Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 7
Văn bản gốc(Tây Tạng)
Trang 6 / 20 (50.000 ký tự/trang)
ཞིན་གཤེགས་པ་རྣམས་བྱུང་ཡང་རུང་མ་བྱུང་ཡང་རུང་གནས་པ་ཁོ་ན་སྟེ། ཆོས་རྣམས་ཀྱི་ཆོས་ཉིད་འདི་ནི་འདི་ལྟ་སྟེ། སྔགས་རྣམས་ཀྱི་ཆོས་ཉིད་དེ་ནས་ཇི་སྲིད་དུ་གང་གི་ཚེ་སངས་རྒྱས་བཅོམ་ལྡན་འདས་རྣམས་འཇིག་རྟེན་དུ་བྱུང་བ་ དེའི་ཚེ་ཆོས་ཉིད་དེ་ཚུལ་སྣ་ཚོགས་དང་དགོངས་པ་སྣ་ཚོགས་རྣམས་ཀྱིས་བསམ་པ་སྣ་ཚོགས་པ་རྣམས་ལ་ཚིག་སྣ་ཚོགས་རྣམས་དང་ཡི་གེ་སྣ་ཚོགས་རྣམས་དང་བསྟན་པ་དང་ངེས་པའི་ཚིག་དང་དཔེར་བརྗོད་སྣ་ཚོགས་རྣམས་ཀྱིས་དང་དབྱངས་དང་རྟོག་པ་སྣ་ཚོགས་ རྣམས་ཀྱིས་བྱིན་གྱིས་བརླབས་ནས་སྔགས་ཀྱི་ཚིག་སྟོན་ཏོ་ཞེས་ཏེ་ངེས་པའི་ཚིག་ནི་ལྷའི་སྐད་ལ་སོགས་པའོ། །དེ་ལྟར་ན་སྔགས་ཤེས་པ་ཉིད་ཀྱིས་འདི་ལ་སྟོང་པ་ཉིད་ཀྱི་ཡེ་ཤེས་ཁོ་ན་སྲུང་བ་དམ་པར་བྱེད་དེ། བསྐྱེད་པའི་རིམ་པ་སྒོམ་པ་པོའི་བཞིན་དུ་ཀུན་རྫོབ་པའི་སྲུང་ བསྔགས་ཀློག་པས་ཅི་བྱ་ཞེས་གསལ་བར་བྱེད་དོ། །ཇི་སྐད་དུ་བཅོམ་ལྡན་འདས་མར་གསུངས་པ། ཀཽ་ཤི་ཀ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་ཁོ་ན་དེ་ལ་བསྲུང་བ་དང་འགེབས་པ་དང་སྦ་བར་བྱེད་དེ། ཁྱོད་ཀྱིས་ཅི་བྱ་ཞེས་པའོ། །ཇི་ལྟར་གཞོན་ནུ་ མའི་ཞེས་པ་མདོར་བསྟན་པ་རྒྱས་པར་སྟོན་ཏེ། ཤེས་རབ་ཐབས་ཀྱིས་ཞེས་པ་ལ་སོགས་པའོ། །དངོས་སུ་ཞེས་སྒོམ་པའི་རང་བཞིན་གྱི་ཤེས་རབ་ནི་སྐྱེས་པའི་མ་ཡིན་ཞིང་སྒོམ་པའི་རང་བཞིན་གྱི་ཐབས་ཀྱང་བུད་མེད་ཀྱི་མ་ཡིན་ནོ་ཞེས་པའི་དོན་ཏོ། །དེའི་ཕྱིར་དངོས་སུ་ཕྱི་ རོལ་གྱི་ཤེས་རབ་མ་སྤངས་ནས་སངས་རྒྱས་ཉིད་མ་ཡིན་པ་ཁོ་ནའོ་ཞེས་སྦྲེལ་ལོ། །བཟང་མོ་ནི་ཡིད་འཕྲོག་མའོ། །གང་གི་ཕྱིར་གཅིག་བསྒོམ་པའི་རང་བཞིན་གྱི་ཤེས་རབ་འདི་ཁོ་ནའམ་གཅིག་སྟེ་ཕྱི་རོལ་གྱི་ཤེས་རབ་མ་ནི་ཕྱག་རྒྱ་མངོན་སྦྱོར་བ་སྟེ་ཕྱི་རོལ་གྱི་ཕྱག་རྒྱ་དང་ མཉམ་པར་སྦྱོར་བ་མེད་པ་དངོས་གྲུབ་སྟེ་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་མི་སྟེར་ཏེ། ཕྱི་རོལ་གྱི་ཕྱག་རྒྱ་དང་སྙོམས་པར་འཇུག་པ་ཁོ་ན་ལས་ཡེ་ཤེས་བདེ་བ་ཆེན་པོ་སྐྱེ་བའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་ཕྱི་རོལ་གྱི་ཕྱག་རྒྱའི་རྣལ་འབྱོར་ནི་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཀྱི་དངོས་སུ་ བའི་ཐབས་སུ་གསུངས་སོ། །འོན་ཀྱང་རྫོགས་པའི་རིམ་པ་ལ་ཡང་སྐྱེས་པ་དང་བུད་མེད་ཀྱང་རྫོགས་པའི་ལྷའི་ངོ་བོར་བདག་ཉིད་ལྷག་པར་མོས་པར་བྱ་སྟེ། དེ་ལས་ཀྱང་གཉིས་ཀའི་བདག་ཉིད་ཀྱི་ཤེས་རབ་ཏུ་འགྱུར་རོ་ཞེས་དགོངས་པ་སྟེ། གཅིག་དང་གཅིག་ཅེས་ པའི་གསུང་ལས་སོ། །བསྐྱེད་པའི་རིམ་པ་ལ་ནི་ཡེ་ཤེས་ཀྱི་ཕྱག་རྒྱ་གཅིག་ཀྱང་འགྱུར་ཏེ། དངོས་གྲུབ་ཀྱི་དུས་སུ་ནི་དེ་ཡང་གཉིས་ཀའི་བདག་ཉིད་ཁོ་ནའོ། །དེའི་ཕྱིར་ཕྱག་རྒྱ་བཞི་སྦྱར་བྱ་སྟེ་རིམ་པ་གཉིས་ཀ་ལ་ཡང་ངོ་། །དེ་ལ་རྫོགས་པའི་རིམ་པ་ལ་ཕྱི་རོལ་ གྱི་ཤེས་རབ་མ་ནི་ལས་ཀྱི་ཕྱག་རྒྱ་སྟེ་འཁྱུད་པ་ལ་སོགས་པའི་ལས་ཀྱི་དགའ་བ་སྟེར་ཞེས་བྱས་ནས་སོ། །ནང་གི་ཤེས་རབ་མ་ཨ་ཝ་དྷཱུ་ཏཱིའི་སྟོང་པ་ཉིད་དང་རོ་གཅིག་པ་ལྷན་ཅིག་སྐྱེས་པའི་དགའ་བའི་བདག་ཉིད་དང་ཆོས་ཀྱི་དབྱིངས་ནི་ཆོས་ཀྱི་ཕྱག་རྒྱའོ། །བདེ་བ་ཆེན་ པོའི་རང་བཞིན་བླ་ན་མེད་པའི་བྱང་ཆུབ་ཀྱི་སེམས་འབྲས་བུའི་ངོ་བོ་ནི་ཕྱག་རྒྱ་ཆེན་པོའོ། །ལྷ་རྣམས་སྣ་ཚོགས་པ་སྤྲུལ་པ་ནི་དམ་ཚིག་གི་ཕྱག་རྒྱའོ། །ཡང་ན་ལས་ཀྱི་ཕྱག་རྒྱ་དེ་ཁོ་ན་བཤད་ཟིན་པའི་ཕྱག་རྒྱ་ཆེན་པོ་ཁོ་ན་ལས་དག་པ་མཐར་ཐུག་པར་གནས་པ་ནི་ ཆོས་ཀྱི་ཕྱག་རྒྱ་ཆོས་ཀྱི་སྐུ་སྟེ། དེ་ནི་སེམས་ཀྱི་ཆོས་ཉིད་ཀྱི་རང་བཞིན་ཉིད་ཀྱི་ཕྱིར་རོ། །ལས་ཀྱི་ཕྱག་རྒྱ་དང་ཡང་དག་པར་སྦྱོར་བ་ཇི་ལྟར་རིགས་པར་མཚན་དང་དཔེ་བྱད་ཀྱིས་རྣམ་པར་མཛེས་པའི་སྐུ་ལོངས་སྤྱོད་རྫོགས་པའི་སྐུ་དང་མུ་མཐའ་མེད་པར་སྣ་ཚོགས་ པ་མཐའ་ཡས་པའི་དཀྱིལ་འཁོར་གྱི་འཁོར་ལོ་ལ་སོགས་པའི་རྣམ་པར་སྤྲུལ་པའི་སྐུ་ནི་སྐལ་པ་དང་ལྡན་པའི་གདུལ་བྱའི་སྐྱེ་བོ་རྗེས་སུ་འཛིན་པའི་དུས་ལས་མི་འདའ་བའི་ཕྱིར་དམ་ཚིག་གི་ཕྱག་རྒྱའོ། །བྱང་ཆུབ་ཀྱི་སེམས་བདེ་བ་ཆེན་པོའི་སྐུ་ནི་སྟོང་པ་ཉིད་ཀྱི་རང་བཞིན་ཉིད་ ཀྱི་ཕྱིར་དང་། ཁྱབ་པ་ཉིད་ཀྱི་ཕྱིར་ངོ་བོ་ཉིད་ཀྱི་སྐུ་ནི་ཕྱག་རྒྱ་ཆེན་པོའོ། །ཕྱག་རྒྱ་ཡང་ཆོས་རྣམས་ལ་རྒྱས་འདེབས་ཏེ་གང་རང་གི་ངོ་བོའོ་ཞེས་གཙོ་བོར་ན་བྱང་ཆུབ་ཀྱི་སེམས་ཁོ་ན་སྟེ། དེའི་རང་གི་ངོ་བོ་ཉིད་ཀྱི་ཕྱིར་ནི་ཕྱག་རྒྱ་གཞན་ཡང་ཕྱག་རྒྱ་དང་འདྲ་བ་ཕྱག་རྒྱའོ། །ཡང་ན་ ཆེན་པོའི་དགའ་བ་ལེན་ཏོ་ཞེས་པས་ཕྱག་རྒྱ་ཆེན་པོ་སྟེ་མཚན་དང་དཔེ་བྱད་མཆོག་ཏུ་འབར་བ་ཕྱག་དང་ཞལ་དང་ཕྱག་མཚན་ལ་སོགས་པ་དང་ལྡན་པའི་གཟུགས་ལོངས་སྤྱོད་རྫོགས་པའི་སྐུའོ། །དམ་ཚིག་གི་ཕྱག་རྒྱ་ནི་བྱང་ཆུབ་སེམས་ཀྱི་རང་བཞིན་སོ་སོ་རང་གི་རིག་པར་བྱ་བ་ཆོས་ ཀྱི་སྐུ་སྟེ། དམ་ཚིག་ནི་རྫོགས་པའི་བྱང་ཆུབ་བོ་ཞེས་བྱས་ནས་སོ། །ཆོས་ཀྱི་ཕྱག་རྒྱ་ནི་ཆོས་དང་ལོངས་སྤྱོད་རྫོགས་པའི་སྐུའི་བྱིན་རླབས་ལས་རྣམ་པ་སྣ་ཚོགས་པའི་ཆོས་ཀྱི་དེ་ཁོ་ན་ཉིད་གསལ་བར་བྱེད་པའི་ངག་གི་བདག་ཉིད་དོ། །ལས་ཀྱི་ཕྱག་རྒྱ་ནི་བྱ་བ་སྒྲུབ་པའི་ངོ་བོ་ཉིད་ ཀྱི་ཕྱིར་སྤྲུལ་པ་སྣ་ཚོགས་པ་རྣམས་ཀྱིས་བྱ་བ་སྒྲུབ་པར་བྱེད་པའི་ཕྱིར་སྤྲུལ་པའི་སྐུའོ། །ཡང་ན་ལས་ཀྱི་ཕྱག་རྒྱ་ནི་སྤྲུལ་པའི་སྐུའོ། །ཆོས་ཀྱི་ཕྱག་རྒྱ་ནི་ཆོས་ཀྱི་སྐུའོ། །ཕྱག་རྒྱ་ཆེན་པོ་ནི་ལོངས་སྤྱོད་རྫོགས་པའི་སྐུའོ། །དམ་ཚིག་གི་ཕྱག་རྒྱ་ནི་བྱང་ཆུབ་ཀྱི་སེམས་ཏེ་བདེ་བ་ ཆེན་པོ་དང་སྟོང་པ་ཉིད་དང་སྙིང་རྗེ་རྣམས་ཀྱི་དང་། ཆོས་རྣམས་ཐམས་ཅད་ཀྱི་ཡང་འདུས་པའི་ངོ་བོ་ཉིད་ཀྱི་ཕྱིར་རོ། །འདུས་པ་ནི་གཟུགས་ལ་སོགས་པ་རྣམས་དེའི་རང་བཞིན་དུ་ཉེ་བར་དམིགས་པར་བྱ་བ་ཉིད་ཀྱི་ཕྱིར་རོ། །རྣམ་པར་གཞག་པ་ འདི་ཡང་འདི་སྐད་བདག་གིས་ཞེས་པའི་རྣམ་པར་བཤད་པར་བྱས་སོ། །ཕྱག་རྒྱ་བཞི་པོ་འདི་རྣམས་ཀྱང་སོ་སོར་ཕྱག་རྒྱ་བཞིའི་བདག་ཉིད་རྣམས་སོ་ཞེས་འདི་ཁོ་ན་ལས་ཤེས་རབ་ཅན་རྣམས་ཀྱིས་རྣམ་པར་ཤེས་པར་བྱ་སྟེ། མི་བརྗོད་པ་ནི། རྒྱ་ཆེ་བས་འཇིགས་པ་ལས་སོ། ། བསྐྱེད་པའི་རིམ་པ་ལ་ནི་ཕྱི་རོལ་གྱི་ཤེས་རབ་མ་ཁོ་ན་མངོན་པར་འདོད་པའི་ལྷ་མོའི་གཟུགས་སུ་བསྒོམ་པ་ནི་ལས་ཀྱི་ཕྱག་རྒྱའོ། །རང་འདྲའི་བུད་མེད་ནི་ཡེ་ཤེས་ཀྱི་ཕྱག་རྒྱ་ཞེས་པ་མིང་གཞན་ནོ། །ལུས་ལ་བསྒོམས་པའི་ཧཱུཾ་ཡིག་ལ་སོགས་པའང་ཆོས་ཀྱི་ཕྱག་རྒྱའོ། །དམ་ ཚིག་གི་ཕྱག་རྒྱ་ནི་ས་བོན་ལ་སོགས་པ་ལས་རྫོགས་པ་དཀྱིལ་འཁོར་གྱི་འཁོར་ལོར་འདུས་པའི་སྤྲོ་བ་དང་སྡུད་པ་ལ་སོགས་པའི་བྱེད་པ་ཅན་རྣམས་ཏེ་མཚན་མ་ཡང་ངོ་། །གཙོ་བོའི་ལྷའི་སྐུ་རང་ཉིད་ནི་ཕྱག་རྒྱ་ཆེན་པོའོ། །དེ་ལས་འཕྲོས་པའི་ལྷའི་འཁོར་ལོ་ཡང་དམ་ཚིག་ གི་ཕྱག་རྒྱའོ། །རྣམ་པར་གཞག་པ་འདི་ཐམས་ཅད་ཀྱང་རྒྱུད་གཞན་རྣམས་སུ་བཅོམ་ལྡན་འདས་ཁོ་ནས་གདུལ་བྱའི་བསམ་པའི་དབྱེ་བས་རྗེས་སུ་འཇུག་པས་མཛད་པའོ། །དེ་དང་དེའི་གཞུང་རྣམས་ནི་མངས་པས་སྐྲག་པ་ལས་འདིར་མ་བརྗོད་དོ། །འདི་ནི་རྣམ་པ་ གཞན་དུ་རྣམ་པར་འཇོག་སྟེ། གཏི་མུག་ཅེས་པ་ལ་སོགས་པས་སོ། །འདོད་ཆགས་ཞེས་པ་རྣམ་པར་དག་པའི་འདོད་ཆགས་ཏེ། འོད་དཔག་ཏུ་མེད་པ་དང་རིན་ཆེན་འབྱུང་ལྡན་ནོ། །དེ་ནི་རྣམ་པར་དག་པའི་བདེ་བའི་ཚོར་བ་དང་ང་རྒྱལ་གྱི་རང་བཞིན་ནོ། །མ་དག་ པའི་གནས་སྐབས་སུ་ནི་ཚོར་བ་ཁོ་ན་ང་རྒྱལ་གྱི་རང་བཞིན་ཏེ། བདེ་བ་ལ་སོགས་པའི་ཚོར་བ་ལ་ང་བདེ་བ་ཅན་ནོ་ཞེས་པ་ལ་སོགས་པ་ངའོ་སྙམ་པའི་ང་རྒྱལ་ཀུན་དུ་སྤྱོད་པའི་ཕྱིར་རོ་ཞེས་སྔར་བཤད་ཟིན་ཏོ། །རིག་མ་ནི་ཕྱི་རོལ་གྱིའོ། །དེར་ནི་སྟེ་སྣོད་དུའོ། །གཉིས་ ཀ་སྟེ་རིག་མ་དང་ཐབས་དག་གིའོ། །ལྷའི་གཟུགས་ཏེ། རྫོགས་པའི་རིམ་པས་སམ་བསྐྱེད་པའི་རིམ་པས་སོ། །ལྷའི་གཟུགས་སུ་བསྒོམ་པ་ཡང་འཆད་པར་འགྱུར་རོ། །གཏི་མུག་ལས་ཞེས་པ་ལ་སོགས་པ་ཕྱིས་པ་ལ་ལྔ་པའོ། །ཞི་བ་ནི་རྣམ་པར་སྣང་མཛད་ དོ། །འདི་ཡང་རྣམ་པར་དཔྱད་པས་ཆོས་ཐམས་ཅད་རང་བཞིན་མེད་པ་མ་རྟོགས་པའི་ངོ་བོ་ཅན་གཏི་མུག་གི་རང་བཞིན་ཉིད་ཀྱི་ཕྱིར་ཞི་བ་ཉིད་དེ། ཞི་བའི་ཏིང་ངེ་འཛིན་ལས་བྱུང་བ་ཉིད་ཀྱི་ཕྱིར་ཡང་ངོ་། །སྙིང་རྗེ་ཆེན་པོ་ཁོ་ནས་ཕྱི་རོལ་གྱི་ཁྲོ་བོའི་ངོ་བོ་ཉིད་ཀྱི་ཕྱིར་ཁྲོ་བ་ནི་མི་བསྐྱོད་ པ་དང་དོན་ཡོད་གྲུབ་པའོ། །ཁྲོ་བ་ནི་སེམས་ཅན་དང་སེམས་ཅན་མ་ཡིན་པའི་ཡུལ་ལ་སེམས་འཁྲུག་པའོ། །འདིར་ནི་ཞེ་སྡང་དང་ཕྲག་དོག་ཀྱང་ཁྲོ་བར་བརྗོད་པར་བྱ་སྟེ། ཕྲག་དོག་ནི་ཁྲོ་བའི་རྒྱུ་ཅན་ཉིད་ཀྱི་ཕྱིར་རོ། །ཆགས་པ་ནི་སྣང་བ་མཐའ་ཡས་དང་རིན་ཆེན་འབྱུང་ལྡན་ ནོ། །འདོད་ཆགས་ནི་འདིར་འདོད་ཆགས་དང་ང་རྒྱལ་ཡང་སྟེ། ཕ་རོལ་པོ་རྣམས་ཀྱི་གཏི་མུག་དང་ཞེ་སྡང་དང་ཕྲག་དོག་དང་འདོད་ཆགས་དང་ང་རྒྱལ་ཡང་མངོན་པར་མཚོན་ནས་དེ་དང་དེ་རྣམ་པར་དག་པའི་བྱ་བ་བྱེད་དོ་ཞེས་པའི་དོན་ཏོ། །དེའི་དོན་ཅན་རབ་བྱེད་ཅེས་པ་དེ་སྟེ་ དེ་དང་དེ་རྣམ་པར་དག་པའི་ངོ་བོ་དོན་ཏེ། དགོངས་པ་ཡིན་པ་དེ་རབ་ཏུ་གྱུར་པའི་བྱེད་པ་སྟེ་དེའི་དོན་དུ་བྱ་བའི་ཆེད་དུ་ཞེས་པའི་དོན་ཏོ། །རྣམ་པར་སྣང་མཛད་ལ་སོགས་པའི་ངོ་བོ་འདི་རྣམས་དང་ལྡན་པ་ནི་རྒྱལ་བ་རྡོ་རྗེ་འཛིན་པའོ། །དབང་དུ་གྱུར་པ་མ་ཐོབ་པའི་ཉིན་མཚན་ རྒྱུན་མི་འཆད་པར་ཕྱག་རྒྱ་བསྟེན་པར་མི་ནུས་ན་དུས་གྱི་ཁྱད་པར་གསུངས་པ། ཐོ་རངས་ཞེས་པ་ལ་སོགས་པས་སོ། །ཡང་དག་ཅེས་པ་རྣམ་པར་མི་གཡེང་བ་སྟེ། ཇི་ལྟར་ལྷན་ཅིག་སྐྱེས་པ་ཉམས་སུ་མྱོང་བ་ཤིན་ཏུ་གསལ་ཞིང་དྲན་པའི་བག་ཆགས་འཇོག་པ་ལྟར་ རོ། །གཞན་དུ་སྟེ་མི་གསལ་བར་ཉམས་སུ་མྱོང་བ་མ་དྲན་ནས་སམ། བདེ་བ་ཆེན་པོ་རྒྱུན་མ་ཆད་པར་མ་གོམས་པ་ལ་དངོས་གྲུབ་མིན་པ་ཁོ་ནའོ། །རང་སེམས་ཙམ་གྱི་བྱང་ཆུབ་ཀྱི་སེམས་ཁོ་ནའོ། །སེམས་ནི་ལྷན་ཅིག་སྐྱེས་པའི་བདེ་བ་དབང་བསྐུར་བ་གཞན་གྱི་ཚེ་ རྟོགས་པ་ལྷག་པར་མོས་ནས་སོ། །འདི་ཉིད་ཀྱི་དབང་དུ་བྱས་ནས་གཞན་དུ་ལག་པའི་ཕྱག་རྒྱ་གསུངས་སོ། །རྣལ་འབྱོར་ཞེས་ཕྱི་རོལ་གྱི་ཕྱག་རྒྱ་དང་ལྷན་ཅིག་གོམས་པར་བྱའོ་ཞེས་འབྲེལ་ལོ། །འདིར་ཏེ་རྣལ་འབྱོར་ལ་ལེགས་ཏེ་མཁས་པས་དུད་ འགྲོ་རྣམས་ལས་ཀྱང་སྟེ། དུད་འགྲོ་མོ་དགུག་པར་བྱའོ་ཞེས་པ་ལྷག་མའོ། །དེ་སྐད་དུ་ཡང་རྡོ་རྗེ་ཨ་རཱ་ལིའི་རྒྱུད་དུ་གསུངས་པ། དེ་ནས་རྡོ་རྗེ་མཆོད་པ་གསུངས། །རབ་དབེན་སྐྱེ་བོ་མེད་ཡུལ་དང་། །བདག་གི་ཁྱིམ་གྱི་ནང་རྣམས་སུ། །མཆོད་བྱ་བཅུ་གཉིས་ལོ་ལོན་ མའམ། །དེ་བཞིན་བཅུ་དྲུག་ལོ་ལོན་ཉིད། །ཉི་ཤུ་ལྔ་བའི་གཞོན་ནུ་མ། །དེ་བཞིན་བ་མོ་མ་ཧེ་མོ། །སྤྲེའུ་མོ་ཁྱི་མོ་དང་ཡང་ནི། །དེ་བཞིན་བོང་མོ་རྔ་མོ་སྐྱེས། །རི་དགས་མོ་དང་ར་མོ་ཉིད། །ཕག་མོ་བ་མེན་ལས་བྱུང་ལ། །ཧེ་རུ་ཀ་བདག་གིས་འདོད་བྱ། །འགྲུབ་ པར་ཐེ་ཚོམ་མེད་པ་ཉིད། །ཅེས་སོ། །དངོས་སུ་ཞེས་པ་ཕྱི་རོལ་གྱི་ཕྱག་རྒྱ་ལས་ཏེ། ཡེ་ཤེས་ཀྱི་ཕྱག་རྒྱ་ནི་མ་ཡིན་པ་ཁོ་ནའོ། །ལོ་ལས་ཕ་རོལ་ཏུ། དམ་ཚིག་སྟེ་འདའ་བར་མི་བྱ་བ་ཕྱག་རྒྱའི་རྣལ་འབྱོར་རོ། །དེ་ཉམས་ན་བག་མེད་དེ་འཁྲུལ་པར་བྱེད་པའོ། །རྣལ་ འབྱོར་ལས་ནི་བདེ་བ་ཆེན་པོ་ལས་སོ། །དམ་ཚིག་བསླང་བ་ནི་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་གྱིས་སོ། །ཁྱད་པར་དུ་སྟོང་པ་ཉིད་དང་སྙིང་རྗེ་དབྱེར་མེད་པའི་བྱང་ཆུབ་ཀྱི་སེམས་དམ་ཚིག་ཉམས་པ་ན་རྗེས་སུ་དྲན་པར་བྱའོ། །རྟུལ་པོས་ནི་དོན་ཡོད་གྲུབ་པའི་རྣལ་ འབྱོར་དང་ལྡན་པས་དབང་བསྐུར་རྣམས་ཐམས་ཅད་གཟུང་བར་བྱའོ། །གཟུང་སྟེ་གཟུང་བར་བྱ་བའོ། །སྡོམ་པ་ནི་བཤད་ཟིན་ཅིང་འཆད་པར་ཡང་འགྱུར་རོ། །བླ་ན་མེད་པའི་སྡོམ་པ་ནི་བྱང་ཆུབ་ཀྱི་སེམས་ཏེ། ཆོས་ཐམས་ཅད་བསྡུས་པའི་ངོ་བོ་ཉིད་ཀྱི་ཕྱིར་རོ། ། བྱང་ཆུབ་ཀྱི་སེམས་ནི་མི་དགེ་བ་རྣམས་ཐམས་ཅད་ལས་ཡང་དག་པ་མ་ཡིན་པའི་རྟོག་པ་རྣམས་ལས་སེམས་སྡོམ་པར་བྱེད་པའི་ཕྱིར་རོ། །གསང་བའི་རྫས་རྣམས་ནི་དགའ་བ་དང་ལྡན་པའི་སྤྲོ་བའི་དོན་དུ་འཆད་པར་འགྱུར་བ་རྣམས་སོ། །སྔགས་དང་རྒྱུད་རྣམས་ ཀྱིས་ཞེས་པ། བསྐྱེད་པའི་རྣལ་འབྱོར་པས་རིགས་ལྔའི་ཐོད་པ་ཅན་མ་ཉིད་ལ་སོགས་པའི་དོན་དུ་བཀླག་པར་བྱ་བའི་སྔགས་རྣམ་པར་བཤད་པ་འཆད་པར་འགྱུར་བ་རྣམས་ཀྱིས་སོ། །ཉེ་བར་སྡུད་དེ་འདི་ལྟར་ཞེས་པ་ལ་སོགས་པའོ། །སྲིད་པ་གསུམ་ནི་མཐོ་རིས་དང་མི་ཡུལ་ དང་ས་འོག་རྣམས་སོ། །དེ་ལ་མཐོ་རིས་ནི་རྒྱལ་ཆེན་རིས་བཞིའི་གནས་ནས་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཇི་སྲིད་པའོ། །ཡང་ན་འདོད་པ་ལ་སོགས་པ་ཁམས་གསུམ་གྱི་སྲིད་པ་གསུམ་མམ་ལུས་དང་ངག་དང་སེམས་བདེ་བ་ཆེན་པོ་རང་བཞིན་བྱང་ཆུབ་ཀྱི་སེམས་ཀྱི་ རང་གི་ངོ་བོར་བསྒོམ་པར་བྱའོ་ཞེས་པའོ། །དཔལ་ཡང་དག་པར་སྦྱོར་བའི་རྒྱུད་ཀྱི་རྒྱ་ཆེར་འགྲེལ་པ། མན་ངག་གི་སྙེ་མར་སྙེ་མ་དྲུག་པའོ།། །།རྫོགས་པའི་རིམ་པ་རྒྱས་པར་བསྟན་ནས་དེའི་དངོས་ཀྱི་ཐབས་བསྐྱེད་པའི་རིམ་པ་རྒྱས་པར་སྟོན་པའི་ཆེད་དུ་ གསུངས་པ། དེ་ནས་ཞེས་པ་ལ་སོགས་པའོ། །འཁོར་ལོ་ཀུན་གྱི་རྣམ་པར་འཕྲུལ། །ཞེས་པ་ཀྱེའི་རྡོ་རྗེ་ཞེས་པ་ལ་སོགས་པའི་དཀྱིལ་འཁོར་རྣམས་ཐམས་ཅད་དུ། འཁོར་ལོ་དཀྱིལ་འཁོར་ཞེས་པར་བརྗོད་ཅེས་པའི་ཚིག་ལས། བརྟག་པ་གཉིས་པར་དཀྱིལ་ འཁོར་ཏེ་སྙིང་པོ་ལེན་ཏོ་ཞེས་པས་ལྷ་རྣམས་ཀྱི་འདུ་བ་ནི་དཀྱིལ་འཁོར་ཏེ། གཞལ་ཡས་ཁང་ནི་དཀྱིལ་འཁོར་གྱི་གཞི་ཉིད་ཀྱི་ཕྱིར་དཀྱིལ་འཁོར་རོ། །འཁོར་ལོ་ནི་སྟོང་པ་ཉིད་ཀྱི་བདག་ཉིད་ཀྱི་ལྷ་རྣམས་ཀྱི་ཚོགས་པ་སྟེ། གཞལ་ཡས་ཁང་ནི་འཁོར་ལོའི་རྟེན་ཉིད་ཀྱི་ཕྱིར་འཁོར་ ལོའོ། །དཀྱིལ་འཁོར་གྱི་འཁོར་ལོར་བརྗོད་པར་བྱ་སྟེ། སྙིང་རྗེ་དང་ཤེས་རབ་ཀྱི་བདག་ཉིད་ཀྱི་ཕྱིར་ལྷའི་ཚོགས་དང་གཞལ་ཡས་ཁང་ཡང་དེའི་གཞི་ཉིད་ཀྱི་ཕྱིར་རོ་ཞེས་དོན་གྱིས་བཤད་པའི་ཕྱིར་རོ། །འཁོར་ལོ་ལྷའི་ཚོགས་པ་སྟེ་དེའི་རོལ་པ་སྤྲོ་བ་ལ་སོགས་པ་རྣམ་ པ་སྣ་ཚོགས་པ་རྣམས་ཀྱིས་སོ། །ཁྱད་པར་ཅི་ལྟ་བུ་ཞེ་ན། ཀུན་དུ་སྟེ་ཕྱོགས་ཐམས་ཅད་དུ་རྣམ་པ་སྣ་ཚོགས་པ་དཔག་ཏུ་མེད་པའི་གཟུགས་སྤྲུལ་པའི་ཕྱིར་སྣ་ཚོགས་ཏེ་སྣ་ཚོགས་པའི་ངོ་བོའོ། །མཆོག་སྟེ་སྐལ་བ་ཇི་ལྟ་བ་བཞིན་དུ་སེམས་ཅན་རྣམས་ལ་བྱ་སླ་བའི་ ཐབས་སྟོན་པའི་ཕྱིར་རོ། །ཡང་དེ་ཅི་ཞིག་ཏུ་བསྒྲུབ་པར་བྱ་ཞེ་ན། གསུངས་པ། གསང་ཆེན་ཞེས་སོ། །གསང་ཆེན་ནི་རྡོ་རྗེ་གུར་གྱི་ནང་སྟེ། ཇི་ལྟར་རིགས་པའི་གཞལ་ཡས་ཁང་ཡང་ངོ་། །འདི་ནི་གང་དང་གང་དུ་གནས་པ་དེ་དང་དེར་ཇི་ལྟར་ རིགས་པར་འཆད་པར་འགྱུར་རོ། །དོན་གཞན་ནི་བཤད་ཟིན་ཏེ་མཆོག་ལ་སོགས་པ་ཡང་ངོ་། །ཅི་ཞིག་ཏུ་གནས་ནས་ཤེ་ན། གསུངས་པ། དབེན་པ་ཞེས་པ་ལ་སོགས་པའོ། །རྣམ་པར་འཕྲུལ་པ་མདོར་བསྟན་པ་རྒྱས་པར་སྟོན་ཏེ། ཀུན་དུ་ཞེས་པ་ལ་སོགས་པའོ། ། རྣམ་པ་ཐམས་ཅད་པའི་སྣ་ཚོགས་པའི་ཕུང་པོ་ལ་སོགས་པ་རྒྱས་འདེབས་ན་ཀུན་དུ་སྣ་ཚོགས་ཕྱག་རྒྱའོ། །ལྷའི་གཟུགས་ཅན་གྱི་རྣལ་འབྱོར་པས་ཀུན་དུ་ཡུལ་ལ་ཉེ་བར་ལོངས་སྤྱད་པའི་ཕྱིར་རྣམ་པ་སྣ་ཚོགས་པ་ཡོངས་སུ་དག་པའི་བདེ་བ་རྣམས་ཀྱིས་ཕྱོགས་ཐམས་ཅད་ དུ་སེམས་ཅན་ཐམས་ཅད་ལ་ཕན་པ་རྣམས་སྐལ་བ་ཇི་ལྟ་བར་བདེ་བ་ཁོ་ནས་བྱེད་དེ། སྒོམ་པ་ཁོ་ནས་སེམས་ཅན་གྱི་བྱ་བ་འགྲུབ་པའི་ཕྱིར་ཕ་རོལ་ཏུ་ཕྱིན་པའི་ཚུལ་བཞིན་དུ་ལག་པ་དང་རྐང་པ་གཅོད་པ་ལ་སོགས་པའི་སྡུག་བསྔལ་མེད་པའི་ཕྱིར་རོ། །དེ་ཅི་བྱང་ཆུབ་ཀྱི་སེམས་ ཀྱི་རང་བཞིན་འདི་བསྒོམ་པར་མི་བྱའམ་ཞེ་ན། བསྒོམ་པར་བྱ་སྟེ། གང་གི་ཕྱིར་དཀྱིལ་ཏེ་སྙིང་པོ་ལེན་ཅིང་འཛིན་པར་བྱེད་དོ་ཞེས་པ་དཀྱིལ་འཁོར་ནི་སྟོང་ཉིད་ཡེ་ཤེས་ཁོ་ན་སྟེ། སྟོང་པ་ཉིད་དང་སྙིང་རྗེ་དབྱེར་མེད་པའི་བདེ་བ་ཆེན་པོའི་སྙིང་པོ་ལེན་པའི་ཕྱིར་རོ། །འདུས་པ་ཕྱི་མར་ ཡང་གསུངས་པ། བྷ་ག་དཀྱིལ་འཁོར་བཤད་པ་སྟེ། །བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དང་། །ལུས་ནི་དཀྱིལ་འཁོར་ཞེས་བཤད་དེ། །གསུམ་པ་དཀྱིལ་འཁོར་བརྟགས་པའོ། །ཞེས་སོ། །མངོན་པར་བརྗོད་པའི་བླ་མའི་རྒྱུད་དུ་ཡང་། དཀྱིལ་འཁོར་དེ་ཁོ་ན་ཉིད་ མཆོག །ཧེ་རུ་ཀ་དཔལ་ཡེ་ཤེས་མཆོག །ཕག་མོའི་བྷ་ག་པདྨ་ནི། །དཀྱིལ་འཁོར་ལུས་ལས་སྐྱེས་པ་མཆོག །དཀྱིལ་འཁོར་འདུས་པའོ་དེ་ལ་ནི། །དཀྱིལ་འཁོར་བདེ་བ་དམ་པ་སྟེ། །དཀྱིལ་འཁོར་དཔའ་བོ་རྣལ་འབྱོར་མ། །ཁ་སྦྱོར་གཉིས་སུ་མེད་པ་མཆོག ། ཅེས་གསུངས་པའི་བྱང་ཆུབ་སེམས་དང་། བྷ་ག་དང་ལུས་ཀྱི་དཀྱིལ་འཁོར་རྣམས་ལས་བྱང་ཆུབ་ཀྱི་སེམས་ཁོ་ན་སྒོམ་པའི་ཡན་ལག་ཀུན་འདས་ཤིང་། རྟོག་པས་བརྟག་པ་རྣམ་པར་སྤངས། །ཕྱི་མོ་ཐིག་ལེ་མཉམ་འདས་པ། །འདི་ནི་དཀྱིལ་འཁོར་དམ་པའོ། །ཞེས་གསུངས་ སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་གསང་བ་རྒྱན་གྱི་བཀོད་པའི་རྒྱུད་ཆེན་པོར་ཡང་། དཀྱིལ་འཁོར་ཕྱི་མོ་ཐམས་ཅད་ཀྱི། །སྟོང་ཉིད་ཡེ་ཤེས་བརྗོད་པར་བྱ། །ཀུན་རྟོག་ཐམས་ཅད་སྤངས་པ་སྟེ། །བདག་གིས་ཅི་ཞིག་བསྟན་པར་བྱ། ། ཞེས་སོ། །རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་ཆེན་པོར་ཡང་། རྟོག་ཏུ་མེད་ཅིང་སྣང་བ་མེད། །རྙོག་པ་མེད་ཅིང་མི་འགྱུར་ལ། །སྟོང་པ་མཁའ་མཉམ་པ་ཡི་སེམས། །གང་ཚེ་སྐྱེས་པར་ཡང་གྱུར་པ། །དེ་ཚེ་ཕྱག་རྒྱ་ལྔ་རྣམས་དང་། །ལྷ་རྣམས་སུ་ནི་རབ་ཏུ་བརྟག །ཅེས་སོ། །འདི་ ཁོ་ན་ལ་མངོན་པར་དགོངས་ནས་ནག་པོའི་ཞབས་ཀྱིས་གསུངས་པ། དེ་བཞིན་གཤེགས་ཚོགས་ཅི་ཞིག་སྟེ། །ལྷ་མོ་ཁྲོ་བོའི་ཚོགས་ཅི་ཡིན། །དཀྱིལ་འཁོར་འཁོར་ལོ་ལས་གྲོལ་བ། །ལྷན་ཅིག་སྐྱེས་པའི་སྐད་ཅིག་ཡོད། །ཅེས་སོ། །ལྷ་རྣམས་ལ་ཞེས་པ་ནི་ ལྷ་རྣམས་ཀྱི་དང་གཞན་རྣམས་ཀྱི་ཡང་ངོ་། །འདིས་ནི་སྟོང་པ་ཉིད་དང་སྙིང་རྗེ་དབྱེར་མེད་པའི་བྱང་ཆུབ་ཀྱི་སེམས་རང་བཞིན་ལྷའི་རྣམ་པའི་བདག་ཉིད་ཀྱི་ལུས་ཀྱི་ངོ་བོའི་དཀྱིལ་འཁོར་ནི་རྣམ་པ་སྣ་ཚོགས་པའི་ལྷའི་སྤྲུལ་པ་རྣམས་ཀྱིས་སྣ་ཚོགས་པའི་དོན་མཛད་པའོ་ཞེས་ གསུངས་ཤིང་དེ་གསལ་བར་བྱེད་པའི་ཕྱིར་རྡུལ་ཚོན་གྱི་དཀྱིལ་འཁོར་ཡང་དཀྱིལ་འཁོར་དུ་བརྗོད་པར་བྱའོ། །འོན་ཅི་རང་བཞིན་གྱིས་ཡོངས་སུ་དག་པ་དཔག་ཏུ་མེད་པའི་ཆོས་ཀྱི་གཞི་རང་གི་སེམས་ཁོ་ན་དཀྱིལ་འཁོར་རོ་ཞེས་གདུལ་བྱ་རྣམས་ལ་བསྟན་པ་མ་ཡིན་ནམ་ཞེ་ ན། སྟོན་ཏེ། སེམས་རྣམ་པར་དག་པའི་རྣལ་འབྱོར་པའི་དཀྱིལ་འཁོར་གྱི་རྣམ་པར་སྤྲོ་བ་ན་ཡང་ཤིན་ཏུ་རྣམ་པར་དག་པའི་སངས་རྒྱས་རྣམས་སུ་ལྷག་པར་ཞེན་པ་ཉིད་ན་ཡང་རང་བཞིན་གྱིས་ཡོངས་སུ་དག་པ་ཁོ་ན་རྟོགས་པའི་ཕྱིར་རང་གི་སེམས་ཀྱི་རང་བཞིན་ཡོངས་སུ་དག་པ་ཁོ་ན་ རྟོགས་པ་ལས་སངས་རྒྱས་དང་རྣལ་འབྱོར་པ་སྟེ་ཆ་ལས་སོ། །དེའི་ཕྱིར་དཀར་པོའི་ཆོས་ཐམས་ཅད་ཀྱི་རང་བཞིན་དུ་དཀྱིལ་འཁོར་བརྗོད་མོད་ཀྱི། དེ་ལྟ་ན་ཡང་སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་ངོ་བོར་ཡང་མི་འགལ་ལོ། །གལ་ཏེ་དེ་ལྟ་ན་ བསྐྱེད་པའི་རིམ་པ་བསྟན་པ་ལ་དགོས་པ་ཅི་ཡང་མེད་ཅིང་། ཅི་སྟེ་གཞན་ཡོད་ན་བརྗོད་ཅིག་ཅེ་ན། གསུངས་པ་ཅི་ཞེས་པ་སྟེ། གང་བྱང་ཆུབ་ཀྱི་སེམས་བསྒོམ་པས་འགྲུབ་པ་མ་ཡིན་པ་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ནོ་ཞེས་དགོངས་པའོ། །གང་བསྐྱེད་པའི་རིམ་པ་བསྒོམ་པ་ ལ་སོགས་པ་བདག་གིས་བཤད་པ་དེ་སེམས་ཆུང་བ་ལས་དང་པོ་པ་རྣམས་ལ་ཕན་པའི་ཆེད་དུ་ཁོ་ནར་རྗེས་སུ་འཇུག་པའི་དོན་དུ་སངས་རྒྱས་རྡོ་རྗེ་སེམས་དཔའི་གར་འདིའོ། །དེ་ནི་སྣ་ཚོགས་པའི་གཟུགས་སྤྲུལ་པ་རྣམས་ཀྱིས་སྣ་ཚོགས་པའི་ཆ་བྱད་དང་རྒྱན་དང་། ཉམས་དང་ བཀོད་པའི་སྐལ་བ་བཟང་པོ་རྣམས་ཀྱིས་སྤྲོས་པ་ཉེ་བར་སྟོན་ཅིང་གཅིག་ཏུ་གྱུར་ནས་མང་པོར་འགྱུར། མང་པོར་གྱུར་ནས་གཅིག་ཏུ་འགྱུར། །སྣང་བར་འགྱུར་ཞིང་མི་སྣང་བར་འགྱུར་བའི་གཟུགས་ཡང་དག་པར་སྟོན་ཅིང་རྣམ་པར་སྣང་མཛད་ལ་སོགས་པའི་སངས་རྒྱས་ལ་ སོགས་པ་འཁོར་དང་བཅས་པ་རྣམས་སུ་གར་བྱེད་དོ། །དེ་དང་དེའི་གདུལ་བྱ་རྣམས་སོ་སོར་རྣམ་པར་འབྱོར་བར་བྱེད་དོ་ཞེས་པ་རྣམ་པ་སྣ་ཚོགས་པ་བསམ་གྱིས་མི་ཁྱབ་པའི་སྤྲུལ་པ་རྨད་དུ་བྱུང་བ་ནི་འདིའི་གར་རོ། །ལས་དང་པོ་པ་རྣམས་ནི་འདི་ལྟར་བསོད་ནམས་ཉེ་བར་བསགས་ པ་ཉིད་ཀྱིས་ན་ཤེས་རབ་ཤིན་ཏུ་ཆེ་བ་རྣམས་དང་འཇིག་རྟེན་པའི་འབྲས་བུ་གྲུབ་པས་ན་རབ་ཏུ་དང་བ་སྐྱེས་པ་རྣམས་རྫོགས་པའི་རིམ་པ་བསྒོམ་པ་ལ་ཤིན་ཏུ་གུས་པར་བྱེད་དོ། །དེ་ཡང་དེ་ལྟ་བུའི་དགོས་པ་རྟོགས་པར་མི་ནུས་པ་བློ་ཞན་པ་རྣམས་ཀྱི་ངོར་དང་པོར་བསམ་ པར་བྱ་བ་མ་ཡིན་ཏེ་དེ་རྣམས་ནི་རྫོགས་པའི་རིམ་པ་བསྒོམ་པ་ཁོ་ནས་ཐམས་ཅད་འགྲུབ་པོ་ཞེས་ཐོས་ནས་དེ་ནི་ནུས་པར་བསྐྱེད་པའི་རིམ་པ་ལས་ཀྱང་ཉམས་པར་འགྱུར་རོ། །དེ་ཉིད་ཀྱི་ཕྱིར་དེ་རྣམས་ཀྱི་ངོར་བསྐྱེད་པའི་རིམ་པ་བསྒོམ་པ་ཁོ་ན་ངེས་པའི་དོན་ཏོ་ཞེས་འགའ་ཞིག་ཉེ་ བར་སྟོན་ཏེ། ཇི་སྐད་བཤད་པའི་དོན་རྒྱུ་དང་འབྲས་བུའི་དངོས་པོའི་ཤེས་པ་ནི་བསམ་པར་བྱེད་པ་ན་ཡང་ཉམས་པ་མ་ཡིན་ནོ་ཞེས་པའི་དོན་ཏོ། །དེ་ཉིད་ཀྱི་ཕྱིར་རྫོགས་པའི་རིམ་པ་རིག་པས་ཀྱང་ཡོངས་སུ་སྨིན་པ་ལ་ལྟོས་པས་བསྐྱེད་པའི་རིམ་པ་ཁོ་ན་དང་པོར་བསྒོམ་པར་བྱའོ་ཞེས་ འདོམས་སོ། །སྒོམ་པ་ནི་ས་བོན་དང་ཕྱག་མཚན་ལ་སོགས་པའི་སྟེ། དེ་ལས་བྱུང་བ་ལྷའི་རྣལ་འབྱོར་རོ། །བཟླས་བྱའི་སྔགས་ནི་ཨོཾ་ཡིག་ལ་སོགས་པའོ། །དེ་རྣམས་ཀྱི་ཆོ་གའི་རིམ་པ་ནི་འཆད་པར་འགྱུར་བའོ། །སེམས་ཀྱི་རྣམ་འཕྲུལ་ལོ་ཞེས་པ་འདིས་འདི་ཐམས་ཅད་ བྱང་ཆུབ་སེམས་ཀྱི་རང་གི་ངོ་བོར་མོས་པ་ཁོ་ནར་བྱའོ་ཞེས་གསལ་བར་བྱེད་དེ། གང་གི་ཕྱིར་འདིར་ཐམས་ཅད་རྣམ་པར་སྣང་མཛད་ལ་སོགས་པ་རིགས་ལྔ་རྣམས་སུ་འདུས་ཤིང་། དེ་རྣམས་ཀྱང་རྡོ་རྗེ་འཛིན་པ་བྱང་ཆུབ་སེམས་ཀྱི་བདག་ཉིད་གཅིག་པུ་ཁོ་ནའོ། །སྟོང་ཉིད་རྡོ་རྗེ་ཅན་ ཞེས་པ། །སྟོང་པའི་རྡོ་རྗེ་ཅན་ནོ། །འདི་སྐད་བཤད་དེ། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ཁོ་ན་ཤེས་རབ་དང་ཐབས་ཀྱི་ཡེ་ཤེས་ཀྱི་ངོ་བོ་ཁོ་ན་ནི་འདོད་ཆགས་ལ་སོགས་པའི་རང་བཞིན་དེ་བཞིན་གཤེགས་པ་ལྔ་དང་རིག་མ་ལ་སོགས་པའི་རྣམ་པས་ཀུན་རྫོབ་པའི་ གཟུགས་འཛིན་ཏེ། ཉོན་མོངས་པ་ཡོངས་སུ་སྤོང་བའི་སེམས་ཅན་གྱི་ཁམས་ཀྱི་སེམས་དྲི་མ་མེད་པར་བྱེད་པའི་དོན་དུའོ། །གདུལ་བྱ་དེ་ལྟར་གྱུར་པའི་ལམ་ལ་འཇུག་པའི་སྐལ་བ་ཅན་དེ་རྣམས་དེ་ཁོ་ན་ཉིད་ལ་སྦྱོར་ཞིང་རྣམ་པར་རྟོག་པ་མེད་ཀྱང་འདི་ལྟར་ངེས་པར་གནས་ སོ་ཞེས་པའོ། །ཇི་སྐད་དུ་མཁའ་འགྲོ་མ་རྡོ་རྗེ་གུར་དུ་གསུངས་པ། ཞེ་སྡང་ང་རྒྱལ་དེ་བཞིན་རྨོངས། །འདོད་ཆགས་སེར་སྣ་ཅན་སྐྱེའོ། །བསྡུ་ཆེད་རྡོ་རྗེ་ཅན་རང་ཉིད། །འཁོར་ལོར་གཟུགས་རྣམས་དུ་མའོ། །དངོས་པོ་གང་དང་གང་གིས་ནི། །མི་རྣམས་ཡིད་ལ་ སྦྱོར་བྱེད་པ། །དེས་དེའི་རང་བཞིན་ཉིད་དུ་འགྱུར། །སྣ་ཚོགས་གཟུགས་ཅན་ནོར་བུ་བཞིན། །དེ་ཕྱིར་ཀུན་ནས་འབད་པ་ཡིས། །སེམས་ཀྱི་རྡོ་རྗེ་སྦྱར་བར་བྱ། །སེམས་དག་པ་ན་བདེ་འགྱུར་ཞིང་། །ཉོན་མོངས་དུག་རྣམས་ཐམས་ཅད་འཇོམས། །ཞེས་སོ། ། འཕགས་པའི་ལྷའི་ཞབས་ཀྱིས་ཀྱང་གསུངས་པ། སྤྱོད་པ་བསྡུས་པར་གང་བསྟན་པའི། །སངས་རྒྱས་ལྔ་ཡི་རིགས་ཆེན་པོ། །དེ་དེའི་རིགས་ལས་བྱུང་གྱུར་པ། །ལྷ་རྣམས་རྣམ་པ་སོ་སོ་སྟེ། །ཕོ་ཉ་ཕོ་ཉ་མོ་ཁྲོ་བོ། །བྲན་ཕོ་བྲན་མོ་ཅི་ བགྱི་རྣམས། །ཕོ་མོ་དེ་རྣམས་ཡོད་མིན་ཏེ། །སེམས་ཅན་དོན་དུ་སོ་སོར་བསྟན། །རྣལ་འབྱོར་པ་ཡིས་བདག་ཉིད་ཀྱིས། །འདི་ཀུན་སྤྲོ་ཞིང་བསྡུ་བར་བྱ། །སྒྱུ་མ་ལྟ་བུའི་ཏིང་འཛིན་གནས། །དཀྱིལ་འཁོར་སོགས་ཀྱང་རྒྱ་ཆེན་པོ། །ཞེས་སོ། །དགྱེས་ པ་ཆེན་པོ་བདེ་ཆེན་པོ། །ཡང་ན་ཆེན་པོ་ལ་སྟེ་གཞན་གྱི་དོན་ལ་ཤིན་ཏུ་མངོན་པར་དགྱེས་པའོ། །དེ་ཉིད་ཀྱི་ཕྱིར་གཙོ་བོ་བཟང་པོའོ། །བསྐྱེད་པའི་ཡི་གེ་དང་གཟུགས་ནི་བསྐྱེད་པའི་རིམ་པས་ཡི་གེ་ནི་འགྱུར་མེད་དེ། གཟུགས་ནི་སྔོན་པོ་ལ་སོགས་པའོ། །དང་པོར་ ཞེས་པ་སྙིང་རྗེ་ལ་སོགས་པ་ལ་ལྟོས་པས་དང་པོ་ཉིད་དེ། བྱམས་པའི་སྟོབས་ལས་འབད་པ་མེད་པ་ཁོ་ནར་སྙིང་རྗེ་ལ་སོགས་པ་རྣམས་གསལ་བར་འགྱུར་བའི་དོན་དུའོ། །གང་ཐམས་ཅད་ཀྱི་དང་པོར་བསྒོམ་པར་བྱ་བ་དེ་ནི། དང་པོར་རོ་ནི་བསྒོམ་པར་བྱ། །ཞེས་པ་ལ་ སོགས་པས་གསུངས་པར་འགྱུར་རོ། །བྱམས་པ་ལ་སོགས་པ་རྣམས་ཀྱི་མཚན་ཉིད་ནི་བཤད་ཟིན་ཏོ། །དེ་ལྟར་ཀུན་རྫོབ་པའི་བྱང་ཆུབ་ཀྱི་སེམས་བསྐྱེད་པ་ལ་སོགས་པའི་དེ་མ་ཐག་པར་དོན་དམ་པ་པ་གསུངས་པ། སླར་ཡང་ཞེས་པ་དང་པོ་ལ་སོགས་པའི་རིམ་པས་ སོ་ཞེས་པའི་དོན་ཏོ། །སྟོང་ཉིད་ནི་གཅིག་དང་དུ་མའི་རང་བཞིན་དང་བྲལ་བ་ལ་སོགས་པས་ཆོས་རྣམས་ཐམས་ཅད་བདག་མེད་པ་ཉིད་དུ་མན་ངག་ཇི་ལྟ་བ་བཞིན་རྗེས་སུ་རིག་པར་བྱའོ། །དེའི་ངོ་བོའི་བྱང་ཆུབ་དང་པོར་བསྒོམ་ཞེས་འབྲེལ་ཏོ། །བདེ་བ་ཆེན་པོ་མངོན་ པར་བྱང་ཆུབ་པ་ནི་ཕྱིས་སོ་ཞེས་མངོན་པར་དགོངས་སོ། །ས་བོན་བསྡུ་ཞེས་པས་ས་བོན་ཏེ་ལྷ་བསྐྱེད་པའི་རྒྱུ་མཚན་བསྡུ་སྟེ་ཡང་དག་པར་གཟུང་བར་བསྒོམ་མོ། །དེ་ལ་ས་བོན་ནི་སྟོང་ཉིད་བྱང་ཆུབ་འཆི་བའི་བར་མ་ཆད་དུ་བར་དོའི་སྲིད་པའི་ངོ་བོ་སྟོང་པ་ཉིད་དང་སྙིང་རྗེ་དབྱེར་ མེད་པའི་བྱང་ཆུབ་ཀྱི་སེམས་ཀྱི་མྱུ་གུའི་ངོ་བོས་ཇི་ལྟར་རིགས་པར་ཧཱུྃ་ཡིག་ལ་སོགས་པ་ཧོཿཡིག་གཉིས་ཀྱི་ནང་དུ་བཅུག་པ་སྟེ། དེ་བསྡུ་བའི་ནི་རྡོ་རྗེ་གུར་ལ་སོགས་པའི་རིམ་པས་ཟླ་བ་དང་ཉི་མ་དག་གམ་ཕ་མ་དག་གི་རྡོ་རྗེ་དང་ཆུ་སྐྱེས་དག་གི་བར་ན་གནས་པའོ། ། གཟུགས་ནི་ལྷའི་རྣམ་པའོ། །ཡི་གེ་དགོད་ཅེས་པ་འགྱུར་མེད་དགོད་པ་སྟེ། འཁོར་ལོ་བཞི་རྣམས་ལ་དང་སྙིང་གར་ཡི་གེ་དགོད་པ་ཞེས་པ་ཇི་སྲིད་པའོ། །ཡི་གེ་ནི་དང་པོ་དགོད་པ་དང་རིགས་ཀྱི་བདག་པོ་དགོད་པ་དག་ཉེ་བར་མཚོན་པའོ། །དེ་ལྟར་དོན་དམ་ པའི་བྱང་ཆུབ་ཀྱི་སེམས་ཡན་ལག་བཞི་པ་མདོར་བསྟན་ནས་ཡོངས་སུ་བསྐོར་བ་གསུངས་པ། རེ་ཕས་ཞེས་པ་ལ་སོགས་པའོ། །སྣ་ཚོགས་རྡོ་རྗེ་ནི་ཇི་ལྟར་འདོད་པར་ཤིན་ཏུ་རྒྱ་ཆེ་བ་རྟེན་གྱི་རང་བཞིན་ནོ། །ར་བ་དང་ནི་གུར་བཅིང་བ་ཡང་ཞེས་པ་རྡོ་རྗེ་ར་བ་དང་རྡོ་རྗེའི་གུར་དང་ མཚམས་བཅིང་བ་ཞེས་པའོ། །དེ་ལ་དེའི་འོད་ཟེར་རྒྱ་ཆེན་པོའི་སྣང་བས་ཀུན་ནས་འབར་བའི་རང་བཞིན་མཚམས་བཅིང་བ་སྟེ། དེའི་དབུས་སུ་གནས་པ་ས་བོན་ལས་སྐྱེས་པའི་རྡོ་རྗེའི་ཚོགས་མཁྲེགས་ཤིང་བར་མེད་པ་མི་གཡོ་བར་གནས་པ་རྣམས་ཀྱི་རྡོ་རྗེ་ར་བ་དང་རྡོ་རྗེ་ གུར་ཡང་བསྒོམ་པར་བྱའོ། །སྟོང་ཉིད་བྱང་ཆུབ་ཀྱི་བར་མ་ཆད་དུ་ཡོངས་སུ་བསྐོར་བ་འདིའོ། །དང་པོར་བྱ་བའི་ཡན་ལག་གསུངས་པ། དང་པོར་ཞེས་པ་ལ་སོགས་པ་སྟེ། ཤི་བ་ནི་རོའོ། །བདག་མེད་པ་ཉིད་ཀྱི་ཕྱིར་ཆོས་ཀྱི་དབྱིངས་གསལ་བར་བྱེད་པ་ཉིད་ཀྱིས་ན་ ཆོས་ཀྱི་དབྱིངས་ཀྱི་བདག་ཉིད་དོ། །གནས་ནས་ཞེས་པ་བདག་ཉིད་གནས་པར་མོས་ནས་སོ། །ཤེས་རབ་ཐབས་ཀྱི་བདག་ཉིད་ཅེས་པ་དེ་ནི་སྟོང་པ་ཉིད་དང་སྙིང་རྗེའི་བྱང་ཆུབ་སེམས་ཀྱི་རང་བཞིན་ཉིད་ཀྱི་ཕྱིར་རོ། །དེ་འདི་ནི་ ཇི་ལྟར་རིགས་པར་རྣལ་འབྱོར་གཞན་དང་ཐུན་མོང་བའི་ཆོ་གའོ། །ཧེ་རུ་ཀ་གསུམ་གྱི་རྣལ་འབྱོར་གྱི་དབང་དུ་བྱས་ནས་གསུངས་པ། ཧཱུྃ་ཡིག་ལས་ཞེས་པ་ལ་སོགས་པ་སྟེ། རྡོ་རྗེ་བྱུང་བ་ནི་རྡོ་རྗེ་སྐྱེས་པའོ། །ལྟེ་བ་ནི་དབུས་ཀྱི་ཟླུམ་པོའོ། །ཧཱུྃ་ཡིག་ཁོ་ན་དེ་ཁོ་ན་ཉིད་ དོ། །ཞེ་སྡང་བདག་ཉིད་ནི་གདུག་པ་ཅན་རྣམས་ཀྱི་སྐྱོན་ཟད་པའི་ཆེད་དུ་བཅོས་མའི་ཁྲོ་བོའི་རོའོ། །རྡོ་རྗེ་སྐྱེ་བ་ཞེས་པ་ཀྱེའི་རྡོ་རྗེའོ། །དད་པས་ཞེས་པ་འདོད་པས་སོ། །སྔོན་པོའམ་སྔོན་པོ་དམར་པོའི་འོད་ནི་སྙིང་བརྩེ་བ་ཆེན་པོའི་ཆགས་པ་ གསལ་བར་བྱེད་པའི་དོན་དུའོ། །དེ་ལྟར་སྐད་ཅིག་གིས་ཧེ་རུ་ཀའི་གཟུགས་སུ་བདག་ཉིད་རྣམ་པར་བསྒོམས་ནས་རྣམ་པར་སྦྱངས་པའི་བདག་ཉིད་ཀྱིས་རང་གི་སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་བཀུག་པ། ནམ་མཁར་རྗེ་བཙུན་བལྟས་ནས་ནི། །ལྷ་མོ་བརྒྱད་པོ་རྣམས་ཀྱིས་ མཆོད། །རང་གི་སྙིང་གི་ས་བོན་ལས། །ངེས་པར་བྱུང་བ་རྣམས་ཀྱིས་སོ། །རི་དགས་མཚན་མ་ནི་རི་བོང་ཅན་ནོ། །བདུད་ལས་རྒྱལ་བ་ནི་ཁྲག་གོ། །སྨན་ནི་རྣམ་པར་སྣང་མཛད་དོ། །རྡོ་རྗེ་ནི་ཤའོ། །དྲིའི་ལག་ཅེས་ཀློག་པ་ལ་ནི་དྲི་ནི་འདིར་ཤའོ། །གང་གསུངས་ པར་འགྱུར་བ། ཤས་གང་བའི་ཐོད་པ་ཞེས་སོ། །རོ་ནི་ཆང་ངོ་། །དེ་ལ་ཅང་ཏེ་འུས་ནི་ཕྱིའི་མཆོད་པའོ། །བདུད་རྩི་ལྔའི་རོ་རྣམས་ཀྱིས་གསང་བའི་མཆོད་པའོ། །དེ་ཁོ་ན་ཉིད་ཀྱི་མཆོད་པ་ནི་བདེ་བ་ཆེན་པོའི་རང་བཞིན་མགྲིན་པ་ནས་འཁྱུད་ནས་རྗེས་སུ་ཆགས་པར་ཌོམྦི་ཡིས་ བྱེད་པའོ། །སྟོང་ཉིད་བྱང་ཆུབ་མདོར་བསྟན་པ་རྒྱས་པར་སྟོན་ཏེ། དེ་ནས་ཞེས་པ་ལ་སོགས་པའོ། །གནས་ནི་ཞེན་པའི་རྣམ་པར་རྟོག་པ་སྟེ། དེས་གྲོལ་བ་ནི་གྲོལ་བ་སྟོང་པ་ཉིད་དོ། །ཆོས་རྣམས་ཐམས་ཅད་ངག་གི་བདག་ཉིད་ཡིན་པ་དེ་ནི་ཆོས་ཀུན་བདག་ཉིད་ཅན་དུ་ འགྱུར་རོ། །སྐྱབས་སུ་འགྲོ་བ་ལ་སོགས་པ་ནི་འདིར་མ་བསྟན་ཏེ། འདིར་དབང་པོ་རབ་ཀྱི་རབ་རྣམས་ཀྱི་དབང་དུ་བྱས་པ་ཉིད་ཀྱི་ཕྱིར་རོ། །དེ་རྣམས་ཀྱིས་ནི་དཀྱིལ་འཁོར་དུ་འཇུག་པ་ཁོ་ན་ལས་འདི་ཐམས་ཅད་ཤིན་ཏུ་བྱས་པ་ཉིད་ཀྱི་ཕྱིར་ཏེ་དེ་ལྟ་ཁོ་ནར་འཛིན་པའི་ཕྱིར་རོ། ། དེ་ལྟ་ན་ཡང་དེ་རྣམས་ཀྱིའང་མི་འཇིགས་པའི་དོན་དང་། རྟུལ་པོ་རྣམས་རྗེས་སུ་གཟུང་བའི་དོན་དུ་རྒྱུད་གཞན་ལས་འཇུག་པར་བྱའོ། །དེའི་དེ་མ་ཐག་ཏུ་ཚངས་པའི་གནས་རྣམས་བསྒོམ་པར་བྱའོ། །དེ་ནས་སྟོང་པ་ཉིད་དོ། །དེ་ནས་རྡོ་རྗེ་གུར་རོ། །རིམ་པ་འདི་ཡང་ རྣལ་འབྱོར་གཞན་ལ་ཡང་ཇི་ལྟར་རིགས་པར་རྣམ་པར་ཤེས་པར་བྱའོ། །ས་བོན་དང་མཚན་མ་དག་དང་དེ་ཡོངས་སུ་གྱུར་པ་འདོད་པའི་ལྷའི་གཟུགས་དང་འདོད་པའི་ལྷ་མཆོད་པར་བྱ་བ་ཞེས་པ་ལ་སོགས་པའི་ཁྱད་པར་རྣམས་བརྟག་པར་བྱའོ། །དེའི་དེ་མ་ཐག་ཏུ་རྡོ་རྗེ་ གུར་གྱི་ནང་དུ་ཡུད་ཀྱིས་བལྟས་པའི་དུར་ཁྲོད་བརྒྱད་ཀྱི་དབུས་སུ། འདབ་མ་སྣ་ཚོགས་པའི་པད་མའི་ལྟེ་བ་ལ་གནས་པའི་རོའི་སྙིང་གའི་སྟེང་དུ་ཉི་མའི་གདན་ལ་གང་བསམ་པར་བྱ་བ་དེ་གསུངས་པ། ཨཱ་ལི་ཟླ་བ་ཞེས་པ་ལ་སོགས་པ་སྟེ། ཟླ་བའི་གཟུགས་སུ་ཡོངས་སུ་ གྱུར་པའི་ཨཱ་ལི་ནི་ཟླ་བ་ཨཱ་ལིའོ། །ཀཱ་ལི་ཡོངས་སུ་གྱུར་པའི་ཉི་མ་ནི་ཀཱ་ལིའི་ཉི་མའོ། །ས་བོན་ནི་ཧཱུྃ་ཡིག་སྟེ་ཉི་མ་དང་ཟླ་བ་ཡང་དག་པར་སྦྱར་བའི་དབུས་སུ་བསམ་པར་བྱའོ། །ས་བོན་དེ་ཁོ་ན་སེམས་ཅན་ཏེ་མ་དང་ཕ་ཟླ་བ་དང་ཉི་མའི་བར་དུ་འཇུག་པ་མཆོག་ཏུ་དགའ་བའི་ རང་བཞིན་དུ་གསུངས་ཏེ། དེ་ཁོ་ན་འདིར་ལྷན་ཅིག་སྐྱེས་པའི་དོན་བསྒོམ་པར་བྱའོ་ཞེས་པའི་དོན་ཏོ། །རང་གི་ལུས་འདྲ་ཞེས་པ་ས་བོན་དེ་ཡོངས་སུ་གྱུར་པའི་རྡོ་རྗེའི་ལྟེ་བར་གནས་པའི་ས་བོན་ལས་ཀྱེའི་རྡོ་རྗེའི་ལུས་འདྲ་བ་རྣམས་ཏེ། དེ་དང་འདྲ་བར་ཁ་དོག་སྔོན་པོ་ཁྲོ་བོའི་ ཉམས་ཅན་འགྲོ་བ་འདུལ་བའི་ཐབས་སུ་གྱུར་པའི་ལྷའི་གཟུགས་ཅན་རྣམས་སོ། །སྙིང་གར་ཞེས་པ་ས་བོན་ལའོ། །མངོན་པར་བྱང་ཆུབ་པ་རྣམ་པ་ལྔའི་རིམ་པའི་སྦྱོར་བ་ཡང་འཆད་པར་འགྱུར་བ་འདིར་གོ་བར་བྱའོ། །དེ་ལྟར་ཟླ་བ་དང་ནི་ཉི་མ་དང་རྡོ་རྗེ་དང་ས་བོན་ཡོངས་སུ་ གྱུར་པས་ཞེ་སྡང་བདག་ཉིད་ཀྱེའི་རྡོ་རྗེ་མཆོག་ཏུ་དགའ་བའི་རང་བཞིན་རང་རང་གི་ས་བོན་ལས་སྐྱེས་པའི་འཁོར་དང་བཅས་པ་ཁོ་ན་ཉེ་བར་སྐྱེའོ། །ནམ་མཁའི་ཁམས་ཞེས་པ་ལ་སོགས་པ་ནས་སྔོ་དང་དམར་བའི་འོད་ཅེས་པའི་བར་གྱི་གཞུང་ནི། ཆོས་ཀུན་བདག་ཉིད་ཅན་དུ་ འགྱུར། །ཞེས་པའི་བར་མ་ཆད་དུ་རྟོགས་པར་བྱའོ། །ཧཱུྃ་ཡིག་ལས་སྐྱེས་ནི་རྡོ་རྗེ་ཞེས་པ་ལྷག་མའོ། །ཅི་འདྲ་བའི་ཀྱེའི་རྡོ་རྗེ་སྒོམ་པ་ཞེ་ན། གསུངས་པ། རྒྱན་ཀུན་ཞེས་པ་ལ་སོགས་པའོ། །རྒྱན་རྣམས་ནི་མགོ་བོར་གནས་པའི་ཐོད་པ་ལྔ་དང་འཁོར་ལོ་ཅན་དང་། རྣ་རྒྱན་དང་། མགུལ་རྒྱན་དང་། ལག་གདུབ་དང་། སྐ་རགས་དང་། ཐལ་བ་དང་མི་མགོ་རློན་པའི་ཕྲེང་བ་རྣམས་དང་སྟག་གི་པགས་པའི་གོས་ཏེ། དེ་ཡང་ཤེས་རབ་དང་བཅས་པ་ཉིད་ན་རྒྱབ་ཀྱི་ཆ་ཁོ་ནར་རོ། །གཡོན་པའི་བརླ་ལ་ཞབས་གཡས་ པའི་རྩེ་མོ་ཡང་དག་པར་བཞག་ནས་སྐྱིལ་ཀྲུང་ཕྱེད་པ་ཅན་ནོ། །སྤྱན་རྣམས་དམར་ཞིང་ཟླུམ་པའོ། །འཇིགས་བྱེད་ནི་འཇིགས་སུ་རུང་བའི་གཟུགས་ཅན་གྱི་རོའོ། །རྡོ་རྗེ་ཁ་ཊྭཱཾ་ག་ནི་རྡོ་རྗེ་རྩེ་གསུམ་པས་མཚན་པའི་ཁ་ཊྭཱཾ་ག་སྟེ། མཆོད་ཕྱིར་ཐོགས་བཞིན་དུ་གཟུང་བའོ། །ཐོད་པ་ ནི་ཁྲག་ཆེན་པོས་གང་ཞིང་རྡོ་རྗེས་མཚན་པའོ། །རྡོ་རྗེ་ནག་པོ་ནི་རྩེ་མོ་ལྔ་པ་འབར་བའི་ཕྲེང་བ་ཅན་ཡང་དག་པར་གསོར་རོ། །སྒྲོགས་པའི་བདག་ཉིད་ནི་སྒྲོགས་པའི་ངང་ཚུལ་ཅན་ནོ། །དུར་ཁྲོད་ཅེས་པ་ནི་འདིར་གནས་སོ་ཞེས་པ་ཝ་ས་ན་སྟེ་གནས་ཡིན་ཞིང་ཤ་ཝཱ་ནཱཾ་བ་ས་ ན་རོ་རྣམས་ཀྱི་གནས་ནི་དུར་ཁྲོད་དོ་ཞེས་པའི་ལྔ་པའི་ཆ་ལ་ཝའི་ཆ་མ་ཉིད་དུ་དང་། ཕྱི་མའི་ཚིག་ལ་ཝ་སའི་ཆ་ཤར་འགྱུར་ཏེ། ཡི་གེ་བསྒྱུར་བའི་ངེས་ཚིག་གིས་སོ། །དེར་དེ་རྣམས་ཀྱི་གནས་པའི་བྱ་བ་ཅི་ཞེ་ན། འཆག་པ་དང་གནས་པ་དང་ཉལ་བ་དང་འདུག་པ་རྣམས་ཏེ། མགོ་མེད་པ་དང་། དཔྱངས་པ་དང་། འགྱེལ་བ་དང་། གསལ་ཤིང་གིས་ཕུག་པ་ལ་སོགས་པ་རྣམས་ཀྱི་རིམ་པ་ཇི་ལྟ་བ་བཞིན་ནོ། །འདི་ནི་དགོངས་པ་ཡིན་ཏེ་ཇི་ལྟར་དུར་ཁྲོད་ན་རོ་རྣམས་བདག་མེད་པ་དེ་ལྟར་ཐམས་ཅད་ལའོ་ཞེས་པས་བདག་མེད་པར་སེམས་ཅན་ཐམས་ཅད་ གནས་པ་ནི་དུར་ཁྲོད་དེ། སེམས་ཅན་རྣམས་སེམས་ཅན་གྱི་རང་བཞིན་གྱིས་སྟོང་པ་དང་། སེམས་ཅན་གྱི་གནས་རྣམས་ཀྱང་སེམས་ཅན་གྱི་གནས་རྣམས་ཀྱི་རང་བཞིན་གྱིས་སྟོང་པའོ་ཞེས་པ་དུར་ཁྲོད་ཀྱི་དོན་ཏོ། །དེ་ནས་གནས་དེ་ཁོ་ནར་དམིགས་པ་མེད་པའི་སྙིང་རྗེ་ ཆེན་པོ་དང་ཤེས་རབ་ཆེན་པོའི་བདག་ཉིད་བྱང་ཆུབ་ཀྱི་སེམས་ཆེན་པོ་ཕྱག་རྒྱ་ཆེན་པོའི་རང་བཞིན་བཅོམ་ལྡན་འདས་རོལ་བར་རིགས་སོ་ཞེས་པའོ། །ལྷ་མོ་ནི་རྡོ་རྗེ་དྲག་མོ་ལ་སོགས་པ་རྣམས་སོ། །བརྒྱད་ནི་གླིང་བུ་མ་ལ་སོགས་པའི་ལྷ་མོ་བརྒྱད་རྣམས་ཉེ་བར་མཚོན་པ་ སྟེ། དེའི་ཕྱིར་ལྷ་མོ་བཅུ་དྲུག་གིས་ཡོངས་སུ་བསྐོར་བའོ། །དེ་ལྟར་ཕྱག་བཞི་པ་དང་ཕྱག་དྲུག་པ་དག་ཀྱང་གྲུབ་སྟེ། ཁྱད་པར་རྒྱུད་དུ་གསུངས་པ་ཡང་བལྟ་བར་བྱ་ཞིང་། གོ་ཆ་ལ་སོགས་པ་འཆད་པར་འགྱུར་བ་རྣམས་ཀྱང་རྟོགས་པར་བྱའོ། །དེ་ལྟ་ན་ཡང་ ཕྱག་གཉིས་པ་བསྒོམ་པ་ན་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་སྲིད་པ་ཁོ་ནའོ། །སྐབས་སུ་དང་མཐར་ཡང་ཕྱག་རྒྱའི་རྣལ་འབྱོར་གྱི་རྗེས་སུ་འབྲང་བ་ལས་བདག་མེད་མ་བསྒོམ་པ་ན་བཞིན་ནོ། །དེ་ལྟར་ན་འཁོར་དང་བཅས་པའི་བཅོམ་ལྡན་འདས་རྫོགས་པ་ན་གོ་ཆ་ལ་སོགས་པ་དང་ཡེ་ ཤེས་སེམས་དཔའ་གཞུག་པ་དང་དབང་བསྐུར་ཞིང་རྒྱས་གདབ་པ་དང་། མཆོད་པ་དང་བསྟོད་པ་དང་བདུད་རྩི་མྱོང་བའི་བར་མ་ཆད་དུ། ཤིན་ཏུ་དགའ་བའི་རྣལ་འབྱོར་མ་ཟུར་མིག་བལྟ་བ་དང་བསྟོད་པའི་ཟོལ་གྱིས་ཟུར་གྱིས་སྨྲ་བ་ལ་སོགས་པས་དགོངས་པ་ཉེ་བར་སྟོན་ཅིང་རྗེས་ སུ་ཆགས་པ་ལྷག་པ་ལས་བ་སྤུ་ལྡང་བ་དང་འདར་བ་ལ་སོགས་པ་འཐོབ་པ་རྣམས་བཅོམ་ལྡན་འདས་ལ་ཉེ་བར་ཕྱིན་ནས་སྐྱེས་བུ་འདོད་པ་བཞིན་དུ་རྗེས་སུ་གནས་ཏེ། དེ་ལ་ཐོག་མར་རྡོ་རྗེ་མ་འཁྱུད་པར་བྱེད་ཅིང་། དེ་ནས་དེ་ལས་གཞན་རྣམས་དེའི་རྗེས་སུ་ འཇུག་ཅེས་པས་ལྷན་ཅིག་སྐྱེས་པའི་བདེ་བ་ཆེན་པོ་སྐབས་སུ་འབར་བ་ཁོ་ནའོ། །གཞན་རྣམས་ལ་ཡང་ཇི་ལྟར་རིགས་པར་རིམ་པ་འདི་རྟོགས་པར་བྱའོ་ཞེས་པ་བསྡུས་པའི་ཆོ་གའོ། །བར་མ་ནི་ཆོས་འབྱུང་གི་ནང་དུ་ཆུ་སྐྱེས་དང་སྣ་ཚོགས་རྡོ་རྗེ་ལ་གནས་པའི་གཞལ་ཡས་ཁང་གི་ ནང་དུ་རོ་ལ་སོགས་པ་བསྒོམ་པ་ལ་སྔ་མ་བཞིན་ནོ། །རྒྱས་པ་དང་བཅས་པ་ནི་བར་མ་བསྒོམ་པའི་དེ་མ་ཐག་ཏུ་དཀྱིལ་འཁོར་པ་དང་བཅས་པའི་དཀྱིལ་འཁོར་གྱི་དབང་པོ་རྫོགས་པ་ན་ཕྱག་བཅུ་དྲུག་པ་བཞིན་ཞུ་བ་ལ་སོགས་པའི་རིམ་པ་ལས་ཤེས་པར་བྱའོ། །འཇིག་རྟེན་ གསུམ་ཀུན་དུ་བསྐྱོད་པ་བཅོམ་ལྡན་འདས་ཀྱང་བདག་མེད་མ་དང་སྙོམས་པར་ཞུགས་པར་རྟོགས་པར་བྱ་སྟེ། བླ་མ་ཁ་ཅིག་རྣམས་ནི་གཡུང་མོ་དང་ངོ་ཞེའོ། །གཙོ་བོར་ནི་ཆོ་ག་མདོར་བསྡུས་པའི་དབང་དུ་བྱས་པས་ཧེ་རུ་ཀ་གསུམ་རྣམས་སོ། །བར་མའི་ཆོ་གའི་དབང་དུ་བྱས་ ནས་བདག་མེད་མའི་དཀྱིལ་འཁོར་རོ། །རྒྱ་ཆེ་བའི་ཆོ་གའི་དབང་དུ་བྱས་པས་ཞལ་བརྒྱད་པའི་དཀྱིལ་འཁོར་རོ་ཞེས་པའོ། །རྣལ་འབྱོར་ཀུན་གྱི་བདུད་རྩི་ཞེས་པ་འཆད་པར་འགྱུར་བའི་རྣལ་འབྱོར་རྣམས་ཐམས་ཅད་ཀྱིས་གང་བར་བྱེད་པ་ཉིད་ཀྱིས་བདུད་ རྩིའི་ཆོ་གའོ། །ཕྱག་བཞི་པའི་ཁྱད་པར་བརྗོད་པའི་ཆེད་དུ་གསུངས་པ། དེ་ཉིད་ཅེས་པ་ལ་སོགས་པ་སྟེ། དགའ་བ་བཞིའི་རང་བཞིན་ནི། དགའ་བ་བཞི་རྣམས་རོ་གཅིག་པ་ཉིད་དུ་འཆར་བའི་ཕྱིར་རོ། །དེའི་རང་བཞིན་ཉིད་ཀྱིས་ན་བདུད་བཞི་རྣམས་ལས་རྣམ་པར་རྒྱལ་བ་རྣམ་ པར་དག་པའོ། །དེས་ཀྱང་ཕྱག་བཞི་པ་ཉིད་དོ། །སྐུ་ལ་འཁྱུད་ཅེས་པ་ཤེས་རབ་མའི་སྐུ་ལ་གང་གིས་ལུས་འཁྱུད་པ་དེ་བསྒོམ་པར་བྱའོ། །ཕྱག་དྲུག་པའི་ཁྱད་པར་བརྗོད་པའི་ཆེད་དུ་གསུངས་པ། དང་པོ་ཞེས་པ་ལ་སོགས་པ་སྟེ། སྟོང་པ་ཞེས་པ་ཆོ་ག་ལྷག་མ་ཉེ་བར་མཚོན་པའོ། ། ཆ་མེད་པ་ནི་རྡོ་རྗེ་སེམས་དཔའ་སྟེ། དོན་དམ་པར་སྤྲོས་པ་ཐམས་ཅད་དང་བྲལ་བ་ཉིད་ཀྱི་ཆ་བྱ་བར་མི་ནུས་པ་ཉིད་ཀྱི་ཕྱིར་རོ། །ཅི་ལྟར་ཞེ་ན། གསུངས་པ། ཟླ་བ་ཞེས་པ་ལ་སོགས་པ་སྟེ། ཧཱུྃ་ཡིག་ནི་ཕྱག་དྲུག་པ་བསྒོམ་པ་ཁོ་ན་ལ་རྒྱུ་རྡོ་རྗེ་འཛིན་པའི་ངོ་བོ་ཉིད་ཀྱི་ཕྱིར་ཟླ་བའི་དཀྱིལ་འཁོར་ཅན་ ཉིད་དེ། འབྲས་བུའི་ངོ་བོ་ནི་ཧེ་རུ་ཀ་གསུམ་ཆར་ཡང་ཉི་མའི་དཀྱིལ་འཁོར་ཅན་རྣམས་སོ། །ཕྱག་དྲུག་པ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་རྣམ་པར་དག་པའོ། །དཀར་མིན་ནི་ནག་པོ་སྟེ་ཁྲོས་པའོ། །དང་ཡིག་ལས་བདུད་རྩི་ལྔ་པ་སྟེ། ཐོད་པ་བདུད་རྩི་ལྔས་གང་བའོ། །ཕྱག་གཡོན་ པ་རྣམས་ཀྱིས་རྡོ་རྗེ་དྲིལ་བུ་དང་གཞུ་དང་ཐོད་པ་འཛིན་པ། གཡས་པ་རྣམས་ཀྱིས་རྡོ་རྗེ་དང་མདའ་དང་རྩེ་གསུམ་པའོ། །ཤེས་རབ་རྡོ་རྗེ་ལྕགས་སྒྲོག་མ་ནི་བཅོམ་ལྡན་འདས་ཀྱི་གཟུགས་ཅན་ཏེ། དེ་ལ་རྡོ་རྗེ་དང་རྡོ་རྗེ་དྲིལ་བུ་དང་ལྡན་པའི་ཕྱག་གཉིས་ཀྱིས་འཁྱུད་པའོ། །བྷ་ གའི་དབུས་སུ་ཞེས་པ། བྷ་ག་ནི་ཆོས་འབྱུང་སྟེ། རྡོ་རྗེ་གུར་གྱི་ནང་དུ་དུར་ཁྲོད་ཀྱིས་ཡོངས་སུ་བསྐོར་བའི་ཆོས་འབྱུང་དང་ཆུ་སྐྱེས་དང་སྣ་ཚོགས་རྡོ་རྗེ་ལ་གནས་པའི་ཁང་པ་བརྩེགས་པའི་དབུས་སུ་སྣ་ཚོགས་ཆུ་སྐྱེས་ཀྱི་ལྟེ་བ་ལ་གནས་པའི་རོའི་སྙིང་གར་གནས་པའི་ཐོད་པ་ཁྲག་ གིས་བཀང་བའི་སྟེང་དུ་ཉི་མ་ལ་བཅོམ་ལྡན་འདས་ཤེས་རབ་དང་བཅས་པ་བསྒོམ་པར་བྱའོ་ཞེས་པའི་དོན་ཏོ། །ལྡན་པ་ནི་འདུས་པར་ཇི་ལྟར་འགྱུར་བ་ལྟར་རོ། །ལྷ་རྣམས་དང་ནི་གླིང་བུ་མ་ལ་སོགས་པའི་ལྷ་མོ་རྣམས་དང་ངོ་། །ཕྱག་རྒྱ་རྣམ་བསྒོམ་བྱ་ཞེས་མདོར་བསྟན་པ་ རྒྱས་པར་སྟོན་ཏེ། འདབ་མ་དག་གིས་ཞེས་པ་འདབ་མ་བརྒྱད་རྣམས་ལ་ལྷ་མོ་བརྒྱད་བྲི་ཞེས་པ་བྲི་བྱའི་དཀྱིལ་འཁོར་ལ་ཡང་དེ་ལྟར་ཞེས་པ་དགོངས་པའོ། །ཤར་གྱི་འདབ་མར་རྡོ་རྗེ་དྲག་མོ་དཀར་མོ་གཡོན་དག་ན་གཞུ་དང་ཐོད་པ་དག་སྟེ། གཡས་པ་དག་ན་མདའ་དང་ལྕགས་ཀྱུ་དག་ གོ། །ལྷོར་རྡོ་རྗེ་གཟུགས་ཅན་མ་སེར་མོ་གཡས་པ་དག་ན་མདུང་དང་རྡོ་རྗེ་དག །གཡོན་པ་དག་ན་ཐོད་པ་དང་ཞགས་པ་དག་གོ། །ནུབ་ཏུ་རྡོ་རྗེ་ཆགས་མ་དམར་མོ་གཡས་པ་དག་ན་རལ་གྲི་དང་རྡོ་རྗེ་དག །གཡོན་པ་དག་ན་ཐོད་པ་དང་དྲིལ་བུ་དག་གོ། །བྱང་དུ་རྡོ་རྗེ་ཞི་བ་མ་ ལྗང་གུ་མུ་སུ་ཎྜཱི་ནི་ཐལ་སྦྱར་རམ་ཕུབ་ཅེས་གཞན་རྣམས་ཏེ། མཐེའུ་ཆུང་དང་མཐེབ་ཆེན་དག་བསྐུམ་ནས་སོར་མོ་དབུས་མ་གསུམ་བསྒྲེང་བ་ནི་བ་དན་གསུམ་པའོ། །དབང་ལྡན་དུ་རྡོ་རྗེ་གནོད་སྦྱིན་མ་དཀར་སེར་མའོ། །མེའི་ཕྱོགས་སུ་རྡོ་རྗེ་མཁའ་འགྲོ་མ་སེར་ དམར་མའོ། །རྡོ་རྗེ་ཞི་བ་མ་ལ་སོགས་པ་གསུམ་གྱི་གཡོན་པ་དག་དང་གཡས་པ་དག་ཏུ་རིམ་པ་ཇི་ལྟ་བར་ཕྱག་མཚན་དགོད་དོ། །བདེན་བྲལ་དུ་སྒྲ་རྡོ་རྗེ་མ་དམར་ཞིང་སྔོན་མོའོ། །རླུང་དུ་ས་རྡོ་རྗེ་མ་ལྗང་དཀར་མ་སྟེ། བུམ་པ་དང་རྡོ་རྗེ་དང་དྲིལ་བུ་དང་ཐོད་པ་ཞེས་པ་ བཞིའི་འདི་དག་གི་གཡས་པ་གཉིས་སུ་དང་གཡོན་པ་གཉིས་སུ་རིམ་པ་ཇི་ལྟ་བར་ཕྱག་མཚན་རྣམས་སོ། །རྫས་ནི་བདུད་རྩི་ལྔའོ། །ཉེ་བར་སྡུད་དེ། འདབ་མར་ཞེས་པ་ལ་སོགས་པའོ། །བདེ་བ་ཆེན་པོ་ནི་རྡོ་རྗེ་འཛིན་པའོ། །རོལ་ཆ་ཞེས་པ་ནི་རོལ་ཆ་དང་ལྡན་པའི་ལྷ་མོའོ། །དེ་ལ་ འདབ་མ་བརྒྱད་ཀྱི་ལྷ་མོ་རྣམས་ལས་ཕྱི་རོལ་དུ་དབང་ལྡན་དུ་གླིང་བུ་མའོ། །མེར་པི་ཝང་མའོ། །བདེན་བྲལ་དུ་མུ་ཀུནྡ་མའོ། །རླུང་དུ་རྫ་རྔ་མའོ། །བཞི་པོ་འདི་རྣམས་ཕྱག་གཉིས་མ་སྤྱན་གསུམ་མ། ཞལ་གཅིག་མ་ཕྱག་དག་གིས་རང་རང་གི་རོལ་ཆ་སྒྲོགས་པ་རལ་པའི་ ཅོད་པན་ཅན་སྐྱིལ་ཀྲུང་ཕྱེད་བའི་གར་སྟབས་ཅན་རིམ་པ་ཇི་ལྟ་བར་དམར་བ་དང་སེར་བ་དང་དཀར་བ་དང་དུ་བའི་ཁ་དོག་ཅན་མའོ། །ཤར་སྒོར་རྡོ་རྗེ་ལྕགས་ཀྱུ་མ་ནམ་མཁའ་ལྟར་སྔོ་བསངས་མ་ཞལ་གཡས་པ་ནག་པོ་གཡོན་པ་དཀར་པོ་ཅན། ཕྱག་གཡས་ པ་གསུམ་རྣམས་ན་ལྕགས་ཀྱུ་དང་རལ་གྲི་དང་འཁོར་ལོ་རྣམས་ཏེ། གཡོན་པ་རྣམས་ན་ཞགས་པ་སྡིགས་མཛུབ་དྲིལ་བུ་རྣམས་སོ། །ལྷོར་རྡོ་རྗེ་ཞགས་པ་མ་དཀར་སེར་མ། ཞལ་གཡས་པ་ནག་པོ། །གཡོན་པ་དམར་པོ། །ཕྱག་གཡས་པ་རྣམས་སུ་ཞགས་པ་རྡོ་རྗེ་རལ་གྲི་རྣམས་ དང་། གཡོན་པ་རྣམས་སུ་འཁོར་ལོ་དྲིལ་བུ་སྡིགས་མཛུབ་དང་བཅས་བའི་ཞགས་པའོ། །ནུབ་ཏུ་རྡོ་རྗེ་ལྕགས་སྒྲོག་མ་དམར་མོ། །ཞལ་གཡས་པ་ནག་པོ་གཡོན་པ་དཀར་པོ། །གཡས་པ་རྣམས་ན་རྡོ་རྗེ་དང་ལྕགས་སྒྲོག་དང་རྡོ་རྗེ་རལ་གྲི་རྣམས། གཡོན་པ་རྣམས་ན་ འཁོར་ལོ་དང་དྲིལ་བུ་དང་ལྕགས་ཀྱུ་རྣམས་སོ། །བྱང་དུ་རྡོ་རྗེ་དྲིལ་བུ་མ་ལྗང་གུ་ཞལ་གཡས་པ་ནག་པ། གཡོན་པ་དཀར་པོ། །གཡས་པ་རྣམས་སུ་དྲིལ་བུ་དང་རྡོ་རྗེ་དང་རལ་གྲི་རྣམས། གཡོན་པ་རྣམས་ན་འཁོར་ལོ་དང་ལྕགས་ཀྱུ་དང་ཞགས་པ་རྣམས་སོ། །ལྷ་མོ་བཅུ་ དྲུག་པོ་འདི་རྣམས་ནི། དམར་ཞིང་ཟླུམ་པའི་སྤྱན་གསུམ་མ། གཙོ་བོ་ལ་གཟིགས་པ། མགོ་བོར་གནས་པའི་ཐོད་པ་ལྔ་དང་འཁོར་ལོ་ཅན་ལ་སོགས་པ་དང་རྐང་གདུབ་ལ་སོགས་པས་བརྒྱན་མ་སྟག་གི་པགས་པའི་ཤམ་ཐབས་ཅན་གར་གྱི་ཉམས་དགུས་གར་ཐབས་ཅན་མ་ ཁྲག་གིས་གང་བའི་ཐོད་པ་ལ་གནས་པའི་ཉི་མའི་སྟེང་དུ་སྟེ། གླིང་བུ་མ་ལ་སོགས་པའི་ལྷ་མོ་བཞི་རྣམས་ལས་གཞན་རྣམས་དབུ་སྐྲ་དམར་སེར་གྱེན་དུ་འབར་བའོ། །གླིང་བུ་མ་ལ་སོགས་པ་བརྒྱད་རྣམས་ཀྱི་ཐོད་པའི་འོག་ཏུ་སྣ་ཚོགས་པདྨ་རྣམས་སོ། །དེ་ལ་སྒོ་སྐྱོང་ མ་རྣམས་གཡས་བརྐྱང་གི་ཟླ་འོས་བཞུགས་པ་རྣམས་ཏེ། གཞན་རྣམས་སྐྱིལ་ཀྲུང་ཕྱེད་པས་སོ། །ཉེ་བར་སྡུད་དེ། བྷ་གའི་དབུས་སུ་བསྒོམ་པར་བྱ། །ཞེས་པའོ། །ཨོཾ་ཨཱཿཧཱུྃ་ཧྲཱིཿསྭཱ་ཧཱ། ཞེས་པ་ཕྱག་གཉིས་པ་ལ་སོགས་པ་ཧེ་རུ་ཀ་གསུམ་གྱི་བཟླས་པ་བྱ་བའི་སྔགས་སོ། ། སོ་སོའི་སྔགས་ནི་འཆད་པར་འགྱུར་ཏེ། ལྷ་མོ་བཅུ་དྲུག་པོ་རྣམས་ཀྱི་ཡང་ངོ་། །ཡི་གེ་གཅིག་ནི་བསྐྱེད་པའི་ས་བོན་ཏེ། བཅོམ་ལྡན་འདས་ཤེས་རབ་དང་བཅས་པའི་ཧཱུྃ་དང་། འདབ་མའི་ལྷ་མོ་རྣམས་ཀྱ་ཧྲཱིཿདང་། གླིང་བུ་མ་ལ་སོགས་པ་བརྒྱད་རྣམས་ཀྱི་རིམ་པ་ཇི་ལྟ་ བར། ཨོཾ་ཨཽཾ་ཨེ་ཨཻཾ་ཛཿཧཱུྃ་བཾ་ཧོཿའོ། །ས་བོན་བཞི་དང་ཡང་དག་ལྡན། །ཞེས་པ་ལ་སོགས་པ་ནི་བཟླས་བྱའི་སྔགས་མདོར་བསྟན་པ་སྟེ། ཨོཾ་ཨཱཿཨོཾ་ཧཾ་སྭཱ་ཧཱ། ཞེས་པ་ལ་སོགས་པ་ནི་རྒྱས་པར་བསྟན་ཏོ། །དང་པོའི་དབྱངས་ནི་སྔགས་བཞིའི་ཨོཾ་ཡིག་སྟེ། དེ་ གང་གི་དང་པོ་ཡིན་པ་ཨཱཿཡིག་ཡིན་ཞིང་དེས་ཁྱད་པར་དུ་བྱས་པའི་སྔགས་ཨོཾ་ཨཱཿབཛྲ་ཨཾ་ཀུ་ཤ་ཛཿཧཾ་སྭཱ་ཧཱ་ཞེས་པ་ལ་སོགས་པ་རྒྱས་པར་སྟོན་པར་འགྱུར་བའོ། །རྡོ་རྗེ་དང་པདྨའི་བྱིན་གྱིས་རློབ་པའི་སྔགས་གསུངས་པ། དེ་ནས་ཞེས་པ་ལ་སོགས་པའོ། །གཞུག་ པར་བྱ་བ་ནི་བསྒོམ་པར་བྱ་བ་དང་བརྗོད་པར་བྱའོ། །རྡོ་རྗེ་ནི་ཧཱུྃ་ལས་སྐྱེས་ཤིང་ཧཱུྃ་ཡིག་གིས་བྱིན་གྱིས་བརླབས་པ་རྩེ་མོ་ཨོཾ་ཡིག་གིས་བྱིན་གྱིས་བརླབས་པའོ། །པདྨ་ནི་ཧྲཱིཿཡོངས་སུ་གྱུར་པ་དེས་བྱིན་གྱིས་བརླབས་པ་རྩེ་མོ་ཨཱཿཡིག་གིས་བྱིན་གྱིས་བརླབས་པའོ། ། ཕྱི་རོལ་གྱི་དགའ་བ་ལ་ཡང་འདི་ལྟར་རྗེས་སུ་བསྒྲུབ་པར་བྱའོ། །དེ་ལ་ཤིན་ཏུ་ཆགས་པའི་བུད་མེད་དང་སྐྱེས་པ་དག་གིས་ཤིན་ཏུ་དགའ་བའི་དགའ་སྟོན་གྱི་དུས་སུ་འཛིན་མ་ནུས་པ་ལས་ཁུ་བ་ཤོར་བ་ནི་ཁ་ཁོ་ནར་བཟུང་ནས་བཟའ་བར་བྱ་སྟེ། གང་རྡོ་རྗེ་བདུད་རྩིའི་རྒྱུད་དུ་ གསུངས་པ། ལག་པ་དེ་བཞིན་སོར་མོ་ཡིས། །གནས་དེ་ནས་ནི་ཕྱུང་མི་བྱ། །རྨོངས་པས་གལ་ཏེ་དེ་ལྟ་བུར། །སྐྱེད་ན་ཕྱུང་ནས་ཉམས་འགྱུར་ཏེ། །ཁ་ཉིད་ཀྱིས་ནི་རྟག་བླང་ཞིང་། །ལྕེ་ཡིས་རོལ་བ་དེ་བཞིན་ནོ། །ཞེས་སོ། །འདི་ནི་མཆོད་པ་མཆོག་ཀྱང་ཡིན་ ནོ་ཞེས་གསུངས་པ། མེ་ཏོག་དྲི་ཡིས་མཆོད་པར་བྱ་སྟེ། །ཁུ་བ་དང་རྡུལ་རྣམས་ཀྱིས་སོ། །ཕྱི་རོལ་གྱི་དྲི་ལ་སོགས་པ་རྣམས་ཀྱིས་ཀྱང་། དྲང་བའི་དོན་དུའོ། །བྷ་ག་ཞེས་པ་ཤེས་རབ་མ་ཉེ་བར་མཚོན་པའོ། །བཟླས་པ་ནི་རྡོ་རྗེ་བཟླས་པ་ལ་སོགས་པ་འཆད་པར་འགྱུར་ བའོ། །དེ་ཁོ་ནར་ཏེ་རྡོ་རྗེ་དང་། པདྨ་སྦྱོར་བ་ཁོ་ན་ལའོ། །ཇི་སྐད་དུ་གསུངས་པ། བྷ་གར་ལིང་ག་རབ་བཞག་ནས། །ཡང་དང་ཡང་དུ་བསྔགས་བཟླས་བྱ། །རྣལ་འབྱོར་པ་ཡིས་རྟག་སྤྲོ་སྟེ། །དཀྱིལ་འཁོར་ལས་ནི་དཀྱིལ་འཁོར་ རྣམས། །ཞེས་སོ། །ཕྱག་གཉིས་པ་ལ་སོགས་པའི་དཀྱིལ་འཁོར་གསུམ་པོ་འདིའི་མངོན་པར་རྟོགས་པའི་རིམ་པ་ནི་འདི་ལྟ་སྟེ། དང་པོར་རོ་ལ་གནས་ཤིང་སྙིང་གར་རེ་ཕ་ལས་སྐྱེས་པའི་ཉི་མར་ཧཱུྃ་ལས་སྐྱེས་པའི་རྡོ་རྗེ་དང་ཧཱུྃ་ལས་སྐྱེས་པའི་ཧེ་རུ་ཀར་བདག་ཉིད་རྣམ་པར་བསྒོམས་ ཏེ། སྙིང་གའི་ས་བོན་གྱི་འོད་ཟེར་རྣམས་ཀྱིས་བཀུག་པའི་རྗེ་བཙུན་མ་ལྷ་མོ་བརྒྱད་པོ་རྣམས་ཀྱིས་ཡང་དག་པར་མཆོད་ནས། སྡིག་པ་བཤགས་པ་ལ་སོགས་པ་ནས་ཇི་སྲིད་བཏང་སྙོམས་ཀྱི་བར་གྱི་དེ་མ་ཐག་པར། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ་ཞེས་པས་སྟོང་པ་ཉིད་ བསྒོམས་ཏེ། རེ་ཕ་ལས་སྐྱེས་པའི་ཉི་མ་ལ་ཧཱུྃ་ལས་སྐྱེས་པའི་སྣ་ཚོགས་རྡོ་རྗེ་དང་། དེའི་འོད་ཟེར་ལ་སོགས་པ་བསམས་ཤིང་དུར་ཁྲོད་བརྒྱད་ཀྱི་དབུས་སུ་སྣ་ཚོགས་ཆུ་སྐྱེས་དང་རོའི་སྙིང་གར་ཉི་མ་ལ་ཨ་ཕྲེང་དང་ཀ་ཕྲེང་ལས་སྐྱེས་པའི་ཟླ་བ་དང་ཉི་མ་དང་ཧཱུྃ་ལས་སྐྱེས་པའི་རྡོ་རྗེ་ དང་ཧཱུྃ་ཡོངས་སུ་གྱུར་པའི་ཕྱག་གཉིས་པའམ་ཕྱག་བཞི་པའམ་ཕྱག་དྲུག་པ་རང་རང་གི་ས་བོན་ལས་སྐྱེས་པའི་ལྷ་མོའི་འཁོར་ལོས་ཡོངས་སུ་བསྐོར་བ་བསྒོམ་པར་བྱའོ། །དེ་ནས་མིག་དང་རྣ་བ་དང་སྣ་དང་ལྕེ་དང་རེག་བྱ་དང་ཡིད་རྣམས་ལ་གཏི་མུག་རྡོ་རྗེ་མ་དང་ཞེ་སྡང་རྡོ་རྗེ་ མ་དང་སེར་སྣ་རྡོ་རྗེ་མ་དང་འདོད་ཆགས་རྡོ་རྗེ་མ་དང་ཕྲག་དོག་རྡོ་རྗེ་མ་དང་བདག་མེད་མ་རྣམས་དང་། སྐུ་དང་གསུང་དང་ཐུགས་རྣམས་ལ་མཁའ་ལ་སྤྱོད་མ་དང་ས་སྤྱོད་མ་དང་བདག་མེད་མ་རྣམས་རིམ་པ་ཇི་ལྟ་བར་བསམ་པར་བྱ་སྟེ། འདི་རྣམས་ཀྱང་ནག་མོ་གྲི་གུག་དང་ཐོད་པའི་ཕྱག་ཅན་ ཟླ་བ་ལ་གནས་པ་རྣམས་སོ། །སྤྲུལ་པའི་འཁོར་ལོ་ལ་སོགས་པ་རྣམས་སུ་ཨོཾ་ཧཱུྃ་ཨོཾ་ཧཾ་ཡིག་སྔོན་པོ་དང་ནག་པོ་དང་དམར་པོ་དང་དཀར་པོ་རྣམས་སོ། །དེའི་རྗེས་སུ་སྙིང་གའི་ས་བོན་གྱི་འོད་ཟེར་རྣམས་ཀྱིས་ཡེ་ཤེས་སེམས་དཔའི་དཀྱིལ་འཁོར་བཀུག་སྟེ། རང་གི་སྙིང་ པོའི་སྔགས་ཀྱིས་བྱིན་གྱིས་བརླབས་པའི་མཆོད་ཡོན་དང་ཞབས་བསིལ་སྔོན་དུ་འགྲོ་བར། ཛཿཧཱུྃ་བཾ་ཧོཿཞེས་བརྗོད་པ་ལས། དགུག་པ་དང་གཞུག་པ་དང་བཅིང་བ་དང་དབང་དུ་བྱ་བ་རྣམས་ཀྱིས་དམ་ཚིག་གི་དཀྱིལ་འཁོར་དང་གཅིག་ཏུ་བྱས་ནས་སྙིང་གའི་ས་བོན་གྱི་འོད་ཟེར་ རྣམས་ཀྱིས་སངས་རྒྱས་རྣམས་བཀུག་ལ་མ་མ་བརྒྱད་རྣམས་ཀྱིས་ཡང་དག་པར་མཆོད་དེ། ཨོཾ་ཨ་བྷི་ཥིཉྩ་ནྟུ་མཾ། སརྦ་ཏ་ཐཱ་ག་ཏཱ་ཞེས་གསོལ་བ་བཏབ་པའི་དེ་མ་ཐག་ཏུ། དེ་རྣམས་ཀྱིས་བདུད་རྩི་ལྔའི་བུམ་པ་རྣམས་ཀྱིས་དབང་བསྐུར་བར་བྱ་ཞིང་རྒྱས་གདབ་པར་བྱའོ། ། དེ་ལ་བཅོམ་ལྡན་འདས་དང་བཅོམ་ལྡན་འདས་མ་ལ་མི་བསྐྱོད་པ་དང་། རྡོ་རྗེ་དྲག་མོ་ལ་སོགས་པ་རྣམས་ནི་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་དུ་འཆད་པར་འགྱུར་བའི་མི་བསྐྱོད་པ་ལ་སོགས་པ་རྣམས་ཀྱིས་སོ་ཞེས་བྱ་བ་སྦྱོར་བ་དང་པོའོ། །དེ་ནས་ཆོ་ག་ཇི་ལྟ་བར་བདུད་རྩི་མྱང་ བར་བྱའོ། །སྒྱུ་མ་ཇི་བཞིན་རྨི་ལམ་བཞིན། །བར་དོའི་སྲིད་པ་ཇི་ལྟ་བར། །དེ་ལྟ་ཁོ་ནར་དཀྱིལ་འཁོར་སྣང་། །རྟག་ཏུ་གོམས་པའི་རྣལ་འབྱོར་ལས། །ཞེས་པ་དཀྱིལ་འཁོར་རྒྱལ་པོ་མཆོག་གི་ཏིང་ངེ་འཛིན་ཏོ། །དེའི་རྗེས་སུ་དེ་བཞིན་གཤེགས་པ་ལ་སོགས་ པ་དཀྱིལ་འཁོར་གྱི་འཁོར་ལོ་སྤྲུལ་པ་རྣམས་ཀྱིས་རྫོགས་པའི་སངས་རྒྱས་སུ་བྱས་པའི་འགྲོ་བ་ཇི་ལྟར་རིགས་པར་རང་གི་ལུས་ལ་ནང་དུ་གཞུག་པར་བྱའོ། །རང་གིས་འཁྱུད་པའི་ལྷ་མོ་ལ་ནི་དེ་ལས་གཞན་པའི་རྣལ་འབྱོར་མ་རྣམས་ཏེ། དེ་དང་ལྷན་ཅིག་དགའ་བདེ་ཉམས་ སུ་མྱོང་བ་ལས་ལྟེ་བར་ཕྱིར་འབྱུང་བའི་རླུང་གིས་བསྐུལ་བའི་གཏུམ་མོ་རབ་ཏུ་གཏུམ་པའི་མེའི་རེ་ཁཱ་དྲང་པོའི་གཟུགས་ཀྱི་འོད་ཀྱིས་བསྲེགས་པ། རི་བོང་ཅན་ཐིག་ལེའི་གཟུགས་ཀྱིས་འཇུག་པའི་རླུང་དང་ལྷན་ཅིག་འཛག་པ། གཏུམ་མོ་དང་ལྷན་ཅིག་གཅིག་ཏུ་གྱུར་པ་ནི་ ལྷན་ཅིག་སྐྱེས་པའི་བདེ་བ་ཉམས་སུ་མྱོང་ཞིང་རིམ་གྱིས་ལྟེ་བའི་དཀྱིལ་འཁོར་དུ་ལྷུང་བཞིན་པ་ནི་དམིགས་པ་མེད་པར་འགྱུར་ཏེ། དེ་ལྟར་ཡང་དང་ཡང་དུའོ། །དེ་ནས་རླུང་ལྟེ་བར་འགགས་པར་ལྷག་པར་མོས་ནས་ཐིག་ལེ་ཙམ་དུ་བལྟ་སྟེ། ཐིག་ལེ་དེའི་དབུས་སུ་ཡུད་ཀྱིས་ རྫོགས་པའི་དཀྱིལ་འཁོར་གྱི་འཁོར་ལོ་རྗེས་སུ་དྲན་པར་བྱའོ། །དེ་དེ་ལྟར་འདི་ལྟ་བུའི་དཀྱིལ་འཁོར་གྱི་འཁོར་ལོ་སྒྱུ་མའི་རང་བཞིན་དུ་བསྒོམ་པར་བྱའོ་ཞེས་པ་ལས་རྒྱལ་པོ་མཆོག་གི་ཏིང་ངེ་འཛིན་ཏོ། །བསྒོམས་པས་སྐྱོན་ཇི་ལྟ་བའི་རང་ གི་སྔགས་འཆད་པར་འགྱུར་བ་བཟླས་པར་བྱའོ། །ཡང་ན་རྡོ་རྗེ་གུར་བསྒོམ་པའི་དེ་མ་ཐག་ཏུ་ཡུད་ཀྱིས་བལྟས་པའི་འདོད་པའི་ལྷ་ཡོངས་སུ་གྱུར་པའི་ཆོས་འབྱུང་གི་ནང་དུ་སྣ་ཚོགས་ཆུ་སྐྱེས་ཀྱི་ལྟེ་བ་ལ་སྣ་ཚོགས་རྡོ་རྗེའི་ལྟེ་བར་ཆོ་ག་ཇི་ལྟ་བར་རླུང་གི་དཀྱིལ་འཁོར་ལ་སོགས་པ་ ལས་སྐྱེས་པའི་གཞལ་ཡས་ཁང་དུར་ཁྲོད་བརྒྱད་པོ་འཇིག་རྟེན་གྱི་ཁམས་ཐམས་ཅད་བདག་མེད་པ་ཉིད་གསལ་བར་བྱེད་པ་རྣམས་ཀྱིས་ཡོངས་སུ་བསྐོར་བ་བསྒོམ་པར་བྱའོ། །གཞན་ནི་སྔ་མ་བཞིན་ནོ་ཞེས་པའོ། །དཔལ་ཡང་དག་པར་སྦྱོར་བའི་རྒྱ་ཆེར་འགྲེལ་པ། མན་ངག་གི་སྙེ་ མར་སྙེ་མ་བདུན་པའོ།། །།དེ་ལྟར་བཅོམ་ལྡན་འདས་ཀྱི་སྒྲུབ་ཐབས་ཀྱི་ཆོ་ག་ཉེ་བར་བསྟན་ནས་འཁོར་ལོ་ལ་སོགས་པས་ཞི་བ་ལ་སོགས་པའི་དོན་དུ་ལྷ་སྣ་ཚོགས་བསྒོམ་པ་ལ་འཇུག་པར་བྱེད་དེ། ཉོན་ཅིག་ཅེས་པ་ལ་སོགས་པའོ། །རྡོ་རྗེ་ནི་རྡོ་རྗེ་སྙིང་པོ་སྟེ། འཇིགས་པ་ནི་འཇིགས་སྡེའོ་ཞེས་པ་བཞིན་ནོ། །འཁོར་ལོས་བསྒྲུབ་བྱ་ཞེས་པ་ཞི་བ་དང་རྒྱས་པ་དང་དབང་དུ་བྱ་བ་དང་སྲུང་བ་དང་མངོན་སྤྱོད་དོ། །ཁྱད་པར་དུ་ནི་ཁ་དོག་ལ་སོགས་པའི་ཁྱད་པར་གྱིས་སོ། །ཞི་བ་ནི་ད་ལྟར་བའི་གནོད་པ་བྱེད་པའོ། །སྲུང་བ་ནི་འབྱུང་བར་ འགྱུར་བའོ། །རེ་མིག་དགུ་སོགས་འཁོར་ལོ་ཡི། །ཞེས་པ་རྩིབས་བརྒྱད་རྣམས་ལྟེ་བ་དང་ལྷན་ཅིག་རེ་མིག་དགུ་གང་གི་ཡིན་པ་དེ་ཡང་ཡིན་ལ་དང་པོ་ཡང་སྟེ་འཆད་པར་འགྱུར་བའི་འཁོར་ལོ་ལ་ལྟོས་པ་སྟེ། འཁོར་ལོ་ཡང་ངོ་། །དེའི་ཕྱི་རོལ་མུ་ཁྱུད་དོ། །ལས་ཀྱི་ཁ་དོག་ སོགས་ཞེས་པ་ལས་དང་རྗེས་སུ་མཐུན་པའི་མདོག་ཏུ་བསམ་པ་ལ་སོགས་པ་བསྒོམ་པར་བྱའོ། །འདིའི་ཞེས་པ་སྔགས་ཀྱི་ས་བོན་ཏཱ་ལ་སོགས་པའི་ས་བོན་རྣམས་སོ། །ཀུན་གྱི་སྟེ་ཤར་དང་མེ་ལ་སོགས་པའི་རེ་མིག་རྣམས་ལ་ཕྱག་འཚལ་ཏེ། ཨོཾ་དང་། སྲེག་པ་སྟེ་སྭཱ་ཧཱ་ དང་། དེའི་མཐའ་བྲི་བ་ཧཱའོ། །དབུས་སུ་མིང་ཞེས་པ་ལྟེ་བ་ལ་ཨོཾ་དང་ཧཱ་ཡིག་དག་གི་དབུས་སུ་བསྒྲུབ་བྱའི་མིང་སྲུངས་ཀྱི་ངག་དང་བཅས་པའོ། །མཉམ་ཉིད་ཡེ་ཤེས་ནི་སྟོང་པ་ཉིད་ཀྱི་ཡེ་ཤེས་སོ། །དེ་ཁོ་ན་སྟོང་པ་སྟེ་དེ་དང་ལྡན་པར་བདག་ཉིད་ཀྱིས་གཅིག་པའོ། ། མཉམ་ཉིད་ཀུན་རིག་སྟོང་པ་ཉིད་ཀྱི་ཡེ་ཤེས་ནི་སྲུང་བ་མཆོག་སྟེ་གནས་སུ་དང་འཁོར་ལོར་བསྒོམ་པའོ། །དེའི་ཕྱིར་དེ་སྦྱར་བར་བྱའོ། །དེ་ལྟར་གྱུར་ན་སྲུང་པར་འགྱུར་ཏེ། ཡེ་ཤེས་ཅན་རྣམས་ཀྱིའོ། །འཇིགས་པ་ནི་ཉེ་བར་འཚེ་བ་བྱས་པ་རིང་པོ་སྟེ་འགྱུར་བ་མ་ ཡིན་ཞེས་པའི་དོན་ཏོ། །དེའི་ཕྱིར་དངོས་པོ་མེད་པར་ཏེ་སྟོང་པ་ཉིད་དུའོ། །སེམས་ཅན་རྣམས་ཞེས་པ་སྣོད་ཀྱི་འཇིག་རྟེན་ཉེ་བར་མཚོན་པའོ། །རྣལ་འབྱོར་དངོས་པོ་ནི་ལྷ་རྫོགས་པའོ། །མིག་ལ་ཞེས་པ་མིག་དག་ལའོ། །སྣ་ལ་ཞེས་པ་སྣ་དག་ལའོ། །མགོ་ལ་སོགས་པ་རྣམས་ ཀྱི་ནང་གི་བུག་པ་ལ་གནས་པའི་ཡི་གེ་རྣམས་སོ། །ལས་རྣམས་ཐམས་ཅད་བསྒྲུབ་པར་བྱ། །ཞེས་པ་ནི་ཞི་བ་ལ་སོགས་པ་རྣམས་སོ། །ལྷ་རྣམས་ཐམས་ཅད་ཅེས་ཁ་ཅིག་ཏུ་ཀློག་སྟེ། ལྷ་རྣམས་ཐམས་ཅད་ཀྱང་ཞེས་པའི་དོན་ཏོ། །དོན་ནི་འདི་ཡིན་ཏེ། ཆོས་ཐམས་ ཅད་སྟོང་པ་ཉིད་དུ་བསམས་ནས་ཡུད་ཀྱིས་སྐྱེས་པ། པདྨ་དཀར་པོ་དང་ཟླ་བ་ལ་ཏཱཾ་ཡོངས་སུ་གྱུར་པ་ལྟེ་བ་ལ་ཏཱཾ་གིས་བྱིན་གྱིས་བརླབས་པའི་ཨུཏྤ་ལ་སྟེ། དེ་ཡོངས་སུ་གྱུར་པ་ལས་འཕགས་མ་སྒྲོལ་མ་སེམས་དཔའི་སྐྱིལ་ཀྲུང་ཅན། རིན་པོ་ཆེ་ལ་སོགས་པ་སྣ་ཚོགས་པའི་ རྒྱན་ཅན་མ། ཕྱག་གཡས་པ་མི་འཇིགས་པ་དང་། གཡོན་པས་ཨུཏྤ་ལ་འཛིན་པ། རྣམ་པར་སྣང་མཛད་ཀྱིས་རྒྱས་བཏབ་པར་བདག་ཉིད་རྣམ་པར་བསྒོམས་ནས། ཇི་སྐད་བཤད་པའི་སྔགས་རྣམས་ཀྱིས་གོ་ཆ་བྱས་ལ། སྙིང་གའི་ཆུ་སྐྱེས་དང་ཟླ་བ་ལ་གནས་པའི་རྩིབས་ བརྒྱད་པའི་འཁོར་ལོའི་ལྟེ་བ་ལ་ཨོཾ་ལྷས་བྱིན་སྲུངས་ཤིག་ཧཱ། ཤར་དང་མེ་ལ་སོགས་པའི་རྩིབས་རྣམས་ལ་གཡས་སྐོར་གྱིས། ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཞེས་པ་བསྒོམ་པར་བྱའོ། །བཅོམ་ལྡན་འདས་མ་དང་པདྨ་དང་འཁོར་ལོ་དང་ཡི་གེ་རྣམས་དང་འོད་ཟེར་རྣམས་ཀྱི་ཁ་དོག་ནི་ལས་ཀྱི་ རྗེས་སུ་འབྲང་བ་ལས་ཤེས་པར་བྱའོ། །དེ་ལ་ཞི་བ་དང་སྲུང་བ་ལ་དཀར་པོའོ། །རྒྱས་པ་ལ་སེར་པོའོ། །དབང་དུ་བྱ་བ་ལ་དམར་པོའོ། །མངོན་སྤྱོད་ལ་ནག་པོའོ། །རང་གི་ལུས་དང་འཁོར་ལོ་དང་ཡི་གེའི་འོད་ཟེར་མང་པོ་རྣམས་ཀྱིས་བསྒྲུབ་བྱ་ ཁྱབ་པར་བསམ་ཞིང་སྔགས་བཟླས་པར་བྱ་སྟེ། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། ཞེས་པའོ། །སྭཱ་ཧཱའི་སྔོན་དུ་ཇི་ལྟར་རིགས་པར་སྤེལ་ཚིག་གོ། །སྔོན་དུ་བསྙེན་པའི་དུས་སུ་ནི་སྤེལ་ཚིག་མི་བྱའོ། །གྲོ་ག་ལ་ནི་པདྨ་དང་ཟླ་བ་དང་འཁོར་ལོ་དང་ཡི་གེ་རྣམས་བྲིས་ནས། གྲོ་ག་ དང་བཅས་པ་རྣམས་སྟེང་གི་བུ་ག་ནས་ནང་དུ་བཅུག་སྟེ། སྙིང་གའི་པདྨ་ལ་སོགས་པ་རྣམས་དང་གཅིག་ཏུ་བྱས་ལ། འོག་ཏུ་བཅོམ་ལྡན་འདས་མའི་པདྨའི་སྒོ་ནས་ཕྱུང་ནས་གཟུང་བར་བྱ་སྟེ། མངོན་པར་འདོད་པར་འགྱུར་ཞིང་། རིག་པའི་རབ་ཏུ་གནས་པ་ཡང་འདི་ལྟར་རོ་ཞེས་པ་ མན་ངག་གོ། །ཆོ་ག་འདི་ནི་འཆད་པར་འགྱུར་བའི་རྣལ་འབྱོར་དག་ལ་ཡང་ཇི་ལྟར་རིགས་པར་རྟོགས་པར་བྱའོ། །དབང་དུ་བྱ་བའི་ལས་ལ་ཀུ་རུ་ཀུལླེ་ཁྱད་པར་དུ་འཕགས་ཤིང་། དེ་ནི་བཅོམ་ལྡན་འདས་མ་སྒྲོལ་མ་ཁོ་ན་སྟེ། སྟོང་པ་ཉིད་དུ་བསྒོམ་པའི་དེ་མ་ཐག་ཏུ་ཡུད་ཀྱིས་པདྨ་དམར་པོ་ དང་རོ་དང་ཉི་མ་ལ་ཧྲཱིཿཡིག་དམར་པོ་ཡོངས་སུ་གྱུར་ཅིང་དེས་བྱིན་གྱིས་བརླབས་པའི་ཨུཏྤ་ལ་དམར་པོ་ཡོངས་སུ་གྱུར་པའི་ཀུ་རུ་ཀུལླེ་དམར་མོ་ཞལ་གཅིག་མ། སྤྱན་གསུམ་གཡོ་ལ་དམར་ཞིང་ཟླུམ་པ་དབུ་སྐྲ་དམར་སེར་གྱེན་དུ་བརྫེས་པ། འོད་དཔག་ཏུ་མེད་པས་རྒྱས་ བཏབ་ལ། སྤྱི་བོར་གནས་པའི་ཐོད་པ་ལྔ་དང་འཁོར་ལོ་ཅན་ལ་སོགས་པའི་རྒྱན་ཅན་མ། མགྲིན་པར་འཕྱང་བའི་མགོ་བོའི་ཕྲེང་བ་ཅན་མ་ཕྱག་བཞི་མ། གཡས་པ་དག་གིས་ཨུཏྤ་ལ་དམར་པོ་ཁ་འབུས་པའི་མདའ་དང་མེ་ཏོག་དམར་པོ་ལས་བྱས་པའི་ལྕགས་ ཀྱུ་དང་གཡོན་པ་དག་གིས་མེ་ཏོག་དམར་པོའི་གཞུ་དང་ཨུཏྤ་ལ་དམར་པོ་འཛིན་མ། སྐྱིལ་ཀྲུང་ཕྱེད་པས་གར་བྱེད་པར་བསམས་ནས། རང་གི་སྙིང་གར་ཉི་མ་ལ་གནས་པའི་འཁོར་ལོའི་ཡི་གེའི་འོད་ཟེར་རྣམས་ཀྱིས་བཀུག་པའི་བསྒྲུབ་བྱ་སློང་བར་གྱུར་ཅིང་ཁྱབ་པ་ཨུཏྤལ་ ཡིས་མགུལ་བར་བཅིངས་ཏེ། སྐྱེས་པ་ལ་ནི་སྙིང་གར་དང་བུད་མེད་ཀྱི་སྐྱེ་གནས་སུ་ལྕགས་ཀྱུས་གཟིར་ཞིང་མདའི་དྲ་བ་རྣམས་ཀྱིས་འབུགས་པ་པོར་བདག་ཉིད་སྒོམ་པར་བྱེད་ཅིང་དབང་དུ་བྱ་བའི་དོན་དུ་སྔགས་བཟླས་པར་བྱའོ། །འཁོར་ལོ་ནི་འཆད་པར་འགྱུར་བའི་ ཟུར་དྲུག་པ་པདྨ་འདབ་མ་བརྒྱད་པ་དང་ཉི་མ་ལ་གནས་པ་སྟེ། རྩིབས་རྣམས་ལ་ཨོཾ་ཀུ་རུ་ཀུལླེ་སྭཱ་དང་། དཀྱིལ་དུ་ཧྲཱིཿཆེ་གེ་མོ་དབང་དུ་གྱིས་ཤིག་ཧྲཱིཿཧའི་ཡི་གེ་རྣམས་སྦྱར་བར་བྱའོ། །འབྲི་བའི་རྫས་ནི་འཆད་པར་འགྱུར་རོ། །བཅིང་བ་དང་ཞི་བ་ལ་སོགས་པ་ རྣམས་ལ་ཇི་ལྟར་རིགས་པས་ཆོ་ག་རྟོགས་པར་བྱའོ། །འཇིགས་པ་ཞེས་པ་སྦྲུལ་རྣམས་ཀྱིའོ། །རིམས་དང་གློ་བུར་དུ་འཆི་བ་དང་དུག་ཞི་བར་བྱེད་པ་ལ་འདི་དཀར་མོའོ། །སྲུང་བ་འདི་ནི་ཞེས་པ་འདི་ཡང་དེ་ཡིན་ལ་སྲུང་བ་ཡང་ངོ་ཞེས་བྱས་ནས་སོ། །སྔགས་པའི་ཞེས་ པ་ཡེ་ཤེས་ཅན་ནི་བརྒྱ་ཕྲག་གཅིག་གིས་ཏེ་དེ་རྣམས་ནི་སྙིང་རྗེ་དང་ལྡན་པ་ཉིད་ཀྱི་ཕྱིར་རོ། །ཤེས་རབ་ཀྱི་འཁོར་ལོ་གསུངས་པ། འདབ་བརྒྱད་ཅེས་པ་ལ་སོགས་པའོ། །འདབ་མ་ནི་རྩིབས་སོ། །སྔོན་ནི་སྒྲོལ་མའི་འཁོར་ལོའོ། །སྔོན་དུ་གསུངས་པ་ནི་དགོད་པ་ལ་ སོགས་པའི་ཆོ་གས་སོ། །ཡང་ན། དང་པོར་སྟོང་ཉིད་རྣམ་བསམས་ནས། །ལུས་ཅན་རྣམས་ཀྱི་དྲི་བཀྲུས་ཏེ། །གཟུགས་ཁམས་ཤེས་པ་ཞེས་པ་ལ་སོགས་པའི་མཚན་ཉིད་ཡང་དག་ལྡན་པའི་མཉམ་ཉིད་ངོ་བོ་ཞེས་འབྲེལ་ཏེ། སྔར་གསུངས་པའི་རིགས་པས་ སོ། །འདི་ནི་སྟེ་འཆད་པར་འགྱུར་བའོ། །གུས་ཤིང་གུས་པས་ནི་ཡང་དང་ཡང་དུ་བསམ་པ་ཕུལ་དུ་བྱུང་བ་དང་བཅས་པས་སོ། །ཤེས་རབ་བདག་ཉིད་ཅེས་ཏེ་བདག་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ་ཞེས་བསྒོམ་པར་བྱའོ། །བཟླས་བྱས་ཏེ་བཟླས་པ་ལས་ སོ། །ས་བོན་ནི་སྔགས་སོ། །ཤེས་རབ་སྤེལ་བའི་སྦྱོར་བ་སྟེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་འཁོར་ལོའི་སྦྱོར་བའོ། །དོན་འདི་ཡིན་ཏེ། སྟོང་པ་ཉིད་ཀྱི་བར་མ་ཆད་པར་པདྨ་དཀར་པོར་ཟླ་བ་ལ་ཧཱུཾ་ལས་སྐྱེས་ཤིང་བྱིན་གྱིས་བརླབས་པའི་ཆུ་སྐྱེས་དང་ཤེས་རབ་ཀྱི་ ཕ་རོལ་ཏུ་ཕྱིན་པའི་པུ་སྟི་ཡོངས་སུ་གྱུར་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་དཀར་མོ་སེམས་དཔའི་སྐྱིལ་ཀྲུང་ཅན་རིན་པོ་ཆེ་ལ་སོགས་པའི་རྒྱན་ཅན་མི་བསྐྱོད་པས་རྒྱས་བཏབ་པ་ཕྱག་གཉིས་མ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་པུ་སྟིས་མཚན་པའི་ པདྨ་གཉིས་གཡོན་པ་དང་གཡས་པའི་ལོགས་དག་ཏུ་ནང་དུ་བསྒྲེང་བ་གྲུ་མོ་གཉིས་ཀྱིས་བཟུང་ནས། ཕྱག་དག་གིས་ཆོས་འཆད་ཀྱི་ཕྱག་རྒྱས་གནས་པར་བདག་ཉིད་བསྒོམ་པར་བྱའོ། །འཁོར་ལོ་ལ་ཡི་གེ་དགོད་པ་ནི་སྒྲོལ་མའི་སྔགས་བཞིན་ནོ་ཞེས་པའོ། ། གཏི་མུག་ལ་སོགས་པའི་ཉོན་མོངས་པ་འཇིག་པའི་ཆེད་དུ་རྣམ་པར་སྣང་མཛད་ལ་སོགས་པའི་རྣལ་འབྱོར་གསུངས་པ། ཟླ་བ་ཞེས་པ་ལ་སོགས་པ་སྟེ། ཡི་གེ་ནི་བྷྲཱུྃ་ཡིག་གོ། །འཁོར་ལོ་དྲིལ་བུ་གཡས་པ་དག་ཏུའོ། །དོན་འདི་ཡིན་ཏེ་སྟོང་པ་ཉིད་ཀྱི་བར་མ་ཆད་དུ་སྣ་ཚོགས་ཆུ་ སྐྱེས་དང་ཁྲག་གིས་གང་བའི་ཐོད་པ་དང་ཟླ་བ་ལ་བྷྲཱུྃ་ཡིག་ལས་སྐྱེས་ཤིང་བྱིན་གྱིས་བརླབས་པའི་འཁོར་ལོའི་མཚན་མ་ལས་སྐྱེས་པ་རྣམ་པར་སྣང་མཛད་དཀར་པོ་རལ་པའི་ཅོད་པན་ཅན་སྐྱིལ་ཀྲུང་ཕྱེད་པའི་གར་སྟབས་ཅན་སྙིང་གར་ཟླ་བ་ལ་གནས་པའི་ས་བོན་ལས་སྐྱེས་པའི་འོད་ ཟེར་དང་བཅས་པ་རང་དང་འདྲ་བའི་ལྷ་རྣམས་ཀྱིས་འགྲོ་བའི་མི་ཤེས་པའི་མུན་པ་བསལ་ནས་སངས་རྒྱས་ཉིད་ལ་དགོད་པ་བྱེད་པར་བདག་ཉིད་བསམ་པར་བྱའོ་ཞེས་པའོ། །ཕྱི་མ་རྣམས་ལ་ཡང་ཇི་ལྟར་རིགས་པར་ཆོ་ག་འདིའོ། །དེ་ཉིད་ཀྱི་ཕྱིར་གསུངས་པ། འདི་ཡིས་ ཤེས་པ་ལ་སོགས་པའོ། །འདིའི་ས་བོན་ཨོཾ་སྟེ་མཚན་མ་ནི་རིན་པོ་ཆེ་ཆ་དགུ་པའོ། །རིན་པོ་ཆེ་ཞེས་པ་ལ་སོགས་པ་རྣམས་ཀྱིས་ང་རྒྱལ་དང་འདོད་ཆགས་ལ་སོགས་པ་སེལ་བ་ནི། གཡས་པ་དག་ན་རིན་པོ་ཆེ་དང་ལྕགས་ཀྱུའོ། །འོད་དཔག་ཏུ་མེད་པའི་ས་བོན་ཧྲཱིཿསྟེ་མཚན་ མ་པདྨའོ། །གཡས་པ་དག་ན་མཚོ་སྐྱེས་དང་མདའ་དག་གོ། །འདོད་ཆགས་ཞི་བར་བྱེད་པའོ། །དོན་ཡོད་གྲུབ་པའི་ས་བོན་ཁྃ་དང་མཚན་མ་རལ་གྲི་སྟེ། གཡས་པ་དག་ན་རལ་གྲི་དང་ལྕགས་ཀྱུ་དག་སྟེ། ཕྲག་དོག་ཞི་བར་བྱེད་པའོ། །མཁའི་ཁམས་དང་འཆད་པར་འགྱུར་ བའི་བྷ་ག་དང་ནམ་མཁའ་ཡང་འདིར་ཆོས་འབྱུང་ངོ་། །ཆོས་འབྱུང་གི་ནང་དུ་འཇུག་པ་ནི་འཆད་པར་འགྱུར་བའི་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་རོ་ཞེས་དགོངས་པའོ། །དེ་ཉིད་ཀྱི་ཕྱིར་གསུང་བར་འགྱུར་བ། གསང་བའི་དཀྱིལ་འཁོར་ཞེས་པའོ། །འདིས་ནི་རྣམ་པར་སྣང་མཛད་ ལ་སོགས་པའི་ལྷ་བརྒྱད་དཀྱིལ་འཁོར་དུ་བསྒོམ་པར་བྱ་བ་རྣམས་འདིར་སོ་སོར་གསུངས་པའི་ཕྱིར་སོ་སོར་ཡང་ངོ་ཞེས་གསལ་བར་བྱེད་དོ། །སྤྱན་མ་ལ་སོགས་པ་བཞི་རྣམས་ནི་སོ་སོར་བསྒོམ་པ་ན་ཆོས་འབྱུང་གི་ནང་དུ་པདྨ་དང་པདྨའི་སྣོད་དང་ཟླ་བ་ལ་གནས་པར་ཤེས་པར་བྱའོ། ། སྤྱན་མའི་མཚན་མ་འཁོར་ལོ་སྟེ། གཡས་རྣམས་ན་འཁོར་ལོ་དང་རྡོ་རྗེ་དང་རལ་གྲི་དང་མདའ་རྣམས་སོ། །ཅོད་པན་ལ་ཐོད་པ་ལྔ་རྣམས་སོ། །རྣམ་པར་སྣང་མཛད་ལ་སོགས་པ་ལྷ་བརྒྱད་པོ་རྣམས་ལ་ཡང་སྟེ། འཁོར་ལོ་ཅན་ལ་སོགས་པའི་རྒྱན་རྣམས་ཀྱང་ངོ་། །ནད་ལ་ སོགས་པའི་ཉེ་བར་འཚེ་བ་ཞི་བར་བྱེད་པའོ། །མཱ་མ་ཀཱིའི་མཚན་མ་རྡོ་རྗེ་སྟེ་གཡས་པ་རྣམས་སུ་རྡོ་རྗེ་དང་རིན་པོ་ཆེ་དང་འཁོར་ལོ་དང་པདྨ་དང་རལ་གྲི་དང་མདའ་རྣམས་ཡིན་ཞིང་། འཇིགས་པ་ལ་སོགས་པ་ལ་རྗེས་སུ་འཛིན་པར་མཛད་པའོ། །གོས་དཀར་མོའི་མཚན་ མ་པདྨ་དང་རྡོ་རྗེ་དང་རལ་གྲི་དང་མདའ་རྣམས་ཏེ། ཉམ་ཆུང་བ་རྣམས་རྒྱས་པར་བྱེད་པའོ། །སྒྲོལ་མའི་མཚན་མ་ཨུཏྤ་ལ་དམར་པོ་སྟེ། གཡས་པ་རྣམས་སུ་ཨུཏྤ་ལ་དམར་པོ་དང་རལ་གྲི་དང་ལྕགས་ཀྱུ་དང་མདའ་རྣམས་ཏེ་སྡང་བ་ལ་སོགས་པ་རྣམས་དབང་དུ་མཛད་པའོ། ། ཉེ་བར་སྡུད་དེ་ཞེས་པ་འདི་ལྟ་བུའི་རྣམ་པའི་ཐབས་རྣམས་ཀྱིས་གཞན་གྱི་དོན་བྱེད་ཅིང་རབ་ཀྱི་མཐར་ཐུག་པ་རྡོ་རྗེ་འཛིན་པ་དང་མཉམ་པར་འགྱུར་རོ། །དཔལ་ཡང་དག་པར་སྦྱོར་བའི་རྒྱུད་ཀྱི་རྒྱ་ཆེར་འགྲེལ་པ། མན་ངག་གི་སྙེ་མར་སྙེ་མ་བརྒྱད་པའོ།། །།ཧེ་རུ་ཀ་ མངོན་པར་འབྱུང་བའི་སྐབས་བྱེད་དེ། ཉོན་ཞེས་པ་ལ་སོགས་པའོ། །དེ་ཁོ་ན་ཉིད་ནི་རྒྱུ་དང་འབྲས་བུའི་ངོ་བོ་སྟེ། གཉིས་གཉིས་དགའ་བ་ཞེས་པ་ལ་སོགས་པས་འཆད་པར་འགྱུར་བ་ཡང་ངོ་། །མཁའ་འགྲོ་ནི་བཅོམ་ལྡན་འདས་སོ། །མཁའ་འགྲོ་མ་ནི་ལྷ་མོ་རྣམས་ སོ། །རྡོ་རྗེ་སེམས་དཔའ་ཞེས་པ་དང་པོར་རྡོ་རྗེ་སེམས་དཔར་གྱུར་ནས་རྡོ་རྗེ་ཅན་དེ་ནི་རྒྱུ་རྡོ་རྗེ་འཛིན་པ་སྟེ། སླར་ཡང་རྡོ་རྗེ་ཉིད་དེ་འབྲས་བུ་རྡོ་རྗེ་འཛིན་པར་འགྱུར་བའོ། །འདི་ནི་མདོར་བསྟན་པ་སྟེ་འདིའི་རྒྱས་པར་སྟོན་པ་ཟླ་བ་ཞེས་པ་ལ་སོགས་ པའོ། །ཟླ་བའི་དཀྱིལ་འཁོར་ལ་ཨཱ་ལི་ཀཱ་ལིའི་ས་བོན་ཕྲེང་བ་ནི་རྒྱུ་རྡོ་རྗེ་འཛིན་པ་རྫོགས་པའི་ཆེད་དུའོ། །ཟླ་བའི་དཀྱིལ་འཁོར་ཅན་ཉིད་ཀྱིས་འདི་སྐུ་མདོག་དཀར་པོ་ཉིད་དུ་གསལ་བར་བྱེད་དོ། །འདིར་བཅོམ་ལྡན་འདས་ཀྱིས་སྐྱེ་བའི་རིམ་པ་མ་བསྟན་ཏོ། སྔ་ མ་དང་ཁྱད་པར་མེད་པ་ཉིད་ཀྱི་ཕྱིར་རོ། །དེ་ལྟར་ནི་འདིར་ཡང་། དང་པོར་རོ་ནི་བསྒོམ་པར་བྱ། །ཞེས་པ་ལ་སོགས་པ་བསྒོམ་པར་བྱའོ། །འདིར་གཞན་པ་ནི་ཧཱུྃ་ཡིག་ཡོངས་སུ་གྱུར་པ་ལས་ཐོད་པའི་མཚན་མ་དང་རྣམ་པ་ལྔ་མངོན་པར་བྱང་ཆུབ་པའི་རིམ་པ་ལ་ཡང་ཧཱུྃ་ཡིག་དང་ཨ་ ཡིག་དེ་དག་ཡོངས་སུ་གྱུར་པའི་ཐོད་པ་དང་གྲི་གུག་ལ་གནས་པ་དག་བསྒོམ་པར་བྱ་སྟེ། འབྲས་བུའི་རྡོ་རྗེ་འཛིན་པ་ས་བོན་གཉིས་པོ་འདི་ལས་སྐྱེས་པ་ཉིད་ཀྱི་ཕྱིར་ན། རྒྱུ་རྡོ་རྗེ་འཛིན་པའི་འང་ས་བོན་འདི་གཉིས་ཁོ་ནར་རྟོགས་པར་བྱའོ། །འདི་རིག་མ་དང་བཅས་པའི་ ཡང་བསྲུབ་ཅིང་སྲུབས་པའི་སྦྱོར་བ་ལས་དགའ་བ་ལ་སོགས་པའི་བདེ་བ་ཉམས་སུ་མྱོང་ནས། བྱང་ཆུབ་སེམས་ཀྱི་ཐིག་ལེ་ལས་བྱུང་བའི་རང་གི་ས་བོན་ལས་སྐྱེས་པའི་ལྷ་མོ་རྣམས་ཇི་ལྟ་བའི་གནས་སུ་བསྒོམ་པར་བྱའོ། །ལྷ་མོ་རྣམས་ཀྱི་ས་བོན་དང་མཚན་མ་ལ་ སོགས་པ་ནི་འབྲས་བུའི་དཀྱིལ་འཁོར་དང་མཚུངས་པར་རྟོགས་པར་བྱའོ། །དེ་ལྟར་ལྷ་མོ་རྣམས་ཕྱུང་ནས་འདོད་ཆགས་ཆེན་པོ་ལས་མན་ངག་ཇི་ལྟ་བར་ལྷ་མོ་དང་ལྷན་ཅིག་ཞུ་བའི་ངོ་བོ་ཉིད་དུ་གྱུར་ཏེ། དེ་ནས་པུཀྐ་སཱི་ལ་སོགས་པ་རྣམས་ཐིམ་པའི་ཏིང་ངེ་འཛིན་ལས་བསླང་བའི་ ཕྱེད་དུ་སྐུལ་བར་བྱེད་དོ། །དེ་ལ་དང་པོར་པུཀྐ་སཱི་ཡིས་སྐུལ་བར་བྱེད་དེ། རྗེ་བཙུན་ཐུགས་རྗེའི་ཡིད་ཅན་བཞེངས་པར་གྱུར་པས་པུཀྐ་སཱི་བདག་ལ་སྐྱོབས་ཤིག །ཅི་ལྟར་ཞེ་ན། བདེ་ཆེན་ནི་ཐར་པ་ཆེན་པོའི་བདེ་བ་སྟེ། དེའི་དོན་དུ་སྦྱར་བ་ནི་ཞུ་བ་ལས་བྱུང་བའི་ཀྱེའི་རྡོ་རྗེའི་སྐུའོ། ། དེས་བདག་ལ་བཞེད་མཛོད་དེ་རོལ་བར་མཛོད་ཅིག་པའོ། །སྟོང་པའི་རང་བཞིན་དེ་ཞུ་བའི་ངོ་བོ་ཉིད་སྤོངས་ཤིག་པའོ། །དེ་ནས་རི་ཁྲོད་མས་ཁྱོད་མེད་ན་སྟེ་བྲལ་ན་བདག་འགུམས་པ་སྟེ། ཀྱེའི་རྡོ་རྗེ་ཁྱོད་བཞེངས་ཤིག །སྟོང་པའི་རང་བཞིན་ཉིད་དེ་ཞུ་བའི་ངོ་བོ་ཉིད་སྤོངས་མཛོད་ ལ། རི་ཁྲོད་མ་འབྲས་གྲུབ་པར་མཛོད། །དེ་ནས་གཏུམ་མོས། དགའ་གཙོ་འཇིག་རྟེན་སངས་རྒྱས་ཉིད་དུ་མགྲོན་གཉེར་ནས། སྟོང་པར་ཏེ་ཞུ་བའི་ངོ་བོར་ཅིའི་ཕྱིར་ན་བཞུགས། གདོལ་པ་མོ་བདག་ཞུ་བར་བགྱིད། ཅིས་ཤེ་ན། ཁྱོད་མེད་ཕྱོགས་ནི་མི་འཚལ་བ་སྟེ་ མུན་པ་ཙམ་དུ་མཐོང་ངོ་ཞེས་པའི་དོན་ཏོ། །དེ་ནས་གཡུང་མོས། མིག་འཕྲུལ་མངའ་བ་ཁྱོད་བཞེངས་ཤིག །ངོ་བོ་སྣ་ཚོགས་མཐའ་དག་ཀྱང་ཁྱོད་ཀྱི་འདི་མིག་འཕྲུལ་ལོ། །གཡུང་མོ་བདག་ནི་སྒྲིན་ཏེ་གྲོང་ཁྱེར་བའོ་ཞེས་དགོངས་མཛོད་དེ། བདག་སླུ་བར་མི་ནུས་པའོ། ། དེའི་ཕྱིར་མི་སྨྲ་བ་ཁོ་ནར་ཞུ་བའི་ངོ་བོ་ཉིད་ཀྱིས་སྙིང་རྗེ་རྒྱུན་ཆད་མ་མཛད་ཅིག་པའོ། །འདིར་ཡང་བཅོམ་ལྡན་འདས་ནི་སྟོང་པ་ཉིད་དང་རོ་གཅིག་པའི་ཏིང་ངེ་འཛིན་མ་ཡིན་ཏེ། འོན་ཀྱང་ཤེས་རབ་དང་ཐབས་ཀྱི་བདག་ཉིད་ཁོ་ནའོ། །དེ་ལྟ་ན་ཡང་སྟོང་པ་ཉིད་ཀྱི་རང་བཞིན་ སྤོངས་ཞེས་པ་ལ་སོགས་པའི་ཚིག་ནི་འགྲོ་བའི་དོན་མི་བྱེད་པའི་ཕྱིར་རིམ་གྱིས་སྟོང་པ་ཉིད་དུ་ལྟུང་བ་སྲིད་པས་བལྟ་བར་བྱའོ། །འདིར་ཡང་རང་རང་གིས་བསྐུལ་བའི་བར་མ་ཆད་དུ་ལྷ་མོ་རྣམས་དུ་བ་ལ་རྗེས་སུ་ཞུགས་པར་བལྟ་སྟེ་སླར་ཡང་འབྱིན་པའི་ཚིག་ལས་སོ། །བསྐུལ་ བའི་བར་མ་ཆད་དུ་ཞུ་བའི་ངོ་བོའི་བཅོམ་ལྡན་འདས་ཀྱིས་དངོས་པོ་མཐའ་དག་སྒྱུ་མ་ལྟ་བུར་ཡང་དག་པར་རིག་པས་ཨ་ཧཱུྃ་གི་ངོ་བོས་གསལ་བར་འགྱུར་ཞིང་། དེ་ལས་གྲི་གུག་དང་ཐོད་པ་དག་དེས་བྱིན་གྱིས་བརླབས་པ་དག་སྟེ། དེ་ལས་འབྲས་བུ་རྡོ་རྗེ་འཛིན་པ་བསྡེབས་པར་ མཛད་ཅིང་བསྡིགས་པར་མཛད་པ་རྫོགས་ཤིང་དེ་ལྟ་ཁོ་ནར་ལྷ་མོ་རྣམས་སྤྲོའོ། །དེ་ལ་ལྷ་མོ་རྣམས་ཀྱི་ས་བོན་ནི་གྃ་ཙྃ་གྷྃ་པྃ་ཤྃ་ལྃ་ཌྃ་སྟེ། འབྱིན་པའི་སྔགས་ཀྱང་འདི་རྣམས་ཁོ་ན་སྟེ། ས་བོན་རྣམས་ཀྱིས་དབྱུང་བར་བྱ། །ཞེས་གསུངས་པའི་ཕྱིར་རོ། །བདག་པོ་དགའ་མ་ ཞེས་པ། བདག་པོ་ནི་བཅོམ་ལྡན་འདས་ཏེ་དགའ་མོ་ནི་བཅོམ་ལྡན་འདས་མའོ། །དེ་དག་ཀྱང་ས་བོན་དག་གིས་སྤྲོའོ་ཞེས་སྦྲེལ་ལོ། །ས་བོན་གཉིས་པོ་དེ་ཉིད་གསུངས་པ། ཧཱུྃ་ཨ་ཞེས་པའོ། །འབར་འཁྲུགས་སྔོན་པོ་དག་ཅེས་པ་པདྨའི་ནང་དུ་སོན་པའི་སེམས་ ཀྱི་ཞུ་བའི་རང་བཞིན་དག་གིས་ཏེ། འབར་བས་འཁྲུགས་པ་སྟེ་དྲག་པའང་དེ་རྣམས་ཡིན་ལ། སྔོན་པོ་དག་ཀྱང་ངོ་ཞེས་པའོ། །གསུམ་པ་ནི་གཉིས་ཀྱི་ཚིག་ནི་འབྱིན་པ་ལ་ལྟོས་པས་སོ། །དེ་ལ་ལྷ་མོ་ཕྱུང་བ་རྣམས་ཀྱིས་འགྲོ་བའི་དོན་བྱས་ནས་འཆད་པར་འགྱུར་བའི་གནས་སུ་ དགོད་པར་བལྟ་བར་བྱ་ཞིང་། བཅོམ་ལྡན་འདས་ནི་བདག་ཉིད་ཀྱི་ནང་དུ་ཆུད་པར་བྱའོ། །དཀྱིལ་འཁོར་རྫོགས་པ་སྟོན་པ། མ་མོའི་འཁོར་ལོ་ཞེས་པ་ལ་སོགས་པའོ། །ཞལ་རྣམས་ནི་གདོང་པ་རྣམས་སོ། །ཞབས་རྣམས་ནི་བརླ་དང་བྱིན་པ་དང་། རྐང་མཐིལ་ཚོགས་པ་ རྣམས་སོ། །བདུད་བཞི་རྣམས་བཅོམ་ནས་ཀུན་དུ་མནན་པའོ། །དེ་བཅོམ་པ་ནི་བློ་གྲོས་རྒྱ་མཚོའི་མདོར་གསུངས་པ། དེ་ལ་ཕུང་པོའི་བདུད་ནི་ཆོས་ཐམས་ཅད་སྒྱུ་མ་བཞིན་དུ་རྟོགས་པས་བཅོམ་མོ། །ཉོན་མོངས་པའི་བདུད་ནི་སྟོང་པ་ཉིད་དུ་ངེས་པར་འཛིན་པས་བཅོམ་ པའོ། །འཆི་བདག་གི་བདུད་ནི་མ་སྐྱེས་ཤིང་མི་སྐྱེ་བས་བཅོམ་པའོ། །ལྷའི་བུའི་བདུད་ནི་ཆོས་ཐམས་ཅད་བསམ་དུ་མེད་པར་རྟོགས་པས་བཅོམ་པའོ་ཞེས་སོ། །དེ་ལྟར་ཕུང་པོའི་བདུད་གཟུགས་སུ་ན་ཚངས་པ་སེར་པོ་དང་། ཉོན་མོངས་པའི་བདུད་ཁྱབ་འཇུག་ནག་པོ་དང་། འཆི་བདག་ གི་བདུད་དབང་ཕྱུག་ཆེན་པོ་དཀར་པོ་དང་། ལྷའི་བུའི་བདུད་ལྷའི་དབང་པོ་ཁམ་སེར་རོ། །འཇིགས་པའི་ཞེས་པ་ནི་འཇིགས་པར་བྱེད་པའིའོ། །ཁམས་གསུམ་པ་ལས་འདས་པའི་རང་བཞིན་ཡུམ་ལ་ལོངས་སྤྱོད་པའི་ཕྱིར་ཆེར་རོལ་ཅིང་རྣམ་པར་སྒེག་པའི་ཉམས་ནི་སྒེག་ པའོ། །བདུད་གནོན་པའི་ཕྱིར་དཔའ་བའོ། །མི་མགོའི་ཕྲེང་བ་ལ་སོགས་པའི་རྒྱན་འཛིན་པའི་ཕྱིར་རམ་གཅེར་བུ་ཉིད་ཀྱི་ཕྱིར་མི་སྡོག་པའོ། །སྒེག་པའི་རྗེས་སུ་བྱེད་པ་གང་ཡིན་པ་དེ་ནི་དགོད་པ་ཞེས་གྲགས་སོ། །འཇིགས་པའི་དུས་སུ་དུས་གཅིག་ཏུ་ཤར་བའི་ཉི་མའི་དཀྱིལ་ འཁོར་དྲག་པོ་རྣམས་དང་ཉེ་བར་མཚུངས་པའི་སྤྱན་རྣམས་ཀྱིས་དྲག་པོའོ། །ལྷ་དང་ལྷ་མ་ཡིན་མཐའ་དག་སྐྲག་པར་བྱེད་པའི་གཟུགས་ཉིད་ཀྱིས་འཇིགས་སུ་རུང་བའོ། །རྣམ་པར་རྟོག་པ་མཐའ་དག་པས་ཉེ་བར་མི་མཚོན་པའི་བདེ་བ་ཆེན་པོའི་རང་བཞིན་ཉིད་ན་ཡང་སྔོན་གྱི་སྨོན་ལམ་གྱིས་ འཇུག་པས་རྣམ་པར་སྤྲོས་པའི་སྤྲུལ་པ་མ་ལུས་པའི་ཕྲེང་བ་རྣམས་ཀྱིས་སྐལ་བ་ཇི་ལྟ་བར་འགྲོ་བ་ལ་ཕན་པ་བསྒྲུབ་པའི་ཕྱིར་སྙིང་རྗེ་ཆེན་པོའོ། །འགྲོ་བ་ལས་ཤིན་ཏུ་འདས་པར་མཐོང་བ་ཉིད་ཀྱིས་ན་རྨད་བྱུང་ངོ་། །འདོད་ཆགས་ལ་སོགས་པའི་ཉོན་མོངས་པའི་ཕུང་པོ་ཞི་བ་ཉིད་ཀྱི་ ཕྱིར་ཞི་བའོ། །རོ་ཞེས་བྱ་བ་འདི་ཅི་ཞིག་ཅེ་ན། གང་འདི་མྱང་བར་བྱའོ། །ཅི་ལྟར་ཞེ་ན། འདི་ལ་བྷ་ར་ཏས་བཤད་པ། ཇི་ལྟར་རྫས་སོགས་སྦྱར་བ་ཡི། །ཚོད་མ་མང་པོ་དང་ལྡན་པའི། །ཟན་ནི་ཟན་ཟའི་སྐྱེ་བོ་རྣམས། །ཟ་ཞིང་མྱོང་བར་བྱེད་པ་སྟེ། །དེ་ལྟར་མི་རྣམས་བསམ་འགྱུར་ ཚུལ། །ཕུན་ཚོགས་གནས་བྱེད་བསམ་གྱུར་པ། །ཡིད་ཀྱིས་མྱོང་བར་བྱེད་དེའི་ཕྱིར། །གར་གྱི་ཉམས་རྣམས་སུ་ནི་བཤད། །ཅེས་སོ། །གནས་བྱེད་བསམ་འགྱུར་བདག་ཉིད་དེ། །ཐམས་ཅད་སྒེག་སོགས་རོ་རུ་འདོད། །རོ་མཐའི་བར་དུ་གནས་པར་བྱེད། །ཅེས་པ་གནས་བྱེད་ རྣམས་ཏེ། དེ་རྣམས་ཀྱང་བྷ་ར་ཏ་ཡིས། དགོད་བྲོ་དགའ་དང་མྱ་ངན་དང་། །ཁྲོ་དང་སྤྲོ་བ་དེ་བཞིན་འཇིགས། །རྨ་བྱ་ངོ་མཚར་ཞེས་པ་ནི། །གནས་བྱེད་བསམ་འགྱུར་རབ་ཏུ་བསྒྲགས། །སྣ་ཚོགས་ཚུལ་དང་འབྲེལ་བ་ཡི། །རོ་འདི་གང་ཕྱིར་བསམ་འགྱུར་བྱེད། །དེ་ཕྱིར་འདི་རྣམས་བསམ་འགྱུར་ བར། །གང་སྦྱོར་རྣམས་ཀྱིས་ཤེས་པར་བྱ། །གང་ཕྱིར་དོན་ལ་མངོན་ཕྱོགས་པར། །འདྲེན་པ་དེ་ཕྱིར་ཚུལ་ཡིན་ནོ། །སྡུད་དང་ལུས་ངག་སྙིང་སྟོབས་ཀྱི། །དབྱེ་བས་དེ་ཉིད་ཐ་དད་འདོད། །དེ་ལ་སྒེག་པའི་ཚུལ་ནི་སྣ་ཚོགས་པ་མཆོག་ཏུ་གསལ་བའི་གོས་དང་བྱུག་པ་དང་ཕྲེང་བ་དང་སོ་རྩི་དང་རྒྱན་ ལ་སོགས་པ་ནི་ཀུན་ནས་སྡུད་པའི་ཚུལ་ལོ། །དེ་ལ། ཀུན་ནས་འབིགས་དང་བཅིང་བྱ་དང་། །བསྐོན་བྱ་བཏགས་བྱ་ཉིད་ཀྱང་སྟེ། །རྒྱན་གྱི་གར་ནི་རྣམ