Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 7
Văn bản gốc(Tây Tạng)
Trang 19 / 20 (50.000 ký tự/trang)
ལུས་དང་ངག་ཀྱང་སེམས་ལས་ཐ་མི་དད་པ་ཉིད་ཀྱི་ཕྱིར་ན། དེ་སྟོང་པ་ཉིད་དུ་གསལ་བར་བྱེད་པའི་སྔགས་ཁོ་ནས་དེ་དག་ཀྱང་སྟོང་ པ་ཉིད་དུ་གསལ་བར་བྱེད་པའོ། །ཀྱེའི་རྡོ་རྗེའི་སྟེ་ཕྱག་བཅུ་དྲུག་པའིའོ། །འཇིག་རྟེན་གསུམ་གདུལ་བའི་དོན་ཀུན་དུ་བསྐྱོད་པར་བྱེད་སྐྲག་པར་བྱེད་ཅེས་པ་ཏྲཻ་ལོ་ཀྱ་ཨཱ་ཀྵེ་པའོ། །ཡང་ན་གསུམ་ནི་ལུས་དང་ངག་དང་ཡིད་རྣམས་ཏེ། འཇིག་རྟེན་རྣམས་ཀྱང་སྟེ་ཕུང་པོ་ལྔ་ རྣམས་སོ། །དེ་རྣམས་ཁོ་ན་གསུམ་འཇིག་རྟེན་ཉིད་དེ། དེ་རང་བཞིན་མེད་པ་ཉིད་ཀྱིས་ཀུན་དུ་བསྐྱོད་དོ་ཞེས་པའོ། །ཤིན་ཏུ་འབར་བར་བྱེད་པས་ན་ཛྭ་ལ་ཛྭ་ལའོ། །དེ་ཉིད་ཀྱི་ཕྱིར་གདུག་པ་ཅན་ཡང་དག་པར་སྐྲག་པར་བྱེད་པ་ཉིད་ཀྱིས་ན་བྷྱོ་ཏེ་འཇིགས་པར་བྱེད་པ་ཞེས་པའི་དོན་ཏོ། ། ཀི་ཊི་ཀི་ཊི་ནི་གདུག་པ་ཅན་སྐྲག་པར་བྱེད་པའི་ཐབས་ཀྱི་བྱེ་བྲག་གོ། །དེས་གདུག་པ་འཇོམས་པའི་ཕྱིར་རྡོ་རྗེའོ་ཞེས་པའི་ཀི་ཊི་ཀི་ཊི་བཛྲའོ། །ཕྱག་འབུམ་པ་ནི་ཉི་ཤུ་རྩ་བརྒྱད་པར། དེ་བཞིན་ཕྱག་འབུམ་ཇི་སྲིད་པར། །ཞེས་གསུངས་སོ། །འདི་ནི་བདེ་མཆོག་གཞན་ཉེ་བར་མཚོན་ པའོ། །དེ་ཉིད་ཀྱི་ཕྱིར་སྔགས་སུ། ས་ཧ་སྲ་བྷུ་ཛ་བྷ་སུ་རཱ་ཡ་ཞེས་གསུངས་སོ། །འདི་ནི་རྐང་པ་བརྒྱད་པ་བསྟོད་པའི་སྔགས་ཏེ། རྐང་པ་སོ་སོར་དང་པོར་ཨོཾ་ཡིག་ཉེ་བར་བསྟན་པ་ལས། ཧཱུྃ་ཧཱུྃ་ཕཊ་ཀྱི་ཡི་གེ་རྣམས་སོ། །གཉིས་པ་ལ་སོགས་པའི་ཨོཾ་ཡིག་རྣམས་དང་སྭཱ་ཧཱའི་ཡི་གེ་ སྤངས་པས། ཨོཾ་ཡིག་གསལ་བའི་ཀ་ར་ཀ་ར་ཞེས་པ་ལ་སོགས་པ་དང་བཅས་པ་ནི་ཕྲེང་བའི་སྔགས་བཟླས་པར་བྱ་བའོ། །མཁའ་འགྲོ་མ་ནི་རྡོ་རྗེ་ཕག་མོ་བདེ་མཆོག་གི་མཉམ་པར་འཁྱུད་པ་དང་མ་འཁྱུད་པ་སྟེ། དེའི་རྩ་བའི་སྔགས་སོ། །དངོས་གྲུབ་རྣམས་ཐམས་ཅད་གཏོར་མ་སྔོན་མ་ ཅན་ཉིད་ཀྱི་ཕྱིར་དེའི་སྔགས་གསུངས་པ། ཨོཾ་བཛྲ་ཞེས་པ་ལ་སོགས་པ། དྲྀ་ཤྱ་ཧོཿཞེས་པའི་མཐར་ཐུག་པ་སྔགས་གཅིག་གོ། །གསུམ་ཞེས་པ་ལ་སོགས་པ་ནི་གཅིག་དང་གཉིས་ཉེ་བར་མཚོན་པའོ། །བགེགས་སེལ་བ་དང་ཞི་བ་ཐོབ་པ་གསལ་བར་བྱེད་པ། སྭཱ་ཧཱའི་ཡི་གེའོ། །དབང་པོ་ ལ་སོགས་པ་འཁོར་དང་བཅས་པ་རྣམས་ནི་འབྱུང་པོ་ཐམས་ཅད་དེ། དེ་རྣམས་འདིའི་ལྷའོ་ཞེས་པ་འབྱུང་པོ་ཐམས་ཅད་པའོ། །གཏོར་མ་ནི་ཉེ་བར་སྤྱོད་པའི་བྱེ་བྲག་གོ། །དེ་བྱིན་གྱིས་རློབ་ཅིང་གསལ་བར་བྱེད་པའི་སྔགས་ནི་འབྱུང་པོ་ཐམས་ཅད་པའི་གཏོར་མའི་སྔགས་སོ། །འདིའི་ཆོ་ ག་འཆད་པར་འགྱུར་རོ། །ལས་འགྲུབ་པ་རྣམས་ནི་དམ་ཚིག་བསྟེན་པ་སྔོན་མ་ཅན་ནོ་ཞེས་པས་དེ་བྱིན་གྱིས་རློབ་པའི་སྔགས་སོ། །དེ་ནས་དཀྱིལ་འཁོར་དུ་ཞུགས་པ་ཁོ་ནས་འདི་ཐམས་ཅད་བསྒྲུབ་པར་བྱའོ་ཞེས་བསྟན་པའི་ཆེད་དུ་དཀྱིལ་འཁོར་བྲི་བའི་དང་པོར་ས་སྦྱང་བའི་སྔགས་སོ། །བསྣུན་པ་ནི་ མངོན་པར་འདོད་པའི་རྣམ་པར་བསྣུན་པ་ལ་སོགས་པས་བརྡེབ་པའོ། །གར་བྱེད་པ་ནི་དབང་དུ་བྱེད་པའོ། །ཇི་སྐད་གསུངས་པའི་རྡོ་རྗེ་མཁའ་འགྲོ་མ་ལ་སོགས་པ་གང་ཡང་རུང་བའི་སྐུ་ཅན་གྱིས་སྔོན་དུ་འབུམ་བཟླས་པའི་རྗེས་ཐོགས་སུ་སྒྲུབ་པར་བྱེད་དོ། །དམ་ཚིག་ལ་རང་གི་སྙིང་གའི་ས་བོན་གྱི་ འོད་ཟེར་རྣམས་ཀྱིས་བསྒྲུབ་བྱ་བཀུག་ནས། མན་ངག་ཇི་ལྟར་སྭཱ་ཧཱའི་ཡི་གེ་ལས་སྔོན་དུ་བསྒྲུབ་བྱའི་མིང་དང་ལྷན་ཅིག་པའི་གྷྲཱ་ཏ་ཡ་ཞེས་པ་ལ་སོགས་པ་བསྐུལ་བའི་ཚིག་སྤེལ་ཏེ་བཟླས་སོ་ཞེས་པ་ཆོ་གའོ། །ཨརྒྷའི་སྔགས་ལ་སོགས་པ་ནི་ལྷ་རྣམས་ཀྱིའོ། །ཨོཾ་ཧཾ་ཞེས་པ་ལ་སོགས་པའི་ སྔགས་གསུམ་ནི་བཅུ་གཉིས་པར་བཤད་ཟིན་ཏོ། །ཕྱག་རྒྱ་ཆེན་མོ་ནི་རྡོ་རྗེ་ཕག་མོའི་ཞེས་པའོ། །དཔལ་ཡང་དག་པར་སྦྱོར་བའི་རྒྱུད་ཀྱི་རྒྱ་ཆེར་འགྲེལ་བ་མན་ངག་གི་སྙེ་མར་སྙེ་མ་སུམ་ཅུ་གཉིས་པའོ།། །།དེ་ཁོ་ན་ཉིད་ལེགས་པར་བསྒོམས་པས་ཇི་སྐད་གསུངས་པའི་རྫོགས་ པའི་དཀྱིལ་འཁོར་གྱི་བདག་ཉིད་ཅན་རྡོ་རྗེ་འཛིན་པ་རྣམ་པ་སྣ་ཚོགས་པའི་སྤྲུལ་པའི་རླབས་ཀྱིས་ཡོངས་སུ་བསྐོར་བ་ཁོ་ན་སྐྱེ་བོའི་ཞེས་གསལ་བར་འགྱུར་བའི་ཆེད་དུ་གསུངས་པ། དེ་ནས་ཞེས་པ་ལ་སོགས་པའོ། །ལྷ་ཞེས་པ་རོལ་རྩེད་ཀྱི་སྐབས་སུ་འོས་པའི་བོད་པའོ། །མྱང་འདས་ ནི་ཀུན་དུ་རྟོག་པ་མཐའ་དག་སྤངས་པའི་ཕྱིར་ཤེས་རབ་དང་སྙིང་རྗེ་དག་གིས་སྲིད་པ་དང་ཞི་བ་ལ་མི་གནས་པའོ། །དེའི་གོ་འཕང་ནི་གནས་ཏེ་ཀུན་རྫོབ་ཏུའོ། །དེ་ལས་རྒྱས་པ་ནི་ཆོ་འཕྲུལ་རྣམ་པར་འཕྲོ་བའོ། །མདོར་བསྟན་པ་འདི་རྒྱས་པར་སྟོན་པ་ནི། ཅི་ཞིག་ཏུ་ཞེས་པ་ལ་སོགས་པའོ། ། ཉོན་ཅིག་ནི་མངོན་པར་འདོད་པའི་གནས་སོ། །རིགས་པ་ནི་འདིར་རྫོགས་པའི་རིམ་པའི་དཀྱིལ་འཁོར་རབ་ཏུ་གསལ་བ་སྟེ། དེ་ལས་མ་འདས་པར་བཤད་པར་བྱའོ། །རྟོག་པའི་སེམས་ཀྱི་འཛིན་པའི་ནི་འགོག་པ་སྟེ། མྱ་ངན་ལས་འདས་པའོ། །གང་སྔར་གཉིས་པ་དང་དྲུག་ པའི་བརྟག་པར། ཐམས་ཅད་བདག་ཉིད་ལ་རྟག་གནས། །ཞེས་པ་འདི་ལྟར་རྒྱུན་གྱིས་གསལ་བར་བྱས་པ། དེ་ཁོ་ན་འཛིན་པའོ་ཞེས་འབྲེལ་ལོ། །དེ་ཁོ་ན་སྟོང་པ་ཉིད་དང་སྙིང་རྗེ་དབྱེར་མེད་པ་བདེ་བ་ཆེན་པོའི་སྙིང་པོའི་ངོ་བོ་བྱང་ཆུབ་ཀྱི་སེམས་བླ་ན་མེད་པའི་ དཀྱིལ་ཏེ། དེ་ལེན་པའི་ཕྱིར་ལུས་ནི་དཀྱིལ་འཁོར་ཞེས་སངས་རྒྱས་རྣམས་གསུང་ངོ་ཞེས་པ་སྡུད་པ་མཛད་པའིའོ། །དེ་ཅི་ལྟར་ཤེས་པར་བྱ་ཞེ་ན། བརྗོད་པའི་རྗེས་སུ་འབྲང་བས་སོ། །དེའི་གནས་ནི་ལུས་ཀྱི་དཀྱིལ་འཁོར་ལྟེ་བའི་ཆུ་སྐྱེས་སོ། །གང་གསུངས་པ། ཀུན་ཞེས་པ་ལ་ སོགས་པ་སྟེ། ཀུན་མཁྱེན་ཡེ་ཤེས་ནི་ཇི་སྐད་གསུངས་པའི་བདེ་བ་ཆེན་པོ་སྟེ། དེས་མངོན་པར་ཁྱབ་པ་རབ་ཏུ་གསལ་བའོ། །དེའི་ཕྱིར་ལྟེ་བའི་པདྨ་དེར་རོ། །དགའ་བ་ནི་སྤྲོས་པ་རྩ་བ་ནས་ཕྱུང་བ་དེ་མ་ཐག་ཏུ་བཤད་པའི་བྱང་ཆུབ་སེམས་ཀྱི་བདག་ཉིད་རྡོ་རྗེ་སེམས་དཔའོ། །ཆ་མེད་ནི་དོན་དམ་ པར་དགའ་བ་ལ་སོགས་པའི་ཆ་རྣམས་སྟོང་པ་ཉིད་ཀྱི་ཕྱིར་རོ། །ཆ་རྣམས་སྤངས་པ་ནི་ཁུ་བའི་ཆ་རྣམས་ཀྱང་རང་བཞིན་མེད་པ་ཉིད་ཀྱི་ཕྱིར་རོ། །རྩེན་པར་བྱེད་ནི་ཀུན་རྫོབ་ཏུའོ། །ལུས་ཅན་རྣམས་ཀུན་ལ་ཞེས་པ་ཐམས་ཅད་ལ་དེའི་བདག་ཉིད་དུ་འབྲེལ་བས་སོ། །དོན་དམ་པ་ནི་ལུས་ལས་འདས་ ཏེ། གང་གི་ཕྱིར་ལུས་ཀྱི་བག་ཆགས་སྤངས་པས་སོ། །ཇི་སྐད་དུ་གསུངས་པ། ལུས་གནས་ཡེ་ཤེས་ཆེན་པོ་ཡང་། །ཀུན་དུ་རྟོག་པ་ཐམས་ཅད་སྤངས། །དངོས་པོ་ཀུན་ལ་ཁྱབ་པ་པོ། །ལུས་ལ་གནས་ཀྱང་ལུས་སྐྱེས་མིན། །ཞེས་སོ། །དེ་ནི་མ་རིག་པ་དང་བཅས་པས་རྟོགས་བྱ་མ་ཡིན་ ནོ། །ཡོངས་སུ་དག་པ་ནི་དེ་རྟོགས་པས་སངས་རྒྱས་ཐམས་ཅད་རྫུ་འཕྲུལ་ཆེན་པོ་རྣམས་ཀྱིས་རྣམ་འཕྲུལ་ཅིང་། གཞན་གྱི་དོན་དུ་ཤིན་ཏུ་དགའ་སྟོན་ལ་སྤྲོ་བས་རྣམ་པར་རོལ་ཅིང་རང་གི་ངོ་བོ་འཇུག་པར་མཛད་དོ། །དེའི་འཇུག་པ་གསུངས་པ། ལ་ལར་ཞེས་པ་ལ་སོགས་པ་སྟེ། དཔེར་ ན། བདག་ཅག་གི་སྟོན་པས་ནི་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ། རབ་གསལ་ཞེས་བྱ་བའི་རྒྱལ་པོར་འགྱུར་བས་སྨོན་པའི་བྱང་ཆུབ་ཀྱི་སེམས་བསྐྱེད་པར་གྱུར་ཏོ། །བཅོམ་ལྡན་འདས་མར་མེ་མཛད་ལ་ཡང་འཇུག་པ་བྱང་ཆུབ་ཀྱི་སེམས་སོ། ། དེ་སྐད་དུ་ཡང་བཅོམ་ལྡན་འདས་ཀྱིས་གསུངས་པ། ཇི་སྲིད་སངས་རྒྱས་ཤཱཀ་ཐུབ་ནས། །འདྲེན་པ་ཡུལ་འཁོར་སྐྱོང་གི་བར། །སྟོང་ཕྲག་བདུན་ཅུ་རྩ་བདུན་གྱི། །སངས་རྒྱས་རྣམས་ནི་ངས་མཆོད་དོ། །བདག་གིས་རྒྱལ་བ་རྣམས་མཆོད་ལས། །གྲངས་མེད་གཅིག་ནི་སོང་གྱུར་ཏེ། །བདག་གི་ སེམས་ནི་སྐྱོ་བའང་མེད། །སངས་རྒྱས་ཉིད་ནི་མངོན་འདོད་པས། །ཇི་སྲིད་སངས་རྒྱས་མར་མེ་མཛད། །ཐུབ་པ་དབང་པོའི་རྒྱལ་མཚན་པར། །སྟོང་ཕྲག་བདུན་ཅུ་རྩ་དྲུག་གི། །སངས་རྒྱས་རྣམས་ནི་བདག་གིས་མཆོད། །བདག་གིས་རྒྱལ་བ་མཆོད་པ་ལས། །གྲངས་མེད་གཉིས་པ་ སོང་བར་གྱུར། །ཇི་སྲིད་སངས་རྒྱས་དགེ་མཛད་ནས། །སངས་རྒྱས་འོད་སྲུངས་ཇི་སྲིད་པར། །སྟོང་ཕྲག་བདུན་ཅུ་རྩ་བདུན་གྱི། །སངས་རྒྱས་རྣམས་ནི་བདག་གིས་མཆོད། །བདག་གིས་རྒྱལ་བ་རྣམས་མཆོད་ལས། །གྲངས་མེད་གསུམ་པ་འདས་པར་གྱུར། །ཞེས་པ་ལ་སོགས་ པའོ། །ཇི་སྲིད་རྗེས་མཐུན་ཞེས་པ། བསྐལ་པ་གྲངས་མེད་པ་གསུམ་རྣམས་སུ་ཡང་བྱང་ཆུབ་སེམས་དཔར་གྱུར་པའི་བཅོམ་ལྡན་འདས་ཀྱིས། སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་རྣམས་སྤྱད་ཅིང་རིམ་གྱིས་རྫོགས་པའོ། །དེའི་རྗེས་སུ་བྱང་ཆུབ་སེམས་དཔའ་གཞན་གྱི་དོན་དུ་དགའ་ ལྡན་པ་རྣམས་སུ་འཁྲུངས་པར་གྱུར་ཏོ། །དེ་ནས་དམ་པ་ཏོག་དཀར་པོ་ཞེས་བྱ་བ་འདིས་རིགས་དང་ཡུལ་དང་དུས་དང་རུས་དང་བུད་མེད་རྣམས་བརྟགས་ཏེ། འདོད་པ་ན་སྤྱོད་པའི་ལྷ་རྣམས་ལ་ལན་གསུམ་རྗེས་སུ་བསྒྲགས་ནས། ནམ་གྱི་གུང་ཐུན་ལ་གླང་པོ་ཆེའི་རྒྱལ་པོའི་གཟུགས་སུ་ངེས་པར་ བསྟན་པས་ལྷ་མོ་སྒྱུ་འཕྲུལ་ཆེན་མོའི་ལྷུམས་སུ་ཞུགས་སོ་ཞེས་པ་འབབ་པའོ། །དེ་ནས་ཟླ་བ་བཅུ་རྣམས་འདས་པ་དང་། ལྷ་མོ་ལས་ལུམྦི་ནཱིའི་ཚལ་དུ་མཚན་མོའི་གུང་ཐུན་ལ་བལྟམས་ཏེ། འཇིག་རྟེན་གྱི་ཁམས་རྣམས་ཀྱང་བྱང་ཆུབ་སེམས་དཔའི་འོད་དང་སྣང་བ་ཆེན་པོས་གསལ་བར་ བྱས་ཤིང་། ས་གཞི་ཡང་རྣམ་པར་འགྱུར་བ་དྲུག་ཏུ་གཡོས། ལྷ་རྣམས་ཀྱིས་ཀྱང་བར་སྣང་ལས་རྣམ་པ་སྣ་ཚོགས་པའི་གོས་དང་གདུགས་དང་རྔ་ཡབ་དང་མེ་ཏོག་དང་ཙནྡན་ལ་སོགས་པ་རྣམས་ཀྱིས་གཏོར་རོ། །བྱང་ཆུབ་སེམས་དཔའ་ཡང་མངལ་གྱི་དྲི་མས་མ་གོས་པ་ནོར་བུ་བཞིན་ དུ་དང་བའི་སྐུ་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་རྣམས་དང་དཔེ་བྱད་བཟང་པོ་བརྒྱད་ཅུས་བརྒྱན་པར་འཁྲུངས་སོ་ཞེས་པ་སྐྱེ་བ་རྣམ་པར་དག་པའོ། །དེ་ནས་གཞོན་ནུའི་རོལ་རྩེད་ཉེ་བར་བསྟན་ནས་གྲགས་འཛིན་མ་དང་ས་སྐྱོང་མ་ལ་སོགས་པ་བུད་མེད་སྟོང་ཕྲག་ དྲུག་ཅུའི་བཙུན་མོའི་འཁོར་དུ་ཞུགས་ནས། འདི་སྐྱེས་བུ་མིན་པས་རབ་ཏུ་བྱུང་ངོ་ཞེས་སྨོད་པ་ཡོངས་སུ་སྤང་བའི་ཆེད་དུ་ལྷ་མོ་གྲགས་འཛིན་མ་དང་ལྷན་ཅིག་ཡོངས་སུ་རྒྱུ་བ་མཛད་དོ། །དེ་ནས་བརྒྱ་བྱིན་དང་ཚངས་པ་ལ་སོགས་པ་ལྷ་རྣམས་ཀྱིས་སྤྲོ་བར་བྱས་པ། འདུན་པ་དང་ལྷན་ཅིག་ རྟའི་རྒྱལ་པོ་བསྔགས་ལྡན་ལ་ཆིབས་ཏེ། འདོད་པ་ན་སྤྱོད་པ་དང་གཟུགས་ན་སྤྱོད་པའི་ལྷ་རྣམས་ཀྱིས་རྗེས་སུ་འབྲང་བཞིན་པ་རྣམ་པ་སྣ་ཚོགས་པའི་གོས་དང་མེ་ཏོག་ལ་སོགས་པ་པུས་མོ་ནུབ་ཙམ་ལ་གཤེགས་ཤིང་། དཔག་ཚད་བཅུ་གཉིས་རྣམས་སུ་གཤེགས་སོ་ཞེས་པ་ཁབ་ནས་ འབྱུང་བ་སྟེ། གསལ་བ་ནི་རབ་ཏུ་གྲགས་པའོ། །དེ་ནས་འདུན་པ་དང་བསྔགས་ལྡན་དག་བསྐུར་ནས་དབུ་སྐྲ་རྣམས་གྲིས་བྲེགས་ཏེ་བརྒྱ་བྱིན་ལ་གནང་ཞིང་ན་བཟའ་ངུར་སྨྲིག་རྣམས་བསྣམས་ཏེ་དགེ་སློང་དུ་གྱུར་པས། ཆུ་བོ་ནཻ་རཉྫ་ནའི་འགྲམ་དུ་དབུགས་དབྱུང་བ་དང་དབུགས་རྔུབ་ པ་བཀག་པ་ལས་མི་གཡོ་བའི་ཏིང་ངེ་འཛིན་གྱིས་ཏིལ་གཅིག་རེ་ཙམ་གསོལ་བའི་དཀའ་ཐུབ་ལོ་དྲུག་སྤྱད་དེ། འདི་ནི་བྱང་ཆུབ་ཀྱི་ཆེད་དུ་བའི་ལམ་མ་ཡིན་ནོ་ཞེས་ཇི་ལྟར་བདེ་བར་དབུགས་ཕྱུང་ནས་སྦྲང་དང་འོ་ཐུག་ཡོངས་སུ་གསོལ་ཏེ། བཞུགས་པ་ཙམ་གྱིས་བྲག་རི་ཆེན་པོ་ཞིག་ པའི་རྗེས་ཐོགས་སུ་ལྷ་རྣམས་ཀྱིས་ཉེ་བར་བསྟན་པའི་ལམ་ནས། ཀླུའི་རྒྱལ་པོ་ནག་པོས་བསྟོད་བཞིན་བྱང་ཆུབ་ཀྱི་ཆེད་དུ་གཟིགས་མོ་ཆེན་པོས་གཤེགས་ཏེ། རྡོ་རྗེ་གདན་གྱི་ས་གཞི་ལ་འཛེགས་ནས་བྱང་ཆུབ་ཤིང་གི་རྩ་བར། ཀུ་ཤ་གསེར་གྱི་ཁ་དོག་ཅན་རས་བལ་ལྟར་རེག་བྱ་ འཇམ་པ་རྣམས་ལ་བཞུགས་ཤིང་། འབྱུང་པོ་བྱེ་བ་ཕྲག་སུམ་ཅུ་རྩ་དྲུག་གི་འཁོར་ཅན་འདོད་པའི་ཁམས་ཀྱི་དབང་ཕྱུག་གི་བདུད་བྱམས་པའི་མཚོན་གྱིས་བཏུལ་ཏེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་སོ། །ཚངས་པས་གསོལ་བ་བཏབ་ པ་ཝཱ་རཱ་ཎ་སཱི་རུ་གཤེགས་ཏེ། རྣམ་པ་བཅུ་གཉིས་ལན་གསུམ་གསུམ་དུ་བཟླས་པའི་ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་རོ། །སུམ་ཅུ་རྩ་གསུམ་པའི་ལྷའི་གནས་སུ་གཤེགས་ནས་ཆོས་བསྟན་ཏེ་བརྒྱ་བྱིན་དང་ཚངས་པ་ལ་སོགས་པ་འདོད་པ་ན་སྤྱོད་པ་དང་གཟུགས་ན་སྤྱོད་པའི་ལྷ་རྣམས་རྗེས་ སུ་འབྲང་བཞིན་པ་གྲོང་ཁྱེར་གསལ་ལྡན་དུ་བབས་ནས། མཉན་ཡོད་དུ་ཆོ་འཕྲུལ་ཆེན་པོ་རབ་ཏུ་བསྟན་ཏེ། གཞན་མུ་སྟེགས་བྱེད་རྣམས་ཚད་མས་ཚར་བཅད་ཅིང་། སེར་སྐྱའི་གཞིའི་ནགས་སུ་སེང་གེ་དང་འཕྲོག་བྱེད་དང་དབྱིག་གི་སྙིང་པོ་དང་། གཞོན་ནུ་དང་བགེགས་ཀྱི་བདག་པོ་དང་དབང་པོ་ དང་ཟླ་བ་དང་ཉི་མ་དང་སྒྲ་གཅན་དང་གཟའ་དང་རྒྱུ་སྐར་དང་དཔལ་མོ་དང་རྣམ་ཐོས་སྲས་དང་ཡུལ་འཁོར་སྲུང་དང་འཕགས་སྐྱེས་པོ་དང་མིག་མི་བཟང་དང་ས་དང་མེ་དང་གཤིན་རྗེ་དང་ཆུ་ལྷ་ལ་སོགས་པའི་ལྷ་དང་ཀླུ་དང་གནོད་སྦྱིན་དང་སྲིན་པོ་དང་དྲི་ཟ་དང་ལྷ་མ་ཡིན་དང་ནམ་མཁའ་ལྡིང་ དང་མི་འམ་ཅི་བརྒྱ་སྟོང་ཕྲག་དུ་མ་རྣམས་མྱ་ངན་ལས་འདས་པ་དང་། སོ་སོར་ལྡན་པའི་ཆོས་བསྟན་པས་བཏུལ་ལོ། །དེ་ལྟ་བུ་ལ་སོགས་པའི་གདུལ་བྱའི་གནས་རྣམས་སུ་ཉེ་བར་བྱོན་ནས། ཐབས་རྣམ་པ་སྣ་ཚོགས་པ་རྣམས་ཀྱིས་སྐལ་བ་ཇི་ལྟ་བ་བཞིན་དུ་སེམས་ཅན་གྱི་ཕུང་པོ་ དཔག་ཏུ་མེད་པ་རྣམས་ཐེག་པ་གསུམ་རྣམས་ལ་བཏུལ་ནས། བདེ་འགྲོའི་འབྲས་བུ་དང་ཐར་པའི་བྱང་ཆུབ་ཏུ་ཡང་རབ་ཏུ་བཀོད་དོ། །ཐེག་པ་ཆེན་པོ་ལ་རུང་བ་ཤེས་རབ་རྣོ་བ་རྣམས་ཀྱི་དབང་དུ་བྱས་ཏེ། རྡོ་རྗེ་འཛིན་པ་ལ་སོགས་པའི་གཟུགས་ཀྱིས་དངོས་གྲུབ་ཐམས་ཅད་ཀྱི་དབང་ཕྱུག་ ཉིད་ཉེ་བར་སྟོན་ཅིང་། རྡོ་རྗེ་ཐེག་པ་བསྟན་ཏོ། །དེ་ལ་ཡང་མི་འཇུག་པ་དབང་ཕྱུག་ཆེན་པོ་ལ་སོགས་པ་འཇིག་རྟེན་གསུམ་གྱི་འཁོར་ལོའི་དཀྱིལ་འཁོར་དུ་གཞུག་པ་ལ་སོགས་པས་གདུལ་བྱའི་ཆེད་དུ་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་སྐུ་རུ་གསལ་བར་གྱུར་ཏོ། །འགྲོ་བ་འདུལ་བ་ལ་ སོགས་པའི་བརྟག་པ་རྣམས་སུ་ཡང་དངོས་གྲུབ་ཆེན་པོའི་ལྷག་པའི་བདག་པོ་ཉིད་བླ་ན་མེད་པ་ཉེ་བར་བསྟན་ཏོ། །ཤཱཀྱ་ཐུབ་པའི་སྐུས་ནི་ཝཱ་རཱ་ཎ་སཱི་རུ་འཕགས་པ་བྱམས་པ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་ནས་ད་ལྟ་དེ་རྒྱལ་ཚབ་ཉིད་དུ་བསྒྲགས་སོ། །རྒྱལ་པོའི་ ཁབ་ཏུ་བྱ་རྒོད་ཕུང་པོ་ལ་འཛེགས་ཏེ། ཀུན་དགའ་བོ་མ་ག་དྷཱའི་ས་གཞི་ནི་དགའ་བར་འོས་པའོ་ཞེས་གསུངས་ནས། ཡངས་པ་ཅན་དུ་ཡང་ཀུན་དགའ་བོ་དེ་བཞིན་གཤེགས་པས་རྫུ་འཕྲུལ་གྱི་རྐང་པ་བཞི་རྣམས་བསྟེན་པ་སྟེ། བཞེད་ན་བསྐལ་བའམ་བསྐལ་པའི་ ལྷག་མར་གནས་སོ་ཞེས་ལན་གསུམ་བཀའ་སྩལ་ཏེ། གང་ཀུན་དགའ་བོ་ཅང་མི་སྨྲ་བར་དགོངས་ནས། མདོ་སྡེ་ལ་རྟོན་པས་ཐམས་ཅད་འབྱུང་བར་བྱའི་གང་ཟག་ལ་རྟོན་པས་ནི་མ་ཡིན་ནོ་ཞེས་བསླབས་ཏེ། གྲོང་ཁྱེར་ཀུ་ཤ་ཅན་དུ་རྒྱལ་པོ་ཆེན་པོ་བཞི་རྣམས་དང་བརྒྱ་བྱིན་ལ་བསྟན་པ་ གཏད་ནས། སེམས་ཅན་རྣམས་ཀྱི་དོན་གྱི་ཆེད་དུ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་སྐུ་གདུང་རྣམས་ཏིལ་ཙམ་དུ་བཞག་སྟེ། བསམ་གཏན་བཞི་པ་ལ་སྙོམས་པར་ཞུགས་པས་མི་གཡོ་བའི་ཞི་བ་ལྕོགས་ནས་འཇིག་རྟེན་གྱི་ཁམས་འདིར་ཡོངས་སུ་མྱ་ངན་ལས་འདས་སོ། །འཚམ་པ་ མེད་པའི་ཁམས་གསུམ་པ་གཞན་རྣམས་སུ་སླར་ཡང་དཔག་ཏུ་མེད་ཅིང་བསམ་གྱིས་མི་ཁྱབ་པ་སྣ་ཚོགས་པའི་སྤྲུལ་པའི་ཚོགས་རབ་འབྱམ་རྣམས་ཀྱིས་རྒྱུན་མི་ཆད་པར་སྐྱེ་བ་ལ་སོགས་པ་སྟོན་ཅིང་། ལུས་འཛིན་རྣམས་ལ་ཕན་པའི་བྱ་བ་རྣམས་ཀྱིས་ཆོས་ཀྱི་རྒྱལ་སྲིད་མུ་མཐའ་མེད་པས་ མཆོག་ཏུ་རོལ་ཅིང་ད་དུང་ཡང་ཡོད་ལ། བསྐལ་པ་དཔག་ཏུ་མེད་པ་རབ་འབྱམ་དུ་ཆོས་ཀྱི་སྐུར་སླར་ཡང་འདི་དང་གཞན་དུ་ཡང་གནས་པར་འགྱུར་རོ་ཞེས་པ་ཐམས་ཅད་ལ་དགོངས་ནས་གསུངས་པ། འདི་ལྟ་སྟེ་ཞེས་པ་ལ་སོགས་པའོ། །འདི་ལྟ་སོགས་ཀྱིས་ཏེ་རྣམ་འཕྲུལ་གྱི་ལས་ རྣམས་ཀྱིས་རབ་ཏུ་འཇུག་ཅེས་སྔ་མ་དང་འབྲེལ་ལོ། །མཆོག་ནི་དང་པོའོ། །འོ་ན་རྒྱུའི་གནས་སྐབས་ཀྱི་རྗེས་ཐོགས་སུ་ལས་རྣམས་ཡོད་པའི་ཕྱིར་དང་པོ་ཡོད་དོ་ཞེ་ན་མ་ཡིན་ཏེ། དཔག་ཏུ་མེད་ཅིང་ཐོག་མ་མེད་པའི་སངས་རྒྱས་རྣམས་ཀྱི་ལས་རྣམས་ཀྱང་ཐོག་མ་མེད་པས་སོ། །ཆོས་ ཀྱི་སྐུ་ལ་ལྟོས་པས་ནི་ཤིན་ཏུ་ཡང་སྟེ། དེ་ཉིད་ཀྱི་ཕྱིར་གསུངས་པ། ཀུན་ཞེས་པ་སྟེ་སངས་རྒྱས་ཀུན་རྣམས་ཀྱི་བདག་ཉིད་ལ་སྟེ་ཆོས་ཉིད་ལ་གང་རྣམས་སྡོམ་པ་སྟེ། དེའི་རང་བཞིན་ཉིད་ཀྱིས་ནང་དུ་འདུས་པ་དེ་རྣམས་ནི་དེ་སྐད་དོ། །དེ་རྣམས་ཀྱི་སྤྲོ་བ་དང་སྡུད་པ་དག་ཀྱང་དེ་ཁོ་ ནའི་འོ། །གང་མངོན་པར་རྟོགས་པའི་རྒྱུད་དུ་གསུངས་པ། ཆོས་ཀྱི་སྐུ་ཡི་ཕྲིན་ལས་འདི། །རྣམ་པ་ཉི་ཤུ་བདུན་དུ་བཞེད། །ཅེས་སོ། །དེ་ཡང་ཐམས་ཅད་མཁྱེན་པའི་ཡེ་ཤེས་དང་རོ་མཉམ་པར་གྱུར་པའོ། །དེ་ཡང་དངོས་པོ་དང་དངོས་མེད་དུ་སྒྲོ་བཏགས་པ་དག་དང་བྲལ་བ་ཁོ་ ན་དང་སྤྲུལ་པ་ནུས་པ་སྟེ། རྨོངས་པ་མ་ཡིན་ནོ། །དེ་དག་ཁོ་ན་ནི་རྨོངས་པ་སྟེ། དེ་ཕྱིར་དེ་ཡོངས་སུ་སྟེ་བག་ཆགས་དང་བཅས་པ་དོར་བྱ་སྟེ། རྫོགས་པའི་རིམ་པ་དང་དཀྱིལ་འཁོར་བསྒོམ་པས་སོ། །དེ་ཡང་སྔར་རྒྱས་པ་དང་བཅས་པར་གསུངས་ཟིན་ཅིང་། སྡུད་པ་གསུང་ བའི་ཆེད་དུ་བཀའ་སྩལ་པ། བུང་བ་ཞེས་པ་ལ་སོགས་པ་སྟེ། མི་མཉམ་པའི་བདེ་བ་ལེན་ཅིང་ཀུན་ནས་འཛིན་ནོ་ཞེས་པས་ཨཱ་ལི་སྟེ་ཁུ་བའོ། །འཁྲུལ་པ་བྲལ་བར་བྱེད་དོ་ཞེས་པ་བུམ་པའོ། །ཅི་ལྟར་འཁྲུལ་པ་འདོར་བར་བྱེད་ཅེ་ན་གང་གི་ཕྱིར་དེ་རྡོ་རྗེ་འཇིགས་བྱེད་བཅོམ་ལྡན་ འདས་ཏེ། ཁུ་བའི་རྣམ་པ་བཅོམ་ལྡན་འགྱུར། །ཞེས་གསུངས་པའི་ཕྱིར་རོ། །རྡོ་རྗེ་ནི་སྟོང་པ་ཉིད་དང་ཡེ་ཤེས་རོ་གཅིག་པ་ཉིད་ཀྱི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་དེ་ནི། ཨེ་སྟེ་ཨ་ཡིག་མ་སྐྱེས་པ་ལ་ཐིམ་མོ་ཞེས་པ་ཨཱ་ལིའོ་ཞེས་ཀྱང་གསུང་ངོ་། །དེ་ཉིད་ཀྱི་ཕྱིར་འཇིགས་བྱེད་དེ། བྱིས་པ་རྣམས་སྐྲག་པའི་རྒྱུ་ཉིད་ཀྱི་ཕྱིར་རོ། །གང་འཕགས་པ་སྒྲ་གཅན་འཛིན་གྱིས་གསུངས་པ། བྱིས་པ་རྣམས་ལ་འཇིགས་སྟོན་མ། །ཞེས་སོ། །རྒྱས་པར་བསྟན་ཏེ། ཨཱ་ལི་ཞེས་པ་ལ་སོགས་པའོ། །བདེ་བ་མུར་ཐུག་པར་བྱེད་འབྲེལ་པར་བྱེད་དོ་ཞེས་པ་ནམ་མཁའི་ མཐའ་ཀླས་པ་སྟེ། ཨ་ཏི་ཨ་དི་འཆིང་བ་ལ་སྐད་ཀྱི་དབྱིངས་སོ། །ཅི་ལྟར་ཞེ་ན། ཆོས་ཀྱི་དབྱིངས་ནི་དེ་བཞིན་ཉིད་ཡིན་ལ་དེ་གང་གི་རང་བཞིན་དེ་ཁོ་ན་ཉིད་དུ་ཡིན་པ་སྟེ་ཆོས་ཅན་གྱིས་ཆོས་ཉེ་བར་མཚོན་པའི་ཕྱིར་རོ། །ཡང་ན་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་དེ་ལས་སྐྱེས་པ་ཞེས་འབྲེལ་ ལོ། །མཐའ་དག་ནི་རྒྱུ་བ་དང་བཅས་པའི་མི་རྒྱུ་བ་རྣམས་སོ། །སྡིག་པ་ལ་ཤིན་ཏུ་སྤྱོད་དོ་ཞེས་རྒྱུ་བའོ། །མི་སྤྱོད་དོ་ཞེས་པ་མི་རྒྱུ་བ་སྟེ། འཁོར་བ་ཅན་གྱི་ལུས་ཅན་རྣམས་སོ། །གསང་བར་བྱས་ན་གསང་བ་ཤེས་རབ་དང་ཐབས་ཀྱི་རང་བཞིན་གྱི་དེ་ཁོ་ན་ཉིད་འཛིན་པར་བྱེད་དོ་ ཞེས་པ་འཛིན་ཏེ། སྐྱེས་ཞེས་འབྲེལ་ལོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱང་མངོན་པར་མ་ཞེན་པར་གཞན་གྱི་དོན་བྱ་བའི་ཆེད་དུ་ཆོས་ཀྱི་དབྱིངས་ཁོ་ན་ལས་སྐྱེ་བ་ཞེས་པའི་དོན་ཏོ། །གསང་བ་ངེས་འཛིན་ཞེས་འདོན་པ་ལ་ཡང་དོན་འདི་ ལྟར་རོ། །དེ་ལྟར་དེ་ཁོ་ན་ཉིད་མི་ཤེས་པའི་ལུས་ཅན་རྣམས་དང་དེ་ཁོ་ན་ཉིད་ཤེས་པ་རྣམས་ཀྱང་བྱང་ཆུབ་ཀྱི་སེམས་ཁོ་ན་ལས་སྐྱེའོ། །དེས་ཀྱང་སྐྱེས་ཟིན་པ་རྣམས་ཕུང་པོ་ལ་སོགས་པ་རྣམས་བདུད་རྩིས་དགའ་བར་བྱེད་པ་ཉིད་ཀྱི་ཕྱིར་ཏེ། ཐམས་ཅད་པ་སྟེ་ཁྱབ་པར་བྱེད་པ་ ཉིད་ཀྱི་ཕྱིར་རོ། །དབང་པོ་སྟེ་བདེ་བ་སྐྱེད་པའི་ངོར་ལྷག་པའི་བདག་པོ་ཉིད་ཀྱི་ཕྱིར་རོ། །གང་གི་ཕྱིར་དེ་ལྟ་ཡིན་པ་དེའི་ཕྱིར་དེ་ཐམས་ཅད་དེ་རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་སུ་སོན་པའོ། །ལྟེ་བའི་ཆུ་སྐྱེས་ཀྱི་རྩ་བའི་དབུས་སུ་ཇི་ལྟར་སྦྱོར་བ་དེ་ལྟར་གོམས་པར་བྱའོ་ཞེས་ ལྷག་མའོ། །དེའི་ཚེ་ཅི་ལྟར་བྱ་ཞེ་ན། འཇིགས་བྱེད་རྡོ་རྗེ་དང་སྒྲ་ཞེས་པ་ཡང་དག་སྡུད་པ་སྟེ། དེ་དང་རོ་གཅིག་ཏུ་གྱུར་པས་སོ། །དེ་ཡང་གང་ལས་ཤེ་ན། རྫོགས་པའི་དཀྱིལ་འཁོར་དུ་གཏུམ་མོ་གསུམ་རྣམས་གང་ཡང་རུང་བས་སྦྱོར་བ་སྟེ། དེ་ཁོ་ན་ཕྱག་རྒྱ་ཡིན་ཞིང་དེ་གོམས་ པ་ལས་སོ། །ཅི་ལྟར་ཞེ་ན་གསུངས་པ། རླུང་དང་ཞེས་པ་ལ་སོགས་པ་སྟེ། རླུང་ནི་རླུང་ཉིད་དོ། །མེ་ནི་མེའོ། །བདུན་ཉིད་ནི་དེ་ཁོ་ན་ཉིད་དུ་ཆོས་དང་ཆོས་ཅན་དག་ཐ་མི་དད་པ་ཉིད་ཀྱི་ཕྱིར། ཁམས་བདུན་པ་ཁུ་བ་སྟེ་དེའོ། །རྡོ་རྗེ་མ་ནི་རྡོ་རྗེ་ཕག་མོའོ། །དེའི་ས་བོན་རྡུལ་དེས་སོ། ། ཐིག་ལེ་ནི་བདེ་བ་ཆེན་པོའི་འཁོར་ལོར་གནས་པའི་ཁམས་བདུན་པའོ། །སྒྲ་ཙམ་ནི་ལྟེ་བར་གནས་པའི་རྡུལ་གྱི་རི་མོའོ། །དེ་དག་གི་ཡང་དག་མནན་པ་ནི་ཕན་ཚུན་རོ་མཉམ་པ་ཉིད་དུ་ཇི་ལྟར་འགྱུར་བ་དེ་ལྟར་གྱུར་ན་བྱང་ཆུབ་སེམས་ཏེ་རྒྱུན་གྱིས་ཆར་འབེབས་ཏེ། སྐྱེ་གནས་ཀྱི་པདྨར་ རོ། །བཤད་པ་གཞན་ནི་བཅུ་པར་བཤད་ཟིན་ཏོ། །གང་གི་ཕྱིར་གསུངས་པ། དབྱངས་ཞེས་པ་ལ་སོགས་པའོ། །དབྱངས་རྣམས་ཀྱི་སྔོན་མ་ཨ་ཡིག་དང་པོར་མའི་མངལ་དུ་སྐྱེ་བའི་ས་བོན་ནི་གང་རྡུལ་གྱི་དབུས་སུ་གནས་པ་ན་བུ་རྒྱུད་ཀྱི་སྐྱེ། དེ་གང་དུ་ཡིན་པ་དེའི་སྟེ་ལྟེ་བའི་ཆུ་ སྐྱེས་ཀྱི་དབུས་སུའོ། །དེ་ལ་ཀཾ་བདེ་བ་ཀུན་ནས་མྱོང་ངོ་ཞེས་པ་ཀཱ་ལིའོ། །སྐྱེ་གནས་ཀྱི་ཆུ་སྐྱེས་འདིས་རྒྱས་པར་བྱེད་དོ་ཞེས་པ་མེ་ཏོག་སྟེ་རྡུལ་ལོ། །རང་གི་གནས་སུ་དྲངས་ནས་བྱང་ཆུབ་ཀྱི་སེམས་འཚེད་པར་བྱེད་དོ་ཞེས་པ་རྒྱལ་པོ་སྟེ་དེས་ཁྱད་པར་དུ་བྱས་པའོ། །མེ་ཏོག་ཁྱད་པར་དུ་ལེན་ ནོ་ཞེས་པ་མེ་ཏོག་ལུས་ཅན་ཁུ་བའི་ཁམས་སོ། །དེས་ཁྱད་པར་དུ་བྱས་པའི་རྡོ་རྗེ་ཅན་ནི་སེམས་ཀྱི་རྡོ་རྗེ་སྟེ་དེ་གཟུང་བར་བྱའོ། །ཇི་ལྟར་སྐྱེ་བ་འཛིན་པའི་གནས་སྐབས་སུ་སེམས་ཀྱི་རྡོ་རྗེ་སྒྲ་གཅན་ནི་ཟླ་བ་ཁོ་ན་ལ་འཇུག་སྟེ། འོད་ཟེར་བསིལ་བ་ཉིད་ཀྱི་ཕྱིར་རོ། །ཟླ་བ་ནི་ཉི་མ་ལ་ཞུགས་ པ་ན་ཉི་མ་བཟུང་ངོ་ཞེས་པ་ཕྱི་རོལ་གྱི་བཞིན་དུ་ཉེ་བར་སྒྲོགས་པ་དེ་ལྟར་དབུས་མིའི་གནས་སྐབས་སུ་ཡང་ངོ་། །འདི་ཡང་རླུང་ལ་སོགས་པའི་སྒོམ་པའི་རིམ་པར་སྔར་རྒྱས་པར་བྱས་སོ་ཞེས་པས་མ་སྤྲོས་སོ། །སེམས་སྐྱེ་བ་ཡང་ཟླ་བ་དང་ཉི་མ་དག་ལ་བརྟེན་ནས་སོ་ཞེས་ཞར་ལས་བྱུང་ བ་སྟོན་པ། འཁོར་ཞེས་པ་ལ་སོགས་པ་སྟེ། ཐམས་ཅད་ནི་ཡོངས་སུ་མ་དག་པ་རྣམས་དང་ཡོངས་སུ་དག་པ་རྣམས་སོ། །གཉིས་ཀའི་རྟེན་ཅན་སྐྱེ་བ་ན་ཡང་རྡུལ་མ་དང་ཁུ་བ་ཕ་སྟེ། དེའི་སྒོ་ནས་པདྨ་དང་རྡོ་རྗེ་དག་དང་བུད་མེད་དང་སྐྱེས་པ་དག་མ་དང་ཕ་དག་གོ་ཞེས་རྣམ་པར་གཞག་ པའོ་ཞེས་པ་ཇི་ལྟར་རིགས་པར་གོ་བར་བྱའོ། །འདིར་ནི་མའི་ཞེས་པ་རྡུལ་ཏེ་ཁུ་བའི་བདག་ཉིད་ཕ་ཉེ་བར་མཚོན་པའོ། །ས་ཀུན་དུ་སྟེ་འགྲོ་བའི་དབྱེ་བ་རྣམས་སུའོ། །ཡེ་ཤེས་ནི་བདེ་བ་ཉམས་སུ་མྱོང་བའོ། །དེ་ཁོ་ན་ནི་ཆུ་སྟེ་གདུང་བ་ཞི་བར་བྱེད་པའི་ཕྱིར་རོ། །དེ་ཕལ་ཆེ་ བར་བརྟེན་པའི་ཕྱིར་དང་ཤེས་རབ་ལ་སོགས་པ་དང་སྦྱོར་བའི་ཕྱིར་རྒྱ་མཚོའོ། །འདི་ནི་མ་དང་ཕ་ཡང་ངོ་། །འདི་ལྟར་ཕྱི་རོལ་གྱི་རྒྱ་མཚོ་ལ་རབ་ཏུ་ཤེས་པར་བྱ་ཞིང་བསོད་ནམས་ཉེ་བར་བསགས་པ་རྣམས་ཀྱིས་བལྟ་བར་བྱའོ་ཞེས་པས་ཤེས་རབ་སྟེ་རིན་པོ་ཆེའི་བྱེ་བྲག་རྣམས་ཡིན་པ། དེ་ལྟར་འདིར་སྟོང་པ་ཉིད་དང་སྙིང་རྗེ་དབྱེར་མེད་པའི་ཡེ་ཤེས་རིན་པོ་ཆེ་ནི་ཡོངས་སུ་དག་པ་རྣམས་ཀྱིས་ཏེ། གཞན་རྣམས་ཀྱིས་ནི་ཆུ་སྲིན་ལ་སོགས་པ་བཞིན་དུ་འདོད་ཆགས་ལ་སོགས་པའོ། །ཐབས་ཞེས་པ་ཐབས་ཁུ་བ་སྟེ་རྡུལ་ཤེས་རབ་ཉེ་བར་མཚོན་པའོ། །ཕན་ཚུན་ འདྲེས་པ་དེ་གཉིས་ཀྱི་འདམ་དུ་རྣམ་པར་ཤེས་པའི་ས་བོན་མྱུ་གུ་ཞེས་པའོ། །གང་འཕགས་པས་གསུངས་པ། རྣམ་ཤེས་སྲིད་པའི་ས་བོན་ནོ། །ཞེས་སོ། །དེས་ཡང་སྦྲང་རྩི་རྡུལ་དང་བདུད་རྩི་ཁུ་བ་སྟེ། དེ་དག་གི་གནས་སྐྱེ་གནས་ཀྱི་པདྨའི་ལྟེ་བ་རྒྱས་ པར་བྱེད་དོ། །གང་གི་ཕྱིར་རྣམ་པར་ཤེས་པའི་ལྟར་རྡུལ་དང་ཁུ་བ་དག་གིའང་རྣམ་པ་བསྒྱུར་ཏེ། མེར་མེར་པོ་ལ་སོགས་པ་གོང་ནས་གོང་དུ་འཕེལ་བའི་བདག་ཉིད་དང་འགྲིབ་པའི་ངོ་བོ་ནི་ཡོངས་སུ་འགྱུར་བའི་ཁྱད་པར་དུ་འགྱུར་ཏེ། གང་ལས་འདི་རྣམ་པར་བསྒྱུར་བའོ། །མེ་ ཏོག་ཆུ་མཐའ་ནི་མེ་ཏོག་དང་ཆུ་དག་སྟེ་རྡུལ་དང་ཁུ་བ་དག་མཐའ་རུ་བྱེད་མཐའ་མར་བྱེད་པ་སྟེ། ཥོ་ནི་མཐའི་ལས་ལ་བྱིངས་སོ། །གསུངས་པ་ཡང་། འོག་ཏུ་ཁུ་བ་ཟད་འགྲོ་སྟེ། །ལུས་ཅན་ཐམས་ཅད་འཆི་བ་ནའོ། །སྟེང་དུ་མ་ཡི་རྡུལ་སྒྲ་གཅན། །རྣམ་ཤེས་བསམ་པའི་མཚན་ཉིད་ལ། ། ཞེས་སོ། །བསམ་པ་ནི། མངོན་པར་འདོད་པ་སྟེ། དེ་ལས་ཇི་ལྟ་བར་ཡུལ་དུ་བྱས་པའི་འགྲོ་བའི་བྱེ་བྲག་ཏུའོ། །སྐབས་སུ་བབ་པ་གསུང་བའི་ཆེད་དུ་འབྲེལ་པར་བྱེད་དེ། གཉིས་དག་གི་ཞེས་པ་ལ་སོགས་པའོ། །དེ་ལྟར་ཉི་མ་དང་ཟླ་བ་དག་སྐྱེས་པའི་འོ། །ཆོ་ག་ནི་ལྷའི་བདག་ཉིད་ དོ། །དང་པོར་ཏེ་སྔོན་དུའོ། །རེག་པ་ལས་ནི་རྡོ་རྗེ་དང་པདྨ་དག་གོ། །དུ་བའི་ཞེས་པ་དུ་བའི་བཞིན་དུ་རླངས་པ་འཐུལ་བའི་ཕྱིར་རླུང་ངོ་། །གཟུགས་ནི་སྲ་བ་ཉིད་དོ། །ཡེ་ཤེས་རྡོ་རྗེས་བྱིན་གྱིས་བརླབས་པ་མེ་ལ་སོགས་པ་རྣམས་སོ། །ཆ་རྣམས་དང་ལྷན་ཅིག་འཇུག་གོ་ཞེས་ པ་ཟླ་བའི་དཀྱིལ་འཁོར་ཁུ་བའོ། །སླར་ཡང་ནི་བྱ་བའི་ཁྱད་པར་དུ་བརྗོད་དོ། །དབྱིབས་ནི་ཡང་དག་པར་གནས་པ་སྟེ་སྡུད་པའོ། །ཟད་པ་ནི་སྐེམས་པའོ། །རྟག་ཏུ་སྟེ་རྒྱུན་གྱི་དབུགས་སུ་བྱེད་རབ་ཏུ་རྒྱུ་བར་བྱེད་ཅེས་རྟག་ཏུ་དབུགས་ཏེ། ཨན་སྲོག་བྱེད་ལ་བྱིངས་སོ། །དབང་ པོའི་ངོ་བོ་ནི་འཛིན་པའོ། །འདིས་ནི་སའི་ཁམས་ནི་རྩུབ་པ་ཉིད་དང་སྲ་བ་ཉིད་དེ། འཛིན་པའི་ལས་ཅན་ནོ། །ཆུའི་ཁམས་ནི་གཤེར་བ་ཉིད་དང་བརླན་པ་ཉིད་དེ་སྡུད་པའི་ལས་ཅན་ནོ། །མེ་ནི་དྲོ་བ་ཉིད་དེ་འཚེད་པ་དང་སྐེམས་པའི་ལས་ཅན་ནོ། །རླུང་ནི་ཡང་པ་ཉིད་དེ་ གཡོ་བར་བྱེད་པ་ཉིད་དང་རབ་ཏུ་རྒྱུ་བའི་ལས་ཅན་ནོ་ཞེས་གསུངས་སོ། །ཧཱུྃ་ཞེས་ང་རྒྱལ་དང་བཅས་པར་ནང་གི་བརྗོད་པའི་རྣམ་པ་ཅན་གྱི་ཤེས་པ་ཅན་ནི་ཁམས་བཞི་རྣམས་བྱིན་གྱིས་རློབ་པར་བྱེད་དོ། །ལྷན་ཅིག་སྐྱེས་པ་ཉམས་སུ་མྱོང་བ་ན་ནི་བརྗོད་པ་མེད་པའོ། །དེ་ ལྟར་རྫོགས་པ་ནི་ལུས་ཀྱི་བར་གྱི་གནས་སྐབས་སོ། །འདི་རྣམས་སོ་སོར་ལྷའི་བདག་ཉིད་དུ་འཐད་པ་དང་བཅས་པ་སྔར་བཤད་ཟིན་ཏོ། །འདི་ཐམས་ཅད་ཀྱང་སྟོང་པ་ཉིད་དང་སྙིང་རྗེ་དབྱེར་མེད་པ་ཉིད་ཀྱིས་བཅོམ་ལྡན་འདས་རྡོ་རྗེ་འཛིན་པའོ། །དེས་ན་དེ་ཁོ་ན་ རང་གི་ངོ་བོ་གསལ་བར་བྱེད་པས་ལྷ་མོ་རྣམས་ཀྱིས་དགའ་བར་བྱེད་དོ། །བཛྫེ་ཧཱུྃ་ཞེས་པ་ལ་སོགས་པས་སོ། །རྡོ་རྗེ་ནི་སྟེ་སྙིང་རྗེ་དང་ཤེས་རབ་རོ་གཅིག་པའོ། །ལེགས་པར་ཏེ་སྙིང་རྗེ་ཆེན་པོས་གཞན་གྱི་དོན་བྱ་བ་ལ་དགའ་བ་འདི་ཡིན་པ་ཞེས་པ་ལེགས་པར་དགའ་བའོ། ། གཞན་གྱི་དོན་གྱི་ངོར་རབ་ཏུ་འབྱུང་བའི་ངང་ཚུལ་ཉིད་ཀྱི་ཕྱིར་གཙོ་བོའོ། །ཤ་དང་ལྷ་དང་ཤེས་རབ་དང་ཆོས་དང་སངས་རྒྱས་ཀྱི་སྤྱན་གྱིས་གཟིགས་པ་རྣམས་ཀྱིས་སོ། །འགྱུར་མེད་ནི་མཐའ་མེད་དུ་གྱུར་པ་ཉིད་ཀྱིས་སོ། །དངོས་པོ་ནི་བདེ་བ་ཆེན་པོ་གཉིས་སུ་མེད་པ་སྟེ། རང་བཞིན་ནི་ དེ་བཞིན་ཉིད་དོ། །དེ་དག་གིས་སྟོང་པ་རྣམས་ལ་ནི་ཆོས་རྣམས་ཐམས་ཅད་ལའོ། །རྫུ་འཕྲུལ་གྱི་རྣམ་པར་འཕྲུལ་པ་སྣ་ཚོགས་རྣམས་ཀྱིས་རྣམ་པར་རོལ་པར་མཛད་དོ་ཞེས་པའམ་རོལ་དུ་འཇུག་གོ་ཞེས་པ་སྟོང་པ་རྣམ་པར་རོལ་པའོ། །དེ་ཁྱོད་དེ་དངོས་པོ་དང་དངོས་མེད་དག་གིས་རྣམ་པར་ སྤངས་པའོ། །སྙིང་པོ་ནི་དེ་ཁོ་ན་ཉིད་དེ། དེ་ཁྱད་པར་གྱིས་ཁྱོད་ལྟ་བུ་རྣམས་ཀྱིས་མཁྱེན་པའོ། །ཡི་གེ་རྣམས་ཏེ་རྗོད་བྱེད་རྣམས་བཅོམ་ནས། དེ་བཅོམ་པ་ལས་བརྗོད་པར་བྱ་བ་ཐམས་ཅད་བརྗོད་པར་བྱར་མེད་པ་ཉིད་དུ་འགྲོ་བ་མ་ལུས་པ་རྣམ་པར་བསམས་ཤིང་ངེས་པར་དཔྱད་དེ་ཁྱོད་ ཀྱིས་སོ། །གཉིས་གཉིས་འཁྱུད་པ་ནི་ཤེས་རབ་དང་ཐབས་སྙོམས་པར་འཇུག་པ་སྟེ། དེས་རྣལ་འབྱོར་ནི་ཏིང་ངེ་འཛིན་ནོ། །དེས་ཆུ་ནི་བྱང་ཆུབ་སེམས་སོ། །དེ་ཁོ་ན་བྱ་བ་སྟེ། དེ་ཕུལ་དུ་བྱུང་བར་ཡོད་དོ་ཞེས་པ་དེའི་འབྲས་བུ་ཅན་གྱི་ཆོས་སྟོང་པ་ཉིད་དོ། །དངོས་པོ་དང་དངོས་མེད་ལ་ སོགས་པ་གཉིས་ཉིད་དང་བྲལ་བའི་ངོ་བོ་གཉིས་མེད་པ་ཁོ་ན་ནི་གཉིས་མེད་དོ། །ལྷག་མ་མེད་པ་ལྷག་པར་རྟོགས་ནས་སྒྲིབ་པ་ཐམས་ཅད་ལས་རྣམ་པར་གྲོལ་བ་རང་གི་དོན་ཕུན་སུམ་ཚོགས་པ་ཐོབ་པའོ། །བདེ་བ་ཕྱིན་ཅི་ལོག་པ་སྟེ། དེས་འཁོར་བར་ཕན་པ་དང་མི་ ཕན་པ་མངོན་པར་མི་ཤེས་པ་ཉིད་ཀྱིས་རྣམ་པར་རྨོངས་པ་རྣམས་ཐར་པ་ཁྱད་པར་དུ་བྱ་སྟེ། གཞན་གྱི་དོན་ཕུན་སུམ་ཚོགས་པ་དེས་ཐ་སྙད་མཛད་དོ། །སྟོང་པ་ཉིད་ཀྱི་རང་བཞིན་གྱིས་རྣལ་འབྱོར་མ་རྣམས་དང་སྔགས་རྣམས་རྣམ་པ་སྣ་ཚོགས་པའི་ཆོ་ག་རྣམས་ཀྱིས་ཁྱོད་ཀྱི་གར་མཛད་དོ། །ལྔ་ པོ་རྣམས་ཀྱང་སྟེ། ས་དང་ཆུ་དང་མེ་དང་རླུང་དང་ནམ་མཁའི་རང་བཞིན་སྤྱན་མ་དང་མཱ་མ་ཀཱི་དང་གོས་དཀར་མོ་དང་སྒྲོལ་མ་དང་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་རྣམས་ནི་ལྷག་པར་རྟོགས་པའི་གཉིས་སུ་མེད་པའི་དེ་ཁོ་ན་ཉིད་དེ། དེས་ཉེ་བར་མཚོན་པ་རྣམས་ཏེ། དེ་ཁོ་ན་ཉིད་ཀྱི་ངོ་བོ་རྟོགས་པ་རྣམས་སོ་ ཞེས་པའི་དོན་ཏོ། །སྒྱུ་མ་རྣམ་པ་སྣ་ཚོགས་པའི་ངོ་བོས་སེམས་ཅན་རྣམས་ཁྱེད་ཀྱིས་སྨིན་པར་མཛད་དོ། །རྡོ་རྗེ་སྟོང་པ་ཉིད་དང་སྙིང་རྗེ་དབྱེར་མེད་པའི་ལེགས་པར་བརྐྱང་ཞིང་ལྷག་པར་རྟོགས་པར་བྱ་བ་སྟེ། རང་དང་གཞན་གྱི་དོན་ཕུན་སུམ་ཚོགས་པའི་ངོ་བོའོ། །དེས་བདེ་བ་དང་སྡུག་ བསྔལ་ལ་སོགས་པའི་རང་གི་མཚན་ཉིད་འཛིན་པའི་ཕྱིར་ཆོས་སེམས་ཅན་རྣམས་ཆོས་སྟོན་པ་ལ་སོགས་པ་རྣམས་ཀྱིས་རྨོངས་པ་དང་བྲལ་བར་ཁྱོད་ཀྱིས་མཛད་དོ། །དེ་ལྟར་བསྟོད་ནས་རབ་ཏུ་དང་བ་ལྷག་པོས་གཞན་རྣམས་ལ་ཡང་སྨྲས་པ། དེ་ལྟར་བསམ་གྱིས་མི་ཁྱབ་པ་དཔག་ཏུ་ མེད་པའི་ལེགས་པའི་སྙིང་པོའི་ཆོས་རྣལ་འབྱོར་མ་རྣམས་ཀྱིས་ཐར་པ་བཅོམ་ལྡན་འདས་ལ་ཕྱག་འཚོལ་ཅིག་ཅེས་པའོ། །འདིར་ཚིགས་སུ་བཅད་པ་དང་པོས་ནི་བདེ་བ་ཆེན་པོའི་སྐུ་ཉིད་ཀྱིས་བཅོམ་ལྡན་འདས་བསྟོད་དོ། །གཉིས་པས་ནི་ཆོས་ཀྱི་སྐུ་ཉིད་ཀྱིས་སོ། །གསུམ་པ་ལ་ སོགས་པ་རྣམས་ཀྱིས་ལོངས་སྤྱོད་རྫོགས་པའི་སྐུ་ཉིད་ཀྱིས་སོ། །སྒྱུ་མའི་ཞེས་པ་ལ་སོགས་པས་སྤྲུལ་པའི་སྐུ་ཉིད་ཀྱིས་ཏེ། ཇི་ལྟར་རིགས་པར་གཞན་གྱི་དོན་ཉིད་ཀྱིས་སོ། །ལྷག་མ་ཕྱེད་ཀྱིས་སྤྲོ་བར་བྱེད་པའོ། །བསྟོད་པའི་དགོས་པ་གསུངས་པ། འདིས་ཞེས་པ་ལ་སོགས་པ་ སྟེ། འདིའི་དོན་གོམས་པ་ལས་སོ། །རྒྱལ་བ་རྣམས་ཐམས་ཅད་དེ་རྣམ་པར་སྣང་མཛད་ལ་སོགས་པ་རྣམས་གང་གི་བདག་ཉིད་ལས་སྐྱེས་པ་ཡིན་པ་དེ་ནི་དེ་སྐད་དེ། རྡོ་རྗེ་སེམས་དཔར་འགྱུར་བའོ། །འདི་ཁོ་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རང་བཞིན་ཉིད་ཀྱི་ཕྱིར་དེ་བཞིན་གཤེགས་ པ་ཐམས་ཅད་ཅེས་པའོ། །དཔལ་ཡང་དག་པར་སྦྱོར་བའི་རྒྱུད་ཀྱི་རྒྱ་ཆེར་འགྲེལ་པ། མན་ངག་གི་སྙེ་མར་སྙེ་མ་སུམ་ཅུ་གསུམ་པའོ།། །།འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་ཀྱི་ཆོ་ག་རྗེས་སུ་སྒྲུབ་པའི་ཆེད་དུ་བགེགས་ཉེ་བར་གཞོམ་པའི་ཆེད་དུ་གཏོར་མའི་ ཆོ་ག་ལ་ངེས་པར་སྦྱོར་བ་གསུངས་པ་ཉོན་ཞེས་པ་ལ་སོགས་པའོ། །དྲི་དམར་པོ་ནི་གུར་གུམ་མོ། །སོགས་པས་ཞབས་བསིལ་ལོ། །སོགས་པས་བཙོང་དང་སྒོག་སྐྱ་ལ་སོགས་པའོ། །ཆང་ནི་དགའ་བྱེད་འདོད་པ་སྟེ། དགའ་བར་ནུས་པ་མཆོག་གོ་ཞེས་པའི་དོན་ཏོ། །ཆུ་ནི་ ཞབས་བསིལ་ལོ། །ཡང་དག་པར་སྦྱང་བ་ནི་ཇི་ལྟར་རིགས་པར་བདུད་རྩི་ལྔའི་རིལ་བུ་བཏབ་པས་སམ། བདུད་རྩི་ལྔའི་ངོ་བོར་བསྒོམས་པས་སོ། །དང་ཡིག་ལས་ཡེ་ཤེས་མཁའ་འགྲོ་མའི་ཏིང་ངེ་འཛིན་ལ་གནས་པའོ། །ཆོ་ག་ནི་རྒྱུད་གཞན་དུ་གསུངས་པ་སྟེ། དེ་འདིའི་འཆད་ པར་འགྱུར་རོ། །པདྨའི་སྣོད་ཀྱི་གཏོར་མའོ། །དེ་ཉིད་ཀྱི་ལྷའི་དེ་ཁོ་ན་ཉིད་དེ་དེའི་ཁྱད་པར་རྣམས་ཀྱིས་ཏེ་ཁ་དོག་ལྔའི་འོད་ཟེར་སྦུ་གུའི་ངོ་བོ་ཅན་རྣམས་ཀྱིས་སམ་དེ་བཞིན་གཤེགས་པ་ལྔ་རྣམས་ཀྱིས་ཡིད་ཀྱིས་བཀུག་ནས། བདག་པོའི་ལྷ་ལ་སོགས་པ་རྣམས་ཐམས་ཅད་ཚིམ་པར་ བྱའོ་ཞེས་པ་ལྷག་མའོ། །ཅི་ལྟར་ཞེ་ན་གསུངས་པ། ཡེ་ཤེས་ཞེས་པ་ལ་སོགས་པའོ། །སྐྱེ་དགུའི་བདག་པོ་ནི་མི་བསྐྱོད་པའོ། །སྒྲོལ་བ་ནི་རྣམ་པར་སྣང་མཛད་དོ། །རབ་མཆོག་ནི་རིན་ཆེན་དབང་པོའོ། །མང་པོ་ནི་སྣང་བ་མཐའ་ཡས་སོ། །བྱིས་པ་ནི་དོན་ཡོད་གྲུབ་པའོ། ། འདི་རྣམས་ལྕགས་ཀྱུ་བཞིན་དུ་མངོན་པར་འདོད་པའི་དོན་ཉེ་བ་རུ་བྱེད་པའི་ཕྱིར་ལྕགས་ཀྱུ་རྣམས་སོ། །ཡེ་ཤེས་ལྔ་རྣམས་ནི་ཤིན་ཏུ་རྣམ་པར་དག་པའི་ཡེ་ཤེས་ལ་སོགས་པ་རྣམས་སོ། །དེ་ཉིད་ཀྱི་ཕྱིར་འདི་རྣམས་དོན་ཆེན་པོ་བྱ་བ་ནུས་པའི་ཕྱིར་ཡེ་ཤེས་ཆེན་པོའོ། །རྣམ་པ་ དེ་ལྟ་བུའི་ཡེ་ཤེས་ཀྱི་རང་བཞིན་དེ་བཞིན་གཤེགས་པ་ལྔ་ཉིད་དུ་མོས་པ་རྣམས་ནི་སྒྲོན་མ་ལྔ་རྣམས་དང་ལྕགས་ཀྱུ་ལྔ་རྣམས་སོ། །དེ་རྣམས་ཀྱི་དབྱེ་བ་ནི་སྒོམ་པའི་བྱེ་བྲག་ཉེ་བར་མཚོན་པ་སྟེ། བདུད་རྩི་ལྔའི་ས་བོན་གྱི་ཡི་གེ་རྣམས་ཀྱང་ངོ་། །རྒན་པོ་ ལ་སོགས་པའི་སོར་མོ་རྣམས་སྐྱེ་དགུའི་བདག་པོ་ལ་སོགས་པའི་མིང་ཅན་དུ་གཞན་དུ་གསུངས་པ་རྣམས་འདིར་ཡང་ངོ་ཞེས་ཁ་ཅིག་སྟེ། དེ་ནི་འབྱོར་པ་མ་ཡིན་ནོ། །ལས་རྣམས་ཀུན་ལ་ནི་ཞི་བ་ལ་སོགས་པ་རྣམས་ལའོ། །རྟག་ཏུ་ནི་བརྟན་པ་དེ་རྒྱུན་གྱིས་འབྱུང་བ་ཞེས་པའི་དོན་ ཏོ། །རྣལ་འབྱོར་མ་ཀུན་ཞེས་པ་ལྷ། །ཞེས་ཉེ་བར་མཚོན་པ་སྟེ། དམ་ཚིག་ཅན་རྣམས་དང་བདག་ཉིད་ཀྱང་ངོ་། །ཚིམ་པར་བྱ་སྟེ་ལྕགས་ཀྱུ་ལ་སོགས་པ་རྣམས་ཀྱིས་སོ། །མ་ཡིན་པ་སྟེ་འདོད་པ་དེ་རྣམས་ལ་ཀུན་ནས་ཆགས་པར་འགྱུར་བ་མ་ཡིན་པ་ཁོ་ནའོ། །འདིས་ནི་ནང་གི་ གཏོར་མ་མཚོན་ཏོ། །ལོངས་སྤྱད་པར་བྱ་བས་ན་ལོངས་སྤྱོད་དེ། ཕུན་སུམ་ཚོགས་པའི་བྱེ་བྲག་ཚིམ་པར་བྱེད་པའི་བསོད་ནམས་ལས་སྐྱེས་པ་མཐོང་བའི་ཆོས་ཀྱི་འམ་བརྒྱུད་པའིའོ། །དེས་རང་ཉིད་ལ་མི་སྦྱོར་རོ། །གཞན་རྣམས་ཁོ་ན་ལ་དེ་གཏང་བར་བྱའོ་ཞེས་དགོངས་པའོ། །དེ་ ཉིད་ཀྱི་ཕྱིར་གསུངས་པ། སེམས་ཅན་ཞེས་པ་ལ་སོགས་པའོ། །ཨོཾ་ཞེས་པ་ལ་སོགས་པ་རྒྱས་པར་བསྟན་པ་གསུངས་པ། བཅུ་ཞེས་པ་ལ་སོགས་པའོ། །དེའི་སྟེ་ཟླ་བའི་སྟེང་དུ་ཨོཾ་ཨཱཿཧཱུྃ་གི་ས་བོན་རྣམས་ཨཱ་ལི་ཀཱ་ལི་ཡོངས་སུ་གྱུར་པ་རྣམས་སོ། །གསལ་བ་ནི་ཤེལ་བཞིན་ དུ་ཤིན་ཏུ་གསལ་བཞིན་པ་ཉིད་དོ། །སྦར་བ་ནི་ཁ་ཊྭཱཾ་ག་རྡོ་རྗེས་སོ། །གདུངས་པ་ནི་འོག་གི་མེས་སོ། །དེ་ལས་ཏེ་ཤེལ་གྱི་གཟུགས་ལས་བར་མ་ཆད་དུ་ཐམས་ཅད་དེ་ཟླ་བ་དང་ཨཱ་ལི་དང་ཀཱ་ལི་དང་ཡི་གེ་གསུམ་ལས་འོད་ཟེར་སྤྲོ་བ་ལ་སོགས་པའོ། །དེའི་སྟེ་ཤེལ་གྱི་ངོ་བོའི་དབུས་ ནས་ཕྱུང་བའི་བདུད་རྩི་དཀྱིལ་འཁོར་པ་དང་བཅས་པའི་དཀྱིལ་འཁོར་གྱི་བདག་པོ་མཆོད་ཡོན་ལ་སོགས་པ་སྔོན་དུ་འགྲོ་བར་མྱང་དུ་གཞུག་གོ། །ཎི་ཙ་ཡིས་ངེས་པར་བསྟན་པའོ། །དེ་ནས་བར་མ་ཆད་དུ་ལྷག་མ་བདུད་རྩི་དང་མཆོད་ཡོན་ལ་སོགས་པའི་དངོས་པོ་རྣམས་ཀྱིས་ཕྱོགས་སྐྱོང་ ལ་སོགས་པ་རྣམས་ཚིམ་པར་བྱའོ། །ཅི་ལྟར་ཞེ་ན་གསུངས་པ། གཡོན་ཞེས་པ་ལ་སོགས་པའོ། །དགུག་པའི་ཕྱག་རྒྱས་རྒྱས་པར་སྟོན་ཏེ། མནན་ཞེས་པ་ལ་སོགས་པའོ། །གྱེན་ཞེས་པ་གྱེན་དུའོ། །ཕཊ་ཅེས་པའི་སྔགས་བརྗོད་ཅིང་དགུག་པར་བྱའོ། །མཆོད་ནས་ ཞེས་པ་ཕྱི་ཡིས་ཡང་དག་པར་མཆོད་ནས་སོ། །མཆོད་པའི་བདག་ཉིད་ཅེས་པ་ནང་གི་མཆོད་པ་དང་ལྡན་པ་འདིའི་བདག་ཉིད་ཡིན་པ་ཞེས་བྱས་ནས་སོ། །ཆུ་ཞེས་པ་ཆུ་ལའོ། །ཕལ་ཆེ་བར་འདིར་ལྷ་རྣམས་ཉེ་བར་བྱེད་དོ་ཞེས་པ་ནག་པོའི་ཕྱོགས་ཞེས་པ་ལ་སོགས་པའོ། ། ཤིང་གཅིག་ཅེས་པ་ལ་སོགས་པ་གཏོར་མ་སྦྱིན་པའི་གནས་གསུངས་པའོ། །ནག་པོ་དྲག་པོ་ནི་དབང་པོའོ། །དྲག་པོ་ཆེན་པོ་ནི་ལུས་ངན་ནོ། །ལྷ་མོ་ནི་ལྷས་བྱིན་ཏེ་ཆུ་ལྷའོ། །ནག་པོ་ནི་གཤིན་རྗེའོ། །ཐོད་པ་ཅན་ནི་དབང་ཕྱུག་ཆེན་པོའོ། །མི་སྡུག་པ་ནི་མེ་ལྷའོ། །དགའ་ ལས་འདས་ནི་བདེན་བྲལ་ལོ། །ལོག་འདྲེན་ནི་རླུང་ལྷའོ། །ཟླ་བ་དང་ཉི་མ་དང་ཚངས་པ་དང་ཐགས་བཟངས་རིས་དང་སའི་ལྷ་རྣམས་འདིར་མ་གསུངས་པ་རྒྱུད་གཞན་དུ་གསུངས་པ་རྣམས་ཀྱང་ཤེས་པར་བྱ་སྟེ་འཁོར་དང་བཅས་པ་ཡང་ངོ་། །དེ་ལ་དབང་པོའི་ཁྱབ་འཇུག་གོ། །དྲག་པོ་ཆེན་པོའི་ལོག་ འདྲེན་ནོ། །ཟླ་བ་དང་ཉི་མ་དག་གི་གཟའ་དང་རྒྱུ་སྐར་ལ་སོགས་པ་རྣམས་སོ། །སའི་ཀླུ་རྣམས་སོ། །ཕྱོགས་བཅུ་རྣམས་སུ་ཡང་དེ་དང་དེའི་ཕྱོགས་ཀྱི་དབང་པོའི་འཁོར་སེམས་ཅན་དཔག་ཏུ་མེད་པ་རྣམས་སོ། །མཁའ་འགྲོ་མ་ལྔ་རྣམས་ནི་ཡེ་ཤེས་མཁའ་འགྲོ་མ་དང་རྡོ་རྗེ་མཁའ་འགྲོ་མ་དང་ དྲག་མོ་དང་རོ་ལངས་མ་དང་གཏུམ་མོ་རྣམས་སོ། །ཆེན་པོ་ཤིན་ཏུ་རྣམ་པར་དག་པའི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ལ་སོགས་པ་རྣམས་གང་རྣམས་ཀྱི་དེ་ཁོ་ན་ཉིད་ཡིན་པ་དེ་རྣམས་ནི་དེ་སྐད་དོ། །དེ་རྣམས་ཀྱི་ལས་རྣམས་ཐམས་ཅད་གདུལ་བྱའི་བསམ་པ་དང་རྗེས་སུ་མཐུན་པར་རྣལ་ འབྱོར་པས་སྒྲུབ་པར་བྱེད་དོ། །རྣལ་འབྱོར་དཀྱིལ་འཁོར་དུ་ནི་སྙིང་པོའི་འཕར་མར་རོ། །རྒྱལ་མོ་ཆེ་རྣམས་ནི་སེང་གེ་མོ་དང་སྟག་མོ་དང་ཅེ་སྤྱང་མོ་དང་འུག་པ་མོ་རྣམས་སོ། །རྡོ་རྗེ་དབང་ཕྱུག་མ་རྣམས་ནི་མཁའ་འགྲོ་མ་དང་གསལ་བྱེད་མ་དང་འཇིབ་བྱེད་མ་དང་ཀམྤོ་ ཛི་རྣམས་སོ། །གཙོ་བོ་རྣམས་ནི་ཕྱོགས་སྐྱོང་ནག་པོ་དྲག་པོ་ལ་སོགས་པ་རྣམས་སོ་ཞེས་པ་རིམ་པའོ། །རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་དུ་མཁའ་འགྲོ་མ་ལྔ་རྣམས་ནི་རྡོ་རྗེ་སྙེམས་མ་དང་སྤྱན་མ་དང་མཱ་མ་ཀཱི་དང་དཀར་མོ་དང་སྒྲོལ་མ་རྣམས་ཏེ། དེ་རྣམས་དང་དེ་ ཉིད་ཆེན་པོ་རྣམས་ཀྱང་སྟེ། རྡོ་རྗེ་སེམས་དཔའ་ལ་སོགས་པ་རྣམས་སོ། །རྣལ་འབྱོར་དཀྱིལ་འཁོར་དུ་སྟེ་རིམ་པ་གཉིས་པར་རྒྱལ་མོ་ཆེ་རྣམས་ནི་རྡོ་རྗེ་དྲག་མོ་ལ་སོགས་པ་རྣམས་སོ། །རྡོ་རྗེ་དབང་མོ་རྣམས་ནི་མེ་ཏོག་མ་ལ་སོགས་པ་རྣམས་སོ། །རིག་པའི་རྒྱལ་པོའི་དཀྱིལ་འཁོར་ དུ་ནི་མཁའ་འགྲོ་མ་ལྔ་རྣམས་ནི་རྡོ་རྗེ་ཕག་མོ་དང་མཁའ་འགྲོ་མ་དང་ལཱ་མ་དང་དུམ་སྐྱེས་མ་དང་གཟུགས་ཅན་མ་རྣམས་སོ། །དེ་རྣམས་ཀྱི་དེ་ཉིད་ཆེན་པོ་ནི་བདེ་མཆོག་གོ། །རྣལ་འབྱོར་ནི་ཐོད་པའི་དུམ་བུ་ལ་སོགས་པ་རྣམས་ཀྱིས་ཏེ། དེའི་དཀྱིལ་འཁོར་ནི་ཐུགས་དང་གསུང་དང་ སྐུའི་འཁོར་ལོ་རྣམས་ཏེ། དེ་རྣམས་སུ་རྒྱལ་མོ་ཆེ་རྣམས་ནི་རབ་ཏུ་གཏུམ་མོ་ལ་སོགས་པ་རྣམས་སོ། །རྡོ་རྗེ་དབང་ཕྱུག་མ་རྣམས་ནི་ཁྭ་གདོང་མ་ལ་སོགས་པ་རྣམས་སོ། །ཧེ་རུ་ཀའི་དཀྱིལ་འཁོར་དུ་ནི་མཁའ་འགྲོ་མ་ལྔ་རྣམས་བདག་མེད་མ་དང་གཽ་རཱི་ལ་སོགས་པ་རྣམས་ སོ། །དེ་རྣམས་ཁོ་ན་གང་གི་དེ་ཉིད་ཆེན་པོ་ཡིན་པ་དེ་ནི་དེ་ཉིད་ཆེན་པོ་སྟེ། ཀྱེའི་རྡོ་རྗེའོ། །སྦྱོར་བའི་དཀྱིལ་འཁོར་རྣམས་ནི་ཞི་བ་ལ་སོགས་པའི་དཀྱིལ་འཁོར་རྣམས་ཏེ། དེ་རྣམས་སུ་རྒྱལ་མོ་ཆེན་མོ་རྣམས་ནི་པུཀྐ་སཱི་ལ་སོགས་པ་བཞི་རྣམས་སོ། །རྡོ་རྗེ་དབང་མོ་ རྣམས་ནི་རྟ་གདོང་མ་ལ་སོགས་པ་རྣམས་སོ་ཞེས་པ་དོན་རྣམ་པ་བཞིར་གནས་པའོ། །ལྷ་རྣམས་ཐམས་ཅད་དེ་བཞིན་གཤེགས་པའི་སྐུ། ཆེན་པོའི་རང་བཞིན་དུ་ཤེས་པར་བྱའོ། །གང་ལས་སྐྱོན་འདོད་ཆགས་ལ་སོགས་པ་ལས་ངེས་པར་འབྱུང་བ་ནི་སྐྱོན་མེད་དེ་སྟོང་པ་ཉིད་དང་ སྙིང་རྗེ་དབྱེར་མེད་པའི་ཏིང་ངེ་འཛིན་ཏེ་དེ་བྱུང་བ་རྣམས་སོ། །འདི་ཞེས་པ་འདིས་སོ། །རྡོ་རྗེ་དབང་ཕྱུག་མ་ནི་ཡེ་ཤེས་མཁའ་འགྲོ་མའམ་རྡོ་རྗེ་སྙེམས་མའམ་རྡོ་རྗེ་ཕག་མོའམ་བདག་མེད་མའོ། །དེའི་བཀའ་ནི་ཨོཾ་ཀཀྐ་ཞེས་པ་ལ་སོགས་པའོ། །དེས་ཐམས་ཅད་དེ་ཡེ་ཤེས་ ཀྱི་ལྷའི་འཁོར་ལོ་ཀུན་ནས་ཚུར་སྤྱོན་ཅིག་སྟེ། ཐམས་ཅད་ནས་དམ་ཚིག་གི་འཁོར་ལོ་དང་ལྷན་ཅིག་རོ་མཉམ་པར་གྱུར་ཅིག་པའོ། །དེའི་རྗེས་སུ་བདུད་རྩིར་བསམས་ནས། ཡེ་ཤེས་མཁའ་འགྲོ་མའི་འཁོར་ལོ་ཚིམ་པའི་རྗེས་ཐོགས་སུ། ཨོཾ་ཏིཥྛ་ཞེས་པ་ལ་སོགས་པའི་སྔགས་ཀྱིས་ལྷ་ རྣམས་ཀྱི་ཞལ་བདུད་རྩིས་དགང་བར་བྱའོ། །རྣལ་འབྱོར་པ་དང་རྣལ་འབྱོར་མའི་ལྷ་དེ་རྣམས་ཀྱང་གང་ཞི་བ་ལ་སོགས་པའི་ལས་སམ་བསོད་ནམས་མངོན་པར་འདོད་པ་དེ་མཛད་པར་བསྒོམ་པར་བྱའོ། །ཁ་ཅིག་ཏུ་ཚིག་གིས་ལས་ལ་སོགས་པ་ལ་ཞེས་འདོན་ཏེ། དེའི་ཚེ་བདུད་རྩི་སྟེ་མྱོས་བྱེད་ ཀྱིས་ཁ་བཀང་ནས་གཏོར་ལ་པི་ཀའི་རྣམ་པས་དེ་འཕངས་པར་བྱའོ་ཞེས་གསུང་ངོ་། །རྐང་པའི་ལས་ཏེ་གར་ནི་རྡོ་རྗེའི་རྐང་པས་བྱའོ་ཞེས་ཁ་ཅིག་གོ། །དེ་ལས་ཐམས་ཅད་འགྲུབ་བོ། །ཧ་ཡིག་བདུད་རྩི་ལྔ་ལ་སོགས་པ་ལས་བསམ་པས་ནི་དེའི་ཐ་མལ་བའི་ཁ་དོག་འཕྲོག་གོ། །ཧོ་ཡིག་གིས་ ཐ་མལ་པའི་དྲི་འཇོམས་སོ། །ཧྲཱིཿཡིག་གིས་ཐ་མལ་པའི་ནུས་པ་འཇོམས་སོ། །བྱ་བ་རྣམ་པ་གསུམ་ཡང་ཡི་གེ་གསུམ་པོ་རྣམས་བརྗོད་ནས་རིམ་པ་ཇི་ལྟ་བར་སྣང་བ་མཐའ་ཡས་དང་རྣམ་པར་སྣང་མཛད་དང་མི་བསྐྱོད་པ་སྟེ་ལྷ་གསུམ་གྱི་ངོ་བོར་བསྒོམས་པ་རྣམས་ཀྱིས་བལྟས་པར་བྱས་ པའི་གཏོར་མ་ལ་འགྱུར་རོ། །དེ་གསུངས་པ། པདྨ་ཞེས་པའོ། །པདྨའི་དབང་ཕྱུག་ནི་འོད་དཔག་ཏུ་མེད་པ་སྟེ། གསེར་མདོག་ནི་གཏོར་མ་ལ་གཟུགས་མཆོག་བྱེད་པའོ། །ལེགས་པར་རྣམ་སྣང་མཛད་ནི་དཀར་པོ་སྟེ། དྲིའི་ཆུ་བསྐྱོད་པར་བྱ་བ་མ་ཡིན་གནོད་བྱ་མ་ཡིན་པ་དྲི་དམ་པའོ། ། རྡོ་རྗེ་དབང་ཕྱུག་ནི་མི་བསྐྱོད་པ་ནག་པོ་རྡོ་རྗེའི་ཕྱག་ཅན་ནོ། །མྱང་བ་ནི་རོའི་བྱེ་བྲག་གོ། །གསུམ་རྣམས་ཀྱིས་ཏེ་གསེར་གྱི་མདོག་ལ་སོགས་པ་རྣམས་ཀྱིས་སོ། །དེ་ལྟར་བདུད་རྩིར་བྱས་པའི་མྱོས་བྱེད་དམ་ཚིག་ཅན་རྣམས་ལ་སྦྱིན་པའི་ཚིགས་སུ་བཅད་པ་གསུངས་པ། ལྟོས་ཞེས་པ་ལ་ སོགས་པའོ། །གཟུགས་ལ་སོགས་པའི་ཆོས་འདི་རྣམས་དོན་དམ་པར་དངོས་པོའི་རང་བཞིན་སྟོང་པ་ཉིད་ཀྱིས་དག་པ་རྣམས་ལྟོས་ཏེ་ཚད་མས་ཡོངས་སུ་མཐོང་བའོ། །དེ་ཉིད་ཀྱི་ཕྱིར་མེད་པ་ཀུན་ནས་བསྒོམ་པ་ཡང་རིང་དུ་དོར་ཅིག །དངོས་པོ་དང་དངོས་པོ་མེད་པར་སྒྲོ་འདོགས་ པ་དག་ནི་གཅིག་དང་བྲལ་བ་ལས་གཞན་པ་དང་བྲལ་བ་བྱ་སླ་བ་ཁོ་ནའོ། །དེ་ལྟར་སྒྲོ་འདོགས་འདོགས་པ་མཐའ་དག་སྟོང་པ་ཉིད་ཀྱིས་རང་བཞིན་གཅིག་ཏུ་ཟོས་པ་སྟེ་བྲམ་ཟེ་ལ་སོགས་པ་ཐ་དད་པའི་ཀུན་དུ་རྟོག་པ་སྣང་བ་མེད་པར་བྱས་པ་རྣམས་སོ། །དེའི་ཕྱིར་རིགས་ དང་རིགས་མ་ཡིན་པ་དང་བགྲོད་བྱ་དང་བགྲོད་མིན་དང་བཟའ་བྱ་དང་བཟའ་མིན་དང་བཏུང་བྱ་དང་བཏུང་མིན་ལ་སོགས་པའི་རྣམ་པར་རྟོག་པ་བསལ་ནས་འཐུང་ཅིག་ཅེས་དགོངས་པའོ། །དེ་ལྟ་སྦྱིན་པར་བྱའོ། །བྱ་བ་ནི་སྦྱིན་པ་པོ་དང་ལེན་པ་པོས་ཀྱང་ངོ་། །ཅི་ལྟར་ཞེ་ན། གཡོན་ ཞེས་པ་ལ་སོགས་པ་སྟེ། རྩེ་མོ་རྣམས་ནི་སོར་མོ་རྣམས་ཀྱིའོ། །འཇུག་པ་ནི་ཚོགས་ཀྱི་དཀྱིལ་འཁོར་དུ་འཇུག་པའོ། །བདེ་གཤེགས་ཆོས་ནི་དེ་བཞིན་ཉིད་དོ། །མཆོད་ཡོན་ནི་མཆོད་པ་སྟེ། དེ་མཆོད་པར་རུང་བ་ཁམས་གསུམ་ན་ཡང་ཅུང་ཟད་ཡོད་པ་མ་ཡིན་ཏེ། སྒྲུབ་པ་ཁོ་ ན་དེ་ལ་མཆོད་པ་དམ་པའོ་ཞེས་པ་དགོངས་པའོ། །དེ་ནི་ཐམས་ཅད་དུ་འདོད་ཆགས་ཀྱི་དྲི་མ་དང་བྲལ་བ་སྟེ། བདེ་བ་ཀུན་ནས་ཚོར་བ་ནི་འཁོར་བའི་གཙོ་བོའི་རྒྱུ་སྟེ། དེའི་ཡང་རྒྱུ་འདོད་ཆགས་སོ། །འདོད་ཆགས་རྣམ་པར་དག་པས་འཁོར་བ་ཡན་ལག་དང་བཅས་པའི་ཚོགས་པ་རྣམ་ པར་དག་པར་བྱེད་དོ་ཞེས་དགོངས་པས་འདོད་ཆགས་ཙམ་དང་བྲལ་བ་གསུངས་སོ། །དེ་ཉིད་ཀྱི་ཕྱིར་གཟུང་བ་དང་འཛིན་པར་མངོན་པར་ཞེན་པ་སྤངས་པའོ། །དེ་ལྟར་རབ་ཏུ་དང་བའི་གཞན་དབང་གིས་དེ་ལ་གུས་པས་ཕྱག་འཚོལ་ཅིག་སྟེ། སེམས་ཀྱི་དེ་ཁོ་ན་ཉིད་དང་རོ་ གཅིག་པ་བརྟེན་པ་ཉིད་ནི་ཕྱག་དམ་པའོ། །དེ་སྒྲུབ་པས་ཀུན་དུ་ཆགས་པ་མེད་པ་ལས་འཛིན་པ་ལ་སོགས་པ་ལ་མངོན་པར་མ་ཞེན་པར་བླང་ངོ་ཞེས་པ་མ་ད་ན་བླང་ངོ་ཞེས་པ་དགོངས་པའོ། །དེ་ལྟར་དམ་ཚིག་ལ་སོགས་པ་ཐམས་ཅད་ལ་བརྟེན་པ་ལ་སོགས་པ་ནི་སྤྱོད་པ་སྟེ། ཡང་དག་ཡོངས་སུ་དག་ པ་ཉིད་ཀྱིས་གཙང་བ་གཙང་སྦྲའོ། །ལྷག་པར་མོས་བཞིན་པའི་བཤད་པའི་དེ་ཁོ་ན་ཉིད་ཀྱང་དངོས་པོ་ཐམས་ཅད་རྣམ་པར་དག་པར་བྱེད་དོ། །བརྗོད་བྱ་སྟེ་མ་ད་ན་བྱིན་ནས་སོ། །དེ་འདིར་འཐུང་ཞིང་བར་སྐབས་སུ་བཀྲ་ཤིས་ཀྱི་གླུ་བླང་བར་བྱའོ། །དེ་གསུངས་པ། ཕྱག་འཚལ་ཞེས་པ་ལ་སོགས་པའོ། །དངོས་པོ་ནི་སྐྱེ་བ་སྟེ། དོན་དམ་པར་དེ་ལས་རྣམ་པར་གྲོལ་བ་རྡོ་རྗེ་སེམས་དཔའ་ལའོ། །ཀུན་རྫོབ་ཏུ་ནི་དོན་དུ་མ་གཉེར་བ་དང་དོན་དུ་གཉེར་བས་འགྲོ་བ་རྣམས་སུ་འགྲོ་བར་བྱེད་དོ་ཞེས་པ་ཡན་ལག་རྣམས་ཏེ། སེམས་ཅན་རྣམས་སོ། །དེའི་ དོན་དུ་ལེགས་པར་ཡོངས་སུ་དག་པ་ཉིད་ཀྱིས་འདིས་སེམས་ཅན་གྱི་དོན་འབྱུང་བར་བྱེད་དོ་ཞེས་པ་གང་གིས་ཡན་ལག་སྟེ་བསྐྱེད་པ་ཡིན་པའི་དོན་དུ་མ་གཉེར་མགོན་བྱས་ཡན་ལག་ལེགས་བསྐྱེད་པ་དེ་ལའོ། །ཤེས་རབ་དང་ཐབས་འཁྱུད་པའི་སྦྱོར་བ་སྒྱུ་མ་སྟེ་རྣམ་པ་སྣ་ཚོགས་སྤྲུལ་ པའི་ངོ་བོས་རྣམ་པར་བརྒྱན་པའོ། །ཧཱུྃ་ཧཱུྃ་ཧཱུྃ་ཞེས་པ་སྐུ་དང་གསུང་དང་ཐུགས་རོ་གཅིག་པའོ། །གླུའི་རྗེས་ཐོགས་སུ་དྲིལ་བུ་དཀྲོལ་བར་བྱའོ། །དེའི་རྗེས་སུ་རྡོ་རྗེ་ཐལ་མོ་སྙིང་གར་བཟུང་ནས་བྱེད་དུ་གཞུག་སྟེ། སྦྱིན་བདག་དང་བདག་ཉིད་ཀྱང་ངོ་། །འཇུག་བཞིན་པ་ལ་སྟེ་ དབུགས་མ་ཕྱིན་པ་དམྱལ་བ་ལ་སོགས་པ་ལ་རྗེས་སུ་བརྩེ་བར་བྱའོ། །རྣལ་འབྱོར་ནི་ཤེས་རབ་དང་ཐབས་དབྱེར་མེད་པ་ཉིད་དེ། དེ་ཁོ་ན་སྒྲིབ་པ་གཉིས་ཀྱི་དགྲ་བོ་འཆོས་པའི་ཕྱིར་དང་སེམས་ཅན་སྐྱོབ་པའི་ཕྱིར་བསྟན་བཅོས་སོ། །དེའི་བྱ་བ་ཐོས་པ་དང་བསམ་པ་ལ་སོགས་ པའོ། །དེ་ལས་བྱུང་བ་སྟེ་དེའི་རྒྱུ་ཅན་གྱི་རྗེས་སུ་བརྩེ་བར་ཇི་ལྟར་འགྱུར་བ་ལྟར་རོ་ཞེས་པའི་སྨོན་ལམ་དམ་ཚིག་ཅན་རྣམས་དང་ལྷ་རྣམས་ཀྱང་གཏོར་མས་ཡང་དག་པར་ཚིམ་ནས་སོ། །སྨོན་ལམ་གྱི་རྗེས་ཐོགས་སུ་དེ་དག་གཤེགས་སུ་གསོལ་བའི་ཆེད་དུ་གསུངས་པ། རྡོ་རྗེ་ ཞེས་པ་ལ་སོགས་པའོ། །གཡོན་པ་ནི་ལག་པར་རོ། །ས་གཞི་ལ་ནི་དཀྱིལ་འཁོར་གྱིའོ། །འདི་ནི་འདིར་ཆོ་གའི་རིམ་པ་སྟེ། དང་པོར་ཡེ་ཤེས་མཁའ་འགྲོ་མའི་གཟུགས་ཀྱི་མདུན་དུ་གཞོང་པ་ལ་སོགས་པའི་སྣོད་ཆེན་པོ་རྣམས་སུ་ཟན་དང་སྲན་མ་ཥ་དང་ཉ་དང་ཤ་དང་ བཙོང་དང་སྒོག་སྐྱ་དང་ཆང་དང་ཆུ་དང་འོ་མ་ལ་སོགས་པ་དང་། མེ་ཏོག་ལ་སོགས་པ་རྣམས་དང་ལྡན་པ་བླ་རེ་ལ་སོགས་པས་བརྒྱན་པ། རོལ་མོ་ལ་སོགས་པ་མདུན་དུ་བྱས་པའམ། ཟན་དང་ཆུ་ལ་སོགས་པ་ཙམ་ཡང་རུང་། ཇི་ལྟར་རྙེད་པ་བཞག་སྟེ། བཟའ་བ་དང་བཏུང་བ་དག་སྦྱང་བར་ བྱའོ། །དེ་ལ་ཡཾ་ལས་སྐྱེས་པའི་རླུང་གི་སྟེང་དུ་རཾ་ལས་སྐྱེས་པའི་མེ་ལ། ཨཱཿཡིག་ལས་སྐྱེས་པའི་ཆུ་སྐྱེས་ཀྱི་སྣོད་དཀར་པོ་ཡི་གེ་གསུམ་ལས་སྐྱེས་པའི་མགོ་བོ་གསུམ་གྱི་ཐབ་ལ་གནས་པའོ། །དེར་བཟའ་བ་ལ་སོགས་པ། ཧཱུྃ་བུཾ་ཨཾ་ཧྲཱིཾ་ཁཾ། བྷྲཱུཾ་ཧཱུྃ་ཧྲཱིཿཏྲཱཾ་ཡིག་ལས་ སྐྱེས་ཤིང་དེ་རྣམས་ཀྱིས་བྱིན་གྱིས་བརླབས་པའི་བདུད་རྩི་ལྔ་དང་སྒྲོན་མ་ལྔའི་ངོ་བོར་གྲུབ་ལ། ཧ་ཧོ་ཧྲཱིཿཡིག་བསམས་པ་རྣམས་ཀྱིས་རིམ་པ་ཇི་ལྟ་བར་ཐ་མལ་པའི་ཁ་དོག་དང་དྲི་དང་ནུས་པ་ཕྲོགས་ཤིང་། རླུང་གིས་སྦར་བའི་མེ་འབར་བས་གདུངས་པས་ཞུ་བའི་ཡི་གེ་ལ་སོགས་པ་ཤར་མ་ཐག་ པའི་ཉི་མའི་མདོག་ཅན་ཁུ་བའི་ངོ་བོ་ལྦུ་བ་ཅན་ཏེ། དེའི་རླངས་པ་ཡོངས་སུ་གྱུར་པའི་ཧཱུྃ་ཡིག་ལས་སྐྱེས་པའི་རྡོ་རྗེ་ཁ་ཊྭཱཾ་ག་འབར་བ་ཞུ་ནས་དེར་ལན་གསུམ་དུ་ལྷུང་བས་བདུད་རྩིའི་དངོས་པོར་ཉེ་བར་སོང་ཤིང་། ཤེལ་གྱི་རྣམ་པ་ཤིན་ཏུ་གསལ་བཞིན་པར་བསྒོམ་པར་བྱའོ། །དེ་ནས་དེ་ ཉིད་དུ་འགྲོ་བ་ལ་རྣམ་པར་རྒྱུ་བའི་འོད་ཟེར་གྱིས་འདིའི་གཟུགས་སངས་རྒྱས་རྣམས་ལ་བསྟན་པར་བྱའོ། །དེ་ནས་དེའི་སྟེང་དུ་ཨོཾ་ལས་སྐྱེས་པའི་ཟླ་བ་ལ་གནས་པའི་ཨཱ་ལི་ཀཱ་ལི་ཡོངས་སུ་གྱུར་པའི་ཨོཾ་ཨཱཿཧཱུྃ་གི་ཡི་གེ་རིམ་པས་སྟེང་ནས་སྟེང་དུ་གནས་པ་རྣམས་ལས་འཕྲོས་པའི་འོད་ཟེར་ རྣམས་ཀྱིས་ཕྱོགས་བཅུར་བཞུགས་པའི་རྡོ་རྗེ་འཛིན་པ་ལ་སོགས་པ་རྣམས་བསྐུལ་ཏེ། དེ་རྣམས་ལས་བདུད་རྩི་དང་རྒྱ་མཚོ་ལ་སོགས་པ་ན་གནས་པ་མཐའ་དག་ཀྱང་མར་མེ་འཕོ་བའི་ཚུལ་གྱིས་བཀུག་ནས་དེ་ལ་གཞུག་པར་བྱའོ། །དེ་ནས་ཡི་གེ་གསུམ་དང་ཟླ་བ་དག་དེ་ཉིད་དུ་ ཐིམ་པར་བལྟས་ཤིང་། ཡི་གེ་གསུམ་གྱིས་ལན་གསུམ་དུ་བྱིན་གྱིས་བརླབ་པ་ཞེས་པས་བདུད་རྩི་བསྒྲུབས་ནས། མདུན་དུ་ཙནྡན་གྱིས་བྱས་པའི་ཆོས་འབྱུང་གྲུ་གསུམ་པའི་དབུས་སུ་གུར་གུམ་གྱིས་མཎྜལ་གྲུ་བཞི་པ་ཁྲུའི་ཚད་བྱས་ཏེ། དེའི་དབུས་སུ་ཐིག་བཞིའི་སྦྱོར་བས་ རེ་མིག་དགུ་བྱའོ། །དེར་རེ་མིག་དབུས་མར་ལྷ་བཅུ་གསུམ་གྱི་བདག་ཉིད་ཅན་ཡེ་ཤེས་མཁའ་འགྲོ་མ་སྔར་ཇི་ལྟ་བུ་དམ་ཚིག་སེམས་དཔའི་ངོ་བོ་ཡུད་ཀྱིས་བསྒོམ་པར་བྱའོ། །ཤར་ལ་སོགས་པའི་རེ་མིག་རྣམས་སུ་རང་རང་གི་ས་བོན་དང་མཚན་མ་ཡོངས་སུ་གྱུར་པས་དབང་པོ་ལ་ སོགས་པ་རྣམས་སོ། །དེ་ལ་དབང་པོའི་ས་བོན་ཛུཾ་ངོ་། །ཉེ་དབང་གི་ཧཱུྃ་ངོ་། །ལུས་ངན་གྱི་བྷཻཾ་མོ། །ལོག་འདྲེན་གྱི་ཤཽའོ། །ཆུ་ལྷའི་བཾ་མོ། །གཤིན་རྗེའི་ཀཱཾ་ངོ་། །དབང་ལྡན་གྱི་ཨཱཿའོ། །མེའི་རཾ་མོ། །བདེན་བྲལ་གྱི་ཡུཾ་ངོ་། རླུང་ལྷའི་ཡཾ་ངོ་། །ཉི་མའི་ཨཱཿའོ། །ཟླ་བའི་ ཨཾ་ངོ་། །ཚངས་པའི་ཨོཾ་མོ། །ཐགས་བཟངས་རིས་ཀྱི་བཻཾ་མོ། །སའི་ལཾ་ངོ་། །དེ་ནས་རང་གི་སྙིང་གའི་འོད་ཟེར་རྣམས་ཀྱིས་བཅུ་གསུམ་གྱི་བདག་ཉིད་ཅན་ཡེ་ཤེས་མཁའ་འགྲོ་མ་དང་དབང་པོ་ལ་སོགས་པ་རྣམས་དང་སེམས་ཅན་ཐམས་ཅད་ཀྱང་བཀུག་ནས་ནམ་མཁར་བལྟའོ། ། དེ་ལ། ས་སྲུང་དཀར་པོ་ལ་ཞོན་པ། །རྡོ་རྗེ་ཅན་སེར་མིག་སྟོང་པའོ། །ནག་པོ་འཁོར་ལོ་དབྱུག་ཏོ་དུང་། །ཀཽ་སྟུ་བྷ་འཛིན་མཁའ་ལྡིང་གནས། །མེ་ལྷ་དམར་པོ་སྨིན་མ་དང་། །རལ་ཐོད་སྨ་ར་འབར་ཞིང་འཁྲུག །ཚོན་པོ་རང་གནས་མི་འཇིགས་དང་། །བགྲང་ཕྲེང་རིལ་བ་དབྱུ་ གུ་འཛིན། །དུས་ནག་མ་ཧེའི་གདན་ཅན་ཏེ། །གཡས་བརྐྱང་ཟླ་བོའི་རྐང་སྟབས་ཅན། །སྐྲ་ནི་གྱེན་དུ་འབར་ཞིང་ཁྲོས། །ལག་པར་དབྱུག་པ་སྡིགས་མཛུབ་འཛིན། །དེ་འདྲའི་བདེན་བྲལ་རོ་ལ་གནས། །གཅེར་བུ་མི་རུས་ཀྱིས་བརྒྱན་པ། །ཞལ་ནི་མཆེ་བ་གཙིགས་ པ་ཅན། །གྲི་གུག་ཐོད་པ་དག་འཛིན་པའོ། །ཆུ་སྲིན་ལྷ་ནི་ཆུ་ལྷ་དཀར། །གདེངས་ཀ་བདུན་ཅན་སྦྲུལ་ཞགས་འཛིན། །ཨེ་ཎེ་ཡ་སེར་ལ་གནས་པ། །རླུང་ལྷ་ལྗང་གུ་རླུང་རས་ཅན། །མི་ལ་གནོད་སྦྱིན་སྦོམ་པོ་སེར། །ན་ཀུལ་བཱི་ཛ་པཱུ་ར་འཛིན། །བྱི་བར་གླང་ཆེན་ གདོང་ཅན་དཀར། །ལ་ཕུག་དབྱུག་ལ་དུ་ཕྲེང་འཛིན། །དབང་ལྡན་ཁྱུ་མཆོག་ལ་ཞོན་དཀར། །རལ་པའི་ཐོར་ཚུགས་རུས་རྒྱན་འཛིན། །རྩེ་གསུམ་པས་མཚན་ཁ་ཊྭཱཾ་ག །ཅང་ཏེའུས་བྲེལ་བའི་ཕྱག་ཅན་ནོ། །རྟ་ཡི་ཤིང་རྟར་ཉི་མ་དམར། །བཟོད་དཀའི་འོད་ཅན་ མཚོ་སྐྱེས་འཛིན། །དེའི་གཡོན་ཟླ་བ་འཁོར་ལོར་སོན། །འོད་དཀར་ཀུ་མུད་བགྲང་ཕྲེང་འཛིན། །ངང་པར་མེས་པོ་སེར་པདྨ། །མི་འཇིགས་བགྲང་ཕྲེང་དབྱུག་པ་ཅན། །ཐགས་བཟངས་རིས་ནི་ཤིང་རྟར་གནས། །ནག་པོ་རལ་གྲི་ལྡན་པར་འགྱུར། །དེ་གཡོན་ས་ ཡི་ལྷ་མོ་སེར། །པདྨ་ལ་གནས་པདྨ་འཛིན། །རིན་ཆེན་ཅོད་པན་ཅན་ལག་པ། །སྒེག་ལྡན་ཁྱད་པར་མེད་གང་ཀུན། །དེ་ནས་མཆོད་ཡོན་དང་ཞབས་བསིལ་ལ་སོགས་པ་སྔོན་དུ་འགྲོ་བར་རྐང་པ་གཡོན་པས་གཡས་པ་མནན་ཏེ། གཡོན་སྐོར་ གྱིས་གྱེན་དུ་བལྟ་བས། རྡོ་རྗེ་ཁུ་ཚུར་གཉིས་ཕན་ཚུན་རྒྱབ་སྦྱར་ཞིང་། མཐེ་ཆུང་གཉིས་སྦྲེལ་ལ། སྡིགས་མཛུབ་གཉིས་བསྒྲེངས་ནས། སྡིགས་མཛུབ་གཡས་པ་ཅུང་ཟད་བཀུག་སྟེ་དེའི་རྒྱབ་ཏུ་སྡིགས་མཛུབ་གཡོན་པ་གཞག་གོ་ཞེས་པ་སྤྱན་འདྲེན་པའི་ཕྱག་རྒྱ་སྤྱི་བོར་ བཅིངས་ནས། ཕཊ་ཅེས་པ་བརྗིད་བག་དང་བཅས་པ་ལན་གསུམ་བརྗོད་དོ། །ཨོཾ་ཀུ་རུ་ཀུ་རུ་ས་མ་ཡ་ཨ་དྷི་པ་ཏི་ཧཱུྃ་ཛཿསྭཱ་ཧཱ། ཞེས་པའི་སྔགས་ཀྱིས་ཡེ་ཤེས་མཁའ་འགྲོ་མའི་དཀྱིལ་འཁོར་དང་། ཨོཾ་ཀཀྐ་ཞེས་པ་ལ་སོགས་པས་ཀྱང་འཇིག་རྟེན་སྐྱོང་བ་ལ་སོགས་པ་ རྣམས་བཀུག་ལ། རང་རང་གི་དམ་ཚིག་སེམས་དཔའ་རྣམས་ལ་རོ་གཅིག་ཏུ་གྱུར་པས་གཞུག་པར་བྱའོ། །དེ་ལ་རེ་མིག་དབུས་མར་བཅུ་གསུམ་གྱི་བདག་ཉིད་ཅན་གྱི་ཡེ་ཤེས་མཁའ་འགྲོ་མ་ཇི་སྐད་བཤད་པའི་གདན་དང་ཁ་དོག་ལ་སོགས་པ་ཅན་ནོ། །ཤར་གྱི་རེ་ མིག་གི་དབུས་སུ་ནག་པོ། དྲག་པོ་སྔུན་དང་གཡོན་དང་རྒྱབ་དང་གཡས་རྣམས་སུ་རིམ་པ་ཇི་ལྟ་བར་གཏུམ་མོ་དང་འཇིགས་མ་དང་གཟུགས་མ་དང་ཨུ་མའི་ལྷ་མོ་དཀར་བ་དང་སེར་བ་དང་དམར་བ་དང་ནག་པོའི་མདོག་ཅན་མ་རྣམས་ཀྱིས་ཡོངས་སུ་བསྐོར་བའོ། །ཨུ་མའི་ གཡས་སུ་ཅུང་ཟད་རིང་བར་ཁྱབ་འཇུག་གོ། །བྱང་གི་རེ་མིག་ཏུ་དྲག་པོ་ཆེན་པོ་སྟེ་དེ་བཞིན་ཁོ་ནར་འདིའི་འཁོར་རྒྱལ་མ་དང་རྣམ་པར་རྒྱལ་མ་དང་མི་ཐུབ་མ་དང་གཞན་གྱིས་མི་ཐུབ་མ་སེར་བ་དང་དམར་བ་དང་ནག་པ་དང་དཀར་མོ་རྣམས་སོ། །གཞན་གྱིས་མི་ཐུབ་མ་ལས་ གཡས་སུ་ཅུང་ཟད་རིང་བར་ཚོགས་བདག་གོ། །ནུབ་ཀྱི་རེ་མིག་ཏུ་ལྷས་བྱིན་ཏེ། དེ་བཞིན་དུ་འདིའི་ནག་མོ་བཟང་མོ་དང་ནག་མོ་ཆེན་མོ་དང་དུས་མ་སྦོམ་མོ་དང་དབང་མོ་དམར་བ་དང་ནག་པ་དང་དཀར་བ་དང་སེར་མོ་རྣམས་སོ། །ལྷོའི་རེ་མིག་ཏུ་ནག་པོ་སྟེ། འདིའི་ཟླ་ བ་མོ་དང་འཇིགས་མ་དང་གདུག་ཅན་མ་དང་འཕྱང་བ་རྣམས་ནག་མོ་དང་དཀར་བ་དང་སེར་བ་དང་དམར་བ་རྣམས་སོ། །དབང་ལྡན་གྱི་རེ་མིག་ཏུ་ཐོད་པ་ཅན་དཀར་སེར་ཏེ། འདིའི་སྐབས་གསུམ་དབང་ཕྱུག་མ་དང་ཀཾ་པོ་ཛཱི་དང་མར་མེ་མ་དང་འཇིབ་བྱེད་མ་དཀར་བ་དང་སེར་བ་དང་དམར་ བ་དང་ནག་པོ་རྣམས་སོ། །མེའི་རེ་མིག་ཏུ་མི་གདུག་པ་དམར་པོ་རྗེས་སུ་འབྲེལ་བའི་སེར་ནག་སྟེ། འདིའི་འཇིགས་གཟུགས་མ་དང་གཟུགས་ཆེན་མ་དང་མཆེ་བ་གཙིགས་མ་དང་ཐོད་པ་ཅན་མ་རྣམས་ནག་པ་དང་དཀར་བ་དང་སེར་བ་དང་དམར་བ་རྣམས་སོ། །བདེན་བྲལ་མཚམས་ཀྱི་རེ་ མིག་ཏུ་དགའ་བ་ལས་འདས་པ་ནག་ཅིང་དམར་བ་སྟེ། འདིའི་ཐོད་པའི་ཕྲེང་བ་མ་དང་འཕྱང་བ་ཅན་མ་དང་ལག་པ་ཁ་ཊྭཱཾ་ག་ཅན་མ་དང་རྫུ་འཕྲུལ་ཆེན་མོ་རྣམས་དམར་བ་དང་ནག་པ་དང་དཀར་བ་དང་སེར་མོ་རྣམས་སོ། །རླུང་གི་ཕྱོགས་ཀྱི་རེ་མིག་ཏུ་ལོག་འདྲེན་ལྗང་གུའི་ཁ་དོག་རྗེས་སུ་ འབྲེལ་བའི་དམར་སེར་ཏེ། འདིའི་ལག་ན་རལ་གྲི་མ་དང་ལག་ན་དགྲ་སྟྭ་མ་དང་ལག་ན་རྡོ་རྗེ་མ་དང་། ལག་ན་གཞུ་ཅན་མ་སེར་བ་དང་དམར་བ་དང་ནག་པ་དང་དཀར་མོ་རྣམས་སོ། །འདི་རྣམས་དང་སྟེང་དུ་ཉི་མ་དང་ཟླ་བ་དང་མེས་པོ་དང་གཟའ་དང་རྒྱུ་སྐར་ལ་སོགས་པ་རྣམས་དང་། འོག་ཏུ་ ཐགས་བཟངས་རིས་དང་སའི་ལྷ་མོ་དང་གདེངས་ཅན་དབང་པོ་ལ་སོགས་པ་རྣམས་དང་། ཕྱི་རོལ་དུ་ཀུན་ནས་བསྐོར་ཏེ་སེམས་ཅན་རྣམས་ཐམས་ཅད་དོ། །འདིར་གཏུམ་མོ་ལ་སོགས་པ་རྫུ་འཕྲུལ་ཆེན་མོའི་བར་རྣམས་རྣམ་པར་སྒེག་པ་ཅན་ལག་ན་མེ་ཏོག་ལ་སོགས་པ་ཉེ་བར་ སྤྱོད་པ་ལྔ་ཅན་ཏེ། ལག་ན་རལ་གྲི་མ་ལ་སོགས་པ་བཞི་ནི་སྒྲ་ཇི་ལྟ་བའི་ཕྱག་མཚན་ཅན་རྣམས་སོ། །ཐམས་ཅད་ཀྱང་ཕྱག་གཉིས་འཁྱུད་པའི་ཕྱག་རྒྱ་དང་ལྡན་མ། ཕྱག་ལྷག་མས་གཙོ་བོའི་མཚན་མ་འཛིན་མ་རྣམས་སོ། །དྲག་མོ་ནག་པོ་ལ་སོགས་པ་རྣམས་ནི། ཕྱག་ མཚན་བཞི་ཅན་དེ་བཞིན་ཁོ་ནར་འགྱུར། །འདི་རྣམས་གཅིག་ཏུ་རལ་གྲི་ཡང་ནའོ། །མཚན་མ་གཉིས་ཅན་རྣམས་ཀྱིས་པདྨ་འདིར། །ནོར་བུ་ཡང་ནི་མཚན་མ་གཅིག་ཅན་ལའོ། །དབང་པོ་ཀླུ་རླུང་ཚོགས་བདག་དང་། །གནོད་སྦྱིན་ཟླ་བ་མེས་པོ་དང་། །ས་ཡང་ཟླ་བར་ ཤེས་བྱ་སྟེ། །ལྷག་མ་ཉི་མའི་དཀྱིལ་འཁོར་ལའོ། །ཚངས་དང་ས་ནི་སྐུ་དབང་རིགས། །རིན་ཆེན་རིགས་ལ་ཉི་མའོ། །ལུས་ངན་དབང་ལྡན་ཀླུ་རྣམས་ནི། །གསུང་རིགས་དོན་ཡོད་རིགས་ལ་རླུང་། །ལྷག་མ་མི་བསྐྱོད་རིགས་ཅན་རྣམས། །དབང་ པོ་ལ་སོགས་པ་འདི་རྣམས་ཀྱང་རང་དང་འདྲ་བའི་ཤེས་རབ་མ་དང་བཅས་པ་སྟེ། ས་ནི་རང་འདྲའི་ཐབས་དང་བཅས་པའོ། །དེ་ནས་མཆོད་ཡོན་དང་ཞབས་བསིལ་ལ་སོགས་པ་སྔོན་དུ་འགྲོ་བར་ཡང་དག་པར་མཆོད་དེ། རྡོ་རྗེ་ཁུ་ཚུར་གཉིས་རྒྱབ་སྤྲད་པའི་མིང་མེད་གཉིས་ལྕགས་ སྒྲོག་ཏུ་བྱས་པ་ཞེས་པའི་ཕྱག་རྒྱ་བསྟན་ཏེ། ལག་པ་གཡོན་པའི་མཐིལ་དུ་ཟླ་བ་ལ་གནས་ཤིང་ཧཱུྃ་ལས་སྐྱེས་པའི་སྣ་ཚོགས་རྡོ་རྗེའི་ལྟེ་བར་བདུད་རྩིའི་སྣོད་བཞག་ནས་སམ་བསྒོམས་ནས། རྡོ་རྗེ་ཁུ་ཚུར་དུ་བྱས་པའི་ལག་པ་གཡས་པའི་ཁྲོ་བོ་བརྐྱང་བས་དེ་སྟོན་ཅིང་། ཨོཾ་བྷཀྵ་བྷཀྵ་ སརྦ་ཡོ་གེ་ཤྭ་རི་ཧཱུྃ་ཧཱུྃ་ཧཱུྃ་ཛཿསྭཱ་ཧཱ་ཞེས་པ་འབུལ་བའི་སྔགས་ཀྱིས་ཡེ་ཤེས་མཁའ་འགྲོ་མའི་དཀྱིལ་འཁོར་ཧཱུྃ་ལས་སྐྱེས་པའི་རྡོ་རྗེ་དཀར་པོ་རྩེ་གཅིག་པའི་ལྗགས་ཅན་དེའི་འོད་ཟེར་གྱི་སྦུ་གུ་རྣམས་ཀྱིས་སམ་ཡིད་ཀྱིས་བདུད་རྩི་འདྲེན་པ་ལ་བརྩོན་པ་ལ། སྟོང་པ་ཉིད་དང་སྙིང་རྗེ་ དབྱེར་མེད་པའི་བྱང་ཆུབ་སེམས་སུ་ལྷག་པར་མོས་པས་འཁོར་གསུམ་ཡོངས་སུ་དག་པས་ཚིམ་པར་བྱས་ཤིང་། བདུད་རྩི་ལྷག་མ་རྣམས་ཀྱིས། ཨོཾ་ཏིཥྛ་བྷཀྵ་བྷཀྵ་ཛཿསྭཱ་ཧཱ་ཞེས་པ་འདིས་འཇིག་རྟེན་སྐྱོང་བ་ལ་སོགས་པ་རྣམས་དེ་ལྟར་ཚིམ་པར་བྱའོ། །དེ་ནས་དཀྱིལ་འཁོར་གྱི་བདག་ པོ་ལ་སོགས་པ་རྣམས་བདུད་རྩི་གསོལ་བ་ལས་བདེ་བ་ཆེན་པོའི་རང་བཞིན་སྟོང་པ་ཉིད་དང་རོ་གཅིག་པར་ཇི་སྲིད་འདོད་པར་བསམ་པར་བྱའོ། །ཞལ་བསིལ་དང་ཕྱག་ཕྱི་བ་དང་སོ་རྩི་ལ་སོགས་པ་ཕུལ་ཏེ་མཆོད་པར་བྱའོ། །དེ་ནས་རྡོ་རྗེ་འཛིན་པའི་རང་བཞིན་ཡེ་ཤེས་མཁའ་འགྲོ་ མ་མཉེས་པའི་དོན་དུ་དང་། ཆད་པ་དང་ལྷག་པའི་སྐྱོན་ཞི་བའི་ཆེད་དུ་དང་བྱ་བ་ཐམས་ཅད་འགྲུབ་པའི་དོན་དུ། ཨོཾ་བཛྲ་ས་ཏྭ་ས་མ་ཡ། མ་ནུ་པཱ་ལ་ཡ། བཛྲ་ས་ཏྭ་ཏྭེ་ནོ་པ་ཏིཥྛ་དྲྀ་ཌྷོ་མེ་བྷ་བ། སུ་ཏོ་ཥྱོ་མེ་བྷ་བ། སུ་པོ་ཥྱོ་མེ་བྷ་བ། ཨ་ནུ་རཀྟོ་མེ་བྷ་བ། སརྦ་སིདྡྷི་མྨེ་པྲ་ཡཙྪ། སརྦ་ཀརྨ་སུ་ཙ་མེ་ཙིཏྟཾ་ཤྲེ་ཡཿཀུ་རུ་ཧཱུྃ། ཧ་ཧ་ཧ་ཧ་ཧོཿབྷ་ག་ཝཱན་བཛྲ་ས་ཏྭ་མ་མེ་མུཉྩ་བཛྲི་ས་ཏྭ་བྷ་ཝ་མ་ཧཱ་ས་མ་ཡ་ས་ཏྭ་ཨཱཿཧཱུྃ་ཕཊ་ཅེས་པ་ཡི་གེ་བརྒྱ་པ་དྲིལ་བུ་དཀྲོལ་བ་སྔོན་མ་བཀླག་པར་བྱའོ། །དེའི་རྗེས་སུ་པདྨ་བསྐོར་བའི་ཕྱག་རྒྱ་མཉེས་པར་བྱས་ནས་ཕྱག་རྒྱ་ཉེ་བར་སྡུད་པ་ ན་འཁྱུད་པའི་ཚུལ་བྱས་ཏེ། སྙིང་གར་གཡོན་པའི་རྡོ་རྗེ་ཁུ་ཚུར་གཞག་ཅིང་། ལག་པ་གཡས་བརྐྱང་ནས་རེ་མིག་གི་ས་ལ་གཞག་སྟེ། ཞབས་ལ་འཇུག་པར་མོས་པས། བྱ་བ་བསྒྲུབ་པ་ལྷུར་ལེན་པའི་ཡེ་ཤེས་མཁའ་འགྲོ་མ་འཁོར་དང་བཅས་པ། ཨོཾ་ཨཱཏྨ་ཏིཥྛ་ཧཱུྃ་སྭཱ་ཧཱ་ཞེས་ བརྗོད་ཅིང་རེ་མིག་ནས་བཞེངས་སུ་གསོལ་ལོ། །དེའི་རྗེས་སུ་འཇུག་པའི་དབུགས་ཀྱིས་བཅུག་སྟེ་རང་གི་ལུས་དང་ལྷན་ཅིག་རོ་གཅིག་ཏུ་བྱས་ནས་མཆོད་པར་བྱའོ། །དེའི་རྗེས་སུ་འཁྱུད་པའི་ཕྱག་རྒྱས་སེ་གོལ་གསུམ་བྱ་ཞིང་ཨོཾ་སརྦ་དུཥྚ་གྲྀ་ཧྞ་གྲྀ་ཧྞ་གཙྪ་ཧཱུྃ་ཕཊ་ཅེས་བརྗོད་ཅིང་ འཇིག་རྟེན་སྐྱོང་བ་ལ་སོགས་པ་མངོན་པར་འདོད་པ་བསྒྲུབ་པ་ལ་གཞོལ་བ་རྣམས་གནས་ཇི་ལྟ་བར་གཤེགས་སུ་གསོལ་ལོ་ཞེས་པ་ཡེ་ཤེས་མཁའ་འགྲོ་མའི་རྣལ་འབྱོར་གྱིས་གཏོར་མའི་ཆོ་གའོ། །འདིར་ཡང་ཐོག་མར་རྡོ་རྗེ་སེམས་དཔའི་ཏིང་འཛིན་ཅན། །ཡང་ན་ཧེ་རུ་ ཀ་ལ་བརྩོན། །ཞེས་གསུངས་སོ། །དེ་ན་གང་གི་ཚེ་རྡོ་རྗེ་སེམས་དཔའི་རྣལ་འབྱོར་གྱིས་གཏོར་མ་སྦྱིན་པར་བརྩོན་པ་དེའི་ཚེ་ཡེ་ཤེས་མཁའ་འགྲོ་མའི་གནས་སུ་རྡོ་རྗེ་སེམས་དཔའ་བསྒོམ་པར་བྱ་ཞིང་། དཀྱིལ་འཁོར་པ་རྣམས་ཀྱི་རུ་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་ བའི་ལྷ་རྣམས་སོ། །འདིའི་སྤྱན་འདྲེན་པའི་ཕྱག་རྒྱ་ནི་འབར་བའི་ཕྱག་རྒྱ་སྟེ་དེ་ཁོ་ན་སྤྱན་དྲང་བའི་དོན་དུ་བཅིང་བར་བྱའོ། །ཨོཾ་བྷཀྵ་བྷཀྵ་ཞེས་པ་ལ་སོགས་པའི་སྔགས་ནི་འདིའི་མ་ཡིན་གྱི། འདིའི་དབུལ་བའི་སྔགས་ནི། ཨོཾ་བཛྲ་ཌཱ་ཀ་ཨི་མཾ་བ་ལིཾ་གྲྀ་ཧྞ་གྲྀ་ཧྞ་ཧཱུྃ་ ཕཊ་ཨོཾ་ཛཿཧཱུྃ་བཾ་ཧོཿས་མ་ཡ་སྟྭཾ་དྲྀ་ཤྱ་ཧོཿཞེས་པ་འདི་ལན་གཅིག་བརྗོད་པས་བཅོམ་ལྡན་འདས་ལའོ། །ལན་གཅིག་གིས་དེའི་ཤེས་རབ་མ་ལའོ། །ལན་གཅིག་གིས་རྣམ་པར་སྣང་མཛད་ལ་སོགས་པ་རྣམས་ལ་འབུལ་ལོ། །ལན་གཅིག་གིས་ནི་རྡོ་རྗེ་དྲག་མོ་ལ་སོགས་ པ་རྣམས་ལ་དང་། ལན་གཅིག་གིས་ནི་མེ་ཏོག་མ་ལ་སོགས་པ་རྣམས་ལ་དབུལ་ལོ། །དེ་ལས་གཞན་རྣམས་ལ། ཨོཾ་ཁ་ཁ་ཁཱ་ཧི་ཁཱ་ཧི་སརྦ་ཡཀྵ་རཱཀྵ་ས་བྷཱུ་ཏ་པི་ཤཱ་ཙ་ཨུནྨཱ་ད་ཨ་བསྨ་ར་ཌཱ་ཀི་ནྱཱ་ད་ཡ། ཨི་མཾ་བ་ལིཾ་གྲྀ་ཧྞཱནྟུ་ས་མ་ཡཾ་རཀྵནྟུ་སརྦ་སིདྡྷི་མྨེ་པྲ་ཡ་ ཙྪནྟུ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། ཞེས་པ་ཁྱད་པར་ཏེ། གཞན་ཐམས་ཅད་སྔར་བཞིན་ནོ་ཞེས་པ་རྡོ་རྗེ་སེམས་དཔའི་གཏོར་མའི་ཆོ་གའོ། །གང་གི་ཚེ་བཅོམ་ལྡན་འདས་འདི་རིག་པའི་རྒྱལ་པོའི་གཟུགས་ཡིན་པ་དེའི་ཚེ་བཅོམ་ལྡན་འདས་དང་དེའི་ཤེས་རབ་དང་མཁའ་འགྲོ་མ་ལ་སོགས་པ་རྣམས་ དང་། ཁྭ་གདོང་མ་ལ་སོགས་པ་རྣམས་ལ་ཇི་ལྟར་རིགས་པར་ཕྱོགས་རྣམས་སུ་གཡོན་སྐོར་དང་ཕྱོགས་བྲལ་རྣམས་སུ་མེའི་ཟུར་ནས་བརྩམས་ཏེ་གཡས་སྐོར་གྱིས་གཏོར་མ་བསྐོར་བར་བྱ་ཞིང་། ཨོཾ་བཛྲ་ཌཱ་ཀ་ཞེས་པ་ལ་སོགས་པ། གཅིག་དང་གཉིས་དང་གསུམ་དང་བཞི་དང་ལྔའི་ལན་ བརྗོད་པས་ཕུལ་ནས་འཁོར་ལོ་གསུམ་གྱི་ལྷ་ལ། ཨོཾ་ཀ་ར་ཞེས་པ་ལ་སོགས་པ། ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ་ཞེས་པའི་མཐའ་ལན་གཅིག་བརྗོད་པ་དབུལ་བར་བྱའོ་ཞེས་པ་ཁྱད་པར་ཏེ། གཞན་རྡོ་རྗེ་སེམས་དཔའི་གཏོར་མའི་ཆོ་ག་བཞིན་ནོ་ཞེས་པ་རིག་པའི་རྒྱལ་པོའི་གཏོར་མའི་ཆོ་གའོ། །གང་གི་ ཚེ་དཔལ་ཧེ་རུ་ཀའི་གཟུགས་ཀྱིས་གཏོར་མ་སྦྱིན་པར་བརྩོན་པ་དེའི་ཚེ་ཡང་། ཡེ་ཤེས་མཁའ་འགྲོ་མའི་གནས་སུ་ཧེ་རུ་ཀ་བསམ་པར་བྱ་སྟེ། དཀྱིལ་འཁོར་པ་རྣམས་ཀྱི་ས་རུ་དེའི་དཀྱིལ་འཁོར་པ་རྣམས་སོ། །ཨོཾ་བྷཀྵ་ཞེས་པ་ལ་སོགས་པའི་སྔགས་ནི་འདི་མ་ཡིན་གྱི། འདིའི་ གཏོར་མ་འབུལ་བའི་སྔགས་ནི། ཕྱག་བཅུ་དྲུག་པ་ཉིད་དམ་ཕྱག་དྲུག་པ་ཉིད་དམ་ཕྱག་བཞི་པ་ཉིད་དམ་ཕྱག་གཉིས་པ་ཉིད་ལས་སོ་སོར་རང་གི་སྙིང་པོའི་སྔགས་སོ། །འདིས་བཅོམ་ལྡན་འདས་མ་ཤེས་རབ་དང་བཅས་པ་ལའོ། །ཨོཾ་བཛྲ་གུ་ཧྱེ་ཞེས་པ་ལ་སོགས་པ་རང་རང་ གི་སྔགས་སྔར་གསུངས་པ་རྣམས་ཀྱིས་གཽ་རཱི་ལ་སོགས་པ་ལྷ་མོ་བཅུ་དྲུག་པོ་རྣམས་ལ་དབུལ་བར་བྱའོ་ཞེས་པ་ཁྱད་པར་ཏེ། གཞན་ཐམས་ཅད་ཡེ་ཤེས་མཁའ་འགྲོ་མའི་གཏོར་མའི་ཆོ་ག་བཞིན་ནོ་ཞེས་པ་ཀྱེ་རྡོ་རྗེ་བཞིའི་གཏོར་མའི་ཆོ་གའོ། །འདི་ཐམས་ཅད་ཀྱང་རྒྱས་པ་དང་ བཅས་པའི་གཏོར་མའི་ཆོ་གའོ། །རེ་མིག་རྣམས་སུ་ཡོངས་སུ་བསྐོར་བ་དང་བཅས་པའི་དམ་ཚིག་སེམས་དཔའ་སྒོམ་པ་མེད་པ་ཁོ་ནར་ཡེ་ཤེས་སེམས་དཔའ་གཞུག་པས་གཞན་ཐམས་ཅད་རྗེས་སུ་བསྒྲུབ་པ་ལ་ཆོ་ག་འབྲིང་པོའོ། །བརྒྱ་བྱིན་ལ་སོགས་པ་ཐམས་ཅད་རང་གི་ལྷའི་ གཟུགས་སུ་ལྷག་པར་མོས་ནས་གནས་ཇི་ལྟ་བར་གནས་པ་འདི་རྣམས་ལ་རང་གི་འདོད་པའི་ལྷའི་གཏོར་མ་སྔོན་མ་ཅན་གཏོར་མ་སྦྱིན་པར་བྱའོ་ཞེས་པ་མདོར་བསྡུས་པའི་ཆོ་ག་སྟེ། དེའི་ཚེ་ནི་གྲུ་གསུམ་པ་ལ་སོགས་པ་མ་ཡིན་ཞིང་། དམ་ཚིག་སེམས་དཔའ་དང་ཡེ་ཤེས་སེམས་ དཔའི་དགུག་པ་ལ་སོགས་པ་བསྒོམ་པ་ཡང་མ་ཡིན་ལ། གཤེགས་སུ་གསོལ་བ་ཡང་མ་ཡིན་ནོ། །དེ་ལྟར་བསྐྱེད་པའི་རིམ་པའི་གཏོར་མའི་ཆོ་ག་རྣམ་པ་གསུམ་མོ། །རྫོགས་པའི་རིམ་པ་ལ་ནི་ཤེས་རབ་དང་ཐབས་ལས་མ་གཡོས་པའི་སེམས་ཀྱིས། བསམས་པ་ཙམ་གྱིས་ སྤྱན་དྲངས་པའི་ཤེས་རབ་དང་ཐབས་ཀྱི་ངོ་བོ་ཁོ་ནའི་རང་གི་འདོད་པའི་ལྷ་དང་བཅས་པའི་དབང་པོ་ལ་སོགས་པ་རྣམས་ལ་ཡེ་ཤེས་ཀྱི་རོ་ལས་ཐ་མི་དད་པའི་གཏོར་མ་འབུལ་བ་ནི་གཏོར་མའི་ཆོ་གའོ། །ཆོ་ག་འདི་རྣམས་ལ་ཡང་ཞི་བ་ལ་སོགས་པ་གཙོ་བོའི་བྱ་བའི་དབྱེ་བ་ལས་དུས་དང་ ཕྱོགས་དང་ཁ་དོག་གི་དབྱེ་བ་རྟོགས་པར་བྱའོ། །དཀྱིལ་འཁོར་གྱི་ཁང་པ་ལ་སོགས་པའི་ཤར་ལ་སོགས་པ་ཕྱོགས་དང་ཕྱོགས་བྲལ་རྣམས་སུ་ཁམ་ཕོར་ལ་སོགས་པར་བརྒྱད་རྣམས་སྦྱིན་པར་བྱའོ། །དབང་ལྡན་དང་དབང་པོ་དག་གི་བར་དུ་ཉི་མ་ལ་སོགས་པ་རྣམས་ལའོ། ། ཆུ་ལྷ་དང་བདེན་བྲལ་དག་གི་བར་དུ་ཐགས་བཟངས་རིས་དང་སའི་ལྷ་མོ་དག་ལའོ། །ཇི་ལྟར་རིགས་པར་འདོད་པའི་ལྷ་རྣམས་ལ་བ་དན་ལ་སོགས་པའོ། །དབང་པོ་ལ་སོགས་པ་རྣམས་ལ་ནི་རང་རང་གི་ཕྱོགས་སུ་རང་རང་གི་མདོག་ཅན་གྱི་བ་དན་བཅོ་ལྔ་རྣམས་ཏེ། གཞན་ ཡང་ཕྱི་རོལ་དུ་ཀུན་ནས་ཕྱར་བར་བྱའོ། །གཞན་གྱི་དོན་དུ་གཏོར་མ་སྦྱིན་པ་ན་ཡང་སྔགས་པ་ཇི་ལྟར་ཡོད་པའི། མེའམ་མ་མ་ཞེས་པ་ནི་ཇི་ལྟར་གནས་པ་ཁོ་ན་ལྟར་བཀླག་པར་བྱ་སྟེ། དེ་ཡང་བདག་ཉིད་དུ་མོས་པར་བྱའོ། །འདི་ལ་ཕན་བཏགས་པ་ན་བདག་ལ་ཕན་བཏགས་ པར་འགྱུར་རོ་ཞེས་པའི་བསམས་པ་ལས་དེའི་བྱ་བ་འགྲུབ་པར་འགྱུར་རོ། །མཐར་ཡང་དེའི་དོན་ཞུ་བར་བྱའོ་ཞེས་པའོ། །གཏོར་མ་ནི་ཉེ་བར་བསྒྲུབ་པ་སྟེ་འདིས་གསལ་བར་བྱའོ་ཞེས་པ་གཏོར་མ་ཉེ་བར་བསྒྲུབ་པའོ། །དཔལ་ཡང་དག་པར་སྦྱོར་བའི་ རྒྱུད་ཀྱི་རྒྱ་ཆེར་འགྲེལ་པ། མན་ངག་གི་སྙེ་མར་སྙེ་མ་སུམ་ཅུ་བཞི་པའོ།། །།དངོས་གྲུབ་ཀྱི་ཐབས་ཀྱི་ཡན་ལག་བརྗོད་པའི་ཆེད་དུ་གསུངས་པ། གསང་བ་ཞེས་པ་ལ་སོགས་པའོ། །གསང་བ་ཞེས་པ་ལ་སོགས་པས་རྡོ་རྗེ་དང་པདྨ་སྦྱོར་བ་ལ་སོགས་པ་ཡང་བྲིས་སྐུ་ དང་པུསྟི་འབྲི་བའི་ཚོགས་པར་འགྱུར་རོ་ཞེས་བསྟན་ཏོ། །སྦས་པ་དམ་པའི་དགོངས་པ་སྟེ་མངོན་པར་དགོངས་པ་དམ་པའི་སྤྱོད་ཡུལ་གང་དུ་ཡིན་པ་དེ་གསལ་བར་མཛད་དོ། །ལྷ་རྣམས་སུ་ནི་ལྷ་རྣམས་ཀྱིའོ། །རྣམ་རྟོག་མེད་པ་ནི་དམ་ཚིག་བརྟན་པ་ལ་སོགས་པ་ལའོ། ། ཡང་ན་ཞེས་པ་གསུངས་པའི་ཡོན་ཏན་མེད་པའི་ཕྱིར་རོ། །དཔའ་བོ་ཞེས་པ་སྐྱེས་བུ་དཔའ་བོ་ཤི་བའིའོ། །ཁྲག་ཆེན་པོ་ནི་མིའི་ཁྲག་གོ། །མི་ཅན་ནི་མིའི་ཐོད་པའོ། །ཇི་སྐད་བཤད་པ་རྣམས་ཀྱིས་ནི་གནས་དང་གནས་རྣམས་སུ་དེ་བཞིན་གཤེགས་པ་ལྔའི་བདག་ཉིད་དུ་ གསུངས་པ་རྣམས་ཀྱིས་ཏེ་རྡུལ་དང་ཁུ་བ་ལ་སོགས་པ་བདུད་རྩི་ལྔས་བགོས་པ་རྣམས་ཀྱིས་སོ། །དང་པོར་ནི་མཆོད་ཡོན་སྦྱིན་པའི་དུས་སུའོ། །དཔལ་ཡང་དག་པར་སྦྱོར་བ་ནི་རྡོ་རྗེ་སེམས་དཔའོ། །གྱུར་པ་རྣམས་ནི་ཁ་དོག་ལྔ་རྣམས་སོ། །ཕོ་ཉ་མོ་ནི་རྡོ་རྗེ་རྣལ་ འབྱོར་མའོ། །ཟླ་བ་ནི་བྱང་ཆུབ་ཀྱི་སེམས་སོ། །གཅིག་ཏུ་སྟེ་གནས་སུ་རྣལ་འབྱོར་མ་རྣམས་དང་ལྷན་ཅིག་གོ། །དེ་ལ་ཕོ་ཉ་མོའི་གཙང་སྦྲ་ནི་བཅོམ་ལྡན་འདས་མའི་གཟུགས་སུ་བསྒོམས་པས་སོ། །ཟླ་བ་ནི་གཏུམ་མོ་ལ་སོགས་པ་བསྒོམས་པས་སོ། །མཛེས་ པའི་སྟོན་མོ་ནི་བདུད་རྩི་མྱོང་བའི་ཆོ་ག་བསྒོམས་པས་སོ། །འདི་ཁོ་ནའི་གཙང་སྦྲ་ནི་ཕྱི་རོལ་གྱི་ཤེས་རབ་མའི་ཁུ་བ་ཙཱ་རུ་ཡང་དག་པར་སྤྱོད་པ་ལས་ཀྱང་ཀུན་ནས་སྤྱད་དོ། །དེས་ནི་ཡིད་དག་པས་རྣམ་པ་འདི་ལྟ་བུ་ཁོ་ནའི་དག་བྱེད་རྗེས་སུ་འབྲེལ་བར་བྱའི། ཁྲུས་དང་ ཁ་ཤོལ་བ་ལ་སོགས་པ་ནི་མ་ཡིན་ནོ། །དེའི་རང་གི་སེམས་འདོད་ཆགས་ལ་སོགས་པས་དྲི་མ་ཅན་དུ་གྱུར་པས་འབྲས་བུ་མེད་པ་ནི་དག་བྱེད་མ་ཡིན་ནོ། །སླར་ཞིང་མི་འདོད་པའི་འབྲས་བུར་འགྱུར་རོ་ཞེས་གསུངས་པ། མི་མཐུན་ཆོས་ཀྱི་ཞེས་པ་རྡོ་རྗེ་འཛིན་པའི་རྣལ་འབྱོར་ ལས་ཕྱིན་ཅི་ལོག་ཉིད་ཀྱིས་སོ། །འདོད་པ་མི་འགྲུབ་པ་འབའ་ཞིག་ཏུ་མ་ཟད་ཀྱི། ཕྱིན་ཅི་ལོག་ལས་ཉེས་པ་བྱས་པས་ངན་འགྲོར་འགྱུར་རོ་ཞེས་གསུངས་པ། ཁྱི་ཞེས་པ་ལ་སོགས་པའོ། །འབྲས་བུ་མེད་པ་ཉིད་རྒྱས་པར་སྟོན་པ། དཔེར་ན་ཞེས་པ་ལ་སོགས་པའོ། ། དཔེ་ཅན་བརྗོད་པ་གསུངས་པ་གཞན་གྱི་ཞེས་པ་བལྟ་བ་གཞན་བརྗོད་པ་སེང་གེ་དང་འཕྲོག་བྱེད་ལ་སོགས་པའི་འོ། །དོན་མེད་ནི་དེ་ཁོ་ན་ཉིད་མ་མཐོང་བས་དང་འདོད་ཆགས་ལ་སོགས་པའི་ཆ་ཤས་ཀྱང་མ་ཉམས་པའི་ཕྱིར་རོ། །འཛིན་པ་ངེས་པར་འཛིན་པ་སྟེ་བསྒོམ་ པའོ། །ཁྲུས་ཞེས་པ་ཉེ་བར་མཚོན་པ་སྟེ། ཁ་ཅིག་ཏུ་རྣལ་འབྱོར་ཞེས་འདོན་ཏོ། །འདིས་ནི་རང་དང་གཞན་ལ་ཕན་པ་སྤྱོད་པ་ལ་མཁས་པ་རྣམས་ཀྱིས་དཔལ་ཡང་དག་པར་སྦྱོར་བ་མགོན་པོ་ཁོ་ན་ཡང་དག་པར་བསྟེན་པར་བྱའོ་ཞེས་གསུང་བར་འགྱུར་རོ། །དེས་ནི་བཅོམ་ལྡན་ འདས་ཀྱིས་འཛིན་པའི་ཐོད་པ་ལ་སོགས་པ་ཤིན་ཏུ་དག་བྱེད་དོ་ཞེས་སྟོན་པ་གསུངས་པ། དུང་ཞེས་པ་ལ་སོགས་པའོ། །དུང་ལ་སོགས་པ་རྣམས་རང་གི་རྒྱུ་དག་བྱེད་མ་ཡིན་པ་ཉིད་དུ་འདོད་པ་རྣམས་ལས་ཡང་དག་པར་བྱུང་བ་རྣམས་ཀྱང་གཙང་བྱེད་ཉིད་དུ་འཇིག་རྟེན་ཡང་དག་ པར་འདོད་ན། གང་གཙང་བྱེད་ཀྱི་རྒྱུ་ལས་བྱུང་བ་དེ་ཆེས་ཤིན་ཏུ་དག་བྱེད་དོ་ཞེས་གསུངས་པ། ཆོས་ཞེས་པ་ལ་སོགས་པ་སྟེ། དོན་དམ་པར་ཆོས་ཀྱི་སྐུ་ནི་དེ་བཞིན་ཉིད་རང་བཞིན་གྱིས་ཡོངས་སུ་དག་པ་ཉིད་ཀྱིས་ན། དག་བྱེད་ཀྱི་ལུས་མི་གང་རྣམས་ཀྱི་ཡིན་པའོ། །ཐོད་པ་ ཞེས་པ་ཉེ་བར་མཚོན་པ་སྟེ། ཅིའི་རྒྱུས་ན་གཙང་བྱེད་མ་ཡིན་པ་ཉིད་ཀྱིས་སྨོད། མཆོད་ཕྱིར་ཐོགས་ནི་མིའི་སྣལ་མ་བཀོད་པ་སྟེ། དེ་ཁོ་ན་དག་བྱེད་དེ། ཐོས་པ་དང་དྲན་པས་བྱས་པ་ནི་མ་ཡིན་ནོ། །གང་གི་ཕྱིར་བདེན་པ་སྟེ་ཚད་མས་འཐད་པའི་ཆོས་དེ་བཞིན་ཉིད་རང་བཞིན་མེད་ པ་ཉིད་དེ། དྲི་མ་མེད་པ་ཉིད་ཡོངས་སུ་དག་པ་ཉིད་འདྲེན་ནོ་ཞེས་པ་ཚུལ་གང་དུ་ཡིན་པ་དེ་ནི་དེ་སྐད་དོ། །གཙང་བ་ཉིད་དོ། །སོ་སོའི་སྐྱེ་བོ་ཉིད་ལ་རང་བཞིན་གྱིས་ཡོངས་སུ་དག་པའི་དེ་ཁོ་ན་ཉིད་ལ་ལྷག་པར་མོས་པ་ལས་དེའི་རྒྱུ་ཅན་དང་དེའི་རང་བཞིན་ཐམས་ ཅད་དག་བྱེད་ཁོ་ན་ཡིན་ན། དྲི་མ་མེད་ཅིང་རྣམ་པར་དག་པའི་དེ་ཁོ་ན་ཉིད་རྟོགས་པ་ན་ནི་བཅོམ་ལྡན་འདས་དང་། དེ་འཛིན་པ་རྣམས་ཀྱི་ཤིན་ཏུ་ཆེས་དག་བྱེད་ཉིད་དོ་ཞེས་མངོན་པར་དགོངས་པའོ། །དེ་ཉིད་ཀྱི་ཕྱིར་གསུངས་པ། གནས་ཞེས་པ་བརྟན་པ་སྟེ། མི་གཡོ་ཞེས་པའི་དོན་ཏོ། །གང་གི་ཕྱིར་རྣམ་པ་འདི་ལྟ་བུ་ཁོ་ན་དག་བྱེད་ཡིན་པ་དེའི་ཕྱིར་མཆོད་བྱ་སྟེ། བཅོམ་ལྡན་འདས་ལ་བདེ་བ་ཆེན་པོའི་མཆོད་པས་སོ་ཞེས་པ་སྐབས་སུ་བབ་པ་ཉེ་བར་བསྡུ་བའོ། །པིར་ལ་ཞེས་པ་པིར་ཏེ། རྡོ་རྗེ་སེམས་དཔའི་ རྣལ་འབྱོར་དང་ལྡན་པས། གཏོར་མ་དང་མཆོད་པ་ལ་སོགས་པ་སྔོན་མ་ཅན་པིར་བཟུང་ནས་རྡོ་རྗེ་སེམས་དཔའི་སྙིང་པོའི་སྔགས་ཀྱིས་ལན་ཉི་ཤུ་རྩ་གཅིག་མངོན་པར་བསྔགས་ཏེ་སྦྱིན་ནོ། །བཟོ་བོ་རྡོ་རྗེ་སེམས་དཔའི་གཟུགས་སུ་བསྒོམས་པ་ལ་ཡི་གེ་གསུམ་གྱི་ སྙིང་ག་དང་མགྲིན་པ་དང་སྤྱི་བོར་བྱིན་གྱིས་བརླབས་པའི་ལག་པར་གནས་པའི་ཟླ་བ་ལ་པིར་རྡོ་རྗེའི་རྣམ་པ་ཅན་དང་། ཚོན་ཡང་པདྨར་གནས་པའི་ཡེ་ཤེས་ཀྱི་བདུད་རྩིའི་རྣམ་པ་ཅན་དུ་ལྷག་པར་མོས་ཏེ། དེའི་རྗེས་སུ་བྲི་བར་བྱའོ། །འབྲི་སྨྱུག་ནི་ཤེས་རབ་ཡེ་ཤེས་ ཀྱི་རང་གི་ངོ་བོར་ལྷག་པར་མོས་ནས་ཤེས་པ་ཁོ་ན་ཁྱད་པར་ཏེ། གཞན་སྔ་མ་བཞིན་ནོ། །ལེགས་པར་གསལ་བའི་ལོ་འདབ་ནི་ལེགས་པར་བརྡུངས་པའི་ལོ་འདབ་བོ། །ཏཱ་ལའི་འདབ་མའོ་ཞེས་ཁ་ཅིག་གོ། །ལེགས་པར་བརྐྱང་བའི་འདབ་མ་ཞེས་ཁ་ཅིག་ཏུ་ འདོན་ཏོ། །སྦྲང་ཆེན་ཞེས་པ་མིའི་མར་ཁུའོ། །དཔལ་ཡང་དག་པར་སྦྱོར་བའི་རྒྱུད་ཀྱི་རྒྱ་ཆེར་འགྲེལ་པ། མན་ངག་གི་སྙེ་མར་སྙེ་མ་སུམ་ཅུ་ལྔ་པའོ།། །།ཡང་དང་ཡང་དུ་རྣལ་འབྱོར་གོམས་པས་དབང་དུ་གྱུར་པའི་རྣལ་འབྱོར་པ་རྣམས་ནུས་པ་ ཉེ་བར་སྟོན་པ་ལ་གྲུབ་པའི་དུས་སུ་ཡང་རྡོ་རྗེ་སྒེག་མོ་རྣམས་ལ་རོལ་པར་གསུངས་པ། ཉོན་ཞེས་པ་ལ་སོགས་པའོ། །ཡང་དག་སྦྱོར་བཅོམ་ལྡན་འདས་འདིས་མཚོན་པར་བྱའོ་ཞེས་པ་ཡང་དག་སྦྱོར་མཚན་ཉིད་དོ། །དེ་ཁོ་ན་ལ་འདི་འདྲ་བའི་རོལ་མོ་སྲིད་པའི་ཕྱིར་རོ། ། རྡོ་རྗེ་འཛིན་པ་ལ་སོགས་པའིའོ་ཞེས་པའི་སོགས་པས་རྣམ་པར་སྣང་མཛད་ལ་སོགས་པའིའོ། །འདི་ལྟར་ཞེས་པ་ལ་སོགས་པ་རོལ་མོ་སྟེ་འདོད་པའི་རྒྱལ་པོའོ། །རྡོ་རྗེ་ཅན་ནི་ཤི་རི་ཁཎྜའི་ཤིང་ངོ་། །བཅུ་གཉིས་ནི་རིང་བ་ཉིད་དུའོ། །གཞན་པ་ནི་ཐུང་བ་ ནང་དང་ལྡན་པའི་ཅང་ཏེའུའོ། །བུད་མེད་ཁྲག་ནི་མེ་ཏོག་སྟེ་དེས་ཆུ་སྐྱེས་བྲི་བར་བྱའོ། །དེ་ལ་མཎྜལ་གྲུ་བཞི་པའི་དབུས་སུ་རྡོ་རྗེ་འཛིན་པའི་གཟུགས་སུ་གནས་པས་འདབ་ཆགས་ཆུ་སྐྱར་གྱི་རྐང་པ་བཞིན་དུ་སྟེང་དུ་བྱས་པའི་རྐང་པ་གཡོན་པའི་རྟིང་པས་འགུགས་པའི་ ཚུལ་གྱིས་ཆེ་གེ་མོ་ཨཱ་ཀཪྵ་ཡཱ་མི་ཁེ་མ་ཧཱུྃ་ཞེས་བསྒྱིངས་པ་དང་བཅས་པ་བརྗོད་ཅིང་དེ་དེའི་རྐང་པའི་འོག་ཏུ་གནས་པ་དཀྱིལ་འཁོར་དུ་གདུང་བར་བྱའོ། །ང་ངག་ཅེས་པ་ངའི་ངག་གོ། །གལ་ཏེ་ཞེས་པ་དངོས་གྲུབ་འགོར་བར་གྱུར་ན་བསྐུལ་བའི་ཚིགས་བཅད་ གསུངས་པ། མཛེས་ཞེས་པ་ལ་སོགས་པའོ། །ཀྱེ་ཁྲོ་བོ་སྔོན་པོ་མཛེས་པ་ཁྱོད་དེ། ཁྱེད་ཀྱི་དམ་ཚིག་ལ་བྱ་བ་ཅན་ཏེ། ཕྱག་གིས་ནི་དབྱུག