Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 7
Văn bản gốc(Tây Tạng)
Trang 7 / 20 (50.000 ký tự/trang)
་པ་བཞི། །ཕྲེང་དུ་བྱ་བ་རྣམ་ལྔར་བཤད། །ཀུན་ནས་འབིགས་པ་རྣ་རྒྱན་སོགས། །རྣ་བ་དག་ལ་སྒྲུབ་པ་ཡིན། ། རྐེད་རྒྱན་སྐུད་པ་དཔུང་རྒྱན་སོགས། །བཅིང་བར་བྱ་བ་རྣམས་སུ་བསྟན། །རྐང་གདུབ་རྐང་རྒྱན་བཅས་པ་དང་། །རྐང་འཆིང་གོས་ཀྱི་རིགས་རྣམས་ནི། །བསྐོན་བྱ་གསེར་གྱི་སྐུད་སོགས་དང་། དོ་ཤལ་ལ་སོགས་གདགས་བྱར་འདོད། །དཀྲིས་དང་བརྡལ་ བ་ཉིད་དང་ནི། །བསྡུ་དང་དེ་བཞིན་མདུད་པར་ལྡན། །དཔྱངས་པ་ཕྲེད་དུ་བྱ་བ་ནི། །རྣམ་ལྔར་མཁས་པས་ཤེས་པར་བྱ། །དགའ་བས་ཅུང་ཟད་བལྟ་བ་དང་། །སྨིན་མ་བསྐྱོད་པ་དང་ཟུར་མིག་ལ་སོགས་པའི་ངོ་བོ་ནི་རོལ་པ་དང་ལུས་སྒྱུར་གྱི་འགྱུར་བ་དང་ལུས་ཀྱི་ཚུལ་ལོ། ། ཚིག་སྙན་པ་རྣམ་པར་འགོད་པ་ནི་ངག་གི་ཚུལ་ལོ། །རབ་གསལ་ངོ་བོ་སྙིང་སྟོབས་ཏེ། །སྙིང་སྟོབས་ལས་ནི་བསམ་འགྱུར་འབྱུང་། །སྤུ་ལྡང་ཐིམ་དང་རེངས་པ་དང་། །རྡུལ་དང་མདོག་འགྱུར་འདར་བ་དང་། །དབྱངས་དབྱེ་མཆི་མ་དེ་རྣམས་འདིར། །མིང་བརྒྱད་རྣམས་ ཀྱིས་ཐ་དད་པའོ། །དགའ་དང་མྱ་ངན་འཇིགས་དང་གྲང་། །ཞེས་པ་སྤུ་ལོང་རྒྱུ་རྣམས་སོ། །བརྒྱལ་དང་སེམས་ནི་རྨོངས་གྱུར་པའི། །སྲོག་ཆགས་རྣམས་ཀྱི་ཐིམ་པར་འགྱུར། །ཤིན་ཏུ་དགའ་དང་འཇིགས་དང་ཁྲོ། །ནད་རྣམས་ལས་ནི་རེངས་པ་འབྱུང་། །དགའ་བ་ ཁྲོ་བ་འཇིགས་པ་དང་། །ངོ་ཚ་རྗེས་ཆགས་དེ་བཞིན་ངལ། །མནན་པ་དོག་པ་དང་བཅས་པ། །རྡུལ་གྱི་རྒྱུ་རུ་ཤེས་པར་བྱ། །གྲང་དང་དྲོ་དང་འཇིགས་དང་ནད། །དུག་ནི་མདོག་འགྱུར་རྒྱུ་རྣམས་སོ། །འདར་བའི་གྲང་དང་དགའ་དག་དང་། །རིམས་དང་ཁྲོ་བ་འཇིགས་ རྣམས་སོ། །མྱོས་དང་དཔག་མེད་ཁྲོ་བ་ལས། །དབྱངས་ཀྱི་དབྱེ་བ་ཡང་དག་འབྱུང་། །དགའ་དང་ཕྲག་དོག་ཉེན་ལས་བྱུང་། །མཆི་མ་ཡོད་པ་རྣམ་གསུམ་ཉིད། །གང་ཡང་རོ་གཅིག་ལ་མཐོང་ཞིང་། །རོ་གཞན་ལ་ཡང་མཐོང་གྱུར་པ། །དེ་རྣམས་སྙིང་སྟོབས་དམན་ཉིད་ ཀྱིས། །སྐྱེད་པ་འཁྲུལ་པ་ཅན་རྣམས་སོ། །དེ་རྣམས་ཀྱང་ཡིད་འབྱུང་བ་དང་རིད་པ་ཅན་དང་དོགས་པ་དང་མི་བཟོད་པ་དང་དྲེགས་པ་དང་ངལ་བ་དང་སྙོམ་ལས་དང་ཞུམ་པ་ཉིད་དང་སེམས་པ་དང་རྨོངས་པ་དང་དྲན་པ་དང་བློ་གྲོས་དང་ངོ་ཚ་བ་དང་གཡོ་བ་ཉིད་དང་དགའ་བ་ དང་ཀུན་དུ་སྐྱོ་བ་དང་བླུན་པ་ཉིད་དང་ཁེངས་པ་དང་ཡི་བསད་པ་དང་སྒྱིད་ལུག་པ་དང་འདོད་པ་དང་བརྟན་པ་དང་ཁྲོ་བ་དང་གཉིད་དང་ཉལ་བ་དང་སད་པ་དང་བཅོས་སྦེད་དང་སྦུངས་ཆེ་བ་དང་རྗེད་བྱེད་དང་། གདུང་བ་དང་སྨྱོ་བ་དང་འཆི་བ་དང་སྐྲག་པ་དང་རྟོག་པ་ཞེས་པ་སུམ་ཅུ་རྩ་གསུམ་མོ། ། མགོ་དང་ལག་པ་རྐེད་པ་བྲང་། །རྐང་པ་ལོགས་དང་ཡང་དག་ལྡན། །ཡན་ལག་ཉེ་བའི་ཡན་ལག་ལྡན། །ཡན་ལག་དྲུག་པའི་གར་བསྡུས་པའོ། །མགོ་དང་ལོགས་དང་བྲང་དང་རྐེད་པ་དང་ལག་པ་དང་རྐང་པ་རྣམས་ནི་ཡན་ལག་དྲུག་རྣམས་སོ། །སྨིན་མ་དང་མིག་དང་སྣ་དང་མཆུ་ དང་འགྲམ་པ་དང་། ཨོ་སྐོ་རྣམས་ཉེ་བའི་ཡན་ལག་གོ། །ལྟ་སྟངས་ནི་རྣམ་པ་སྣ་ཚོགས་པ་སྟེ་དེ་ལ། ཆུང་ཟད་དགོད་བཅས་ངོ་མཚར་བཅས་ལྟ་བུ། །སྨིན་མ་བསྐྱོད་བཅས་ཟུར་མིག་དང་ལྡན་པ། །མཛའ་བ་གསལ་བྱེད་རབ་དགའ་གཅིག་མཐར་ཐུག །སྒེག་པ་ལས་སྐྱེས་ལྟ་ སྟངས་སུ་འདིར་བསྟན། །ཅུང་ཟད་གྱེན་ཟློག་མིག་གིས་གང་། །སྟེང་གི་མིག་ལྤགས་མཛེས་བརྫེས་པ། །མིག་ཟུར་མཉམ་པར་རྒྱས་བྱས་པ། །ངོ་མཚར་བ་ཡི་ལྟ་སྟངས་འདོད། །གང་ཞིག་དབུས་ནི་ཅུང་ཕྱེ་ཞིང་། །སྦུབས་ནི་རྟག་ཏུ་ཆེར་མ་ཕྱེ། །མིག་རྒྱན་མུ་ཀུ་ལ་དེ་འགྱུར། ། རེག་པ་འཛིན་ལ་རྟག་ཏུའོ། །རྫི་མའི་རྩེ་མོ་གཡོ་བཞིན་པ། །སྟེང་གི་མིག་ལྤགས་སྣུམ་མཛེས་པ། །དྲི་དང་རེག་པ་དགའ་བ་ལ། །ལྟ་སྟངས་མུ་ཀུ་ལཱ་རུ་འདོད། །འཇམ་ལ་ཅུང་ཞིག་བསྐུམས་པ་གང་། །ཅུང་ཟད་འཛུམ་ཞིང་དེ་བཞིན་མཛེས། །ལྟ་སྟངས་རོལ་བ་ཞེས་བྱ་ སྟེ། །བུད་མེད་རྣམས་ཀྱིས་ཕྱེད་ལྟ་བའོ། །ཞེས་པ་ལ་སོགས་པ། །ལྟ་སྟངས་སོ་དྲུག་བསྟན་བཅོས་སུ། །བསམ་འགྱུར་རོ་ཡི་རྟེན་རྣམས་བཤད། །བྱེད་པ་རྣམས་ནི་ཁྱད་པར་ལས། །བརྒྱད་ཀྱི་ལྷག་པའི་བརྒྱ་རུ་བཤད། །ལུས་སྒྱུར་སུམ་ཅུ་རྩ་གཉིས་ཏེ། །དེ་བཞིན་ དབྱུང་བ་བཞི་རྣམས་སོ། །དེ་ལས་ཅུང་ཟད་བདག་གིས་འདིར། །སློབ་མས་རྟོགས་པའི་ཆེད་དུ་བཤད། །དེ་རྣམས་རྒྱ་ཆེར་ངེས་བྱས་པ། །བྷ་ར་ཏ་སོགས་སུ་ཤེས་བྱ། །བསམ་པའི་འགྱུར་བ་ལ་སོགས་པ་འདི་རྣམས་ཀྱང་ཇི་ལྟར་རིགས་པར་རྒྱུད་འདིར་རྟོགས་པར་ བྱ་ཞིང་། ཁྱད་པར་དུ་བཅོམ་ལྡན་འདས་ཀྱི་གར་གྱི་ཀུན་དུ་བསྐྱོད་པའི་བྱེ་བྲག་རྣམས་ནི་གོམ་པ་བསྐྱོད་པའི་རྒྱུད་ལ་སོགས་པ་རྣམས་སུ་ཉེ་བར་བསྒྲགས་ཏེ། བདག་གིས་རྡོ་རྗེ་ཕྲེང་བར་རྒྱས་པ་དང་བཅས་པར་རྣམ་པར་ཕྱེའོ་ཞེས་པས་འདིར་ཞར་བྱུང་རྒྱ་ཆེ་ བས་ཆོག་གོ། །འདིས་མགོ་བོའི་ཕྲེང་བས་དོ་ཤལ་བྱས་པས་ནི་དེ་སྐད་བརྗོད་དོ། །གར་སྟབས་ནི་དྲག་པོའི་གར་རོ། །ཇི་ལྟར་འཇིགས་པར་བྱེད་པར་འགྱུར་བ་དེ་ལྟ་བུའི་སྐུ་མདོག་ནག་པོའོ། །སྤྲོ་བར་བྱ་ཞེས་པ་ནི་སྤྲོ་བར་བྱེད་པའོ། །སྐུ་ནི་ལུས་སོ། །དགའ་བ་ནི་དགའ་ རྩེད་དེ་ཁྱད་དགའི་དགའ་བའོ། །དེ་ཁོ་ན་གཉིས་གཉིས་ཏེ་རྣམ་པར་རྟོག་པ་དང་བཅས་པ་ཉིད་ཀྱི་ཕྱིར་རོ། །དེ་ལ་སྙོམས་ཞུགས་པ་ནི་དེ་སྔོན་དུ་མངོན་དུ་བྱེད་པའི་ཕྱིར་རོ། །དེ་ཁོ་ན་ཉིད་འདིས་ཅིས་ཕྱག་རྒྱར་བྱ་ཞེ་ན་གསུངས་པ། བདག་མེད་མ་ཞེས་པ་བདག་མེད་མ་དང་ ལྷན་ཅིག་སྦྱོར་བ། དབའ་རླབས་མེད་པ་སྤྲོས་པ་མེད་པའི་བདེ་བ་ལྷན་ཅིག་སྐྱེས་པའི་དགའ་བའོ། །དེ་ཐོབ་པ་ནི་ཐོབ་པར་གྱུར་པའོ། །དེ་ཁོ་ན་ཉིད་འདིས་ཅི་ཞིག་རྒྱས་གདབ་ཅེ་ན། གསུངས་པ་དབའ་རླབས་མེད་པའི་རང་བཞིན་ཅན། །སྤྲོས་པ་ཐམས་ཅད་ཀྱི་གཉེན་པོ་ཉིད་ ཀྱི་ཕྱིར་དབའ་རླབས་མེད་པ་གང་རང་གི་ངོ་བོ་ཡིན་པ་ཀྱེའི་རྡོ་རྗེའི་ངོ་བོ་སྟེ། དེ་འདི་ལ་ཡོད་པས་ན་དེ་སྐད་བཤད་དོ། །རྣམ་པར་གཙིགས་པ་ནི་མཆེ་བ་རྣམ་པར་གཙིགས་པའོ། །ཉི་ཤུ་རྩ་བཞིའི་སྤྱན་གྱིས་ཕྱུག་པ་ནི་ཞལ་བརྒྱད་ལ། སོ་སོར་དམར་ལ་ཟླུམ་པའི་སྤྱན་གསུམ་པ་ཉིད་ ཀྱི་ཕྱིར་རོ། །ཚིགས་བཅད་འདིའི་རྗེས་ཐོགས་སུ་སྒེག་པ་ལ་སོགས་པའི་ཚིགས་བཤད་གཅིག་རྟོགས་པར་བྱའོ། །ཞལ་ཐམས་ཅད་ནི་སྒེག་པའི་རོ་སྟེ། དཀར་པོ་ལ་ཞི་བ་དང་ནག་པོ་ལ་དྲག་པོ་དང་ལྷག་མ་རྣམས་ལ་ཇི་ལྟར་རིགས་པར་རོ། །གཤོར་ནི་ཐོད་པ་ཆང་གིས་བཀང་ བའོ། །ཐོད་པ་ནི་ཁྲག་གིས་གང་བའོ། །རྣམ་པ་འདི་ལྟའི་ཆོ་ག་ཡིས། །ཞེས་པ་བཅོམ་ལྡན་འདས་རྫོགས་པའི་ཆོ་ག་བྱས་ནས་ཕྱུང་བའི་གཽ་རཱི་ལ་སོགས་པ་རྣམས་དགོད་པར་བྱའོ། །གཽ་རཱི་གཡོན་པ་དག་ན་གཞུ་དང་རོ་ཧི་ཏའི་ཉ་དང་བཅས་པའི་ཁྲག་གིས་གང་བའི་ཐོད་ པའོ། །ཆོམ་རྐུན་མའི་གཡོན་པ་དག་ན་ལྕགས་ཀྱུ་དང་བཅས་པའི་ཁྲག་གིས་གང་བའི་ཐོད་པའོ། །རབ་རྨོངས་མ་ནི་གཡུང་མོ་སྟེ། །དེའི་གཡོན་པ་དག་ན་བདུད་རྩི་ལྔའི་ཐོད་པ་ལ་གནས་པའི་ཅེ་སྤྱང་དང་། ས་འདོན་ཏེ་ཐོད་པའོ། །རོ་ལངས་མ་དཀར་པོ་དང་བསྲེས་པའི་སེར་པོ་ སྟེ། གཡོན་པ་དག་ན་ཐོད་པ་གཟུང་བ་ན་ཆང་དང་གཅི་བ་དག་དང་གཡས་པ་ཁྲག་དང་བཅས་པའི་ཐོད་པ་ན་རུས་སྦལ་ལོ། །པུཀྐ་སཱིའི་གཡས་པ་དག་ན་ཤས་གང་བའི་ཐོད་པ་དག་ལ་གནས་པའི་སེང་གེ་དང་མཆོག་སྦྱིན་གྱི་ཕྱག་རྒྱའོ། །གཏུམ་མོའི་གཡས་པ་ན་ཁྲག་གིས་གང་ བའི་ཐོད་པ་ལ་སྟག་གོ། །གྷསྨ་རཱི་ལྗང་གུ་ཅུང་ཟད་སེར་བ་གཡོན་པ་དག་ན་རྡོ་རྗེས་མཚན་པའི་མེ་ཐབ་དང་དགྲ་སྟ་དང་། གཡས་པ་དག་ན་ཚིལ་གྱིས་གང་བའི་ཐོད་པ་ལ་གནས་པའི་སྦྲུལ་དང་མི་འཇིགས་པའི་ཕྱག་རྒྱའོ། །ཤ་བ་རཱིའི་གཡས་པ་དག་ན་ཁུ་བ་དང་བཅས་པའི་ཐོད་པ་ ལ་གནས་པའི་དགེ་སློང་དང་རྡོ་རྗེའོ། །ཉེ་བར་སྡུད་དེ། སྣ་ཚོགས་གཟུགས་ཅན་མ་རྣམས་བསྒོམ། །ཞེས་པའོ། །ཆོ་ག་བཞིན་ཞེས་པ་ཐོད་པ་རྣམས་སུ་མ་བཤད་པའི་རྫས་ཉ་རོ་ཧི་ཏ་ལ་སོགས་པའི་ཆོ་གའོ། །རྒྱན་ནི་འཁོར་ལོ་ཅན་ལ་སོགས་པའོ། །འདི་རྣམས་ཀྱི་ ཡང་ས་བོན་གྱི་རིམ་པ་བཞིན་དགོད་དོ། །དེ་ལ་གཽ་རཱི་དང་ཆོམ་རྐུན་མ་དང་རོ་ལངས་མ་དང་། གྷསྨ་རཱི་དང་པུཀྐ་སཱི་དང་རི་ཁྲོད་མ་དང་གཏུམ་མོ་དང་རབ་རྨོངས་མ་རྣམས་རིམ་པ་ཇི་ལྟ་བར་ཞི་བ་དང་དྲག་པོ་དང་དགའ་བ་དང་། ཤི་བ་སློང་བའི་ཚུལ་གྱི་གར་དང་ཞི་བ་དང་ སྟེང་དུ་ཕྱོགས་པ་དང་མྱོས་པ་དང་རབ་ཏུ་རྨོངས་པའི་ལྟ་སྟངས་ཅན་གྱི་ཞལ་ཅན་རྣམས་ཏེ། ཤར་དང་ལྷོ་དང་ནུབ་དང་བྱང་དང་དབང་ལྡན་དང་མེ་དང་བདེན་བྲལ་དང་། རླུང་གི་ཕྱོགས་དང་ཕྱོགས་མཚམས་སུ་རིམ་པ་ཇི་ལྟ་བར་བསྒོམ་པར་བྱའོ། །རྟ་གཟུགས་ལ་སོགས་ པ་རྣམས་ཀྱི་གཙོ་བོ་དང་གཡས་པ་དང་ཅིག་ཤོས་དང་སྟེང་གི་རིམ་པས་ཞལ་གྱི་ཁ་དོག་གསུངས་པ། ནག་ཅེས་པ་ལ་སོགས་པའོ། །སེང་གེའི་ཞལ་ནི་དམར་བའོ། །གཡས་བརྐྱང་གི་ཟླ་བོའི་ཞབས་ནི་སྒོ་སྐྱོང་རྣམས་ཁོ་ནའོ། །ལྷ་གཞན་རྣམས་ནི་སྐྱིལ་ཀྲུང་ཕྱེད་པ་ཅན་རྣམས་སོ། ། གླིང་བུ་མ་ལ་སོགས་པ་རྣམས་ཀྱི་རིམ་པ་ཇི་ལྟ་བ་བཞིན་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧྲཱིཿཏྲཱཾ་ཊཱཾ་ཏྲཱཾ་ཞེས་པ་ས་བོན་རྣམས་སོ། །འདིར་ཡང་དབང་པོ་བྱིན་གྱིས་བརླབ་པ་དང་སྐུ་གསུང་ཐུགས་བྱིན་གྱིས་བརླབ་པ་དང་དབང་བསྐུར་ཞིང་རྒྱས་གདབ་པ་དང་མཆོད་པ་ལ་སོགས་པའང་ཤེས་པར་ བྱའོ་ཞེས་པའོ། །བཅོམ་ལྡན་འདས་འདིའི་མངོན་པར་རྟོགས་པ་ནི་སྔར་བཤད་པའི་ཧེ་རུ་ཀ་གསུམ་གྱི་ཇི་ལྟ་བ་བཞིན་ཏེ། ཁྱད་པར་ནི་གཞལ་ཡས་ཁང་གི་ནང་དུ་ཆོ་ག་བཞིན་དུ་ཨཱ་ལི་དང་ཀཱ་ལི་ལས་སྐྱེས་པའི་ཟླ་བ་དང་ཉི་མའི་དབུས་སུ་ཧཱུྃ་དང་ཨ་ལས་སྐྱེས་པའི་ཐོད་པ་དང་གྲི་གུགས་ གནས་པའི་ས་བོན་གཉིས་སོ་ཞེས་པ། ཐམས་ཅད་ཡོངས་སུ་གྱུར་པའི་རྡོ་རྗེ་སེམས་དཔའ་ཕྱག་རྒྱ་དྲུག་པ་ཅན་ཞལ་བརྒྱད་པ་ལ་སོགས་པའི་ཁྱད་པར་ཅན་རྣམ་པར་བསྒོམས་ནས། བསྲུབ་ཅིང་སྲུབས་པ་ལས་སྐྱེས་པའི་བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེ་ལས་བྱུང་བའི་གྃ་ཙྃ་པྃ་གྷྃ་པཾ་ཤཾ་ལཾ་ཌཾ་གི་ས་བོན་ལས་ སྐྱེས་པའི་གཽ་རཱི་ལ་སོགས་པ་རྣམས་པདྨའི་ནང་ནས་ཕྱུང་ནས་གནས་ཇི་ལྟ་བར་བལྟ་བར་བྱའོ། །དེ་ནས་ཧོཿཡིག་གཉིས་ཀྱི་དབུས་སུ་ཆུད་པའི་ས་བོན་གྱི་ངོ་བོའི་སེམས་ཞལ་ནས་པདྨའི་ནང་དུ་གཞུག་ཅིང་། དེ་ནས་འདོད་ཆགས་ཆེན་པོས་རིག་མ་དང་བཅས་པའི་རྡོ་རྗེ་ཅན་ཞུ་བར་གྱུར་པ། བཞེངས་ཤིག་ཅེས་པ་ལ་སོགས་པས་བསྐུལ་ཞིང་། ཞུ་བ་ལས་ལྷ་མོ་ཞུགས་མ་ཐག་ཏུ་ཞུ་བ་དེ་ལས་སྐྱེས་པའི་ཧཱུྃ་ཞེས་པ་ལ་སོགས་ཡོངས་སུ་གྱུར་ཏེ། ཨོཾ་དྷརྨྨ་དྷཱ་ཏུ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ་ཞེས་བརྗོད་དོ། །དེ་ནས་མིག་བྱིན་གྱིས་བརླབ་པ་ལ་སོགས་པ་དང་པོའི་སྦྱོར་བའི་རྗེས་ཐོགས་སུ་ བདག་མེད་མའི་སྤྱི་བོར་ཨོཾ་ཡིག་དཀར་པོ་སྟེ། ཨོཾ་ཡིག་ཕྲ་མོ་གཞན་དང་གཞན་རྣམས་ཀྱིས་སྙིང་གའི་མཐར་ཐུག་པར་ཁྱབ་པ་དང་། སྙིང་གར་ཧཱུྃ་ཡིག་ནག་པོ་སྟེ། དེ་ལྟ་ཁོ་ནར་རྐེད་པའི་མཐར་ཐུག་པ་དང་། གསང་བར་ཨཱཿཡིག་དམར་པོ་སྟེ་དེ་བཞིན་ཁོ་ནར་རྐང་མཐིལ་ཀྱི་མཐར་ཐུག་ པར་བསྒོམས་ནས། ཨོཾ་པདྨ་སུ་ཁཱ་དྷཱ་ར་མ་ཧཱ་རཱ་ག་སུ་ཁཾ་ད་ད་ཙ་ཏུ་རཱ་ནནྡ་བྷ་ག་བི་ཤྭ་ཧཱུྃ་ཧཱུྃ་ཧཱུྃ་ཀཱརྱཾ་ཀུ་རུ་ཥྭ་མེ། ཨོཾ་བཛྲ་མ་ཧཱ་དྭེ་ཥ་ཙ་ཏུ་རཱ་ནནྡ་དཱ་ཡ་ཀཿཁ་ག་མུ་ཁཻ་ཀ་ར་སོ་ནཱ་ཐ་ཧཱུྃ་ཧཱུྃ་ཧཱུྃ་ཀཱརྱཾ་ཀུ་རུ་ཥྭ་མེ། ཞེས་པས་པདྨ་དང་རྡོ་རྗེ་བྱིན་གྱིས་བརླབས་ནས་དགའ་བ་བརྩམས་ཏེ། སྔོན་བཞིན་དུ་གཽ་རཱི་ ལ་སོགས་པའི་ལྷ་མོ་རྣམས་དབྱུང་བར་བྱའོ། །ལྷ་མོ་དང་བཅོམ་ལྡན་འདས་ཀྱང་རང་གི་ས་བོན་ལས་སྐྱེས་པ་ན་དེ་དག་སྤྲོས་ནས་བདག་ཉིད་ཀྱི་ནང་དུ་གཞུག་པར་བྱའོ། །དེ་ནས་མིག་ལ་སོགས་པ་བྱིན་གྱིས་བརླབ་པ་ནི་སྔ་མ་བཞིན་ཏེ་ཐམས་ཅད་བྱའོ། །དེ་ནས་ཡེ་ཤེས་སེམས་དཔའ་ གཞུག་ཅིང་དབང་བསྐུར་ཏེ་རྒྱས་གདབ་པ་དང་། བདུད་རྩི་མྱང་བ་ཞེས་པ་དཀྱིལ་འཁོར་གྱི་རྒྱལ་པོ་མཆོག་ལ་སོགས་པ་བསྒོམ་པ་དང་བཟླས་པ་བྱའོ་ཞེས་པའོ། །དཔལ་ཡང་དག་པར་སྦྱོར་བའི་རྒྱུད་ཀྱི་རྒྱ་ཆེར་འགྲེལ་པ་མན་ངག་གི་སྙེ་མར་སྙེ་མ་དགུ་པའོ།། །།ཡེ་ཤེས་མཁའ་འགྲོ་ མ་བསྒོམ་པ་ལ་སྦྱར་བའི་ཆེད་དུ་གསུངས་པ། ཉོན་ཅིག་ཅེས་པ་ལ་སོགས་པའོ། །གཙོ་བོ་ནི་རང་གི་གདུལ་བྱ་རྣམས་ཕན་པ་ལ་སྦྱར་བའི་ཆེད་དུ་རབ་ཏུ་འབྱུང་བའི་ངང་ཚུལ་ཅན་ཉིད་ཀྱི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་གསལ་བའོ། །སྟོང་པ་ཉིད་བསྒོམ་པ་གསུངས་པ། སྤངས་པ་སྟེ་སྤངས་ ཤིང་བྲལ་བ་ནི་སྟོང་པ་ཉིད་དོ་ཞེས་པའི་དོན་ཏོ། །ཅི་ཞེ་ན། གཉིས་ཀྱི་དངོས་པོ་སྟེ་དངོས་པོ་དང་དངོས་པོ་མེད་པ་ལ་སོགས་པ་གཉིས་ཀྱི་རང་བཞིན་གྱིའོ། །དེ་བསྒོམ་པར་བྱ་སྟེ་སུས་ཤེ་ན། གཉིས་མེད་ཆོས་ཀྱི་ཡེ་ཤེས་ཅན་གྱིས་ཏེ་སྟོང་པ་ཉིད་ཀྱི་ཡེ་ཤེས་དང་ལྡན་པས་སོ། ཅི་ལྟར་ ཞེ་ན། གསུམ་གྱིས་ཏེ་རྒྱུད་གཞན་དུ་གསུངས་པའི་ཕྱིར་ཨོཾ་ཡིག་དང་སྭ་བྷཱ་ཝ་དང་བཛྲ་དང་ཡོ་ག་རྣམས་ཀྱིས་ཁྱད་པར་དུ་བྱས་པའི་ཤུདྡྷ་ཞེས་པ་ལ་སོགས་པའི་སྔགས་གསུམ་བརྗོད་པར་བྱའོ། །ནམ་གྱི་ཚེ་ཞེ་ན། རྣལ་འབྱོར་ཀུན་ནི་ཤིན་ཏུ་རྣམ་པར་དག་པའི་ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ ཡེ་ཤེས་མཁའ་འགྲོའོ། །དེའི་དང་པོ་པ་ནི་རྒྱུ་སྟེ་ཧཱུཾ་དང་བཅས་པའི་རྡོ་རྗེའོ། །དེའི་སྔོན་ནི་སྟོང་པ་ཉིད་མངོན་དུ་བྱེད་པའི་རྩོམ་པའོ། །རྣལ་འབྱོར་ཀུན་དང་པོ་དང་སྔོན་ཏེ་དེ་རྣམས་སུ་རིམ་པ་ཇི་ལྟ་བར་ཡོ་ག་ཞེས་པ་ལ་སོགས་པ་དང་བཛྲ་ཞེས་པ་ལ་སོགས་པ་དང་། སྭ་བྷཱ་ཝ་ཞེས་པ་ལ་ སོགས་པ་བརྗོད་པར་བྱའོ། །ཨ་གྲའི་ཨའི་ཡི་གེ་དབྱེ་བ་ནི་ངེས་པའི་ཚིག་གོ། །སྭ་བྷཱ་ཝ་ཡིས་ཏེ་རང་བཞིན་སྟོང་པ་ཉིད་ཀྱིས་དངོས་པོ་དང་དངོས་པོ་མེད་པ་དང་གཟུང་བ་དང་འཛིན་པ་ལ་སོགས་པའི་སྒྲོ་བཏགས་པ་དང་བྲལ་བའི་ཕྱིར་ཤུདྡྷ་སྟེ་དྲི་མ་མེད་པའི་ཕུང་པོ་ལ་སོགས་པ་རྣམས་ཡིན་ ཞིང་། ང་ཡང་དེ་ལྟ་སྟེ་ཆོས་ཐམས་ཅད་ཀྱི་ནང་དུ་འདུས་པ་ཉིད་ཀྱི་ཕྱིར་རོ་ཞེས་དགོངས་པའོ། །བཛྲ་ནི་སྟོང་པ་ཉིད་དེ། སྟོང་ཉིད་རྡོ་རྗེར་བརྗོད་པར་བྱ། །ཞེས་པའི་གསུང་ལས་སོ། །དེས་མཚན་མར་སྒྲོ་བཏགས་པ་མ་ལུས་པ་དང་བྲལ་བའི་ཕྱིར་ཤུདྡྷ་རྣམས་སོ། །ཡོ་ག་ནི་བྱང་ཆུབ་ ཀྱི་སེམས་ཏེ། དེས་སྨོན་པ་དང་བྲལ་བ་ཉིད་ཀྱི་ཕྱིར། ཤུདྡྷ་རྣམས་སོ། །བདག་ཏུ་འཛིན་པ་ནི་དོར་བར་དཀའ་བ་ཉིད་ཀྱི་ཕྱིར་ན་སྭ་བྷཱ་ཝ་ཤུདྡྷོ་྅ཧཾ་ཞེས་པ་ལ་སོགས་པའི་ཚིག་གོ། །གསུམ་རྣམས་ཀྱིས་ནི་སྟོང་པ་ཉིད་དང་མཚན་ཉིད་མེད་པ་དང་སྨོན་པ་མེད་པ་སྟེ། རྣམ་པར་ཐར་པའི་སྒོ་གསུམ་ རྣམས་གསུངས་སོ། །རང་བཞིན་གྱིས་ཡོངས་སུ་དག་པ་ཉིད་ན་ཡང་འདི་རྣམས་ཀྱིས་གློ་བུར་གྱི་དྲི་མ་སེལ་བའོ། །དེ་ལྟར་བྱས་ནས་ཤེས་པ་བསྒོམས་ནས། སླར་ཡང་ཁྱད་པར་དུ་དེའི་སྟེ་བྲལ་བ་ཆོས་ཐམས་ཅད་མི་དམིགས་པའིའོ། །ཅི་ཞིག་ཏུ་གནས་ནས་ཤེ་ན། ཡིད་དང་རྗེས་མཐུན་ ཕྱོགས་རྣམས་སུའོ། །བསམ་གཏན་ཅི་འདྲ་བ་ཞེ་ན་གསུངས་པ། ཡུད་ཀྱི་རྣམ་པ་ཞེས་པ་ལ་སོགས་པ་སྟེ། ཡེ་ཤེས་མཁའ་འགྲོ་མར་བསམ་བྱ། ཞེས་པ་རྣམ་དབྱེ་བསྒྱུར་བས་འབྲེལ་བར་བྱའོ། །དེའི་རྗེས་སུ་དེ་ནམ་མཁར་གཞག་པར་བྱ་སྟེ་མཆོད་པ་སྔོན་མ་ཅན་དུ་ཇི་ལྟར་འགྱུར་བར་རོ། ། བློ་ལྡན་ཞེས་པ་འདིས་གཞན་དུ་བརྗོད་པ་དྲན་པ་ལ་སྦྱོར་བའི་ཕྱིར་ཆོ་ག་གཞན་གསལ་བར་བྱེད་དོ། །ཡེ་ཤེས་རྒྱ་མཚོ་ནི་ཡེ་ཤེས་མཁའ་འགྲོ་མ་ལ་སོགས་པའི་ལྷའི་འཁོར་ལོའོ། །ཅི་བྱས་ནས་ཤེ་ན་གསུངས་པ། ལྷུན་པོའི་ཞེས་པ་ལ་སོགས་པའོ། །ལྷུན་པོ་གང་གི་ཁ་དོག་བཞི་ རྣམས་ཡིན་པ་སྟེ། དངུལ་དང་ཨིནྡྲ་ནཱི་ལ་དང་། ཤེལ་དང་གསེར་གྱི་རང་བཞིན་ཉིད་ཀྱི་ཕྱིར་རོ། །ཤར་དང་ལྷོ་དང་ནུབ་དང་བྱང་གི་ཕྱོགས་རྣམས་སུ་དང་། ཕྱོགས་མིན་དུ་དེ་ལྟར་ཏེ། །ཕྱོགས་བྲལ་རྣམས་སུ་ཡང་ཕྱོགས་ཀྱི་ཁ་དོག་ཁོ་ན་སྟེ་ཕྱོགས་བྲལ་རྣམས་ནི་དེ་དང་དེའི་ཕྱོགས་ རྣམས་ཀྱི་ནང་དུ་འདུས་པའི་ཕྱིར་རོ། །ཅི་བསམས་ནས་ཤེ་ན། གསེར་གྱི་རང་བཞིན་གྱི་ཁང་པ་བརྩེགས་པ་ཡང་དག་པར་བྱུང་བོའོ། །རིན་ཆེན་བདུན་ནི། གསེར་དང་དངུལ་དང་བཻ་ཌཱུརྱ་དང་མུ་སཱ་ར་གལྦ་དང་། རྡོའི་སྙིང་པོ་དང་མུ་ཏིག་དམར་པོ་དང་ཀརྐེ་ཏ་ན་རྣམས་ སོ། །པདྨ་རཱ་ག་དང་། ཨིནྡྲ་ནཱི་ལ་དང་བཻ་ཌཱུརྱ་དང་མ་ར་ཀ་ཏ་དང་རྡོ་རྗེ་དང་མུ་ཏིག་དང་བྱུ་རུ་རྣམས་སོ་ཞེས་ཁ་ཅིག་གོ། །རང་འདོད་རྒྱ་ཁྱོན་ཞེས་པ་རང་གི་འདོད་པའི་དབང་དུ་གྱུར་པའི་རྒྱ་ཁྱོན་ནོ། །འདིའི་རྗེས་སུ་བླ་རེ་ཞེས་པ་ལ་སོགས་པ་ཕྱེད་དང་བཅས་པའི་ཚིགས་བཅད་དོ། ། སེང་གེ་ལ་སོགས་པས་མཚན་པ་ནི་རྒྱལ་མཚན་ནོ། །ཕྱོགས་བརྒྱད་རྣམས་སུ་དང་སྟེང་དང་འོག་ཅེས་པ་གནས་བཅུ་རྣམས་སུ་ཀུན་དུ་སྟེ་ཁྱབ་པར་རོ། །དྲིའི་དཀྱིལ་འཁོར་ནི་དྲི་ཀུན་ནས་བསྡུས་པ་སྟེ་གཞལ་ཡས་ཁང་གི་ནང་དུའོ། །དེར་ཡང་གདན་ལ་སོགས་པ་གསུངས་པ། སེང་གེ་ཞེས་པ་ལ་སོགས་པའོ། །བདག་ཉིད་ཀྱི་སྤྲོ་བའོ་ཞེས་པ་དབུགས་ནི་ས་བོན་ཏེ་སྲོག་ཏུ་གྱུར་པ་ཉིད་ཀྱི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་སྙིང་གར་བསྒོམ་པར་བྱའོ། །དེ་ཡོངས་སུ་གྱུར་པས་བྱུང་ན་སྟེ་རབ་ཏུ་སྐྱེས་ནས་སོ། །དེ་ལ་ཡེ་ཤེས་མཁའ་འགྲོ་མའི་རང་བཞིན་གསུངས་པ། ཞལ་ གསུམ་ཞེས་པ་ལ་སོགས་པའོ། །རང་གི་གདན་གྱི་སྟེང་དུ་སྐྱིལ་ཀྲུང་གི་རྣམ་པར་ཞབས་གཡོན་པ་བཀོད་ནས་གཡས་པ་ཅུང་ཟད་བརྐྱང་བར་བྱའོ་ཞེས་པ་འདིར་སེམས་དཔའི་སྐྱིལ་ཀྲུང་སྟེ། ལྷ་མོ་བཅུ་གསུམ་པོ་རྣམས་ཀྱང་སེམས་དཔའི་སྐྱིལ་ཀྲུང་ཅན་རྣམས་སོ། །སངས་རྒྱས་ལྔ་ འཕྲོ་བ་རྣམས་ཀྱིས་མངོན་པར་བརྒྱན་པའི་ཅོད་པན་དང་དར་གྱིས་བཅིངས་པའི་ཅོད་པན་གྱི་སྟེང་དུ་རྡོ་རྗེའོ། །བཞད་པ་ནི་ཞལ་གཡས་པ་རབ་ཏུ་བཞད་པ་དཀར་པོའོ། །རྩ་བ་ནི་ཁྲོས་ཤིང་གད་རྒྱངས་ཅན་ནོ། །གཡོན་པ་དམར་པོ་སྒེག་པ་དང་བཅས་པ་སྟེ་ཞལ་སོ་སོ་ལ་སྤྱན་གསུམ་ པའོ། །ཕྱག་གཡས་པ་གསུམ་ན་གྱེན་དུ་བསྒྲེང་བའི་ཁ་ཊྭཱཾ་ག་དང་དགྲ་སྟ་དང་། རྡོ་རྗེ་སྟེ། ཕྱག་གཡོན་པ་གསུམ་ན་དྲིལ་བུ་དང་ཐོད་པ་དང་རལ་གྲི་རྣམས་སོ། །དྲག་ཏུ་གསངས་མཐོན་པོར་འཇིགས་སུ་རུང་བར་དགོད་པ་གང་གི་ཡིན་པ་དེ་ནི་དེ་སྐད་དོ། །སྣོད་ཅེས་པ་ཁྲག་གིས་གང་བའི་ཐོད་ པའོ། །རྣལ་འབྱོར་སྣོད་ནི་ཐོད་པ་སྟེ་གཡོན་དུའོ། །རྡོ་རྗེ་མཁའ་འགྲོ་མ་ལ་སོགས་པ་རྣམས་སྤྱན་གསུམ་པ་གཙོ་མོ་ལ་གཟིགས་པ་རྣམས་སོ། །ཡེ་ཤེས་ཀྱི་ཞེས་པ་ཡེ་ཤེས་མཁའ་འགྲོ་མའི་འོ། །སེང་གེའི་གདོང་ཅན་ཞེས་པ་ནི་སེང་གེའི་ཞལ་ལོ། །གླང་པོའི་དབང་པོ་ ནི་ལག་ལྡན་ནོ། །ཕྱག་གཡས་པར་རྡོ་རྗེས་མཚན་པའི་ལྕགས་ཀྱུའོ། །གཡོན་ན་སྡིགས་མཛུབ་དང་བཅས་པའི་ཞགས་པའོ། །སྟག་མོ་ལ་སོགས་པ་གསུམ་ནི་སྟག་དང་ཅེ་སྤྱང་དང་འུག་པའི་གདོང་པ་ཅན་ནོ། །ཀླུ་ཞེས་པ་གདེངས་ཅན་གྱི་དབང་པོ་བརྒྱད་རྣམས་ཏེ་ རིགས་ལ་གཅིག་གི་ཚིག་གོ། །དེ་ཁོ་ནའི་ནི་སྦྲུལ་གྱིའོ། །རྒྱལ་པོའི་དབང་མོ་ཞེས་པ་མིང་ངོ་། །ཕྱག་རྣམས་ཞེས་པ་ཕྱག་གཉིས་ཐལ་མོ་སྦྱར་པའི་ཚུལ་ལོ། །ཕྱག་གཉིས་ཐལ་མོ་སྦྱར་བའི་ཞེས་པ་ཕྱག་གཉིས་ཐལ་མོ་སྦྱར་ལ་སྤྱི་བོའི་སྟེང་དུ་མར་མེའི་རྣམ་པས་སྟོན་པའོ། །ཁྲག་ གི་རྒྱུན་ཞེས་པ་ལ་སོགས་པ་ནི་ལག་པ་གཉིས་ཀྱི་སྙིམ་པ་སྟེང་དུ་བྱས་པས་ཁྲག་སྲད་བུ་དམར་པོ་བཞིན་དུ་རྒྱུན་གྱིས་འཐུང་བའོ། །སྡིགས་མཛུབ་མདུང་གི་ཕྱག་ཅན་ཞེས་པ་ཕྱག་གཉིས་ཀྱིས་རྡོ་རྗེ་ཐལ་མོ་བྱས་ཏེ། མཐེ་བོའི་རྩེ་མོ་གཉིས་ཕན་ཚུན་སྦྱར་ནས། སྡིགས་མཛུབ་ གཉིས་ཀྱི་རྩེ་མོར་བྱས་པ་ནི་མདུང་ལྟ་བུའོ་ཞེས་པས་དེ་སྐད་བརྗོད་དོ། །དེ་ཡང་རང་གི་བྷ་གར་འཛིན་པའོ། །རྨོངས་པར་མཛད་ཅེས་པ་རྨོངས་པར་བྱེད་མ་སྟེ་སེམས་ལྡན་རྣམས་ཐམས་ཅད་དབང་དུ་བྱེད་པ་ཞེས་པའི་དོན་ཏོ། །ཉེ་བར་སྡུད་དེ་ཐམས་ཅད་རིག་པས་ཐམས་ཅད་བསྒོམ་ཞེས་ པ། འདི་ལྟ་བུའི་དཀྱིལ་འཁོར་ཐམས་ཅད་ཁ་དོག་དང་ཕྱག་མཚན་ལ་སོགས་པ་ཐམས་ཅད་ཤེས་པའི་རྣལ་འབྱོར་པས་བསྒོམ་པར་བྱའོ། །སེང་གེའི་གདན་བཞིན་དུ་གདན་གཞན་རྣམས་ཀྱང་ཉི་མ་མནན་པ་རྣམས་སོ། །ཐམས་ཅད་དུ་ཡང་རང་རང་གི་ས་བོན་ཡོངས་སུ་གྱུར་པའི་ལྷ་མོ་ རྣམས་སོ། །འདི་རྣམས་ཞེས་པ་ལ་སོགས་པ་ནི། ལྷ་མོ་འདི་རྣམས་ཀྱི་མདུན་དུ་དམ་ཚིག་གི་ཕྱག་རྒྱ་རང་ཉིད་ཇི་ལྟ་བར་བསྟན་པར་བྱའོ། །ཡེ་ཤེས་མཁའ་འགྲོ་མའི་ས་བོན་བཏུ་བ་ནི། རླུང་དང་མེ་ལས་བདུན་པ་ཉིད། །ཅེས་པ། རླུང་གིས་ཏེ་རླུང་གི་དཀྱིལ་འཁོར་ཟླ་བ་ཕྱེད་པས་ སྟེང་དུ་ཁྱད་པར་བྱས་ཤིང་མེ་ལས་ཏེ་རེ་ཕ་ལས་བདུན་པ་ཧ་ཡིག་རྡོ་རྗེ་མའི་ས་བོན་ཨུ་ཡིག་འོག་ཏུ་ལྡན་པའོ། །ཟླ་བ་ཕྱེད་པའི་སྟེང་དུ་ཐིག་ལེ་དང་ནཱ་ད་དག་གིས་མནན་པ་སྟེ། དེ་ལྟར་ཧཱུྃ་དུ་འགྱུར་རོ། །ཧཱུྃ་དེ་ཡང་བྱང་ཆུབ་སེམས་ཀྱི་རྒྱུན་ཆར་དུ་འབེབས་སོ་ཞེས་པས་ཆར་གྱི་རྒྱུན་ ཏེ་འདིས་ཕྲ་མོའི་རྣལ་འབྱོར་གསལ་བར་བྱེད་དོ། །དེའི་དོན་འདི་ཡིན་ཏེ། ས་ཕྱོགས་ཡིད་དང་རྗེས་སུ་མཐུན་པ་འགའ་ཞིག་ཏུ་ནུབ་ཏུ་གདོང་ཕྱོགས་ཤིང་སྐྲ་གྲོལ་བས་གཏོར་མ་སྦྱིན་པ་སྔོན་དུ་འགྲོ་བས་ཡུད་ཀྱིས་ཡེ་ཤེས་མཁའ་འགྲོ་མའི་གཟུགས་སུ་བདག་ཉིད་ལྷག་པར་མོས་ནས་ རང་གི་སྙིང་གའི་ས་བོན་གྱི་འོད་ཀྱིས་ནམ་མཁར་སྤྱན་དྲངས་པའི་ཡེ་ཤེས་མཁའ་འགྲོ་མ་འཁོར་དང་བཅས་པ་ལ། སྙིང་གའི་ས་བོན་ལས་སྐྱེས་པའི་ལྷ་མོ་རྣམས་ཀྱིས་ཕྱི་དང་ཅིག་ཤོས་ཀྱི་མཆོད་པས་མཆོད་དེ། སྡིག་པ་བཤགས་ད་ནས་ཇི་སྲིད་བཏང་སྙོམས་ཀྱི་བར་དུ་ བསྒོམས་ནས། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅ཧཾ། ཞེས་པ་ནང་གི་བརྗོད་པས་ཀློག་ཅིང་། དོན་མངོན་དུ་བྱས་ཏེ། ཆོས་ཐམས་ཅད་སྟོང་པ་ཉིད་ལ་གཞུག་པར་བྱའོ། །དེ་ནས་ཨོཾ་ཧཱུྃ་སྭཱ་ཧཱ་ཞེས་པའི་སྔགས་ཀྱིས་རྡོ་རྗེའི་རང་བཞིན་གྱི་ས་གཞི་བསྒོམ་པར་བྱ་ ཞིང་། ཨོཾ་ཛཾ་བྷ་ནི་ཧཱུྃ་ཕཊ་ཞེས་པས་རྡོ་རྗེའི་ར་བ་དང་། ཨོཾ་ཛུྃ་སྭཱ་ཧཱ་ཞེས་པས་རྡོ་རྗེའི་གུར་ཏེ། ཨོཾ་ཧཱུྃ་ཕཊ་ཞེས་པས་བགེགས་རྣམས་ཕུར་བུས་བཏབ་ལ་དེའི་དབུས་སུ་ཡུཾ་ཀྵུཾ་སུ་ཧུྃ་ཧཱུྃ་རྣམས་ལས་རིམ་པ་ཇི་ལྟ་བར་སྐྱེས་པའི་རླུང་དང་མེ་དང་ཆུ་དང་ས་དང་རི་རབ་ཀྱི་སྟེང་དུ་ཨོཾ་ཧཱུྃ་ ཕཊ་ཅེས་པ་ཡོངས་སུ་གྱུར་པའི་རིན་པོ་ཆེ་སྣ་བདུན་གྱིས་སྤྲས་པ་གསེར་གྱི་རང་བཞིན་གྱི་ཁང་པ་བརྩེགས་པའི་དབུས་དང་ཕྱོགས་བཞི་རྣམས་སུ་སེང་གེ་ལྔ་རྣམས་ལ་སྣ་ཚོགས་པདྨ་ལ་གནས་པའི་ཉི་མའི་གཟུགས་ལྔ་རྣམས་ཏེ། དབུས་ཀྱི་སེང་གེ་ལ་གདུགས་དཀར་པོའོ། །དེར་ དབུས་ཀྱི་ཉི་མ་ལ་ཨཱ་ལི་དང་ཀཱ་ལི་ལས་སྐྱེས་པའི་ཟླ་བ་དང་ཉི་མའི་དབུས་སུ་གནས་པའི་ཧཱུྃ་ལས་སྐྱེས་ཤིང་དེས་བྱིན་གྱིས་བརླབས་པའི་རྡོ་རྗེ་བསྒོམས་ནས། ཨོཾ་བཛྲ་ཤུདྡྷཿསརྦ་དྷརྨ་བཛྲ་ཤུདྡྷོ྅ཧཾ་ཞེས་བརྗོད་ཅིང་། དེ་ལས་སྤྲོས་པའི་དེ་བཞིན་གཤེགས་པ་དང་ལྷ་མོ་རྣམས་ཀྱིས་ འགྲོ་བའི་དོན་བྱས་ཏེ། དེར་བསྡུས་པ་ན་ཟླ་བ་ལ་སོགས་པ་རྣམས་ལས་རྫོགས་པའི་ཡེ་ཤེས་མཁའ་འགྲོ་མ་དང་དེ་སྐྱེ་བ་དང་དུས་མཉམ་དུ་དཀྱིལ་འཁོར་པ་རྣམས་ཀྱང་རང་རང་གི་ས་བོན་རྣམས་ལས་སྐྱེས་པར་བསྒོམས་ལ། ཨོཾ་ཡོ་ག་ཤུདྡྷཿསརྦ་དྷརྨཱ་ཡོ་ག་ཤུདྡྷོ྅ཧཾ་ ཞེས་པས་ང་རྒྱལ་བྱའོ། །དེ་ལ་རྡོ་རྗེ་མཁའ་འགྲོ་མ་ལ་སོགས་པ་རྣམས་ཀྱི་རང་རང་གི་གདན་དང་སྣ་ཚོགས་ཆུ་སྐྱེས་དང་ཉི་མ་རྣམས་ལ། རིམ་པ་ཇི་ལྟ་བར་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ། ཨཱཾ་ཨཱིཾ་ཨཱུཾ་རྀཾ་ལྀཾ་ཨཻཾ་ཨཽཾ་ཨཿནི་ས་བོན་རྣམས་སོ། །ལྷ་མོ་བཅུ་གསུམ་པོ་རྣམས་ཀྱང་ དབུ་སྐྲ་གྲོལ་བ་སྦྲུལ་གྱི་རྒྱན་ཅན་ཇི་སྐད་བཤད་པའི་སྐུ་མདོག་དང་ཕྱག་མཚན་ལ་སོགས་པ་ཅན་རྣམས་བལྟ་བར་བྱའོ། །དེར་བདག་ཉིད་ཀྱི་སྤྱི་བོར་ཀྵུཾ་དགོད་དེ། མིག་རྣམས་ལ་ཧཱུཾ་ངོ་། །རྣ་བ་དང་སྣའི་ནང་རྣམས་སུ་ཡུཾ་མོ། །ལྕེ་རྣམས་ལ་སུཾ་ངོ་། །མགྲིན་པར་སྨྼྻུཾ་ངོ་། །དཔུང་ པའི་རྩ་བ་དག་ཏུ་ཧྨྼྻུཾ་ངོ་། །སྙིང་གར་ཡྨྼྻུཾ་ངོ་། །ལྟེ་བར་ཀྵྨྼྻུཾ་ངོ་། །འཇིགས་བྱེད་མ་དང་གཏུམ་མོ་དང་རོ་ལངས་མ་དང་རྡོ་རྗེ་མཁའ་འགྲོ་མ་དང་། སེང་གེ་མ་དང་སྟག་མོ་དང་ཅེ་སྤྱང་མོ་དང་འུག་མོ་རྣམས་ཀྱི་རིམ་པ་ཇི་ལྟ་བར་གོ་ཆའི་ཡི་གེ་རྣམས་བཀོད་པ། ཨོཾ་ཨཱཿཧཱུྃ་གིས་ལུས་དང་ ངག་དང་ཡིད་རྣམས་བྱིན་གྱིས་བརླབ་པར་བྱས་ནས། རང་གི་སྙིང་གའི་ས་བོན་གྱི་འོད་ཟེར་རྣམས་ཀྱིས་ཡེ་ཤེས་ཀྱི་འཁོར་ལོ་ནམ་མཁར་སྤྱན་དྲངས་ཏེ། ཇི་ལྟ་བ་བཞིན་དུ་ཡང་དག་པར་མཆོད་ཅིང་དམ་ཚིག་བསྟན་པར་བྱའོ། །དེ་ལ་རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ ནས་སོར་མོ་གུང་མོ་གཉིས་བརྐྱང་སྟེ་རྩེ་མོ་སྦྱར་བ་ནི་ཡེ་ཤེས་མཁའ་འགྲོ་མ་ལ་སྟེ། ཨོཾ་ཧཱུྃ་སྭཱ་ཧཱ་ཞེས་བརྗོད་ཅིང་བསྟན་པར་བྱའོ། །རྡོ་རྗེ་ཐལ་མོ་བྱས་ནས་མཐེ་བོང་རྒན་པོ་དག་གིས་གུང་མོ་གཉིས་ལ་ཡང་དང་ཡང་དུ་རེག་ཅིང་བསྐྱོད་པའི་ཕྱག་རྒྱ་དང་ཨོཾ་བཛྲ་ཌཱ་ཀི་ནཱི་ཧཱུྃ་ཕཊ་ སྭཱ་ཧཱ་ཞེས་པ་རྡོ་རྗེ་མཁའ་འགྲོ་མ་ལའོ། །ཁུ་ཚུར་གཉིས་མཉམ་པོར་བཅིངས་ཏེ་མཐེ་བོང་རྒན་པོ་གཉིས་བརྐྱང་ཞིང་། ཨོཾ་གཽ་རཱི་ཧཱུྃ་སྭཱ་ཧཱ་ཞེས་པ་འཇིགས་མ་ལའོ། །ཕྱག་རྒྱ་དེ་ཁོ་ན་བཅིངས་ནས་མཐེ་ཆུང་གཉིས་བརྐྱང་བར་བྱ་ཞིང་། ཨོཾ་བེ་ཏཱ་ལཱི་ཧཾ་ཞེས་པ་རོ་ལངས་མ་ལའོ། ། ཕྱག་རྒྱ་འདི་གཉིས་བཅིངས་ཏེ་སོར་མོ་གུང་མོ་གཉིས་བརྐྱང་ཞིང་། ཨོཾ་ཙཎྜ་ལཱི་ཧཱུྃ་སྭཱ་ཧཱ་ཞེས་པ་གཏུམ་མོ་ལའོ། །རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ནས་སྡིགས་མཛུབ་གཉིས་བརྐྱང་སྟེ། རྩེ་མོ་དག་སྦྱར་ཞིང་ཨོཾ་ཨཱཾ་སྭཱ་ཧཱ། ཨོཾ་ཨཱིཾ་སྭཱ་ཧཱ། ཨོཾ་ཨཱུཾ་སྭཱ་ཧཱ། ཨོཾ་རྀ་སྭཱ་ཧཱ། ཞེས་ པ་སེང་གེ་མ་ལ་སོགས་པ་བཞི་རྣམས་ལའོ། །ལག་པ་གཉིས་ཐལ་མོའི་ཚུལ་དུ་བརྐྱང་སྟེ་ཁར་བཅུག་པ་དང་། ཨོཾ་ལཱྀཾ་སྭཱ་ཧཱ་ཞེས་པས་རྒྱལ་པོའི་དབང་མོ་ལའོ། །ཐལ་མོ་སྦྱར་བ་སྤྱི་བོར་འཛིན་ཅིང་ཨོཾ་ཨཻཾ་སྭཱ་ཧཱ་ཞེས་པས་མར་མེ་མ་ལའོ། །ཐལ་མོ་གྱེན་དུ་བྱས་ནས་ཁ་དང་ ཉེ་བར་བཞག་ཅིང་། ཨོཾ་ཨཽཾ་སྭཱ་ཧཱ་ཞེས་པས་འཇིབ་མ་ལའོ། །ལག་པ་གཉིས་ཀྱིས་པདྨའི་བསྐོར་བ་བྱས་ནས་རྡོ་རྗེ་ཐལ་མོ་བྱས་ཏེ་སྔ་མ་བཞིན་གསང་གནས་སུ་བཞག་ཅིང་། ཨོཾ་ཨཱཿསྭཱ་ཧཱ་ཞེས་པས་ཀམྤོ་ཛི་ལའོ། །དེའི་རྗེས་སུ་པདྨའི་བསྐོར་བ་སྔོན་དུ་འགྲོ་བས་ཡེ་ཤེས་ ཀྱི་འཁོར་ལ་དམ་ཚིག་གི་འཁོར་ལོ་ཇི་ལྟར་རིགས་པར་གཞུག་པར་བྱའོ། །དེ་ནས་དབང་བསྐུར་བ་དང་རྒྱས་གདབ་པ་བསམ་པར་བྱ་སྟེ། དེ་ལ་ཡེ་ཤེས་མཁའ་འགྲོ་མ་ལ་སོགས་པ་རྣམས་ལ་རིམ་པ་ཇི་ལྟ་བར་མི་བསྐྱོད་པ་དང་རྣམ་པར་སྣང་མཛད་དང་རིན་ཆེན་འབྱུང་ གནས་དང་། འོད་དཔག་མེད་དང་དོན་ཡོད་གྲུབ་པ་རྣམས་ཀྱིས་སོ། །སེང་གེ་མ་ལ་སོགས་པ་རྣམས་ལ་མི་བསྐྱོད་པ་དང་རྣམ་པར་སྣང་མཛད་དང་རིན་ཆེན་འབྱུང་བ་དང་འོད་དཔག་ཏུ་མེད་པ་རྣམས་ཀྱིས་སོ། །རྒྱལ་པོའི་དབང་མོ་ལ་སོགས་པ་རྣམས་ལ་ཡང་རྣམ་ པར་སྣང་མཛད་དང་རིན་ཆེན་འབྱུང་བ་དང་འོད་དཔག་མེད་དང་དོན་ཡོད་གྲུབ་པ་རྣམས་ཀྱིས་སོ། །རོའི་རྗེས་སུ་མཆོད་པའི་ལྷ་མོ་སྤྲོས་པ་རྣམས་ཀྱིས་བདག་ཉིད་མཆོད་ནས་བསྟོད་དུ་བཅུག་སྟེ་དེས་བསྟབས་པའི་བདུད་རྩི་མྱངས་ལ། བདེ་བ་ཆེན་པོའི་པདྨར་ཟླ་བའི་ དཀྱིལ་འཁོར་ལ་གནས་པ་ཁ་ཐུར་དུ་ཕྱོགས་པ་སྨིན་མའི་དབུས་སུ་ཆགས་པའི་ཐིག་ལེ་ཧཱུྃ་ཡིག་སྟེ། བདུད་རྩིའི་རྒྱུན་འཛག་པ་ཉིད་ཀྱིས་ཆར་རྒྱུན་འབབ་པར་བསམ་པར་བྱའོ་ཞེས་པ་ཐིག་ལེའི་རྣལ་འབྱོར་ནང་དུ་འདུས་པའི་ཕྲ་མོའི་རྣལ་འབྱོར་གྱི་བར་མ་ཆད་དུ་སྐྱོན་ཨོཾ་ཧྲཱིཿ སྭཱ་ཧཱ་ཞེས་པའི་སྔགས་འབུམ་ཕྲག་གསུམ་བཟླས་ཤིང་རྡོ་རྗེ་མཁའ་འགྲོ་མ་ལ་སོགས་པ་རྣམས་ཀྱིས་ཡང་འཆད་པར་འགྱུར་བའི་སྔགས་རྣམས་ཏེ། མངོན་པར་འདོད་པའི་དངོས་གྲུབ་འཐོབ་པོ་ཞེས་པའོ། །དཔལ་ཡང་དག་པར་སྦྱོར་བའི་རྒྱུད་ཀྱི་རྒྱ་ཆེར་འགྲེལ་པ་ མན་ངག་གི་སྙེ་མར་སྙེ་མ་བཅུ་པའོ།། །།བདག་མེད་མ་ལ་སོགས་པ་རྣལ་འབྱོར་མའི་འཁོར་ལོའི་དབང་དུ་བྱས་ནས་བར་མའི་རིམ་པས་རྒྱས་པར་སྟོན་པའི་དོན་དུ་གསུངས་པ། དེ་ནས་ཞེས་པ་ལ་སོགས་པ་སྟེ། ཇི་ལྟར་བཅོམ་ལྡན་འདས་ཀྱིས་གསུངས་པ་ དེ་ལྟར་མདོར་བསྡུས་ཏེ་བཤད་པར་བྱ་ཞེས་པ་སྡུད་པ་པོས་སོ། །ནམ་མཁའི་ཁམས་ཀྱི་ཚིག་གིས་སྟོང་པ་ཉིད་ཀྱི་བྱང་ཆུབ་ཀྱི་ངོ་བོ་ལ་རྣལ་འབྱོར་གཅིག་བསྟན་ཏོ། །དེའི་ཡན་ལག་གདན་དང་སྙིང་གའི་ས་བོན་ལ་སོགས་པ་བཏང་སྙོམས་ཀྱི་མཐར་ཐུག་པ་བསྒོམས་པ་ ནི་བདུན་པར་གསུངས་པར་བལྟ་བར་བྱའོ། །ནམ་མཁའི་དཀྱིལ་འཁོར་གྱི་དབུས་སུ་ཉི་མའི་དཀྱིལ་འཁོར་ཞེས་པ་འདིས་རེ་ཕས་སྔོན་དུ་ཉི་མ་ཞེས་པ་ལ་སོགས་པ་གསལ་བར་བྱས་སོ། །རྡོ་རྗེ་གུར་ཡང་སྟེ་ས་བོན་བསྡུ་བའི་དོན་དུའོ། །དེའི་རྗེས་སུ་སྔོན་དུ་མཆོད་ཅིང་སྟོང་ པར་གྱུར་པ་ལས་ཡུད་ཀྱིས་བལྟས་པའི་འདོད་པའི་ལྷ་ཡོངས་སུ་གྱུར་པ་ལས་ཟུར་གསུམ་པ་ཉིད་ཀྱི་ཆོས་འབྱུང་དང་ཆོས་མཐུན་པ་ཉིད་ཀྱི་ཕྱིར་དང་སྒྲིབ་པ་ཐམས་ཅད་སྤངས་པའི་ཕྱིར་སྟོན་ཀའི་ཟླ་བ་ལྟར་དཀར་བ་ཆེན་པོ། །སྐུ་གསུམ་གྱི་བདག་ཉིད་ཀྱི་རྡོ་རྗེ་འཛིན་པའི་རང་བཞིན་ཉིད་ ཀྱིས་ཟུར་གསུམ་གྱི་ཆོས་འབྱུང་གི་ཕྱག་རྒྱ་རྣམ་པར་བསམས་ཏེ། དེའི་དབུས་སུ་རྟེན་གྱི་འཁོར་ལོ་བསམ་པར་བྱའོ། །ཅི་ལྟར་ཞེ་ན། གསུངས་པ། འཁོར་ལོ་ཞེས་པ་སྟེ་ཁང་པ་བརྩེགས་པའོ། །སྔོན་ནི་དང་པོར་རོ། །ཇི་ལྟའི་ཚུལ་ནི་ཚུལ་ལས་མ་འདས་པ་སྟེ་ས་ལ་ སོགས་པ་ཡོངས་སུ་གྱུར་པའོ། །དེའི་རྗེས་སུ་ལྷ་རྣམས་ཇི་ལྟར་འབྱུང་བའོ་ཞེས་པ་རྣམ་པ་ལྔ་ལས་མ་འདས་པར་བསམ་པར་བྱའོ་ཞེས་རྗེས་སུ་འཇུག་གོ། །མདོར་བསྟན་པ་འདི་རྒྱས་པར་འཆད་དེ། འཁོར་ལོ་ཞེས་པ་དཀྱིལ་འཁོར་རོ། །ཐམས་ཅད་དུ་འབྲེལ་པར་བྱ་ སྟེ། སའི་དཀྱིལ་འཁོར་ཆུའི་དཀྱིལ་འཁོར་ཞེས་པ་ལ་སོགས་པའོ། །སྔོན་ཞེས་པ་དང་པོ་སྟེ་མེ་དང་རླུང་གི་དཀྱིལ་འཁོར་ལ་ལྟོས་ནས་ས་དང་ཆུའི་དཀྱིལ་འཁོར་དག་ཀྱང་རྒྱས་པར་བཤད་པའི་རིམ་པ་ཁོ་ན་ལས་སྔོན་མ་དང་ཕྱི་མའི་དངོས་པོ་ཤེས་པར་བྱའོ། །ཇི་ལྟའི་ ཚུལ་དུ་ཞེས་པ། རླུང་གི་དཀྱིལ་འཁོར་གྱི་སྟེང་དུ་མེའོ། །དེའི་སྟེང་དུ་ཆུ་དང་དེའི་སྟེང་དུ་སའི་དཀྱིལ་འཁོར་བསྒོམ་པར་བྱའོ་ཞེས་པ་འདི་ནི་ཚུལ་ཏེ། དེ་ལྟ་ཁོ་ནར་སྣོད་ཀྱི་འཇིག་རྟེན་གྱི་དཀྱིལ་འཁོར་རྣམས་གནས་པའི་ཕྱིར་རོ། །ལྷ་རྣམས་ཀྱི་ཞེས་པ་ཡང་ཐམས་ཅད་དུ་ འབྲེལ་བར་བྱ་སྟེ། དེ་དང་དེ་རྣམ་པར་དག་པའི་ངོ་བོ་སྤྱན་མ་ལ་སོགས་པའི་ལྷ་རྣམས་ཀྱི་དེའི་ངོ་བོར་དཀྱིལ་འཁོར་འདི་རྣམས་བལྟ་བར་བྱའོ་ཞེས་པའི་བར་རོ། །རླུང་ལ་སོགས་པ་རྣམས་ཀྱི་ས་བོན་ནི་ཡྃ་རྃ་བྃ་ལྃ་ཡིག་རྣམས་སོ། །སྒོམ་པ་པོ་ཞེས་པ་ནི་སྟོང་པ་ཉིད་དང་སྙིང་ རྗེ་དབྱེར་མེད་པའི་བྱང་ཆུབ་སེམས་ཀྱི་ངོ་བོའོ། །ཇི་ལྟར་འབྱུང་བཞིན་ནི་འབྱུང་ཚུལ་ལས་མ་འདས་པར་སྤྲུལ་པ་བཞིན་དུ་ས་ལ་སོགས་པའི་དཀྱིལ་འཁོར་རྣམས་བལྟ་བར་བྱའོ། །ཆོས་འབྱུང་ལས་བྱུང་ཞེས་པ་འདི་ཆོས་འབྱུང་དུ་བྱུང་ཞིང་སྐྱེ་བ་ཞེས་པའོ། །འཁོར་ལོ་ ནི་ཁང་པ་བརྩེགས་པ་སྟེ་འབྱུང་བ་ཆེན་པོ་བཞི་བསྡུས་པ་ལས་སྐྱེས་པ་ཞེས་ཤུགས་ལས་སོ། །རིམ་གཉིས་ཏེ་རྡོ་རྗེ་ཕྲེང་བས་ཡོངས་སུ་བཅད་པའི་འཕར་མ་གཉིས་དང་ལྡན་པ་ཉིད་ཀྱི་ཕྱིར་རོ། །དག་པ་ནི་ཤིན་ཏུ་དང་པ་ཉིད་ཀྱི་ཕྱིར་རོ། །ཉེས་མེད་པ་ནི་སྐྱོན་མེད་པ་ཉིད་ ཀྱི་ཕྱིར་རོ། །ཟེ་འབྲུ་ཡིས་ནི་གཅིག་ཏུ་འགྱུར། །ཞེས་པ་ཟེ་འབྲུས་ཉེ་བར་མཚོན་པ་པདྨ་འདབ་མ་བརྒྱད་པ་ནི་ནང་གི་འཕར་མའོ། །སྐུ་གསུམ་འཛིན་པའི་རྡོ་རྗེ་ཅན། །ཞེས་པ་སྐུ་གསུམ་གྱི་བདག་ཉིད་ཅན་རྡོ་རྗེ་འཛིན་པ་ཟུར་གསུམ་པའི་ཆོས་འབྱུང་གི་གཟུགས་ ཅན་ཆོས་འབྱུང་ལ་གནས་པའི་ཁང་པ་བརྩེགས་པའི་ནང་དུ་དབུས་ཀྱི་པདྨ་ལས་ཕྱི་རོལ་གཉིས་པ་ནི་ཕྱིའི་འཕར་མའོ་ཞེས་པའི་དོན་ཏོ། །གྲུ་བཞི་ཉིད་ལ་སོགས་པ་འདིའི་ཡོན་ཏན་རྣམས་ནི་འཆད་པར་འགྱུར་རོ། །གདན་རྣམས་ནི་ཟླ་བའི་དཀྱིལ་འཁོར་རྣམས་ སོ། །དེའི་ཞེས་པ་ཟླ་བ་དང་བཅས་པའི་རོའི་སྟེང་དུ་སྙིང་གར་ཟླ་བའོ། །ཉི་མ་མནན་ཞེས་པ་ཀུན་ནས་མནན་པ་སྟེ། དེ་ལ་ཟླ་བ་ལ་གནས་པའི་ས་བོན་གྱི་སྟེང་དུ་ཕྱི་ནས་བསྒོམ་པར་བྱའོ་ཞེས་པའི་དོན་ཏོ། །སྔར་ཇི་སྐད་བཤད་པ། ཨཱ་ལིས་ཟླ་བ་ཀཱ་ལིས་ཉི། །ས་བོན་ དབུས་སུ་སོན་པར་འགྱུར། །ཞེས་སོ། །གཉིས་འདུས་པ་ནི་བདེ་བ་ཆེན་པོ་ཞེས་པ། རྣམ་པར་ཤེས་པས་བྱིན་གྱིས་བརླབས་པར་ཞེས་པ་ལྷག་མ་སྟེ། དེ་ལྟ་ཁོ་ནར་སྐྱེ་བ་ལ་སོགས་པ་ལ་ཉམས་སུ་མྱོང་བ་ཉིད་ཀྱི་ཕྱིར་ན། འདིར་ཡང་དེ་ལྟ་ཁོ་ནར་རྣམ་ པར་ཤེས་པའི་ངོ་བོའི་ས་བོན་གྱིས་བྱིན་གྱིས་བརླབས་པར་ཟླ་བ་དང་ཉི་མ་འདུས་པ་འདི་བསྒོམ་པར་བྱའོ། །ཟླ་བ་དང་ཉི་མའི་ས་བོན་གསུངས་པ། གནས་ཞེས་པ་ལ་སོགས་པ། ཨཱ་ལི་ཀཱ་ལི་ཡོངས་སུ་གྱུར་པ་དག་དེ་དག་གོ། །གཽ་རཱི་ལ་སོགས་པ་རྣམས་ཀྱང་དེ་ལྟ་ཁོ་ནར་ བསྐྱེད་དོ་ཞེས་གསུངས་པ། ཟླ་བ་ཞེས་པ་ལ་སོགས་པ་སྟེ། ཟླ་བ་ཉི་མ་ལ་འདུས་པ་ཁོ་ན་རྒྱུ་ལ་འབྲས་བུ་ཉེ་བར་བཏགས་པ་ལས་གཽ་རཱི་ལ་སོགས་ཞེས་བཤད་དོ། །རྡོ་རྗེ་མ་ལ་སོགས་ཞེས་བརྗོད་པར་བྱ་བ་ལ། གཽ་རཱི་ལ་སོགས་ཞེས་གང་གསུངས་པ་ནི་དེ་རྣམས་རིམ་གྱིས་བསྐྱེད་ པ་བསལ་བའི་དོན་དུ་སྟེ། ཐམས་ཅད་དུས་གཅིག་ཁོ་ནར་བསྐྱེད་པའི་ཕྱིར་རོ། །འོ་ན་ཡེ་ཤེས་ལྔའི་རང་བཞིན་རྣམ་པ་ལྔ་མངོན་པར་བྱང་ཆུབ་པ་ལས་སངས་རྒྱས་ཉིད་དེ། ཡང་ཟླ་བ་ལ་སོགས་པ་བསྒོམ་པས་ནི་མ་ཡིན་ནོ་ཞེ་ན། གསུངས་པ། མེ་ལོང་ཞེས་པ་ལ་སོགས་པ་ སྟེ། འདི་རྣམས་གཟུགས་བརྙན་གྱི་ངོ་བོས་ཀུན་ནས་མཐོང་ངོ་ཞེས་པ་མེ་ལོང་སྟེ་ཤིན་ཏུ་དང་བའི་མེ་ལོང་ལ་སོགས་པའོ། །དེ་བཞིན་དུ་ཡེ་ཤེས་ཤིན་ཏུ་དང་བ་ཡང་མེ་ལོང་ཡེ་ཤེས་སུ་བརྗོད་པར་བྱ་སྟེ། གང་དུ་འགྲོ་བ་མེ་ལོང་ལ་བཞིན་དུ་སོ་སོར་སྣང་བ་དེ་དེའི་བདག་ཉིད་ ཀྱིས་འདིར་ཡོད་དོ་ཞེས་པ་མེ་ལོང་ཡེ་ཤེས་དང་ལྡན་པ་ནི་ཟླ་བ་སྟེ། ཟླ་བ་བསྒོམ་པ་ཁོ་ན་མེ་ལོང་ཡེ་ཤེས་བསྒོམ་པའོ་ཞེས་པའི་དོན་ཏོ། །འགྲོ་བ་ཐམས་ཅད་ཀྱི་ཡིད་ཤིན་ཏུ་དང་བ་ཟླ་བའི་ཚུལ་ཅན་ཁོ་ན་ནི་མེ་ལོང་ངོ་ཞེས་མངོན་པར་དགོངས་པའོ། །མཉམ་ཉིད་ཡེ་ཤེས་ནི་ གང་གིས་དེ་ལྟར་གཟུགས་བརྙན་དུ་འགྱུར་བའི་འགྲོ་བ་མཉམ་པ་ཉིད་དུ་རྟོགས་པ་སྟེ། དེའི་བདག་ཉིད་ནི། མཉམ་ཉིད་ཡེ་ཤེས་བདུན་བདུན་པ། །ཉི་མ་སྟེ་འདིའི་རྟ་བདུན་བདུན་པ་རྣམས་སོ་ཞེས་བྱས་ནས་སོ། །ཉི་མ་བསྒོམ་པ་ཁོ་ན་མཉམ་པ་ཉིད་ཀྱི་ཡེ་ཤེས་བསྒོམ་པ་ ཞེས་པའི་དོན་ཏོ། །ཟླ་བ་དང་ཉི་མ་འདུས་པ་ན་བདེ་བ་ཆེན་པོའི་རང་བཞིན་གྱི་ཡིད་ཀྱི་ཆོས་ཐམས་ཅད་གཟུགས་བརྙན་ལྟ་བུ་ཉིད་དུའང་དབྱེ་བ་རྣམས་མཐོང་བའི་ཕྱིར་སོ་སོར་རྟོག་པའི་ཡེ་ཤེས་ཏེ། གང་གིས་དེ་ལྟར་མཉམ་པར་གཞག་པ་ཁོ་ནས་སེམས་ཅན་རྣམས་ཀྱི་ སེམས་ཀྱི་སྤྱོད་པ་རྣམས་སོ་སོར་རྟོག་པར་མཛད་པའོ། །དེ་འདིར། རང་ལྷའི་ས་བོན་གྱི་ཕྱག་མཚན། །སོ་སོར་རྟོག་པར་བརྗོད་པར་བྱ། །ས་བོན་ལས་སྐྱེས་པ་ཉིད་ཀྱིས་དང་ས་བོན་གྱི་བྱིན་གྱིས་བརླབས་པ་ཉིད་ཀྱིས་ས་བོན་རྣམས་ཀྱིས་མཚན་པའི་རང་གི་ལྷའི་ཕྱག་ མཚན་ནི་སོ་སོར་རྟོག་པའི་ཡེ་ཤེས་སོ་ཞེས་པའི་དོན་ཏོ། །དེ་ནི་འགྲོ་བའི་དོན་ལ་ངེས་པར་སྤྱོད་པ་ལྷུར་ལེན་པ་གསལ་བར་གྱུར་པའོ་ཞེས་མངོན་པར་དགོངས་པའོ། །ས་བོན་རྣམས་ཀྱིས་ཞེས་པ་མང་པོའི་ཚིག་ནི་ལྷ་མོ་རྣམས་ཀྱི་ས་བོན་སྣ་ཚོགས་པ་ཉིད་ཀྱི་ཕྱིར་རོ། ། ཕྱག་མཚན་ཞེས་གཅིག་གི་ཚིག་ནི་བཅོ་ལྔ་རྣམས་ཀྱི་ཕྱག་མཚན་རྡོ་རྗེ་སྔོན་པོ་གཅིག་པ་ཉིད་ཀྱི་ཕྱིར་རོ། །བྱ་བ་སྒྲུབ་པ་ནི་གང་གིས་དེ་ལྟར་སོ་སོར་བརྟགས་པའི་འགྲོ་བའི་བྱ་བ་སྤྲུལ་བ་དཔག་ཏུ་མེད་པ་རྣམས་ཀྱིས་རྗེས་སུ་སྒྲུབ་པ་སྟེ། དེ་འདིར། ཀུན་གྱིས་གཅིག་གྱུར་རྗེས་ སུ་སྒྲུབ་པར་བརྗོད་པར་བྱ་ཞིང་། ཀུན་གྱིས་ཞེས་པ་ཟླ་བ་དང་ཉི་མ་དང་ས་བོན་དང་ཕྱག་མཚན་དང་སྤྲུལ་པ་རྣམས་ཀྱིས་དང་འགྲོ་བ་དང་ཡང་ལྷན་ཅིག་ཏུ་གཅིག་པ་ཉིད་དེ། རྣམ་པ་ཐམས་ཅད་དུ་སྤྲོས་པ་ཐམས་ཅད་ཉེ་བར་ཞི་བའི་ཕྱིར་རོ་མཉམ་འགྱུར་བ་ཡིན་ཞིང་། འདིར་ འདི་ནི་སྐད་ཅིག་གཅིག་ལ་མངོན་པར་བྱང་ཆུབ་པ་སྟེ། སྐད་ཅིག་ཁོ་ན་ལ་འགྲོ་བ་ཐམས་ཅད་སྤྲོས་པ་ཐམས་ཅད་དང་བྲལ་བ་ལ་དེ་ལྟར་མངོན་པར་བྱང་ཆུབ་པའི་ཕྱིར་རོ། །གཟུགས་རྫོགས་པ་ནི་དག་པའོ་ཞེས་པ། དེའི་བར་མ་ཆད་དུ་ལྷའི་རྣམ་པ་ཡོངས་སུ་རྫོགས་པ་ནི་ཤིན་ཏུ་རྣམ་པར་ དག་པའི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སོ་ཞེས་པའི་དོན་ཏོ། །དེ་ཁོ་ན་ཉིད་ཤིན་ཏུ་རྣམ་པར་དག་པའི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་ངོ་བོ་ཉིད་ཀྱི་ཕྱིར་རོ། །རྣམ་པ་ཡེ་ཤེས་ལྔའི་རང་བཞིན་རྣམས། །ཆོ་ག་བཤད་པས་དེ་ཟླ་བ་ལ་སོགས་པ་རྣམས་ཀྱིས་ཏེ། ལས་ དང་པོ་པས་དེ་ལྷག་པར་མོས་པས་དང་། ཅུང་ཟད་ཡོངས་སུ་རྫོགས་པ་ནི་ཆོ་ག་བཤད་པ་ཁོ་ནས་དེའི་དོན་ཅུང་ཟད་དངོས་སུ་བྱེད་པ་ལས་སོ། །འདིར་རྒྱུའི་ཡེ་ཤེས་བཞིའི་རང་བཞིན་ཉིད་ལ་ཡང་བདེ་བ་ཆེན་པོ་མོས་པ་པ་ཡོད་པ་ཁོ་ན་སྟེ། དེ་ཉིད་ཀྱི་ ཕྱིར་འདི་རྒྱུ་རྡོ་རྗེ་འཛིན་པར་བརྗོད་པར་བྱའོ། །རྣམ་པ་ལྔ་མངོན་པར་བྱང་ཆུབ་པ་ལ་ཡང་ནི་བདེ་བ་ཆེན་པོ་ལྷག་པར་མོས་པ་པ་སྟེ། དེ་ཉིད་ཀྱི་ཕྱིར་ལྷ་མོ་དང་ཡང་དག་པར་སྦྱོར་བ་ཉིད་ཀྱིས་བདེ་བ་ཆེན་པོ་མངོན་པར་བྱང་ཆུབ་པ་ཡོངས་སུ་རྫོགས་པ་ཁོ་ན་ལ་རྡོ་རྗེ་འཛིན་པ་ བསྐྱེད་པའོ་ཞེས་པས་དེ་ཁོ་ན་དངོས་པོར་ན་རྣམ་པ་ལྔ་མངོན་པར་བྱང་ཆུབ་པའོ། །དེ་ཁོ་ན་ཡང་འདིར་བདག་མེད་མ་དང་ཧེ་རུ་ཀའི་དཀྱིལ་འཁོར་དུ་བསྟན་ཏོ། །བདག་མེད་མའི་དཀྱིལ་འཁོར་འདིར་ནི་བདེ་བ་ཆེན་པོ་མན་ངག་ལས་རྟོགས་པར་བྱ་བ་ཡིན་གྱི། འདི་ལྟར་ཡུད་ ཀྱིས་མངོན་དུ་འགྱུར་བ་ཡང་མ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་འདི་ནི་བར་མའི་རིམ་པའོ། །ཤེས་རབ་དང་ཐབས་ཡང་དག་པར་སྦྱོར་བ་ཉིད་ན་ནི་དེ་ཡོངས་སུ་གསལ་ལོ་ཞེས་བདེ་བ་ཆེན་པོ་འདི་ཉེ་བར་སྟོན་ཏོ། །དེ་ཉིད་ཀྱི་ཕྱིར་ཡང་རྒྱུད་གཞན་རྣམས་སུ་ཟླ་བ་ལ་སོགས་པའི་ རིམ་པས་རྣམ་པ་ལྔ་མངོན་པར་བྱང་ཆུབ་པ་གསུངས་ན་ཡང་བདེ་བ་ཆེན་པོའི་ཚུལ་ཉིད་དུ་ཉེ་བར་སྟོན་པ་ནི་མ་ཡིན་ནོ། །རྣམ་པ་འདི་ལྟ་བུའི་རྣལ་འབྱོར་དང་རྣལ་འབྱོར་མའི་རྒྱུད་རྣམས་ཁོ་ནར་ནི་བདེ་བ་ཆེན་པོའི་རང་བཞིན་རྡོ་རྗེ་འཛིན་པའི་ས་ཡོངས་སུ་གསལ་ཞིང་དེའི་རྗེས་སུ་ འབྲང་བ་ལས་གཞན་དུ་ཡང་རྟོགས་པར་བྱའི། ལྷན་ཅིག་སྐྱེས་པའི་དབང་མེད་པར་ཉེ་བར་བསྟན་པ་ནི་མ་ཡིན་ཏེ། བཅོམ་ལྡན་འདས་ཀྱི་བཀའ་ཁོ་ནས་སོ། །ལྷན་ཅིག་སྐྱེས་པའི་དབང་ནི་རྣམ་པ་འདི་ལྟ་བུའི་རྒྱུད་རྣམས་ཁོ་ནར་རོ། །རྒྱུ་རྡོ་རྗེ་འཛིན་པ་མེད་པར་འབྲས་བུ་རྡོ་རྗེ་ འཛིན་པ་བསྐྱེད་པ་མ་ཡིན་ནོ་ཞེས་གསུངས་པ། ཨཱ་ལི་ཞེས་པ་ལ་སོགས་པའོ། །གདན་ནི་གདན་ནོ། །ཟླ་བ་དང་ཉི་མའི་དབུས་ན་གནས་པའི་ཕྱག་མཚན་གྱི་ནང་དུ་སོན་པའི་ས་བོན་གྱི་ངོ་བོ་ནི་འདིར་རྒྱུ་རྡོ་རྗེ་འཛིན་པའོ། །ཡི་གེ་ལས་བྱུང་ཞེས་པ་ཡི་གེ་ལས་སྐྱེས་པའི་གོང་ བུ་སྟེ་རྡོ་རྗེ་སེམས་དཔའི་སྐུ་ལ། ཧཱུྃ་ཞེས་པ་པདྨ་བསྐྱོད་པའི་དུས་སུ་བརྗོད་པར་བྱ་བཞིན་པ་དང་ཕཊ་ཡིག་སེར་པོ་རྡོ་རྗེ་རྩེ་མོ་བུ་ག་དག་ཏུ་བྱང་ཆུབ་ཀྱི་སེམས་བཟུང་བའི་ཆེད་དུ་བསྒོམ་པར་བྱ་བ་ནི་མི་འདོད་དེ། འདིར་མི་སྦྱོར་བའི་ཕྱིར་རོ་ཞེས་པ་ལྷག་མའོ། །སེམས་པའི་གཟུགས་ ལས་བྱུང་བ་ཞེས་པ་བཤད་མ་ཐག་པའི་རྒྱུ་རྡོ་རྗེ་འཛིན་པ་ལས་སྐྱེས་པའོ། །དཀྱིལ་འཁོར་དབང་མོ་ཞེས་པ་བདག་མེད་མའོ། །འདི་སྐད་གསུངས་ཏེ་ཡེ་ཤེས་བཞི་རྣམས་ནི་རྒྱུར་གྱུར་པ་རྣམས་ཏེ། ལྔ་པ་འབྲས་བུའི་ཞེས་པའོ། །དེ་ཅི་འབྲས་བུ་རྡོ་རྗེ་འཛིན་པ་ཡེ་ཤེས་ ལྔའི་རང་བཞིན་མེད་དམ་ཞེ་ན། དེ་ལྟར་མ་ཡིན་ཏེ་འདི་རྣམས་ཤིན་ཏུ་རྣམ་པར་དག་པ་རྣམས་དེའི་ངོ་བོར་སྐྱེ་བའི་ཕྱིར་ཡིན་ཞིང་། དབང་པོ་ལ་སོགས་པ་འབྱུང་བའི་རིམ་པས་སྤྲོ་བ་དང་སྡུད་པའི་རིམ་པས་དེ་རྣམས་ཁོ་ན་ཤིན་ཏུ་རྣམ་པར་དག་པ་རྣམས་སུ་མཐོང་བས་སོ། །སྔོན་ བཞིན་ཞེས་པ་མཆོད་པ་དང་སྡིག་པ་བཤགས་པ་ལ་སོགས་པའི་དོན་དུ་སྤྱན་དྲངས་པའི་བདག་མེད་མ་བཞིན་ནོ། །བཅོམ་ལྡན་འདས་ཀྱིས་ནི་ཞལ་དང་ཕྱག་མཚན་དང་རྒྱན་ལ་སོགས་པ་མ་རྟོགས་པར་མཛད་མོད། རྡོ་རྗེ་སྙིང་པོས་སྔ་མ་ཕྱི་མར་ཡང་སྡུད་པ་ནི་ཟློས་པས་ འཇིགས་པ་ལས་ཕྱིས་ཁོ་ན་སྟེ་བཅོམ་ལྡན་འདས་ཀྱི་བཀའ་ཁོ་ན་ཡིས་སོ། །བཅོམ་ལྡན་འདས་ཀྱིས་བཞིན་དུ་བླ་མས་སྔོན་དུ་རྟོགས་སུ་གཞུག་པར་བྱའོ་ཞེས་མངོན་པར་དགོངས་པས་སོ། །ཟླ་བ་ཆུ་ཤེལ་ནོར་བུ་ནི་མཚན་མ་མེད་པའི་ཟླ་བ་གང་བ་ལྟ་བུ་སྟེ། དེའི་འོད་ ལྟ་བུ་གང་གི་འོད་ཡིན་པ་སྟེ། ཟླ་བའི་འོད་ཅན་ཞེས་པའི་དོན་ཏོ། །འདི་ནི་གདན་ཡང་ཉེ་བར་མཚོན་པ་སྟེ། དྲག་མོ་ཉིད་ན་ཡང་ལྷ་མོ་ཟླ་བའི་གདན་དང་ཟླ་བའི་འོད་ཅན་ནོ་ཞེས་པའི་དོན་ཏོ། །དེ་ལྟར་ཐམས་ཅད་ཅེས་པ་དེ་ལས་གཞན་པའི་རྣལ་འབྱོར་མ་བཅུ་བཞི་ རྣམས་སོ། །ཤེས་རབ་ཐབས་ཀྱི་རང་བཞིན་ལས་ཞེས་པ་སོ་སོར་རྟོག་པ་དང་བྱ་བ་སྒྲུབ་པའི་ཡེ་ཤེས་དག་ཀྱང་དེའི་རང་བཞིན་ཉིད་ཀྱི་ཕྱིར་རོ། །འདི་ཉིད་ཀྱི་རྒྱས་པར་སྟོན་པ་གསུངས་པ། ཤེས་རབ་ཨཱ་ལི་ཞེས་པ་ལ་སོགས་པའོ། །ཡི་གེའི་དབྱེ་བ་ཞེས་པ། ཨཱཾ་ཨིཾ་ ཨཱིཾ་ཨུཾ་ཨཾ་ལྀཾ་ཨེཾ་ཨཻཾ་ཨོཾ་ཨཱུཾ་རྀཾ་རཱྀཾ་ལཱྀཾ་ཨེཾ་ཨཾ་ཞེས་པའི་ས་བོན་གྱི་དབྱེ་བ་རྡོ་རྗེ་མ་ལ་སོགས་པ་རྣམས་ཀྱིའོ། །ཕུང་པོ་ལྔའི་རང་བཞིན་གྱིས། །ཞེས་པ་དེ་དང་དེའི་དོན་རྣམ་པར་དག་པའི་རང་བཞིན་དུ་རྣལ་འབྱོར་མ་རྣམས་བསྒོམ་པར་བྱའོ། །འདི་ལྟ་ཁོ་ནར་ ནི་མ་ཡིན་ནོ་ཞེས་སྟོན་ཏོ། །གཽ་རཱི་ལ་སོགས་པ་རྣམས་དང་རྡོ་རྗེ་མ་ལ་སོགས་པ་ཕྱོགས་སུ་གནས་པ་རྣམས་ཏེ། པུཀྐ་སཱི་ལ་སོགས་པ་རྣམས་དབང་ལྡན་ལ་སོགས་པའི་མཚམས་སུ་གནས་པ་སྟེ་གཡས་སྐོར་གྱིས་སོ། །འོག་སྲུང་ངོ་ཞེས་པ་འོག་སྲུང་མ་སྟེ། དེ་བཞིན་དུ་སྟེང་ སྲུང་མའོ། །དེ་ནས་ཀྱང་སུ་དག་ཅེ་ན། གསུངས་པ། མཁའ་སྤྱོད་མ་དང་ས་སྤྱོད་ཅེས་པ་སྟེ་ས་སྤྱོད་མ་སྲིད་པའི་རང་བཞིན་གྱིས་གནས་པ་སྟེ། འོག་ཏུ་འགྲོ་བ་ཉིད་ཀྱི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་དེ་འོག་ཞལ་མའོ། །མཁའ་སྤྱོད་མ་མྱ་ངན་ལས་འདས་པའི་རང་བཞིན་གྱིས་ གནས་པ་སྟེ་སྟེང་དུ་འགྲོ་བ་ཉིད་ཀྱི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་དེ་སྟེང་དུ་ལྟ་བའོ། །དངོས་སུ་གནས་པ་ཞེས་པ་བདག་མེད་མའི་འོག་ནུབ་ཀྱི་ངོས་སུ་ས་སྤྱོད་མ་དང་། སྟེང་ཤར་གྱི་ངོས་སུ་མཁའ་སྤྱོད་མའོ། །ཁ་དོག་སྣ་ཚོགས་པ་ཞེས་པ་ཕྱིའི་འཕར་མར་གནས་པའི་བརྒྱད་ པོ་རྣམས་ཕྱག་བཅུ་དྲུག་པའི་དཀྱིལ་འཁོར་བཞིན་དུ་སེར་མོ་ལ་སོགས་པའི་མདོག་ཅན་རྣམས་སོ། །ཆེར་དྲག་པ་ཞེས་པ་ལ་སོགས་པའི་ཁྱད་པར་རྣམས་ཐམས་ཅད་རྣམས་ཀྱིས་ཏེ། ཁྱད་པར་ནི་རྩ་བ་ཁོ་ན་ལའོ། །འཁོར་ལོ་ཅན་ལ་སོགས་པ་རྣམས་ནི་མགོ་དང་རྣ་བ་ དང་མགུལ་བ་དང་ལག་པ་དང་རྐེད་པ་རྣམས་ལའོ། །འདི་འདྲ་བ་ཞེས་པ་ཁ་དོག་སྔོན་པོར་མཚུངས་པ་མ་གཏོགས་པའོ། །བདག་མེད་མ་ཅི་ལྟ་བུ་ཞེ་ན། གསུངས་པ། རྣལ་འབྱོར་སྣོད་ཅེས་པ་སྟེ། ཁྲག་གིས་གང་བའི་ཐོད་པའོ། །འོད་འབར་ཞེས་པ་སྐུ་ཡིས་འབར་ ཞིང་སེམས་ཀྱི་འོད་དོ། །མདོག་སྔོན་ཞེས་པ་འདིས་ནང་གི་འཕར་མར་བཞུགས་པ་རྣམས་དང་ས་སྤྱོད་མ་དང་མཁའ་སྤྱོད་མ་ཡང་མདོག་སྔོན་མོ་རྣམས་སོ་ཞེས་གསུངས་སོ། །དེ་ཞེས་པ་བདག་མེད་མའོ། །ཕྱག་བཅུ་དྲུག་པའི་དཀྱིལ་འཁོར་བཞིན་དུ་འདིར་ཡང་སྒོ་ སྲུང་མ་རྣམས་དང་མཆོད་པའི་ལྷ་མོ་རྣམས་རྟོགས་པར་བྱ་སྟེ། ཁྱད་པར་གསུངས་པ་ནི་ལྷོ་ཞེས་པ་ལ་སོགས་པ་ཤར་དང་ནུབ་དག་ཉེ་བར་མཚོན་པའོ། །དེ་ལ་ཤར་གྱི་སྒོར་རྟ་གདོང་མ་དཀར་སྔོའོ། །ལྷོ་རུ་ཕག་གདོང་མ་སེར་སྔོའོ། །ནུབ་ཏུ་ཁྱི་གདོང་མ་དམར་སྔོའོ། །བྱང་ དུ་སེང་གདོང་མ་ལྗང་སྔོ་མའོ། །བཞི་པོ་འདི་རྣམས་ཀྱང་གྲི་གུག་དང་ཐོད་པ་འཛིན་པའི་ཕྱག་གཉིས་མ་མིང་དང་རྗེས་སུ་མཐུན་པའི་ཞལ་གཅིག་མ་རྣམས་སོ། །བཞད་ཅིང་ཁྲོ་ལ་སྒེག་པ་སྟེ། །ཞེས་པ་ནི་ལྷ་མོ་ཉི་ཤུ་རྩ་གསུམ་པོ་རྣམས་ཀྱི་འང་ཁྱད་པར་རོ། །དེ་མཆོད་པའི་ གཟུགས་ཞེས་པ། དབང་ལྡན་ལ་སོགས་པའི་མཚམས་རྣམས་སུ་གླིང་བུ་མ་དང་པི་ཝང་མ་དང་རྔ་ཟླུམ་མ་དང་རྫ་རྔ་མའི་ལྷ་མོ་རྣམས་སྔོན་བཞིན་དུ་རིག་པར་བྱའོ། །འདིས་ནི་སྟོང་པ་ཉིད་ལ་སོགས་པའི་རྣལ་འབྱོར་གསུམ་གསུངས་སོ། །དེའི་རྗེས་སུ་བསྒོམ་པར་བྱ་བའི་རྣལ་ འབྱོར་བཞི་པ་གསུངས་པ། གསུམ་ཞེས་པ་ལ་སོགས་པ་སྟེ། དེ་ཉིད་གསུམ་གྱི་ངོ་བོ་རྣམས་ནི་ཨོཾ་ཨཱཿཧཱུྃ་གི་ཡི་གེ་རྣམས་ཏེ། དེ་རྣམས་ཀྱིས་མགོ་དང་མགྲིན་པ་དང་སྙིང་ག་རྣམས་སུ་ལྡན་པར་བདག་ཉིད་དོ། །དབུས་སུ་ཞེས་པ། དབུས་མའི་སྟན་ལ་གནས་ནས་མཱ་སྟེ་རང་ དང་གཞན་གྱི་དོན་ཕུན་སུམ་ཚོགས་པ་འདིའི་ཞེས་བྱས་ནས་སོ། །འདི་ནི་འདིར་མངོན་པར་རྟོགས་པའི་རིམ་པ་སྟེ། རང་གི་སྙིང་གའི་ས་བོན་གྱིས་བཀུག་པའི་བདག་མེད་མའི་དཀྱིལ་འཁོར་ལ་ལྷ་མོ་བརྒྱད་པོ་རྣམས་ཀྱིས་ཡང་དག་པར་མཆོད་དེ་སྡིག་པ་བཤགས་པ་ལ་ སོགས་པ་ནས་ཇི་སྲིད་གཞལ་ཡས་ཁང་གི་བར་དུའོ། །དེར་དཀྱིལ་འཁོར་འཕར་མ་གཉིས་པ་རོའི་གདན་ཉི་ཤུ་རྩ་གསུམ་དང་བཅས་པ་སྟེ། རོ་སོ་སོའི་སྙིང་གར་ཟླ་བ་ལ་ཨཱ་ལི་ཀཱ་ལི་ལས་སྐྱེས་པའི་ཟླ་བ་ཉི་མ་དང་རང་རང་གི་ས་བོན་ལས་སྐྱེས་པའི་ཕྱག་མཚན་ས་བོན་ཅན་ ཡོངས་སུ་གྱུར་པའི་རྣལ་འབྱོར་མ་ཉི་ཤུ་རྩ་གསུམ་རྣམས་བསྒོམ་པར་བྱའོ། །དེའི་རྗེས་སུ་ཧེ་རུ་ཀ་གསུམ་གྱི་མངོན་པར་རྟོགས་པ་བཞིན་དུ་མིག་ལ་སོགས་པ་བྱིན་གྱིས་བརླབས་པ་ནས་ཇི་སྲིད་དབང་བསྐུར་གྱི་བར་དུ་བསམས་ཏེ། བདག་མེད་མ་དང་རྡོ་རྗེ་མ་དང་གཽ་རཱི། དང་ཆུ་མ་དང་རྡོ་རྗེ་མཁའ་འགྲོ་མ་རྣམས་མི་བསྐྱོད་པ་དང་རྣམ་པར་སྣང་མཛད་དང་རིན་ཆེན་འབྱུང་བ་དང་། འོད་དཔག་མེད་དང་དོན་ཡོད་གྲུབ་པ་རྣམས་ཀྱིས་དང་། གཽ་རཱི་དང་ཙཽ་རཱི་དང་བེ་ཏཱ་ལཱི་དང་གྷསྨ་རི་རྣམས་དང་པུཀྐ་སཱི་དང་རི་ཁྲོད་མ་དང་གཏུམ་མོ་དང་ གཡུང་མོ་རྣམས་མི་བསྐྱོད་པ་དང་རྣམ་པར་སྣང་མཛད་དང་རིན་ཆེན་འབྱུང་བ་དང་འོད་དཔག་མེད་རྣམས་ཀྱིས་དང་ས་སྤྱོད་མ་རྣམ་པར་སྣང་མཛད་ཀྱིས་དང་། མཁའ་སྤྱོད་མ་འོད་དཔག་མེད་ཀྱིས་དང་། རྟ་གདོང་མ་ལ་སོགས་པ་རྣམས་རྡོ་རྗེ་ལྕགས་ཀྱུ་མ་ལ་སོགས་པ་བཞིན་དང་། གླིང་བུ་མ་ལ་སོགས་པ་རྣམས་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་བཞིན་རྒྱས་གདབ་པར་བྱའོ། །དེ་ལས་གཞན་ཐམས་ཅད་ཧེ་རུ་ཀ་གསུམ་གྱི་མངོན་པར་རྟོགས་པར་བཤད་པ་རྟོགས་པར་བྱའོ་ཞེས་པའོ། །དཔལ་ཡང་དག་པར་སྦྱོར་བའི་རྒྱུད་ཀྱི་རྒྱ་ཆེར་འགྲེལ་པ་མན་ངག་གི་ སྙེ་མར་སྙེ་མ་བཅུ་གཅིག་པའོ།། །།བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་འགྲུབ་པ་དང་། དངོས་གྲུབ་གཞན་རྣམས་ཀྱང་དཀྱིལ་འཁོར་སྔོན་མ་ཅན་ནོ་ཞེས། བསྒོམ་བྱའི་དཀྱིལ་འཁོར་དང་འདྲ་བའི་བྲི་བྱའི་དཀྱིལ་འཁོར་བཤད་པའི་ཆེད་དུ་གསུངས་པ། དེ་ནས་ ཞེས་པ་ལ་སོགས་པའོ། །དེའི་ཕྱིར་ཞེས་པ་གང་གི་ཕྱིར་འདི་མེད་པར་དངོས་གྲུབ་རྣམས་མེད་པའིའོ། །དཀྱིལ་འཁོར་ཆེན་པོ་ཞེས་པ་རྒྱུ་དང་འབྲས་བུའི་བདག་ཉིད་ཀྱི་ཕྱིར་དང་འཇིག་རྟེན་ལས་འདས་པའི་ཡོན་ཏན་དང་ལྡན་པའི་ཕྱིར་ཆེན་པོ་ཡང་དེ་ཡིན་ལ་དཀྱིལ་འཁོར་ ཡང་སྟེ། བྱང་ཆུབ་ཀྱི་སེམས་སྔར་ཇི་སྐད་བཤད་པའོ། །དེའི་ངོ་བོར་ལྷག་པར་མོས་པའི་ཕྱིར་རྡུལ་ཚོན་གྱི་དཀྱིལ་འཁོར་ཡང་དཀྱིལ་འཁོར་ཆེན་པོར་བརྗོད་པར་བྱའོ། །དེ་ཉིད་ཀྱིས་ན་མཆོག་གོ། །དེ་ཉིད་གསལ་བར་བྱེད་པ་ནི་རྡོ་རྗེ་ཞེས་པ་ལ་སོགས་པ་སྟེ། རྡོ་རྗེ་སྟོང་པ་ ཉིད་འདིའི་དབྱིངས་ཏེ་རང་བཞིན་ཡིན་པས་རྡོ་རྗེ་དབྱིངས་ཏེ། བྱང་ཆུབ་སེམས་ཀྱི་བདག་ཉིད་རྡོ་རྗེ་འཛིན་པའོ། །དེ་གསལ་བར་བྱེད་པའི་ཕྱིར་དང་དེའི་བདག་ཉིད་དུ་མོས་པའི་ཕྱིར་དེ་དང་འདྲ་བའི་རྣམ་པ་འདིའི་ཡིན་པ་ནི་དེ་སྐད་དོ། །ཡང་ན་གལ་ཏེ་བྱང་ཆུབ་ཀྱི་སེམས་རྡོ་རྗེའི་ དཀྱིལ་འཁོར་ཡིན་ན་དེ་ལྟ་ན་རིགས་དྲུག་གི་བདག་ཉིད་དུ་གྱུར་པ་མ་ཡིན་ནོ་ཞེ་ན། གསུངས་པ་རྡོ་རྗེ་ཞེས་པ་ལ་སོགས་པའོ། །དཀྱིལ་འཁོར་དེ་ནི་རིགས་དྲུག་གི་བདག་ཉིད་ཁོ་ན་སྟེ། གང་གི་ཕྱིར་རྡོ་རྗེ་དབྱིངས་དང་རྡོ་རྗེ་འཛིན་པ་དང་འདྲ་བ་བདག་པོའི་རོར་ལྡན་པ་ཉིད་ཀྱིས་ ན་རྣམ་པར་བྱ་བའོ་ཞེས་པས་རྣམ་པ་རྣམས་ཏེ་རྣམ་པར་སྣང་མཛད་ལ་སོགས་པ་རྣམས་གང་དུ་ཡིན་པ་དེ་ནི་དེ་སྐད་དོ། །དེ་ཉིད་ཀྱི་ཕྱིར་རྡོ་རྗེ་དབྱིངས་ཞེས་པར་འདིའི་མཚན་དེ་ཁོ་ན་ཉིད་བསྡུས་པ་ལ་སོགས་པའི་རྒྱུད་རྣམས་སུ་རྒྱས་པར་བརྗོད་དོ། །ཡང་དག་སྦྱངས་ནས་ཞེས་ པ་ཆོ་ག་ཇི་ལྟ་བར་ས་ཡོངས་སུ་གཟུང་བ་ལ་སོགས་པ་རྣམས་ཀྱིས་སོ། །ཕྱག་རྒྱ་ཆེན་པོ་ནི་ལྷའི་སྐུ་སྟེ། དེ་ཡོངས་འཛིན་པ་གང་དུ་དེ་ཇི་ལྟ་བར་འགྱུར་བ་སྟེ། ཆོ་ག་ཇི་ལྟ་བར་བསྒོམས་པས་སམ་མྱུར་བས་ཀྱང་རུང་ལྷག་པའི་བདག་པོའི་རྣལ་འབྱོར་སྔོན་མ་ཅན་གྱིས་ཞེས་པའི་ དོན་ཏོ། །འདི་ནི་སྟེ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་རོ། །སྔགས་པས་ཞེས་པ་ཇི་ལྟར་རིགས་པར་སྔགས་འདོན་ཅིང་། དཀྱིལ་འཁོར་གྱི་གནས་ཐམས་ཅད་བགེགས་བསྐྲད་པའི་དོན་དུ་བལྟའོ། །གསར་པ་བྱུང་ནས་ཡུན་རིང་པོ་མ་ལོན་པ་ལོངས་མ་སྤྱད་པ་སྲ་བས་སོ། ། ལེགས་སྦྱར་བ་སྟེ་ལེགས་པར་བསྒྲིལ་བ་དང་ཡེ་ཤེས་ཀྱི་སྐུད་པར་བྱས་པས་སོ། །ལེགས་པར་ཚད་ལྡན་ནི་དཀྱིལ་འཁོར་གྱི་དཀྱུས་ཀྱི་ཚད་ཉིས་འགྱུར་དུ་རིང་བས་སོ། །མཛེས་པ་སྟེ་ཁ་དོག་ལྔ་དང་ལྡན་པས་དང་མདུད་པ་མེད་པས་སོ། །ཤེས་རབ་ཅན་ནི་དཀྱིལ་ འཁོར་གྱི་ཆོ་ག་ཤེས་པ་དང་རི་མོ་ལ་སོགས་པའི་ལས་ལ་མཁས་པའོ། །ཇི་བཞིན་ཏེ་ཁྲུ་གང་ལ་སོགས་པའི་ཚད་ཀྱི་ཁྱད་པར་གྱིས་སོ། །གང་གསུངས་པ། ཁྲུ་གང་ནས་ནི་བརྩམས་ནས་ནི། །ཇི་སྲིད་ཁྲུ་ནི་སྟོང་གི་བར། །ཞེས་སོ། །ནུས་པས་ཞེས་ པ་འདྲི་བའི་ཡོ་བྱད་ཉེ་བར་སྒྲུབ་པ་ལ་སོགས་པའི་ནུས་པ་ངེས་པར་བཟུང་ནས་སོ། །དེ་ལྟ་ན་ཡང་མི་མཁས་པའི་དཀྱིལ་འཁོར་གྱི་ཚད་ངེས་པ་སེལ་བར་བྱེད་དོ། །དཀྱིལ་འཁོར་ནི་འཁོར་ལོ་སྟེ། འཁོར་ལོ་དཀྱིལ་འཁོར་ཞེས་སུ་བརྗོད། ཅེས་གསུངས་ པའི་ཕྱིར་རོ། །སངས་རྒྱས་དང་སངས་རྒྱས་མ་ཡིན་པ་མཉམ་པ་ཉིད་ཀྱིས་ནི་མི་མཉམ་པ་མེད་པ་ཉིད་ལས་གྲུ་བཞི་པ་སྟེ་ཟུར་བཞི་པའོ། །སྒོ་རྣམས་ནི་འཁོར་ལོའི་བརྒྱད་ཆ་ཅན་རྣམས་སོ། །རྟ་བབས་རྣམས་ཀྱི་ཚད་ནི་སྒོའི་སུམ་འགྱུར་རོ། །ཐིག་བཞི་དང་ནི་ ཡང་དག་ལྡན། །ཕྱོགས་བཞིའི་ཐིག་རྣམས་དང་ཟུར་ཐིག་རྣམས་ཀྱིས་མཉམ་པར་བྱས་པའོ། །ཐམས་ཅད་དུ་སྟེ་བཞི་རྣམས་སུ། སྒོ་དང་སྒོ་ཁྱུད་རྣམས་ཀྱི་མཚམས་རྣམས་སུ་སྟེ་བརྒྱད་རྣམས་སུ་སྒོ་དང་སྒོ་ཁྱུད་དག་གི་མཚམས་འདི་ནི་ཕྱི་རོལ་ལོ། །རིན་ཆེན་རྡོ་རྗེ་རྣམས་ཀྱི་སྟེ་ཟླ་བ་ ཕྱེད་པ་ལ་གནས་པའི་རིན་པོ་ཆེའི་སྟེང་དུ་རྡོ་རྗེ་རྣམས་ཀྱིས་སོ། །དེའི་ཞེས་པ་ཕྱིའི་དཀྱིལ་འཁོར་གྱིའོ། །འཁོར་ལོ་འདྲ་བ་ནི་ཟླུམ་པོ་སྟེ་དེའི་དབུས་སུ་འཁོར་ལོ་ནི་ཡོངས་སུ་ཟླུམ་པོ་ཀུན་ནས་བྲི་ཞེས་པའི་གསུང་ལས་སོ། །དེ་ཡང་ཕྱིའི་དཀྱིལ་འཁོར་གྱི་ཕྱེད་ཀྱིས་ཏེ། གྲོང་སྟེ་དཀྱིལ་ འཁོར་སླར་ཡང་ཐིག་གདབ་པར་བྱའོ། །རྡོ་རྗེ་སྐུད་པ་ནི་རྡོ་རྗེ་སྔོན་པོའི་ཕྲེང་བའི་སྐུད་པ་དག་སྟེ། དེ་དག་གིས་ཡོངས་སུ་བཅད་པ་ནི། གང་ལས་ནང་གི་དཀྱིལ་འཁོར་གྱི་མཐར་ཐིག་ཟླུམ་པོ་གཉིས་ཀྱི་དབུས་སུ་རྡོ་རྗེ་ཕྲེང་བ་འདི་ཡིན་པའོ། །འཁོར་ལོའི་ཀ་བ་དག་དང་རིན་པོ་ ཆེའི་ཀ་བ་དག་དང་པདྨའི་ཀ་བ་དག་དང་རལ་གྲིའི་ཀ་བ་དག་ཅེས་པ་ཀ་བ་བརྒྱད་རྣམས་སོ། །རྡོ་རྗེ་ཀ་རྩེའི་གནས་རྣམས་སུ། །ཞེས་པ། རྡོ་རྗེ་སྟེ་རྡོ་རྗེ་ཕྲེང་བ་གནས་པ་རྣམས་ཀྱིས་མཚན་པའི་ཀ་བའི་རྩེ་མོ་དེ་རྣམས་ཀྱི་གནས་ནི་ཡང་དག་པའི་གནས་རྣམས་ཏེ། དེ་རྣམས་ཡོད་ པ་ན། ནང་གི་རེ་མིག་དང་ལྷན་ཅིག་དཀྱིལ་འཁོར་ལྔ་རྣམས་ཀྱི་བཞིན་དུ་དེ་བཞིན་གཤེགས་པའི་རེ་མིག་རྣམས་ཀྱིས་བརྒྱན་ཅིང་སྤྱན་མ་ལ་སོགས་པའི་རེ་མིག་རྣམས་དང་ལྷན་ཅིག་དགུ་རྣམས་ཀྱིས་སོ། །སྔར་གསུངས་པ་ནི་དེ་བཞིན་གཤེགས་པ་རྣམས་བདག་པོ་ཉིད་དུ་ རྟོགས་པར་དགོངས་པས་སོ། །ནང་གི་རེ་མིག་སྤངས་ནས་བརྒྱད་རྣམས་ཀྱིས་བརྒྱན་པ་སྟེ། དེ་སྐད་དུ་ཡང་གསུངས་པ། དེ་ཡི་ནང་གི་འཁོར་ལོ་ནི། །དཀྱིལ་འཁོར་བརྒྱད་པ་ལྟ་བུ་ཡིན། །ཕྱི་ཡི་འཁོར་ལོའི་ཕྱེད་ཀྱིས་ཏེ། །ཀུན་ནས་ཡོངས་སུ་ཟླུམ་པོ་ཡི། །འཁོར་ ལོ་ཀ་བ་སོགས་པས་སྤྲས། །རྡོ་རྗེ་ཕྲེང་བས་བསྐོར་བ་དགེ། །ཞེས་སོ། །དཀྱིལ་འཁོར་བརྒྱད་པ་ལྟ་བུ་ནི་དཀྱིལ་འཁོར་བརྒྱད་པ་འདྲ་བའོ། །སངས་རྒྱས་གཟུགས་ཞེས་པ་གནས་ཇི་ལྟ་བར་ཟླ་བ་ལ་སོགས་པའི་གདན་རྣམས་བྲིས་ལ། ཇི་ལྟར་རིགས་པར་རྡོ་རྗེ་འཛིན་པ་ལ་ སོགས་པ་རྣམས་ཀྱི་ས་བོན་ནམ་ཕྱག་མཚན་རྣམས་སམ། ལག་པའི་ཕྱག་རྒྱ་རྣམས་བྲི་བར་བྱའོ། །དེ་སྐད་དུ་ཡང་མངོན་པར་བརྗོད་པ་ཕྱི་མའི་རྒྱུད་དུ་གསུངས་པ། བྲི་བའི་དཀྱིལ་འཁོར་དང་པོ་སྟེ། གཉིས་པ་མཚན་མའི་དཀྱིལ་འཁོར་རོ། །གསུམ་པ་ལག་པའི་ཕྱག་རྒྱ་ སྟེ། བཞི་པ་གཟུགས་སུ་འགྱུར་བའོ། །ལྔ་པ་མེ་ཏོག་མཆོད་པ་སྟེ། །དྲུག་པ་ཚོགས་ཀྱི་དཀྱིལ་འཁོར་རོ། །ཞེས་སོ། །གཟུགས་ནི་ཐང་ཀར་བྲིས་པ་དང་བརྐོས་པ་དང་ལུགས་མ་དང་གསར་མའི་ལས་ཀྱིས་འདུས་བྱས་པའོ། །ཤེས་རབ་དང་ཐབས་ཀྱི་བདག་ཉིད་ ཅན་ཕྱག་རྒྱ་ཆེན་པོའི་སྐུ་ནི་རྡུལ་ཚོན་དུ་སོན་པ་མ་ཡིན་ཏེ། མུ་སྟེགས་རྣམས་ལ་ཕན་དོན་དུ། །སངས་རྒྱས་བཙུན་མོ་སྦས་པ་ཡིན། །ཞེས་གསུངས་པའི་ཕྱིར་རོ། །སྐལ་བ་མེད་པའི་སྐྱེ་བོ་འདུས་པ་ན་ཡི་གེ་དང་གཟུགས་དག་ཀྱང་མ་ཡིན་པ་ཁོ་ནའོ། །ལྷའི་ཁྱིམ་ ཞེས་པ་ཉེ་བར་མཚོན་པ་སྟེ་ཡིད་དང་རྗེས་སུ་མཐུན་པའི་གནས་སོ། །སྔགས་པ་ནི་གནས་དང་བདག་དང་རྣལ་འབྱོར་སྲུང་བའི་སྔགས་དང་ལྡན་པའོ། །ཨ་ཡིག་གིས་ཞེས་པ་སྙིང་གར་གནས་པས་སོ། །རྡོ་རྗེ་ནི་ཧཱུྃ་ལས་སྐྱེས་ཤིང་ཧཱུྃ་གི་སྙིང་པོ་ཅན་ནོ། །ཚོགས་ཞེས་ པ་སྟོང་པ་ཉིད་དུ་མོས་པས་ཐ་མལ་པའི་ང་རྒྱལ་བསལ་ཏེ། ཡུད་ཀྱིས་བདག་ཉིད་འཆད་པར་འགྱུར་བའི་སྐུ་མདོག་དང་ཕྱག་མཚན་ལ་སོགས་པ་དང་ལྡན་པའི་རྡོ་རྗེ་སེམས་དཔར་ལྷག་པར་མོས་ནས། དེའི་ས་བོན་གྱི་འོད་ཟེར་གྱིས་ལྷ་མོ་བཅུ་དྲུག་སྤྲོས་པས་སོ། །བརྗོད་ ཅེས་པ་སྒྲུབ་པ་པོས་བརྗོད་པའོ། །དགོངས་སུ་གསོལ་ཏེ་ངེས་པར་འཛིན་པ་དང་བཅས་པས་རྣམ་པར་གཟིགས་ཤིག་པའོ། །ཆེ་གེ་མོ་ཞེས་བགྱི་བ་ཞེས་པ་ངེས་པར་བྱས་ནས་ཁས་བླངས་པ་ཡོངས་སུ་མི་གཏོང་བར་དགོངས་པས་རང་གི་མིང་གཟུང་བའོ། །བྱང་ཆུབ་ ནི་སྟོང་པ་ཉིད་དང་སྙིང་རྗེའི་རང་བཞིན་བདེ་བ་ཆེན་པོའི་ངོ་བོའོ། །དེ་ཁོ་ན་སྙིང་པོ་སྟེ་ཆོས་ཐམས་ཅད་ཀྱི་ཉིང་ཁུའོ། །དེ་ལ་འདུག་པ་ནི་གནས་པའོ། །དམ་པ་ནི་འཇིག་རྟེན་ལས་འདས་པའི་ཡོན་ཏན་འཐོབ་པར་བྱེད་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་བླ་ན་ མེད་ཅེས་པའོ། །མགོན་དུ་བྱ་བས་ན་མགོན་པོ་རྣམས་ཏེ་སངས་རྒྱས་བཅོམ་ལྡན་འདས་རྣམས་དང་བྱང་ཆུབ་སེམས་དཔའ་རྣམས་སོ། །རང་དང་གཞན་རྫོགས་པར་བྱང་ཆུབ་པའི་རྒྱུ་མཚན་གདོན་མི་ཟ་བར་བསྒྲུབ་པར་བྱ་བ་ཉིད་དུ་ངེས་པར་མཛད་པ་སྟེ། ཇི་ ལྟར་བྱང་ཆུབ་ཏུ་སེམས་བསྐྱེད་ཟིན་པ་རྣམས་དང་བསྐྱེད་བཞིན་པ་རྣམས་དང་སྐྱེད་པར་འགྱུར་བ་དེ་ལྟར་བདག་ཀྱང་ངོ་། །དེ་ཡང་རྣམ་པ་གཉིས་ཏེ་སྨོན་པ་དང་འཇུག་པའི་དབྱེ་བ་ལས་སོ། །དེ་ལ་དང་པོ་སེམས་བསྐྱེད་ནས་སྡོམ་པ་འཛིན་ཏེ། རྣམ་པ་གསུམ་ཞེས་པ་ལ་སོགས་ པའོ། །རྣམ་པ་གསུམ་གསུངས་པ། དགེ་བ་དང་ཞེས་པ་མི་དགེ་བ་ལས་ལྡོག་པའི་ངོ་བོ་སྡོམ་པའི་ཚུལ་ཁྲིམས་ཏེ། དེ་ཡང་བྱང་ཆུབ་སེམས་དཔའི་སེམས་གནས་པའི་ཆེད་དུ་འགྱུར་རོ། །འདིར་ཆོས་རྣམས་ཐམས་ཅད་སྡུད་དོ་ཞེས་པ་ཆོས་སྡུད་དགེ་བའི་ཆོས་ཡང་དག་པར་ སྡུད་པའི་ཚུལ་ཁྲིམས་ཏེ་བདག་ཉིད་ཀྱི་སངས་རྒྱས་ཀྱི་ཆོས་ཡོངས་སུ་སྨིན་པའི་ཆེད་དུའོ། །སེམས་ཅན་དོན་བྱ་བའི་ཚུལ་ཁྲིམས་ནི་སེམས་ཅན་ཡོངས་སུ་སྨིན་པའི་ཆེད་དུའོ། །འདི་ཙམ་ཡང་བྱ་བ་སྟེ། འདི་ལྟ་སྟེ་མཐོང་བའི་ཆོས་ལ་བདེ་བར་གནས་པའི་ཆེད་དུ་སེམས་གནས་པ་ དང་། ལུས་དང་སེམས་ངལ་བ་མེད་པའི་ཡོངས་སུ་སྨིན་པ་གཉིས་སོ་ཞེས་པའོ། །སྡོམ་པ་གཉིས་པོ་འདི་ཡང་འཇུག་པའི་ཚུལ་ཁྲིམས་སོ། །བདག་གིས་ཞེས་པ་འགྲོ་བ་སྒྲོལ་བར་ཁས་བླངས་པ་ཉིད་ཀྱི་ཕྱིར་ང་རྒྱལ་བྱེད་པའོ། །བརྟན་པ་ནི་ཕྱིར་མི་ལྡོག་པ་ཉིད་ཀྱིས་ན་ མི་ཉམས་པར་ཐོབ་པར་ཇི་ལྟར་འགྱུར་བའོ། །ཆོས་ནི་རྒྱུ་དང་འབྲས་བུའི་བདག་ཉིད་ཀྱི་བྱང་ཆུབ་ཀྱི་སེམས་ཏེ། དེ་ལས་གཞན་པའི་སྐུ་འབྲས་བུའི་ངོ་བོ་སངས་རྒྱས་དང་། རྒྱུའི་ངོ་བོ་ནི་བྱང་ཆུབ་སེམས་དཔའི་དགེ་འདུན་ནོ་ཞེས་པ་དཀོན་མཆོག་གསུམ་རྣམས་ཏེ། གོང་ ན་མེད་པའི་དགའ་བའི་རྒྱུ་ཉིད་ཀྱི་ཕྱིར་དང་རྙེད་པར་དཀའ་བ་ཉིད་ཀྱི་ཕྱིར་རོ། །དཀོན་མཆོག་གསུམ་རྣམས་ཀྱི་ཚོགས་དེ་ནི་དེ་སྐད་དོ། །དེ་ཉིད་ཀྱི་ཕྱིར་བླ་མེད་དེ། དེ་ལས་མཆོག་ཏུ་གྱུར་པ་མེད་པའི་ཕྱིར་རོ། །སྒྲིབ་པ་རྣམས་ལས་ལུས་དང་ངག་དང་ཡིད་རྣམས་སྡོམ་པ་ སྟེ་དགེ་བ་འབྱུང་བའོ། །སངས་རྒྱས་རྣལ་འབྱོར་ལས་སྐྱེས་ནི་རྣམ་པར་སྣང་མཛད་ཀྱི་རང་བཞིན་ཏེ་སྡོམ་པ་འདི་ནི་གཏི་མུག་རྣམ་པར་དག་པ་གཙོ་བོ་ཉིད་ཀྱི་ཕྱིར་རོ། །ཕྱག་རྒྱ་སྟེ་ཕྱག་རྒྱ་ཆེན་པོའོ། །དེ་ཁོ་ན་ཉིད་ཅེས་པ་རྡོ་རྗེ་དང་དྲིལ་བུ་དང་ཕྱག་རྒྱ་ཆེན་པོ་རྣམས་ཀྱི་དེ་ཁོ་ན་ ཉིད་རྣམས་ནི་ཉི་ཤུ་རྩ་དགུ་པ་དང་སུམ་ཅུ་པར་འཆད་པར་འགྱུར་རོ། །འདིས་ནི་དམ་ཚིག་གསུམ་གཟུང་བ་གསུངས་སོ། །སློབ་དཔོན་ནི་བླ་མ་དེ་ཁོ་ན་ཉིད་ཀྱི་ཡེ་ཤེས་འབྱུང་བའི་རྒྱུ་སྟེ་དེ་འབྱུང་བར་བདག་ཉིད་ཁས་ལེན་པའོ། །སྡོམ་པ་འདི་ཡང་དེ་ཁོ་ན་ཉིད་ཤེས་པ་ གཙོ་བོའི་ཕྱིར་མི་བསྐྱོད་པའི་རིགས་ལའོ་ཞེས་གསུངས་པ། རྡོ་རྗེ་ཆེན་པོའི་རིགས་བསྡུས་ལ་ཞེས་པ་སྟེ། རྡོ་རྗེ་ཆེན་པོའི་ནི་མི་བསྐྱོད་པའོ། །དེ་ཁོ་ན་རིགས་ཏེ་དེ་ལས་དཔག་ཏུ་མེད་པའི་སྤྲུལ་པ་འབྱུང་བའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་སྣ་ཚོགས་པའི་ལྷ་རྣམས་འདི་ལས་ བསྡུ་བར་བྱའོ་ཞེས་བསྡུས་པའོ། །སྦྱིན་པ་བཞི་ཞེས་པ་ཡང་དག་པར་བསྡུས་པ་སྟེ། བཞི་རྣམས་ནི་ཆོས་དང་ཟང་ཟིང་དང་མི་འཇིགས་པ་དང་སྙན་པར་སྨྲ་བའི་སྦྱིན་པ་རྣམས་སོ། །ཡང་ན་ནོར་དང་ཤིན་ཏུ་བའི་ནོར་དང་ལུས་དང་ཤིན་ཏུ་བའི་ལུས་སྦྱིན་པ་རྣམས་སོ། ། ནོར་ནི་གསེར་དང་དངུལ་ལ་སོགས་པ་རྣམས་སོ། །ཤིན་ཏུ་བའི་ནོར་ནི་བུ་དང་ཆུང་མ་ལ་སོགས་པ་རྣམས་སོ། །ཡན་ལག་ནི་ལག་པ་དང་རྐང་པ་ལ་སོགས་པའོ། །ཤིན་ཏུ་བའི་ཡན་ལག་གི་མགོ་བོ་དང་ཚིལ་དང་རྐང་ལ་སོགས་པའོ། །དྲུག་བྱས་ནས་ཞེས་པ། ཉིན་ མོ་གསུམ་རྣམས་དང་མཚན་མོ་གསུམ་རྣམས་ཞེས་པ་ལན་དྲུག་རྣམས་སུ་བྱས་ནས་སོ། །རུང་བར་ཞེས་པ། རིན་ཆེན་འབྱུང་བའི་སྦྱིན་པས་སེམས་ཅན་ཚིམ་པར་བྱེད་པ་ལ་དབང་དུ་བྱས་པའི་ཕྱིར་རོ། །དམ་ཚིག་ལ་ནི་འདའ་དཀའ་བ་ལ་སྟེ་འདས་ན་ཚོགས་ཡོངས་སུ་ རྫོགས་པར་མི་འགྱུར་རོ། །ཡིད་དུ་འོང་བ་ལ་ནི་སྦྱིན་པས་དགའ་བའི་དགའ་སྟོན་བསྐྱེད་པའི་ཕྱིར་རོ། །དམ་པའི་ཆོས་ཕྱིའི་ནི་བྱ་བའི་རྒྱུད་ལ་སོགས་པའོ། །དེ་ལ་བྱ་བའི་རྒྱུད་ནི་དམ་ཚིག་གསུམ་གྱི་རྒྱལ་པོ་དང་འབྱུང་པོ་འདུལ་བྱེད་ལ་སོགས་པ་སྟེ། གང་དུ་ ཁྲུས་དང་སྨྲ་བཅད་ལ་སོགས་པ་རྣམས་ཀྱི་བྱ་བ་ཕྱི་རོལ་གྱི་ལུགས་མ་དང་བྲིས་སྐུ་ལ་སོགས་པ་ལ་ལྷ་རུ་དམིགས་པའོ། །སྤྱོད་པའི་རྒྱུད་ནི་རྣམ་པར་སྣང་མཛད་མངོན་པར་བྱང་ཆུབ་པ་ལ་སོགས་པའོ། །གསང་བ་ནི་རྣལ་འབྱོར་གྱི་རྒྱུད་ལ་སོགས་པ་སྟེ། རྣལ་འབྱོར་གྱི་རྒྱུད་ནི་དེ་ཁོ་ན་ཉིད་ འདུས་པ་ལ་སོགས་པའོ། །རྣལ་འབྱོར་བླ་མའི་རྒྱུད་ནི་འདུས་པ་ལ་སོགས་པའོ། །རྣལ་འབྱོར་བླ་ན་མེད་པའི་རྒྱུད་ནི་རྣལ་འབྱོར་མའི་རྒྱུད་དོ། །གང་མཁའ་འགྲོ་མ་རྡོ་རྗེ་གུར་དུ་གསུངས་པ། སྐྱེས་པ་རྣམས་ནི་གདུལ་བྱའི་རྒྱུར། །རྣལ་འབྱོར་རྒྱུད་ནི་ཡང་དག་བཤད། །བུད་ མེད་རྣམས་ནི་བསྡུ་ཆེད་དུ། །རྣལ་འབྱོར་མ་རྒྱུད་རབ་ཏུ་བཤད། །དམན་པ་རྣམས་ལ་བྱ་བའི་རྒྱུད། །དེ་བས་ལྷག་ལ་སྤྱོད་རྣལ་འབྱོར། །སེམས་ཅན་མཆོག་ལ་རྣལ་འབྱོར་མཆོག །རྣལ་འབྱོར་བླ་མེད་དེ་ལྷག་ལའོ། །ཞེས་སོ། །དེ་ལ་རྣལ་འབྱོར་གྱི་རྒྱུད་ཅེས་པ་ འདིས་དེ་ཁོ་ན་ཉིད་འདུས་པ་ལ་སོགས་པ་དང་གསང་བ་འདུས་པ་ལ་སོགས་པ་ཡང་བརྗོད་དོ། །དེ་ཉིད་ཀྱི་ཕྱིར་དེ་གཉིས་རྣལ་འབྱོར་གྱི་རྒྱུད་ཀྱི་སྡེ་ཞེས་བརྗོད་པར་བྱའོ། །ཐེག་པ་གསུམ་ནི་ཉན་ཐོས་ཀྱི་ཐེག་པ་དང་རང་སངས་རྒྱས་ཀྱི་ཐེག་པ་དང་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ རྣམས་སོ་ཞེས་པ་མཚན་ཉིད་ཀྱི་ཐེག་པ་ཆེན་པོ་དང་འབྲེལ་པ་སྟེ། སྔགས་ཀྱི་ཚུལ་གྱི་ཐེག་པ་ཆེན་པོ་ནི་ཕྱི་ལ་སོགས་པས་བཤད་པ་ཉིད་ཀྱི་ཕྱིར་རོ། །སྡོམ་པ་འདི་ནི་འོད་དཔག་ཏུ་མེད་པའི་རིགས་དག་པ་ལ་སྟེ། འདི་ནི་ཁ་ན་མ་ཐོ་བ་མེད་པའི་ངག་གི་རང་བཞིན་ཉིད་ཀྱི་ཕྱིར་རོ། ། དེ་ཉིད་ཀྱི་ཕྱིར་འདི་ལས་དོན་དམ་བྱང་ཆུབ་ཆེན་པོ་སོ་སོར་རྟོག་པའི་ཡེ་ཤེས་ཀྱིས་འབྱུང་བའོ། །སྡོམ་པ་མཆོད་པའི་ལས་ཞེས་སྦྲེལ་བར་བྱའོ། །ཐམས་ཅད་དང་ལྡན་པ་ནི་ཕྱི་དང་གསང་བ་དང་དེ་ཁོ་ན་ཉིད་ཀྱི་མཆོད་པའི་ངོ་བོ་ཉིད་ཀྱི་ཕྱིར་རོ། །དེ་ལ་ཉེ་བར་སྤྱོད་པ་ལྔ་རྣམས་ ཀྱིས་ཕྱིའི་མཆོད་པའོ། །བསམ་གཏན་གྱི་དཀྱིལ་འཁོར་དུ་རང་གི་ཁུ་བ་ལ་སོགས་པ་ཡོངས་སུ་འཛིན་པ་རྣམས་ཀྱིས་གསང་བའི་མཆོད་པའོ། །དེ་ཁོ་ན་ལ་ཤེས་རབ་དང་སྙོམས་པར་འཇུག་པ་ནི་དེ་ཁོ་ན་ཉིད་ཀྱི་མཆོད་པ་སྟེ། དགའ་བ་ལ་སོགས་པའི་རིམ་པས་ཉོན་ མོངས་པ་རྣམ་པར་དག་པའི་གོ་འཕང་མངོན་དུ་བྱེད་པ་ཉིད་ཀྱི་ཕྱིར་རོ། །བླ་ན་མེད་པའི་དེ་ཁོ་ན་ཉིད་ཀྱི་མཆོད་པ་ནི་བྱང་ཆུབ་ཀྱི་སེམས་སྒོམ་པ་ཁོ་ན་སྟེ། གང་མངོན་པར་བརྗོད་པ་ཕྱི་མར་གསུངས་པ། རང་བཞིན་མེད་པའི་གནས་གོམས་ལས། །ལྷ་ཡི་སྙིང་པོ་སྒོམ་བྱེད་ པ། །དེ་ནི་མཆོད་པ་ཆེན་པོར་འདོད། །སངས་རྒྱས་ཐམས་ཅད་རྟོགས་བྱེད་པའོ། །ཞེས་སོ། །རང་བཞིན་མེད་པ་ཉིད་དུ་རང་གི་ལྷག་པའི་ལྷའི་ངོ་བོའི་རྗེས་སུ་བྱེད་པས་མཆོད་པ་ནི་འཇིག་རྟེན་ལས་འདས་པའི་འབྲས་བུ་ཐོབ་པར་བྱེད་པའོ། །སྡོམ་པ་འདི་ཡང་དོན་ཡོད་ གྲུབ་པའི་རིགས་ལ་སྟེ། མཆོད་པ་ནི་བྱ་བ་སྒྲུབ་པའི་ཡེ་ཤེས་ཀྱི་ངོ་བོ་ཡིན་པ་ཉིད་ཀྱི་ཕྱིར་རོ། །འཇུག་པའི་སེམས་སྐྱེད་པར་བྱེད་དེ། མ་བརྒལ་བ་རྣམས་ཞེས་པ་སྟེ། ཉན་ཐོས་དང་རང་སངས་རྒྱས་རྣམས་ནི་ཤེས་བྱའི་སྒྲིབ་པ་ལས་མ་བརྒལ་བའོ། །མ་གྲོལ་བ་ ནི་གཏི་མུག་ལ་སོགས་པ་སྒྲིབ་པ་གཉིས་ཀྱི་འཆིང་བ་ཅན་གྱི་ཕྱིར་ཚངས་པ་ལ་སོགས་པ་རྣམས་སོ། །དབུགས་མ་ཕྱིན་པ་རྣམས་ནི་དམྱལ་བ་ལ་སོགས་པ་རྣམས་སོ། །སེམས་ཅན་འདི་རྣམས་མྱ་ངན་ལས་འདས་པ་ལ་སྟེ་མི་གནས་པའི་འོ། །བྱང་ཆུབ་ཀྱི་སེམས་གཉིས་ པོ་འདི་ཡང་ལྷག་པར་མོས་པ་ཙམ་འདིར་གསུངས་སོ། །གང་ཡང་དག་པ་དེ་ནི་འདུན་པ་ལ་སོགས་པའི་དབྱེ་བ་ལས་སོ། །དོན་དམ་པ་པའི་བྱང་ཆུབ་ཀྱི་སེམས་བརྗོད་པའི་ཆེད་དུ་གསུངས་པ། དེ་ནས་ཞེས་པ་ལ་སོགས་པའོ། །རྡོ་རྗེ་འཛིན་པ་གང་རྣམས་ཀྱི་མཆོག་ ཡིན་པ་དེ་རྣམས་ཐམས་ཅད་དེ། རྣམ་པར་སྣང་མཛད་ལ་སོགས་པ་རྣམས་འཆད་པར་འགྱུར་བའི་རིམ་པས་འདི་ལས་ཡང་དག་པར་འབྱུང་ངོ་ཞེས་པ་དེ་ལྟ་བུའི་ཏིང་ངེ་འཛིན་རྣམ་པར་རྟོག་པའི་སྤྲོས་པ་མཐའ་དག་དང་བྲལ་པའི་སྟོང་པ་ཉིད་ལ་སྟེ། ཐབས་བྱུང་དེ་རྒྱུ་ ལྐོག་གྱུར་པས། །དེ་འཆད་པ་ནི་དཀའ་བ་ཡིན། །ཞེས་རྟོགས་ནས་སོ། །ཆེད་དུ་བརྗོད་པ་ནི་དོན་རྟོགས་པ་ལ་རབ་ཏུ་དང་བ་དག་དགའ་སྟོན་གྱིས་བརྗོད་པའོ། །ཆོས་ཐམས་ཅད་ཀྱི་སྟེ་གཟུང་བ་དང་འཛིན་པ་གཉིས་ཀ་དང་བྲལ་བ་སེམས་ཙམ་གྱི་ངོ་བོ་རྣམས་ རང་བཞིན་མེད་པ་ཉིད་མདོར་བསྟན་ནས་རྒྱས་པར་སྟོན་ཏེ། འདི་ཐམས་ཅད་དེ་ཕྱི་ནི་སྔོན་པོ་ལ་སོགས་པའོ། །ནང་གི་བདག་ཉིད་ནི་མིག་ལ་སོགས་པའོ། །སེམས་ཁོ་ནས་གཞག་པ་སྒྲོ་བཏགས་པ་སྟེ། གང་གི་ཕྱིར་སེམས་ལས་གཞན་ལོགས་པ་གཟུང་བར་བྱ་བ་བེམས་པོ་ ཡོད་པ་མ་ཡིན་ཞིང་། དེ་མེད་པའི་ཕྱིར་འཛིན་པ་ཡང་ཅུང་ཟད་མེད་ལ། སེམས་གཅིག་པུ་ལ་ཡང་ངོ་བོ་གཉིས་ཉིད་མི་འཐད་པའི་ཕྱིར་རོ། །ཡིད་ཀྱིས་ཞེས་པ་རྣམ་པར་དཔྱོད་པ་པོས་སོ། །བརྗོད་ནས་ཞེས་པ་རྣམ་པར་རྟོག་པ་ནང་གི་བརྗོད་པའི་རྣམ་པ་ཅན་ཉིད་ཀྱི་ཕྱིར་ རོ། །འོ་ན་སེམས་ཙམ་དངོས་པོར་ཡོད་པར་འགྱུར་རོ་ཞེ་ན། མ་ཡིན་ཏེ། དེ་ཡང་ཆོས་ཐམས་ཅད་ཀྱི་ནང་དུ་འདུས་པ་ཉིད་ཀྱིས་ན་རང་བཞིན་མེད་པ་ཉིད་དུ་སྒྲུབ་པའི་ཕྱིར་རོ། །ཅི་ལྟར་ཆོས་ཐམས་ཅད་རང་བཞིན་མེད་ཅེ་ན། གང་གི་ཕྱིར་མ་སྐྱེས་པས་སོ། །དེ་ཉིད་ཀྱི་ ཕྱིར་རང་བཞིན་གྱིས་སྒྲོ་བཏགས་པའི་མུན་པ་ཐམས་ཅད་དང་བྲལ་བའི་ཕྱིར་འོད་གསལ་བའོ། །ཅིའི་ཕྱིར་ཞེ་ན། རང་བཞིན་ནི་གདོད་ནས་མ་སྐྱེས་པ་ཉིད་ཀྱི་ཕྱིར་ཏེ། སྔར་སྐྱེས་ནས་ཕྱིས་འཇིག་པ་ནི་འགའ་ཡང་མེད་དོ། །དེའི་ཕྱིར་ཇི་ལྟར་ཆོས་གཞན་རྣམས་སྒྱུ་མ་ལ་ སོགས་པ་བཞིན་དུ་གདོད་མ་ནས་མ་སྐྱེས་པ་ཉིད་ཀྱིས་ན་དོན་དམ་པར་རང་བཞིན་གྱིས་སྟོང་པ་དེ་ལྟར་སེམས་ཀྱང་སྟེ། རིགས་པ་མཚུངས་པ་ཉིད་ཀྱི་ཕྱིར་རོ། །འདིར་ཡང་ད་ལྟར་བའི་དབང་དུ་བྱས་ཏེ། འདས་པ་དང་མ་འོངས་པ་དག་ཀྱང་སྤྱིར་སྟོང་པ་ཉིད་དུ་བཤད་པའི་ ཕྱིར། སྟོང་པ་ཉིད་ལ་སོགས་པའི་ཏིང་ངེ་འཛིན་རྣམ་པར་ཐར་པའི་སྒོ་གསུམ་བསྟན་པ་ཁོ་ནའོ། །དེའི་རྗེས་སུ་ལས་གང་ལ་ཞེས་པ་ལ་སོགས་པའི་རིགས་པས་ཡི་གེ་གསུམ་གྱི་ངོ་བོ་རང་གི་ལུས་དང་ངག་དང་སེམས་གཟུགས་བརྙན་ལྟ་བུ་སྟོང་པ་ཉིད་དང་རོ་གཅིག་པར་ བརྟག་པར་བྱ་སྟེ། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ་ཞེས་པའི་སྔགས་ཀྱི་དོན་མངོན་དུ་བྱེད་ཅིང་ངོ་། །ཆོས་རྣམས་ཐམས་ཅད་ཀྱི་རང་བཞིན་དང་རྒྱུ་དང་འབྲས་བུ་དང་བྲལ་བ་ནི་སྟོང་པ་ཉིད་དོ། །སྟོང་པ་ཉིད་ཀྱི་ཡེ་ཤེས་ནི་སྟོང་ཉིད་ཡེ་ཤེས་ཏེ། སྟོང་པ་ཉིད་དང་མཚན་ མ་མེད་པ་དང་སྨོན་པ་མེད་པ་རོ་གཅིག་པའི་སེམས་སོ་ཞེས་པའི་དོན་ཏོ། །དེ་ཁོ་ན་རྡོ་རྗེ་སྟེ་རང་བཞིན་སྟོང་པ་ཉིད་ཀྱིས་ན་མི་མཐུན་ཕྱོགས་རྣམས་ཀྱིས་མི་ཕྱེད་པ་ཉིད་ཀྱི་ཕྱིར་དང་། དེ་འབྱེད་པའི་ཕྱིར་དང་ཐོག་མ་དང་ཐ་མ་མེད་པ་ཉིད་ཀྱི་ཕྱིར་རོ། །དེའི་རང་བཞིན་བཤད་མ་ ཐག་པའི་ངོ་བོ་འམ། ཡང་ན་དེ་ཁོ་ན་རང་བཞིན་ཏེ་རང་ལ་ཡོད་པ་སྟེ། དེ་བཞིན་ཉིད་ཀྱི་ལུས་ཀྱི་རང་བཞིན་གྱིས་ཡོངས་སུ་དག་པའི་སེམས་སྒྲིབ་པ་གློ་བུར་བ་དང་བྲལ་བ་ལས་རང་གི་ངོ་བོ་ལ་གནས་པའོ་ཞེས་པའི་དོན་ཏོ། །དེ་ཉིད་ཀྱི་ཕྱིར་རང་བཞིན་གྱིས་རྣམ་པར་དག་པ་ཉིད་ ཀྱི་ཕྱིར་དེ་གང་གི་བདག་ཉིད་དེ་རང་གི་ངོ་བོ་ཡིན་པ་དེ་ང་སྟེ། དེའི་ངོ་བོ་ཅན་ཁོ་ན་ངའོ་ཞེས་པའོ། །དེས་ན་བྱང་ཆུབ་ཀྱི་སེམས་འདི་སྟོང་ཉིད་ཡེ་ཤེས་ཀྱི་སྒྲས་རང་གི་མཚན་ཉིད་དུ་ལྷག་པར་མོས་ཤིང་། རྡོ་རྗེའི་སྒྲས་རྣམ་པར་དག་པ་མཐར་ཐུག་པར་དང་། རང་བཞིན་གྱི་ སྒྲས་རྣམ་པར་དག་པ་མཐར་ཐུག་པའི་དུས་ན་ཡང་ལྷག་པོ་ཉིད་མིན་པར་དང་། བདག་ཉིད་དང་ངའི་སྒྲ་དག་གིས་དེའི་བདག་ཉིད་ལ་རང་བཞིན་གྱིས་རྣམ་པར་དག་པ་ཉིད་དུའོ། །ཇི་ལྟར་ཆོས་ཀྱི་དབྱིངས་ཐོག་མ་དང་ཐ་མ་མེད་པ་དེ་ལྟར་བྱང་ཆུབ་ཀྱི་སེམས་ཀྱང་སྟེ་དེ་ནི་དེ་ བཞིན་ཉིད་ལ་དམིགས་པ་ཉིད་ཀྱིས་ན་དེ་བཞིན་ཉིད་གཙོ་བོའི་ལུས་ཅན་ཉིད་ཀྱི་ཕྱིར་རོ། །ཨོཾ་ཡིག་གིས་ཀྱང་ཨ་དང་ཨུ་དང་མ་ཡིག་རོ་གཅིག་པས་ལུས་དང་ངག་དང་སེམས་ཀྱི་ངོ་བོར་བདག་ཉིད་རྣམ་པར་འཇོག་གོ། །དེ་ལྟར་ལུས་ལ་སོགས་པ་སྟོང་པ་ཉིད་ཀྱི་ངོ་བོའི་སྟོང་ པ་ཉིད་དང་སྙིང་རྗེ་དབྱེར་མེད་པའི་བྱང་ཆུབ་ཀྱི་སེམས་ཀྱི་དོན་ཅན་སྔགས་འདིའོ། །ཡང་ན་ཨོཾ་ཞེས་པ་འདིས་སྐུ་རྡོ་རྗེའོ། །སྟོང་ཉིད་ཡེ་ཤེས་རྡོ་རྗེའི་རང་བཞིན་ཞེས་པ་འདིས་ཐུགས་རྡོ་རྗེའོ། །ངའོ་ཞེས་པ་འདིས་གསུང་རྡོ་རྗེ་སྟེ། བདག་ནི་རྟག་ཏུ་མེད་པ་ཉིད་ཀྱིས་ན་ ངག་ཙམ་ཉིད་ཀྱི་ཕྱིར་རོ། །དེ་ལྟར་ཚིག་གསུམ་གྱིས་རིགས་གསུམ་གྱི་བདག་ཉིད་ཀྱི་སྔགས་གསུངས་སོ། །ཡང་ན་དངོས་པོ་རྣམས་གདོད་མ་ནས་མ་སྐྱེས་པ་ཉིད་ཀྱི་ཕྱིར་དང་། རྟག་པ་དང་བྲལ་བ་ཉིད་ཀྱི་ཕྱིར་དང་སྒྱུ་མ་ལྟ་བུ་ཉིད་ཀྱི་ཕྱིར་མ་སྐྱེས་ པ་ལ་སོགས་པའི་ཚིག་རྣམས་ཀྱི་དང་པོའི་ཡི་གེ་ཡོན་ཏན་དང་རྗེས་སུ་ང་རོར་གྱུར་ན། ཨོཾ་ཞེས་པ་འགྲུབ་སྟེ། དེས་མེ་ལོང་ལྟ་བུའི་ཡེ་ཤེས་གསུངས་སོ། །སྟོང་ཉིད་ཅེས་པས་མཉམ་པ་ཉིད་ཀྱི་ཡེ་ཤེས་སོ། །ཡེ་ཤེས་ཞེས་པས་སོ་སོར་རྟོག་པའི་ཡེ་ཤེས་སོ། །རྡོ་རྗེ་ ཞེས་པས་སྤྲོ་བ་བརྟན་པ་ཉིད་ཀྱི་ཕྱིར་བྱ་བ་སྒྲུབ་པའི་ཡེ་ཤེས་སོ། །རང་བཞིན་ཞེས་པས་ཆོས་རྣམས་ཀྱི་རང་བཞིན་ནི་ཀུན་ནས་ཉོན་མོངས་པ་མེད་པའོ་ཞེས་པས་ཤིན་ཏུ་རྣམ་པར་དག་པའི་ཡེ་ཤེས་སོ། །ངའོ་ཞེས་པ་ཡེ་ཤེས་ལྔའི་བདག་ཉིད་རྡོ་རྗེ་འཛིན་པ་ཆེན་པོའི་ངོ་བོར་ བདག་ཉིད་ངེས་པར་སྟོན་ཏོ། །དེ་ལྟར་རིགས་ལྔའི་བདག་ཉིད་དུ་སྔགས་ཀྱི་དོན་བཤད་དོ། །བཤད་པ་གསུམ་པོ་འདི་ཡང་རྒྱུད་རྣམས་སུ་བཅོམ་ལྡན་འདས་ཁོ་ནས་ཕྱེ་བར་མཛད་ཅིང་འདིར་གསལ་བར་བྱས་པའོ། །དེ་ལྟར་དོན་དམ་པར་ཡོད་པའི་དངོས་པོ་ཅི་ཡང་མེད་ དེ། འོན་ཀྱང་ཐམས་ཅད་མཐའ་གཉིས་དང་བྲལ་བ་ཆོས་མ་ལུས་པ་རང་བཞིན་མེད་པ་ཉིད་ཀྱི་མཚན་ཉིད་ཅན། སྤྲོས་པ་མེད་པའི་བདག་ཉིད་ཆོས་ཀྱི་དབྱིངས་ཁོ་ནའོ་ཞེས་ངེས་པར་བྱེད་པས། གང་ཚེ་དངོས་དང་དངོས་མེད་པ། །བློ་ཡི་མདུན་ན་མི་གནས་པ། །དེ་ཚེ་ རྣམ་པ་གཞན་མེད་པས། །དམིགས་པ་མེད་པར་རབ་ཏུ་ཞི། །ཞེས་པ་ཆོས་ཐམས་ཅད་མི་དམིགས་པའི་བདག་ཉིད་ཅན་སྟོང་པ་ཉིད་ལ་རབ་ཏུ་གཞུག་གོ། །དེ་ལྟར་འོད་གསལ་བ་ལ་རབ་ཏུ་གཞུག་པ་ནི་བློ་གྲོས་རྒྱ་མཚོས་ཡོངས་སུ་ཞུས་པའི་མདོར། ཁྱད་པར་དང་ བཅས་པ་གསུངས་པ། འགོག་པ་ལ་སྙོམས་པར་འཇུག་བཞིན་པ་ནི་གཎྜཱིའི་སྒྲ་བྱིན་གྱིས་བརླབ་པ་བྱས་ནས་འགོག་པ་ལ་སྙོམས་པར་འཇུག་སྟེ། དེའི་གཎྜཱིའི་སྒྲ་འགོག་པ་ལ་སྙོམས་པར་ཞུགས་པ་མེད་ཅིང་འབྲེལ་བ་མེད་མོད། འོན་ཀྱང་གཎྜཱིའི་སྒྲ་དེས་འགོག་པ་ ལས་ལྡང་ངོ་། །དེ་བཞིན་ཁོ་ནར་བྱང་ཆུབ་སེམས་དཔའ་སེམས་ཅན་ཐམས་ཅད་བསྒྲལ་བའི་ཆེད་དུ། སྙིང་རྗེ་ཆེན་པོས་བྱིན་གྱིས་བརླབ་པ་བྱས་ནས་ཟབ་པ་ཟབ་པར་སྣང་བ་སེམས་དང་ཡིད་དང་རྣམ་པར་ཤེས་པ་མི་རྒྱུ་བའི་ཏིང་ངེ་འཛིན་རྣམས་ལ་སྙོམས་པར་འཇུག་ ཅིང་། དེ་སྔར་གྱི་སེམས་ཅན་འགྲོལ་བའི་སྙིང་རྗེ་ཆེན་པོས་བྱིན་གྱིས་བརླབས་པ་དེས་ཉན་ཐོས་དང་རང་སངས་རྒྱས་ཀྱི་སར་ལྷུང་བ་མ་ཡིན་ཏེ། བློ་གྲོས་རྒྱ་མཚོ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐབས་ཡོངས་སུ་སྦྱོང་བའི་ཁྱད་པར་ལ་ལྟོས། སྟོང་པ་ཉིད་དང་ མཚན་མ་མེད་པ་དང་སྨོན་པ་མེད་པར་ཆོས་ཐམས་ཅད་སོ་སོར་རྟོག་ཅིང་ཉན་ཐོས་ལ་སོགས་པ་དང་ཐུན་མོང་པའི་ཏིང་ངེ་འཛིན་དེ་རྣམས་སྙོམས་པར་འཇུག་ལ། ཉན་ཐོས་དང་རང་སངས་རྒྱས་ཀྱི་སར་ཡང་མི་ལྟུང་ངོ་ཞེས་སོ། །འདིའི་རྗེས་སུ་རྟེན་སྔོན་དུ་འགྲོ་བར་བརྟེན་པ་རྣམ་ པར་གནས་ཞེས་པས་འཁོར་དང་བཅས་པའི་དཀྱིལ་འཁོར་གྱི་དོན་ནི་དེ་ལྟར་བདག་ཉིད་ཅེས་པ་ལ་སོགས་པ་ཧཱུྃ་ཞེས་པའི་མཐར་ཐུག་པའི་གཞུང་ངོ་། །དེའི་བར་མ་ཆད་ཁོ་ནར་གཅིག་གི་ཨཾ་ཀ་རིགས་ཏེ་དབུས་སུ་ནི་སུས་ཀྱང་དགོད་པར་དཀའ་སྟེ། ཨཾ་ཀ་རྣམས་ཐམས་ཅད་ ཀྱང་གཙུག་ལག་མིན་པའོ། །དེའི་རྗེས་སུ་དེ་ནས་རང་གི་སེམས་དེ་ཉིད་ཅེས་པ་ལ་སོགས་པ་དགེ་བའོ་ཞེས་པའི་བར་རོ། །དེའི་རྗེས་སུ་རང་གི་སྙིང་ག་ཞེས་པ་ལ་སོགས་པ་རབ་བརྟག་བྱ་ཞེས་པའི་མཐའོ། །དེའི་རྗེས་སུ་དེ་ནས་རྡོ་རྗེ་སྙིང་པོ་ཞེས་པ་ལ་སོགས་པ་དེ་བཞིན་ གཤེགས་པ་ཐམས་ཅད་ཅེས་པ་མཐའོ། །དེའི་རྗེས་སུ་ཤར་དུ་རྣམ་པར་སྣང་མཛད་ཅེས་པ་ལ་སོགས་པའོ་ཞེས་པ་རིམ་པའོ། །བླ་མ་མེད་པ་སྲིད་པའི་མཐར་འགྲོ་མིན། །ཞེས་པས་གླེགས་བམ་ལས་མཁས་པ་ཉིད་བསལ་བའི་དོན་དུ་རིམ་པ་མ་ཡིན་པར་བཀླག་པ་སྟེ། གཞན་དུ་ཡང་ཇི་ལྟར་རིགས་པར་འདི་ལྟར་རྟོགས་པར་བྱའོ། །ཇི་ལྟར་བཀླགས་པ་ལྟར་བཤད་པར་བྱ་སྟེ་འབྲེལ་བ་ནི་དོན་གྱི་རྗེས་སུ་འབྲང་བ་ཁོ་ནས་ཤེས་པར་བྱའོ། །དེའི་ཕྱིར་སྟོང་པ་ཉིད་ཀྱི་བྱང་ཆུབ་འཆི་བའི་བར་མ་ཆད་དུ་བར་མ་དོའི་སྲིད་པ་བྱང་ཆུབ་སེམས་ཀྱི་ས་ བོན་བསྡུ་བའི་ད