ལ་ཤིན་ཏུ་དད་པ། །བླ་མ་ལ་གུས་པ། བསྟན་བཅོས་ལ་འཇིགས་པ་མེད་པ། གཏོང་སེམས་ཆེ་བ་དང་ལྡན་པའི་སློབ་མ་དེ་ཡོངས་སུ་གཟུང་བར་བྱའོ། །དེ་ལྟར་སློབ་མ་བརྟགས་པའི་རྗེས་ལ། དང་པོ་ལྷའི་བསྙེན་པ་བྱ་སྟེ། དེ་ལ་གཙོ་བོའི་ འཛབ་ནི་འབུམ་བཟླས་པར་བྱའོ། །ལྷ་མོ་རྣམས་ཀྱི་འཛབ་ནི་སྟོང་བཟླས་པར་བྱའོ། །དེ་ལ་སློབ་དཔོན་ལ་ལ་དག་ནི་ལྷ་མོ་རྣམས་ཀྱི་འཛབ་ནི་བྱ་མི་དགོས་ཏེ་ཅིའི་ཕྱིར་ཞེ་ན། དཔའ་བོའི་ཡན་ལག་ཏུ་འདུས་པས། དཔའ་བོ་གཅིག་པུ་བྱའོ་ཞེས་ཟེར་རོ། །དེ་ལྟར་བཟླས་པ་བྱས་པས་མཚན་ མ་བྱུང་ན་དཀྱིལ་འཁོར་བྲི་བ་བརྩམ་པར་བྱ་སྟེ། །དང་པོར་སེམས་དག་པ་སྔོན་དུ་བྱ་སྟེ། །ཀྱེ་རྡོ་རྗེའི་ང་རྒྱལ་དང་ལྡན་པས། ལྷ་རྣམས་མཉེས་པར་བྱས་ཤིང་། དཀྱིལ་འཁོར་བྲི་བའི་ཕྱིར་ས་གཞི་ཡོངས་སུ་བརྟག་པར་བྱ་སྟེ། ནགས་ཤིན་ཏུ་དབེན་པའམ། བྱང་ཆུབ་སེམས་དཔའི་ཁྱིམ་མམ། རྒྱ་མཚོ་ཆེན་པོའི་འགྲམ་མམ། དུར་ཁྲོད་གྲུབ་པའི་གནས་སམ། སྔོན་དུ་དཀྱིལ་འཁོར་བྱས་པའི་གནས་སམ། ཡང་ན་གནས་ཡིད་དུ་འོང་བའི་ས་ཕྱོགས་རང་གི་སེམས་འཇུག་པ་མཛེས་ཤིང་ཡིད་དུ་འོང་བ་རུ། དྲི་ཞིམ་པོའི་ཆུས་གཏོར་ཏེ། མེ་ཏོག་སྣ་ཚོགས་པ་ཡང་དགྲམ་མོ། །གནས་ གང་ཡང་རུང་བ་དེར། ཤར་དང་བྱང་དུ་གཞོལ་ན་རྣལ་འབྱོར་པ་རྣམས་ཀྱི་དངོས་གྲུབ་ཏུ་འགྱུར་རོ། །དབུས་མཐོ་ན་ཕྱག་རྒྱ་ཆེན་པོའི་རིག་འཛིན་གྱི་ས་ཐོབ་པར་འགྱུར་རོ། །བྱང་མཐོ་ན་མཁའ་འགྲོ་མ་རྣམས་ཀྱི་རྗེས་སུ་འབྲང་བར་འགྱུར་རོ། །ཤར་མཐོ་ན་རིགས་བཞི་དང་ལྔ་ལ་ སོགས་པར་རྟོག་པ་ཟད་པར་འགྱུར་རོ། །ས་གཞི་དབུས་དམའ་ན་སྔགས་པ་འཇིགས་པ་དང་བཅས་པར་འགྱུར་རོ། །དེ་ལྟར་མཚན་ཉིད་དང་ལྡན་པའི་གནས་དེར་བསྒྲུབས་ན། ཇི་ལྟར་འདོད་པའི་དངོས་གྲུབ་ཏུ་འགྱུར་རོ། །ས་བརྟག་པའི་རིམ་པའོ། །དེ་ལྟར་བརྟགས་པའི་ དབུས་སུ་ཀྱེ་རྡོ་རྗེ་དང་ལྡན་པར་འདུག་ལ། སའི་ལྷ་མོ་བསྐུལ་ཞིང་གསོལ་བ་གདབ་པར་བྱ་སྟེ། ལག་པ་གཉིས་སོར་མོ་ལན་གསུམ་དུ་ས་ལ་བརྡབ་པར་བྱའོ། །བརྡབས་པས་སའི་ནང་ནས་ཕྱིར་འཐོན་ཏེ། རྣལ་འབྱོར་པའི་མདུན་དུ་བཀུག་ནས་གནས་པར་བསམ་པར་བྱའོ། །ལྷ་མོ་དེ་ ཡང་རྒྱན་ཐམས་ཅད་དང་ལྡན་པ། མདོག་སེར་པོར་གནས་པ། བཞིན་སྡུག་ལ་མཛེས་པ་ཕྱག་ན་བུམ་པ་བསྣམས་པ་སྟེ། བདག་གིས་ཅི་བགྱི་བཀའ་སྩལ་འཚལ། ཞེས་སྨྲ་བར་བསམ་མོ། །དེ་ལྟར་བསམས་པའི་ལྷ་མོ་དེ་ལ་མཆོད་ཡོན་དང་། ཞལ་བསིལ་དང་། མཆོད་པ་དང་། གཏོར་མ་ཕུལ་ལ་འདི་སྐད་བརྗོད་པར་བྱའོ། །སྐྱོབ་པ་སངས་རྒྱས་ཐམས་ཅད་ཀྱི། །སྤྱོད་པའི་ཚུལ་དང་ཁྱད་པར་དང་། །ས་དང་ཕ་རོལ་ཕྱིན་པ་ལ། །ལྷ་མོ་ཁྱོད་ནི་དཔང་དུ་གྱུར། །ཤཱཀྱ་སེང་གེ་སྐྱོབ་པ་ཡིས། །ཇི་ལྟར་བདུད་ཀྱི་སྡེ་བཅོམ་པ། །དེ་བཞིན་བདག་གིས་བདུད་ལས་ནི། ། རྒྱལ་བར་བྱས་ཏེ་དཀྱིལ་འཁོར་བྲི། །ཞེས་ལན་གསུམ་བརྗོད་པའི་རྗེས་ལ། །སའི་ལྷ་མོ་དགའ་བའི་མདངས་ཀྱིས་ཁྱོད་སློབ་དཔོན་ཡིན་གྱིས། དཀྱིལ་འཁོར་བྲིས་ཤིག་ཅེས་ཟེར་ནས། ས་ལ་ཐིམ་པར་བསམ་མོ། །དེ་ནི་ས་བསླང་བའི་རིམ་པའོ། །དེ་ནས་ས་ཕྱོགས་དེར་དྲི་ཞིམ་ པའི་ཆུས་གཏོར་ཏེ་བདུད་རྩི་རྣམ་པ་ལྔའི་ཆག་ཆག་གདབ་པོ། །དེ་ནས་ལྟོ་འཕྱེའི་རིམ་པ་ཤེས་པར་བྱས་ལ་དངོས་གྲུབ་རབ་འབྲིང་གསུམ་གྱི་དོན་དུ། མགྲིན་པ་དང་། ལྟེ་བ་དང་། པུས་མོ་ཡན་ཆོད་དུ་བརྐོ་བར་བྱའོ། །དེ་ནས་སའི་རོ་རྡོ་བ་དང་། མགལ་དུམ་དང་། སོལ་ བ་དང་། རུས་པ་དང་། གྱོ་མོ་དང་། གསེག་མ་དང་། བོང་བ་ལ་སོགས་པ་མེད་པར་བྱས་པའི། ས་གཞན་བཟང་པོ་སྣུམ་པ་ལ་དྲི་ཞིམ་པོ་ཙནྡན་དང་། གུར་ཀུམ་དང་། ག་པུར་དང་། གླ་རྩི་ལ་སོགས་པ་དང་བསྲེས་པས་དགང་ངོ་། །ཡང་ན་དྲི་ཞིམ་པོ་དང་ཆུ་བསྲེས་པའི་ཡི་གེ་ཧཱུཾ་བཟླས་པའི་ཆུ་དང་ བསྲེས་ཤིང་བཤང་གཅིས་བཀང་ལ། འཐས་པར་བཅགས་ཏེ། རིན་པོ་ཆེ་ལ་སོགས་པའི་གཏེར་བཅུག་ལ་ལག་མཐིལ་ལྟར་མཉམ་པའི་སྟེང་དུ། ཡན་ལག་དྲུག་དང་ལྡན་པའི་རྣལ་འབྱོར་ལ་འདུག་ལ། ཨོཾ་རཀྵ་རཀྵ་ཞེས་བརྗོད་པས་ས་གཞི་ཐམས་ཅད་རྡོ་རྗེའི་རང་བཞིན་དུ་བྱ་ཞིང་། ལོགས་ དང་སྟེང་རྡོ་རྗེའི་གུར་དང་། རྡོ་རྗེའི་བླ་རེར་བྱའོ། །དེ་ནས་ཨོཾ་བཛྲི་བྷ་བ་བཛྲ་བནྡྷ་ཧཱུཾ་ཞེས་པས་ཐམས་ཅད་འོད་དང་ལྡན་པར་བྱའོ། །ཀྱེ་རྡོར་ཁྲོ་བོ་མཆོད་པ་ལ། །ལྷ་མོ་ཁྱོད་ནི་དཔང་དུ་གྱུར། །རིན་ཆེན་སྣ་ཚོགས་ཕྱེར་བཏགས་པས། །བདག་གིས་དོན་ཡོད་དཀྱིལ་འཁོར་བྲི། །ས་གཞི་བྱིན་གྱིས་ བརླབ་ཅིང་སྟ་གོན་ལ་གནས་པའི་རིམ་པའོ། །དེ་ནས་ཡང་སློབ་དཔོན་ཡན་ལག་དྲུག་དང་ལྡན་པར་སྤྱི་གཙུག་གི་རྒྱ་གྲམ་དང་། མགུལ་རྒྱན་དང་། རྣ་རྒྱན་དང་། སྐ་རགས་དང་། ཕྱག་གདུབ་དང་། རྒྱན་ལྔར་ལྡན་པས་རྡོ་རྗེ་དང་དྲིལ་བུ་ཐོགས་ལ་གོང་དུ་སྤྲོས་པའི་མདུན་ལ་སོགས་པར་འདུག་པའི་ ལྷ་མོ་གཽ་རཱི་ལ་སོགས་པ་བཞི་རིགས་བཞིའི་ཏིང་ངེ་འཛིན་ཅན་བཞི་ཕྱོགས་བཞིར་འདུག་སྟེ། རྡོ་རྗེ་དང་དྲིལ་བུ་ཐོགས་ལ་མདོ་བསྐུལ་བར་བྱའོ། །དེ་ཡང་བསྐུལ་བའི་སྔོན་དུ་མཆོད་པ་བྱ་སྟེ། གཽ་རཱིའི་ཏིང་ངེ་འཛིན་ཅན་གྱིས། ཨོཾ་བཛྲ་པུཥྤེ་ཨཱཿཧཱུྃ། ཨོཾ་བཛྲ་དྷཱུ་པེ་ཨཱཿཧཱུྃ། ཨོཾ་བཛྲ་ཨཱ་ལོ་ཀེ་ཨཱཿཧཱུཾ། ཨོཾ་བཛྲ་གནྡྷེ་ ཨཱཿཧཱུཾ། ཨོཾ་བཛྲ་ནཻ་ཝེ་དྱེ་ཨཱཿཧཱུཾ། ཞེས་བྱ་བའི་མཆོད་པ་ལྔས་མཆོད་དེ། ཁྱོད་ནི་རྣལ་འབྱོར་མ་རྣམས་བསྐོར། །ཞེས་བྱ་བ་ལ་སོགས་པས་བསྟོད་དེ། དེ་ནས་འདི་སྐད་ཅེས་བསྐུལ་ལོ། །དེ་བཞིན་གཤེགས་པ་ཀུན་ཞི་བ། །དེ་བཞིན་གཤེགས་པ་ཀུན་གྱི་གནས། །ཀུན་འབྱུང་རྡོ་རྗེ་སེམས་དཔའ་ཡི། ། དཀྱིལ་འཁོར་འདྲེན་པ་བཤད་དུ་གསོལ། །མཚན་ཉིད་ཐམས་ཅད་ཡང་དག་རྫོགས། །མཚན་མིན་ཐམས་ཅད་ཡང་དག་སྤངས། །ཀུན་དུ་བཟང་པོ་སྐུ་ཡི་མཆོག །དཀྱིལ་འཁོར་འདྲེན་པ་བཤད་དུ་གསོལ། །ཡང་དག་སངས་རྒྱས་མཆོག་ཞི་བ། །ཡེ་ཤེས་སྤྱོད་པ་རྣམ་སྦྱོང་བ། །ཀུན་དུ་བཟང་ པོ་གསུང་གི་མཆོག །དཀྱིལ་འཁོར་འདྲེན་པ་བཤད་དུ་གསོལ། །སེམས་ཅན་ཀུན་གྱི་སེམས་ཆེན་པོ། །རང་བཞིན་དག་པ་དྲི་མ་མེད། རྣམ་སྣང་མཛད་ཆེན་འབྱུང་བ་ཡི། །དཀྱིལ་འཁོར་འདྲེན་པ་བཤད་དུ་གསོལ། །དེ་ནས་གོང་དུ་སྨོས་པའི་ཕྱག་རྒྱ་དང་ལྡན་པའི་ཀྱེ་རྡོ་རྗེ་བསྒོམ་པ་དེས། ། བགེགས་བསལ་བར་བྱ་སྟེ། རྐང་པ་གཉིས་སུ་ཡི་གེ་ཧཱུཾ་ལས་སྣ་ཚོགས་རྡོ་རྗེ་བསམས་ལ། མིག་གཡས་སུ་མ་ལས་ཉི་མའི་དཀྱིལ་འཁོར། །གཡོན་དུ་ཊ་ལས་ཟླ་བའི་དཀྱིལ་འཁོར་བསམ་སྟེ། རྡོ་རྗེའི་ལྟ་བས་ཐམས་ཅད་དུ་བལྟས་ཏེ། དེ་ཡང་། རབ་ཏུ་མྱུར་བར་གཡོས་པའི་མིག །མིག་གི་ རྫི་མ་འདྲེན་པ་ནི། །འབར་བའི་ལྟ་བ་ཞེས་སུ་གསུངས། །འགྲོ་བ་ཐམས་ཅད་དགུག་པར་རོ། །ཞེས་པས་དེ་ལྟར་བལྟས་ལ། ལག་པ་གཡོན་གྱིས་དྲིལ་བུ་གཟུང་ཞིང་། གཡས་ཀྱིས་རྡོ་རྗེ་གསོར་ལ་སྟེང་འོག་ཏུ་ལེགས་པར་འཁྱུད་ནས། ས་ཕྱོགས་དེ་ན་གནས་པ་འདིས་བསྐྲད་པར་བྱའོ། ། ས་ཕྱོགས་འདིར་ང་སེམས་ཅན་གྱི་དོན་རྩོམ་གྱིས། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། འབྱུང་པོ་དང་། ཤ་ཟ་མོ་དང་། སྲིན་པོ་ལ་སོགས་པ་གང་དག་གནས་པ་སའི་བདག་པོ་མྱུར་དུ་སོང་ཤིག །འདི་ལྟར་དཔལ་ཧེ་རུ་ཀའི་བཀའ་ཐོས་ནས་མྱུར་དུ་དེངས་ཤིག །གང་མི་འགྲོ་ བ་དེ་དག་ལ་ངའི་ཡེ་ཤེས་ཀྱི་རྡོ་རྗེ་དང་། ཁ་ཊྭཱཾ་ག་འདིས་སྤྱི་བོ་རྣམ་པ་བརྒྱར་འགས་པར་འགྱུར་རོ་ཞེས་ལན་གསུམ་དུ་བརྗོད་ལ། །དབང་ལྡན་གྱི་མཚམས་ནས་ཧཱུཾ་མང་པོ་བརྗོད་ཅིང་ལན་གསུམ་དུ་བསྐོར་བ་བྱའོ། །བསྐལ་པའི་མེ་ལྟ་བུའི་འོད་ཟེར་མང་པོ་རྐང་པའི་འོག་ནས་ཕྱུང་བས། གདུག་པ་ཅན་རྣམས་བསྲེགས་པར་དོགས་ནས་ཕན་ཚུན་འབྱེར་བར་བསམ་མོ། །དེ་ཡང་རོལ་པའི་གོམ་སྟབས་བརྒྱད་པོས་གར་བྱས་ཏེ། རྐང་པ་བསྐྱོད་ནས་ལག་པ་བསྐྱོད། །སྨིན་མ་འདེགས་དང་རབ་འདེགས་འབྲང་། །ཅུང་ཟད་ངོ་ཚ་ཟུར་མིག་དང་། །བརླ་རྒྱས་སྟན་ལ་འདུག་པ་ པ་དང་། མིག་ཡངས་གར་ནི་བྱེད་འགྱུར་ཞིང་། །ཁ་ཡི་པདྨ་འཛུམ་དང་བཅས། །ཅུང་ཟད་དམར་བའི་མཆེ་བ་འཆང་། །ཀུན་ད་ལྟར་དཀར་སོ་ཡི་ཕྲེང་། །དཔལ་ལྡན་ཁྲག་འཐུང་རྣལ་འབྱོར་ཆེས། །སེམས་ཅན་སྒྲོལ་བ་རྨད་དུ་བྱུང་། །དེ་ལ་སོགས་པའི་གར་གྱིས་ནི། ། བགེགས་ལ་སོགས་པ་བསྐྲད་པར་བྱ། །དེ་ནས་སྔོན་དུ་གསུངས་པ་ཡི། །རཀྵའི་སྔགས་ཀྱིས་རྡོ་རྗེའི་ས་གཞི་དང་གུར་དང་བླ་རེ་ལ་སོགས་པ་བྱའོ། །དེ་ལྟར་བྱས་པས་དཀྱིལ་འཁོར་སའི་ཆ་ཉེས་པ་དང་ལྡན་པ་ཡང་ཉེས་པ་དག་མེད་པར་འགྱུར་ཏེ། བགེགས་བསལ་བའི་རིམ་པའོ།། །། དེ་ནས་བའི་རྣམ་པ་ལྔ་དང་ལྡན་པའི་དྲི་ཞིམ་པོའི་ཆུ་དང་། བདུད་རྩི་ལྔས་བྱུགས་ལ། དེའི་སྟེང་དུ་དྲིའི་ཐིག་ལེ་བྱའོ། །ཐིག་ལེ་དེའི་སྟེང་དུ་མེ་ཏོག་བཞག་ལ་སྣ་ཚོགས་པདྨར་བསམ་མོ། །པདྨའི་སྟེང་དུ་ཨ་ལས་ཉི་མའི་དཀྱིལ་འཁོར་བསམས་ལ་དེའི་སྟེང་དུ་རང་རང་གི་སྔགས་ཧཱུྃ་གྃ་ཙྃ་བྃ་གྷྃ་ པྃ་སྃ་ལྃ་ཌྃ་ཞེས་བྱ་བའི་སྦྱོར་བས་ལྷའི་དཀྱིལ་འཁོར་བསྐྱེད་ལ། རང་རང་གི་གདན་དེ་ཉིད་ལ་བཞུགས་པར་བསམ་མོ། །དེ་ནས་ཡེ་ཤེས་སེམས་དཔའ་འཁོར་དང་བཅས་པ་སྤྱན་དྲང་བར་བྱ་སྟེ། གཽ་རཱི་ཛཿ། ཞེས་བསྐུལ་བས། གཽ་རཱི་ལས་སྤྲུལ་པའི་གཽ་རཱི་ལྕགས་ཀྱུ་ཅན་མང་པོ་འཕྲོས་ པས་རང་བཞིན་གྱི་དཀྱིལ་འཁོར་ནས། ཀྱེ་རྡོ་རྗེ་འཁོར་དང་བཅས་པ་སྤྱན་དྲངས་ནས། རྡོ་རྗེ་བླ་རེའི་སྟེང་དུ་བཞུགས་པ་ལ། པྲོཀྵ་ཎཾ་དང་། ཨརྒྷཾ་དང་། ཨཉྩ་མ་ནཾ་དང་། བི་དྷི་དང་། སྤོས་དང་། མེ་ཏོག་ལ་སོགས་པ་རྣམས་ཀྱིས་མཆོད་ཅིང་། ལྷ་མོ་བརྒྱད་ཀྱི་མཆོད་པས་ཀྱང་མཆོད་དོ། ། དེ་ནས་ཙཽ་རཱི་ཧཱུྃ་ཞེས་པས། ཙཽ་རཱི་ཞགས་པ་ཅན་གྱིས་གཞལ་ཡས་ཁང་གི་ནང་དུ་གཞག་གོ། །བེཏྟ་ལཱི་བྃ་ཞེས་པས། དེ་བཞིན་དུ་བཅིངས་ལ། གྷ་སྨ་རཱི་ཧོཿས་དགྱེས་པར་བྱས་ཏེ། ཡེ་ཤེས་ཀྱི་འཁོར་ལོ་གཅིག་ཏུ་བྱའོ། །དེ་ནས་ཡང་ཕྱིའི་མཆོད་པས་མཆོད་ཅིང་། ནང་གི་མཆོད་ པས་ཀྱང་མཆོད་ལ། དྲིལ་བུའི་སྒྲ་དཀྲོལ་སྟེ། སྲིད་པ་རང་བཞིན་གྱིས་དག་ཕྱིར། །ངོ་བོ་ཉིད་ཀྱིས་དངོས་མེད་བྱས། །རང་བཞིན་དག་པའི་སེམས་དཔའ་རྣམས། །དམ་པའི་སྲིད་པ་བྱེད་པར་ཤོག །ཅེས་པ་དང་། ཐམས་ཅད་དངོས་པོའི་རང་བཞིན་མཆོག །གདོད་ནས་ཐམས་ཅད་ བདག་ཉིད་གནས། །ཐབས་དང་ཤེས་རབ་གཉིས་མེད་པ། །ཀྱེ་ཡི་རྡོ་རྗེ་བདག་ཕྱག་འཚལ། ཞེས་པ་ལ་སོགས་པའི་རྡོ་རྗེ་གླུའི་ཚིག་གིས་བསྟོད་དོ། །དེ་ནས་བདུད་རྩིའི་མཆོད་པ་ཡང་། དཔལ་ཀྱེ་རྡོ་རྗེ་འཁོར་དང་བཅས་པས་མྱང་བར་བྱའོ། །དེ་ནས་འདི་སྐད་ཅེས་བརྗོད་པར་བྱའོ། །གཉིས་མེད་ ཡེ་ཤེས་ལས་བྱུང་བ། །ཁྱབ་བདག་དངོས་གྲུབ་བདག་ཉིད་ཅན། །སྟོན་པའི་གཙོ་བོ་ཁྲག་འཐུང་དཔལ། །བདག་མེད་མ་དང་ཡང་དག་ལྡན། །ཕྱོགས་མཚམས་རྣམས་ཀྱི་མཁའ་འགྲོ་དང་། །རིག་པའི་ལྷ་མོ་རྫུ་འཕྲུལ་ཅན། །བྱང་ཆུབ་སེམས་དཔའ་ལ་སོགས་ཀུན། །མ་ལུས་བདག་ལ་དགོངས་སུ་གསོལ། ། སློབ་མ་ལ་ནི་ཕན་པ་དང་། །ཁྱེད་རྣམས་ལ་ཡང་མཆོད་པའི་ཕྱིར། །ཆེ་གེ་བདག་ནི་རྡོ་རྗེ་ཅན། །ནང་པར་དཀྱིལ་འཁོར་བྲི་ལགས་ཀྱིས། །རྗེས་སུ་བརྩེ་བར་ཉེར་དགོངས་ཏེ། །བྱིན་གྱིས་བརླབ་པར་མཛད་དུ་གསོལ། །དེ་ནས་དྲི་ཞིམ་པོའི་མེ་ཏོག་གི་ཕྲེང་བ་དང་། །བདུད་རྩི་ལྔ་དང་སྤོས་ལ་སོགས་པ་དབུལ་ བར་བྱའོ། །ལྷ་ལ་གསོལ་བ་གདབ་པའི་རིམ་པའོ།། །།དེ་ནས་སློབ་མའི་གཙོ་བོ་འཁོར་དང་བཅས་པ་ལྷག་པར་གནས་པར་བྱ་ཞིང་། མཆོད་པར་བྱ་བ་འདི་བརྗོད་དོ། །བུ་ཚུར་ཐེག་པ་ཆེན་པོ་ལ། །ཁྱོད་ནི་ཚུལ་ཆེན་སྣོད་ཡིན་ཏེ། །གསང་སྔགས་སྤྱོད་ཚུལ་ཆོ་ག་འདི། །ཁྱེད་ལ་ཡང་དག་བཤད་པར་བྱ། ། རྫོགས་པའི་སངས་རྒྱས་གང་འདས་དང་། །དེ་བཞིན་གང་དག་མ་བྱོན་དང་། །ད་ལྟར་བྱུང་བའི་རྫོགས་སངས་རྒྱས། །འགྲོ་ལ་ཕན་ཕྱིར་བཞུགས་པ་རྣམས། །དེ་དག་ཀུན་གྱིས་གསང་སྔགས་ཀྱི། །ཆོ་ག་བཟང་པོ་འདི་མཁྱེན་ནས། །དཔའ་བོས་བྱང་ཆུབ་ཤིང་དྲུང་དུ། །ཐམས་ཅད་མཁྱེན་པའི་མཚན་མ་ བརྙེས། །གསང་སྔགས་སྦྱོར་བ་མཉམ་མེད་དེ། །སྐྱོབ་པ་དཔལ་ལྡན་ཧེ་རུ་ཀས། །བདུད་སྡེ་ཤིན་ཏུ་མི་བཟད་པ། །དཔུང་ཆེན་དག་ཀྱང་དེ་ཡིས་བཅོམ། །དེ་བས་ཀུན་མཁྱེན་ཐོབ་བྱའི་ཕྱིར། །བུ་ཡིས་བློ་གྲོས་འདི་གྱིས་ཤིག །སངས་རྒྱས་ཆོས་དང་དགེ་འདུན་ལ། །རྟག་ཏུ་ཁྱོད་ནི་སྐྱབས་སུ་སོང་། །རྣལ་ འབྱོར་གསང་སྔགས་མཁའ་འགྲོ་མ། །འཁོར་ལོར་བཞུགས་པའི་བདག་ཉིད་ཅན། །ཀུན་ལ་རྟག་ཏུ་སྐྱབས་སུ་སོང་། །དཔའ་བོ་དཔའ་མོ་དབང་ལྷ་མོ། །བྱང་ཆུབ་སེམས་དཔའ་བདག་ཉིད་ཆེ། །ཁྱད་པར་དུ་ཡང་སློབ་དཔོན་ལ། །རྟག་པར་བདག་ནི་སྐྱབས་སུ་མཆི། །དཔལ་ལྡན་ཁྲག་འཐུང་ སོགས་དཔའ་བོ། །རྣལ་འབྱོར་མ་དང་སྣང་མཛད་སོགས། །བྱང་ཆུབ་སེམས་དཔའ་དཔག་མེད་པ། །ཐམས་ཅད་རང་ལ་དགོངས་པར་གྱིས། །དུས་འདི་ནས་བཟུང་ཆེ་གེ་མོ། །ཇི་སྲིད་བདག་མེད་སར་གནས་པར། །དེ་ཡི་ཚངས་སྤྱོད་གཉིས་མེད་པར། །ཁྱོད་ཀྱིས་སྡོམ་པ་ ལེགས་པར་གཟུང་། །དེ་ནས་འོག་ནས་འབྱུང་བ་འདི་རྣམས་ཀྱིས་སྡིག་པ་བཤགས་པ་ལ་སོགས་པ་བྱེད་དུ་གཞུག་སྟེ། བདག་གིས་སྡིག་པ་བགྱིས་པ་དང་། །བགྱིད་དུ་སྩལ་དང་ཡི་རང་བ། །སངས་རྒྱས་སྤྱན་སྔར་མཆིས་ནས་སུ། །དེ་དག་ཐམས་ཅད་བཤགས་པར་བགྱི། །སངས་རྒྱས་བྱང་ ཆུབ་སེམས་དཔའ་དང་། །རང་རྒྱལ་དགྲ་བཅོམ་འགྲོ་རྣམས་ཀྱི། །བསྒོམ་དང་བཟླས་བརྗོད་བསོད་ནམས་ཚོགས། །དེ་ལ་བདག་ནི་ཡི་རང་ངོ་། །སེམས་སྐྱེད་མངོན་པར་སངས་རྒྱས་དང་། །ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། །བྱང་ཆུབ་སེམས་དཔའི་ཚོགས་སྤྱོད་ལ། །དེ་ལ་བདག་ནི་སྐྱབས་སུ་མཆི། ། སངས་རྒྱས་འབྱུང་བ་ཇི་ལྟ་བར། །སྐལ་ལྡན་བྱང་ཆུབ་སེམས་དཔའ་ཡིས། །བྱང་ཆུབ་སེམས་ནི་བསྐྱེད་པ་ལྟར། །དེ་རིང་ཉིད་དུ་སེམས་བསྐྱེད་དོ། །མགོན་པོ་བདག་ལ་དགོངས་སུ་གསོལ། །མ་ལུས་བཞུགས་པའི་སངས་རྒྱས་རྣམས། །དུས་འདི་ཉིད་ནས་སངས་རྒྱས་པར། །བླ་མེད་བདག་ལ་ གཟིགས་སུ་གསོལ། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །བླ་ན་མེད་པའི་དཀོན་མཆོག་གསུམ། །སངས་རྒྱས་རྣལ་འབྱོར་སྡོམ་པ་ནི། །ཡང་དག་ཉིད་དུ་གཟུང་བར་བགྱི། །རྡོ་རྗེ་རིགས་མཆོག་ཆེན་པོ་ལ། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་ཡང་། །ཡང་དག་ཉིད་དུ་གཟུང་བར་བགྱི། །སློབ་དཔོན་དག་ཀྱང་ གཟུང་བར་བགྱི། །རིན་ཆེན་རིགས་མཆོག་ཆེན་པོ་ཡི། །དམ་ཚིག་ཡིད་དུ་འོང་བ་ལ། །ཉིན་རེ་བཞིན་དུ་ལན་དྲུག་ཏུ། །སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན། །བྱང་ཆུབ་ཆེན་པོ་ལས་བྱུང་བའི། །པདྨའི་རིགས་མཆོག་དག་པ་ལ། །ཕྱི་དང་གསང་བའི་ཐེག་པ་གསུམ། །དམ་པའི་ཆོས་ཀྱང་མ་ལུས་གཟུང་། ། ལས་ཀྱི་རིགས་མཆོག་ཆེན་པོ་ལ། །སྡོམ་པ་ཐམས་ཅད་ལྡན་པར་ནི། །ཡང་དག་ཉིད་དུ་གཟུང་བར་བགྱི། །མཆོད་པའི་ལས་ཀྱང་ཅི་ནུས་བགྱི། །ཚུལ་ཁྲིམས་ཀྱི་ནི་བསླབ་པ་དང་། །དགེ་བའི་ཆོས་ནི་སྡུད་པ་དང་། །སེམས་ཅན་དོན་བྱེད་ཚུལ་ཁྲིམས་གསུམ། །དེ་བཞིན་བརྟན་པོར་གཟུང་བར་ བགྱི། །བདག་གི་དགེ་བའི་ལས་རྣམས་འདི་དག་གིས། །འཇིག་རྟེན་མི་རིང་སངས་རྒྱས་མྱུར་འགྲུབ་ནས། །སེམས་ཅན་འཁོར་བའི་རྒྱ་མཚོར་བྱིང་བ་རྣམས། །བླ་མེད་བྱང་ཆུབ་ཉིད་དུ་བསྒྲལ་བར་བགྱི། །ཞེས་ཞུས་པ་དང་། སློབ་དཔོན་གྱིས་སློབ་མ་བསྲུང་བར་བྱ་སྟེ། །སློབ་མ་རྣམས་ཀྱི་ལུས་ ངག་ཡིད་གསུམ་དུ། སྤྱི་བོར་འཁོར་ལོ་མགྲིན་པར་པདྨ། །སྙིང་གར་རྡོ་རྗེ། དེ་གསུམ་གྱི་ལྟེ་བ་ལ་ཡང་། ཨོཾ་ཨཱཿཧཱུྃ་གསུམ་བསམ་མོ། །དེ་ནས་སློབ་དཔོན་གྱིས་ལག་ཏུ་རྡོ་རྗེ་གཟུང་ལ། སློབ་མའི་གནས་གསུམ་དུ་རྡོ་རྗེ་གཏུག་ཅིང་། །ཨོཾ་ཨཱཿཧཱུྃ་ཞེས་བརྗོད་ཅིང་། གནས་གསུམ་དུ་དྲིའི་ཆུས་ བྱུག་གོ། །དེ་ནས་རིམ་པར་སློབ་མ་རྣམས་ཀྱི་མགོ་ལ་མེ་ཏོག་བྱིན་ཏེ། མདུན་དུ་སྤོས་བྱིན་ལ། །མར་མེ་དང་དྲི་སྙིང་གར་སྦྱིན་ནོ། །དེ་ནས་སོ་ཤིང་གི་ཆོ་ག་བྱ་བ་ནི་འདིའོ། །ཨུ་དུམ་ཝཱ་ར་ཨ་ཤྭདྠ། མེ་ཏོག་གཙང་ཞིང་དྲི་ཡིས་བྱུག །སོར་ནི་བཅུ་གཉིས་ཚད་དུ་བྱ། །མ་ཡོ་མ་གས་འབུས་མ་ ཟོས། །ལྕི་བ་བ་ཡི་ཀོ་བ་ཙམ། །ས་གཞི་མཎྜལ་བྱས་ནས་ནི། །སློབ་མ་དེ་ཡི་སྟེང་བཞག་ནས། །མེ་ཏོག་ལ་སོགས་མཆོད་པ་བྱ། །སློབ་མའི་ཚོགས་ལ་སྦྱིན་པར་བྱ། །དེ་ནས་ཤར་ཕྱོགས་ཁ་བལྟས་ཏེ། །མི་སྨྲ་བར་ནི་སོ་ཤིང་བཅའ། །བཅའ་བ་ཟིན་ནས་མི་དགས་ཤིང་། །ཕན་ཚུན་དུ་ཡང་མི་ འདོར་བར། །སོ་ཤིང་མདུན་དུ་དྲང་པོར་དོར། །དེ་ཡི་ཚེ་ན་མཚན་མ་ནི། །དེ་ཚེ་བདག་ལ་བལྟ་བ་དང་། །རྩེ་མོ་གྱེན་དུ་འགྲེང་གྱུར་ན། །དེ་ཡིས་དངོས་གྲུབ་མཆོག་ཅེས་བཤད། །དེ་བཞིན་གཞན་དུ་ཁ་བལྟས་ན། །དེ་ཡིས་དངོས་གྲུབ་འབྲིང་དུ་བཤད། །མཚམས་དང་བྱང་དུ་ཁ་བལྟས་ན། །འཇིག་ རྟེན་པ་ཡི་དངོས་གྲུབ་འཐོབ། །སོ་ཤིང་དོར་བ་བརྒྱ་ལམ་ན། །གལ་ཏེ་ཐུར་དུ་ཁ་བལྟས་ན། །དེས་ནི་ངེས་པར་ས་འོག་གི། །དངོས་གྲུབ་དེ་ལ་ཐེ་ཚོམ་མེད། །དེ་ནས་དྲི་ཆུ་ལག་པར་བླུགས་ཏེ་འཐོར་འཐུང་བྱའོ། །ཨོཾ་ཧྲཱིཿབི་ཤུདྡྷ་དྷརྨཱ་སརྦ་པཱ་པཾ་ནི་ཤྩཱ་སཾ་ཤོ་དྷ་ཡ། སརྦ་བི་ཀལྤ་ཨ་པ་ནྱཱ་ཧཱུྃ་ཞེས་པའི་ སྔགས་བཟླས་ཆུ་ཧུབ་གསུམ་འཐུང་དུ་གཞུག་གོ། །དེའི་འོག་ཏུ་སློབ་མ་རྣམས་ལ་སེམས་དགའ་བར་བྱ་བའི་ཕྱིར། །ཆོས་བཤད་པར་བྱ་སྟེ། །འཇིག་རྟེན་ཁམས་ནི་ཐམས་ཅད་དུ། །ཐམས་ཅད་མཁྱེན་པ་འབྱུང་མི་འགྱུར། །ཨུ་དུམ་ཝཱ་རའི་མེ་ཏོག་བཞིན། །བརྒྱ་ལམ་ན་ནི་རེ་ འགའ་འབྱུང་། །དེ་ཕྱིར་ཕྲད་དཀའ་འབྱུང་བ་ཡི། །གཉིས་མེད་ཟབ་མོའི་སྤྱོད་ཚུལ་འདིས། །སེམས་ཅན་སངས་རྒྱས་བྱེད་པའོ། །བསྐལ་པ་གྲངས་མེད་མང་པོར་ནི། །སྔོན་དུ་བྱ་བའི་རྣམ་སྨིན་གང་། །དེ་ཀུན་ཟད་པར་འགྱུར་བ་ནི། །ཟབ་མོའི་དཀྱིལ་འཁོར་མཐོང་བས་སོ། །དེ་ ནས་ཨོཾ་ཨཱཿཧཱུྃ་ཞེས་བྱ་བས། ཀུ་ཤ་བྱིན་གྱིས་བརླབས་ལ་སྔས་སུ་ཡང་གཞུག་པར་བྱ་ཞིང་སྟན་དུ་ཡང་གདིང་བར་བྱའོ། །དེ་ནས་སྲུང་སྐུད་གདགས་ཏེ། སྲུང་སྐུད་དམར་པོ་ལ་མདུད་པ་གྲངས་དྲུག་བོར་ལ། དཔུང་པ་གཡོན་པར་བསྲུང་བའི་ཕྱིར་བཅིང་ངོ་། །དེ་ནས་མཆོད་པ་བྱ་སྟེ་གཏོར་མ་བཏང་ ལ། སློབ་དཔོན་ནང་དུ་ཞུགས་ལ། དཀྱིལ་འཁོར་གྱི་ལྷ་ལ་ཕྱི་ནང་གི་མཆོད་པས་ཡང་དག་པར་མཆོད་དོ། །སློབ་མ་རྣམས་ནི་སྟ་གོན་གྱི་གནས་དེ་ཉིད་དུ་གུ་ཤའི་སྟན་ལ་སེང་གེའི་ཉལ་ཐབས་སུ་འདུག་ལ། རྨི་ལམ་གྱི་མཚན་མ་བལྟ་བའི་ཕྱིར། མི་སྨྲ་བར་ཀྱེ་རྡོ་རྗེའི་བསམ་གཏན་གྱི་སེམས་ཀྱིས་ཉལ་བར་ བྱའོ། །དེ་ནས་མཚན་མོའི་མཐར། རྨི་ལམ་གང་དང་གང་མཐོང་བ་དྲི་བར་བྱའོ། །དྲིས་པ་ཐོས་ནས་རྨི་ལམ་བཟང་ངན་ཐོགས་པ་མེད་པར་བརྗོད་པར་བྱའོ། །དེ་ནས་རྨི་ལམ་བཟང་པོ་མཐོང་བ་ན། སློབ་མ་ལ་རྗེས་སུ་ཡི་རང་བར་བྱ་སྟེ། དངོས་གྲུབ་རབ་འབྲིང་ཐ་མ་བསྟན་པར་བྱའོ། །ངན་པ་མཐོང་ན་བ་བྱུང་ རྣམ་པ་ལྔ་འཐུང་དུ་བཅུག་སྟེ། དྲག་པོའི་སྦྱིན་སྲེག་བྱས་ན། དེས་རྟོག་པ་ཞི་བར་འགྱུར་རོ། །སློབ་མ་ལྷག་པར་གནས་པའི་རིམ་པའོ།། །།དེ་ནས་གསེར་རམ་དངུལ་ལམ་ཟངས་ལས་རྣམ་པར་རྒྱལ་བའི་བུམ་པ་བྱས་ཏེ། དེ་རྣམས་མ་འབྱོར་ན་ཁམ་པ་ལས་བྱའོ། །བུམ་པ་གཞན་རྣམས་ཀྱང་རིན་པོ་ཆེའི་ རྣམ་གྲངས་མ་རྙེད་ན་ཁམ་པ་ལས་བྱའོ། །ཀུན་ཀྱང་དྲི་ཞིམ་པོ་དང་ས་དཀར་པོས་བྱུགས་ལ། པདྨའི་ལྟེ་བ་ལ་ཕྱག་མཚན་བཀོད་ལ་གཞག་གོ། །དེ་ནས་བུམ་པ་རྣམས་རང་བཞིན་མེད་པར་བསམས་ལ། དེ་ལས་ཡི་གེ་ཁྃ་དཀར་པོར་གྱུར། ཁཾ་དཀར་པོ་འོད་དུ་ཞུ་བ་ལས་བྱུང་བའི་བུམ་པ་ནག་པོའི་ར་རི་ མེད་པ་དཀར་པོར་འདུག་པ། མགྲིན་པ་རིང་བ། ལྟོ་བ་ཆེ་བ། མཆུ་འཕྱང་བ་བསྒོམས་ལ། དེའི་སྟེང་དུ་པཾ་དམར་པོ་ལས་པདྨར་གྱུར་པའི་སྟེང་དུ་ཨ་ལས་ཉི་མའི་དཀྱིལ་འཁོར་རོ། །དེའི་སྟེང་དུ་ཧཱུྃ་གྃ་ཙྃ་བྃ་གྷྃ་པྃ་སྃ་མྃ་ལྃ་ཌྃ། དེ་རྣམས་ཡོངས་སུ་གྱུར་པ་ལས། ལྷའི་འཁོར་ལོ་རྫོགས་པར་བསྐྱེད་དོ། ། དེ་ནས་ཡེ་ཤེས་ཀྱི་འཁོར་ལོ་སྤྱན་དྲང་བ་ལ་སོགས་པ་བྱ་སྟེ། གཽ་རཱི་ཛཿཞེས་པ་ལ་སོགས་པའི་ཕྱག་རྒྱ་བཞིས་དགུག་པ་དང་། གཞུག་པ་དང་། བཅིང་བ་དང་དགྱེས་པར་བྱས་ལ་དབྱེར་མེད་པར་བསྟིམ་མོ། །དེ་ལ་པྲོཀྵ་ཎཾ་དང་། ཨརྒྷཾ་དང་། ཨཉྩ་མ་ནཾ་དང་། བི་དྷི་དང་། མཆོད་པ་རྣམ་པ་ལྔ་དང་། ལྷ་ མོ་བརྒྱད་དང་། བསྟོད་པ་རྣམས་བྱའོ། །དེ་ནས་འཛབ་བརྒྱ་རྩ་བརྒྱད་དམ། སྟོང་རྩ་བརྒྱད་བཟླས་ལ་གཞག་པར་བྱའོ། །དེ་ནས་སྤོས་ཀྱི་བདུག་པ་ལ་སོགས་པ་བྱས་ལ། མེ་ཏོག་དཀར་པོ་ཆལ་བར་གཏོར་བ་ལ་སོགས་པ་བྱའོ། །དེ་ནས་ལྷ་དེ་རྣམས་འོད་དུ་ཞུ་བ་ལས། བྱང་ཆུབ་སེམས་དཀར་ དམར་གྱིས་གང་བར་བསམ་མོ། །དེ་ནས་དྲི་ཆབ་བཟང་པོས་གང་བར་བླུགས་ལ། སྨན་ལ་སོགས་པ་དང་ཡང་ལྡན་པར་བྱ་སྟེ། ཤྭེ་ཏ་བྲེ་ཧ་ཏི་དང་། ཨ་པ་ཙི་ཏ་དན་ཏ། ཨུཏྤ་ལ་དང་། ཀཎྜ་ཀ་རི་དང་། ཧ་ས་དེ་བ་ལ་སོགས་པའི་རྩ་བ་ལས་བྱ་སྟེ། འདི་དག་དཀྱིལ་འཁོར་གྱི་བྱང་ཆུབ་ཀྱི་སེམས་ཀྱི་ རྟགས་སུ་བྱས་པའོ། །འབྲས་སོ་བ་དང་། སྲན་གྲེའུ་དང་། ནས་དང་། ཏིལ་དང་། གྲོ་འདི་རྣམས་ནི་དཀྱིལ་འཁོར་གྱི་ལྷ་རྣམས་ཀྱི་ཐུགས་ཀྱི་རང་བཞིན་ནོ། །ཤེལ་དང་། དངུལ་དང་། མུ་ཏིག་དང་། དུང་དང་། བྱུ་རུ་ནི་དཀྱིལ་འཁོར་གྱི་ལྷ་རྣམས་ཀྱི་སྐུའི་རྟགས་སུ་བྱས་པའོ། །གཞན་ཡང་ཟླ་བ་དང་ཉི་མ་དང་། ཆུ་དང་། སྨན་དང་། དྲི་དང་། བུ་རམ་དང་། ཁ་ར་དང་། བཟའ་བ་རྣམས་གཞུག་གོ། །བུམ་པ་ལ་བདག་པོའི་མཚན་མ་རྣམ་པ་ལྔ་དང་ལྡན་པར་བྱ་ཞིང་། སྔོན་པོ་དང་། དཀར་པོ་དང་། སེར་པོ་དང་། དམར་པོ་དང་། ལྗང་གུའི་རས་རྣམས་ཀྱིས་མགུལ་པ་བཅིང་བར་བྱའོ། །མ་འབྱོར་ན་རས་ཡུག་ གཅིག་གིས་སྤྱིར་བྱའོ། །ཤིང་འོ་མ་ཅན་གྱི་རིགས་བཟང་པོ་འབྲས་བུ་དང་ལོ་མ་དང་ཡལ་གར་བཅས་པས་ཁ་རྒྱན་བྱའོ། །བུམ་པ་གཞན་རྣམས་སུ་ནི་སྨན་ལ་སོགས་པ་མི་གཞུག་པར་ལྷ་རེ་རེ་འོད་དུ་ཞུ་བར་བྱའོ། །བསྟོད་པ་དང་མཆོད་པ་དང་། བཟླས་པ་ནི་ཀུན་ལ་བྱའོ། །དེ་ནས་ བུམ་པ་རྣམས་རས་བཏིང་བའི་སྟེང་དུ་མེ་ཏོག་དཀར་པོ་ཆལ་པར་བཀྲམ་པའི་སྟེང་དུ་བཞུགས་སུ་གསོལ་ལོ། །དེའི་དུས་སུ་གར་གྱི་མཆོད་པ་རྣམས་ཀྱང་དབུལ་ལོ། །ལས་ཐམས་ཅད་པའི་བུམ་པ་ནི་སྣ་ཚོགས་རྡོ་རྗེས་མཚན་ཏེ། དེ་ལ་མཆོད་པ་བྱས་ལ། ཕྱི་རོལ་གྱི་བྱང་ཤར་མཚམས་སུ་ བཞུགས་སུ་གསོལ་ཏེ། བགེགས་མ་རུངས་པ་རྣམས་ལས་མ་གྲུབ་ཀྱི་བར་དུ་བསྲུང་དུ་གསོལ་ལོ་ཞེས་ལས་གཞོལ་ལོ། །གཏོར་མ་དགུ་དང་། མར་མེ་དགུ་དང་། ལྷ་བཤོས་དགུ་དང་། སྤོས་དགུ་དང་། དེ་རྣམས་ནི་བུམ་པ་ལྷག་པར་གནས་པའི་རིམ་པའོ།། །།ས་ སྟ་གོན་གྱི་ཕྱེད་དེ་ཉིན་པར་རྒྱས་པའི་སྦྱིན་སྲེག་བྱའོ། །སློབ་དཔོན་མཚན་ཉིད་བཟང་པོ་དང་ལྡན་པ། ཡང་དག་པའི་ཡེ་ཤེས་ཀྱི་དེ་ཁོ་ན་ཉིད་ཤེས་ཤིང་ཁྲོ་བ་མེད་པ། ཕྱག་རྒྱ་ལྔ་དང་ལྡན་པའི་ཤེས་རབ་ཅན་གྱིས་དཀྱིལ་འཁོར་གྱི་ལྷ་རྣམས་མདུན་གྱི་ནམ་མཁའ་ལ་གཤེགས་སུ་གསོལ་ ལ། ཐིག་གདབ་པའི་ལས་བརྩམ་པར་བྱའོ། །དེ་ཡང་རས་བལ་ལས་ཤེས་རབ་མ་མཚན་དང་ལྡན་པས་འཇུར་མདུད་ལ་སོགས་པ་མེད་པར་རིང་ཐུང་ཉིས་འགྱུར་ལ་སྦོམ་ཕྲ་སྒོའི་ཉི་ཤུ་ཆར་གྱུར་པར་བཀལ་ཏེ། སྲད་བུ་སོ་སོར་བསྡོམས་ལ། པདྨའི་སྣོད་དྲི་ཞིམ་པོས་བྱུགས་པའི་ ནང་དུ་སོ་སོར་གཞག་ལ། དེ་ནས་སྲད་བུ་རྣམས་རང་བཞིན་མེད་པར་བསྒོམ་མོ། །དེ་ལ་སོ་སོའི་ཡིག་འབྲུར་གྱུར་ཏེ། ཡིག་འབྲུ་ཡོངས་སུ་གྱུར་པ་ལས། སྲད་བུ་བྱུང་བར་བསམ་མོ། །དེ་ནས་ཡེ་ཤེས་ཀྱི་ཐུགས་ཀ་ནས། ཡེ་ཤེས་ཀྱི་སྐུད་པ་ཡོད་པ་ལ། རྣལ་འབྱོར་བའི་ཉི་ཟླ་འབར་ བའི་མིག་གི་ལྕགས་ཀྱུས་གཙོ་བོ་ཀྱེ་རྡོ་རྗེ་དང་། སངས་རྒྱས་ཀུན་གྱི་མཁའ་འགྲོ་མ། །གཙོ་བོ་སྔགས་དང་གཉིས་མེད་རྣམས། །སྤྱན་དྲངས་ནས་ནི་དེ་ལ་བསྟིམ། །དེ་ལྟར་ཡེ་ཤེས་ཀྱི་ཐིག་སྐུད་བསྐྱེད་ནས། །སྲད་བུ་ལྔ་ལ་གཙོ་བོའི་སྔགས་བརྗོད་དེ་གཅིག་ཏུ་བསྒྲིལ་ལོ། ། ཨོཾ་བཛྲ་ས་མ་ཡ་སཱུ་ཏྲྃ་མཱ་ཏི་ཀྲ་མ་ཧཱུྃ་ཞེས་བརྒྱ་རྩ་བརྒྱད་བཟླས་པར་བྱའོ། །ཨོཾ་ཨཱཿཧཱུྃ་གསུམ་མཐའ་གཉིས་དབུས་དང་གསུམ་དུ་བཀོད་ལ་བྱིན་གྱིས་བརླབས་ཏེ། དེ་ལ་མཆོད་པ་དབུལ་ལོ། །དེ་ལ་གཙོ་བོའི་ཐུགས་ཀ་ནས། སྲད་བུ་འཛིན་པའི་གྲོགས་པོ་སྤྲུལ་ལ། །ཛྫཿཛྫཿཞེས་ བརྗོད་ལ་གཏད་པར་བྱའོ། །དང་པོ་ནི་ནམ་མཁའ་ལ་ཐིག་གདབ་པར་བྱ་སྟེ། ཐིག་སྐུད་དག་ནི་འདེབས་པའི་ཚེ། འཇིག་རྟེན་ཁམས་ནི་མ་ལུས་པའི། །སངས་རྒྱས་ལ་སོགས་འགྲོ་དོན་དུ། །ཁྱོད་ཀྱི་དུས་ནི་བྱ་ནུས་ཡིན། །ཞེས་བརྗོད་དེ་བསྐུལ་ལོ། །དེ་བཞིན་དུ་ས་ཐིག་ཀྱང་གདབ་པར་ བྱ་སྟེ། སློབ་དཔོན་ཆུ་བདག་ཏུ་འདུག་སྟེ། སློབ་མ་བརྒྱ་བྱིན་དུ་འདུག་ལ་ཚངས་ཐིག་གདབ། སློབ་དཔོན་གཤིན་རྗེའི་ཕྱོགས་སུ་འདུག་ལ་སློབ་མ་གནོད་སྦྱིན་དུ་འདུག་སྟེ། ཚངས་ཐིག་གཉིས་པ་གདབ་པོ། །སློབ་དཔོན་བྱིན་ཟར་འདུག་ལ། སློབ་མ་དབང་ལྡན་དུ་འདུག་སྟེ། ཤར་གདབ་པོ། ། སློབ་དཔོན་རླུང་ལྷའི་ཕྱོགས་སུ་འདུག་ལ། སློབ་མ་བདེན་བྲལ་དུ་འདུག་སྟེ། ནུབ་གདབ་པོ། །སློབ་དཔོན་དེ་ཉིད་དུ་འདུག་ལ་སློབ་མ་དབང་ལྡན་དུ་འདུག་སྟེ། བྱང་གདབ་པོ། །སློབ་དཔོན་བྱིན་ཟར་འདུག་ལ། སློབ་མ་བདེན་བྲལ་དུ་འདུག་སྟེ། ལྷོར་གདབ་པར་བྱའོ། །སྲད་བུས་ ཡོངས་སུ་ཐིག་གདབ་བྱ། །སྲད་བུས་གཞལ་བར་མི་བྱ་སྟེ། །འཕེལ་འགྲིབ་གཉིས་ཀྱི་ཉེན་ཡོད་པས། །སྲ་བས་རབ་ཏུ་གཞལ་བར་བྱ། །སྦ་ལ་སོགས་པ་དྲང་ཞིང་སྲབ་ལ་ཁ་ཏི་ཀ་བྱས་ལ། ཐིག་རྐང་བཞི་བཅུ་རྩ་གཉིས་ཕྱོགས་རེ་རེ་གདབ་པར་བྱའོ། །དེ་ལྟར་བཞི་བཅུ་རྩ་གཉིས་བཏབ་པ་ ལ། སྒོ་ཁྱུད་ཀྱི་ཐིག་ཚུན་ཆད་ཀྱིས་ནི་པདྨའི་ལྟེ་བ་བསྐོ་བར་བྱའོ། །པདྨའི་ཟེ་བ་བསྐོར་བ་ནི། ལྷའི་སྣམ་བུ་ལས་ཇི་ཙམ་རན་པར་བསྐོར་བར་བྱའོ། །དཀྱིལ་འཁོར་གྱི་མཐར་རྡོ་རྗེ་ར་བ་དང་། མེ་རི་གཉིས་ལ་ཆ་རེ་རེས་བསྐོར་རོ། །རྟ་བབས་ཀྱི་སྣམ་བུ་བཞིའི་ཕྱོགས་སྟེང་ན། ཆ་བཞི་ལ་ཆ་ ཕྱེད་ཀྱི་ཆ་གཅིག་ལ་དྷརྨཱ་ཙཀྲའོ། །གཅིག་ལ་རྡོ་རྗེ་རྒྱ་གྲམ་གྱི་ར་དབུ་མ། དེའི་སྣ་ལ་པདྨའི་སྡོང་པོའི་སྣ་གཏད་པར་བྱའོ། །དེ་ནས་བླ་མས་དཀྱིལ་འཁོར་དབུས་སུ་འདུག་ལ། མིག་གཉིས་སུ་ཉི་མ་དང་ཟླ་བའི་དཀྱིལ་འཁོར་བསམས་ལ། བཟློག་ལ་བལྟ་ཞིང་ཧི་ཧི་ཞེས་པས་སྒོ་དབྱེ་བར་བསམ། དེ་ནས་བཛྲ་བ་ག་ཨ་ཀྲ་མ་ཞེས་བརྗོད་ལ་ཕྱིར་འབྱུང་ངོ་། །དེ་ལྟར་ཐིག་གདབ་པའི་རིམ་པ་ཟིན་ནས། ཡེ་ཤེས་ཀྱི་སྐུད་པ་ལ་མཆོད་པས་མཆོད་ལ། སྭ་ཨརྟཱ་ཙིཏྟ་པ་ར་མ་ཨརྠ་ཉྩ་ཨ་ཧི་ཏ་གཙྪ་ཞེས་བརྗོད་ལ་ལྷ་གཤེགས་སུ་གསོལ་ལོ། །ཡེ་ཤེས་ཀྱི་ཐིག་གདབ་པའི་རིམ་པའོ།། །།དེ་ནས་ འབྲས་ལ་ཁ་དོག་ལེགས་པར་བསྒྱུར་བའི་ཚོན་རིམ་པར་གཞག་སྟེ། དེ་རང་བཞིན་མེད་པར་བསྒོམས་ལ། བྷྲཱུཾ་ཨཱྃ་ཛྲཱྃ་ཁཾ་ཧཱུཾ་ལྔར་གྱུར་པར་བསམ་མོ། །དེ་ཡོངས་སུ་གྱུར་པས་ཚོན་སྣ་ཚོགས་བྱུང་བར་བསམ་མོ། །དེ་ནས་རྣལ་འབྱོར་བས་ཉི་ཟླ་འབར་བའི་མིག་གི་ལྕགས་ཀྱུས་ཀྱེ་རྡོ་རྗེ་མཁའ་འགྲོ་ མ་འཁོར་དང་བཅས་པ་རྣམས་སྤྱན་དྲངས་ནས་ས་ཚོན་ལ་ཐིམ་པར་བསམ་སྟེ། ཨོཾ་བཛྲ་ཙཱི་ཏྲ་ས་མ་ཡ་ཧཱུྃ་ཞེས་མང་དུ་བཟླས་ལ། ས་ཚོན་ལ་མཆོད་པ་དབུལ་ལོ། །དེ་ནས་བྱང་ཤར་མཚམས་ནས། བླ་མས་རིམ་པ་བཞིན་དུ་ནག་པོ་དང་། དཀར་པོ་དང་། སེར་པོ་དང་། དམར་པོ་དང་། ལྗང་གུའི་རེ་ཁཱ་ལྔ་མཉམ་པོར་མཐོ་གང་དུ་དྲངས་ལ་མཆོད་པ་དབུལ་ཞིང་། རེ་ཁཱ་ལ་མེ་ཏོག་སིལ་མས་གཏོར་རོ། །དེ་ལྟར་རེ་ཁཱ་འདྲེན་ཀར་བླ་མས་འདི་སྐད་བརྗོད་དོ། །འདི་ནི་ཆོས་དབྱིངས་དག་པ་སྟེ། །སེམས་ཅན་ཁམས་ནི་སྒྲོལ་བྱེད་པ། །དཔལ་ལྡན་ཁྲག་འཐུང་རྒྱལ་པོ་ཉིད། །དེ་བཞིན་ གཤེགས་པ་ཀུན་གྱི་གནས། །ཞེས་སོ། །ཉེས་པ་ཀུན་ལས་རྣམ་གྲོལ་བས། །ཚོན་གྱི་ལས་ནི་ཡང་དག་ཅན། །སློབ་དཔོན་གྱིས་ནི་དྲང་པོར་དགྱེ། །ཕྱི་ནས་ཀུན་ནས་སློབ་མས་སོ། །ཞེས་འབྱུང་ངོ་། །མཐེའུ་ཆུང་དར་ནི་མཐེ་བོ་སྤངས། །དྲང་ལ་མཐོ་བར་ཡང་དག་བྲི། །གལ་ཏེ་རི་མོ་ མི་མཉམ་དང་། །ཡོ་ཞིང་དམའ་དང་བཅས་པ་ན། །རི་མོ་དམའ་བས་མི་འགྲུབ་པོ། །ཡོན་པོས་གདུང་བ་སྐྱེད་བྱེད་ལ། །ཆད་པས་སློབ་དཔོན་སློབ་མ་དག། །གཉི་ག་འཆི་བར་ཤེས་པར་བྱ། །ཞེས་འབྱུང་བས། ཤིན་ཏུ་གཟབ་པར་བྱའོ། །དེ་ནས་གཞུང་དང་མཐུན་པར་ཚུལ་བཞིན་དུ་དཀྱིལ་ འཁོར་བྲི་བར་བྱའོ། །དེ་ནི་ཚོན་དགྱེ་པའི་རིམ་པའོ།། །།དེ་ལྟར་དཀྱིལ་འཁོར་བྲིས་ནས། ད་ནི་ཕྱག་རྒྱ་དགོད་པར་བྱ་སྟེ། དབུས་ཀྱི་པདྨའི་ལྟེ་བ་ལ་བདུད་བཞི་བསྣོལ་བ་དང་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ན་ར་ཀ་པཱ་ལ་རྡོ་རྗེ་རྒྱ་གྲམ་དང་བཅས་པ་དཀར་པོར་བྲིའོ། །ཤར་དུ་གྲི་ གུག་ནག་པོ། །ལྷོ་རུ་ཌ་མ་རུ་དམར་སྐྱ། ནུབ་ཏུ་རུས་སྦལ་དམར་སེར། བྱང་དུ་སྦྲུལ་ལྗང་གུ བྱང་ཤར་དུ་སེང་གེ་དམར་སྔོན། ཤར་ལྷོར་དགེ་སློང་དཀར་པོ། ལྷོ་ནུབ་ཏུ་འཁོར་ལོ་ལྗང་སྔོན། ནུབ་བྱང་དུ་ཁྲོ་བོའི་རྡོ་རྗེ་རྣམས་དགོད། དེ་ལྟར་ཕྱག་རྒྱ་དགོད་པ་ན་ཡང་། ལྷ་སོ་སོའི་རང་གི་སྙིང་ པོ་བརྗོད་ཅིང་དགོད་དོ། །བུམ་པ་རྣམ་པ་བརྒྱད་ཀྱང་ཤར་ལ་སོགས་པའི་གནས་སུ་བྲི་བའམ་དགོད་པར་བྱའོ། །ཕྱག་རྒྱ་དགོད་པའི་རིམ་པའོ།། །།དེ་ནས་བླ་རེ་དམ་པ་བྲི་བ་དང་། གཞན་ཡང་རྒྱན་ཐམས་ཅད་བྲི་ཞིང་དགྲམ་པར་བྱ་སྟེ། ཕྱི་རོལ་དུ་ཕྱོགས་སྐྱོང་གི་ཐོ་རྣམས་བཙུགས་ལ། ཕྱོགས་སྐྱོང་སོ་སོར་བསྐྱེད་དོ། །དེ་ལ་སྤྱན་དྲངས་ལ་བསྟིམས་ལ་གཞག་གོ། །དེ་ནས་བུམ་པ་རྣམས་ཐོགས་ལ་སྤོས་ཀྱིས་སྣ་དྲངས་ཏེ། རོལ་མོའི་ཆ་བྱད་རྣམ་པ་སྣ་ཚོགས་ཐོགས་ནས། དཀྱིལ་འཁོར་ལ་ལན་གསུམ་དུ་བསྐོར་ལ་ཚུལ་བཞིན་དུ་དགོད། ལས་ཐམས་ཅད་པ་བྱང་ཤར་ མཚམས་སུ་དགོད། དེ་ནས་དགོངས་མོའི་དུས་སུ་བླ་མས་རྒྱན་ཆ་བགོས་ལ་ཁྲུས་བྱས་ཏེ། ལུས་དྲི་ཞིམ་པོས་བསྐུས་ལ་དཀྱིལ་འཁོར་གྱི་འགྲམ་དུ་ཆག་ཆག་གདབ་པོ། །དེ་ནས་སྟན་བདེ་བ་ལ་འདུག་ལ། ཙཎྜ་ལཱི་དང་ལྷན་ཅིག་ཏུ་བསྒྲུབ་པར་བྱའོ། །མེད་ན་ཏིང་ངེ་འཛིན་གྱིས་བྱའོ། །དེ་ ནས་བླ་མ་ཡན་ལག་དྲུག་དང་ལྡན་པས་ལྷའི་འཁོར་ལོ་རྫོགས་པར་ཚུལ་བཞིན་དུ་བསྐྱེད་ལ། དེ་ནས་གཽ་རཱི་ལ་བཀའ་བསྒོ་ལ་ལྷ་རྣམས་སྤྱན་དྲང་ངོ་། །སྤྱན་དྲངས་པ་དེ་ལ་མཆོད་པ་རྣམ་པ་ལྔ་དབུལ་ལོ། །དེ་ནས་དགུག་པ་དང་གཞུག་པ་དང་བཅིང་བ་དང་དགྱེས་པ་བསྐྱེད་པ་རྣམས་བྱས་ལ་ གཉིས་སུ་མེད་པར་བསྟིམ་ལ། དེ་ལ་མཆོད་པ་རྣམས་དབུལ་བར་བྱ་སྟེ། པྲོཀྵ་ཎཾ་དང་། ཨརྒྷཾ་དང་། ཨཉྫ་མ་ནཾ་དང་། བི་དྷི་དང་། སྤོས་དང་། མེ་ཏོག་ལ་སོགས་པ་དང་། ལྷ་མོ་བརྒྱད་ཀྱིས་མཆོད་ལ། ཙནྡན་དང་། གུར་ཀུམ་ཆར་དུ་དབབ་པ་དང་། སྣ་ཚོགས་པའི་མཆོད་པས་མཆོད་ དོ། །དེ་ནས་བདུད་རྩིའི་མཆོད་པས་ཀྱང་རིམ་པ་བཞིན་དུ་མཆོད་ལ། དེ་ནས་བསྟོད་པ་ཉི་ཤུ་པས་ལྷ་རྣམས་ལ་བསྟོད་པར་བྱའོ། །སྣ་ཚོགས་པའི་གླུ་དང་། བཀྲ་ཤིས་ཀྱི་གླུའི་ཁྱད་པར་གྱིས་ཀྱང་མཆོད་དོ། ཚོགས་ཀྱི་འཁོར་ལོ་ཆེན་པོ་བསྐོར་ནས། སྨོན་ལམ་གྱི་ཚིག་བརྗོད་ལ་ བསྐོར་བ་ལན་གསུམ་བྱ་སྟེ། གཏོར་མ་དགུ་ཡང་དབུལ་ལོ། །དེ་ནས་དབང་བསྐུར་བ་ལ་འཇུག་པར་བྱའོ། །སློབ་མ་འཇུག་པའི་རིམ་པ་བཞིན་དུ། སློབ་དཔོན་རང་ཉིད་དང་པོ་ལ་འཇུག་པར་བྱའོ། །དེ་ནས་སྔོན་དུ་བརྟགས་པའི་སློབ་མ་མཚན་ཉིད་དང་ལྡན་པས་འདི་སྐད་བརྗོད་དོ། །སངས་ རྒྱས་ཀུན་གྱི་རང་བཞིན་སྐུ། །སློབ་དཔོན་ལ་ནི་སྐྱབས་སུ་མཆི། །གཙོ་བོ་ལྷ་མོར་བཅས་པ་ཡི། །ལྷ་རྣམས་ལ་ཡང་ཕྱག་འཚལ་ལོ། །ཐར་པ་ཆེན་པོའི་གྲོང་མཆོག་ཏུ། །མགོན་པོས་བདག་ནི་གཞུག་ཏུ་གསོལ། །ཞེས་སློབ་དཔོན་ལ་གསོལ་བ་གདབ་པར་བྱའོ། །དེ་ནས་སློབ་དཔོན་ གྱིས་འདི་སྐད་བརྗོད་དེ། དེ་བཞིན་གཤེགས་པ་ཀུན་གྱི་གནས། །ཧེ་རུ་ཀ་དཔལ་གྲོང་ཁྱེར་མཆོག། །སྙིང་པོའི་དཀྱིལ་འཁོར་འདི་རུ་ནི། །བདག་གིས་སློབ་མ་གཞུག་པར་བགྱི། །དེ་ནས་དཀྱིལ་འཁོར་གྱི་ལྷ་ལ་ལུས་ངག་ཡིད་གསུམ་གྱི་སྒོ་ནས་ཕྱག་འཚལ་བ་བྱ་སྟེ། ཨོཾ་ན་མཿ ཏེ་ཧཱུཾ་སྭཱ་ཧཱ། ཨོཾ་ན་མཿམི་ཧཱུྃ་སྭཱ་ཧཱ། ཨོཾ་ན་མོ་ན་མཿཧཱུྃ་སྭཱ་ཧཱ། ཞེས་སོ། དེ་ནས་སྡོམ་པ་སྦྱིན་པར་བྱ་སྟེ། སངས་རྒྱས་ཆོས་དང་དགེ་འདུན་ཏེ། །དཀོན་མཆོག་གསུམ་ལ་སྐྱབས་སུ་སོང་། །འདི་ནི་སངས་རྒྱས་རིགས་ཡིད་འོང་། །སྡོམ་པ་བརྟན་པར་གྱུར་པའོ། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་ནི། །སློབ་མ་ཁྱོད་ཀྱིས་ གཟུང་བར་བྱ། །བྱང་ཆུབ་སེམས་གང་དེ་རྡོ་རྗེ། །ཤེས་རབ་དྲིལ་བུ་ཞེས་སུ་གསུངས། །སློབ་དཔོན་དག་ཀྱང་གཟུང་བར་བགྱི། །བླ་མ་སངས་རྒྱས་ཀུན་དང་མཉམ། །འདི་ནི་རྡོ་རྗེ་རིགས་དག་པའི། །དམ་ཚིག་སྡོམ་པ་ཡིན་པར་བཤད། །རིན་ཆེན་རིགས་ལ་རྟག་ཏུ་ནི། །ཉིན་རེ་བཞིན་ཡང་ལན་ དྲུག་ཏུ། །ཆོས་དང་ཟང་ཟིང་མི་འཇིགས་བྱམས། །སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན། །ཕྱི་དང་གསང་བའི་ཐེག་པ་གསུམ། །དམ་པའི་ཆོས་ཀྱང་མ་ལུས་གཟུང་། །འདི་ནི་པདྨའི་རིགས་དག་པའི། །དམ་ཚིག་ཡིད་དུ་འོང་བའོ། །ལས་ཀྱི་རིགས་མཆོག་ཆེན་པོ་ལ། །སྡོམ་ པ་ཐམས་ཅད་ལྡན་པར་ནི། །ཡང་དག་ཉིད་དུ་གཟུང་བར་བགྱི། །མཆོད་པའི་ལས་ཀྱང་ཅི་ནུས་བགྱི། །སྡོམ་པ་བཟུང་བའོ།། །།དིང་ཁྱོད་དཔའ་བོ་དང་རྣལ་འབྱོར་མ་ཐམས་ཅད་ཀྱི་ནང་དུ་ཞུགས་ཀྱིས། ངས་ཁྱེད་ལ་དཔལ་ཧེ་རུ་ཀའི་ཡེ་ཤེས་བསྐྱེད་པར་བྱ་སྟེ། ཡེ་ཤེས་གང་གིས་ཁྱོད་ དེ་བཞིན་གཤེགས་པ་ཐམས་ཅད་དང་། དཔའ་བོ་དང་རྣལ་འབྱོར་མ་ཐམས་ཅད་ཀྱི་དངོས་གྲུབ་ཀྱང་ཐོབ་པར་འགྱུར་ན། དངོས་གྲུབ་གཞན་དག་ལྟ་ཅི་སྨོས་ཀྱི། ཁྱོད་ཀྱིས་དཀྱིལ་འཁོར་མ་མཐོང་བ་རྣམས་ཀྱི་མདུན་དུ་སྨྲ་བར་མི་བྱ་སྟེ། དམ་ཚིག་ཉམས་པར་གྱུར་ཏ་རེ། །ཧེ་རུ་ཀ་དཔལ་དེང་ ཁྱོད་ཀྱི། །སྙིང་ལ་ཡང་དག་ཞུགས་པ་ནི། །གལ་ཏེ་ཚུལ་འདི་སྨྲས་ན་ནི། །དེ་མ་ཐག་ཏུ་དྲལ་ཏེ་གཤེགས། །དེ་ནས་ཀ་པཱ་ལའི་ནང་དུ་བདུད་རྩི་ལྔ་དང་ལྡན་པས་དམ་ཚིག་གི་ཆུ་བླུད་དེ། ཀྱེ་རྡོ་རྗེ་དང་ལྡན་པའི་གཟི་མདངས་དང་ལྡན་པས་འདི་སྐད་བརྗོད་དོ། །འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ། ། དམ་ཚིག་འདས་ན་སྲེག་པར་བྱེད། །དམ་ཚིག་བསྲུངས་ན་དངོས་གྲུབ་སྟེ། །རྡོ་རྗེ་བདུད་རྩིའི་ཆུ་འདི་འཐུང་། །ཨོཾ་སརྦ་པཉྩ་ཨ་མྲྀ་ཏོད་ཀ་ཋཿཋཿཋཿཧཱུྃ། དེང་ནས་བརྩམས་ཏེ་ཁྱོད་ཀྱི་དཔལ་ཧེ་རུ་ཀ་ང་ཉིད་ཡིན་གྱིས། ངས་གང་འདི་བྱོས་ཤིག་ཅེས་བསྒོ་བདེ་ཁྱོད་ཀྱིས་བྱ་དགོས་སོ། །ཁྱོད་ ཀྱིས་ང་བརྙས་པའི་ལས་མ་བྱེད་ཅིག །བྱས་ན་ཁྱོད་ཡིད་མི་བདེ་བ་མ་སྤངས་པར་ཚེའི་དུས་བྱས་ནས་དམྱལ་བར་ལྟུང་བར་གྱུར་ཏ་རེ། དེ་ནས་དཔའ་བོ་དང་། རྣལ་འབྱོར་མ་ཐམས་ཅད་ཀྱི་བྱིན་གྱིས་རློབས་ལ། དཔལ་ཧེ་རུ་ཀ་བདག་ལ་དབབ་པར་མཛོད་ཅིག་ཅེས་བརྗོད་དུ་གཞུག་ཅིང་། སློབ་མ་ལ་བདུད་རྩི་རྣམ་པ་ལྔ་བླུད་དེ། བླ་མ་འགྱིང་བག་དང་བཅས་པས་གོ་ཆ་བགོས་པ་རང་གི་སྙིང་གའི་ཡེ་ཤེས་སེམས་དཔའི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་གཙོ་བོ་དང་རྣལ་འབྱོར་མར་བཅས་པ་རྣམས་བཀུག་ནས། སློབ་མའི་སྙིང་གར་གཞུག་སྟེ། བཅུག་པས་སྨྲ་ནུས་པར་ འགྱུར་རོ། །ལས་རྣམ་བཞིའི་ཁ་དོག་གང་དང་གང་མཐོང་བ་དེ་དང་མཐུན་པར་དེ་ལ་བསྟན་ཏོ། །དེ་ནས་མེ་ཏོག་གི་ཕྲེང་བ་ཐོགས་ལ། པྲ་ཏཱིཙྪ་བཛྲ་ཧོཿ། ཞེས་བརྗོད་ལ་དཀྱིལ་འཁོར་དུ་གཏོར་ལ། དེ་ནས་སློབ་མའི་མགོ་ལ་བཅིང་བར་བྱའོ། །དེ་ནས་སློབ་མའི་ལག་པ་ནས་གཟུང་ལ་ མིག་དབྱེ་བར་བྱ་སྟེ། ཧེ་རུ་ཀ་དཔལ་དེང་ཁྱོད་ཀྱི། །མིག་འབྱེད་པར་ནི་བརྩོན་པར་མཛད། །ཕྱེ་བས་ཐམས་ཅད་མཐོང་བར་བྱེད། །རྡོ་རྗེའི་མིག་ནི་བླ་ན་མེད། །ཨོཾ་བཛྲ་ནཻ་ཏྲ། ཨ་པ་ཧ་ར་པ་ཊ་ལཾ་ཧྲིཿ། ཞེས་བརྗོད་དེ། གདོང་གཡོགས་ཕུད་ལ་འདི་སྐད་ཅེས་བརྗོད་དེ། དཀྱིལ་འཁོར་བཟང་ པོ་འདི་ལ་ལྟོས། །ད་ནི་དད་པ་རབ་ཏུ་སྐྱེད། །ཁྱོད་ནི་རྣལ་འབྱོར་མ་རིགས་སྐྱེས། །སྔགས་དང་ཕྱག་རྒྱས་བྱིན་གྱིས་བརླབས། །འགྲོ་བ་ཕུན་སུམ་ཚོགས་ཀུན་དང་། །དངོས་གྲུབ་ཀུན་ཁྱོད་མངོན་དུ་འགྱུར། །དམ་ཚིག་ཐམས་ཅད་བསྐྱང་བ་དང་། །གསང་སྔགས་ལ་ཡང་བརྩོན་ པར་གྱིས། །ཞེས་བརྗོད་ལ། མེ་ཏོག་གང་དུ་ལྷུང་བའི་ལྷ་ངོ་བསྟན་ཅིང་། ལྷ་གཞན་ཡང་བསྟན་ཏེ། སྐུ་མདོག་དང་ཕྱག་མཚན་ནི་དགོད་པའི་སྐབས་ཀྱི་ཕྱག་མཚན་གྱི་ཁ་དོག་ལས་ཤེས་པར་བྱས་ལ་བསྟན་ཅིང་། ཕྱག་མཚན་ཡང་ཚུལ་བཞིན་དུ་བསྟན་ཏོ། །སློབ་མ་ དཀྱིལ་འཁོར་དུ་གཞུག་པའི་རིམ་པའོ།། །།དེ་ལས་གཞལ་ཡས་ཁང་གྲུ་བཞིར་བྱུང་བ་ནི་ཚད་མེད་པ་བཞི་རྣམ་པར་དག་པའི་རང་བཞིན་ནོ། །སྒོ་བཞི་དྲན་པ་ཉེ་བར་གཞག་པ་བཞི་རྣམ་པར་དག་པའི་རང་བཞིན་ནོ། །རྟ་བབས་བཞི་ནི་ཡང་དག་པར་སྤོང་བ་བཞི་རྣམ་ པར་དག་པའི་རང་བཞིན་ནོ། །དྲ་བ་ཕྱེད་པ་ནི་ཉོན་མོངས་པ་ཆེན་པོ་རྣམ་པར་དག་པའོ། །དྲ་བ་ནི་ཉོན་མོངས་ཆུང་ངུ་རྣམ་པར་དག་པའོ། །ཀ་བ་བརྒྱད་ནི་འཕགས་པའི་ལམ་ཡན་ལག་བརྒྱད་རྣམ་པར་དག་པའོ། །རིན་པོ་ཆེའི་ཕ་གུ་ལ་སོགས་པའི་རྒྱན་རྣམས་ཚུལ་ཁྲིམས་རྣམ་པར་ དག་པའི་མཚན་ཉིད་དོ། །འདོད་པའི་ཡོན་ཏན་ལྔ་རྣམས་ནི། །གཟུགས་སྒྲ་ལ་སོགས་པ་རྣམ་པར་དག་པའོ། །རྡོ་རྗེ་ར་བ་ནི་ཟབ་མོའི་ཆོས་ཀྱི་འཁོར་ལོ་བསྐོར་བའི་རྟགས་སོ། །མེ་འོད་ནི་ཕྱིན་ཅི་ལོག་གི་བགེགས་ལ་སོགས་པས་མི་ཚུགས་པའི་རྟགས་སོ། །བུམ་པ་བརྒྱད་ནི་ཆེ་ བའི་ཡོན་ཏན་གྱིས་རྒྱས་ཤིང་ཐུགས་རྗེ་ཆེན་པོའི་རོས་ཡོངས་སུ་གང་བའི་རྟགས་སོ། །དེ་ནི་དཀྱིལ་འཁོར་གྱི་དེ་ཁོ་ན་ཉིད་དོ།། །།བཅོམ་ལྡན་འདས་ཀྱེ་རྡོ་རྗེ་ནི་རྣམ་པར་ཤེས་པའི་ཕུང་པོ་དང་ཞེ་སྡང་རྣམ་པར་དག་པའི་རང་བཞིན་ནོ། །གཽ་རཱི་ནི་ཞེ་སྡང་དང་གཟུགས་རྣམ་པར་དག་པའི་ རང་བཞིན་ནོ། །ཆོམ་རྐུན་མ་ནི་གཏི་མུག་དང་། སྒྲ་རྣམ་པར་དག་པའི་རང་བཞིན་ནོ། །རོ་ལངས་མ་ནི་ང་རྒྱལ་དང་དྲི་རྣམ་པར་དག་པའི་རང་བཞིན་ནོ། །གྷསྨ་རཱི་ནི་འདོད་ཆགས་དང་རོ་རྣམ་པར་དག་པའི་རང་བཞིན་ནོ། །པུཀྐ་སཱི་ནི་ཞེ་སྡང་དང་ས་རྣམ་པར་དག་པའི་རང་བཞིན་ནོ། ། རི་ཁྲོད་མ་ནི་གཏི་མུག་དང་ཆུ་རྣམ་པར་དག་པའི་རང་བཞིན་ནོ། །གཏུམ་མོ་ནི་ང་རྒྱལ་དང་མེ་རྣམ་པར་དག་པའི་རང་བཞིན་ནོ། །གཡུང་མོ་ནི་འདོད་ཆགས་དང་རླུང་རྣམ་པར་དག་པའི་རང་བཞིན་ནོ། །བདག་མེད་རྣལ་འབྱོར་མ་ནི་ཡབ་དང་མཐུན་ནོ། །དེ་ནི་ལྷའི་དེ་ཁོ་ན་ཉིད་དོ།། །།དེ་ ནས་སློབ་མས་བླ་མའི་ཞབས་ལ་དད་པས་ཕྱག་བཙལ་ལ། ཡོན་གྱི་མཆོག་རྣམས་ཐོགས་ཏེ་བླ་མ་ལ་ཕུལ་ནས་དབང་ནོད་པའི་དོན་དུ་བླ་མ་ལ་གསོལ་བ་གདབ་པར་བྱའོ། །ཧེ་རུ་ཀ་དཔལ་དབང་བསྐུར་བ། །འགྲོ་བ་བསྐྱབ་ཕྱིར་གཟི་བརྗིད་ཅན། །དེ་ལྟར་ཡོན་ཏན་འབྱུང་གནས་སོ། ། དེ་བཞིན་བདག་ལ་དེ་སྩོལ་ཅིག །དཔའ་བོ་ཆེན་པོ་མི་ལྡོག་པའི། །དབང་བསྐུར་བ་ནི་བདག་ལ་སྩོལ། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །བདག་ནི་རྟག་ཏུ་སློབ་དཔོན་བགྱིད། །ཅེས་སློབ་དཔོན་ལ་གསོལ་བ་གདབ་པར་བྱའོ། །དེ་ནས་དཀྱིལ་འཁོར་དུ་འཇུག་པའི་ཤར་སྒོའི་ལྷོ་ཕྱོགས་སུ་ པདྨ་འདབ་མ་བརྒྱད་བྲིས་པའི་སྟེང་དུ་སེང་གེའི་ཁྲི་བཤམས་ལ་དེའི་སྟེང་དུ་སྣ་ཚོགས་པདྨའི་གདན་བཏིང་བ་ལ་གཉིས་སུ་མེད་པའི་བློ་དང་ལྡན་པའི་སློབ་མ། བླ་མ་ལ་གུས་ཤིང་གཏོང་སེམས་ཆེ་བ་དེ་གཞག་པར་བྱའོ། །དཀྱིལ་འཁོར་གྱི་ལྷ་ལ་འབད་དེ་ཅི་ནུས་པས་མཆོད་ནས། སློབ་མའི་ སྟེང་དུ་གདུགས་དཀར་པོ་བཟུང་ལ། མེ་ཏོག་ཕྲེང་བ་དང་ཆུ་ལ་སོགས་པའི་དབང་བསྐུར་བ་བརྩམ་པར་བྱའོ། །དེ་ཡང་དང་པོ་ཡུངས་ཀར་དང་བདུད་རྩི་རྣམ་པ་ལྔའི་ཆུས་བདག་ཉིད་གཟི་བརྗིད་དང་བཅས་པས་གཏོར་ཞིང་སྔགས་བརྗོད་དེ། དབང་བསྐུར་བའི་བར་དུ་གཅོད་པའི་བགེགས་བསྐྲད་ པར་བྱས་ལ། ར་བ་དང་དྲ་བ་དང་གུར་ལ་སོགས་པ་ཡང་བྱའོ། །དེ་ནས་སློབ་མ་ཁྲུས་བྱས་ལ། གོས་བཟང་པོ་བསྐོན་ནས་ཁྲི་ལ་བཞག་སྟེ་སྙིམ་པ་མེ་ཏོག་གིས་བཀང་ལ། དཀྱིལ་འཁོར་དུ་འཐོར་དུ་གཞུག་པར་བྱའོ། །སྔགས་ནི་ཨོཾ་པྲ་ཏཱིཙྪ་བཛྲ་ཧོ་ཞེས་བརྗོད་ལ་གཏོར་རོ། །དེ་ནས་མེ་ཏོག་ ལྷུང་བ་བླངས་ཏེ་སློབ་མའི་མགོ་ལ་བཅིངས་ལ། ཨོཾ་དྷརྨཱ་ཀུཎྜ་ཨ་བྷི་ཤིཉྩ་ཞེས་བརྗོད་དོ། །དེ་ནས་པདྨའི་ལག་པ་གཉིས་ཀྱིས་སྔགས་པས་བུམ་པ་རྣམས་བཏེག་ནས། སློབ་མའི་མགོ་ལ་གཏུགས་ཏེ། ཨོཾ་བཛྲ་ཨ་བྷི་ཥིཉྩ་མི་ཏྲཾ་ཞེས་བརྗོད། སྔགས་བརྗོད་ལ་དབང་བསྐུར་རོ། །དེ་ནས་རྣམ་ པར་རྒྱལ་བའི་བུམ་བ་བཏེག་ལ། དྲིལ་བུའི་སྒྲ་དཀྲོལ་ཏེ་གླུའི་རྣམ་པ་བླང་ཞིང་ཆུའི་དབང་བསྐུར་ཏེ་སྔགས་གོང་མ་བརྗོད་དོ། །དེ་ལྟར་ཆུའི་དབང་བསྐུར་བས་རྣམ་པར་རྟོག་པའི་སྡིག་སྒྲིབ་ཐམས་ཅད་དག་པར་བསམ་མོ། །གསེར་ལ་སོགས་པ་ལས་བརྡུངས་པའམ། བ་སོ་ལས་འབུར་དུ་ བརྐོས་པའམ། རས་ལ་སོགས་པ་ལ་རི་མོར་བྲིས་པའམ། གོས་ཀྱི་རྣམ་པ་ལ་སོགས་པ་གང་ཡང་རུང་བ་ལ་དེ་ཉིད་དུ་མི་དམིགས་པར་བྱས་པ་ལས། ཨཾ་ལས་རིན་ཆེན་འབྱུང་ལྡན་བསམས་ཏེ། དེ་ལ་ཡེ་ཤེས་སེམས་དཔའ་དགུག་པ་དང་། གཞུག་པ་དང་། བཅིང་བ་དང་། དགྱེས་པར་ བྱས་ཏེ་བསྟིམ་མོ། །དེ་ལ་མཆོད་པ་ཕུལ་ཏེ། བཟླས་པ་ནུས་ཚད་བྱས་ལ། དེ་ནས་བསྟོད་པ་བྱས་ནས། སྲིད་པ་རང་བཞིན་གྱིས་དག་པ། ཞེས་སོགས་པའི་ཚིག་བརྗོད་དོ། །དེ་ལྟར་གཞན་ལ་ཡང་བསྐྱེད་པ་དང་། བསྟིམ་པ་དང་། མཆོད་པ་དང་། བཟླས་པ་དང་། བསྟོད་ པ་དང་། སྲིད་པ་རང་བཞིན་གྱིས་དག་ཅེས་པའི་ཚིག་བརྗོད་པ་དང་། ཀུན་ཚིག་དེས་འདྲ་སྟེ་ཀུན་ལ་བྱའོ། །དེ་ནས་ཅོད་པན་གྱི་གཟུགས་སུ་གྱུར་པ། དར་དཔྱང་གཉིས་ཐོགས་ལ་འདི་སྐད་བརྗོད་དེ་སྦྱིན་པར་བྱའོ། །ཐོར་ཚུགས་ཅོད་པན་གྱིས་བརྒྱན་པ། །སངས་རྒྱས་ཀུན་གྱིས་བསྔགས་ པ་ཡི། །རིན་ཆེན་དག་གི་དབུ་རྒྱན་དང་། དར་དཔྱང་དབང་བསྐུར་སྦྱིན་པར་བྱ། །ཨོཾ་བཛྲ་པ་ར་ཏ་ཀ་བཛྲཱ་ར་ལི་ཧོ་ཞེས་བརྗོད་དེ་སྦྱིན་པར་བྱའོ། །དེ་ནས་རྡོ་རྗེ་མདུན་དུ་བཞག་ལ། དེ་ཉིད་མི་དམིགས་པ་ལས། ཛྲཱྀཾ་ལས་པདྨར་གྱུར་པ་ལས་སྣང་བ་མཐའ་ཡས་སུ་བསྐྱེད་ལ། དེ་ཡོངས་སུ་ གྱུར་པ་ལས་བྱུང་བའི་རྡོ་རྗེ་སློབ་མའི་སྙིང་གར་བཞག་ལ་འདི་སྐད་བརྗོད་དོ། །འདི་ནི་སངས་རྒྱས་ཐམས་ཅད་ཉིད། །ཧེ་རུ་ཀ་དཔལ་རྒྱལ་པོ་དང་། །མཁའ་འགྲོ་རྣམས་ཀྱི་དབང་མཆོག་སྟེ། །དེ་རིང་ཁྱོད་ལ་དབང་བསྐུར་བྱའོ། །ཨོཾ་ཤྲཱི་ཧེ་རུ་ཀ་ཨ་དྷི་པ་ཏི་སྟྭཾ་ཨ་བྷི་ཥིཉྩ་ཏིཥྛ་བཱི་ར་ས་མ་ཡ་སྟྭཾ་ཞེས་ཏེ། ཐོག་མཐའ་མེད་པའི་སེམས་དཔའ་ནི། །རྡོ་རྗེ་སེམས་དཔའ་དགའ་བ་ཆེ། །ཀུན་དུ་བཟང་པོ་ཀུན་བདག་ཉིད། །རྡོ་རྗེ་སྙེམས་ཚུལ་བདག་པོའི་བདག །ཅེས་བརྗོད་ལ་ལག་པ་གཡས་པར་སྦྱིན་ནོ། །རྡོ་རྗེས་དབང་བསྐུར་བའོ། །དེ་ནས་དྲིལ་བུ་མདུན་དུ་བཞག་ལ། །དེ་ཉིད་མི་དམིགས་པ་ལས་ ཁཾ་དང་། རལ་གྲི་དང་། དོན་ཡོད་གྲུབ་པ་རྣམས་ལས་བྱུང་བའི་དྲིལ་བུ་ལག་པ་གཡོན་པར་སྦྱིན་ཞིང་འདི་སྐད་བརྗོད་དོ། །འདི་ནི་རྣལ་འབྱོར་མ་ཀུན་གྱི། །ཤེས་རབ་དབྱངས་ཀྱི་རྗེས་འགྲོར་བཤད། །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་བཅང་། །བྱང་ཆུབ་མཆོག་ཏུ་རྒྱལ་བ་བཞེད། །སྲིད་པ་ངོ་བོ་ཉིད་ཀྱིས་ དག །ངོ་བོ་ཉིད་ཀྱིས་དངོས་མེད་བྱས། །རང་བཞིན་དག་པའི་སེམས་དཔའ་ནི། །སྲིད་པ་དམ་པ་བྱེད་པར་འགྱུར། །ཨོཾ་ཤྲཱི་ཧེ་རུ་ཀ་ཨ་དྷི་པ་ཏི་སྟྭཾ་ཨ་བྷི་ཥིཉྩ་ཏིཥྛ་བཱི་ར་ས་མ་ཡ་སྟྭཾ་ཞེས་བརྗོད་ལ། ལག་པ་གཡོན་པར་དྲིལ་བུ་སྦྱིན་ནོ། །དྲིལ་བུས་དབང་བསྐུར་བའོ། །དེ་ལྟར་རྡོ་རྗེ་དང་དྲིལ་བུ། ། བྱིན་ལ། ཕྱག་རྒྱ་ཆེན་པོ་དང་ལྡན་པར་བསམས་ལ། དེ་ལ་སྔགས་ཀྱིས་དབང་བསྐུར་ལ། །མིང་གདགས་པར་བྱ་སྟེ། །ཨོཾ་ཤྲཱི་ཧེ་རུ་ཀ་ཨ་དྷི་པ་ཏི་སྟྭཾ་ཨ་བྷི་ཥིཉྩ་མི་ཤྲཱི་ཧེ་རུ་ཀ་ནཱ་མ་ཨ་བྷི་ཥེ་ཀ་ཏ་སྟྭཾ་ཞེས་བརྗོད་ལ། དཔལ་གྱི་སྒྲ་དང་བཅས་པ་པདྨའི་མཐར་ཐུག་པས་མིང་གིས་དབང་བསྐུར་རོ། ། འདི་ནི་སངས་རྒྱས་ཐམས་ཅད་ཉིད། །ཧེ་རུ་ཀ་དཔལ་ཕྱག་ན་བསྣམས། །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་བཅང་། །ཧེ་རུ་ཀ་དཔལ་བརྟུལ་ཞུགས་བརྟན། །རྡོ་རྗེའི་རྩེ་མོ་ནས་སློབ་མ་འཛིན་དུ་བཅུག་ལ། སྔགས་འདི་བརྗོད་དོ། །ཨོཾ་སརྦྦ་ཏ་ཐཱ་ག་ཏ་ཏིཥྛ་བཛྲ་ས་མ་ཡ་ཏིཥྛ་ཨེ་ཥ་སྟྭཾ་དྷ་ར་ཡ་མི་ཧཱུྃ་ཧ་ཧ་ཧ་ ཧ་ཧོཿ ཞེས་བརྗོད་ལ། ལག་པ་གཡས་པར་རྡོ་རྗེ་བརྟུལ་ཞུགས་ཀྱི་དབང་སྦྱིན་ནོ། །ཨ་ལས་བྷནྦྷར་གྱུར་པར་བསྒོམས་ཏེ། ཨོཾ་ལས་གྲི་གུག་དུ་གྱུར་པར་བསྒོམས་ལ། འདི་སྐད་བརྗོད་དེ། ཧེ་རུ་ཀ་དཔལ་ཧེ་རུ་ཀ །རྣལ་འབྱོར་མ་ནི་ཌ་མ་རུ། །རྡོ་རྗེ་ཁཊྭཱཾ་རྡོ་རྗེར་བཅས། །དྲིལ་བུ་ སིལ་སིལ་སྒྲ་སྒྲོགས་ཤིང་། །ཚངས་པའི་སྐུད་ཐོགས་རྣལ་འབྱོར་བདག །གྲི་གུག་དང་ནི་ཀ་པཱ་ལ། །དཔལ་བོ་ཆེན་པོས་བླང་བར་གྱིས། །གྲི་གུག་དང་ཐོད་པའི་དབང་བསྐུར་བའོ། །དེ་རྣམས་དང་ལྡན་པས་སློབ་མ་ལ་ཞི་བ་དང་། རྒྱས་པ་དང་། དབང་དང་། དྲག་པོ་དང་། རེངས་པ་དང་། བསྐྲད་པ་དང་། རྨོངས་པར་བྱ་བ་དང་། གསང་བ་ལ་སོགས་པ་དེ་རྣམས་ལ་ཐོགས་པ་མེད་པར་བསྒྲུབ་པར་བྱོས་ཤིག་ཅེས་པ་དང་། མཆིལ་ལྷམ་བགོ་བ་དང་། ཆར་དབབ་པ་དང་། ཉི་ཟླ་གཟུང་བ་ལ་སོགས་པ་མཁའ་འགྲོ་མའི་དངོས་གྲུབ་ཐམས་ཅད་ཅི་དགའ་བར་སྒྲུབ་པར་གྱིས་ ཤིག་ཅེས་བརྗོད་པ་དེ་ནི་རྗེས་སུ་གནང་བ་སྦྱིན་པའོ། །མེ་ཏོག་ལ་སོགས་པ་ནས་གྲི་གུག་དང་ཐོད་པའི་དབང་བསྐུར་བ་ཡན་ཆད་ཀྱིས་ནི་ལུས་དག་པར་བྱེད་པ་ཡིན་པས་ན་སྐུའི་དབང་ཞེས་བྱའོ། །འབྲས་བུ་ནི་གང་དང་སྐལ་བ་མཉམ་པ་ཡིན་ཞེ་ན། ས་བརྒྱད་པའི་བྱང་ཆུབ་སེམས་ དཔའ་དང་སྐལ་བ་མཉམ་པ་ཡིན་ནོ། །དེ་ནས་མེ་ཏོག་ལ་སོགས་པའི་དབང་རྣམས་ཐོབ་པ་ལ་བླ་མས་དབང་བསྐུར་བ་བསྒྲུབ་སྟེ། གནས་དེ་ཉིད་དུ་མི་མེད་ཅིང་དབེན་པར་བྱས་ནས། ཡོལ་བས་བར་དུ་བཅད་དེ། མཎྜལ་གྲུ་བཞི་པ་བྱས་ལ། དེ་དྲི་ཞིམ་པོ་དང་བདུད་རྩི་ལྔའི་ཆག་ཆག་ གདབ་པོ། །དེར་མེ་ཏོག་ཆལ་མར་བཀྲམ་སྟེ། གདན་སྣ་ཚོགས་བཟང་པོ་བཏིང་ནས། སློབ་མས་ཤེས་རབ་མ་མཚན་དང་ལྡན་པ་བླ་མ་ལ་ཕུལ་ལ། འདི་སྐད་ཅེས་གསོལ་བ་གདབ་པར་བྱའོ། །ཁྱོད་ནི་ཧེ་རུ་ཀ་དཔལ་ཏེ། །བདེ་གཤེགས་རྣམས་ཀྱི་བདེ་སྤེལ་ མཛད། །བྱང་ཆུབ་ས