Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 7
Văn bản gốc(Tây Tạng)
Trang 2 / 20 (50.000 ký tự/trang)
ར་རོ། །ཕྱུགས་ཞེས་པ་ཕྱུགས་ཀྱི་སྒྲས་འུག་པ་མ་སྟེ། དེའི་ས་བོན་ཀྵྨྼྻུཾ་ལྟེ་བའི་རྩ་བར་ཞེས་པ་ལྟེ་བའི་རྩ་བ་དག་ལའོ། །ཡན་ལག་བརྒྱད་ཀྱི་ས་བོན་རྣམས། ། ཞེས་པ་ཁྱད་པར་དུ་གྱུར་པའི་ཡན་ལག་བརྒྱད་ཀྱི་ས་བོན་རྣམས་ཀྱིས་སོ། །བརྒྱད་ཀྱི་ཡན་ལག་གིས་ཞེས་ཀློག་པ་ལ་ཡང་དེ་ལྟར་རོ། །ཆ་བརྒྱད་ཅེས་པ་གང་གི་ཡན་ལག་བརྒྱད་རྣམས་ཡིན་པ་དེ་རིམ་གྱིས་འཕོ་བ་གཟུང་བར་བྱ་གོ་ཆར་བྱ་དགག་པར་བྱ་ཞེས་པའི་དོན་ཏོ། །འོ་ན་སྒོ་དགུ་རྣམས་ སུ་གསུངས་ན་ཅི་ལྟར་འདིར་ཡན་ལག་བརྒྱད་རྣམས་ཡིན་ཞེ་ན། སྣ་དང་རྣ་བ་དག་ས་བོན་གཅིག་ཉིད་ཀྱིས་ན་གཅིག་ཉིད་དུ་ཉེ་བར་བཏགས་པ་ལས་ཏེ། དངོས་པོར་ནི་ཡན་ལག་རྣམས་དགུ་ཁོ་ནའོ་ཞེས་པས་འགལ་བ་མེད་དོ། །ཆོ་ག་ལྡན་ཞེས་པ་འཆད་པར་འགྱུར་བའི་རིམ་པས་སྟོང་པ་ ཉིད་བསྒོམས་པའི་རྗེས་ཐོགས་སུ་ཡེ་ཤེས་མཁའ་འགྲོ་མའི་གཟུགས་སུ་བདག་ཉིད་རྣམ་པར་བསྒོམས་ནས་ས་བོན་རྣམས་སམ་ས་བོན་ལས་ཡོངས་སུ་རྫོགས་པའི་ལྷ་རྣམས་ཡན་ལག་བརྒྱད་རྣམས་སུ་ལྡན་པར་འགྱུར་རོ་ཞེས་པའི་དོན་ཏོ། །དེ་ལྟར་རིམ་པ་གཉིས་ལ་གོམས་པར་བྱེད་བཞིན་པའི་སྟོང་པ་ ཉིད་དང་སྙིང་རྗེ་དབྱེར་མེད་པའི་བྱང་ཆུབ་ཀྱི་སེམས་ནི། ཁྱབ་པ་པོས་ཁྱབ་པར་བྱེད་པ་སྟེ་ཅི་ལྟར་ཞེ་ན། གང་གི་ཕྱིར་དེས་དེའི་བདག་ཉིད་དུ་འགྲོ་ཀུན་ཁྱབ་པས་སོ། །ཇི་སྐད་དུ། བརྟག་པ་གཉིས་པར་གསུངས་པ། འདི་ཉིད་ཡེ་ཤེས་ཆེན་པོ་སྟེ། །ཐམས་ཅད་ལུས་ལ་རྣམ་པར་གནས། །གཉིས་ མེད་གཉིས་ཀྱི་ངོ་བོ་ཅན། །དངོས་དང་དངོས་མེད་བདག་ཉིད་གཙོ། །བརྟན་གཡོ་ཁྱབ་གནས་ཡང་དག་གནས། །སྒྱུ་མའི་གཟུགས་བཞིན་སྣང་བ་ཡང་། །ཞེས་སོ། །འགྲོ་བ་དེ་ཅི་ཞིག་ཅེ་ན། རྒྱས་པར་སྟོན་ཏེ་བརྟན་པ་སོགས། །ཞེས་པ་སྟེ་བརྟན་པ་སོགས་ནི་ས་གཞི་ལ་སོགས་པ་སྣོད་ དང་། སེམས་ཅན་གྱི་འཇིག་རྟེན་ནོ། །ཅི་ཞིག་ཏུ་འགྲོ་བ་ལ་ཁྱབ་པར་བྱ་བ་དེ་ཉེ་བར་མཚོན་པར་བྱ་ཞེ་ན་གསུངས་པ། རྟེན་དུ་ཞེས་པ་ལ་སོགས་པ་སྟེ། ཚངས་སོགས་ཀྱི་བར་གྱི་ལྷ་དང་ལྷ་མིན་དང་བཅས་པའི་སེམས་ཅན་གྱི་འཇིག་རྟེན་གྱི་ངོ་བོ་དེའི་རྟེན་དུ་འགྱུར་ཞིང་གཙོ་བོ་དེ་གང་དུ་ཀུན་དུ་ སྤྱོད་པ་དེ་ཡང་བྷ་ག་སྟེ་ཆོས་ཀྱི་འབྱུང་གནས་སོ། །གང་རབ་ཏུ་བྱེད་པ་བཞི་པར་གསུང་བར་འགྱུར་བ། གྲུ་གསུམ་ཡངས་པའི་གཟུགས་ཅན་ནོ། །རྟེན་དུ་འགྱུར་ཞེས་སོ། །སྤྲུལ་པའི་འཁོར་ལོ་སོགས་པ་ཡང་བྷ་ག་སྟེ། གང་གི་ཕྱིར་འདིར་བྱང་ཆུབ་ཀྱི་སེམས་བདེ་བ་ཆེན་པོའི་ངོ་བོ་ཉིད་དུ་ འབྱུང་ཞིང་སྐྱེ་བའོ་ཞེས་པ་ཁྱིམ་མོ། །གཙོ་བོ་ཞེས་པ་བྱང་ཆུབ་ཀྱི་སེམས་ཀྱི་བདག་ཉིད་ཁོ་ན་བྱེད་པ་དང་འཕྲོག་པ་ལ་གཙོ་བོ་སྟེ། རང་ཉིད་བྱེད་པོར་རང་འཕྲོག་པོ། །རང་ཉིད་རྒྱལ་པོ་རང་གཙོ་བོ། །ཞེས་གསུངས་པའི་ཕྱིར་རོ། །དབང་ཕྱུག་ལ་སོགས་པ་ནི་མ་ཡིན་ཏེ། ཚད་མས་ གནོད་པ་ཉིད་ཀྱི་ཕྱིར་རོ། །དེའི་ཕྱིར་བྱེད་པ་པོ་དེ་ཁོ་ནའི་ལས་དང་ལས་མ་ཡིན་ཏེ་དགེ་བ་དང་མི་དགེ་བར་འགྱུར་རོ། །དུས་ཇི་ཙམ་དུ་ཞེ་ན་གསུངས་པ། ཇི་སྲིད་ཅེས་པ་ལ་སོགས་པ་སྟེ། ལུས་ལ་ཐ་མལ་པའི་ང་རྒྱལ་གྱིས་ཡུལ་དུ་བྱས་པ་ལ། རྣམ་པ་སྣ་ཚོགས་པའི་ འཛིན་པ་རྣམས་ཀྱིས་གནས་པ་ཇི་སྲིད་པར་རོ། །འདི་ཉིད་རྒྱས་པར་སྟོན་པར་བྱེད། །ཅེས་པ་ལ་སོགས་པས་ཐ་མལ་པའི་ང་རྒྱལ་ལ་སོགས་པ་འདི་ཁོ་ན་སླར་མི་སྐྱེ་བའི་ཆེད་དུ་ལྷའི་རྣལ་འབྱོར་སྒོམ་པ་གསུངས་སོ། །རྣལ་འབྱོར་ནི་ཞེས་པ་ལ། རྣལ་འབྱོར་ནི་མཉམ་ཉིད་དེ་ཤེས་རབ་དང་སྙིང་རྗེ་ དག་རོ་གཅིག་པ་ཉིད་དོ། །བསྒོམ་པ་ནི་གུས་པ་དང་བཅས་པར་རྒྱུན་མ་ཆད་པར་ཡུན་རིང་དུ་གོམས་པར་བྱེད་པའོ། །དེ་ཡོད་པ་ན་གང་ཚེ་ལས་ཀྱི་ལུས་ཞེས་པ་ལས་དགེ་བ་དང་མི་དགེ་བའི་འབྲས་བུའམ་རྒྱུའི་ལུས་སོ། །དེ་འདྲ་བ་ཞེས་པ་ཐོག་མ་མེད་པའི་ཐ་མལ་པའི་ང་རྒྱལ་ལ་སོགས་ པའི་སྐྱོན་དང་ལྡན་པའོ། །བཅོམ་པ་ཞེས་པ་བག་ཆགས་དང་བཅས་པའི་སྐྱོན་འགགས་པ་སྟེ། དེའི་ཚེ་བྱང་ཆུབ་ཀྱི་སེམས་ཀྱི་བདག་ཉིད་ཀྱི་གཙོ་བོ་དེ་ཁོ་ན་ལྷ་ཉིད་དེ། རྡོ་རྗེ་འཛིན་པར་འགྱུར་རོ། །བདེ་བ་ཆེན་པོའི་རང་བཞིན་ཅན་གྱི་རྣལ་འབྱོར་པ་དེའི་ཡང་རང་གི་དང་ཁོ་ནས་ཇི་ལྟར་འདོད་ པ་སྤྲོ་བ་དང་སྡུད་པའི་ཕྱིར། ཅི་ཞིག་ལས་ལས་ཀྱི་སྒྲིབ་པའམ་ཉོན་མོངས་པའི་སྒྲིབ་པ་ཡིན། འོ་ན་དེ་ལྟར་གྱུར་ན་བྱེད་པ་པོ་ཉིད་ལ་སོགས་པ་མེད་པའི་ཕྱིར་འདི་ཅི་ལྟར་གཞན་གྱི་དོན་བྱེད་པ་ཉིད་ཞེ་ན། གསུངས་པ། རང་གི་ནུས་པ་ནི་ཞེས་པ་ལ་སོགས་པ་སྟེ། རང་སྟེ་ཐུན་མོང་མ་ཡིན་ པ་རྣམ་པ་ཐམས་ཅད་ཡོངས་སུ་དག་པའི་དགེ་བ་གཅིག་པུ་མཐར་ཐུག་པ་མཆོག་ཏུ་ནུས་པའོ། །གང་གིས་ཞེས་པ་འཁོར་བའི་བར་དུ་རྒྱུན་མ་ཆད་པར་དཔག་ཏུ་མེད་པའི་སྤྲུལ་པའི་སྐུ་རྣམས་ཀྱིས་འགྲོ་བ་ཁྱབ་པར་བྱས་ནས་ཀུན་སྟོན་པ་ལ་སོགས་པའི་ཆོ་འཕྲུལ་ངོ་མཚར་བ་རྣམས་ཀྱིས་སྐལ་པ་ ཇི་ལྟ་བ་བཞིན་དུ་གདུལ་བྱ་རྣམས་བདེ་འགྲོ་དང་ཐེག་པ་གསུམ་ལ་འཇོག་པར་མཛད་ཅིང་སྡིག་པ་ལ་སོགས་པ་རྣམས་འཕྲོག་གོ། །འོ་ན་དེ་ལྟར་གྱུར་ན་འདི་སྤྲོས་པ་དང་བཅས་པའོ་ཞེ་ན། མ་ཡིན་ཏེ། གང་གི་ཕྱིར། ཁ་དོག་ཅེས་པ་ལ་སོགས་པ་སྟེ། ཁ་དོག་ཏུ་བྱ་བས་ན་ཁ་དོག་སྟེ་ རང་གི་ངོ་བོའོ། །ནམ་མཁའ་དང་འདྲ་བ་སྟོང་པ་སྟེ། དེའི་ཕྱིར་འདི་སྤྲོས་པ་མ་ཡིན་ནོ་ཞེས་པའི་དོན་ཏོ། །དེ་ལས་ཞེས་པ་རང་གི་ནུས་པ་ལས་སོ། །གལ་ཏེ་དེ་ལྟ་ན་ཉན་ཐོས་བཞིན་དུ་མྱ་ངན་ལས་འདས་པའི་མཐར་ལྷུང་བའོ་ཞེ་ན། མ་ཡིན་ཞེས་གསུངས་པ། མྱ་ངན་འདས་ཞེས་ པའོ། །ཤེས་རབ་ཀྱིས་སྲིད་མི་གནས་ཤིང་། །སྙིང་རྗེས་ཞི་ལ་མི་གནས་པ། །ཞེས་པས་སྲིད་པ་དང་མྱ་ངན་ལས་འདས་པ་ལ་མི་གནས་པ་སྒྲིབ་པ་ཐམས་ཅད་ངེས་པར་སོང་བ་ཟག་པ་མེད་པའི་བདེ་བ་ཆེན་པོ་གཅིག་པུའི་རང་བཞིན་ལ་རྒྱུན་མི་འཆད་པར་འཁོར་བ་ཇི་སྲིད་པར་གནས་པ་ སྟེ། གང་ལས་འདི་དཔའོ་ཞེས་པ། ཆུ་སྐྱེས་བཞིན་དུ་མི་མཐུན་པའི་ཕྱོགས་ཆུའི་སྐྱོན་རྣམས་ཀྱིས་ཐུབ་པར་དཀའ་བ་ཉིད་ཀྱི་ཕྱིར་དང་དེ་ལས་ངེས་པར་རྒྱལ་བའི་ཕྱིར་དཔའ་བོ་ཡིན་གྱི་ཉན་ཐོས་བཞིན་དུ་འཁོར་བ་ལས་མཆོག་ཏུ་སྐྲག་པའི་ཡིད་ཅན་མཐའ་གཅིག་ཏུ་མྱ་ངན་ལས་འདས་པ་ ཐོབ་པའི་འདུ་ཤེས་ཅན་ནི་མ་ཡིན་ནོ། །དེ་སྐད་དུ་ཡང་འཕགས་པ་ཀླུ་སྒྲུབ་ཞབས་ཀྱིས་གསུངས་པ། ཆོས་འདི་རྣམས་ནི་སྟོང་ཤེས་ནས། །ལས་དང་འབྲས་བུ་བསྟེན་པ་གང་། །ངོ་མཚར་ལས་ཀྱང་ངོ་མཚར་ཞིང་། །རྨད་བྱུང་ལས་ཀྱང་རྨད་བྱུང་ངོ་། །སེམས་ཅན་བསྐྱབ་པའི་ བསམ་པ་ཡིས། །སྲིད་པའི་འདམ་དུ་སྐྱེས་ཀྱང་འདི། །དེ་བྱུང་སྐྱོན་གྱིས་མ་གོས་ཏེ། །པདྨའི་འདབ་མ་ཆུ་ཡིས་བཞིན། །འདི་རྣམས་སྟོང་ཉིད་ཡེ་ཤེས་མེས། །ཉོན་མོངས་བུད་ཤིང་རྣམས་བསྲེགས་ཤིང་། །འོན་ཀྱང་སྙིང་རྗེས་བརླན་པ་གང་། །བཟང་ལ་སོགས་པ་རྒྱལ་ སྲས་རྣམས། །འཕོ་དང་སྐྱེ་དང་མངོན་བྱང་ཆུབ། །ལྟད་མོ་དཀའ་སྤྱད་སྟོན་པ་དང་། །བདུད་ཀྱི་སྡེ་ཉིད་འཇོམས་པ་དང་། །ཆོས་ཀྱི་འཁོར་ལོ་རབ་བསྐོར་དང་། །ལྷ་རུ་གཤེགས་ཀྱང་མྱ་ངན་འདས། །དེ་བཞིན་ཁྱིམ་ནས་ངེས་འབྱུང་བ། །ཐུགས་རྗེའི་དབང་གིས་རབ་འཇུག་ པའི། །འགྲོ་བའི་མགོན་རྣམས་སྟོན་པར་མཛད། །ཚངས་དབང་ཉེ་དབང་དྲག་སོགས་ཀྱི། །གཟུགས་བརྙན་དུ་ནི་རབ་ཞུགས་རྣམས། །འགྲོ་བ་འདུལ་བའི་སྦྱོར་བ་ཡིས། །སྙིང་རྗེའི་བསམ་ལྡན་ཟློས་གར་མཛད། །ཅེས་སོ། །ཅི་ཞིག་ལས་དཔའ་བོ་ཡིན་ཞེ་ན། གང་གི་ཕྱིར། གོས་པ་བག་ཆགས་ལ་ངེས་པར་བྱུང་བ་ཡང་འདི་ཡིན་ལ། སྒྲིབ་པ་གཉིས་ཀྱི་དྲི་མ་སྤངས་པ་ཡང་སྟེ། མ་ནིང་ཉིད་ནི་ལུང་ངོ་། །དེ་ལྟར་དོན་དམ་པའི་དེ་ཁོ་ན་ཉིད་གསུངས་སོ། །དེ་ཡང་ཐབས་ཀྱི་དེ་ཁོ་ན་ཉིད་མེད་ན་མངོན་དུ་བྱ་བར་སླ་བ་མ་ཡིན་ནོ་ཞེས་པས། ཇི་ལྟ་བ་བཞིན་དུ་དེའི་ཐབས་དང་ལྡན་པའི་རྡོ་རྗེ་ཐེག་པ་ལ་བརྟེན་པས་མངོན་དུ་བྱ་སྟེ། དེ་སྟོན་པའི་ཆེད་དུ་གསུངས་པ། མ་དང་ཞེས་པ་ལ་སོགས་པའོ། །དེ་ལ་མ་ནི་དབང་སྦྱིན་པ་མོའོ། །སྲིང་མོ་ནི་རྡོ་རྗེ་ཐེག་པ་ལ་ཡང་དག་པར་ཞུགས་པ་སྟེ། མ་ལ་སོགས་པའི་སྒྲས་མ་ལ་སོགས་པ་དང་ འདྲ་བ་རྣམས་སོ་ཞེས་ཁ་ཅིག་གོ། །རབ་ཀྱི་རྣལ་འབྱོར་པ་ལ་སྒྲ་ཇི་ལྟ་བ་བཞིན་ནོ་ཞེས་བླ་མ་རྣམས་སོ། །ངེས་པའི་དོན་ནི་རང་ཉིད་ཀྱིས་གསུང་བར་འགྱུར་རོ། །ཤེས་རབ་ནི་སྟོང་པ་ཉིད་ཀྱི་ངོ་བོའི་རྣལ་འབྱོར་མ་རྣམས་སོ། །ཐབས་ནི་དཔལ་རྡོ་རྗེ་འཛིན་པའོ། །དེ་དག་གི་ཆོ་ག་སྟེ་ཕྱག་རྒྱ་ དང་། བདག་ཉིད་ལ་ལྷག་པར་མོས་པ་ལས་སོ། །མཆོད་པར་བྱ་ཞེས་པ་ནི་འདོད་ཅན་མ་དགྱེས་པར་བྱ་བའོ། །གང་གསུངས་པ། ནན་གྱིས་རྣལ་འབྱོར་མར་སྦྱོར་ལས། །རྣལ་འབྱོར་སྦོམ་པོའི་ལྟུང་བར་འགྱུར། །ཞེས་སོ། །གང་གི་ཕྱིར་ཡང་གསུངས་པ། ཇི་སྲིད་ཁུ་བ་ལྡན་གྱུར་པ། ། དེ་སྲིད་ཤེས་རབ་བསྟེན་པར་བྱ། །ཞེས་སོ། །དེ་ཁོ་ན་ཉིད་ནི་འདིར་ཐབས་དང་ཤེས་རབ་ཀྱི་རང་བཞིན་ཏེ། དེ་ལ་དགའ་བ་ནི་དེ་མགུ་བར་གྱུར་པ་ཡིན་གྱི་ཆགས་པ་ཅན་ཉིད་ལ་སོགས་པ་རྣམས་ཀྱིས་ནི་མ་ཡིན་ནོ། །རབ་ཏུ་འབད་པ་ནི་གསང་བ་ལ་འབད་པའོ། །བྱེ་བ་ཞེས་པ་ནི་མཆོག་ཏུ་བྱེ་བ་ སྟེ་རང་ཉིད་ཁོ་ནས་རིགས་པ་བཤད་པའི་སྟོབས་ལས་བརྟག་པར་བྱའོ། །སྔགས་བྱེ་བ་ཡང་བྱེ་བ་སྟེ། རྒྱགས་པ་དང་རྒོད་པ་དང་ཁྲོ་བ་ལ་སོགས་པ་རྣམས་ཀྱིས་རང་ཉིད་དམ་དེ་དང་ལྷན་ཅིག་པས་གཞན་ལ་སྨྲ་བ་སྔགས་བྱེ་བའོ། །མ་གསང་ན་དམྱལ་བར་ལྟུང་བ་ལ་སོགས་པ་མ་མཐོང་བའི་སྐྱོན་ ནི་རབ་ཏུ་གྲགས་པ་ཁོ་ན་སྟེ། མཐོང་བའི་སྐྱོན་ཡང་གསུངས་པ། མ་གསང་ན་སྟེ་མ་སྦས་ནའོ། །སྦྲུལ་ནི་སྦྲུལ་དང་སྟག་ལ་སོགས་པའོ། །ས་སྤྱོད་ནི་མི་དང་ཤ་ཟ་ལ་སོགས་པ་གནོད་པར་བྱེད་པ་རྣམས་སོ། །དེ་ཁོ་ན་ཉིད་ཤེས་པར་འདོད་པ་པོ་ལ་འདི་རྣམས་ཀྱིས་ཅི་བྱ་ཞེ་ན་གསུངས་ པ། ཕྱག་རྒྱ་ཞེས་པ་ལ་སོགས་པའོ། །འདིར་བྲམ་ཟེ་མོ་དང་རྒྱལ་རིགས་མོ་དང་རྗེའུ་རིགས་མོ་དང་དམངས་རིགས་མོ་རྣམས་ནི་རྣམ་པར་སྣང་མཛད་ཀྱི་རིགས་ཅན་མ་རྣམས་སོ། །བདུད་རྩི་རྡོ་རྗེ་མོ་ནི་རྒྱལ་རིགས་མོ་ཁོ་ན་སྟེ། བདུད་རྩི་བཞིན་དུ་ཉམས་པའི་སྡུག་བསྔལ་རྣམས་ལས་ སྐྱོབ་པའི་ཕྱིར་རོ། །ལས་ཀྱི་རིགས་ལས་སྐྱེས་ཞེས་པ་ནི་ཚོང་པ་ལ་སོགས་པ་ལས་གཙོ་བོའི་རིགས་ཀྱི་རྗེ་རིགས་ཏེ་དེ་ལས་སྐྱེས་པའོ། །བ་ལང་རྫི་མོ་ཡང་དམངས་རིགས་མོའོ། །རྣམ་པར་སྣང་མཛད་ཆེན་པོ་ནི་འདིར་རྣམ་པར་སྣང་མཛད་ཁོ་ནའོ། །དེ་བཞིན་ཉིད་དུ་ཞེས་པ་ལ་སོགས་པ་ སྟེ། དེ་བཞིན་ཉིད་ནི་དེ་བཞིན་པ་ཉིད་དེ། ཆོས་ཀྱི་ཁྱད་པར་མ་བསྟན་པའི་ཕྱིར་འདི་ནི་ཆོས་ཐམས་ཅད་ཀྱིའོ། །དེའི་ཕྱིར་ཆོས་ཐམས་ཅད་ཀྱི་ཡང་དག་པ་ཇི་ལྟ་བའི་དེ་ཁོ་ན་ཉིད་ནི་དེ་བཞིན་ཉིད་དུ་བརྗོད་དོ། །དེ་ཡང་སྟོང་པ་ཉིད་ཙམ་དུ་ཕ་རོལ་ཏུ་ཕྱིན་པའི་ཐེག་པར་རྟོགས་པར་བྱས་ཤིང་། འདིར་ནི་ཉེ་བར་སྟོན་པར་འགྱུར་བཞིན་པའི་ཐབས་ཀྱི་ཁྱད་པར་དང་ལྡན་པའི་སྟོང་པ་ཉིད་ནི་དེ་བཞིན་ཉིད་དུ་ཞེས་པའོ། །དེར་གཤེགས་པ་ནི་དེ་བཞིན་གཤེགས་པ་སྟེ། ཏ་ཡིག་ཕྱིས་པ་ལས་སོ། །དཔལ་ལྡན་ཏེ་ཚོགས་གཉིས་དང་ལྡན་པར་གྱུར་པ་ཞེས་སྔ་མ་དང་སྦྲེལ་ལོ། །དེ་ བཞིན་ཁོ་ནར་བྱོན་པའོ་ཞེས་པ་ཇི་ལྟར་གཤེགས་པ་དེ་བཞིན་ཁོ་ནར་བྱོན་པ་སྟེ། ཐབས་དང་ཤེས་རབ་ཀྱི་རང་བཞིན་ཁོ་ན་འགྲོ་བའི་དོན་དུ་རིགས་ལྔ་ལ་སོགས་པའི་དངོས་པོར་སྤྲོ་བའི་ཕྱིར་རོ། །དེ་བཞིན་ཉིད་འདིས་དང་ཕུལ་དུ་བྱུང་བའི་ཡེ་ཤེས་དང་དབྱེར་མེད་པའི་ཤེས་རབ་ཀྱིས་དང་ སྦྱོར་བས་ཏེ་དེའི་བདག་ཉིད་ཀྱི་རྣལ་འབྱོར་གྱིས་སོ། །འདིར་ཐམས་ཅད་ནི་སེམས་གཙོ་བོ་སྟེ། སེམས་ཀྱི་རྒྱུན་གྱི་མཚན་ཉིད་ཅན་གྱི་སེམས་ཅན་རྣམས་ཀྱང་རང་བཞིན་མེད་པའི་བདག་ཉིད་ཀྱི་དེ་བཞིན་གཤེགས་པའི་སྙིང་པོ་ཅན་རྣམས་སོ། །དེ་བཞིན་གཤེགས་པ་རྣམས་ཀྱི་ཡང་ ཆོས་ཀྱི་བདོག་པ་ཐམས་ཅད་པ་ནི་མེ་ལོང་ལྟ་བུ་ལ་སོགས་པའི་ཡེ་ཤེས་ལྔ་རྣམས་ཏེ། དེ་རྣམས་ཀྱང་ཆོས་ཉིད་ཀྱིས་ལུས་ཀྱི་རང་བཞིན་ཡོངས་སུ་དག་པ་ཁོ་ན་ཡིན་ཞིང་། གློ་བུར་གྱི་སྒྲིབ་པ་རྣམ་པར་དག་པ་ན་རང་གི་རང་བཞིན་ལ་གནས་བཞིན་པ་རྣམས་ནི་ཡེ་ཤེས་ལྔར་བཤད་ པ་དང་སངས་རྒྱས་དང་བྱང་ཆུབ་སེམས་དཔར་བཤད་པ་འཐོབ་པ་འབའ་ཞིག་སྟེ། སྔ་མ་ནི་ས་བོན་དུ་བཤད་པ་ཁོ་ནའོ། །དེའི་ཕྱིར་ཡང་བྱང་ཆུབ་སེམས་དཔའི་ས་བོན་ཉིད་ཡིན་པའི་ཕྱིར་སྐྱེ་རིགས་རྣམས་དང་སྡེ་རིགས་རྣམས་སུ་བརྗོད་དོ། །འོ་ན་དེ་ལྟ་ ན་དེ་བཞིན་གཤེགས་པ་ཐམས་ཅད་མེ་ལོང་ལྟ་བུ་ལ་སོགས་པའི་ཡེ་ཤེས་ལྔ་ཅན་རྣམས་ཏེ། སོ་སོར་དེ་རྣམས་མེ་ལོང་ལྟ་བུ་ལ་སོགས་པའི་རིགས་ལྔ་རྣམས་ཡིན་ན། དེ་ཅི་ལྟར་སྡེ་རིགས་ཐ་དད་པ་ཡིན་ཞེ་ན། སྐྱེ་རིགས་ཐ་དད་པའི་ཕྱིར་ཏེ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་མེ་ལོང་ ལྟ་བུ་ལ་སོགས་པ་རྣམས་ཀྱི་རེ་རེའི་མཐུན་པའི་སྐྱེ་རིགས་ཐོག་མ་མེད་པ་ནས་གྲུབ་ཅིང་། དུ་མའི་མཐུན་པའི་སྐྱེ་རིགས་ནི་དྲུག་པ་སྟེ་དུ་མའི་མཐུན་པ་དྲུག་པའི་ཡང་རེ་རེའི་མཐུན་པ་ཆེར་སྟོབས་དང་ལྡན་པ་ཉིད་ཀྱིས་ན་དེ་དང་དེའི་སྡེ་རིགས་ཀྱི་རྗེས་སུ་བྱེད་པའི་ཕྱིར་ན་དེ་དང་དེར་བསྡུའོ་ཞེས་པས་ ལྔ་ཉིད་དོ་ཞེས་གསུངས་པ། སྡེ་རིགས་རྣམ་པ་ལྔ་རུ་བཤད། །ཅེས་སོ། །ཡང་ན་འདི་ལྟར་འཇུག་པར་བྱ་སྟེ། འོ་ན་རིགས་ལྔས་མ་བསྡུས་པ་གཞན་རྣམས་ལ་མ་ཁྱབ་པའི་ཕྱིར་ཉི་ཚེ་བའི་སྤྲོ་བར་བྱེད་པར་འགྱུར་རོ་ཞེ་ན། མ་ཡིན་ཏེ། དེ་རྣམས་སེམས་ཅན་གྱི་རིགས་ཉིད་ཀྱིས་བསྡུས་ པའི་ཕྱིར་རོ། །འོ་ན་དེ་ལྟ་ན་སེམས་ཅན་གྱི་སྡེ་རིགས་མཆོག་ཉིད་དུ་འགྱུར་ཏེ། རྡོ་རྗེ་སེམས་དཔའ་ཐམས་ཅད་ཀྱི་བདག་པོ་ཉིད་ཀྱི་ཕྱིར་རོ་ཞེ་ན། དེ་ལྟ་མ་ཡིན་ཏེ། གཞན་རྣམས་ཀྱང་དེ་ལས་བྱུང་བ་ཉིད་ཀྱི་ཕྱིར་རོ། །ཕུལ་དུ་བྱུང་བའི་ཁྱད་པར་ལས་ནི་དེ་རྣམས་རིགས་གཞན་ཉིད་ དུ་ཉེ་བར་བསྟན་པ་སྟེ། གང་ལ་དེ་འདྲ་བའི་ཕུལ་དུ་བྱུང་བ་མེད་པ་དེ་ལ་རིགས་གཞན་དུ་རྣམ་པར་བསྟན་པའི་རྒྱུ་མེད་པའི་ཕྱིར་སེམས་ཅན་གྱི་རིགས་ཁོ་ནར་ཐ་སྙད་གདགས་ཏེ། སེམས་ཅན་གྱི་རིགས་དེ་དང་དེའི་རིགས་ཀྱི་རྗེས་སུ་བྱེད་པ་ནི་དེ་དང་དེར་བསྡུས་པའི་ཕྱིར་ལྔ་ཉིད་དོ་ཞེས་ གསུངས་པ། རིགས་ནི་རྣམ་པ་ལྔ་ཞེས་པ་སྟེ། དེ་ཡང་སྤྲོས་པ་ལས་ཕུང་པོ་ལྔ་དང་ཁམས་བཞི་རྣམས་དང་དབང་པོ་ལྔ་རྣམས་དང་ཡུལ་ལྔ་རྣམས་སོ་སོར་དེ་བཞིན་གཤེགས་པ་ལྔའི་བདག་ཉིད་ཀྱིས་སམ་ཞི་བ་དང་རྒྱས་པ་དང་དབང་དུ་བྱ་བ་དང་དྲག་པོ་དང་སྣ་ཚོགས་ཀྱི་ངོ་བོའི་དབྱེ་ བས་དང་། མེ་ལོང་ལྟ་བུ་ལ་སོགས་པའི་ཡེ་ཤེས་ལྔ་རྣམས་དང་ལྷན་ཅིག་རྣམ་པ་བརྒྱའོ། །དེ་ཡང་དབྱེ་བ་བྱས་ན་མཐའ་ཡས་ཏེ་མུར་ཐུག་པ་མེད་ཅིང་གྲངས་མེད་པའོ་ཞེས་པའི་དོན་ཏོ། །རྣམ་གསུམ་ཞེས་པ་རྣམ་པ་གསུམ་ཉིད་ནི་དེ་དང་དེའི་རྗེས་སུ་བྱེད་པ་རྣམས་དེ་དང་དེར་བསྡུས་ པའི་ཕྱིར་རོ། །དེ་ལྟར་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་ནི་མེ་ལོང་ཡེ་ཤེས་སུ་བསྡུ་ཞིང་། བྱ་བ་གྲུབ་པའི་ཡེ་ཤེས་ནི་སོ་སོར་རྟོག་པའི་ཡེ་ཤེས་སུའོ་ཞེས་འཐད་པ་དང་བཅས་པ་འཆད་པར་འགྱུར་རོ། །ཡང་ན་ང་རྒྱལ་དང་ཕྲག་དོག་ཤེས་རབ་ཀྱི་རང་བཞིན་ཅན་དག་འདོད་ཆགས་ཀྱི་ནང་དུ་ འདུ་བའི་ཕྱིར་རོ། །ཡང་ན་ང་རྒྱལ་ནི་སྐུའི་རིགས་སུ་སྟེ། གཏི་མུག་གི་རྟེན་ཅན་ཉིད་ཀྱི་ཕྱིར་རོ། །ཞེ་སྡང་གི་རིགས་སུ་ཕྲ་མ་དང་ཕྲག་དོག་དག་ཡང་ན་སྟེ་ཞེ་སྡང་ལས་བྱུང་བ་ཉིད་ཀྱི་ཕྱིར་རོ། །དེ་ཐམས་ཅད་ཀྱང་རྡོ་རྗེ་སེམས་དཔའི་རིགས་གཅིག་པུར་ཤེས་པར་བྱ་སྟེ། གང་གསུང་ བར་འགྱུར་བ། རིགས་ནི་རྣམ་པ་ལྔར་གསུངས་ཤིང་། སྟོང་ཉིད་རྡོ་རྗེའི་གཅིག་ཁོ་ནའོ། །ཞེས་སོ། །འདུས་པར་ཡང་རྡོ་རྗེ་གསུམ་མི་ཕྱེད་པའི་ངོ་བོར་རྣམ་པར་གཞག་སྟེ་ཁྱོད་རྣམས་ཀྱིས་སེམས་ལུས་ཀྱི་རྣམ་པར་བསྐྱེད་ཅིག་ཅེས་པ་ལ་སོགས་པས་སོ། །གང་ལས་རིགས་གཞན་ རྣམས་སུ་འགྱུར་བ་དང་དང་པོའི་འབྱུང་བའི་རིགས་དེ་རྣམས་ཅི་ཞིག་ཡིན་ཅིང་ཇི་ལྟར་ན་དེ་རྣམས་རིགས་ཞེས་བརྗོད་པར་བྱ་ཞེ་ན་གསུངས་པ་རིགས་རྣམས་ཞེས་པ་ལ་སོགས་པའོ། །འབྱུང་བ་ལྔ་རྣམས་སམ་ཕུང་པོ་རྣམས་ནི་རིགས་རྣམས་ཏེ་དེ་རྣམ་པར་དག་པའི་ངོ་བོ་སངས་རྒྱས་རྣམས་ ཡིན་པ་ཉིད་ཀྱི་ཕྱིར་རོ། །དེའི་ངོ་བོ་ཉིད་དུ་དང་པོར་རྡོ་རྗེ་འཛིན་པས་སྤྲོ་བའི་ཕྱིར་དང་པོ་ཉིད་དོ། །དེ་རྣམས་ཀྱང་དེ་མ་ཐག་ཏུ་དཔག་ཏུ་མེད་པའི་ངོ་བོས་གང་འདི་རྣམས་ཀྱི་རིགས་སོ་ཞེས་བརྗོད་པར་བྱ་བ་དེ་དང་དེའི་ངོ་བོས་དེ་ལས་བྱུང་བ་རྣམས་རིགས་སུ་བྱེད་པའི་ཕྱིར་བགྲང་བར་བྱེད་པའི་ཕྱིར་རོ་ ཞེས་པའི་དོན་ཏོ། །དེ་ལ་འབྱུང་བ་ལྔ་རྣམས་ནི་ས་དང་ཆུ་དང་མེ་དང་རླུང་དང་རྣམ་པར་ཤེས་པ་རྣམས་ཏེ། ཕུང་པོ་ལྔ་རྣམས་ནི་གཟུགས་དང་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་རྣམ་པར་ཤེས་པ་རྣམས་སོ། །རབ་སྐྱེས་རིགས་རྣམས་ཞེས་པ་དེ་རྣམས་ལས་རབ་ཏུ་སྐྱེས་པའི་རིགས་གཞན་རྣམས་ཞེས་པའི་ དོན་ཏོ། །འོ་ན་དེ་ལྟར་ན་སྟོང་པ་ཉིད་ཀྱི་དེ་ཁོ་ན་ཉིད་དང་ཕྱག་རྒྱའི་རྣལ་འབྱོར་ལས་ཤེས་པར་བྱ་བའི་དོན་གྱི་ཐབས་དང་ལྡན་པ་སྟེ། དེ་གཉིས་གསལ་བར་བྱས་ཀྱི། འདིར་བསྒོམ་པར་བྱ་བ་ཅུང་ཟད་ཉེ་བར་བསྟན་པ་ནི་མ་ཡིན་ཏེ། རྫོགས་པའི་ངོ་བོའི་ རིགས་ལྔའི་རྣལ་འབྱོར་མ་རྣམས་ངེས་པར་བསྟན་པའི་ཕྱིར་དང་། རྣལ་འབྱོར་པ་རྣམས་ཀྱང་དེའི་སྒོ་ཁོ་ནས་དེ་ལྟར་གསལ་བར་བྱེད་པའི་ཕྱིར་རོ་ཞེ་ན། བདེན་ཏེ། དེ་ཁོ་ན་ཉིད་དུ་ན་བསྒོམ་པར་བྱ་བ་དང་། སྒོམ་པ་པོ་དང་། བསྒོམས་པ་རྣམས་སྐྱེ་བ་མེད་པས་གདོད་མ་ནས་ཞི་བ་ཉིད་ཀྱི་ཕྱིར་ ཆོས་ཐམས་ཅད་དེར་སྟོན་པ་ནི། སྒོམ་པ་པོ་མེད་ཅེས་པ་ལ་སོགས་པའོ། །དེ་ཅི་སྔགས་དང་ལྷ་དག་ཆད་པ་ཁོ་ན་རྫོགས་པའི་རིམ་པའམ་ཞེ་ན་གསུངས་པ། གནས་ཞེས་པའོ། །སྤྲོས་པ་མེད་པ་ནི་སྟོང་པ་ཉིད་དང་རོ་གཅིག་པ་ཉིད་ཀྱི་ཕྱིར་རོ། །རང་བཞིན་ནི་ལྷན་ཅིག་སྐྱེས་པའི་བདེ་བ་ཆེན་ པོའི་ངོ་བོ་སྟེ་དེའི་ངོ་བོས་སྔགས་དང་ལྷ་དག་གནས་སོ། །དེ་ཉིད་རྒྱས་པར་སྟོན་པ་རྣམ་སྣང་ཞེས་པ་ལ་སོགས་པའོ། །ཨཱ་རོ་ལིཀ་ནི་འོད་དཔག་ཏུ་མེད་པའོ། །སྙིང་སྟོབས་ཅན་ནི་ལུས་དང་ལྡན་པ་སྟེ་རྡོ་རྗེ་སེམས་དཔའོ། །ཞི་བ་ནི་འོད་དཔག་ཏུ་མེད་པའོ། །ཐམས་ཅད་ནི་དོན་ཡོད་དོ། ། རྣམ་སངས་རྒྱས་ནི་རིན་ཆེན་འབྱུང་ལྡན་ནོ། །རྣམ་པར་སྣང་མཛད་ལ་སོགས་པའི་ངོ་བོས་སྤྲོས་པ་མེད་པའི་རང་བཞིན་ནི་དེ་ཁོ་ན་ཉིད་དུ་བརྗོད་དོ་ཞེས་པའི་དོན་ཏོ། །ཚངས་པ་ལ་སོགས་པའི་ཚིག་རྣམས་རང་གི་གཞུང་ལུགས་སུ་མ་གྲགས་པ་ཉིད་ཀྱི་ཕྱིར་དོན་གསུངས་པ། ཚངས་པ་ཞེས་ པ་ལ་སོགས་པའོ། །མྱ་ངན་ལས་འདས་པ་ནི་མྱ་ངན་ལས་འདས་པའོ། །དེའི་ཕྱིར་སངས་རྒྱས་ཁོ་ན་དངོས་པོར་ན་ཚངས་པ་ཡིན་གྱི་གཞན་ནི་མ་ཡིན་ཏེ། དེ་ནི་རང་གི་ངོ་བོས་མྱ་ངན་ལས་མ་འདས་པ་ཉིད་ཀྱི་ཕྱིར་རོ། །དེ་ལྟར་ཕྱི་མ་རྣམས་ལ་ཡང་ངོ་། །འཇུག་ཕྱིར་ཞེས་པ་ཁྱབ་པའི་ ཕྱིར་རོ། །དགེ་ཕྱིར་ཞེས་པ་ཤིན་ཏུ་དགེ་བ་ཉིད་ཀྱི་ཕྱིར་རོ། །ཐམས་ཅད་ཀྱི་བདག་ཉིད་ནི་གཉུག་མའི་ངོ་བོ་སྟེ། གང་གི་ཕྱིར་དེ་ལ་རྒྱུན་གྱིས་གནས་པ་ཉིད་ཀྱི་ཕྱིར་ཐམས་ཅད་དོ་ཞེས་པའི་དོན་ཏོ། །འདི་ཐམས་ཅད་གང་གི་བདག་ཉིད་ཡིན་པ་དེ་ཁོ་ན་ཉིད་དེ་ནི་ད་དུང་ཡང་མི་ཤེས་སོ་ཞེ་ན་ གསུངས་པ། བདེ་བ་དམ་པས་ཞེས་པ་སྟེ། བདེ་བ་དམ་པ་ནི་སྤྲོས་པ་མེད་པའི་བདེ་བ་ཆེན་པོའོ། །དགའ་བ་རྟོགས་ཕྱིར་རྣམ་སངས་རྒྱས། །ཞེས་པ་བདེ་བ་ཆེན་པོ་དེ་ཁོ་ན་རྟོགས་པའི་ཕྱིར་རྣམ་སངས་རྒྱས་ཏེ་སངས་རྒྱས་ཁོ་ནའོ། །འོ་ན་ལྷའི་ཁྱད་པར་རྣམས་བསྒྲུབས་ཟིན་ མོད། ཅི་ལྷ་ཉིད་ནི་མ་བསྒྲུབས་སོ་ཞེ་ན་གསུངས་པ། ལུས་ལ་ཞེས་པའོ། །ལུས་ལ་འབྱུང་ཞེས་པ་ལྷ་སྟེ་ཡི་གེ་བསྣན་པ་དང་ཕྱིས་པ་དག་གིས་སོ། །དེ་ལྟར་གྱུར་པ་དེ་ཁོ་ན་བཅོམ་ལྡན་འདས་སུ་བརྗོད་པར་བྱའོ་ཞེས་གསུངས་པ། སྐལ་བ་ཞེས་པ་ལ་སོགས་པའོ། །དེ་ལྟར་ཡོངས་ སུ་དག་པའི་ཡིད་ལ་བདེ་བ་ཆེན་པོའི་རོས་རྗེས་སུ་དྲན་པའི་དབང་ཕྱུག་ལ་སོགས་པའི་ཡོན་ཏན་རྣམས་གཉུག་མའི་ས་བོན་ལས་སྐྱེ་བའོ་ཞེས་པས་དེ་རྣམས་འདི་ལ་ཡོད་པའོ། །ཕྱག་རྒྱ་རྣམས་ཀྱི་ངེས་པའི་དོན་གསུངས་པ། སྐྱེད་བྱེད་མ་ཞེས་པ་ལ་སོགས་པའོ། །འགྲོ་བའི་སྐྱེ་བོ་ ཞེས་པ་འགྲོ་བར་འཇུག་པ་འཕགས་པའི་འཇིག་རྟེན་ནོ། །རྣམ་དབྱེ་ཞེས་པ་སྤང་བར་བྱ་བ་དང་བླང་བར་བྱ་བའི་རྣམ་པར་དབྱེ་བའོ། །ཚོས་མ་ཞེས་པ་ལ་སོགས་པས་མདོར་བསྟན་ནས། ཆགས་བྱེད་ཕྱིར་ཞེས་པ་ལ་སོགས་པས་རྒྱས་པར་བཤད་དོ། །ཆགས་བྱེད་ཕྱིར་ཞེས་ པ་རྗེས་སུ་ཆགས་པར་བྱེད་པའི་ཕྱིར་རོ། །ཤེས་རབ་ཀྱིས་ནི་བསམ་པ་དང་བག་ལ་ཉལ་རྣམ་པར་མཁྱེན་ནས་ཇི་ལྟར་རིགས་པར་རྗེས་སུ་གནས་པར་བྱེད་པའི་ཕྱིར་སེམས་ཅན་ཐམས་ཅད་རྗེས་སུ་ཆགས་པ་ཅན་ཉིད་དུ་འགྱུར་རོ་ཞེས་པས་ཤེས་རབ་ཁོ་ན་དེ་སྐད་བརྗོད་དོ། །ཡོན་ཏན་ ཏེ་སྟོབས་དང་མི་འཇིགས་པ་ལ་སོགས་པའི་ངོ་བོ་ནམ་མཁའི་འདོད་འཇོ་ལས་འཇོ་ཕྱིར་ཏེ་སྐྱེད་པར་བྱེད་པའི་ཕྱིར་ཤེས་རབ་ཁོ་ན་དེ་སྐད་བརྗོད་པར་བྱའོ། །གཡོ་བའི་ཕྱིར་ཞེས་པ་སྲིད་པ་དང་མྱ་ངན་ལས་འདས་པ་ལ་མི་གནས་པ་ཉིད་ཀྱི་ཕྱིར་རོ། །རེག་མིན་ཞེས་པ་སྟོང་པ་ཉིད་དང་ རོ་གཅིག་པ་ཉིད་ཀྱི་ཕྱིར་རོ། །ཕྱི་རོལ་གྱི་ཕྱག་རྒྱ་རྣམས་ཀྱང་ཤེས་རབ་ཀྱི་ཡོན་ཏན་དེ་རྣམས་ཉིད་ཀྱི་རྗེས་སུ་བྱེད་པའི་ཕྱིར་ཤེས་རབ་ཉིད་དུ་རྗེས་སུ་རྟོགས་པར་བྱའོ། །དེ་ཉིད་ཀྱི་ཕྱིར་འདི་ལྟར་གྱུར་པའི་ཤེས་རབ་ཀྱི་རང་བཞིན་ཕྱི་རོལ་གྱི་ཕྱག་རྒྱ་རྣམས་ཁོ་ན་ལྷག་པར་མོས་པས་ཀྱང་ བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་རིགས་རྣམས་ཀྱི་སྟོང་པ་ཉིད་དང་རོ་གཅིག་པའི་བདེ་བ་ཆེན་པོའི་དེ་ཁོ་ན་ཉིད་ཤེས་རབ་འདོད་པ་པོས་བསྟེན་པའོ་ཞེས་པས་བརྟེན་པར་བྱའོ་ཞེས་བཤད་དོ། །རྫོགས་པའི་ངོ་བོའི་ལྷ་བསྒྲུབས་ནས་སྔགས་སྒྲུབ་པ་གསུངས་པ། བཟླས་པ་ཞེས་པ་ལ་སོགས་པ་སྟེ། ཨཱ་ལི་དང་ཀཱ་ལི་ཤེས་རབ་དང་ཐབས་ཀྱི་ངོ་བོ་དག་སྔགས་མཆོག་ཉིད་ཀྱི་ཕྱིར་ན་ཐམས་ཅད་དེའི་ངོ་བོ་ཉིད་ཀྱི་ཕྱིར་བརྗོད་པ་བཟླས་པ་ཞེས་པ་འདི་ནི་སྤྲོས་པ་མེད་པའི་སྔགས་སོ། །དཀྱིལ་འཁོར་དང་ཕྱག་རྒྱ་དག་ཀྱང་རྫོགས་པ་ལ་རྟོགས་པར་བྱེད་པ་ གསུངས་པ། དཀྱིལ་འཁོར་ཞེས་པའོ། །འབྲི་བ་ནི་རི་མོ་སྟེ་རྡུལ་དང་འདམ་ལ་སོགས་པ་རྣམས་ལ་རྐང་པའི་གཟུགས་བརྙན་ནི་རྐང་པའི་རི་མོའོ། །ཉེད་ཕྱིར་ཞེས་པ་ཉེད་པར་བྱེད་པའི་ཕྱིར་ཏེ། ཀུན་དུ་བསྐྱོད་པའི་ཕྱིར་རོ་ཞེས་པའི་བར་རོ། །འདི་ནི་མངོན་པར་དགོངས་པ་སྟེ། དཀྱིལ་འཁོར་གཞན་ཡང་དེ་བཞིན་གཤེགས་པ་ཀུན་ནས་གཤེགས་པར་བྱེད་པ་ཁོ་ནའི་ཕྱིར་ཏེ། དེ་ལྟར་འདི་ཡང་དེ་བཞིན་གཤེགས་པའི་ངོ་བོར་རྫོགས་པའི་རྣལ་འབྱོར་པས་ཀུན་ནས་བསྐྱེད་པའི་ཕྱིར་དེ་མཐོང་བ་རྣམས་ཀྱི་ཡང་བསོད་ནམས་དུ་མ་ཉེ་བར་སོག་པའི་རྒྱུ་ཉིད་ཀྱི་ཕྱིར་ དཀྱིལ་འཁོར་དུ་བརྗོད་པར་བྱའོ་ཞེས་པའོ། །ལག་པ་བསྐྱོད་པ་ཕྱག་རྒྱར་འགྱུར། །སོར་མོ་ཉེད་པའང་དེ་བཞིན་ནོ། །ཞེས་པ་འདིར་ནི་རྒྱུ་རྗེས་སུ་མ་བཀོད་པར་འདི་ལྟར་སྟོན་པར་བྱེད་དེ། བྱ་བ་དཔག་ཏུ་མེད་པ་ཅན་གྱི་རྣལ་འབྱོར་པ་རྣམས་ཀྱི། ཐམས་ཅད་ལ་རྒྱུ་བཀོད་ན་རྒྱ་ཆེས་པར་ འགྱུར་ཏེ། འདི་ཐམས་ཅད་ནི་ཤེས་རབ་དང་ཐབས་ཀྱི་རང་བཞིན་ཉིད་ཀྱི་དཀྱིལ་འཁོར་དང་ཕྱག་རྒྱའི་ངོ་བོར་རྟོགས་པར་བྱའོ་ཞེས་པའོ། །འོ་ན་དེ་ལྟར་བསྒོམ་པར་བྱ་བ་དང་སྒོམ་པ་པོ་དང་བསྒོམས་པ་མི་འཐད་ན། རྫོགས་པའི་དཀྱིལ་འཁོར་ངེས་པར་བསྟན་པའི་བསམ་པར་བྱ་བ་དང་ བསམ་པ་ལ་ཅི་རྣམ་པ་ཐམས་ཅད་དུ་རྫོགས་པ་ཁོ་ན་མ་ཡིན་ནོ་ཞེ་ན་གསུངས་པ། དེ་ནི་བསམ་བྱ་ཞེས་པ་ལ་སོགས་པའོ། །འོ་ན་དེ་ལྟར་སེམས་ཀྱི་རྒྱུ་བ་དཔག་ཏུ་མེད་པ་མི་འགག་ན་རྣམ་པར་གཡེང་བ་ཁོ་ན་སྟེ། བསམ་གཏན་མ་ཡིན་ནོ་ཞེས་པས་དེ་བསམ་བྱར་ཡང་མི་འགྱུར་རོ་ ཞེ་ན་གསུངས་པ། ཕལ་ཞེས་པ་ལ་སོགས་པ་སྟེ། བདེ་དེ་རང་གིས་ལོངས་སྤྱད་བྱ། །ཞེས་པ་མན་ངག་ཇི་ལྟ་བ་བཞིན་རྒྱུན་མི་འཆད་པར་གོམས་པ་ལས་སམ། ལང་ཚོ་ཅན་དབང་བསྐུར་བ་དག་གིས་དེ་ལྟར་ཐོག་མ་དང་བར་མ་དང་ཐ་མ་རྣམས་སུ་གང་བདེ་བ་དེ་འགོག་པ་མེད་པར་ཉམས་ སུ་མྱོང་བ་ནི་བསམ་གཏན་དུ་བརྗོད་པར་བྱའོ། །དེ་བཞིན་དུ་བསམ་པ་གཞན་རྣམས་ལ་ཡང་འགོག་པ་མེད་པར་རབ་ཏུ་འབྱུང་བའི་བདེ་བ་ཆེན་པོ་རྗེས་སུ་དྲན་པ་ལས་གང་ལ་བསམ་བྱ་དང་བསམ་གཏན་དག་ཏུ་མི་འགྱུར་བ་གཡེང་བ་ཅི་ལས་ཡིན་ཞེས་པ་དགོངས་པའོ། །ཡང་ན་ཕལ་ཞེས་པ་ བླ་མ་ལ་དབང་བསྐུར་བའི་དུས་སུ་གང་ཐོབ་སྟེ་ཉམས་སུ་མྱོང་བའི་ལྷན་ཅིག་སྐྱེས་པའི་བདེ་བ་ཆེན་པོ་དེ་ལོངས་སྤྱད་བྱ་སྟེ་རང་ཉིད་ཀུན་ནས་སྤྱད་པར་བྱ་ཞིང་གཞན་གྱི་ཚེ་ན་ཡང་ངོ་། །ཡང་ན་ཕྱག་རྒྱའི་སྦྱོར་བ་ལས་དེ་ལྟ་ཁོ་ནར་སྤྱད་པར་བྱའོ། །ཉེ་བར་སྤྱད་པའི་བདེ་བ་གང་གིས་འཆི་སྟེ་ དབང་པོ་རྣམས་འགོག་པར་འགྱུར་ཞིང་། འདིར་ཞེས་པ་མཐོང་བའི་སྐྱེ་བ་ཁོ་ན་ལ་སྟེ། བདེ་བ་དེ་བསམ་གཏན་དུ་བརྗོད་དོ། །རྫོགས་པའི་རྣལ་འབྱོར་པའི་དེ་ལྟར་གྱུར་པའི་བསམ་གཏན་ནི་ལྷུན་གྱིས་གྲུབ་པ་ལས་དེ་ལྟར་རྗེས་སུ་དྲན་པ་ཙམ་གྱིས་བཤད་མ་ཐག་པའི་མན་ངག་ལ་ཡང་ རྗེས་སུ་ཤེས་པར་བྱའོ་ཞེས་པའོ། །ཅེས་པ་ཞེས་པ་ཡོངས་སུ་རྫོགས་པའོ། །སོགས་པའི་སྒྲ་ཡིས་གོ་ཆ་ལ་སོགས་པ་སྟེ། རྗོད་པར་བྱེད་པ་དང་བརྗོད་པར་བྱ་བ་བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་གོ་ཆ་ལ་སོགས་པ་སྒོམ་པ་རྣམས་ཀྱི་དེ་ཁོ་ན་ཉིད་དེ་ཕྱིན་ཅི་མ་ལོག་པའི་དེ་ཁོ་ན་ཉིད་འདིས་ སྐབས་སུ་བྱེད་ཅིང་སྐབས་སུ་བབ་པར་བྱེད་པས་ན་སྐབས་ཏེ་ཡོངས་སུ་བཅད་པ་དང་། ལེའུ་ཞེས་པ་དོན་ཐ་དད་པ་མ་ཡིན་ཞིང་། དང་པོ་ནི་ཐོག་མར་བསྟན་པ་ཉིད་ཀྱི་ཕྱིར་རོ་ཞེས་པའོ། །ཡང་དག་པར་སྦྱོར་བའི་རྒྱུད་ཀྱི་རྒྱ་ཆེར་འགྲེལ་པ། མན་ངག་གི་སྙེ་མར་སྙེ་མ་དང་ པོའོ།། །།དེ་ལྟར་ཡང་དག་པའི་བྱང་ཆུབ་ཀྱི་སེམས་ཁོ་ན་བསྒོམ་བྱར་མདོར་བསྟན་ཏོ། །དེ་ཁོ་ན་ཡང་འབྲས་བུ་དང་། རྒྱུ་དང་། ཐབས་ཀྱི་རབ་ཏུ་དབྱེ་བས་རྒྱུད་གསུམ་གྱི་བདག་ཉིད་ཅན་ནོ་ཞེས་པ་འདི་ཙམ་ནི་བཅོམ་ལྡན་འདས་ཀྱིས་བསྟན་པའོ། །ཇི་སྐད་དུ་ མཁའ་འགྲོ་མ་རྡོ་རྗེ་གུར་དུ་གསུངས་པ། སྟོང་ཉིད་སྙིང་རྗེ་དབྱེར་མེད་པ། །གང་དུ་སེམས་ནི་རབ་བསྒོམ་པ། །དེ་ཉིད་སངས་རྒྱས་ཆོས་དང་ནི། །དགེ་འདུན་གྱི་ཡང་བསྟན་པའོ། །ཞེས་སོ། །བསྒོམ་པར་བྱ་བ་དེ་ཁོ་ན་ལ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ནང་ དུ་འདུས་ཀྱི། ལོག་པར་བསྒོམ་པར་བྱ་བ་ནི་མ་ཡིན་ནོ། །ཡང་ན་ཡོངས་སུ་འདྲིས་པའི་དོན་དུ་བྱང་ཆུབ་ཀྱི་ཕྱོགས་པའི་རྣམ་པ་རྣམས་ཀྱིས་ཡོངས་སུ་བསྐོར་བའི་བསྒོམ་བྱ་བྱང་ཆུབ་སེམས་དེ་གོམས་པར་བྱ་སྟེ། དེའི་ཕྱིར་དེ་རྣམས་སྐབས་སུ་མཛད་པ་དེ་ནས་ཞེས་པ་ལ་སོགས་པའོ། ། དེ་ནས་ཞེས་པ་ལམ་བསྟན་པའི་དེ་མ་ཐག་པར་རོ། །བྱང་ཆུབ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དེ། དེའི་ཕྱོགས་ནི་རྗེས་སུ་མཐུན་པ་རྣམས་སོ། །བྱང་ཆུབ་ཀྱི་ཕྱོགས་རྣམས་ཁོ་ན་ནི་བྱང་ཆུབ་ཀྱི་ཕྱོགས་ཉིད་དོ། །དེ་ལ་རྗེས་སུ་ལྟ་བ་གང་རྣམས་ཀྱིས་ལུས་དང་ཚོར་བ་དང་སེམས་དང་ ཆོས་རྣམས་ལ་གཅིག་ཉིད་དང་དུ་མ་ཉིད་ལ་སོགས་པ་མི་རུང་བས་ན། རང་བཞིན་མེད་པ་ཉིད་ཀྱི་ཤེས་པ་རྣམས་ཀྱིས་དྲན་པ་ཉེ་བར་འཇོག་པ་དེ་རྣམས་ནི་དྲན་པའི་རྒྱུ་ཤེས་རབ་ཀྱི་རང་བཞིན་རྣམས་ཏེ་དྲན་པ་ཉེ་བར་གཞག་པ་རྣམས་ཡིན་ཞིང་། དམིགས་པའི་བྱེ་བྲག་ལས་བཞི་རྣམས་ཏེ། ལུས་དྲན་པ་ཉེ་བར་གཞག་པ་དང་། ཚོར་བ་དྲན་པ་ཉེ་བར་གཞག་པ་དང་། སེམས་དྲན་པ་ཉེ་བར་གཞག་པ་དང་། ཆོས་དྲན་པ་ཉེ་བར་གཞག་པའོ། །དེ་ལ་ནང་གི་ལུས་ནི་མིག་ལ་སོགས་པ་ལྔའོ། །ཕྱིའི་ལུས་ནི་རང་གི་ལུས་ལས་ཕྱི་རོལ་གྱི་གཟུགས་ལ་སོགས་པ་ལྔའོ། །ནང་ དང་ཕྱིའི་ལུས་ནི་རང་གི་ལུས་ལ་སོགས་པར་གཏོགས་པའི་འབྱུང་བ་དང་འབྱུང་བ་ལས་གྱུར་པ་ལྷག་མའོ། །ཚོར་བ་ལ་སོགས་པ་རྣམས་ཀྱི་གསུམ་ཉིད་ནི་ལུས་རྣམ་པ་གསུམ་རྣམས་ལ་དམིགས་པའི་བྱེ་བྲག་གིས་སོ། །ཚོར་བ་ནི་བདེ་བ་དང་སྡུག་བསྔལ་དང་སྡུག་བསྔལ་ཡང་མ་ ཡིན་བདེ་བ་ཡང་མ་ཡིན་པའོ། །སེམས་ནི་དབང་པོ་ལྔའི་ཤེས་པ་རྣམས་སོ། །ཆོས་རྣམས་ནི་སེམས་ལས་བྱུང་བ་དགེ་བ་དང་མི་དགེ་བ་དང་ལུང་དུ་མ་བསྟན་པ་རྣམས་སོ། །ལུས་ལ་སོགས་པའི་རྗེས་སུ་ལྟ་བ་ཞེས་པ། ལུས་ལ་སོགས་པའི་ཆོས་ཉིད་ཀྱི་རྗེས་སུ་ལྟ་བ་སྟེ། འདི་ ནི་ལུས་སོ་བདག་གི་ལུས་སོ་རྟག་པའོ་མི་རྟག་པའོ་བདེ་བའོ་སྡུག་བསྔལ་བའོ་ཞེས་པ་འདི་ལྟ་བུ་ལ་སོགས་པར་རྣམ་པར་མི་རྟོག་པའི་ཕྱིར་ཏེ། རྗེས་སུ་ལྟ་བ་དང་། རྣམ་པར་མི་རྟོག་པ་དེ་ཡང་མི་དམིགས་པའི་སྦྱོར་བས་སོ། །འོ་ན་གལ་ཏེ་དྲན་པ་ཉེ་བར་གཞག་པ་རྣམས་ཀྱིས་ཆོས་ཐམས་ ཅད་ཤེས་ན་བྱང་ཆུབ་ཀྱི་ཕྱོགས་ཕྱི་མ་རྣམས་ཀྱིས་ཅི་བྱ་ཞེ་ན། དེ་ལྟ་མ་ཡིན་ཏེ། གང་གི་ཕྱིར་དེ་རྣམས་ཀྱིས་ཆོས་ཉིད་དུ་ཡོངས་སུ་ཤེས་ན་ཡང་མི་རྟག་པ་ལ་སོགས་པའི་རྣམ་པ་ཉིད་ཀྱིས་ཆོས་ཀྱི་ཁྱད་པར་ཡོངས་སུ་ཤེས་པའི་ཆེད་དུ་སུམ་ཅུ་རྩ་བདུན་དུ་ཡང་གོམས་པར་བྱེད་དོ། །དེ་ཉིད་ཀྱི་ ཕྱིར་ཉན་ཐོས་ཀྱི་ཐེག་པ་རྣམས་ནི་མི་རྟག་པ་ལ་སོགས་པའི་རྣམ་པ་ཉིད་དུ་དམིགས་པར་བྱེད་ལ་བྱང་ཆུབ་སེམས་དཔའ་རྣམས་ནི་མི་དམིགས་པའི་ཚུལ་གྱིས་སོ། །དེ་ཉིད་ཀྱི་ཕྱིར་མི་རྟག་པ་ལ་སོགས་པའི་རྣམ་པ་དང་སྟོང་པ་ཉིད་ཀྱང་འདི་རྣམས་ཀྱི་ཡུལ་དུ་འགྱུར་རོ་ཞེས་པས་ཉན་ཐོས་ཀྱི་ ལམ་ཡང་ཆོས་ཉིད་ཀྱི་སྒོ་ནས་གོམས་པར་བྱས་པར་འགྱུར་རོ། །ཡང་གིས་གདུང་བ་མེད་པ་ཉིད་སྡུད་པར་བྱེད་དོ། །དེའི་ཕྱིར་གུས་པར་བྱས་ཏེ་རྒྱུན་དུ་སྦྱོར་བའི་ཕྱིར་གདུང་བ་མེད་པའོ། །རྗེས་སུ་བལྟ་བས་དང་ཤེས་བཞིན་དུ་ཡང་སྦྱོར་བའི་ཕྱིར་ཤེས་བཞིན་ཅན་ནོ། །མི་བརྗེད་ པའི་བདག་ཉིད་དང་སྲུང་བ་མེད་པ་ཉིད་ཀྱིས་དང་། གཡེང་བ་མེད་པར་འབྱུང་བས་དྲན་པས་སྦྱོར་བའི་ཕྱིར་དྲན་པ་དང་ལྡན་པའོ། །བརྩོན་འགྲུས་དང་ཤེས་རབ་དང་དྲན་པ་འདི་རྣམས་ཁོ་ནའི་རྗེས་སུ་བསྔགས་པ་གསུངས་པ། རྣམ་པར་བསལ་ཏེ་ཞེས་པ་ལ་སོགས་པའོ། །རྣམ་པར་ བསལ་ཏེ་ཞེས་པ་ནི་རབ་ཏུ་སྤངས་ནས་སོ། །འཇིག་རྟེན་ལ་ཞེས་པ་འཇིག་རྟེན་གྱི་ཆོས་རྙེད་པ་དང་གྲགས་པ་དང་བདེ་བ་དང་བསྟོད་པ་རྣམས་ལ་བརྣབ་སེམས་ཏེ་ཆགས་པ་དང་མ་རྙེད་པ་དང་མ་གྲགས་པ་དང་སྡུག་བསྔལ་བ་དང་སྨད་པ་རྣམས་ལ་ཡིད་མི་བདེ་བའོ། །འདི་རྣམས་ཀྱིས་ སེམས་སམ་ལུས་དང་ངག་དང་ཡིད་རྣམས་ཡང་དག་པར་འཇོག་སྟེ་ཡང་དག་པར་འཛིན་པའམ་རབ་ཏུ་འཇུག་པའོ་ཞེས་པ་ཡང་དག་པར་འཇོག་པ་རྣམས་དང་། འདི་རྣམས་ཀྱིས་བག་ལ་ཉལ་རྣམས་རབ་ཏུ་སྤོང་བའོ་ཞེས་བྱས་ནས་ཡང་དག་པར་སྤོང་བ་རྣམས་སུ་བརྗོད་དོ། །དེ་ རྣམས་ནི་ཆོས་དྲན་པ་ཉེ་བར་གཞག་པ་ལས་གོང་དུ་བརྩོན་འགྲུས་ཀྱི་ངོ་བོ་བཞི་རྣམས་ཏེ། འདི་ལྟ་སྟེ། མ་སྐྱེས་པ་རྣམས་ཞེས་པ་ལ་སོགས་པ་སྟེ། ངན་འགྲོ་རྣམས་སུ་ལྟུང་བར་བྱེད་ཅིང་། རྒྱུ་རྣམ་པ་སྣ་ཚོགས་པ་རྣམས་ཀྱིས་གནོད་པ་བྱེད་ལ། ལས་རིགས་ མཐུན་པའམ་ལས་ཀྱི་བག་ཆགས་བྱེད་དོ་ཞེས་པ་སྡིག་པ་རྣམས་ཏེ། ངེས་པའི་ཚིག་གི་མཚན་ཉིད་ཀྱིས་སོ། །མི་དགེ་བ་རྣམས་ནི་ལུས་ཀྱི་ཉེས་པར་སྤྱོད་པ་ལ་སོགས་པ་ཕྱིན་ཅི་ལོག་གི་ངོ་བོ་ཀུན་ནས་ཉོན་མོངས་པ་རྣམས་ཏེ། ཐར་པ་འདོད་པ་རྣམས་ཀྱིས་སྤང་བར་བྱ་བ་ཉིད་ན་ཡང་རང་ གི་མཚན་ཉིད་འཛིན་པའི་ཕྱིར་ཆོས་རྣམས་སོ། །འདུན་པ་བསྐྱེད་དེ། གོ་ཆའི་བརྩོན་འགྲུས་འདི་ལྟར་བྱའོ་ཞེས་པར་རོ། །འབད་དོ་སྟེ་སྦྱོར་བའི་བརྩོན་འགྲུས་ཀྱིས་སོ། །བརྩོན་འགྲུས་རྩོམ་སྟེ། སྐྱོ་བ་མེད་པའི་བརྩོན་འགྲུས་ཀྱིས་སོ། །སེམས་རབ་ཏུ་འཛིན་ཅིང་ཡང་དག་པར་ འཇོག་སྟེ་ཐབས་ཀྱི་བརྩོན་འགྲུས་ཀྱིས་སོ། །དེ་ལ་སེམས་ཞུམ་པ་ན་རབ་ཏུ་འཛིན་ཅིང་གཟེངས་སྟོད་པར་བྱེད་པའོ། །རྒོད་པའི་སེམས་ནི་ཡང་དག་པར་འཇོག་སྟེ་མངོན་པར་སྡུད་པར་བྱེད་དོ། །དགེ་བ་རྣམས་ནི་བྱང་ཆུབ་ཀྱི་སེམས་དང་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་འཁོར་ དང་བཅས་པ་རྣམས་ཏེ། རང་དང་གཞན་ལ་ཕན་པ་འདོད་པ་རྣམས་ཀྱིས་བླང་བར་བྱ་བ་ཉིད་ཀྱིས་ན་གཟུང་བར་བྱ་བཞིན་པ་ཉིད་ཀྱི་ཕྱིར་ཆོས་རྣམས་སོ། །དེ་སྐྱེས་པ་རྣམས་རྒྱུན་གྱིས་གནས་པའི་ཆེད་དུ་སྟེ་ཚོགས་ཀྱི་ལམ་དུའོ། །དཔག་ཏུ་མེད་པའི་བསམ་གཏན་དང་གཟུགས་མེད་པ་ དང་ཚད་མེད་པ་ལ་སོགས་པའི་ཐབས་རྣམས་ཀྱིས་བསྒོམ་པ་སྟེ། སྦྱོར་བའི་ལམ་དུ་ཇི་ལྟར་སླར་ཡང་འབྱུང་བར་འགྱུར་བ་ལྟར་རོ། །མཐོང་བའི་ལམ་དུ་ཡོངས་སུ་རྫོགས་པ་སྟེ་ཇི་ལྟར་རིགས་པར་འཕེལ་བར་ཇི་ལྟར་འགྱུར་བ་ལྟར་རོ། །ཡོངས་སུ་མ་རྫོགས་པ་ཡོངས་སུ་རྫོགས་པ་ནི་ དྲི་མ་མེད་པ་ལ་སོགས་པར་བསྒོམ་པའི་ལམ་ལ་སྟེ་ཇི་ལྟར་རིགས་པར་ཡངས་པ་ཉིད་དུ་ཇི་ལྟར་འགྱུར་བ་ལྟར་རོ། །ཡང་འབྱུང་བ་དང་འཕེལ་བ་དང་ཡངས་པ་ཉིད་ཅེས་པ་ཀུན་སྡུད་པ་སྟེ་འདུན་པ་བསྐྱེད་པ་ལ་སོགས་པ་བྱ་བའི་ཁྱད་པར་རྣམས་སོ། །རྫུ་འཕྲུལ་ནི་ཕུན་སུམ་ཚོགས་པ་ སྟེ་མངོན་པར་ཤེས་པ་དང་དབང་པོ་དང་སྟོབས་དང་མི་འཇིགས་པ་ཉིད་ལ་སོགས་པ་འཇིག་རྟེན་ལས་འདས་པའི་ཆོས་རྣམས་སོ། །རྫུ་འཕྲུལ་གྱི་བཞི་སྟེ་རྒྱུ་རྣམས་ནི་རྫུ་འཕྲུལ་གྱི་རྐང་པ་རྣམས་སོ། །དེ་རྣམས་ཀྱང་བཞི་རྣམས་ཏེ། འདུན་པའི་ཏིང་ངེ་འཛིན་དང་བརྩོན་འགྲུས་ཀྱི་ཏིང་ ངེ་འཛིན་དང་སེམས་ཀྱི་ཏིང་ངེ་འཛིན་དང་དཔྱོད་པའི་ཏིང་ངེ་འཛིན་ཞེས་པའོ། །དེ་ལྟར་ན་ཁ་ཅིག་འདུན་པ་དྲག་པོ་ཉིད་ཁོ་ནས་ཡང་དག་པར་སྤོང་བ་རྣམས་ཀྱིས་སེམས་ནང་དུ་འཇོག་པ་ལ་སེམས་རྩེ་གཅིག་པ་ཉིད་ཀྱི་མཚན་ཉིད་ཅན་གྱི་ཏིང་ངེ་འཛིན་གུས་པར་བྱ་སྟེ་སྦྱོར་བའི་སྟོབས་ ལས་སྐྱེའོ། །ཁ་ཅིག་ཡང་དག་པར་སྤོང་བའི་བརྩོན་འགྲུས་རྣམས་ཀྱིས་མི་དགེ་བ་སྤོང་བ་དང་དགེ་བ་བསྐྱེད་པ་ལ་ཤིན་ཏུ་རབ་ཏུ་སྦྱོར་བ་ལའོ། །ཁ་ཅིག་ཞི་གནས་དང་རབ་ཏུ་འཛིན་པ་དང་བཏང་སྙོམས་ཀྱི་རྒྱུ་མཚན་སེམས་རྣམས་ཀྱིས་ཡོངས་སུ་སྦྱོང་བ་ལའོ། །ཁ་ཅིག་ནི་ཅི་བདག་ མི་དགེ་བ་ཕྲ་མོ་རྣམས་ཀུན་དུ་སྤྱོད་དམ། གང་བདག་ཡོངས་སུ་དཔྱད་པར་བྱའོ་ཞེས་ཡང་དག་པར་ཉེ་བར་འཇོག་པ་ལའོ། །དེར་དེ་རྣམས་ནི་འདུན་པ་ལ་སོགས་པའི་ཏིང་ངེ་འཛིན་རྣམས་ཏེ། འདི་རྣམས་སྐྱེས་པ་ན་རྨུགས་པ་དང་གཉིད་དང་རྒོད་པ་དང་འགྱོད་པ་དང་ཕྲག་དོག་ དང་སེར་སྣ་དང་ངོ་ཚ་མེད་པ་དང་ཁྲེལ་མེད་པ་དང་ཁྲོ་བ་དང་སྡིག་པ་སྦེད་པའི་ངོ་བོ་འཆབ་པ་ཞེས་པ་ཀུན་ནས་དཀྲིས་པ་བཅུ་པོ་ཐུབ་པའི་དགོངས་པའི་རྒྱན་དུ་རྣམ་པར་ཕྱེ་བ་རྣམས་རིང་དུ་གྱུར་པ་ན། འདོད་ཆགས་དང་ཁོང་ཁྲོ་བ་དང་ང་རྒྱལ་དང་མ་རིག་པ་དང་ཐེ་ཚོམ་དང་འཇིག་ཚོགས་ ལ་ལྟ་བ་དང་། མཐར་འཛིན་པར་ལྟ་བ་དང་། ལོག་པར་ལྟ་བ་དང་ལྟ་བ་མཆོག་ཏུ་འཛིན་པ་དང་། ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་ཞེས་པ་བག་ལ་ཉལ་བཅུ་པོ་ཐུབ་པའི་དགོངས་པའི་རྒྱན་དུ་རྣམ་པར་ཕྱེ་བ་རྣམས་སྤང་བའི་ཆེད་དུ་ཡང་དག་པར་སྤོང་བ་རྣམས་ཀྱིས་ བརྩོན་འགྲུས་རྩོམ་པ་ཁོ་ནའི་ཏིང་ངེ་འཛིན་ཐམས་ཅད་ཀྱི་སྐྱོན་ལེ་ལོ་དང་དམིགས་པ་བརྗེད་པ་དང་། བྱིང་པ་དང་རྒོད་པ་དང་། འདུ་མི་བྱེད་པ་དང་འདུ་བྱེད་པ་ཞེས་པ་དྲུག་གི་གཉེན་པོའི་ཕྱོགས་སྤོང་བའི་འདུ་བྱེད་བརྒྱད་རྣམས་བསྒོམ་པར་བྱ་སྟེ། འདི་ལྟ་སྟེ། དད་པ་དང་འདུན་པ་ དང་རྩོལ་བ་དང་ཤིན་ཏུ་སྦྱངས་པ་དང་དྲན་པ་དང་ཤེས་བཞིན་དང་སེམས་པ་དང་བཏང་སྙོམས་ཤེས་པའོ། །དེ་ལ་དང་པོ་བཞི་རྣམས་ལེ་ལོའི་གཉེན་པོ་སྟེ། དེ་ལྟར་ནི་ཏིང་ངེ་འཛིན་གྱི་ཡོན་ཏན་རྣམས་ལ་ཡོད་པ་ཉིད་དང་ཡོན་ཏན་ཅན་ཉིད་དང་ནུས་པ་ཉིད་དུ་ མངོན་པར་ཡིད་ཆེས་པའི་མཚན་ཉིད་ཅན་གྱི་དད་པས་དེ་ལ་རྣལ་འབྱོར་པ་རྣམས་མངོན་པར་འདོད་པ་སྐྱེ་ཞིང་། དེ་ལས་བརྩོན་འགྲུས་དང་། དེ་ལས་ལུས་དང་སེམས་ལས་སུ་རུང་བ་ཉིད་དེ་དེ་ལས་ལེ་ལོ་ལྡོག་གོ། །དྲན་པ་ནི་དམིགས་པ་བརྗེད་པའི་གཉེན་པོའི་ཕྱོགས་སོ། །ཤེས་བཞིན་ནི་ བྱིང་བ་དང་རྒོད་པ་དག་གི་གཉེན་པོ་སྟེ། དེས་དེ་དག་ཉེ་བར་མཚོན་པའི་ཕྱིར་རོ། །དེ་ལ་སེམས་བྱིང་བའི་རྒྱུ་ནི་གཉིས་ཏེ། ལུས་དང་ཡིད་དག་ལྗི་བ་ཉིད་དུ་གྱུར་པས་སེམས་དམིགས་པ་རྟོགས་པ་ལ། ལས་སུ་མི་རུང་བ་ཉིད་ཀྱི་མཚན་ཉིད་ཅན་རྨུགས་པ་དང་། རྣམ་པར་ཤེས་པ་ལྔ་ འཇུག་པ་དང་འགལ་བའི་ཆོས་ཡིད་ཀྱི་རྣམ་པར་ཤེས་པ་ཡང་བླུན་པར་འགྱུར་བའི་རྒྱུ་ཤེས་པ་འདི་ལྟ་བུའི་མཚན་ཉིད་ཅན་གཉིད་ཅན་ཞེས་པའོ། །རྨུགས་པ་དང་གཉིད་དག་གི་ཟས་ནི་རྨྱ་བ་དང་མི་དགའ་བ་དང་གླལ་བ་དང་ཟས་ལ་སྙོམས་མ་ཤེས་པ་དང་སེམས་ཞུམ་པ་ཉིད་ཅེས་ པ་ལྔ་རྣམས་སོ། །རྒོད་པས་ནི་འགྱོད་པ་ཉེ་བར་མཚོན་པར་བྱེད་དེ། དེ་དག་གི་ཟས་ནི་ཉེ་དུའི་རྟོག་པ་དང་ལྗོངས་ཀྱི་རྣམ་པར་རྟོག་པ་དང་མི་འཆི་བའི་རྣམ་པར་རྟོག་པ་དང་། བརྒད་པ་དང་བརྩེས་པ་ལ་ཡོངས་སུ་སྤྱད་པ་དྲན་པ་ཞེས་པ་བཞི་རྣམས་སོ། །དེ་དག་གི་བྱ་བ་ནི་སེམས་རྣམ་ པར་མ་ཞི་བར་བྱེད་པའོ། །བྱིང་བ་དང་རྒོད་པ་དང་རབ་ཏུ་མ་ཞི་བའི་དུས་ན་ནི་རྩོལ་བ་མེད་པ་སྐྱོན་ཏེ་དེའི་གཉེན་པོར་སེམས་པ་བསྒོམ་པར་བྱའོ། །བྱིང་བ་དང་རྒོད་པ་རབ་ཏུ་ཞི་བར་འགྱུར་བ་ན། གང་གི་ཚེ་སེམས་རང་གི་ངང་གིས་འབྱུང་བ་དེའི་ཚེ་རྩོལ་བའི་སྐྱོན་ཏེ། དེའི་ཚེ་དེའི་གཉེན་པོར་ བཏང་སྙོམས་བསྒོམ་པར་བྱའོ། །སྤོང་བའི་རྒྱུ་བརྒྱད་པོ་འདི་རྣམས་ཀྱིས་ཏིང་ངེ་འཛིན་ལས་སུ་རུང་བར་འགྱུར་ཞིང་། དེ་ཡིས་རྫུ་འཕྲུལ་ལ་སོགས་པའི་ཡོན་ཏན་རྣམས་རྫོགས་པར་བྱེད་དོ། །འདི་ཡང་འདིར་ཞི་གནས་ཀྱི་རིམ་པ་སྟེ། ཐོག་མར་བྱང་ཆུབ་སེམས་དཔའ་ནང་དུ་ ཏིང་ངེ་འཛིན་གྱི་དམིགས་པ་ལ་སེམས་འཇོག་གོ། །དེ་ནས་གཞན་དུ་འགྲོ་བ་བཀག་པ་ལས་རྒྱུན་གྱིས་རབ་ཏུ་འཇུག་པར་བྱེད་དོ། །སེམས་རང་བཞིན་གྱིས་གཡོ་བ་ཉིད་ཀྱི་ཕྱིར་ཅི་ཞིག་ལྟར་གཞན་དུ་འགྲོ་བ་ན་དེ་རྟོགས་ནས་མྱུར་དུ་སྡུད་པར་བྱེད་དོ། །གོང་ནས་གོང་དུ་ཕྲ་བར་ བྱེད་པས་སེམས་དེ་ཁོ་ན་ལ་འཇོག་པར་བྱེད་དོ། །ཏིང་ངེ་འཛིན་ལ་དགའ་བར་བྱེད་དོ། །ཏིང་ངེ་འཛིན་གྱི་ཡོན་ཏན་མཐོང་བ་ལ་སྟེ། དེ་ཡང་ཇི་སྲིད་དུ་དེ་བཞིན་གཤེགས་པའི་བར་གྱི་ཡོན་ཏན་ཁྱད་པར་དུ་འཕགས་པ་ཐམས་ཅད་དོ། །མི་དགའ་བ་ཞི་བར་བྱེད་དེ། །རྣམ་པར་ གཡེང་བའི་སྐྱོན་རྣམས་མཐོང་བ་ལས་ཏེ། དེ་རྣམས་ཀྱང་མནར་མེད་པ་ཇི་སྲིད་པའི་སྡུག་བསྔལ་ཐམས་ཅད་དོ། །བརྣབ་སེམས་དང་ཡིད་མི་བདེ་བ་ལ་སོགས་པ་སྐྱེས་པ་རྣམས་ཉེ་བར་ཞི་བར་བྱེད་དེ། མི་དགའ་བ་བཞིན་དུའོ། །དེ་ལྟར་རྣམ་པ་བདུན་རྣམས་ཀྱིས་སྐྱོན་དང་བྲལ་ བའི་སེམས་རྩོལ་བ་ལས་རང་གི་ངང་གིས་འབྱུང་བར་བྱེད་དོ། །རང་གི་ངང་གིས་ཞུགས་ནས་རང་ཉིད་ལས་རྩོལ་བ་མེད་པར་རང་གི་ངང་གིས་འབྱུང་བ་ཉིད་ཀྱིས་ཡང་དག་པར་དམིགས་པ་ལ་སེམས་འཛིན་པར་བྱེད་དོ། །དེ་ལྟར་གང་གི་ཚེ་དམིགས་པ་དེ་ལ་མངོན་པར་འདུ་བྱ་བ་མང་ པར་འབྱུང་བ་ཉིད་ཀྱིས་ཇི་སྲིད་འདོད་པར་སེམས་རབ་ཏུ་འཇུག་པར་འགྱུར་བ་དེའི་ཚེ་ཞི་གནས་རྫོགས་པར་རིག་པར་བྱའོ། །སྒོམ་པའི་རིམ་པ་འདི་ཁོ་ན་གསུངས་པ་འདུན་པ་ཞེས་པ་ལ་སོགས་པའོ། །འདུན་པའི་ཏིང་ངེ་འཛིན་དང་སྤོང་བའི་འདུ་བྱེད་རྣམས་དང་ལྡན་པ། ཉོན་ མོངས་པ་རྣམས་ལས་དབེན་པ། སྲིད་པ་ལས་འདོད་ཆགས་དང་བྲལ་བ་ཉིད་འདོད་ཆགས་དང་བྲལ་བ། སྡུག་བསྔལ་འགོག་པ་སྟེ་དེ་རྣམས་ལ་བརྟེན་པའོ། །རྣམ་པར་སྤོང་བ་ནི་རྫས་ཐམས་ཅད་མཆོག་ཏུ་འདོར་བ་སྟེ་དེའི་ཆེད་དུ་ཡོངས་སུ་བསྒྱུར་བའོ། །ཤིན་ཏུ་རབ་ཏུ་བཟུང་ བ་ནི་རྒོད་པའོ། །དབང་བྱེད་པའི་ཕྱིར་དབང་པོ་སྟེ། དད་པ་ལ་སོགས་པ་ལྔ་རྣམས་འཇིག་རྟེན་ལས་འདས་པའི་ཆོས་བསྐྱེད་པའི་ཆེད་དུ་བདག་པོ་ཉིད་ཐོབ་པ་ནི་དབང་པོ་རྣམས་སུ་འགྱུར་ཏེ། དད་པའི་དབང་པོ་དང་བརྩོན་འགྲུས་གྱི་དབང་པོ་དང་དྲན་པའི་དབང་པོ་དང་ཏིང་ངེ་འཛིན་ གྱི་དབང་པོ་དང་ཤེས་རབ་ཀྱི་དབང་པོའོ། །དེ་ལ་བདེན་པ་དང་དཀོན་མཆོག་གསུམ་དང་ལས་ཀྱི་འབྲས་བུ་རྣམས་ལ་མངོན་པར་ཡིད་ཆེས་པ་ནི་དད་པ་སྟེ། རྫུ་འཕྲུལ་གྱི་རྐང་པ་རྣམས་ལ་ཤིན་ཏུ་རབ་ཏུ་སྦྱོར་བ་པོ་ལ་རྟགས་མཐོང་བ་ལས་གོང་མའི་ཁྱད་པར་ སྐྱེ་བ་ལ་ངེས་པ་སྐྱེ་བའི་ཕྱིར། སྟོན་པ་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྟོགས་པ་ལ་མངོན་པར་ཡིད་ཆེས་པ་སྐྱེ་སྟེ། དེ་འདིའི་དད་པའི་དབང་པོའོ། །དད་པ་ལྷག་པ་ལས་བརྩོན་འགྲུས་ལ་སོགས་པ་རྣམས་ལྷག་པ་ཉིད་དེ། དེའི་ཕྱིར་དབང་པོ་ལྔ་རྣམས་སུ་འགྱུར་རོ། །དེ་ རྣམས་དེ་ཞེས་པ་ལ་སོགས་པས་གསུངས་ཏེ། འདོད་པ་ན་སྤྱོད་པ་ནི་མཉམ་པར་མ་བཞག་པའི་ས་པའོ། །འཇིག་རྟེན་པ་ནི་དེ་ཁོ་ན་ཉིད་མ་རྟོགས་པའོ། །ཡང་དག་པའི་ལྟ་བ་ནི་ཆོས་ཐམས་ཅད་བདག་མེད་པ་ཉིད་དུ་མོས་པའི་མཚན་ཉིད་ཅན་དང་འཇིག་རྟེན་ཕ་རོལ་ངེས་པའོ། །དད་ པར་བྱེད་དེ་ཡོད་པ་ཉིད་ལ་སོགས་པར་ཡིད་ཆེས་པར་བྱེད་དོ། །ལྷག་མ་ནི་གོ་སླའོ། །དབང་པོ་རྣམས་ཁོ་ན་བསྒོམ་བཞིན་པ་ནི་དེ་ལྟར་འཕེལ་ཏེ། ཇི་ལྟར་བདུད་ལ་སོགས་པ་རྣམས་དང་མ་དད་པ་ལ་སོགས་པ་མི་མཐུན་ཕྱོགས་རྣམས་ཀྱིས་ཐུབ་པར་དཀའ་བ་ཉིད་ལས་གཞོམ་དུ་ མེད་པ་ཉིད་ཀྱི་ཕྱིར་སྟོབས་ཞེས་བྱ་བ་འཐོབ་པོ་ཞེས་གསུངས་པ། ལྔ་ཞེས་པ་ལ་སོགས་པའོ། །དེ་ལ་ཞེས་པ་ལ་སོགས་པ་ལ་མཐོང་བའི་ལམ་ལ་ཇི་ལྟ་བའི་ཡང་དག་པར་རྟོགས་པ་ནི་བྱང་ཆུབ་སྟེ། རྫོགས་པའི་བྱང་ཆུབ་ཀྱང་ངོ་། །དེའི་ཡན་ལག་རྣམས་ནི་རྫོགས་ པའི་བྱང་ཆུབ་ཀྱི་ཡན་ལག་བདུན་རྣམས་སོ། །དེ་ལ་ཆོས་རྣམ་པར་འབྱེད་པ་དང་བརྩོན་འགྲུས་དང་དགའ་བ་ཞེས་པ་གསུམ་རྣམས་ནི་ལྷག་མཐོང་གི་ཕྱོགས་དང་། ཤིན་ཏུ་སྦྱངས་པ་དང་ཏིང་ངེ་འཛིན་དང་བཏང་སྙོམས་རྣམས་ནི་ཞི་གནས་ཀྱི་ཕྱོགས་ཏེ། དྲན་པ་ནི་གཉི་གའི་ངོ་བོའོ། ། དགའ་བ་ནི་གང་དམིགས་པ་དེ་ཁོ་ན་ལ་ཡིད་དགའ་བ་ཉིད་དོ། །ཏིང་ངེ་འཛིན་ནི་བརྟག་པར་བྱ་བའི་དངོས་པོ་ལ་སེམས་རྩེ་གཅིག་པ་ཉིད་དོ། །དེ་ལ་དྲན་པ་ནི་གནས་ཀྱི་ཡན་ལག་སྟེ་ཐམས་ཅད་རྣམས་དེ་ལ་བརྟེན་པས་འཇུག་པའི་ཕྱིར་རོ། །ཆོས་རབ་ཏུ་རྣམ་པར་འབྱེད་པ་ནི་རང་བཞིན་ གྱི་ཡན་ལག་སྟེ། བྱང་ཆུབ་ནི་དེའི་རང་བཞིན་ཉིད་ཀྱི་ཕྱིར་རོ། །བརྩོན་འགྲུས་ནི་ངེས་པར་འབྱུང་བའི་ཡན་ལག་སྟེ། དེས་ཐོབ་བྱ་མཐར་ཐུག་པ་ལྷག་པར་གནས་པར་བྱེད་པའི་ཕྱིར་རོ། །དགའ་བ་ནི་ཕན་ཡོན་གྱི་ཡན་ལག་སྟེ་སེམས་བདེ་བ་ཉིད་ཀྱི་ཕྱིར་རོ། །ཤིན་ཏུ་སྦྱངས་པ་དང་ ཏིང་ངེ་འཛིན་དང་བཏང་སྙོམས་གསུམ་རྣམས་ནི་གང་གིས་གང་ལ་བརྟེན་ནས་གང་ཞིག་ཉོན་མོངས་པ་མེད་པ་ཞེས་པས་ཀུན་ནས་ཉོན་མོངས་པ་མེད་པའི་ཡན་ལག་སྟེ། གང་ཕྱིར་ཀུན་ནས་ཉོན་མོངས་པའི་རྒྱུ་གནས་ངན་ལེན་གྱི་མི་མཐུན་པའི་ཕྱོགས་ནི་ཤིན་ཏུ་སྦྱངས་པ་སྟེ་དེའི་ཕྱིར་ ཀུན་ནས་ཉོན་མོངས་པ་མེད་པའི་རྒྱུའོ། །གནས་ནི་ཏིང་ངེ་འཛིན་ནོ། །རང་བཞིན་ནི་བཏང་སྙོམས་སོ། །དེ་ལྟར་བྱང་ཆུབ་ཀྱི་ཡན་ལག་འདི་རྣམས་ཐོབ་པ་ལས་བདག་ཉིད་ཀྱི་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་རྣམས་སྤངས་པར་མཐོང་ནས་བསྒོམ་པས་སྤང་བར་བྱ་བ་རྣམས་ སྤང་བའི་ཆེད་དུ་ཕུང་པོ་གསུམ་པོ་འཕགས་པའི་ལམ་ཡན་ལག་བརྒྱད་པ་བསྒོམ་མོ་ཞེས་མདོར་སྟོན་པ། འཕགས་པའི་ལམ་ཡན་ལག་བརྒྱད་ཅེས་པ་སྟེ། འཕགས་པ་རྣམས་ནི་སློབ་པའི་རྣལ་འབྱོར་པ་རྣམས་ཏེ། དེ་རྣམས་ཀྱིས་ལམ་འདི་ཉོན་མོངས་པ་ལས་རྣམ་པར་གྲོལ་ བ་མངོན་དུ་བྱ་བའི་ཆེད་དུ་བསྐྱེད་བར་བྱའོ། །དེའི་ཕྱིར་འདི་འཕགས་པ་རྣམས་ཀྱི་ཡན་ལག་བརྒྱད་དོ་ཞེས་པ་འཕགས་པའི་ལམ་ཡན་ལག་བརྒྱད་དོ། །ཡན་ལག་འདི་རྣམས་ལ་ངེས་པ་ཁོ་ནའི་སྟེ། ལམ་ལ་མཉམ་པར་གཞག་པ་ལ་ནི་ཡང་དག་པའི་རྟོག་པ་དང་ངག་དང་ལས་ཀྱི་ མཐའ་དང་འཚོ་བ་དང་དྲན་པ་རྣམས་མི་སྲིད་དོ། །འོ་ན་ལམ་ལ་སྙོམས་པར་ཞུགས་པ་ལ་ཡན་ལག་བརྒྱད་སྒྲུབ་པའི་ཆོས་ཅི་ལྟར་འགྱུར་ཞེ་ན། འཇིག་རྟེན་ལས་འདས་པའི་ཆོས་ཐོབ་པ་ལས་དེའི་ངོ་བོའི་ཟག་པ་མེད་པའི་རྣམ་པར་རིག་བྱེད་མ་ཡིན་པ་ཐོབ་སྟེ། གང་ཐོབ་པ་ལས་ལངས་ ཀྱང་ལོག་པའི་ངག་ལ་སོགས་པ་རྣམས་ལ་མི་འཇུག་ཅིང་ཡང་དག་པའི་ངག་ལ་སོགས་པ་རྣམས་ལ་ཡང་འཇུག་གོ། །དེའི་ཕྱིར་རྒྱུ་མཚན་ཅན་ལ་རྒྱུ་མཚན་ཅན་བཏགས་པ་ལས་ཡན་ལག་བརྒྱད་ཉིད་དེ། རྣམ་པ་གཞན་དུ་ན་ལམ་ལ་སྙོམས་པར་ཞུགས་པ་ལས་འགལ་ལོ། ། འཕགས་པའི་ལམ་ཡན་ལག་བརྒྱད་པ་འདི་ཡང་ཚངས་པ་མྱ་ངན་ལས་འདས་པ་ལ་ཕན་པར་སྤྱོད་པས་ཚངས་པར་སྤྱོད་པར་མདོར་གསུངས་སོ། །འདིའི་ཡང་ཡང་དག་པའི་ལྟ་བ་ལུས་ཏེ་ལྷག་མ་འཁོར་རོ། །དེ་ལ་ཡང་དག་པའི་ལྟ་བ་དང་རྟོག་པ་དང་། རྩོལ་བ་རྣམས་ཤེས་རབ་ཀྱི་ཕུང་པོའོ། །ཡང་དག་པའི་ངག་དང་ལས་ཀྱི་མཐའ་དང་འཚོ་བ་རྣམས་ཚུལ་ཁྲིམས་ཀྱི་ཕུང་པོའོ། །ཡང་དག་པའི་དྲན་པ་དང་ཏིང་ངེ་འཛིན་དག་ཏིང་ངེ་འཛིན་གྱི་ཕུང་པོའོ། །དེ་ལ་ཡང་དག་པའི་ལྟ་བ་ནི་བྱང་ཆུབ་ཀྱི་ཡན་ལག་གི་དུས་ལས་གོང་དུ་ཆོས་ ཐམས་ཅད་བདག་མེད་པའི་མཚན་ཉིད་ཅན་གྱི་ཡང་དག་པ་ཇི་ལྟ་བ་རྟོགས་པ་རྗེས་སུ་འཇུག་པ་དང་། བརྣབ་སེམས་དང་གནོད་སེམས་དང་ལོག་པར་ལྟ་བ་ལས་ལྡོག་པའི་ངོ་བོའོ། །ཡང་དག་པའི་རྟོག་པ་ནི་རྟོགས་པ་དེ་ཁོ་ནའི་རྣམ་པར་འཇོག་པ་ལས་སྤང་བར་བྱ་བ་དང་བླང་བར་བྱ་བ་ སྤོང་བ་དང་མངོན་དུ་བྱ་བར་ཡིད་ལ་བྱེད་པ་དང་དགེ་བ་འབའ་ཞིག་སེམས་པའོ། །ཡང་དག་པའི་ངག་ནི་ཡང་དག་པ་ཇི་ལྟ་བ་བཞིན་གྱི་དོན་རྟོགས་པར་བྱེད་པ་དང་། བརྫུན་དུ་སྨྲ་བ་དང་ཕྲ་མ་དང་ཚིག་རྩུབ་པོ་དང་ངག་འཁྱལ་པ་ལས་ལྡོག་པའི་རང་བཞིན་ཡང་ངོ་། །ཡང་དག་པའི་ལས་ ཀྱི་མཐའ་ནི། གང་ལས་གོང་ན་མེད་པའི་ལུས་དང་ངག་དང་ཡིད་ཀྱི་བྱ་བ་སྟེ། སྲོག་གཅོད་པ་དང་མ་བྱིན་པར་ལེན་པ་དང་འདོད་པས་ལོག་པར་སྤྱོད་པ་ཞེས་བྱ་བ་ལུས་ཀྱི་ཉེས་པར་སྤྱོད་པ་ལ་བྱེད་པ་དང་བྱེད་དུ་འཇུག་པ་དང་རྗེས་སུ་ཡི་རང་བ་ལས་ལྡོག་པའི་བདག་ཉིད་དོ། །ཡང་དག་པའི་འཚོ་ བ་ནི་རིགས་པས་བསགས་པའི་ནོར་གྱིས་འཚོ་བ་སྟེ། ཚུལ་འཆོས་དང་ཁ་གསག་ལ་སོགས་པ་ལོག་པའི་འཚོ་བ་ལས་ལྡོག་པའི་ཕྱིར་རོ། །ཡང་དག་པའི་རྩོལ་བ་ནི་བརྩོན་འགྲུས་ཏེ་རང་དང་གཞན་གྱི་དོན་ཕུན་སུམ་ཚོགས་པ་དང་རྗེས་སུ་འབྲེལ་བའི་མངོན་པར་སྤྲོ་བའོ། །ཡང་ དག་པའི་དྲན་པ་ནི་ཇི་ལྟར་རྟོགས་པའི་ཆོས་མི་བརྗེད་པ་ཉིད་དེ། ཡང་དག་པའི་བྱང་ཆུབ་ཀྱི་དམིགས་པ་དང་རྣམ་པ་མངོན་དུ་བྱེད་པ་ཡང་ངོ་། །ཡང་དག་པའི་ཏིང་ངེ་འཛིན་ནི་བསྒོམ་པར་བྱ་བ་ལ་སེམས་རྩེ་གཅིག་པ་ཉིད་དོ། །དེ་ལ་མཐོང་བའི་ལམ་ཡོངས་སུ་གཅོད་པ་ཡང་དག་པའི་ ལྟ་བའོ། །གཞན་གོ་བར་བྱེད་པ་ནི་ཡང་དག་པའི་རྟོག་པ་དང་ཡང་དག་པའི་ངག་སྟེ། ཡང་དག་པས་ཀུན་ནས་བསླང་བའི་ངག་གིས་དེ་གོ་བར་བྱེད་པའི་ཕྱིར་རོ། །གཞན་ཡིད་ཆེས་པར་བྱེད་པའི་ཡན་ལག་ནི་རྣམ་པ་གསུམ་པོ་ཡང་དག་པའི་ངག་དང་ལས་ཀྱི་མཐའ་དང་འཚོ་བ་རྣམས་སོ། །དེ་ རྣམས་ཀྱིས་ནི་རིམ་པ་ཇི་ལྟ་བར་གསུམ་རྣམས་ལ་ཡིད་ཆེས་པར་འགྱུར་ཏེ་གཏམ་དང་འབྲེལ་བའི་གཏམ་རྣམ་པར་ངེས་པས་ཤེས་རབ་ལའོ། །བྱ་བ་མ་ཡིན་པ་མི་བྱེད་པ་ལས་ཚུལ་ཁྲིམས་ལའོ། །ཆོས་ཙམ་གྱིས་འཚོ་བའི་ཡོ་བྱད་ཚོལ་བ་ལས་ཡོ་བྱད་བསྙུངས་པ་ལའོ། །མི་མཐུན་ཕྱོགས་ ཀྱི་གཉེན་པོའི་ཡན་ལག་རྣམ་པ་གསུམ་ནི་ཡང་དག་པའི་རྩོལ་བ་དང་དྲན་པ་དང་ཏིང་ངེ་འཛིན་རྣམས་སོ། །གཉེན་པོའི་ཕྱོགས་དེ་རྣམས་ནི་རིམ་པ་ཇི་ལྟ་བར་ཉོན་མོངས་པ་བསྒོམ་པས་སྤང་བར་བྱ་བ་དང་། ཉེ་བའི་ཉོན་མོངས་པ་བྱིང་བ་དང་རྒོད་པའི་དབང་ཉིད་ཀྱིས་མི་མཐུན་པའི་ཕྱོགས་ཡོན་ཏན་ ཁྱད་པར་ཅན་སྒྲུབ་པའི་གེགས་ཀྱི་གཉེན་པོའོ་ཞེས་པ་བསྡུས་པའི་དོན་ཏོ། །འདིའི་རྒྱས་པར་བཤད་པ་གསུངས་པ། དེ་ལ་ཅི་ཞིག་ཅེས་པ་ལ་སོགས་པ་སྟེ། འཇིག་རྟེན་ལས་འདས་པ་ཞེས་པ་འཇིག་རྟེན་ལས་འདས་པའི་བསྒོམ་པའི་ལམ་དུ་བསྐྱེད་པར་བྱ་བ་ཉིད་ཀྱི་ཕྱིར་རོ། །ལྟ་བ་ནི་ སྒྲོ་བཏགས་པ་སྟེ། བདག་ནི་རྟག་པ་ཁྱབ་བདག་སྟེ་འཁོར་བར་བྱེད་གྲོལ་བར་བྱེད་ཅེས་པ་ལ་སོགས་པ་ཕ་རོལ་པོ་རྣམས་ཀྱིས་སྒྲོ་བཏགས་པའོ། །བདག་ཁོ་ན་ལྟ་བ་སོ་སོ་ལ་བཏགས་པའི་ཁྱད་པར་རྣམས་ཀྱིས་སེམས་ཅན་ལ་སོགས་པའི་སྒྲའི་བརྗོད་པར་བྱ་བའོ། །དེ་ལྟར་གང་ ཟག་གི་བདག་མེད་པ་རྟོགས་པ་བསྒྲུབས་ནས་ཆོས་ཀྱི་བདག་མེད་པ་རིག་པ་བརྗོད་པའི་ཆེད་དུ་གསུངས་པ། ཆད་པ་མ་ཡིན་ཞེས་པ་ལ་སོགས་པའོ། །རྟག་པ་ནི་གང་གི་འདོད་པ་ལ་རྣམ་པར་ཤེས་པ་ལ་སོགས་པ་སྐད་ཅིག་གཅིག་ཏུ་ཡང་རང་བཞིན་ཡོད་པ་སྟེ། དེ་མེད་པའི་ཕྱིར་སྐད་ཅིག་ གཉིས་པ་ལ་ཆད་པའོ། །དབུ་མའི་རྩ་བར་གང་གསུངས་པ། །ཡོད་ཅེས་པ་ནི་རྟག་པར་ལྟ། །མེད་ཅེས་པ་ནི་ཆད་པར་ལྟ། །གང་ཕྱིར་ངོ་བོ་ཉིད་ཀྱིས་ཡོད། །དེ་མེད་མིན་པས་རྟག་པའོ། །སྔོན་བྱུང་ད་ལྟ་མེད་ཅེས་པ། །ཆད་པ་ཉིད་ལ་རབ་ཏུ་འཇུག །ཅེས་སོ། །འབྱུང་ཞིང་སྐྱེ་བས་ ན་སྲིད་པ་སྟེ་རྣམ་པར་ཤེས་པ་ལ་སོགས་པའོ། །འགག་པ་ནི་འཇིག་པའོ། །འདིའི་སྐྱེ་བ་དང་འཇིག་པ་དེ་དག་ཀྱང་དབུ་མའི་སྙེ་མར་ངེས་པར་དཔྱད་ཟིན་པའི་རིགས་པས་དོན་དམ་པར་མེད་པ་དག་གོ་ཞེས་པས་སྒྲོ་བཏགས་པ་དག་གོ། །ངན་སྙིལ་ནི་དགེ་བ་ སྟེ། རྣམ་པར་གྲོལ་བ་ནི་ཉེ་བར་འཚེ་བ་ཐམས་ཅད་ལྡོག་པའི་ངོ་བོ་ཉིད་ཀྱི་ཕྱིར་རྣམ་གྲངས་མེད་པར་དགེ་བ་སྟེ་ནད་མེད་པ་ཉིད་བཞིན་ནོ། །ལམ་གྱི་བདེན་པ་ནི་དེ་ཐོབ་པའི་རྒྱུ་ཉིད་ཀྱི་ཕྱིར་རོ། །སྡུག་བསྔལ་དང་ཀུན་འབྱུང་གི་བདེན་པ་དག་ནི་ཟག་པ་དང་བཅས་པ་དག་སྟེ། འདོད་པའི་ རྣམ་པར་སྨིན་པ་ཅན་ཉིད་ཀྱིས་ན་ངོ་བོ་མཐུན་པའི་གཟུགས་བརྙན་མངོན་པར་འགྲུབ་པར་བྱེད་པའི་ཕྱིར་རོ། །མ་ཆགས་པ་དང་ཞེ་སྡང་མེད་པ་དང་གཏི་མུག་མེད་པ་རྣམས་ནི་རང་ཉིད་དགེ་ཞིང་དགེ་བ་གཞན་རྣམས་ཀྱི་རྩ་བ་སྟེ། ཤིང་གི་རྩ་བ་བཞིན་དུ་སྐྱེ་བ་དང་གནས་པ་དང་འཕེལ་བའི་ རྒྱུ་ཉིད་ཀྱི་ཕྱིར་རོ། །དེ་ལ་མ་ཆགས་པ་ནི་སྲེད་པ་དང་འགལ་བའི་ཆོས་དངོས་པོ་ལ་མངོན་པར་མ་ཞེན་པའི་མཚན་ཉིད་ཅན་ནོ། །ཞེ་སྡང་མེད་པ་ནི་ཁོང་ཁྲོ་བ་དང་འགལ་བ་སེམས་ཅན་རྣམས་ལ་མི་རྩུབ་པ་ཉིད་ཀྱི་མཚན་ཉིད་ཅན་ནོ། །གཏི་མུག་མེད་པ་ནི་མ་རིག་པ་དང་འགལ་བ་ཤེས་ རབ་ཀྱི་རང་བཞིན་ཡང་དག་པའི་ལྟ་བའོ། །ལུས་དང་ངག་གི་ལས་རྣམས་ནི་མ་ཆགས་པ་ལ་སོགས་པས་ཀུན་ནས་བསླང་བ་ཉིད་ཀྱི་ཕྱིར་དགེ་བ་དག་གོ། །འདི་ལས་བཟློག་པས་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་རྣམས་ནི་མི་དགེ་བ་དང་། མི་དགེ་བ་རྣམས་ཀྱི་རྩ་བ་རྣམས་ཀྱང་ངོ་། །དེས་ ཀུན་ནས་བསླང་བའི་ལུས་དང་ངག་དང་ཡིད་ཀྱི་ལས་ཐམས་ཅད་ཀྱང་མི་དགེ་བའོ། །ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་ཐམས་ཅད་མི་དགེ་བ་སྟེ། གཟུགས་དང་གཟུགས་མེད་པ་ན་སྤྱོད་པའི་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་ཐམས་ཅད་དང་འདོད་པའི་ཁམས་ཀྱི་འཇིག་ཚོགས་དང་ མཐར་འཛིན་པར་ལྟ་བ་དག་དང་དེ་དང་མཚུངས་པར་ལྡན་པའི་གཏི་མུག་ནི་ལུང་དུ་མ་བསྟན་པའོ། །ཇི་སྲིད་དུ་ཞེས་པ་འདིས་ནི་ལྟ་བ་གཞན་གང་ཅི་ཡིན་པ་བསལ་བར་བྱས་སོ། །དེ་ཉིད་ཀྱི་ཕྱིར་སྒྲོ་འདོགས་པ་ཐམས་ཅད་དང་བྲལ་བའི་དེ་ཁོ་ན་ཉིད་རྟོགས་པའི་ཕྱིར་ཡང་དག་པའི་ལྟ་ བའོ། །ཀུན་དུ་རྟོག་པ་རྣམས་ཀྱིས་ཞེས་པ་མཛའ་བ་དང་ཅིག་ཤོས་སུ་སྒྲོ་འདོགས་པ་རྣམས་ཀྱིས་སོ། །ཀུན་དུ་མི་རྟོག་ཅེས་པ་མི་བསྐྱེད་པའོ། །ཚུལ་ཁྲིམས་ཀྱི་ཕུང་པོ་ནི་ལྷག་པའི་ཚུལ་ཁྲིམས་ཀྱི་བསླབ་པའོ། །ཏིང་ངེ་འཛིན་གྱི་ཕུང་པོ་ནི་ལྷག་པའི་སེམས་ཀྱི་བསླབ་པའོ། ། ཤེས་རབ་ཀྱི་ཕུང་པོ་ནི་ལྷག་པའི་ཤེས་རབ་ཀྱི་བསླབ་པའོ། །རྣམ་པར་གྲོལ་བའི་ཕུང་པོ་ནི་མི་སློབ་པའི་ལམ་མོ། །རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་ཕུང་པོ་ནི་མི་སློབ་པའི་ཡང་དག་པའི་ལྟ་བའོ། །ངག་གིས་ཏེ་སླུ་བར་བྱེད་པས་བདག་ཉིད་གདུང་བ་སྟེ། ཉོན་མོངས་པ་ཅན་གྱི་སེམས་ ཉིད་ཀྱི་ཕྱིར་དེའི་ཚེ་འདི་ཉིད་དུ་དང་ཕྱི་མར་རོ། །བདག་ཉིད་ཉོན་མོངས་པ་སྟེ། གང་ལས་ཉོན་མོངས་པ་ཅན་གྱི་སེམས་ཀྱིས་སོ། །གཞན་རྣམས་དབྱེ་བའི་དོན་དང་མི་འདུམ་པའི་དོན་དུ་སྨྲ་བའམ་མཚང་འདྲུ་བ་དང་སྐྱོན་སྒྲོགས་པས་སོ། །བདག་ཉིད་ལ་ངག་འཁྱལ་པ་སྨྲ་བ་ལས་བཞད་གད་ དེ། དེ་ལྟར་ནི་ཉོན་མོངས་པ་ཅན་གྱི་སེམས་ཀྱིས་འདོད་པ་དང་ཆོས་མ་ཡིན་པ་དང་དོན་མེད་པ་དང་གྲོང་པའི་ཉམས་དང་ལྡན་པ་དང་བྱིས་པའི་བརྗོད་པ་དང་འདུ་འཛི་དང་སྨྲེ་སྔགས་དང་གླུ་དང་ཡང་དག་པར་ཆགས་པར་བྱ་བ་དང་གར་ལ་སོགས་པའི་གཏམ་རྣམས་དང་བསྟན་བཅོས་ངན་པ་ རྣམས་སྨྲ་བ་འདི་ནི་རང་ཉིད་ཀྱིས་མངོན་པར་མི་ཤེས་པ་ཉིད་ཀྱིས་བདག་ཉིད་ལའང་བཞད་གད་བྱེད་དོ་ཞེས་དམ་པ་རྣམས་ཀྱིས་བརྗོད་པར་བྱའོ། །དེས་ཏེ་ངག་གི་ཉེས་པར་སྤྱོད་པ་རྣམ་པ་བཞི་དང་བྲལ་བས། མཉམ་པར་གཞག་པ་སྟེ་ཡང་དག་པ་མ་ཡིན་པའི་རྣམ་པར་རྟོག་པས་མ་ སྙོགས་པ་གཉིས་སུ་མེད་པའི་ཤེས་རབ་སྟེ་དེ་དང་རྗེས་སུ་འབྲེལ་པའི་ངག་གོ། །དེ་ནི་འདིའི་ཡང་དག་པར་ཀུན་ནས་སློང་བའོ། །འཇུག་པར་བྱེད་དེ་གཞན་དང་རང་ཉིད་དོ། །ངག་འགའ་ཞིག་བརྗོད་པས་དེའི་བརྗོད་པར་བྱ་བ་གོ་བར་བྱེད་དོ། །ནག་པོ་ནི་མི་དགེ་བ་སྟེ་སྲོག་གཅོད་པ་ལ་སོགས་ པ་སྡུག་བསྔལ་གྱི་རྣམ་པར་སྨིན་པ་ཅན་འདོད་པའི་ཁམས་ཁོ་ན་སྟེ། སྡུག་བསྔལ་མྱོང་བར་འགྱུར་བའི་ལས་ནི་གཞན་མེད་པའི་ཕྱིར་རོ། །དཀར་བ་ནི་དགེ་བ་སྦྱིན་པ་ལ་སོགས་པའོ། །དེ་ཡང་ཟག་པ་དང་བཅས་པ་དང་ཟག་པ་མེད་པའོ། །ཟག་པ་དང་བཅས་པ་ནི་འདོད་པའི་ཁམས་ སུ་དང་བསམ་གཏན་གསུམ་པ་ཇི་སྲིད་པར་བདེ་བའི་རྣམ་པར་སྨིན་པ་ཅན་ནོ། །བསམ་གཏན་བཞི་པ་ནས་སྲིད་པའི་རྩེ་མོའི་བར་དུ་ནི་བདེ་བ་ཡང་མ་ཡིན་སྡུག་བསྔལ་ཡང་མ་ཡིན་པའི་རྣམ་པར་སྨིན་པ་ཅན་ཏེ་གང་གི་ཕྱིར་དགེ་བ་ནི་འདོད་པའི་རྣམ་པར་སྨིན་པ་ཅན་དུ་ བརྗོད་དོ། །ཟག་པ་མེད་པ་ནི་འཇིག་རྟེན་ལས་འདས་པའི་རྟོགས་པའི་རྣམ་པར་སྨིན་པ་ཅན་ནོ། །དཀར་པོ་ཞེས་པ་ནི་དཀར་པོར་སྣང་བ་སྟེ། ཇི་ལྟ་བར་སྡིག་པ་རྨོངས་པ་རྣམས་བསོད་ནམས་ཀྱི་བློས་ཕ་དང་མ་དང་རྒས་པ་གསོད་པ་བཞིན་ནོ། །དེ་བཞིན་དུ་གཞན་ཡང་ཀླ་ཀློ་ལ་སོགས་པ་ རྣམས་ཀྱི་གཏི་མུག་ལས་དགེ་བ་འདོད་པའི་བསམ་པས་སྲོག་གཅོད་པ་ལ་སོགས་པའི་ལས་ནི་དཀར་པོ་བཞིན་དུ་སྣང་ངོ་ཞེས་པས་དགོངས་པ་ཅན་གྱི་དཀར་པོ་ཞེས་གསུངས་ཀྱི་དངོས་པོར་ནི་ནག་པོ་ཁོ་ནའོ། །དེའི་ཕྱིར་འདིའི་རྣམ་པར་སྨིན་པ་ནག་པོ་སྟེ་སྡུག་བསྔལ་ཡིན་པའོ། །ནག་པོ་ ཞེས་པ་ནི་མངོན་སྤྱོད་ལ་སོགས་པ་སྟེ། དེ་ནི་བློ་མ་སྦྱངས་པ་རྣམས་ལ་ནག་པོ་བཞིན་དུ་སྣང་ངོ་ཞེས་པས་འདི་མངོན་པར་རློམས་པའི་ནག་པོ་ཉིད་དེ། སྙིང་རྗེ་དང་ལྡན་པའི་བྱང་ཆུབ་སེམས་དཔས་ཀུན་དུ་སྤྱོད་པའི་ཕྱིར་དེ་ནི་དཀར་པོ་ཁོ་ནའོ། །དེའི་ཕྱིར་རྣམ་པར་སྨིན་པ་དཀར་པོ་འབའ་ ཞིག་ཏུ་མ་ཟད་ཀྱི། སྡིག་པ་ཟད་པའི་ཆེད་དུ་ཡང་རབ་ཏུ་འགྱུར་རོ། །དེ་ལྟར་ཡང་རྣམ་པ་འདི་ལྟ་བུར་འབྱེད་པར་འགྱུར་རོ། །དེ་ལྟར་དམ་པའི་ལས་རྗེས་སུ་འབྲང་བ་སྟེ། བཟློག་པའི་ཚུལ་ཁྲིམས་དང་དགེ་བའི་ཆོས་སྡུད་པའི་ཚུལ་ཁྲིམས་དང་སེམས་ཅན་གྱི་དོན་བྱེད་པའི་ཚུལ་ ཁྲིམས་རྣམས་རྗེས་སུ་སྒྲུབ་པར་བྱེད་པའི་ཕྱིར་རོ། །ཡང་དག་པ་ནི་སླུ་བ་མེད་པ་སྟེ། ལས་རྣམས་ཀྱི་མཐའ་སྟེ་མཐར་ཐུག་པའོ། །གང་ཞེས་པ་གང་ཞིག་འཕགས་པའི་རིགས་ཀྱི་སྐྱོན་སྦྱང་བའི་ཆེད་དུ་ཡོན་ཏན་དུ་བྱ་ཞིང་གོམས་པར་བྱའོ་ཞེས་པ་ཡོན་ཏན་རྣམས་ཏེ། བསོད་སྙོམས་པ་ ཉིད་དང་། ཆོས་གོས་གསུམ་པ་ཉིད་དང་སྟན་གཅིག་པ་ཉིད་དང་། ཟས་ཕྱིས་མི་ལེན་པ་ཉིད་དང་། གཞི་ཇི་བཞིན་པ་ཉིད་དང་། ཅོག་པུ་པ་ཉིད་དང་བླ་གབ་མེད་པ་ཉིད་དང་ཤིང་དྲུང་པ་ཉིད་དང་དུར་ཁྲོད་པ་ཉིད་དང་ཕྱག་དར་ཁྲོད་པ་ཉིད་དང་ཕྱིང་བ་པ་ཉིད་དང་དགོན་པར་གནས་པ་ཉིད་ ཅེས་པ་བཅུ་གཉིས་རྣམས་སོ། །དེ་རྣམས་ལ་རྗེས་སུ་བསྒྲུབ་པར་ངེས་པ་མི་གཏོང་བའོ། །ཚུལ་འཆོས་ནི་རྙེད་པ་དང་འདོད་པས་ཟོལ་གྱིས་ཆོས་གོས་ལ་སོགས་པའི་ཆེད་དུ་སྤྱོད་ལམ་སྡོམ་པའོ། །ཁ་གསག་ནི་རྙེད་པའི་དོན་དུ་རྙེད་པ་དང་བཀུར་སྟི་འདོད་པའི་བསམ་པས་ངོ་བསྟོད་ཀྱི་ ངག་གོ། །གཏམ་ཁོ་ན་དྲི་ཞིམ་པ་སྟེ། ཕ་རོལ་དགའ་བ་དང་སྙིང་ལ་འབབ་པ་གང་གི་ཡིན་པ་ནི་དེ་ཉིད་དོ། །འདི་ནི་ཉེ་བར་མཚོན་པ་སྟེ། ཐོབ་ཀྱིས་འཇལ་བ་ཉིད་དང་གཞོགས་སློང་ཉིད་ཀྱང་། དེ་ལ་རྙེད་པ་འདོད་པས་གཞན་གྱི་མདུན་དུ་འདི་ལྟར་འདི་ནི་སེར་སྣ་ཅན་ནོ་ཞེས་པ་ ལ་སོགས་པས་གཞན་ལ་སྨོད་པ་ནི་ཐོབ་ཀྱིས་འཇལ་བ་ཉིད་དེ། ཐོབ་ཀྱིས་འཇལ་བ་ཁོ་ན་གཞན་ལས་རྙེད་པ་སྒྲུབ་པར་སྲེད་པའོ། །ཉུང་ངུ་བྱིན་ནས་མང་པོ་ཚོལ་བ་དང་འདོད་པས་དངོས་པོ་ལ་བསྔགས་པ་ནི་གཞོགས་སློང་ཉིད་དེ། རྙེད་པའི་རྒྱུ་མཚན་དུ་ཅུང་ཟད་བྱིན་པ་ལ་ བསྔགས་པ་ཡང་ངོ་། །ལེགས་པར་ཀུན་དུ་སྤྱོད་པ་ནི་དགེ་བའི་བྱ་བའོ། །བདག་ཉིད་ཀྱི་རྙེད་པས་ཚིམ་ཞིང་མ་ཞེན་པ་ཉིད་དང་ཚོད་ཤེས་པས་ཉེ་བར་ལོངས་སྤྱོད་པ་ལ་སོགས་པ་ཁ་ན་མ་ཐོ་བ་དང་བྲལ་བ་གང་ཡིན་པ་དེ་ཉིད་དོ། །རྗེས་སུ་གནང་བ་ནི་བདེ་བ་ལེན་པ་མ་ཡིན་པ་ཉིད་ལ་ སོགས་པ་རྣམས་ཀྱིས་འཚོ་བའོ། །རྩོལ་བ་ནི་བརྩོན་འགྲུས་སོ། །ལོག་པ་ནི་མི་དགེ་བའི་ཡུལ་ཅན་ནོ། །འཇུག་པ་ནི་སྦྱོར་བའི་བརྩོན་འགྲུས་སོ། །བསྒྲུབ་པ་ནི་ལམ་མོ། །ཤིན་ཏུ་ཉེ་བར་གནས་པ་ནི་ལམ་བསྒོམ་པའི་སྦྱོར་བའི་གནས་སྐབས་སུའོ། །མི་གཡོ་བའི་ཡང་དག་ པ་མ་ཡིན་པའི་རྟོག་པ་ལ་སོགས་པ་རྣམས་ཀྱིས་ཏེ་དངོས་གཞིའི་གནས་སྐབས་སུའོ། །དྲང་པོ་ནི་གཉིས་སུ་མེད་པའི་དེ་ཁོ་ན་ཉིད་ཀྱི་ཡུལ་ཅན་ཉིད་ཀྱི་ཕྱིར་རོ། །མི་འཁྱོགས་པ་ནི་ལམ་ལོག་པ་ཡོངས་སུ་སྤངས་པའོ། །དེ་ཉིད་ཀྱི་ཕྱིར་འཕགས་པའི་ལམ་ལ་འདི་ཡིས་ཡང་དག་ པར་སྦྱོར་རོ་ཞེས་པས་ཡང་དག་པར་སྦྱོར་བའོ། །ཡང་དག་པ་ཉིད་ནི་ཚད་མས་འཐད་པའི་དེ་ཁོ་ན་ཉིད་རང་བཞིན་མེད་པ་ཉིད་དེ། དེས་ཏིང་ངེ་འཛིན་ནོ། །འོ་ན་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་བསྒོམ་པ་ནི་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པ་པ་མྱ་ངན་ལས་འདས་པ་ལ་མཆོག་ཏུ་ གཞོལ་བ་རྣམས་ཁོ་ན་ལ་རིགས་ཀྱི་བྱང་ཆུབ་སེམས་དཔའ་རྣམས་ལ་ནི་མ་ཡིན་ཏེ་ཇི་སྐད་དུ་འཕགས་པ་འཇམ་དཔལ་གྱིས་ཞུས་པ་རྫུ་འཕྲུལ་གྱི་ཆོ་འཕྲུལ་ཐེག་པ་ཆེན་པོའི་མདོར་གསུངས་པ། འཇམ་དཔལ་མ་འོངས་པའི་དུས་སུ་དགེ་སློང་རྣམས་འབྱུང་བར་ འགྱུར་ཏེ། དེ་རྣམས་མི་གཙང་བ་ལས་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་བ་ནི་དྲན་པ་ཉེ་བར་གཞག་པར་སྟོན་པར་འགྱུར་རོ་ནས་ཇི་སྲིད་དུ་འདི་ཁོ་ན་དོན་དམ་པའོ་ཞེས་པའི་བར་དུའོ་ཞེ་ན། འདི་སྐྱོན་མེད་དེ་བྱང་ཆུབ་སེམས་དཔའ་རྣམ་པ་ཐམས་ཅད་དུ་ཆོས་ཐམས་ཅད་རྟོགས་པ་དོན་དུ་ གཉེར་བ་ཉིད་ཀྱི་ཕྱིར་དང་། ཆོས་ཐམས་ཅད་མི་དམིགས་པ་ལྷུར་ལེན་པ་ཉིད་ཀྱི་ཕྱིར་ན་སེམས་ཅན་ཐམས་ཅད་ལ་ཕན་པ་སྒྲུབ་པའི་རྒྱུ་ཉིད་ཀྱི་ཕྱིར་འཁོར་བ་ལ་ཡང་ཡོངས་སུ་མྱ་ངན་ལས་འདས་པ་བཞིན་དུ་ཡོན་ཏན་མཐོང་བ། མྱ་ངན་ལས་འདས་པ་ལ་ཡང་སེམས་ཅན་ལ་ཕན་པ་བསྒྲུབ་ པའི་རྟེན་མ་ཡིན་པ་ཉིད་ལས་འཁོར་བ་བཞིན་དུ་མི་མཐུན་པར་ལྟ་བ། ཆོས་ཉིད་ཙམ་ཉིད་ཀྱི་ཕྱིར་འཁོར་བ་དང་མྱ་ངན་ལས་འདས་པ་བདག་མཉམ་པ་ཉིད་དུ་ལྟ་བ་རྣམས་ཀྱང་རང་བཞིན་མི་དམིགས་པ་སོ་སོར་རྟོག་པའི་དོན་ཁོ་ནར་བྱང་ཆུབ་ཀྱི་ཕྱོགས་རྣམས་སྒོམ་པར་བྱེད་དོ། །བཅོམ་ ལྡན་འདས་མ་སྟོང་ཕྲག་བརྒྱ་པར་གསུངས་པ། དྲན་པ་ཉེ་བར་གཞག་པ་མི་དམིགས་པ་ཉིད་ཉེ་བར་བཟུང་ནས་ཞེས་པ་ལ་སོགས་པའོ། །འདི་རྣམས་བྱང་ཆུབ་ཀྱི་ཕྱོགས་མངོན་དུ་བྱེད་པར་འགྱུར་བ་འབའ་ཞིག་ཡིན་གྱི་རྒྱུན་དུ་ཞུགས་པའི་འབྲས་བུ་ལ་སོགས་པའམ་མྱ་ངན་ལས་ འདས་པ་མངོན་དུ་མི་བྱེད་དོ། །དེ་སྐད་དུ་ཡང་སྟོང་ཕྲག་ཉི་ཤུ་ལྔ་པར་གསུངས་པ། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ལ་གནས་པ་ཉིད་ཤེས་ཏེ། འདི་ནི་ཡོངས་སུ་འདྲིས་པར་བྱ་བའི་དུས་ཡིན་གྱི་འདི་མངོན་དུ་བྱ་བའི་དུས་ནི་མ་ཡིན་ནོ་ཞེས་པ་ལ་སོགས་པའོ། ། དེའི་ཕྱིར་བྱང་ཆུབ་ཀྱི་ཕྱོགས་རྣམས་བསྒོམ་པས་ནི་མྱ་ངན་ལས་འདས་པ་མངོན་དུ་མི་བྱེད་ཀྱི། དེ་རྣམས་ཁོ་ན་གོམས་པར་བྱེད་ཅིང་རབ་ཏུ་མཐུན་པར་བྱེད་པ་འབའ་ཞིག་སྟེ། ཇི་སྐད་དུ་མདོ་དེ་ཉིད་དུ་གསུངས་པ། བཅོམ་ལྡན་འདས་དོན་དམ་པར་དྲན་པ་ཉེ་བར་ གཞག་པ་ལ་སོགས་པ་རྣམས་ཇི་ལྟར་བལྟ་བར་བྱ། བཀའ་སྩལ་པ། འཇམ་དཔལ་གང་གིས་ལུས་ནམ་མཁའ་དང་མཉམ་པར་མཐོང་བ་འདི་ནི་ལུས་ལ་ལུས་ཀྱི་རྗེས་སུ་བལྟ་བའི་དྲན་པ་ཉེ་བར་གཞག་པའོ། །གང་གིས་ཚོར་བ་དང་སེམས་དང་དགེ་བ་དང་མི་དགེ་བ་ལ་སོགས་པའི་ ཆོས་རྣམས་མི་དམིགས་པ་ནས་ཇི་སྲིད་འཇམ་དཔལ་དེ་ལྟར་དོན་དམ་པར་དྲན་པ་ཉེ་བར་གཞག་པ་བཞི་རྣམས་བལྟ་བར་བྱའོ་ནས་ཇི་སྲིད་དུ་གང་རང་བཞིན་གྱིས་སྙོམས་པར་ཞུགས་པ་དང་། རང་བཞིན་གྱིས་གཡེང་བ་མེད་པར་ཆོས་ཐམས་ཅད་བལྟ་སྟེ། དམིགས་པ་མི་དམིགས་ པ་ཉིད་ཀྱི་ཕྱིར་འདི་ནི་ཡང་དག་པའི་ཏིང་ངེ་འཛིན་ཏོ། །འཇམ་དཔལ་གང་ལ་ལ། འདི་ལྟ་བུར་དྲན་པ་ཉེ་བར་གཞག་པ་རྣམས་ནས་འཕགས་པའི་ལམ་ཡན་ལག་བརྒྱད་པའི་བར་དུ་ཡང་དག་པར་རྗེས་སུ་ལྟ་བ་དེ་ནི་རྒལ་བ་ཕ་རོལ་ཏུ་འགྲོ་བར་ང་སྨྲའོ་ནས། ཇི་སྲིད་རྣམ་པ་ཐམས་ ཅད་མཆོག་དང་ལྡན་པའི་ཐམས་ཅད་མཁྱེན་པའི་ཡེ་ཤེས་མངོན་པར་རྫོགས་པར་སངས་རྒྱས་པར་འདོད་པས་ཆོས་འདི་རྣམས་ལ་མོས་པ་བྱའོ་ཞེས་པའི་བར་དུའོ། །དེ་ཉིད་ཀྱི་ཕྱིར་འདི་རྣམས་བྱང་ཆུབ་ཀྱི་སེམས་ཀྱི་ནང་དུ་འདུས་པར་གསུངས་སོ། །བསྒོམ་པར་བྱ་བ་ཤེས་རབ་དང་ ཐབས་ཀྱི་རང་བཞིན་བྱང་ཆུབ་ཀྱི་སེམས་དེ་ཡང་རྣམ་པ་གཉིས་ཏེ། ཨེ་མ་མ་ལ་བདག་གིས་སེམས་ཅན་ཐམས་ཅད་ཀྱི་སངས་རྒྱས་ཉིད་ཀྱི་ཆེད་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་བྱང་ཆུབ་པར་བྱའོ་ཞེས་དོན་དུ་གཉེར་བའི་རྣམ་པ་ཅན་སྨོན་པའི་སེམས་ དང་། རབ་ཏུ་འཇུག་པའི་རྣམ་པ་ཅན་འཇུག་པའི་སེམས་སོ། །དེ་ལ་སྨོད་པའི་སེམས་ནི་རྣམ་པ་གསུམ་སྟེ། འདུན་པ་དང་ལྡན་པ་ཆོས་ཐམས་ཅད་མངོན་པར་རྫོགས་པར་བྱང་ཆུབ་པར་འདོད་པ་ཉིད་ཀྱི་མཚན་ཉིད་ཅན་དྲན་པ་ཉེ་བར་གཞག་པ་བསྒོམ་པའི་རང་བཞིན་དང་། བསམ་པ་དང་ལྡན་པ་ཕ་རོལ་ཏུ་ཕྱིན་པ་དྲུག་སྤྱོད་པར་འདོད་པ་ཉིད་ཀྱི་མཚན་ཉིད་ཅན་ཡང་དག་པར་སྤོང་བ་བསྒོམ་པའི་རང་བཞིན་དང་། ལྷག་པའི་བསམ་པ་དང་ལྡན་པ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་བསྒོམ་པར་འདོད་པ་ཉིད་ཀྱི་མཚན་ཉིད་ཅན་རྫུ་འཕྲུལ་གྱི་རྐང་པ་བཞི་ བསྒོམ་པའི་རང་བཞིན་ནོ། །གསུམ་པོ་འདི་ནི་ལས་དང་པོ་པའི་ས་ཚོགས་ཀྱི་ལམ་ཐར་པའི་ཆ་དང་མཐུན་པའི་དགེ་བའི་རྩ་བར་བརྗོད་པར་བྱ་སྟེ། ཐར་པའི་ཆ་ནི་ཐོབ་པ་སྟེ། དེའི་ཆེད་དུ་ཕན་པའོ་ཞེས་བྱས་ནས་སོ། །འཇུག་པའི་སེམས་ནི་ས་བཅུ་གཉིས་ རྣམས་ཏེ། དེ་ལ་གཅིག་ནི་སྦྱོར་བའི་གནས་སྐབས་རིན་པོ་ཆེ་པད་མའི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་ནོ། །བཅུ་ནི་སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་རྒྱུའི་གནས་སྐབས་རྣམས་སོ། །ཐ་མ་ནི་འབྲས་བུའི་གནས་སྐབས་རྡོ་རྗེ་ལས་ཀྱི་ཕ་རོལ་ཏུ་ཕྱིན་པ་རབ་ཀྱི་མཐར་ཕྱིན་ པ་རྟོགས་པའོ། །དེ་ལ་སྦྱོར་བའི་གནས་སྐབས་རྣམ་པ་བཞི་སྟེ། དྲོ་བ་དང་རྩེ་མོ་དང་བཟོད་པ་དང་ཆོས་མཆོག་ཅེས་པ་སྟེ། རིམ་པ་ཇི་ལྟ་བར་སྲུབ་ཤིང་བསྲུབས་པ་ལས་མེའི་རང་བཞིན་དུ་མཐོང་བའི་ལམ་ཞེས་བྱ་བ་སྤྲོས་པ་མེད་པའི་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཀྱི་མེའི་སྔ་ལྟས་ ཉིད་ཀྱི་ཕྱིར་དང་། དགེ་བའི་རྩ་བ་གཡོ་བའི་རྩེ་མོ་ཉིད་ཀྱི་ཕྱིར་དང་། འཇིག་རྟེན་པའི་ཆོས་མཆོག་ལ་བཟོད་པའི་ཕྱིར་དང་། འཇིག་རྟེན་པའི་ཆོས་ཐམས་ཅད་ཀྱི་མཆོག་ཉིད་ཀྱི་ཕྱིར་རོ། །འདིར་དང་པོ་གཉིས་དབང་པོའི་རང་བཞིན་ཏེ། ཐ་མ་གཉིས་ནི་སྟོབས་ཀྱི་རང་བཞིན་ནོ། །འདི་ ལྟར་ཡང་གོང་ནས་གོང་དུ་ཁྱད་པར་དུ་འགྲོ་བའི་ཕྱིར་ཕུལ་དུ་བྱུང་བའི་སྦྱོར་བ་ནི་རབ་ཏུ་སྦྱོར་བ་སྟེ། བར་ཆད་མེད་ན་མཐོང་བའི་ལམ་མྱུར་བར་སྐྱེ་བའོ། །འཇིག་རྟེན་པའི་བསམ་གཏན་དང་གཟུགས་མེད་པ་ལ་བརྟེན་པ་ཉིད་ཀྱིས་ན་འཇིག་རྟེན་པའི་སྒོམ་པའི་ལམ་མོ། །ངེས་པར་འབྱེད་ པ་བརྟེན་པ་ལ་ཕན་པའི་དགེ་བ་ཡང་སྟེ། རྣམ་པར་མི་རྟོག་པས་འབྱེད་པ་ནི་ངེས་པར་འབྱེད་པ་སྟེ། མཐོང་བའི་ལམ་ཡིན་ཞིང་དེ་སྟེན་པར་བྱེད་པ་ནི་བསྟེན་པ་སྟེ་ཐོབ་པའོ། །དེའི་ཆེད་དུ་ཕན་པའོ་ཞེས་བྱས་ནས་སོ། །གནས་སྐབས་འདིར་རྣལ་འབྱོར་པའི་མོས་པ་གཙོ་བོ་ཉིད་ཀྱི་ཕྱིར་ དང་ཡོན་ཏན་གྱི་རྟེན་དུ་གྲུབ་པ་ཉིད་ཀྱི་ཕྱིར་ཟག་པ་དང་བཅས་པའི་མོས་པ་སྤྱོད་པའི་ས་འདིའོ་ཞེས་རྣམ་པར་གཞག་གོ། །འདུན་པ་དང་བསམ་པ་དང་ལྷག་པའི་བསམ་པ་དང་སྦྱོར་བའི་བདག་ཉིད་སེམས་བསྐྱེད་པ་བཞི་པོ་འདི་རྣམས་ཀྱང་བརྡ་ལས་བྱུང་བ་དང་ཀུན་རྫོབ་པ་དང་འཇིག་ རྟེན་པ་རྣམས་ཀྱང་ངོ་། །དེ་ལས་གོང་མའི་སེམས་བསྐྱེད་པ་རྣམས་ནི་དོན་དམ་པ་པ་དང་འཇིག་རྟེན་ལས་འདས་པ་དང་ཟག་པ་མེད་པ་རྣམས་ཏེ། གོང་ནས་གོང་དུ་ཡོན་ཏན་གྱི་རྟེན་དུ་གྱུར་པ་ཉིད་ཀྱི་ཕྱིར་ན་རབ་ཏུ་དགའ་བ་དང་དྲི་མ་མེད་པ་དང་འོད་བྱེད་པ་དང་འོད་འཕྲོ་བ་དང་སྦྱང་དཀའ་བ་ དང་མངོན་དུ་གྱུར་པ་དང་རིང་དུ་སོང་བ་དང་མི་གཡོ་བ་དང་ལེགས་པའི་བློ་གྲོས་དང་ཆོས་ཀྱི་སྤྲིན་དང་། ཀུན་དུ་འོད་ཅེས་པ་ས་བཅུ་གཅིག་པོ་རྣམས་སུ་བལྟ་བར་བྱའོ། །དེ་ལ་སེམས་བསྐྱེད་པ་དང་པོ་མཐོང་བའི་ལམ་གྱི་རང་བཞིན་བྱང་ཆུབ་ཀྱི་ཡན་ལག་བདུན་གྱི་ངོ་བོ་ལ་ཉོན་མོངས་པ་ ཐམས་ཅད་སྤངས་པ་ལས་ལྷག་པའི་བསམ་པ་དག་པའི་བྱང་ཆུབ་སེམས་དཔའ་སྟེ། གང་གི་ཕྱིར་འདིར་ཐོག་མ་མེད་པའི་འཁོར་བར་མ་མཐོང་བའི་དེ་ཁོ་ན་ཉིད་རང་དང་གཞན་གྱི་དོན་གྲུབ་པར་བྱེད་པ་མཐོང་བ་ལས་ཡོངས་སུ་མྱ་ངན་ལས་འདས་པ་ལ་སོགས་པ་མཆོད་འོས་རྣམས་ལ་མཆོད་པའི་ བསམ་པ་དང་དེ་ལས་གཞན་པ་རྣམས་ལ་དབང་པོའི་འབྱུང་བ་ཆེན་པོ་ལ་ཕན་འདོགས་པར་འདོད་པས་སྟེར་བར་བྱེད་དེ། གང་གིས་དེ་རང་གི་བ་ཉིད་ཡོངས་སུ་གཏོང་ཞིང་ཕ་རོལ་པོའི་རང་གི་བར་བྱེད་པའི་སེམས་ནི་སྦྱིན་པའོ་ཞེས་པ་འདི་ལྟ་བུའི་མཚན་ཉིད་ཅན་ཆོས་དང་ཟང་ཟིང་དང་མི་འཇིགས་ པའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་ལྷག་པ་ཉིད་ཀྱིས་མུ་མཐའ་མེད་པའི་སེམས་ཅན་ཚིམ་པར་བྱེད་ན་ཡང་ཡོངས་སུ་མི་ཟད་པའི་ཕྱིར་རབ་ཏུ་དགའོ། །དེའི་ཕྱིར་འདི་རབ་ཏུ་དགའ་བའི་སའོ། །དེ་ལས་ཕྱི་མ་རྣམས་ནི་འཕགས་པའི་ལམ་ཡན་ལག་བརྒྱད་པའི་བདག་ཉིད་ཀྱི་ས་རྣམས་ཏེ། དེ་ལ་ གང་གི་ཕྱིར་འདིར་བདག་དང་གཞན་རྗེས་སུ་འཛིན་པ་ལ་རབ་ཏུ་འཇུག་པའི་ཕྱིར་འགྱོད་པ་མེད་ཅིང་རབ་ཏུ་དགའ་བ་ཉིད་ཀྱི་སྦྱོར་བས་ཉོན་མོངས་པ་མི་གནས་པའི་ཕྱིར་དང་མི་དགེ་བ་བཅུ་ལས་ལྡོག་པས་སམ་སེམས་ཀྱི་འགྱོད་པའི་མེ་ཉེ་བར་ཞི་བས་བསིལ་བ་ལེན་པའི་སེམས་ནི་ཚུལ་ཁྲིམས་ སོ་ཞེས་པ་སྡོམ་པ་དང་ཆོས་ཡང་དག་པར་སྡུད་པ་དང་སེམས་ཅན་གྱི་དོན་བྱ་བའི་མཚན་ཉིད་ཅན་གྱི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལྷག་པ་ཉིད་ཀྱི་ཚུལ་ཁྲིམས་འཆལ་པའི་དྲི་མ་དང་བྲལ་བ་སྟེ་དེའི་ཕྱིར་དྲི་མ་མེད་པའོ། །གང་གི་ཕྱིར་འདིར་གཞན་གནོད་པ་བྱེད་པ་ལ་ཇི་མི་སྙམ་པ་དང་སྡུག་ བསྔལ་དང་དུ་ལེན་པ་དང་། ཆོས་ངེས་པར་སེམས་པའི་བཟོད་པའི་དབྱེ་བ་ལས་རྣམ་པ་གསུམ་པོ་སྲན་ཚུགས་པ་ཉིད་ཀྱི་མཚན་ཉིད་ཅན་གྱི་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལྷག་པ་ཉིད་ལས་མི་འདོད་པ་ཐོག་ཏུ་བབ་པ་ཐམས་ཅད་ཀྱིས་མི་འཁྲུགས་པ་ཉིད་ཀྱི་ཕྱིར་མ་ཉམས་ པའི་ཏིང་ངེ་འཛིན་ལ་བརྟེན་པའི་ཆོས་ཀྱི་སྣང་བ་ཆེན་པོ་བྱེད་པ་དེའི་ཕྱིར་འོད་བྱེད་པའོ། །གང་ལས་འདིར་ལུས་དང་ངག་དང་སེམས་ཀྱི་དགེ་བའི་ཆོས་ཀྱི་ཚོགས་ཀྱི་རྒྱུན་འཇུག་པ་ཅན་དང་སེམས་ཅན་གྱི་དོན་རྗེས་སུ་འབྲེལ་པ་ཅན་དང་སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱོང་བར་བྱེད་པ་རྣམ་པ་ གསུམ་པོ་སྤྲོ་བའི་མཚན་ཉིད་ཅན་གྱི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལྷག་པ་ཉིད་ལས་བྱང་ཆུབ་ཀྱི་ཕྱོགས་རྣམས་ཀྱིས་ཀུན་ནས་ཉོན་མོངས་པའི་བུད་ཤིང་བསྲེགས་ཏེ། དེའི་ཕྱིར་ཡེ་ཤེས་ཀྱི་འོད་ཟེར་འབྱུང་བའི་ཕྱིར་འོད་འཕྲོ་བའོ། །གང་གི་ཕྱིར་འདིར་ཆོས་རྣམས་ཐམས་ཅད་ལ་བྲི་བ་དང་ གང་བ་ཉིད་མེད་པའི་ཕྱིར་སྐྱོན་སེལ་བར་བྱེད་པ་དང་གནས་པ་ཅན་དང་འབྱོར་པ་ཅན་གྱི་མཚན་ཉིད་ཅན་གསུམ་གྱི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལྷག་པ་ཉིད་ལས་དམིགས་པའི་རྣམ་པར་གཡེང་བས་མི་བསྐྱོད་པ་ན་ཡང་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པ་དག་གི་རིག་པ་དང་བདེན་པའི་ ཤེས་པ་དག་ཕན་ཚུན་འགལ་བའི་ཕྱིར་ཡོངས་སུ་སྦྱང་བ་བྱ་དཀའ་བ་དང་། གང་གི་ཕྱིར་ཡང་འཇིག་རྟེན་གྱི་ཁམས་ཐམས་ཅད་ན་གནས་པའི་བདུད་རྣམས་ཀྱིས་བྱང་ཆུབ་སེམས་དཔའ་ཐུབ་པར་མི་ནུས་ཏེ་དེའི་ཕྱིར་སྦྱང་དཀའ་བའོ། །གང་གི་ཕྱིར་འདིར་སྟོང་པ་ཉིད་དང་སྙིང་རྗེ་དབྱེར་ མེད་པ་རབ་ཏུ་མི་གནས་པའི་སེམས་ནི་བྱང་ཆུབ་ཀྱི་སེམས་དང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ་ཞེས་པ་ཐོས་པ་དང་། བསམ་པ་དང་སྒོམ་པའི་རང་བཞིན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པ་གསུམ་པོ་ལྷག་པས་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་ཐམས་ཅད་རབ་ཏུ་ཞི་བར་བྱེད་པ་ལས་དང་རྟེན་ ཅིང་འབྲེལ་པར་འབྱུང་བ་རབ་ཏུ་རྣམ་པར་འབྱེད་པ་ལས་ཆགས་པ་མེད་པའི་སྒོ་ཞེས་བྱ་བ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གནས་པ་མངོན་དུ་འགྱུར་ཏེ། དེའི་ཕྱིར་མངོན་དུ་གྱུར་པའོ། །ཕ་རོལ་ཏུ་ཕྱིན་པ་རྫས་སུ་ན་དྲུག་པོ་འདི་རྣམས་མིང་གིས་བཅུར་འགྱུར་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་ པ་ཁོ་ན་ཁྱད་པར་གྱི་རྣམ་པར་ཞུགས་པ་རྣམས་ཐབས་དང་སྨོན་ལམ་དང་སྟོབས་དང་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པར་མངོན་པར་བརྗོད་པའོ། །དེ་ལྟར་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་གིས་ཉེ་བར་བསགས་པའི་དགེ་བའི་རྩ་བ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་དག་པར་ཡོངས་སུ་ བསྔོ་བ་རང་གི་སྐྱོན་སེལ་བར་བྱེད་པ་དང་སེམས་ཅན་གྱི་དོན་ལ་འཇུག་པར་བྱེད་པ་དང་། མྱུར་དུ་བདེ་བླག་ཏུ་མངོན་པར་བྱང་ཆུབ་པར་བྱེད་པའི་མཚན་ཉིད་ཅན་ནི་ཐབས་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། ཐབས་དེས་དེ་མི་ཟད་པར་བྱེད་པའི་ཕྱིར་རོ། །སྨོན་ལམ་ཆེན་པོ་བཅུ་ལ་སོགས་པ་སྨོན་ལམ་ གྲངས་མེད་པ་རྣམས་ནི་སྨོན་ལམ་གྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ཅིང་ཚོགས་ཀྱི་རྒྱུན་ཅན་དང་སེམས་ཅན་གྱི་དོན་རྗེས་སུ་འབྲེལ་བ་ཅན་དང་སངས་རྒྱས་ཀྱི་ཞིང་སྦྱོང་བར་བྱེད་པའི་མཚན་ཉིད་ཀྱི་དབྱེ་བས་རྣམ་པ་གསུམ་སྟེ། གང་གིས་སྐྱེ་བ་སོ་སོར་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པའོ། །བསྒོམ་པའི་ སྟོབས་དང་སོ་སོར་རྟོག་པའི་སྟོབས་ནི་སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ཞིང་། ལས་ལྡོག་པར་བྱེད་པ་དང་ཉོན་མོངས་པ་སེལ་བར་བྱེད་པ་དང་། བདུད་དང་ཕས་ཀྱི་རྒོལ་བ་ཟློག་པར་བྱེད་པའི་མཚན་ཉིད་ཀྱི་དབྱེ་བས་རྣམ་པ་གསུམ་སྟེ། གང་གིས་ཉི་མ་སོ་སོའམ་སྐད་ཅིག་སོ་སོར་དེ་རྣམས་ལ་སྤྱོད་ པའོ། །དགོངས་པ་ཇི་ལྟ་བ་དང་སྒྲ་ཇི་ལྟ་བ་བཞིན་མ་ཡིན་པར་ཐེག་པ་ཆེན་པོ་ཤེས་པ་ནི་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། རྣམ་པར་མི་རྟོག་པར་བྱེད་པ་དང་རྣམ་པར་རྟོག་པ་མཉམ་པ་ཉིད་དུ་རྟོགས་པར་བྱེད་པ་དང་སེམས་ཅན་གྱི་དོན་གྱི་ཐབས་ལྐོག་ཏུ་མ་གྱུར་པའི་མཚན་ཉིད་ཅན་གྱི་དབྱེ་བས་ རྣམ་པ་གསུམ་མོ། །དེ་ལ་ཐབས་ཀྱི་ཕ་རོལ་ཏུ་ཕྱིན་པས་བྱམས་པ་དང་སྙིང་རྗེ་དང་དགའ་བ་དང་བཏང་སྙོམས་ཀྱི་མཚན་ཉིད་ཅན་ཚད་མེད་པ་མི་ཟད་པ་དང་ལྡན་པ་ཉིད་ཀྱིས་ན་གནས་སྐབས་ཐམས་ཅད་དུ་སེམས་ཅན་གྱི་དོན་ཡོངས་སུ་མི་གཏོང་བ་ལས་གང་གི་ཕྱིར་འདིར་བྱང་ཆུབ་ཀྱི་ཕྱོགས་དང་ བདེན་པ་དང་རྟེན་ཅིང་འབྲེལ་པར་འབྱུང་བ་ལ་དམིགས་པའི་མཚན་མ་མེད་པའི་གནས་པ་རྩོལ་བས་འབྱུང་སྟེ་དེའི་ཕྱིར་རིང་དུ་སོང་བའོ། །གང་གི་ཕྱིར་འདིར་སྨོན་ལམ་གྱི་ཕ་རོལ་ཏུ་ཕྱིན་པས་སྨོན་ལམ་ཇི་ལྟ་བ་བཞིན་འབྲས་བུ་འགྲུབ་པའི་ཕྱིར་བྱང་ཆུབ་ཀྱི་ཕྱོགས་དང་བདེན་པ་དང་རྟེན་ཅིང་ འབྲེལ་པར་འབྱུང་བ་ལ་དམིགས་པའི་མཚན་མ་མེད་པའི་གནས་པ་རང་གི་ངང་གིས་འབྱུང་བ་ཉིད་ཀྱི་ཕྱིར་མི་གཡོ་བ་སྟེ། དེའི་ཕྱིར་མི་གཡོ་བའོ། །གང་གི་ཕྱིར་འདིར་སྟོབ