Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 7

Văn bản gốc(Tây Tạng)

Trang 20 / 20 (50.000 ký tự/trang)
་པ་ནོར་བུ་རྣམས་ཀྱིས་བཅིངས་པ་འཛིན་ཏོ། །དཔའ་བོ་བདག་འདུ་བ་ལ་འཁྲུགས་པས་བརྡེག་པ་ལ་སོགས་པ་ཡོངས་སུ་སྤོང་སྟེ་
དོར་ཅིག་པའོ། །རྣལ་འབྱོར་མའི་དབུས་སུ་ཁྱོད་དོ་ཁྱོད་ནི་བལྟ་སྟེ། རྣལ་འབྱོར་མའི་དཀྱིལ་འཁོར་གྱི་དབུས་སུ་བདག་ཀྱང་ཞུགས་ཏེ་ཁྱོད་ལ་པདྨས་མཆོད་པར་བྱ་ཞེས་དགོངས་པའོ། །དེ་ནས་སྒོ་ནི་མི་གནས་པའི་མྱ་ངན་ལས་འདས་པའི་གྲོང་དུ་འཇུག་པའི་ཐབས་བདེ་
བ་ཆེན་པོའོ། །ཁྲོལ་ནི་གྲོལ་བར་མཛོད་ཅེས་པའི་དོན་ཏོ། །དེས་འཁོར་བ་ལས་སྒྲོལ་བ་སྟེ་གྲོལ་བར་བགྱིའོ། །ཚིགས་སུ་བཅད་པ་འདི་ཡང་སློབ་མ་དཀྱིལ་འཁོར་དུ་འཇུག་པའི་དུས་སུ་དང་། ཚོགས་ཀྱི་དཀྱིལ་འཁོར་དུ་འཇུག་པའི་དུས་སུ་ཡང་སྒོ་སྲུང་ལ་

གསོལ་བ་གདབ་པའི་ཆེད་དུ་བརྗོད་པར་བྱའོ། །དེའི་ཕྱིར་གསུངས་པ་ཉོན་ཅིག་ཅེས་པ་ལ་སོགས་པའོ། །བདུད་རྩི་ནི་བདུད་རྩིར་བྱས་པའི་བདུད་རྩི་ལྔ་དང་སྒྲོན་མ་ལྔའི་རང་བཞིན་ནོ། །ཀླ་ཀློ་ནི་བརྡའོ། །སྦྲང་ཆང་དང་རྒུན་འབྲུམ་ཆང་ནི་དཔའ་བོ་གཅིག་
པའོ། །ཉ་ཕྱིས་ནི་ཙུ་ཀྲ་སྟེ་རྩུབ་པའི་འདོད་ཅན་མའོ། །ཀཱཉྫི་ཀ་ཞེས་པ་ཀཱཉྫི་ཀའི་འབྲས་བུའོ། །དགའ་བ་ཞེས་པ་རྣམ་པ་འདི་ལྟ་བུའི་དགའ་བའི་དངོས་པོ་ཉེ་བར་ལོངས་སྤྱད་པས་སྐལ་བ་བཟང་བ་ཀུན་དགའ་དང་བཅས་པའི་དཔལ་རྡོ་རྗེ་སེམས་དཔའི་གཟུགས་སུ་རྣལ་འབྱོར་པ་
འགྲུབ་པོ། མགུ་བ་ཡང་གླུ་ལེན་པ་ལ་སོགས་པ་བྱེད་དེ། དེ་ལ་གླུ་ནི་ཀ་ཞེས་པ་ལ་སོགས་པ་ཀཾ་ཛྫ་ཧི་ཧི་ཞེས་པའི་མཐར་ཐུག་པའོ། །དེ་ལྟར་གཞན་ཡང་དེ་ཁོ་ན་ཉིད་ཀྱི་དོན་ཀུན་ནས་རྟོགས་པས། དོར་དེ་སྒྲིབ་པ་རྣམས་གང་གི་བསལ་བ་དེ་ཀུན་དོར་ཏེ་རྡོ་རྗེའི་གླུ་ཞེས་པའི་དོན་
ཏོ། །ཕྱག་རྒྱ་དང་རྡོ་རྗེའི་རྐང་སྟབས་རྣམས་ནི་རྒྱུད་གཞན་དུ་གསུངས་སོ། །གང་ལས་ལྟ་སྟངས་ཞེས་པ་ལ་སོགས་པ་ནི་དེ་ཉེ་བར་མཚོན་པ་སྟེ། དེ་རྣམས་ཀྱང་རྡོ་རྗེ་ཕྲེང་བར་རྒྱས་པ་དང་བཅས་པར་རྣམ་པར་ཕྱེའོ། །སྒྱུག་མོ་ནི་སྒྱུག་མོ་ཉིད་དོ། །སྒྱུག་མོ་ཅན་ཞེས་ཀློག་པ་ལ་
ཡང་དེ་ལྟར་རོ། །དེ་རྣམས་ཀྱི་ནི་དེ་རྣམས་སོ། །བཟང་པོ་ནི་རྨ་མེད་པའོ། །དོན་ནི་འདི་ལྟ་སྟེ། དབེན་ཞིང་ཡིད་དང་རྗེས་སུ་མཐུན་པའི་གནས་སུ་ལྷའི་རྣལ་འབྱོར་དང་ལྡན་པའི་བླ་མ་ཤེས་རབ་མ་དང་བཅས་པ་དང་། དེ་བཞིན་དུ་དེ་ལས་གཞན་པ་རྣམས་ཀྱང་དབང་བསྐུར་ཞིང་ལྷའི་
རྣལ་འབྱོར་ཅན་རྣམས་རྒན་རིམ་དུ་གཞག་པར་བྱའོ། །སྒྲུབ་པ་པོས་སྐལ་མེད་རྣམས་སྤང་བར་བྱའོ། །བླ་མ་ལ་གུས་ཤིང་བག་ཡོད་པ་ཅན་ལས་ཀྱི་རྡོ་རྗེ་བྱའོ། །གཏོར་མ་དང་པོ་དང་བར་པ་དང་ཐ་མར་སྦྱིན་པར་བྱའོ། །ཚོགས་ཀྱི་གཙོ་བོས་ཀྱང་བཟའ་བྱ་དང་བཏུང་བྱ་ལ་སོགས་
པ་བདུད་རྩིར་བྱའོ། །མྱོས་བྱེད་ཀྱི་ཆོས་འབྱུང་བྱས་པར་རང་གི་སྙིང་གའི་འོད་ཀྱིས་སྤྱན་དྲངས་པའི་ཡེ་ཤེས་ཀྱི་འཁོར་ལོ་ཆོ་ག་ཇི་ལྟ་བར་ཚིམ་པར་བྱའོ། །དེ་ལ་ཉིས་འགྱུར་སྦྱིན་པར་བྱ། །སྔགས་པ་གཞན་ལ་མཉམ་པོ་ཉིད། །བླ་མ་ལ་སྣོད་གཉིས་ཏེ། གཞན་རྣམས་ལ་

རེ་རེའོ། །སྣོད་ནི་ཤིན་ཏུ་སྐམ་མི་བྱ། །དེ་བཞིན་ཤིན་ཏུ་བཀང་མི་བྱ། པདྨའི་བསྐོར་བས། པདྨའི་ལག་པས་བླང་བ་དང་། དེ་ཉིད་ཀྱི་ནི་ལག་པས་དབུལ་བར་བྱའོ། །ས་ལ་བཀའ་མེད་པར་འདུག་ན་ཆད་པ་སྦྱིན་པར་བྱའོ། །ཕྱག་བྱས་པ་ཁོ་ནས་འཁོར་ལོའི་དབང་ཕྱུག་ལ་དབུལ་
ཏེ་བླང་བ་འང་ངོ་། །གླུ་གར་དེ་བཞིན་རོལ་མོ་དང་། །དྲི་དང་ལན་དང་ལེགས་སྨྲ་བ། །འཁོར་ལོ་ཅན་གྱི་རྗེས་གནང་མེད། །ཚོགས་ཀྱི་དཀྱིལ་འཁོར་དུ་མི་བྱ། །ལྷ་ཡི་རྣལ་འབྱོར་ལྷུར་ལེན་པས། །དལ་བུས་ཐམས་ཅད་བྱའོ། །གཞན་དུ་ན་ཤིན་ཏུ་འཐུངས་པ་ལས་བརྒྱལ་བ་
ཤིན་ཏུ་ཤེས་པ་མེད་པ་ལས་སམ་སེམས་རྣམ་པར་གཡེངས་པ་ལས་དངོས་གྲུབ་ག་ལ་ཞིག །འགྲོ་བར་འདོད་པས་འཁོར་ལོའི་གཙོ་བོ་ལ་ཕྱག་བྱས་ཏེ། ཞུས་ནས་འགྲོ་བར་བྱའོ། །ཟོས་པའི་ལྷག་མའི་གཏོར་མ་ཇི་ལྟར་བཙུག་པའི་སྔགས་རྣམས་ཀྱིས་སྦྱིན་པར་བྱ་སྟེ། ཨོཾ་
ཨཱཿཨུ་ཙྪིཥྚ་བཛྲཱ་དྷི་ཏིཥྛ། ཨི་མྃ་བ་ལི་གྲྀ་ཧྞ་གྲྀ་ཧྞ་ཧཱུྃ་ཕཊ་ཅེས་པ་འདི་ཡང་ནའོ། །འདིར་གལ་ཏེ་བླ་མ་ལས་གཞན་རྣམས་ལ་ཤེས་རབ་མ་མེད་པ་དེའི་ཚེ་དཔའ་བོའི་སྟོན་མོར་བརྗོད་པར་བྱའི་ཚོགས་ཀྱི་འཁོར་ལོ་ནི་མ་ཡིན་ནོ། །བླ་མ་ལ་ནི་དཔའ་བོའི་སྟོན་མོ་ལ་ཡང་ཕྱག་རྒྱ་ངེས་
པར་དབུལ་བར་བྱ་སྟེ་བསོད་ནམས་འཕེལ་བའི་ཆེད་དུའོ། །དེ་ལྟར། འཁོར་ལོར་ཡོན་བཅས་སྟོན་མོ་ནི། །ངན་འགྲོ་འཇིག་པར་བྱེད་བྱས་ནས། །ཇི་ལྟར་ནུས་པས་ཡོན་ཕུལ་ཏེ། །ཚོགས་ཀྱི་འཁོར་ལོ་གཤེགས་སུ་གསོལ། །ཞེས་པའོ། །རོལ་མོ་དང་གླུ་དང་གར་དང་
ཕྱག་རྒྱའི་བྱ་བའི་དེ་ཁོ་ན་ཉིད་བཞི་རྣམས་ཀྱིས་གསལ་བའོ་ཞེས་པ་བྱ་བའི་དེ་ཁོ་ན་ཉིད་བཞིའི་རྒྱལ་པོའོ། །རྣམ་དབྱེ་ཕྱིས་པ་ནི་ལུང་ངོ་། །དཔལ་ཡང་དག་པར་སྦྱོར་བའི་རྒྱུད་ཀྱི་རྒྱ་ཆེར་འགྲེལ་པ། མན་ངག་གི་སྙེ་མར་སྙེ་མ་སུམ་ཅུ་དྲུག་པའོ།། །།སྔར་གསུངས་པའི་
སྤྱོད་པ་སྤྱད་པ་དང་ལྡན་པ་རྣལ་འབྱོར་ཆེར་འཕེལ་བ་ལ་དབང་དུ་གྱུར་པས་ཕྱག་རྒྱ་དང་ལྷན་ཅིག་ཁོ་ནས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་བོ་ཞེས་བརྗོད་པའི་ཆེད་དུ་གསུངས་པ། ཉོན་ཞེས་པ་ལ་སོགས་པ་སྟེ། རྡོ་རྗེ་སློབ་དཔོན་ནི་འདིར་རྡོ་རྗེ་འཛིན་པའི་གཟུགས་ཀྱིས་མཐར་

ཐུག་པར་འཇུག་པ་ཉི་མ་བདུན་པའི་ལྷར་བལྟ་བར་བྱ་བའི་ཆོ་གས་གནས་པའི་རྣལ་འབྱོར་པའོ། །དེའི་དངོས་གྲུབ་ཀྱི་ཆེད་དུ་བྱ་བའི་དམ་ཚིག་ཀུན་སྤྱོད་དེ་རྗེས་སུ་སྒྲུབ་པའོ། །འཁོར་ལོ་ཆེན་པོ་ནི་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་ཏེ། དང་པོ་ནི་དམ་ཚིག་
སེམས་དཔའི་གཟུགས་སོ། །དེ་ལ་རབ་ཏུ་ཞུགས་པའི་སྙིང་པོའི་དཀྱིལ་འཁོར་ནི་ཡེ་ཤེས་སེམས་དཔའི་གཟུགས་སོ། །དེ་ལྟར་རང་ཉིད་དང་པོར་རྡོ་རྗེ་སེམས་དཔའི་རང་བཞིན་ཅན་གྱི་བདག་ཉིད་ལ། རང་ཉིད་ཀྱི་དབང་བསྐུར་སོགས་རྒྱས་པ་ཇི་སྐད་བཤད་པ་རྣམས་དང་
ལྡན་པར་བརྟག་ཅིང་བསམ་ནས་འགྲུབ་པོ་ཞེས་པ་ལྷག་མའོ། །དེ་གསུངས་པ་རྡོ་རྗེ་སློབ་དཔོན་ཉིད་ཅེས་པ་རྡོ་རྗེ་སེམས་དཔའོ། །ཅི་ལས་ཤེ་ན་གང་ཕྱིར་ལེགས་ཐོས་ནི་རྣམ་པར་ཐོས་ཤིང་ལེགས་པར་རྟོགས་པ་སྟེ། ཚད་མས་འཐད་པ་ཉིད་ཀྱིས་སོ། །ཅི་ཞེ་ན་བསམ་གཏན་
ཞེས་པ་ལ་སོགས་པ་འགྲོ་ཞེས་པའི་བར་རོ། །གང་ཡུན་རིང་དུ་བར་མ་ཆད་པར་གུས་པས་སེམས་པར་བྱེད་པ་དེའི་ཚེ་བསམ་གཏན་རབ་ཏུ་གྱུར་པ་མཐར་ཕྱིན་པ་གསལ་བར་སྣང་བར་འགྱུར་ཏེ། དཔེར་ན་འདོད་པ་ཅན་གྱིས་འདོད་ལྡན་མ་སེམས་པ་བཞིན། མཆོག་གི་སྐྱེས་བུ་དོན་དུ་
གཉེར་བས་ཀྱང་རིམ་པ་གཉིས་བསམ་གཏན་པར་བྱེད་དོ། །དེའི་ཕྱིར་ཐེ་ཚོམ་ག་ལ་ཡོད། རིམ་པ་གཉིས་བསྒོམ་བཞིན་པ་ཡང་སྟོང་པ་ཉིད་ཀྱི་ཆོས་སྒོམ་པ་ལྷུར་ལེན་པའི་མཐར་ཐུག་པའི་བྱ་བ་ཅན་ཁོ་ན་དངོས་གྲུབ་ཀྱི་རྒྱུའོ་ཞེས་སྟོན་ཏོ། །རྡོ་རྗེ་ཞེས་པ་ལ་སོགས་པ་ལ། རྡོ་རྗེ་སེམས་
དཔའ་ནི་དམ་ཚིག་སེམས་དཔའ་སྟེ། སྙིང་པོ་ནི་ཡེ་ཤེས་སེམས་དཔའོ། །སོགས་པས་དབང་བསྐུར་ལ་སོགས་པའོ། །དེ་རྣམས་ཀྱིས་མཚོན་པར་བྱའོ་ཞེས་པ་མཚོན་བྱ་སྟེ་རང་བཞིན་མེད་པ་ཉིད་དོ། །དེ་བཟླས་པ་ནི་སྒོམ་པར་བྱེད་པའོ། །ཆོས་གོམས་པ་ཁོ་ན་འཁོར་བ་སེལ་བར་
འགྲོ་བར་བྱེད་པ་སྟེ། ཆོས་ཅན་བསྒོམ་པ་ནི་མ་ཡིན་ནོ། །འདོད་ལྡན་མའི་ལུས་བསྒོམ་པས་འདོད་ཆགས་ཟུམ་པར་བྱེད་པ་མ་ཡིན་གྱི། འོན་ཀྱང་མི་རྟག་པ་ལ་སོགས་པ་ཉིད་དུའོ་ཞེས་པ་ལ་སོགས་པ་གཞན་དུ་མང་པོ་གསུངས་སོ། །རྡོ་རྗེ་འཛིན་པའི་སྙིང་པོའི་སྔགས་ལ་

སོགས་པ་རྣམས་ཀྱིས་བཟླས་པ་སྔར་བྱས་པ་ནི་དངོས་གྲུབ་ཀྱི་ཐབས་ཀྱི་ཡན་ལག་ཏུ་འགྱུར་རོ་ཞེས་འདིར་དེ་ལྟར་གསུངས་སོ་ཞེས་པ་ནི་དྲང་བའི་དོན་ཏོ། །འོ་ན་དེ་ལྟར་ན་རྡོ་རྗེ་སེམས་དཔའ་ཁོ་ན་འགྲུབ་ཀྱི། རྣམ་པར་སྣང་མཛད་ལ་སོགས་པ་ནི་མ་ཡིན་ནམ་ཞེ་ན་གསུངས་པ། དང་
པོ་ཞེས་པ་རྡོ་རྗེ་འཛིན་པའི་གཟུགས་གྲུབ་པར་འགྱུར་བའི་རྣལ་འབྱོར་པའི་དབང་པོའི་གཙུག་གི་ནོར་བུས་བརྟག་པར་བྱ་ཞིང་བསྒོམ་པར་བྱའོ་ཞེས་པ་རྟག་པ་རྣམས་ནི་རྣམ་པར་སྣང་མཛད་ལ་སོགས་པ་ཀུན་ཏེ། དེ་རྣམས་ཀྱི་རྩེ་མོ་མཆོག་བླ་ན་མེད་པ་སྟེ། སྐྱེད་པར་བྱེད་པ་ཉིད་ཀྱི་ཕྱིར་དང་རང་
བཞིན་ཉིད་ཀྱི་ཕྱིར་རོ། །རྡོ་རྗེ་སེམས་དཔའ་ཁོ་ན་མེ་ལོང་ལྟ་བུ་ལ་སོགས་པའི་ཡེ་ཤེས་ཀྱི་རང་བཞིན་ནི་གདུལ་བྱའི་འདོད་པ་སྣ་ཚོགས་པ་ལས་སྣ་ཚོགས་ཤིང་བསམ་གྱིས་མི་ཁྱབ་པར་སྤྱོད་པ་རྣམ་པར་སྣང་མཛད་ལ་སོགས་པ་དཔག་ཏུ་མེད་པའི་སྐུར་འབྱུང་བར་འགྱུར་རོ་ཞེས་པའི་དོན་
ཏོ། །འོ་ན་རྣམ་པར་སྣང་མཛད་ལ་སོགས་པ་རྣམས། སོ་སོ་རང་ཉིད་ཀྱིས་འཁོར་ལོས་སྒྱུར་བ་རྣམས་སུ་བཤད་པ་མ་ཡིན་ནམ། དེའི་ཕྱིར་དེ་བསྒོམ་པ་ཁོ་ནས་དེ་འགྲུབ་པོ་ཞེ་ན། ངེས་པ་མེད་དེ། གང་གི་ཕྱིར་འདིས་ཀྱང་དང་རྡོ་རྗེ་སེམས་དཔའི་གཟུགས་གཙོ་བོར་སེམས་དཔའི་ཆོ་གས་
ཀྱང་དང་། དེ་བཞིན་གཤེགས་པ་གཞན་གྱི་གཟུགས། གཙོ་བོར་བསྒོམས་ཀྱང་། རྣམ་པར་སྣང་མཛད་ལ་སོགས་པའི་ངོ་བོའི་རྒྱལ་བ་རྣམས་སྐྱེ་བས་སོ། །དེ་རྣམས་ཀྱང་སོ་སོ་རང་སྟོང་པ་ཉིད་དང་སྙིང་རྗེ་དབྱེར་མེད་པའི། བྱང་ཆུབ་ཀྱི་སེམས་རྡོ་རྗེའི་རང་བཞིན་རྣམས་ཁོ་ན་སྟེ། མེ་
ལོང་ལྟ་བུའི་ཡེ་ཤེས་ཀྱི་བདག་ཉིད་རྣམ་པར་སྣང་མཛད་དོ་ཞེས་པ་ལ་སོགས་པ་ནི། དེ་དང་དེའི་སྐུ་ལ་དགོས་པའི་དབང་ལས། དེ་དང་དེའི་ཡེ་ཤེས་ཀྱི་གཙོ་བོ་ཉིད་དུ། བརྗོད་པར་འདོད་པས་སོ་ཞེས་དགོངས་པའོ་ཞེས་པ་དྲང་བའི་དོན་ཏོ། །འོ་ན་རྫོགས་པའི་རིམ་པ་བསྒོམ་པའི་
རིམ་པ་ཁོ་ན་རྫོགས་པའི་བྱང་ཆུབ་འགྲུབ་པའི་ཆོ་ག་སྟེ། དེས་ན་འདིས་ཅི་བྱ་ཞེ་ན་གསུངས་པ། ཆོ་ག་ཞེས་པ་ལ་སོགས་པའོ། །བསྐྱེད་པའི་རིམ་པ་ནི་རྫོགས་པའི་རིམ་པའི་དངོས་སུ་བའི་ཐབས་ཏེ། དེས་ན་ཤེས་རབ་ཀྱི་སྦྱོར་བ་བསྒྲུབ་པའི་དང་། དེ་ཡང་ཕྱག་རྒྱ་ཆེན་པོའི་དངོས་

གྲུབ་ཀྱིའོ་ཞེས་མངོན་པར་དགོངས་པའོ་ཞེས་པ་ངེས་པའི་དོན་ཏོ། །དེ་ལྟར་ཡང་དང་པོར་རྣམ་པ་འདི་ལྟ་བུར་ཁོ་བོས་ཕྱེ་ཟིན་ཏོ། །གཉིས་མེད་ནི་རྣམ་གཡེང་མཐའ་དག་སོ་སོར་སྤངས་པ་བསྒོམ་པར་བྱ་བ་ལ། ཡིད་གཅིག་ཏུ་བྱེད་དོ། །སྤྲོ་བར་བཅས་
ནི་བརྩོན་འགྲུས་མཆོག་དང་ལྡན་པ་རྣམས་སོ། །ཚིག་གི་དོན་གཉིས་པོ་འདིའི་ཡུལ་ཉིད་ཀྱིས་ཚིག་ཕྱི་མ་གཉིས་ཀྱི་ཤེས་རབ་དང་སྙིང་རྗེའི་རྣལ་འབྱོར་གསལ་བར་བྱས་སོ། །སྙིང་རྗེས་ནི་རྣམ་པ་སྣ་ཚོགས་པའི་རྫུ་འཕྲུལ་གྱི་རྣམ་པ་རྣམས་ཀྱིས་སེམས་ཅན་གྱི་དོན་མཐུན་གྱི་སྒྲིབ་
པའི་དགྲ་བོ་སྤང་བའི་ཆེད་དུ་དང་། སྦྱིན་པ་ལ་སོགས་པས་ཚིམ་པར་བྱ་བའི་ཆེད་དུ་གོ་གྱོན་ནོ། །དེ་ལྟར་རིམ་པ་གཉིས་ཀྱིས་ཀྱང་། ཤེས་རབ་མས་འགྲུབ་པའོ་ཞེས་གསུངས་པ། གང་ཞེས་པ་ལ་སོགས་པའོ། །ཕྱག་རྒྱ་རྣམས་ཀྱི་མཆོག་ལ་སོགས་པ་ཉིད་ནི། ལྔ་པར་
བཀྲལ་ཟིན་ཏོ། །ཆོ་གས་ཤེས་པ་ལྷ་མོའི་རང་བཞིན་དུ། བསྒོམ་པ་ལ་སོགས་པ་དང་བྱེད་པའི་ཁྱད་པར་རྣམས་ཀྱིས་དང་། སོར་མོ་བསྐྱོད་པ་ལ་སོགས་པས་ཀྱང་། ཇི་ལྟར་རིགས་པར་འདུས་བྱ་སྟེ། བདེ་བ་ཆེན་པོ་ཉམས་སུ་མྱོང་བའི་ཆེད་དུའོ། །འོ་ན་འདིར་མ་ཕྱག་རྒྱ་ཉིད་
དུ་གསུངས་པ། ཅི་ལྟར་ཏེ་དེ་ནི་ཉེ་བར་ལོངས་སྤྱད་ཟིན་པས་སོ། །ཞེ་ན་གསུངས་པ། དམ་པ་ཞེས་པ་ལ་སོགས་པ་སྟེ། རྒྱུ་དང་འབྲས་བུའི་ཚོགས་པ་བསམ་གྱིས་མི་ཁྱབ་པའོ་ཞེས་པས། དེ་ཁོ་ན་ཡུད་ཀྱིས་བདེ་བ་དམ་པ་འཆར་རོ། །དེ་ཉིད་ཀྱི་ཕྱིར་དེ་གསལ་བར་བྱ་བའི་ཆེད་དུ་
བདེ་བ་ཆེན་པོའི་ཚིག་གོ། །ཞེ་སྡང་བདག་ཉིད་གདོལ་པ་མོ། །ཞེས་པ་འདིས་རིགས་ངེས་པར་རྟོགས་པ་ཡང་དང་པོ་པའི་ལྷག་པར་མོས་པ་ལ་ལྟོས་པ་ཁོ་ན་སྟེ། རྣམ་པ་འདི་ལྟ་བུའི་རྣལ་འབྱོར་པ་ནི་མ་ཡིན་ནོ་ཞེས་བསྒྲུབས་སོ་ཞེས་འདོམས་པར་བྱེད་དོ། །དེ་ཉིད་ཀྱི་ཕྱིར་ཕྱག་རྒྱ་
ཆེན་པོ་ཐིག་ལེར་གསུངས་པ། གདོལ་མོ་པདྨའི་རིགས་ལས་སྐྱེས། །ཆོས་མ་རིགས་ཆེན་ལས་སྐྱེས་བཤད། །གཡུང་མོ་རྡོ་རྗེའི་རིགས་ཉིད་དང་། །གར་མ་ལས་ཀྱི་རིགས་དེ་བཞིན། །ཐོད་པ་མ་ནི་འཁོར་ལོའི་རིགས། །ལྔ་པོ་འདི་རྣམས་ལུས་དག་པ། །ཞེས་སོ། །

བུད་མེད་ནི་གདོལ་བའི་བུད་མེད་དམ། གཡུང་མོའི་བུད་མེད་དམ། བུའི་བུད་མེད་དོ། །མ་ལ་སོགས་པ་རྣམས། ལྷ་མོའི་ཁྱད་པར་གྱི་ངོ་བོ་ཉིད་དུ་བརྗོད་པའི་ཆེད་དུ་གསུངས་པ། སྤྱན་མ་དང་ཞེས་པ་ལ་སོགས་པའོ། །རིན་ཆེན་སྒྲོན་མ་ནི། གསེར་གྱི་མདོག་ཅན་སྤྱན་
གསུམ་པ། གཡོན་པའི་ཕྱག་གསུམ་ན། དྲིལ་བུ་དང་ལྕགས་ཀྱུ་དང་། གཞུ་རྣམས་དང་། གཡས་པ་རྣམས་ཀྱིས། རིན་པོ་ཆེ་དང་རལ་གྲི་དང་། མདའ་འདྲེན་པ་ལྷུར་ལེན་པ་ཅན་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། ཐོད་པའི་དབུ་རྒྱན་མཐོ་བ། སྣ་ཚོགས་པདྨ་དང་། ཟླ་བའི་
དབུས་སུ་སོན་པར་རྣམ་པར་ཤེས་པར་བྱའོ། །རྣམ་པར་སྣང་མཛད་ལ་སོགས་པ་རྣམས་ཀྱིས། རང་གི་ཤེས་རབ་ནི་རིམ་པ་ཇི་ལྟ་བར། སྤྱན་མ་ལ་སོགས་པའི་ངོ་བོ་རྣམས་སུ་རྟོགས་པར་བྱའོ། །དེ་བཞིན་གཤེགས་པ་འདི་རྣམས་ཀྱང་རྡོ་རྗེ་སེམས་དཔའ་དང་བཅས་པ་ནི་
འཁོར་ལོས་སྒྱུར་བ་རྣམས་ཏེ། འདི་རྣམས་ཀྱི་ཡང་ཁྱད་པར་དང་ལྡན་པའི་མིང་བཤད་པ་ནི། གཟུགས་ཀྱི་ཁྱད་པར་གསལ་བར་བྱ་བའི་དོན་དུ་སྟེ། གཙུག་ཏོར་གྱི་གནས་ལྟ་བུ་ཉིད་ཀྱི་རིགས་ཀྱི་བདག་པོའི་དངོས་པོ་གསལ་བར་བྱེད་པའི་ཕྱིར་རོ། །འདི་རྣམས་ཀྱང་དཀྱིལ་
འཁོར་པ་ཉིད་དུ། ཇི་ལྟར་རིགས་པར་གསུངས་པ་ཡོད་ན་ཡང་། དཀྱིལ་འཁོར་གྱི་ལྷག་པའི་བདག་པོའི་དངོས་པོར་ཡང་རྟོགས་པར་བྱའོ། །ཇི་སྐད་དུ་འདུས་པ་ཕྱི་མར་གསུངས་པ། འཁོར་ལོས་སྒྱུར་དྲུག་རྒྱལ་པོ་ཡིས། །གཙུག་ཏོར་ཞེས་པ་རྣམ་པར་སྤྲོས། །ཞེས་སོ། །
འོ་ན་ཇི་ལྟར་ཕྱི་རོལ་གྱི་ཕྱག་རྒྱ་ཁོ་ན་དང་ལྷན་ཅིག་དངོས་གྲུབ་ཡིན། ཅི་ལྟར་ཡང་རྒྱུ་རྡོ་རྗེ་འཛིན་པ་ཐ་མི་དད་པ་ལས། འབྲས་བུ་རྡོ་རྗེ་འཛིན་པའི་གཟུགས་རྣམ་པར་སྣང་མཛད་ལ་སོགས་པ་རྣམས་ཐ་དད་པ་ཡིན་ཞེ་ན། གསུངས་པ། སེམས་ཀྱི་སྦྱོར་བ་འདི་གསུངས་སོ། །ཞེས་སེམས་ཏེ་བདེ་བ་
ཆེན་པོ་སྐྱེ་བ་ལ། འདི་ཁོ་ན་འདིས་སྦྱར་བར་བྱའོ་ཞེས་པས་སྦྱོར་བ་ནི་ཕྱག་རྒྱ་སྟེ། རྒྱུ་ཉིད་དུ་ཡང་དག་པར་རྟོགས་ནས། ཐམས་ཅད་མཁྱེན་པ་རྣམས་ཀྱིས་གསུངས་སོ། །དེའི་ཕྱིར་ཚད་མས་རབ་ཏུ་གྲུབ་པའི་རྒྱུ་དང་། འབྲས་བུའི་དངོས་པོའི་བྱེ་བྲག་ལ་ཐེ་ཚོམ་ག་ལ་ཡོད། རྟག་

པ་ལ་སོགས་པའི་གཟུགས་ཐ་དད་ན་ཡང་། སེམས་ཀྱིས་སྦྱོར་བ་རྣམས་ཏེ། འདིའི་སྤྲོ་བའི་ཁྱད་པར་རོ། །དེ་སྐད་དུ་ཡང་། རྒྱགས་པས་ཁ་དོག་ཐ་དད་དེ། །ཞེས་པ་ལ་སོགས་པ་སྔར་རྣམ་པར་ཕྱེ་ཟིན་ཏོ། །དེ་ཉིད་ཀྱི་ཕྱིར་བསྒྲེ་བ་སྟོན་པ། འགྲུབ་ཅེས་པ་ལ་སོགས་
པའོ། །འདི་ཡིས་ནི་སེམས་ཀྱིས་སྦྱོར་བས་སོ། །ཁྲོ་བོ་རྣམས་ནི་མི་བསྐྱོད་པའི་རིགས་ཅན་རྣམས་དང་མི་བསྐྱོད་པའོ། །ཆོ་ག་ནི་ཉམས་ཀྱིས་སྤྲོ་བའི་ཁྱད་པར་གྱིས་རྗེས་སུ་བསྒྲུབ་པའོ། །བདེ་བའི་བསྒྲུབ་པ་ཞེས་པ་བདེ་བ་ཆེན་པོའི་སྒྲུབ་བྱེད་དེ། ཉེ་བར་མཚོན་པ་ལས་བསྙེན་
པ་ལ་སོགས་པ་ཡང་ངོ་། །ཡང་འདིར་བསྙེན་པ་ལ་སོགས་པ་ཅི་འདྲར་བལྟ་ཞེ་ན། གང་འདྲ་བ་ནི་འདུས་པ་ཕྱི་མར་ཏེ། བསྒྲུབ་བྱ་སྒྲུབ་བྱེད་ཡང་དག་སྦྱོར། །གང་དེ་བསྙེན་པ་ཞེས་པར་བརྗོད། །རྡོ་རྗེ་པདྨ་མཉམ་སྦྱོར་བ། །ཉེ་བའི་བསྒྲུབ་པར་བརྗོད་པར་བྱ། །བསྒྲུབ་པ་བསྐྱོད་པར་
རབ་བཤད་དེ། །ཧཱུྃ་ཕཊ་ཡི་གེ་ཡང་དག་ལྡན། །རང་བཞིན་རང་གི་བདེ་ཞི་བ། །སྒྲུབ་པ་ཆེན་པོར་བརྗོད་པར་བྱ། །ཞེས་གསུངས་པ་རྣམས་སོ། །བསྒྲུབ་བྱ་སྒྲུབ་བྱེད་ཡང་དག་སྦྱོར་ནི་རིག་མ་ལ་འཁྱུད་པ་ལ་སོགས་པའོ། །དེ་ལྟར་མཐར་ཐུག་པ་ན་འཇུག་པའི་ཡན་ལག་བཞི་
པོ་ཐབས་སུ་གྱུར་པ་རྣམས་ཀྱིས། སངས་རྒྱས་ཐམས་ཅད་ཀྱི་ལྷག་པའི་བདག་པོ་དཔལ་དང་ལྡན་པ། རྡོ་རྗེ་འཛིན་པ་ཆེན་པོའི་གོ་འཕང་ཐབས་ལས་བྱུང་བ། སངས་རྒྱས་རྣམས་ཐམས་ཅད་ཀྱི་ཆོས་རྣམས་ཀྱི་ཆོས་ཉིད་དེ་ཁོ་ནའོ་ཞེས་འདིས་ཐབས་བྱུང་གསུངས་སོ། །འདི་སྐད་
གསུངས་ཏེ། ཟླ་བ་དྲུག་ཏུ་རིག་མའི་བརྟུལ་ཞུགས་སྤྱད་ནས་ཉིན་མོ་བདུན་རང་གི་ལྷ་བལྟ་བ་བྱས་ཏེ། སྦྱོར་བ་རབ་ཏུ་གྱུར་པར་ཤེས་ཤིང་། གང་གི་ཚེ་ཉིན་མཚན་དུ་མར་མེའི་འོད་ཀྱི་རྒྱུན་བཞིན་དུ་རྟག་ཏུ་དེ་ཁོ་ན་ཉིད་ཀྱི་རྣལ་འབྱོར་ལ་མངོན་དུ་ཕྱོགས་པར་ནུས་པ་དེའི་ཚེ། ལྷན་
ཅིག་སྤྱོད་པའི་ཕྱག་རྒྱ་དང་ལྷན་ཅིག་རྡོ་རྗེ་སེམས་དཔའ་ལ་སོགས་པ་རྣམས་ལས་གང་ཡང་རུང་བའི་རྣལ་འབྱོར་མངོན་དུ་བྱས་ཏེ། ཐོ་རངས་ཀྱི་ཐུན་ནས་བརྩམས་ལ་རྫོགས་པའི་རིམ་པའི་རྣལ་འབྱོར་ཁམས་གསུམ་པ་ཐམས་ཅད་གཅིག་པའི་རང་བཞིན་མཉམ་པར་གཞག་

པ་དང་མཉམ་པར་མ་བཞག་པར་གཅིག་པའི་ངོ་བོར་ལྷག་པར་མོས་ནས། རྡོ་རྗེས་རྒྱས་བཏབ་པའི་ཕྱག་རྒྱ་དང་། རོ་མཉམ་པ་ཉམས་སུ་མྱོང་ཞིང་། མར་མེའི་འོད་ཀྱིས་རྒྱུན་ལྟ་བུར་རྟག་པར་ཉིན་མཚན་ཐོག་ཐག་གནས་པར་བྱའོ། །དེ་ནས་རབ་ཀྱི་མཐར་ཐུག་པར་སོན་
པའི་དགའ་བ་བཞིའི་དེ་ཁོ་ན་ཉིད་མངོན་དུ་བྱེད་པ་ལས་སྐྱ་རེངས་འཆར་བའི་དུས་སུ་འགྲུབ་སྟེ། སྒྲུབ་ཐབས་མཆོག་རྣམས་ཀྱིས་ཞེས་བཤད་པའི་ཕྱིར་མན་ངག་ཇི་ལྟ་བར་ཕྱག་རྒྱ་ཆེན་པོ་འགྲུབ་པའི་ཉེ་བའི་ཉིན་ཞག་ལ་སྟེ། བྱང་ཆུབ་ཀྱི་སེམས་ཟླ་བའི་ཆ་མཐའ་དག་ཡོངས་སུ་
རྫོགས་པའི་ཕྱིར། སྐྱ་རེངས་ཤར་བའི་དུས་སུ་ཤིན་ཏུ་ཡོངས་སུ་དག་པའི་ཡེ་ཤེས་བདུད་རྩི་ཡོངས་སུ་རྫོགས་པས་ཕྱག་རྒྱ་ཆེན་པོ་གྲུབ་པ་རྡོ་རྗེ་འཛིན་པའོ་ཞེས་པའོ། །དེ་ཉིད་ཀྱི་ཕྱིར་མཁའ་འགྲོ་མ་རྡོ་རྗེ་གུར་དུ་གསུངས་པ། མེ་ཏོག་སོགས་ཀྱིས་མཆོད་བྱས་ནས། །བསམ་གཏན་
གནས་སུ་རབ་བདུགས་ཏེ། །ཕྱག་རྒྱ་ལྷན་ཅིག་རབ་ཞུགས་ལ། །རྡོ་རྗེ་རྣལ་འབྱོར་ཡང་དག་བརྩམ། །ཟླ་བ་ཉི་མ་ནུབ་པ་ན། །སྦྱོར་བ་འདི་ནི་ཡང་དག་བརྩམ། །སྐྱ་རེངས་འཆར་བའི་དུས་སུ་ནི། །འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད། །ཅེས་སོ། །འདིའི་དོན་བླ་མ་རྣམས་
འདོམས་པར་འགྱུར་ཏེ། རྡོ་རྗེ་ཉི་མ་ཞེས་ཀློག་པ་གཞན་ལ་ཡང་ངོ་། །ཤིན་ཏུ་ནི་བླ་ན་མེད་པར་རོ། །སྙིང་རྗེའི་གཞན་དབང་ཉིད་ལས་འདི་རྗེས་སུ་བསྒྲུབ་པའི་ཆེད་དུ་སྤྲོ་བ་བསྐྱེད་པ་གསུངས་པ། ཐོབ་ནས་ཞེས་པ་ལ་སོགས་པའོ། །ལེ་ལོ་འདི་ཡང་འདི་ལ་ཐེ་ཚོམ་དང་ཕྱིན་ཅི་
ལོག་དག་གིས་ཚུལ་གཞན་ལ་ཞུགས་པ་དང་འདིར་ཞུགས་པ་ཉིད་ན་ཡང་དོན་མ་རྟོགས་པ་ཉིད་ཀྱིས་རྨོངས་པའམ་མ་ཞུགས་པའི་དབང་དུ་བྱས་ནས་གསུངས་པའོ། །འདིར་ཇི་ལྟར་རིགས་པར་ཐོབ་པར་རུང་བ་ཉིད་ཀྱིས་ན་ཐོབ་ནས་ཞེས་གསུངས་སོ། །གང་དུ་ཞེས་
པ་བདེ་འགྲོར་རམ་ངན་འགྲོར་རོ། །མི་ཤེས་སོ་ནི་ཐམས་ཅད་མཁྱེན་པ་མ་ཡིན་པ་རྣམས་ཀྱིས་ཏེ། དགེ་བ་དང་མི་དགེ་བའི་ལས་སྣ་ཚོགས་པ་ཉིད་ཀྱི་ཕྱིར་རོ། །ཇི་སྐད་གསུངས་པ། ལས་དང་དེ་ཡི་བག་ཆགས་དང་། །དེ་ཡི་འཇུག་རྙེད་དེ་ལས་འབྲས། །ངེས་

པས་སངས་རྒྱས་ལས་གཞན་གྱིས། །རྣམ་པ་ཐམས་ཅད་མི་ཤེས་སོ། །ཞེས་སོ། །ལེགས་པར་ཞུགས་པར་བརྩོན་འགྲུས་དང་ལྡན་པའི་ངོར་གསུངས་པ། འདི་ལྟར་ཞེས་པ་ལ་སོགས་པའོ། །དེ་སྟེ་ལས་བྱ་སྟེ། གང་གིས་སངས་རྒྱས་རྣམས་ཀྱི་ཆོས་
རྒྱུད་ལ་སོགས་པ་ཀུན་ཤེས་པ་ཕུན་སུམ་ཚོགས་པར་འགྱུར་བའོ་ཞེས་པའོ། །དཔལ་ཡང་དག་པར་སྦྱོར་བའི་རྒྱུད་ཀྱི་རྒྱ་ཆེར་འགྲེལ་པ། མན་ངག་གི་སྙེ་མར་སྙེ་མ་སུམ་ཅུ་བདུན་པའོ།། །།དེ་ལྟར་ཕྱག་རྒྱ་ཆེན་པོ་གྲུབ་པའི་རྡོ་རྗེ་སློབ་དཔོན་ལ་བསྙེན་བཀུར་ཕུལ་དུ་བྱུང་
བ་བརྗོད་པ་གསུངས་པ། དེ་ནས་ཞེས་པ་ལ་སོགས་པ་སྟེ། གང་དུ་ནི་ཉིན་མོར་རབ་གནས་སུའོ། །གྲུབ་པ་ནི་སྐུ་དང་གསུང་དང་ཐུགས་རྡོ་རྗེས་སོ། །རིག་མ་ལྔར་གསུངས་པའི་ཕྱག་རྒྱ་དང་ལྷན་ཅིག་ལྡན་པའི་སྐྱེས་བུ་ནི་རིག་མའི་སྐྱེས་བུ་སྟེ། དོན་དམ་པར་དབྱེར་མེད་པའི་ངོ་བོ་
ཉིད་ཀྱིས་དང་། ཀུན་རྫོབ་ཏུ་རྣམ་པའི་དབྱེ་བ་ལས་སོ། །གང་གི་ཕྱིར་རྡོ་རྗེ་སློབ་དཔོན་ནི་རྡོ་རྗེ་འཛིན་པ་སྟེ། དོན་དམ་པར་བྱང་ཆུབ་ཀྱི་སེམས་ཀྱི་ངོ་བོ་དང་། ཀུན་རྫོབ་ཏུ་རིག་མའི་སྐྱེས་བུའི་གཟུགས་ཅན་ནོ། །དེ་སྐད་དུ་ཡང་འདུས་པ་ཕྱི་མར། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཡིས། །དབྱེར་
མེད་དབྱེ་བའི་དངོས་པོ་ལས། །རིག་མ་ལྷན་ཅིག་ཡང་དག་སྦྱོར། །རིག་མའི་སྐྱེས་བུར་བརྗོད་པར་བྱ། །ཞེས་སོ། །འབྱོར་པ་ནི་བསྙེན་བཀུར་ལ་སོགས་པའི་དགའ་སྟོན་ནོ། །རྣམ་འགྱུར་དྲུག་ཏུ་གཡོས་པ་ཁོ་ན་གང་དུ་ཡིན་པ་དེ་ཇི་ལྟར་འགྱུར་བར་རོ། །འདིར་འགུལ་བ་དང་
གཡོ་བ་དང་ལྡེག་པ་དང་འུར་བ་དང་། འཁྲུག་པ་དང་ཆེམ་པ་ཞེས་པ་རྣམ་པར་འགྱུར་བ་དྲུག་རྣམས་སོ། །དེ་ལ་ས་གཞི་འགུལ་བའོ། །ལྗོན་ཤིང་རྣམས་ཐམས་ཅད་གཡོས་པའོ། །རི་བོ་རྣམས་ཐམས་ཅད་ལྡེག་པའོ། །ལྷ་དང་ལྷ་མ་ཡིན་ལ་སོགས་པ་རྣམས་འུར་བའོ། །རྒྱ་མཚོ་
ལ་སོགས་པ་རྣམས་འཁྲུག་པའོ། །སྤྲིན་ལ་སོགས་པ་རྣམས་སྒྲོགས་པའོ། །འདི་རྣམས་ཀྱང་སོ་སོར་དམན་པ་དང་བར་མ་དང་མཆོག་རྣམས་སོ་ཞེས་པ་བཅོ་བརྒྱད་དོ། །དེ་ལ་གང་གི་ཚེ་ཤར་ཕྱོགས་སུ་ལྗོན་ཤིང་དང་རི་ལ་སོགས་པ་རྣམས་འཁྲུག་པ་ཆེན་པོར་འགྱུར་བ་དེའི་ཚེ་

ཤར་ཕྱོགས་མཐོ་བར་སྣང་སྟེ་ནུབ་ཕྱོགས་དམའ་བར་རོ། །དེ་ལྟར་གཞན་ལའང་ངོ་། །འུར་རོ་ཞེས་པ་འོག་ཏུ་སྒྲ་འུར་འུར་བའོ། །གང་གིས་རྒྱ་མཚོ་ཆེན་པོ་འཁྲུག་པ་དེ་ལྟ་བུའི་སྒྲ་དེ་གང་རྣམས་ཀྱི་ཡིན་པ་དེ་རྣམས་ནི་དེ་སྐད་དོ། །ཕྱག་རྒྱའི་སྙིང་པོ་ནི་ཕྱག་རྒྱ་དང་ལྡན་པ་ཉིད་ཀྱི་
ཕྱིར་རོ། །ཁམས་ནི་འདིར་དབང་པོ་སྟེ་ཆུང་ངུ་དང་བར་མ་དང་རྣོན་པོ་ཞེས་པ་རྣམ་པ་གསུམ་མོ། །དེ་ལྟར་ཁམས་གསུམ་རྣམས་གང་རྣམས་ཀྱི་ཡིན་པ་དེ་རྣམས་ནི་ཁམས་གསུམ་ཁོ་ན་ཁམས་གསུམ་པ་ཉིད་དེ་སེམས་ཅན་རྣམས་སོ། །གང་གི་ཚེ་གཟུགས་མེད་ཁམས་པ་
གཟུགས་ཅུང་ཟད་དང་ལྡན་པ་སྟེ། ཆུང་བ་ལ་དགག་པའོ་ཞེས་འདོད་པ་དང་། གང་གི་ཚེ་འདི་སྐད་དུ་གཟུགས་མེད་པའི་ཁམས་པར་གྱུར་པ་དང་གཟུགས་ཁམས་པར་འགྱུར་བའི་སེམས་ཅན་རྣམས། དགོས་པའི་དབང་ལས་འདོད་པའི་ཁམས་སུ་འོངས་པ་ན་ཇི་ལྟར་ཐོག་མ་མེད་
པའི་བག་ཆགས་བསལ་བར་གྱུར་པ་ལྟར་བུད་མེད་དང་སྐྱེས་པའི་དབང་པོ་ཅན་རྣམས་ཏེ་ཚངས་མ་བཞིན་དང་ཚངས་པ་བཞིན་ཞེས་འདོད་པ། དེའི་ཚེ་འདོད་ཁམས་པར་གྱུར་པ་ལ་སོགས་པ་ཁམས་གསུམ་པ་ཉིད་རྣམས་སོ། །འདོད་པ་འདི་ཁོ་ན་མང་པོ་རིགས་པ་རྣམས་གསུང་
ངོ་། །ཐ་སྐར་གྱི་བུ་དག་ནི་ལྷའི་སྨན་པ་དག་གོ། །ཆེད་དུ་བརྗོད་པ་ནི། དང་བ་དང་དགའ་བས་ཆེར་རོལ་པའི་ཚིག་གོ། །གཞན་ཞེས་པ་གཞན་འཕྲུལ་དབང་བྱེད་པ་རྣམས་སོ། །གཞན་མིན་དབང་སྒྱུར་ནི་འཕྲུལ་དགའ་བ་རྣམས་སོ། །བསྒྲུབ་བྱའི་བསོད་ནམས་ཀྱིས་ཞེས་པ་ལ་
བསྒྲུབ་བྱ་ནི་རྡོ་རྗེ་སེམས་དཔའོ། །ཁམས་གསུམ་རྣམས་སུ་སྟེ་ཇི་སྐད་བཤད་པ་རྣམས་སུ་གང་མཆོད་པ་སྲིད་པའོ། །བདེ་བ་ཆེན་པོའི་དངོས་གྲུབ་ནི་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་བོ། །དཔལ་ཡང་དག་པར་སྦྱོར་བའི་རྒྱུད་ཀྱི་རྒྱ་ཆེར་འགྲེལ་པ། མན་ངག་གི་སྙེ་མར་སྙེ་མ་སུམ་ཅུ་
བརྒྱད་པའོ།། །།དེ་ལྟར་གྲུབ་པའི་རང་བཞིན་དང་གཞན་གྱི་དོན་ལ་འཇུག་པ་རྟོགས་པར་བྱ་བའི་དོན་དུ་གསུངས་པ། གྲུབ་པ་ཞེས་པ་ལ་སོགས་པའོ། །རིག་པའི་སྐྱེས་བུ་ནི་ལོངས་སྤྱོད་རྫོགས་པའི་སྐུ་སྟེ། ཡང་དག་པར་སྦྱོར་བ་ཉིད་ཁོ་ནར་གསལ་བར་གྱུར་པའི་བདེ་

བ་ཆེན་པོའི་སྐུའོ། །མ་སོང་བ་ནི་ཆོས་ཀྱི་སྐུའི་བདག་ཉིད་དེ་དེ་བཞིན་ཉིད་ཀྱི་ངོ་བོ་ཉིད་ཀྱི་ཕྱིར་རོ། །གང་གསུངས་པ། རིགས་ཀྱི་བུ་དེ་བཞིན་ཉིད་ནི་གང་ལས་ཀྱང་འོང་བའམ་འགྲོ་བ་མེད་དོ། །གང་དེ་དེ་བཞིན་ཉིད་དེ་ནི་དེ་བཞིན་གཤེགས་པའོ་ཞེས་སོ། །
འདིས་ནི་དོན་དམ་པར་ཆོས་ཀྱི་སྐུ་བྱ་བ་མེད་པ་ཉིད་དུ་རིག་པར་བྱའོ། །མ་ཡིན་པ་ཁོ་ན་ཞེས་པ་རྟེན་དང་བརྟེན་པ་དགག་པ་ཡང་ངོ་། །གང་གི་ཕྱིར་དང་པོ་སྐྱེ་བ་དང་མཐའ་འགོག་པ་དང་དབུས་གནས་པ་སྟེ། དེ་རྣམས་འདི་ལ་དོན་དམ་པར་མེད་པའོ། །གང་གི་ཕྱིར་གཉིས་
མེད་པ་སྟེ་སྤྲོས་པ་མེད་པ་ཤིན་ཏུ་རྣམ་པར་དག་པའི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་བདག་ཉིད་དོ། །སྲིད་པ་གསུམ་རྣམས་ནི་འདོད་པ་ལ་སོགས་པའི་ཁམས་རྣམས་ཏེ་ཕྱོགས་སོ་སོར་དཔག་ཏུ་མེད་པ་སྣང་བར་བྱེད་དོ་ཞེས་པས་དེ་སྐད་དེ་མེ་ལོང་ཡེ་ཤེས་ཀྱི་ངོ་བོའོ། །སྣང་
བར་བྱེད་པ་ནི་བཅོམ་ལྡན་འདས་ཀྱི་ཡིད་ཀྱི་བློ་བཞིན་དུ་དབང་པོའི་བློ་ལ་སོགས་པ་རྣམས་ཀྱིས་ཀྱང་ཡུལ་ཐམས་ཅད་ཡོངས་སུ་གཅོད་པས་ཡུལ་ཐམས་ཅད་པར་བཤད་དེ། བཅོམ་ལྡན་འདས་ཀྱིས་ཇི་སྐད་དུ་གསུངས་པ། ཐམས་ཅད་དུ་ནི་ཕྱག་ཞབས་མཐའ། །
ཀུན་ནས་སྤྱན་དང་དབུ་དང་ཞལ། །ཀུན་དུ་ཐོས་ལྡན་འཇིག་རྟེན་དུ། །ཐམས་ཅད་ཁྱབ་པར་བྱས་ཏེ་གནས། །ཞེས་སོ། །དད་པའི་སྟོབས་བསྐྱེད་པའི་མདོར་ཡང་། འཇམ་དཔལ་དེ་ལ་དེ་བཞིན་གཤེགས་པ་ནི་ཀུན་དུ་གཟིགས་པའི་མངོན་པར་ཤེས་པ་དྲུག་གིས་
སེམས་ཅན་འཆི་འཕོ་དང་སྐྱེ་བ་རྣམས་གཟིགས་ཏེ། བདེ་འགྲོ་འམ་ངན་འགྲོར་འགྲོ་བ་ཡང་ངོ་། །དེ་བཞིན་དུ་དེ་བཞིན་གཤེགས་པས་གཙུག་ཏོར་གྱིས་ཀྱང་གཟིགས་སོ། །དེ་བཞིན་དུ་མཛོད་སྤུས་ཀྱང་གཟིགས་སོ། །དེ་ལྟར་མཚན་རེ་རེས་སོ། །དེ་ལྟར་དུས་ཅིག་ཅར་དུ་
ཕྱོགས་བཅུ་རྣམས་སུ་འཇིག་རྟེན་གྱི་ཁམས་རབ་འབྱམ་ཐམས་ཅད་དུ་གཟིགས་སོ་ཞེས་སོ། །ཐམས་ཅད་ཐམས་ཅད་ཅེས་པ་ནི་འདི་ལྟ་སྟེ་ཕུང་པོ་ལྔ་རྣམས་སོ། །དེར་སོན་པ་ནི་ཁྱབ་པར་བྱེད་པ་སྟེ། ཆོས་བདག་མེད་པར་མཉམ་པ་ཉིད་ཀྱིས་སོ་ཞེས་པ་ཐམས་ཅད་དུ་སོང་

བ་སྟེ། མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་བདག་ཉིད་དོ། །མུ་མཐའ་མེད་པའི་སེམས་དང་སེམས་བྱུང་རྣམས་མཁྱེན་ཏོ་ཞེས་པ་ཐམས་ཅད་མཁྱེན་པ་སྟེ་སོ་སོར་རྟོག་པའི་ཡེ་ཤེས་ཀྱི་རང་བཞིན་ནོ། །བྱ་བ་ཐམས་ཅད་ལ་མཁས་པ་ནི་ཐམས་ཅད་པ་སྟེ་བྱ་བ་གྲུབ་པའི་ཡེ་ཤེས་ཀྱི་རང་བཞིན་
ནོ། །ཐོས་འཇོམས་ལ་མཁས་པ་ནི་ཐོས་འཇོམས་པ་ཞེས་པ་ལྟར་ཨ་ཎ་ནོ། །དེ་ཉིད་ཀྱི་ཕྱིར་ཐམས་ཅད་ཀྱིས་དོན་དུ་གཉེར་བར་བྱའོ་ཞེས་པ་སྐྱེས་བུའི་དོན་མཆོག་གོ། །རྣམ་པར་མ་དག་པའི་སེམས་རྣམས་ལ་རང་བཞིན་གྱི་དེ་བཞིན་ཉིད་ཀྱི་ངོ་བོར་གནས་ཤིང་། རྣམ་པར་དག་
པའི་སེམས་རྣམས་ལ་དྲི་མ་མེད་པའི་དེ་བཞིན་ཉིད་ཀྱི་བདག་ཉིད་དུའོ་ཞེས་པ་སེམས་ཅན་ཀུན་གྱི་སེམས་ལ་གནས་པ་ཞེས་པའོ། །འདི་ནི་ཆོས་ལ་བདག་མེད་པ་མཉམ་པ་ཉིད་ཀྱིས་བརྗོད་པའོ། །བཅོམ་ལྡན་འདས་ཀྱི་ནི་དྲི་མ་དང་བྲལ་བ་ཉིད་ཀྱི་རྣམ་པར་དག་པ་ཁོ་ནའོ། །དེ་ཉིད་
ཀྱི་ཕྱིར་དེ་ནི་ངན་འགྲོ་ལ་སོགས་པ་རྣམས་ལས་རྣམ་པར་གྲོལ་བའོ། །ཡོན་ཏན་ནི་སྟོབས་དང་མངོན་པར་ཤེས་པ་ལ་སོགས་པ་རྣམས་སོ། །ཐུགས་རྗེ་ཆེན་པོས་ཇི་ལྟར་རིགས་པར་འགྲོ་བ་བཟང་པོ་དང་རྣམ་གྲོལ་ལ་འགོད་པར་མཛད་པའི་ཕྱིར་ཐམས་ཅད་ལ་ཕན་པ་ནི་ཀུན་ཕན་ནོ། །
དེ་ལྟར་འདི་ནི་སྟོང་པ་ཉིད་དང་སྙིང་རྗེའི་རང་བཞིན་གྱིས་ཟུང་དུ་འཇུག་པའི་བྱང་ཆུབ་ཀྱི་སེམས་རྡོ་རྗེ་གསུངས་སོ། །ཞི་བ་ནི་མཆོག་ཏུ་དགེ་བའི་ངོ་བོའོ། །མཉམ་པ་མེད་པའི་ཕྱིར་མི་མཉམ་པའོ། །རྟག་ཏུ་བྱུང་བ་ནི་ཆོས་ཀྱི་སྐུ་རང་བཞིན་རྟག་པ་ཉིད་ཀྱིས་དང་། བདེ་བ་ཆེན་པོ་
ལ་ལོངས་སྤྱོད་པ་ནི་ལྡོག་པ་མེད་པ་སྟེ། རྒྱུན་མི་ཆད་པ་རྟག་པ་ཉིད་ཀྱིས་དང་སྤྲུལ་པའི་སྐུ་འཇིག་རྟེན་གྱི་ཁམས་སྣ་ཚོགས་རྣམས་སུ་སྐྱེ་བ་ལ་སོགས་པ་སྟོན་པའི་ཕྱིར་རྒྱུན་གྱིས་རྟག་པ་ཉིད་ཀྱིས་སོ། །དེ་ལྟར་འགྲོ་བའི་མགོན་པོ་གཙོ་བོའོ། །སྐྱོབ་པ་ནི་ངན་འགྲོ་དང་ལམ་
ལོག་པ་ལས་སོ། །དེ་ལྟ་ན་ཡང་བག་ཆགས་དང་བཅས་པའི་རྣམ་པར་རྟོག་པ་མ་ལུས་པ་སྤངས་པའོ། །དབྱིབས་ནི་ལག་པ་དང་། རྐང་པ་ལ་སོགས་པ་ཡང་དག་པར་བཀོད་པའི་ཁྱད་པར་རིང་པོ་ཉིད་ལ་སོགས་པའོ། །ཁ་དོག་ནི་སེར་པོ་ལ་སོགས་པ་སྟེ། དེ་དག་དང་བྲལ་བ་ནི་དོན་

དམ་པར་རོ། །དེའི་ཕྱིར་མིག་གི་ཡུལ་མ་ཡིན་པའོ། །དེ་ལྟ་ན་ཡང་ཕན་པ་མཛད་པས་གསལ་བར་བྱེད་པའི་ཕྱིར་རྒྱལ་པོ་སྟེ། ཀུན་རྫོབ་ཏུ་དབྱིབས་ལ་སོགས་པ་ལྡན་པའི་ཕྱིར་ཞེས་དགོངས་པའོ། །རྡོ་རྗེ་བཞིན་དུ་དབྱེ་བར་མི་ནུས་སོ་ཞེས་པས་དབྱེ་བར་
དཀའ་བ་སྟེ། ངོ་བོ་གང་དབྱེར་མེད་པ་དེ་རྡོ་རྗེ་སྟེ། ཕྱི་རོལ་གྱི་ཡང་རྡོ་རྗེ་གང་ཡིན་པ་དེ་མི་ཕྱེད་པ་ཁོ་ནར་བརྗོད་དོ། །དེ་ལ་རྡུལ་ཕྲ་རབ་ཀྱང་ཕྱོགས་ཀྱི་ཆའི་དབྱེ་བས་དང་བློས་ཡོངས་སུ་བརྟགས་པས་ཀྱང་དབྱེ་བར་ནུས་པ་ཉིད་ཀྱི་ཕྱིར་སྟོང་པ་ཉིད་ཁོ་ན་དབྱེར་མེད་པའོ། །དེ་
གསུངས་པ། སྟོང་ཉིད་རྡོ་རྗེར་བརྗོད་པར་བྱ། །ཞེས་སོ། །ཆོས་ཀྱི་སྐུ་བཅོམ་ལྡན་འདས་དེ་ཡང་ཟླ་བ་ལྟ་བུ་སྟེ། ཉོན་མོངས་པའི་གདུང་བ་དང་བྲལ་བ་ཉིད་ཀྱིས་སོ། །ཉེ་བར་མཚོན་པ་ལས་སྙིང་རྗེ་ཆེན་པོས་དགའ་བར་བྱེད་པའི་ཕྱིར་ཡང་ངོ་། །དེ་ནི་འགྲོ་བ་མ་ལུས་པའི་དོན་བྱེད་
པ་དམིགས་པ་མེད་པའི་སྙིང་རྗེ་སྟེ། དེ་ཡང་འདིར་ལྷན་ཅིག་སྐྱེས་པའི་བདེ་བ་ཆེན་པོའི་རང་བཞིན་ནི། ཆེས་ཤིན་ཏུ་དགའ་བར་བྱེད་དེ། ཙ་དི་དགའ་བ་ལའོ་ཞེས་པ་བྱིངས་སོ། །སེང་གེ་བཞིན་དུ་འཕྲོག་བྱེད་དང་ཐ་གུའི་ལྟོ་ལ་སོགས་པའི་རི་དགས་ཀྱི་ཚོགས་རྣམས་ལའོ། །
རྒྱ་མཚོ་བཞིན་དུ་འཕྲོག་བྱེད་ལ་སོགས་པ་རྣམས་དང་འདོད་ཆགས་དང་བྲལ་བ་ལ་སོགས་པ་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཀྱང་གཏིང་མི་རྟོགས་པ་ཡོན་ཏན་ཟབ་པ་ཉིད་ཀྱི་ཕྱིར་རོ། །གདུལ་བྱ་ཐམས་ཅད་ཀྱི་བསོད་ནམས་དང་རང་གི་སྨོན་ལམ་གྱི་དབང་ལས་
རྣམ་པར་རྟོག་པ་མེད་ཀྱང་ཡིད་བཞིན་གྱི་རིན་པོ་ཆེ་དང་འཁོར་ལོ་འཁོར་བ་བཞིན་སེམས་ཅན་གྱི་དོན་བྱེད་པའོ་ཞེས་ལན་ཅིག་མ་ཡིན་པར་བསྒྲུབས་ཟིན་ཏོ། །སེམས་ཅན་གྱི་དོན་ཁོ་ནས་བསམ་གྱིས་མི་ཁྱབ་ཅིང་དཔག་ཏུ་མེད་པ་སྤྲུལ་པའི་ལུས་རྣམས་སུ་བསྟན་པའི་ཆེད་དུ་
གསུངས་པ། བལྟམས་པ་ཞེས་པ་ལ་སོགས་པ་སྟེ། སྔར་བཤད་ཟིན་ཏོ། །འདིར་ནི་ལྷ་རུ་གཤེགས་པ་དང་ཆོ་འཕྲུལ་དག་རིམ་པ་བཟློག་སྟེ། གསུངས་པ་ལས་ཤཱཀྱ་ཐུབ་པའི་ལྟར་སངས་རྒྱས་གཞན་རྣམས་ཀྱི་གཞན་དོན་མཛད་པའི་རིམ་པ་ངེས་པ་མ་ཡིན་ཞེས་མངོན་

པར་དགོངས་པའོ། །དད་པའི་སྟོབས་བསྐྱེད་པའི་མདོར་ཡང་བཀའ་སྩལ་པ། འཇམ་དཔལ་དེ་ལ་དེ་བཞིན་གཤེགས་པ་ནི་ཕྱོགས་བཅུ་རྣམས་སུ་འཇིག་རྟེན་གྱི་ཁམས་རབ་འབྱམ་རྣམས་སུ་འཇིག་རྟེན་གྱི་ཁམས་རེ་རེར་དང་གླིང་རེ་རེར་དུས་ཅིག་ཅར་དགའ་ལྡན་གྱི་གནས་
ན་བཞུགས་ཤིང་འཕོ་བ་དང་བལྟམས་པ་དང་མངོན་པར་འབྱུང་བ་དང་། དཀའ་བ་སྤྱོད་པ་ལ་སྦྱོར་བ་དང་བྱང་ཆུབ་ཀྱི་སྙིང་པོར་ཉེ་བར་གཤེགས་པ་དང་བདུད་འཇོམས་པ་དང་མངོན་པར་རྫོགས་པར་བྱང་ཆུབ་པ་དང་ཆོས་ཀྱི་འཁོར་ལོ་བསྐོར་བ་དང་ཡོངས་སུ་མྱ་ངན་ལས་
འདའ་བ་ཆེན་པོ་དང་ཆོས་གནས་པ་དང་ཆོས་ནུབ་པ་ཡང་ཡང་དག་པར་སྟོན་ཏོ། །མུ་སྟེགས་པའི་སྐྱེ་མཆེད་ཀྱི་སྤྱོད་པ་རྣམས་ཐམས་ཅད་དུ་དང་སྐྱེས་རབ་ཐམས་ཅད་དུ་འང་དུས་ཅིག་ཅར་ཡང་དག་པར་སྟོན་ཏོ། །དེ་ཅིའི་ཕྱིར་ཞེ་ན། ཆགས་པ་མེད་པར་སྟོན་པ་ཉིད་ཀྱི་ཕྱིར་
ཐོགས་པ་མེད་པའི་སྟོན་པའོ། །ཡང་དག་པར་མི་ཕྱེད་པ་ཉིད་ཀྱི་ཕྱིར་ཡང་དག་པར་དབྱེར་མེད་པ་སྟེ། མི་བསྟེན་པ་ཉིད་ཀྱི་ཕྱིར་རོ། །ཡང་ན་རྩོལ་བ་མེད་པས་རྣམ་པར་མི་རྟོག་པ་དཔག་ཏུ་མེད་པའི་བྱ་བ་རྣམས་འཇུག་པར་མཛད་ཅིང་། དེ་བཞིན་གཤེགས་པ་དགའ་ལྡན་
གྱི་གནས་ནས་ཀྱང་མི་གཡོའོ་ཞེས་སོ། །དེ་ལྟར་ཞེས་པ་ཇི་ལྟར་གཅིག་པུར་གྲགས་པ་བལྟམས་པ་ལ་སོགས་པ་སྟོན་པ་དེ་ལྟར་གང་ལམ་ལེགས་པར་གོམས་པའི་རིགས་ཀྱི་བུ་ཉེ་བར་བསྔགས་པའི་ཚུལ་ཐོབ་པ་མང་པོ་དེ་རྣམས་ཀྱང་རིམ་པས་དང་ཅིག་ཅར་དུ་འཇིག་རྟེན་གྱི་ཁམས་
གཞན་རྣམས་སུ་སྟོན་ཏེ་ཞེས་ཚིག་རྣམ་པར་བསྒྱུར་བས་སྦྲེལ་བའོ། །རྒྱུ་མངོན་དུ་ཕྱོགས་པ་ཉིད་ཀྱི་ཕྱིར་འབྲས་བུ་འབྱུང་བ་ངེས་པར་འགྱུར་བའོ། །དེ་ཡང་ཇི་ལྟར་གཅིག་གི་ཡིན་པ་དེ་ལྟར་གཞན་གྱི་བཟློག་ཏུ་མེད་པའོ་ཞེས་དགོངས་པའོ། །དེ་ཉིད་ཀྱི་ཕྱིར་ཉེ་བར་སྡུད་དེ། དེ་ལྟར་
གང་གྲུབ་པས་སྟོན་ཏོ་ཞེས་ཁྱད་པར་མེད་པས་སོ། །མ་རྟོགས་པའི་སྐབས་སུ་སྣ་ཚོགས་པ་རྨི་ལམ་འདྲ་བའོ་ཞེས་བརྗོད་པར་བྱ་ཞིང་སྒྱུ་མ་ལྟ་བུར་ཡང་ངོ་། །རྟོགས་པའི་གནས་སྐབས་སུ་ནི་རྨི་ལམ་གྱི་ངོ་བོ་ཁོ་ན་དང་སྒྱུ་མའི་རང་བཞིན་ཁོ་ན་དེའི་ཞེས་རྨི་ལམ་ལྟ་བུ་ཞེས་དང་

སྒྱུ་མའི་ངོ་བོ་ཞེས་པས་གསུངས་སོ་ཞེས་པའོ། །དཔལ་ཡང་དག་པར་སྦྱོར་བའི་རྒྱུད་ཀྱི་རྒྱ་ཆེར་འགྲེལ་པ། མན་ངག་གི་སྙེ་མར་སྙེ་མ་སུམ་ཅུ་དགུ་པའོ།། །།བླ་ན་མེད་པའི་འབྲས་བུ་ཕུན་སུམ་ཚོགས་པ་འདི་ནི་རིམ་པ་གཉིས་གོམས་པས་དམ་ཚིག་བསྟེན་
པ་ཁོ་ནས་སོ་ཞེས་དེ་རྒྱས་པར་བཤད་པའི་ཆེད་དུ་འཇུག་པ་གསུངས་པ། གསུངས་པ་ཞེས་པ་ལ་སོགས་པའོ། །ཁྲག་ནི་མེ་ཏོག་སྟེ་བ་ལང་ལ་སོགས་པའི་ཁྲག་ཀྱང་ངོ་། །ཉ་ནི་ཆུའི་ཉ་ལ་སོགས་པའོ། །ཤ་ནི་བ་ལང་ལ་སོགས་པའི་འོ། །ཡེ་ཤེས་སེམས་དཔའ་རྣམས་ཀྱི་སྟེ་
ཕྱི་རོལ་དུ་ཐབ་ཁུང་དང་ནང་དུ་བསྒོམས་པ་རྣམས་ཀྱི་ཞལ་མི་གཙང་བས་བཀང་བ་ཅི་ལྟར་ཏེ་འདི་མི་རིགས་ཞེས་དགོངས་པའོ། །འབྲས་བུ་ནི་སྦྱིན་སྲེག་གིའོ། །མི་ཤེས་པ་ཡང་དག་པའི་ཤེས་པ་དང་བྲལ་བ་ཡང་དེ་རྣམས་ཡིན་ལ། རྨོངས་པ་འཁྲུལ་བ་རྣམས་ཀྱང་ངོ་། །ཡེ་ཤེས་
ཐབ་ནི་འཆད་པར་འགྱུར་བའོ། །བཤང་བ་ལ་སོགས་པའི་ཕྱི་རོལ་གྱི་དངོས་པོ་དོན་དམ་པར་ཡོད་དོ་ཞེས་འཁྲུལ་བས་དེ་མ་ཡིན་ལ་དེར་འཛིན་པའི་ངོ་བོའི་མངོན་པར་ཞེན་པས་མི་གཙང་བ་ལ་སོགས་པར་སྒྲོ་འདོགས་པ་རྣམས་ཀྱིས་བླུན་པར་བྱས་པ་དངོས་པོའི་དེ་ཁོ་ན་ཉིད་མི་ཤེས་
ཏེ། དེ་རྣམས་མི་གཙང་བ་ཀུན་དུ་སྤྱོད་པ་ལ་སོགས་པས་སྡིག་པ་དང་གཙང་བ་ཉེ་བར་སྤྱོད་པ་ལ་སོགས་པས་བསོད་ནམས་ཡེ་ཤེས་རྟོགས་པར་བྱེད་དོ། །དེ་ལ་རང་བཞིན་ཡོངས་སུ་དག་པར་ལྷག་པར་དམིགས་པ་ཁོ་ནས་དམ་ཚིག་བསྟེན་པར་བྱའོ་ཞེས་དགོངས་པས་འཁྲུལ་པ་
འགགས་པ་ཡང་དག་པའི་ཡེ་ཤེས་ཀྱི་ཐབས་ཆོས་ཀྱི་དབྱིངས་རང་བཞིན་གྱིས་ཡོངས་སུ་དག་པར་སྟོན་པ། རང་ཞེས་པ་ལ་སོགས་པའོ། །རང་བཞིན་ནི་མ་བཅོས་པ་དོན་དམ་པར་རང་བཞིན་མེད་པ་ཉིད་དེ། དེས་དག་པ་རྣམས་ནི་མི་གཙང་བ་ལ་སོགས་པའི་ངོ་བོ་རྣམས་
མ་ཡིན་ནོ། །ཆོས་རྣམས་ནི་རང་གི་མཚན་ཉིད་འཛིན་པའི་ཕྱིར་བཤང་བ་ལ་སོགས་པ་རྣམས་སོ། །གང་གི་ཕྱིར་མ་སྐྱེས་པ་རྣམས་ཏེ་སྐྱེ་བ་དང་བྲལ་བ་ཉིད་ཀྱིས་ན་རང་བཞིན་མེད་པ་ཉིད་དུ་བསྒྲུབ་པར་བྱ་བར་མངོན་པར་དགོངས་སོ། །དེ་ལྟར་ཡང་དབུ་མའི་སྙེ་མར་རྣམ་པར་

བསྒྲུབས་ཟིན་ཏོ། །གནས་མེད་པས་ན་གནས་མེད་རྣམས། །ཞེས་ཏེ་མི་གཙང་བ་ཉིད་ལ་སོགས་པའི་རྟེན་མ་ཡིན་པའོ། །རིགས་པ་འདི་དེ་ཁོ་ན་ཉིད་ཤེས་པ་འཕེལ་བའི་ཆེད་དུ་ཐབས་སོ་ཞེས་པ་སྒོམ་པས་ཡུན་རིང་དུ་རྣམ་པར་གནས་པ་ཁོ་ནའི་གཉིས་སུ་མེད་པའི་ཡེ་ཤེས་
ཀྱིས་འཁྲུལ་པ་ཉམས་ཀྱི། རྣམ་པ་ཐམས་ཅད་དུ་དུས་ཤིན་ཏུ་ཐུང་བ་སྐྱེས་པ་ཙམ་གྱིས་ནི་མ་ཡིན་ནོ་ཞེས་དགོངས་པའོ། །འོ་ན་དེ་ལྟ་ན་སྡིག་པ་མེད་ན་ལེགས་སྤྱད་པ་རྣམས་ཀྱང་ཇི་ལྟར་འདོད་པའི་གཡོ་བར་འགྱུར་ཞིང་ངན་འགྲོ་མེད་ལ། བསོད་ནམས་མེད་ན་ནི་བདེ་འགྲོ་
ཡང་མེད་ན་ཐར་པའི་གཏམ་ཅི་ཞིག །གཞན་ཡང་ལས་མེད་ན་སྐྱེ་བ་མེད་པའི་ཕྱིར་རྟག་ཏུ་གྲོལ་བར་འགྱུར་བའམ། ཡང་ན་ནམ་ཡང་མ་ཡིན་ནོ། །འཆིང་བ་མེད་ན་གྲོལ་བ་ག་ལས་ཡིན། །ཞེས་པས་ཐམས་ཅད་མ་བཅད་པར་བསྙིལ་བའོ་ཞེས་དོགས་པར་བྱས་ནས་གསུངས་པ།
བསོད་ནམས་ཞེས་པ་ལ་སོགས་པའོ། །དམ་པ་ནི་བླ་ན་མེད་པ་སྟེ། དོན་དུ་གཉེར་བར་བྱའོ་ཞེས་པ་དོན་ནོ། །ཡང་ན་ཡེ་ཤེས་དམ་པའི་དེའི་བདག་ཉིད་ཀྱི་ཡུལ་ལོ། །ཡང་ན་དམ་པའི་དོན་ཏེ་ལམ་གྱི་ཡེ་ཤེས་ཀྱི་བསྒྲུབ་པར་བྱ་བ་ནི་དམ་པའི་དོན་ཏེ་སངས་རྒྱས་ཉིད་
དོ། །དེར་བསོད་ནམས་རྒྱུའི་གནས་སྐབས་ཀྱི་ངོ་བོ་དོར་བར་བྱ་སྟེ། བསོད་ནམས་དང་དེའི་རྣམ་པར་རྟོག་པ་ཡང་བག་ཆགས་དང་བཅས་པ་སྤངས་པའི་ཕྱིར་རོ། །འབྲས་བུའི་གནས་སྐབས་པའི་བསོད་ནམས་རྣམ་པར་མི་རྟོག་པ་ནི་ཡོད་པ་ཁོ་ན་སྟེ། བྱང་ཆུབ་ཀྱི་སེམས་
རྡོ་རྗེ་ནི་བསོད་ནམས་ཐམས་ཅད་ཀྱི་རང་བཞིན་ཉིད་ཀྱི་ཕྱིར་རོ། །སྡིག་པ་ནི་མ་ཡིན་ཏེ་སོ་སོ་སྐྱེ་བོའི་གནས་སྐབས་སུ་ཡང་དེ་ཀུན་དུ་མི་སྤྱོད་པའི་ཕྱིར་མི་སྲིད་པས་སོ། །སོ་སོ་སྐྱེ་བོའི་ས་ལ་ནི་ཆེས་ཤིན་ཏུའོ། །དེ་ཉིད་ཀྱི་ཕྱིར་གསུངས་པ། སུ་ཞིག་འཛིན་ཞེས་སོ། །དོན་
ནི་འདི་སྟེ་ཚད་མས་ངེས་པར་དཔྱད་ན་ཕུང་པོ་ལྔ་པོ་རྣམས་ཀྱང་དོན་དམ་པར་རང་བཞིན་མེད་མོད། འོན་ཀྱང་ཀུན་རྫོབ་པ་རྣམས་ཡོད་པ་ཁོ་ནའོ། །དེའི་ཕྱིར་འདུ་བྱེད་ཀྱི་ཕུང་པོའི་ནང་དུ་འདུས་པའི་སྡིག་པ་དང་བསོད་ནམས་དག་ཀུན་རྫོབ་ཏུ་ཡོད་པ་ཁོ་ནའོ། །དེ་ལ་སྡིག་

པ་ནི་ལུས་དང་ངག་དང་སེམས་ཀྱི་ཉེས་པར་སྤྱོད་པ་རྣམ་པ་བཅུ་སྟེ། རང་བཞིན་གྱི་ཁ་ན་མ་ཐོ་བ་དང་བཅས་པ་དང་ཇི་ལྟར་རིགས་པར་བཅས་པའི་ཁ་ན་མ་ཐོ་བ་དང་བཅས་པའོ། །བསོད་ནམས་ནི་སྦྱིན་པ་ལ་སོགས་པའི་རང་བཞིན་ནོ། །བསོད་ནམས་དང་བསོད་ནམས་མ་ཡིན་
པ་འདི་དག་ཀྱང་ཐུབ་པའི་དགོངས་པའི་རྒྱན་དུ་རྒྱས་པ་དང་བཅས་པར་བརྗོད་དོ། །དེ་ལ་བསོད་ནམས་མ་ཡིན་པ་ནི་མི་འདོད་པའི་རྣམ་པར་སྨིན་པ་ཅན་ནོ་ཞེས་པས་སྤང་བྱའོ། །བསོད་ནམས་ནི་བདེ་འགྲོའི་དང་འཁོར་བའི་ཆུ་བོ་ལས་སྒྲོལ་བའི་རྒྱུའོ་ཞེས་པས་བླང་བར་བྱའོ་ཞེས་
པའོ། །འདི་ཁོ་ན་དཔེས་རྟོགས་པར་མཛད་པ། ཕ་རོལ་ཞེས་པ་ལ་སོགས་པ་སྟེ། བརྒལ་ནས་ཞེས་པ་ཆུ་ཀླུང་བརྒལ་ནས་སོ། །དོར་ནས་ནི་གཟིངས་སོ། །དེ་བཞིན་དུ་ཆོས་ཏེ་བསོད་ནམས་བླང་བར་བྱ་བ་ཉིད་ཀྱིས་དང་ཆོས་མིན་ཏེ་སྡིག་པ་དོར་བྱ་ཉིད་ཀྱིས། བརྟེན་ནས་ཏེ་བློས་ལྷག་པར་
གནས་པ་སྟེ། འཁོར་བ་ལས་བརྒལ་ནས་འཁོར་བ་ལས་ཕ་རོལ་རྡོ་རྗེ་འཛིན་པའི་སའི་བར་ཆད་མེད་པའི་ལམ་གྱི་སེམས་བསྐྱེད་པའོ། །དེའི་དེ་མ་ཐག་པར་བྱང་ཆུབ་སངས་རྒྱས་ཉིད་རྟོགས་པའོ། །འོ་ན་ཇི་ལྟར་ཀུན་རྫོབ་པའི་སྡིག་པའང་རབ་ཏུ་སྤང་བར་བྱ་བ་དེ་བཞིན་དུ་ཀུན་རྫོབ་
པའི་ཡང་མི་གཙང་བའི་ཉེར་སྤྱོད་སྤང་བར་བྱ་བའོ་ཞེས་དོགས་པར་བྱས་ནས་ཉེ་བར་སྡུད་པས་ལན་འདེབས་པ་དེའི་ཕྱིར་ཞེས་པ་ལ་སོགས་པ་སྟེ། རྣམ་རྟོག་དྲ་བ་ནི་དོན་དམ་པ་པའི་དངོས་པོ་ཡོད་དོ་ཞེས་པ་འདི་ལྟ་བུ་ལ་སོགས་པའོ། །ཆོས་རྣམས་ཀྱི་ཟབ་པ་ནི་ཟབ་མོ་ཉིད་དེ་དེ་བཞིན་
ཉིད་དོ། །དེ་གསུངས་པ། སྟོང་ཉིད་ཆོས་ཀྱི་ཟབ་མོ་ཉིད། །ཡོན་ཏན་གཞན་རྣམས་རྒྱ་ཆེ་བའོ། །ཞེས་སོ། །དེར་འཕེལ་བ་ནི་ཚད་མས་ཉེ་བར་དྲངས་པའི་ངེས་པ་བསགས་པ་སྟེ། དེ་བཞིན་གཤེགས་པ་ཚད་མ་མཆོག་ཏུ་གྱུར་པས་གསུངས་པའི་བཤད་པ་ལ་སོགས་པའི་སྦྱིན་སྲེག་ལ་
སོགས་པ་བྱས་པ་དངོས་གྲུབ་ཀྱི་ལམ་ཡིན་པ་ལ། འདི་མི་གཙང་བའོ་ཞེས་པ་ལ་སོགས་པ་སྒྲོ་གདགས་པར་མི་བྱའོ། །མི་གཙང་བ་ཉིད་ཅེས་བྱ་བའམ་གཙང་བ་ཉིད་ནི་ཀུན་རྫོབ་ཏུ་ཡང་འགར་ཡང་ཡོད་པ་མ་ཡིན་གྱི། རིག་བྱེད་ཀྱིས་རྣམ་པར་བསླུས་པའི་བྲམ་ཟེ་རྣམས་ཀྱིས་ཐ་སྙད་བྱས་པ་

འབའ་ཞིག་སྟེ། དེའི་རྗེས་སུ་འཇུག་པ་གཞན་དང་གཞན་རྣམས་ཀྱིས་ཀྱང་ངོ་། །དེ་ལྷག་པར་མོས་པའི་གདུལ་བྱའི་ངོར་བཅོམ་ལྡན་འདས་ཀྱིས་ཀྱང་ཚུལ་གཞན་དུ་དང་བྱ་བའི་རྒྱུད་འགའ་ཞིག་ཏུ་བསྟན་ཏེ། ཟབ་མོ་ལ་ལྷག་པར་མོས་པ་ཤེས་རབ་མཆོག་ཅན་གྱི་སྔགས་ཀྱི་ཚུལ་གྱི་ངོར་
ནི་མ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་གསུངས་པ། སྔགས་རིག་ཅེས་པའོ། །མི་གཙང་བའི་སྒྲིབ་པ་བསོད་ནམས་མ་ཡིན་པ་ཡང་མ་ཡིན་ཏེ། དེ་ནི་རང་བཞིན་གྱིས་ཁ་ན་མ་ཐོ་བ་མ་ཡིན་ཞིང་བཅས་པས་ཀྱང་མ་ཡིན་ནོ། །གདུལ་བྱའི་ཁྱད་པར་ལ་ནི་བཅས་པས་ཁ་ན་མ་ཐོ་བར་འགྱུར་མོད། །
སྔགས་ཀྱིས་རྩ་བ་ལ་མ་གསུངས་སོ། །གཞན་གྱི་ལྟ་བ་ལ་ཡང་ཇི་སྲིད་དུ་ཐམས་ཅད་དུ་འདི་ལྟར་མ་ཡིན་ཏེ། མཆོག་གི་དད་པ་པ་དང་ལོང་པ་པ་ལ་ཡང་ཐམས་ཅད་བཟའ་ཞིང་ཐམས་ཅད་བཏུང་བ་ལ་སོགས་པ་དང་བ་ལང་གི་ཤའི་སྦྱིན་སྲེག་ལ་སོགས་པ་བསྒྲགས་པའི་ཕྱིར་རོ། །དེ་བཞིན་
གཤེགས་པས་གསུངས་པའི་ལམ་ལ་རྣམ་པར་རྟོག་པ་རྣམ་པ་འདི་ལྟ་བུ་ལྟ་ཅི་སྨོས། དེ་ནི་གཏི་མུག་ཆེན་པོ་མ་རིག་པ་སྟེ། འདོད་ཆགས་ལ་སོགས་པ་རྣམས་དང་ལས་དང་སྐྱེ་བའི་རྒྱུའོ། །དེས་ན་དྲི་མ་དེ་རྩད་ནས་དབྱུང་བར་བྱའོ། །དེའི་ཕྱིར་དྲི་མ་དང་བྲལ་བ་སོ་སོར་སྣང་ངོ་། །གང་གོམས་
པར་བྱས་ནས་འདི་ལྟར་འབྱུང་བའི་ཏིང་ངེ་འཛིན་འདི་ཅི་ཞིག་ཡིན་ཞེ་ན་གསུངས་པ། གཉིས་ཞེས་པ་ལ་སོགས་པའོ། །དབྱེ་ཉིད་ཅེས་པ། ངའོ་ཞེས་བྱེད་ཅིང་བྱ་བ་མངོན་པར་ཁེངས་པ་གང་དུ་ཡིན་པ་དེའི་དངོས་པོ་ནི་དེ་ཉིད་དེ། དེས་རྒྱལ་བའི་གཟུགས་སོ། །ཀུན་གྱི་སྟེ་ལུས་དང་ངག་དང་སེམས་
རྣམས་ཀྱི་རྣམ་པ་རང་བཞིན་ནོ། །དེས་དོན་དམ་པར་སྟོང་པ་ཉིད་ཀྱི་ན་སྤངས་པའོ། །ཡེ་ཤེས་ནི་བྱང་ཆུབ་ཀྱི་སེམས་ཏེ། རྡོ་རྗེ་དང་པདྨ་སྦྱོར་བ་ལས། ལུས་དང་ངག་དང་སེམས་རོ་གཅིག་པས་སྟོང་པ་ཉིད་དང་སྙིང་རྗེ་དབྱེར་མེད་པའི་ཡེ་ཤེས་ཀྱི་རང་བཞིན་རྡོ་རྗེ་སེམས་དཔའི་སྐུའི་ང་རྒྱལ་བརྟན་
པོས་སྒོམ་པར་བྱེད་པ་རྣམས། རིམ་པ་གཉིས་ཀ་ལ་ཡང་ཏིང་ངེ་འཛིན་འདི་རྫོགས་པ་ན། སྐྱེ་བ་འདི་ཁོ་ན་ལ་རྣལ་འབྱོར་པ་རྣམས་ཡེ་ཤེས་ཅན་རྣམས་སུ་འགྱུར་རོ་ཞེས་པའི་དོན་ཏོ། །དམ་ཚིག་གསུངས་པ། བུད་མེད་ཅེས་པ་ལ་སོགས་པ་སྟེ། བུད་མེད་དང་སྐྱེས་པའི་ལུས་རྣམ་པ་སྣ་ཚོགས་

པའི་ལས་སྲོག་ཆགས་གསོད་པ་ལ་སོགས་པ་སྐྱེ་བ་ནི་མི་ཤེས་པ་ཡོད་ན་འགྱུར་རོ་ཞེས་བསྟན་ཏོ། །ལས་དེ་ཕན་པ་དང་མི་ཕན་པའི་རྒྱུ་ཡོངས་སུ་ཤེས་པ་དང་ལྡན་པས་མི་བྱའོ་ཞེས་དགོངས་པའོ། །དམ་ཚིག་ཏུ་བྱ་ཞིང་འགོད་པར་མི་བྱ་བ་ཉིད་ཀྱིས་རྟོགས་པར་བྱ་བས་ན་དམ་ཚིག་གོ། །
སེམས་ནི་རང་གིའོ། །ལུས་དང་ངག་གི་དང་ཉེས་པར་སྤྱོད་པ་དག་ཀུན་ནས་སློང་བ་ཉིད་ཀྱིས་དེ་དག་ལས་རྣམ་པ་སྣ་ཚོགས་པའི་གནོད་པ་གང་རྣམས་ལས་ཡིན་པ་དེ་རྣམས་ཀྱིས་སོ། །ཀུན་རྟོག་ངན་པ་ནི་བརྣབ་སེམས་ལ་སོགས་པ་རྣམས་ཏེ། དེ་རྣམས་ཀྱི་རྟོག་པའི་ཚོགས་རྣམས་ཀྱིས་སོ། །གདུག་
པ་ཡང་དེ་ཡིན་ལ་རྩུབ་པ་ཡང་ཡིན་པ་ནི། གདུག་རྩུབ་བོ། རྩུབ་པའི་ངག་གདུག་པ་མ་ཡིན་པ་ཡོད་དེ། དཔེར་ན་བཅོམ་ལྡན་འདས་ཀྱིས་ལྷས་བྱིན་གྱི་ངོར་འབངས་མཆིལ་མ་དོར་ཅིག་ཅེས་པ་ལྟ་བུའི་ངག་ཕན་པའི་རྒྱུ་ཁོ་ནའོ། །ཁྱད་པར་འདི་ཡང་ཉེ་བར་མཚོན་པ་ལྷུར་ལེན་པ་སྟེ་གཞན་ལ་
ཡང་མི་གདུག་པ་ཉིད་རྟོགས་པའི་ཆེད་དུའོ། །དེ་ཡང་ཇི་ལྟ་བ་དེ་ལྟར་སྔར་སྲོག་ཆགས་ཞེས་པ་ལ་སོགས་པ་སྡོམ་པ་རྒྱས་པར་བསྟན་པས་བརྗོད་ཟིན་ཏོ། །སོགས་པས་བརྫུན་གྱི་ཚིག་གོ། །རྣ་བའི་མི་བདེ་བྱེད་པ་ནི་ངག་འཁྱལ་བའོ། །དེ་ལྟར་ཉེས་པར་སྤྱོད་པ་གསུམ་ལས་ལྡོག་པའི་ཚུལ་ཁྲིམས་
གསུངས་ཤིང་། ཏིང་ངེ་འཛིན་དང་ཤེས་རབ་དག་ཀྱང་དབང་པོ་གཉིས་ཞེས་པ་ལ་སོགས་པས་དེ་མ་ཐག་ཏུ་བཤད་ཟིན་ཏོ། །དེ་ལྟར་ན་ཡང་འཁོར་བ་ཟད་པ་ལས་ཇི་སྐད་བཤད་པའི་མྱ་ངན་ལས་འདས་པ་ཁོ་ནའོ། །དེ་གསུངས་པ། ཚུལ་ཁྲིམས་ལ་ནི་གནས་ནས་མིས། །སེམས་དང་ཤེས་
རབ་བསྒོམ་པར་བྱ། །སྡོམ་པ་ཡང་དག་བསྲུངས་པ་ནི། །མྱུར་དུ་སྡུག་བསྔལ་ཟད་པར་འགྲོ། །ཞེས་ཏེ། སེམས་ནི་ཏིང་ངེ་འཛིན་དང་། ཤེས་རབ་ནི་སྟོང་པ་ཉིད་ཤེས་པའོ། །ཕྱག་རྒྱ་དང་ལྷན་ཅིག་སྟོང་པ་ཉིད་དང་རོ་གཅིག་པའི་བདེ་བ་ཆེན་པོ་ཉེ་བར་ལོངས་སྤྱོད་པ་ཁོ་ན་འདིའི་སྡོམ་པ་
སྟེ། སྤྲོས་པ་ཐམས་ཅད་ལས་སྡོམ་པའི་ཕྱིར་རོ། །ཇི་སྐད་དུ་འདུས་པར་གསུངས་པ། རྟག་ཏུ་གཞན་གྱི་ནོར་འཕྲོག་ཅིང་། །གསོད་པ་ཡང་ནི་རྨད་བྱུང་ཆེ། །འདོད་ཆགས་རྡོ་རྗེའི་གོ་འཕང་སྤྱོད། །འདི་ནི་སྡོམ་པས་བསྡམས་པའོ། །ཞེས་སོ། །གཞན་གྱི་ནོར་འཕྲོག་པ་ལ་སོགས་པའི་གསང་

ཆེན་ནི་སྔར་ཕྱེ་ཟིན་ཏོ། །ཚུལ་ཁྲིམས་ལ་སོགས་པ་གསུམ་པོ་འདི་ཁོ་ན་ལྷག་པའི་ཚུལ་ཁྲིམས་དང་ལྷག་པའི་ཤེས་རབ་སྟེ་བསླབ་པ་གསུམ་དང་ཕུང་པོ་གསུམ་མོ། །རྣམ་པར་གྲོལ་བའི་ཕུང་པོ་ཡང་རྡོ་རྗེ་འཛིན་པའི་སའི་དངོས་གཞིའི་སེམས་བསྐྱེད་པ་སྟེ། རྣམ་པར་གྲོལ་བ་ཤེས་པའི་ཕུང་
པོ་ནི་རྗེས་ཀྱིའོ་ཞེས་པ་ལ་སོགས་པ་འདིར་གདུལ་བྱའི་འདོད་པ་སྣ་ཚོགས་ལས་རྣམ་པར་གཞག་གོ། །ཐེག་པ་གཞན་དུ་ནི་མ་ཡིན་ཏེ། ཆོས་ཀྱི་ཕུང་པོ་སྟོང་ཕྲག་བརྒྱད་ཅུ་རྩ་བཞི་རྣམས་སུ་ཡང་ཆོས་འགའ་ཞིག་རྣམ་པར་གཞག་པ་གང་ཡོད་པ་ནི་རྒྱུ་དང་འབྲས་བུའི་གནས་སྐབས་དག་ཏུ་
བྱང་ཆུབ་ཀྱི་སེམས་རྡོ་རྗེ་བཅོམ་ལྡན་འདས་ཀྱི་ངོ་བོར་ནི་མ་ཡིན་ནོ་ཞེས་པ་སྟེ། རྒྱས་པས་ཅི་བྱ། དེ་ལྟར་འདིར་དང་སྔར་སྲོག་ཆགས་ཞེས་པ་ལ་སོགས་པས་ཤེས་རབ་ཀྱི་ཆགས་པས་ཞུ་བའི་དགའ་བ་བཅུ་དྲུག་གི་ཐིག་ལེ་རོ་གཅིག་ཏུ་གྱུར་པ་རྣམས་རྡོ་རྗེ་ནོར་བུར་རབ་ཏུ་ཞུགས་པ། ཚངས་པར་
སྤྱོད་པ་དེ་བཞིན་ཞལ། །ཞེས་གསུངས་པའི་ཕྱིར། མ་འཕོས་པའི་ཚུལ་ཁྲིམས་ཀྱི་རང་བཞིན་དུ་བྱེད་པ། རྡོ་རྗེ་ནོར་བུ་ལས་སྟེང་དུ་གསང་བ་དང་ལྟེ་བ་དང་སྙིང་ག་དང་མགྲིན་པ་དང་དཔྲལ་བའི་ལྟེ་བར་འདྲེན་པ་ཡང་བསྲུང་བར་བྱ་བའི་དམ་ཚིག་ཏུ་གསུངས་སོ། །བཟའ་བར་བྱ་བ་བརྗོད་པ་
གསུངས་པ། ཤ་ཞེས་པ་ལ་སོགས་པའོ། །ཆེ་མཆོག་ནི་རྡོ་རྗེ་སེམས་དཔའ་སྟེ་དེ་ལས་སྐྱེས་པའོ། །མི་བསྐྱོད་པ་གནས་པའི་སྦྱོར་བ་མི་བསྐྱོད་པ་གནས་པ་རྐང་ངོ་། །འདྲེས་པ་འབབ་ལ་སྟེ་ཡན་ལག་ལ་རུས་པའོ་ཞེས་འབྲེལ་ལོ། །ཆོ་ག་ལས་ཞེས་པ་སྔ་མར་ཡང་ཤེས་པར་བྱ་སྟེ། ཆོ་ག་
ནི་ཤ་ལ་སོགས་པ་རྣམས་དེ་བཞིན་གཤེགས་པར་དེའི་བདག་ཉིད་དུ་མོས་པའོ། །གང་ཁམས་ཁ་ཅིག་ལ་དེ་བཞིན་གཤེགས་པ་ཁྲག་འཁྲུགས་སུ་འགའ་ཞིག་ཏུ་བརྗོད་པ་དེ་ནི་དེ་བཞིན་གཤེགས་པ་རྣམས་ཕན་ཚུན་དུ་དོན་དམ་པར་དབྱེ་བ་དང་བྲལ་བ་ཉིད་དུ་དགོངས་པས་སོ། །དེ་ལ་ཤ་ཡིས་པགས་པ་
བསྡུས་ཤིང་། ཁྲག་གིས་རོ་དང་རྩ་འཆིང་བས་ཁུ་བའོ་ཞེས་ཁམས་བདུན་གྱི་རང་བཞིན་གྱི་ལུས་ལྷའི་བདག་ཉིད་དུ་བཤད་པ་ནི། རྣམ་པར་དག་པའི་ལུས་དང་འབྲེལ་བ་ལས། གོ་ཀུ་ད་ཧ་ནའི་སྒྲོན་མ་རྣམས་རྣམ་པར་དག་པའི་དོན་དུ་སྟེ། རྣམ་པ་གཞན་དུ་ན་དམ་ཚིག་གི་སྐབས་སུ་ཁམས་རྣམ་པར་དག་

པའི་རྣམ་པ་ཅི་ལྟར་ཡིན། སྔར་རྟོགས་པར་བྱས་པ་རྣམས་འདིར་སྐབས་ཀྱིས་རྟོགས་པའོ་ཞེས་རང་གི་མིང་གིས་མ་བརྗོད་པའོ་ཞེས་མན་ངག་རིག་པ་རྣམས་སོ། །དེ་ཉིད་ཀྱི་ཕྱིར་གསུངས་པ། ཡེ་ཤེས་ལ་མཁས་ཞེས་པ་ཡེ་ཤེས་ལ་མཁས་པ་གཉིས་སུ་མེད་པའི་ཡེ་ཤེས་རྟོགས་པ་དེ་བཞིན་གཤེགས་པ་རྣམས་ཀྱིས་
གསང་བ་གསང་ཆེན་དམ་ཚིག་གོ། །བསྟེན་བྱ་ནི་བཟའ་བར་བྱ་བའི་དམ་ཚིག་རྣམས་སོ། །བསྒོམ་བྱ་ནི་དེ་བཞིན་གཤེགས་པ་རྣམ་པར་དག་པར་རོ། །བྱང་ཆུབ་སེམས་རྡོ་རྗེའི་རང་བཞིན་གྱི་རྣལ་འབྱོར་པ་བློ་ལྡན་གྱིས་ནི་རྣམ་པར་དག་པར་ལྷག་པར་མོས་པར་མཁས་པས་སོ། །སྲེད་པ་ནི་འདིར་
ཚོར་བ་སྟེ་རྒྱུ་ལ་འབྲས་བུ་ཉེ་བར་བརྟགས་པ་ལས་སོ། །འདུ་བྱེད་ཀྱང་འདི་ཡིན་ལ་འཕེལ་བ་ཡང་སྟེ། སྤྲུལ་པ་སྣ་ཚོགས་རྣམས་ཀྱིས་བྱ་བ་རྗེས་སུ་བསྒྲུབ་པའི་ཕྱིར་རོ། །འདོད་ཆགས་ལ་སོགས་པ་འདི་རྣམས་སངས་རྒྱས་རྣམས་སུ་དང་བཤང་བ་ལ་སོགས་པ་བདུད་རྩི་ལྔ་རྣམས་དམ་
ཚིག་རྣམས་སུ་གསུངས་ཏེ། དེ་བཞིན་གཤེགས་པ་ལྔའི་རང་བཞིན་དུ་མོས་པར་བྱ་བ་རྣམས་སོ་ཞེས་པའི་དོན་ཏོ། །སྲེད་པ་ནི་ང་རྒྱལ་ཉེ་བར་མཚོན་པ་སྟེ། འདུ་བྱེད་ནི་ཕྲག་དོག་ལ་སོགས་པའོ། །འདོད་ཆགས་ལ་སོགས་པ་སྤོང་བ་ཁོ་ན་བདུད་རྩི་ལྔ་བཟའ་བའི་ངེས་པའི་དོན་ཏོ་ཞེས་
དགོངས་པའོ། །དེ་སྐད་དུ་ཡང་རྣལ་འབྱོར་མ་བཞི་ཡང་དག་པར་སྦྱོར་བའི་རྒྱུད་དུ་གསུངས་པ། ཁུ་བ་ཁྲག་དང་དེ་བཞིན་ཤ། །བཤང་དང་ལྔ་པ་གཅི་བ་ནི། །རྣམ་རྟོག་མེད་པས་བཟའ་བྱ་སྟེ། །རང་བཞིན་མེད་པས་བློ་ལྡན་གྱིས། །རྨོངས་ཆ་དེ་བཞིན་ང་རྒྱལ་དང་། །ཞེ་སྡང་དེ་བཞིན་འདོད་
ཆགས་ཉིད། །ཕྲག་དོག་སེར་སྣ་ཕྲ་མ་སྟེ། །དམ་ཚིག་དྲི་མེད་བསྟེན་པར་བྱ། །ཞེས་སོ། །དེ་རྣམས་ཁོ་ན་ཡོངས་སུ་འཛག་གོ་ཞེས་པས་ཡོངས་སུ་འཛག་པའོ། །ས་དང་ཆུ་དང་མེ་དང་རླུང་རྒྱུ་དང་རྐྱེན་རྣམས་ལས་འབྱུང་བ་བཞི་རྣམས་ཀྱིས་ཡོངས་སུ་གཟུང་བར་བྱ་བ་སྟེ། ནུར་ནུར་
པོའི་གནས་སྐབས་ནས་བརྩམས་ནས་ཇི་ལྟར་རིགས་པར་དེ་ལས་བྱུང་བ་ཉིད་ཀྱི་ཕྱིར་དང་། སྒྲོན་མ་དང་བཤང་བ་ལ་སོགས་པ་རྣམས་དེའི་རང་བཞིན་ཉིད་ཀྱི་ཕྱིར་རོ། །འདི་རྣམས་ཀྱང་ནང་དུ་འདུས་པར་བཤད་པས་སྤྱན་མ་ལ་སོགས་པའི་རྣམ་པར་དག་པ་ཡང་བསྒྲུབས་སོ། །དེ་ཉིད་ཀྱི་ཕྱིར་

བདུད་རྩིའི་བསམ་གཏན་གྱི་ཆོ་ག་ལ་སྤྱན་མ་ལ་སོགས་པ་རྣམས་ཀྱི་ཡང་ས་བོན་རྣམས་སོ། །རྫོགས་པའི་བློ་སྟེ་བྱང་ཆུབ་ཀྱི་སེམས་བཅོམ་ལྡན་འདས་བསྒོམ་པ་གང་རྣམས་ཀྱི་ཡིན་པ་དེ་རྣམས་དེ་སྐད་དེ། དེ་རྣམས་ཀྱིས་སོ། །བཟའ་བ་ནི་བཟའ་བྱ་སྟེ། དེའི་དོན་དུ་འབྱུང་བ་རྩོལ་བ་མེད་པར་འདུ་
བ་གང་རྣམས་ཀྱི་ཡིན་པ་ཟན་དང་བྱ་ན་ལ་སོགས་པ་དེ་རྣམས་ཀྱང་བསྟེན་པར་བྱ་ཞེས་རྟགས་བསྒྱུར་བས་སྦྲེལ་ལོ། །དོན་འདི་སྟེ། བསྐྱེད་པའི་རིམ་པ་བསྒོམ་པ་དང་པོ་པས། བདུད་རྩི་ལྔ་དང་སྒྲོན་མ་ལྔ། །ཞེས་པ་གཉིས་ནག་པོའི་བརྒྱད་པའམ་བཅུ་བཞི་པ་ལ་རིལ་བུ་བྱས་ཏེ་གྲིབ་མ་ལ་སྐམས་
པ་པདྨའི་སྣོད་ཁ་སྦྱོར་དུ་བཞག་ནས། ཆོ་ག་ཇི་ལྟ་བར་བདུད་རྩིར་བྱས་ཏེ། ཉིན་ཞག་སོ་སོར་རེ་རེ་བཟའ་བར་བྱའོ། །ཇི་ལྟར་རྙེད་པའི་འདི་གཉིས་དང་མྱོས་བྱེད་ཀྱང་བྱ་ན་སོགས་བཞིན་དུ་ཡོངས་སུ་བཟའོ། །འདི་ནི་རྫོགས་པའི་རིམ་པ་ལ་གནས་པས་ཀྱང་སྟེ། འོན་ཀྱང་འདི་རང་
བཞིན་ཡོངས་སུ་དག་པ་ཁོ་ནར་དམིགས་པས་ཏེ། ཅེ་སྤྱང་བཞིན་དུ་ནི་མ་ཡིན་ནོ། །གཞན་ཡང་བཤང་བ་ལ་སོགས་པ་རྣམས་ཡུལ་ལྔ་རྣམས་སུ་ངེས་པའི་ཚིག་གིས་དགོངས་ཏེ་དེ་རྣམས་ཀྱིས་ཕྱག་རྒྱ་དང་ལྷན་ཅིག་དགའ་བ་ཐམས་ཅད་སྤྱད་པར་བྱའོ། །གཞན་ཡང་དགོངས་པའི་
སྐད་ཀྱིས་གོ་ཀུ་ད་ཧ་ན་རྣམས་དང་སྦྲང་བུ་སྐྱུགས་པ་ནི་རིམ་པ་ཇི་ལྟ་བར་མིག་དང་རྣ་བ་དང་སྣ་དང་ལྕེ་དང་ལུས་དང་ཡིད་དེ་བརྗོད་ཟིན་པ་ཞེས་བཟའ་བར་བྱ་ཞིང་། དེ་རྣམས་མེད་པ་ལས་དེའི་ཡུལ་རྣམས་དང་དེའི་རྣམ་པར་ཤེས་པ་རྣམས་ཀྱང་ངོ་ཞེས་པ་ཁམས་བཅོ་བརྒྱད་རྣམས་
བཟའ་བྱ་སྟེ། སྟོང་པ་ཉིད་ཁོ་ནས་སོ། །དེ་ལྟར་ན་ཡང་སྒྲོ་བཏགས་པས་ཐམས་ཅད་ལས་ལོག་པའི་ཤེས་རབ་དང་ཐབས་ཕྱག་རྒྱ་ཆེན་པོའི་བདག་ཉིད་ཀྱི་དེ་ཁོ་ན་ཉིད་ཅན་གྱི་རྣལ་འབྱོར་པ་འདི། ཇི་སྐད་བཤད་པའི་དམ་ཚིག་དང་སྡོམ་པའི་རང་བཞིན་ཁོ་ནར་རིག་པར་བྱའོ། །
དེ་ལྟར་ཡང་བཅུ་དགུ་པར་གསུངས་པའི་འགལ་བ་བརྗོད་པས་གསོད་པ་དང་འཕྲོག་པ་དང་བསྟེན་པ་དང་བརྫུན་གྱི་ཚིག་རྣམས་ཀྱིས་སྡོམ་པ་ཐམས་ཅད་ཀྱི་ངོ་བོའོ། །དངོས་པོ་ཐམས་ཅད་ཀྱི་རང་བཞིན་ཉིད་ཀྱིས་དེ་ཁོ་ན་ཉིད་ཀྱི་རྣལ་འབྱོར་པའི་རྣམ་པར་སྣང་མཛད་ལ་

སོགས་པའི་རྫས་རྣམས་ཆོས་སྐུའི་བདག་ཉིད་རང་གི་ལུས་ཀྱི་ནང་དུ་འདུས་པ་ལས། དེར་བྱིན་གྱིས་རློབ་པའི་ཞེས་པ་དམ་ཚིག་ཐམས་ཅད་ཀྱི་རང་བཞིན་ནོ། །དེའི་ཕྱིར། དངོས་པོ་ཀུན་གྱི་རང་བཞིན་བདག །ཇི་ལྟར་འདོད་པར་རང་མཆོད་དེ། །ཡུལ་འདུས་རྣམས་
ཀྱིས་རྣལ་འབྱོར་པས། །རང་བཞིན་མེད་པའི་དབང་ལས་སོ། །དོན་དམ་པར་གཅིག་ཏུ་མཐར་ཐུག་པ་འདི་ནི་གར་ཡང་འཇུག་པ་དང་ལྡོག་པ་མ་ཡིན་ནོ། །དེ་ལྟར་ནི་དམ་ཚིག་སྤྱོད་པ་རྣམས་མི་སྨྲ་བར་གྱུར་པའི་མཐར་ཐུག་པ་ཉིད་དུ་བསྟན་པའི་ཆེད་དུ་དེ་ནས་ཕྱག་ན་རྡོ་རྗེ་དེ་བཞིན་
གཤེགས་པ་ཐམས་ཅད་ཀྱི་བདག་པོ། །རྡོ་རྗེ་འཛིན་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེའི་སྙིང་པོ་རྡོ་རྗེ་མཉམ་པ་ཉིད་རྣམ་པར་བསམས་ནས་ཅང་མི་གསུང་བར་གྱུར་ཏོ་ཞེས་སོ། །དེ་ལྟར་དོན་ཆེན་པོའི་རྒྱུད་བསྟན་པ་ཡོངས་སུ་རྫོགས་པར་གསུངས་པ་ཇི་ལྟར་ཤེས་པ་ལ་
སོགས་པ། ཇི་ལྟར་བུད་མེད་རྣམས་དང་བྱིས་པ་བླང་བྱ་དང་དོར་བྱ་མངོན་པར་མི་ཤེས་པའི་སྐྱེས་བུ་རྣམས་ཀྱི་དགའ་རྩེད་སྣ་ཚོགས་པའི་གཏམ་གྱིས་སྐྱེ་བ་སྔ་མར་གོམས་པ་ལས་རྗེས་སུ་ཡི་རང་བ་ནི་རྗེས་སུ་ཡི་རང་བ་རྣམས་ཏེ། འདི་ལྟ་འདི་ལྟར་བདག་གིས་བྱའོ་ཞེས་སིམ་པ་དང་བཅས་པར་
མངོན་པར་དགའ་བ་སྐྱེ་བར་འགྱུར་རོ་ཞེས་ཅི་ཞིག་ལྟར་རྟོགས་ནས་མཛའ་བོས་དེ་རྣམས་འདུ་བ་དང་རྗེས་སུ་མཐུན་པར་ཀུན་དུ་སྨྲ་བ་དགའ་རྩེད་ཀྱི་བྱེ་བྲག་དང་རྗེས་ཀྱི་གནས་སྐབས་སུ་ཉམས་སུ་མྱོང་བའི་དོན་གཏམ་པ་ཡང་འདུས་སྨྲ་འདུ་བའི་གཏམ་རྣམས་བརྗོད་དུ་གཞུག་
པ་སྟེ། འདུ་བའི་ཆེད་དུ་མངག་གཞུག་པ་རྣམས་ལ་འདི་རྣམས་ལ་འདི་སྐད་སྨྲོས་ཤིག །དེ་ལས་འགྲོགས་པ་ན་དགའ་རྩེད་ཀྱི་བདེ་བ་སྐྱེ་བར་འགྱུར། གང་གིས་དེ་འདྲ་བའི་དགའ་རྩེད་ཀྱི་རོལ་པར་འགྱུར་བ་ཉམས་སུ་མྱོང་བའི་དོན་མ་སྨྲས་པར་གནས་པའི་ཆེད་དུ་འབྲོས་
སུམ་འཇུག་ཅིག་ཅེས་མཛའ་བོས་སྨྲས་པའོ་ཞེས་པའི་དོན་ཏོ། །འདུ་བའི་གནས་སུ་འཇུག་པའི་ཆེད་དུ་ལམ་ཡང་ཐོབ་པ་ན། མི་མཐུན་ཕྱོགས་མེད་པ་ཉིད་ཀྱིས་འཆིང་བ་མེད་པའང་བརྗོད་དུ་གཞུག་པའོ། །རྣམ་པ་འདི་ལྟའི་རྣམ་པ་གང་དུ་ཡིན་པ་དེ་ནི་འདི་ལྟའི་རྣམ་པའོ། །རྣལ་

འབྱོར་པའི་སྟེ་རྣལ་འབྱོར་པ་རྣམས་ཀྱི་ལམ་བསྟན་པ་སྟེ། དེ་རྣམས་ནི་སྐྱེ་བ་བརྒྱུད་པར་འདྲིས་པས་ཉེ་བར་རྒྱས་པའི་རིགས་ཆེན་པོ་ཕུན་སུམ་ཚོགས་པ་དེ་ཉིད་ལ་ཤེས་རབ་དང་ཐབས་བདེ་བ་ཆེན་པོ་སྣ་ཚོགས་པ་སྟོན་པས་འདོད་པ་རྒྱས་པ་དང་བཅས་པའི་དད་པའི་གཞན་དབང་ཉིད་སྐྱེ་
བར་འགྱུར་རོ་ཞེས་རིག་ནས། བདག་རྡོ་རྗེ་སེམས་དཔའ་དེའི་བདེ་བའི་གོ་འཕང་ཐོབ་པའི་ཆེད་དུ། རྒྱུའི་གནས་སྐབས་སུ་ཚོགས་གཉིས་ཡོངས་སུ་རྫོགས་པའི་དོན་དུ་གདུལ་བྱ་རྣམས་ལ་སྐལ་བ་ཇི་ལྟ་བར་ཆོས་སྟོན་པ་ལས་སོགས་པ་བྱའོ། །དེ་ནས་འབྲས་བུའི་རྒྱུད་ཀྱི་གནས་
སྐབས་སུ་བླ་ན་མེད་པའི་ཤེས་རབ་དང་ཐབས་རོ་གཅིག་པ་བདེ་བ་ཆེན་པོའི་རང་བཞིན་གྱི་སྐུ་སྐྱེ་བར་འགྱུར་ཞིང་། དེ་བཞིན་དུ་ཇི་ལྟར་ཉམས་སུ་མྱོང་བའི་དེ་ཁོ་ན་རྒྱུའི་གནས་སྐབས་དང་བཅས་པ་ལྟར་མི་ཉུང་བའི་བསྐལ་པ་བརྒྱུད་པ་རྣམས་སུ་ངེས་པར་སྟོན་ཅིག་ཅེས་པ་བརྗོད་དུ་འཇུག་
པའོ། །ལམ་ཡང་ཡན་ལག་དང་བཅས་པའི་ཐབས་ཀྱི་རྒྱུད་ཀྱིས་ཡོངས་སུ་བསྐོར་བའི་རྒྱུད་ཀྱི་ངོ་བོ་རྒྱས་པ་དང་བཅས་པར་གསལ་བར་བྱས་ཟིན་ཏོ། །ལམ་རྟོགས་པའི་རིམ་པ་ལས་རིམ་གྱིས་སྒྲིབ་པ་གཉིས་སྤངས་པ་ན། འབྲས་བུའི་རྒྱུད་རྟོགས་པ་ལ་ནི་བག་ཆགས་
དང་བཅས་པ་དྲུང་ཕྱུང་བའི་ཕྱིར་འཆིང་བ་དང་བྲལ་བ་ཡང་ངོ་། །རྒྱུད་ཀྱི་དོན་མཐའ་དག་པོ་འདི་ཇི་ལྟར་རིགས་པར་སྒྲུབ་པ་ཁྱེད་རྣམས་ཀྱིས་བྱ་ཞིང་བྱེད་དུ་གཞུག་པར་བྱའོ་ཞེས་དགོངས་པའོ། །དེས་ན་མ་འོངས་པའི་གདུལ་བྱ་སྤྲོ་བར་བྱ་བར་དགོངས་པས་མཆོག་གི་ཐུགས་རྗེའི་
གཞན་དབང་ལས་འཁོར་རྣམས་སྤྲོ་བར་བྱེད་པ་འདི་གསུངས་པའོ། །དེ་ལྟར་ནི་རྒྱུད་ཐམས་ཅད་ཀྱི་མཐའ་རུ་རྣམ་པ་འདི་ལྟ་བུའི་དགོངས་པ་མངོན་པར་བརྗོད་པར་བྱའོ་ཞེས་དགོངས་པས། འདུས་པར་གསུངས་པ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྣམས་ཐམས་ཅད་སངས་
རྒྱས་ཐམས་ཅད་མཉམ་པ་ཉིད་མཐོང་ངམ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་ཡེ་ཤེས་ཀྱི་སྤྱོད་པ་མཐོང་ལགས་སོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་རྣམས་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་དེ་བཞིན་གཤེགས་པ་ཐམས་

ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་འདི་འགྲོ་བ་གྱིས་ཤིག །དེ་ཅིའི་ཕྱིར་ཞེ་ན། ཕྱོགས་བཅུ་ན་གནས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་རྣམས་ཆོས་ཀྱི་རྣམ་གྲངས་འདིའི་སྐལ་བ་ཅན་གྱི་ཕྱིར་རོ་ཞེས་སོ། །དེ་ལྟར་གླེང་གཞི་དང་བཅས་པའི་རྒྱུད་སྡུད་པ་པོས་
བསྡུས་ནས་འདི་དག་གཅིག་ཉིད་དུ་སྟོན་ཞིང་ཡོངས་སུ་རྫོགས་པར་གསུངས་པ། དེ་ནས་ཞེས་པ་ལ་སོགས་པ་སྟེ། དངོས་པོར་ན་ཆོས་རྣམས་ཐམས་ཅད་རང་བཞིན་མེད་པ་ཉིད་ཀྱི་ཕྱིར་ངག་དང་ཡིད་ཀྱི་སྤྱོད་ཡུལ་མ་ཡིན་པ་ཉིད་ཀྱི་མཐར་ཐུག་པ་ཉིད་དུ་གསལ་བར་བྱ་བའི་དོན་དུ་དེ་སྐད་ཅེས་བཀའ་སྩལ་
པ་དང་ཞེས་མ་གསུངས་པའོ། །རྒྱུད་ཀྱི་ལྷག་པའི་རྒྱལ་པོ་སྟོན་པའི་དུས་སུ་ཁང་པ་བརྩེགས་པའི་ནང་དང་ཕྱི་རོལ་དུའང་འཁོར་ཐམས་ཅད་དེ། རྣལ་འབྱོར་པ་རྣམས་ནི་ཐོད་པའི་དུམ་བུ་ལ་སོགས་པ་རྣམས་སོ། །རྣལ་འབྱོར་མ་རྣམས་ནི་རྡོ་རྗེ་ཕག་མོ་དང་རབ་ཏུ་གཏུམ་མོ་ལ་
སོགས་པ་རྣམས་སོ། །མཁའ་འགྲོ་རྣམས་ནི་སངས་རྒྱས་མཁའ་འགྲོ་ལ་སོགས་པ་རྣམས་སོ། །མཁའ་འགྲོ་མ་རྣམས་ནི་སངས་རྒྱས་མཁའ་འགྲོ་མ་དང་རྡོ་རྗེ་མཁའ་འགྲོ་མ་དང་འཇིབ་བྱེད་མ་ལ་སོགས་པ་རྣམས་སོ། །དེ་བཞིན་གཤེགས་པ་རྣམས་ནི་རྣམ་པར་སྣང་
མཛད་ལ་སོགས་པ་རྣམས་སོ། །རྣམ་པ་དུ་མ་ནི་སྣ་ཚོགས་པའི་ཁ་དོག་དང་དབྱིབས་དང་རྒྱན་དང་ཞལ་དང་ཕྱག་དང་མཚོན་ཆ་ལ་སོགས་པ་རབ་ཏུ་དབྱེ་བ་མང་པོ་རྣམས་དང་ལྡན་པ་རྣམས་སོ། །ཆོས་སྟོན་པ་བླ་ན་མེད་པ་ཉན་པའི་དགའ་སྟོན་ལས་མཆོག་ཏུ་དགའ་བས་བདེ་བར་
འགྱུར་བའི་སེམས་དང་ལྡན་པ་རྣམས་ཏེ། ནི་ནི་ཁྱད་པར་ལ་སྟེ། ཕུལ་དུ་དབྱུང་དུ་མེད་པའི་དགའ་བ་དང་བདེ་བ་བསྐྱེད་པའི་ཕྱིར་རོ། །དེ་བཞིན་གཤེགས་པ་རྣམས་ཐམས་ཅད་ཀྱི་ཡེ་ཤེས་ནི་སྒྲིབ་པ་བག་ཆགས་དང་བཅས་པ་རྩད་ནས་ཕྱུང་བ་སྟོང་པ་ཉིད་དང་སྙིང་རྗེའི་རང་
བཞིན་བདེ་བ་ཆེན་པོར་རོ་གཅིག་པ་མེ་ལོང་ཡེ་ཤེས་ལ་སོགས་པའི་རང་བཞིན་སྟོབས་དང་མངོན་པར་ཤེས་པ་དང་སངས་རྒྱས་ཀྱི་ཆོས་མ་འདྲེས་པའི་རྣམ་པ་མ་ལུས་པས་ཡོངས་སུ་བསྐོར་བ་རྟོགས་པར་འགྱུར་བ་རྣམས་ཏེ། ཐམས་ཅད་དུ་ཞེས་པ་རྟོགས་པར་བྱ་བའི་རང་བཞིན་

ཐམས་ཅད་རྟོགས་པའི་ཕྱིར་རོ། །བྱེ་བ་ཕྲག་བརྒྱད་ཅུའི་ནང་དུ་གཏོགས་ན་ཡང་། རྡོ་རྗེ་སྙིང་པོ་ནི་སྡུད་པ་པོ་ཉིད་ཀྱིས་དང་། སའི་སྙིང་པོ་དང་ཕྱག་ན་རྡོ་རྗེ་ལ་སོགས་པ་རྣམས་ནི་མིག་ལ་སོགས་པ་ཡོངས་སུ་དག་པར་བྱེད་པ་ཉིད་ཀྱིས་ན་གཙོ་བོ་ཉིད་ཀྱི་ཕྱིར་སླར་ཡང་གསུངས་སོ། །
འདི་རྣམས་ཐམས་ཅད་འཇིག་རྟེན་ལས་འདས་པའི་འཁོར་རོ། །ལྷ་ལ་སོགས་པ་རྣམས་འཇིག་རྟེན་པའོ། །ཐམས་ཅད་དེ་གཤིན་རྗེ་དང་ཆུ་ལྷ་དང་རླུང་ལྷ་དང་ཐགས་བཟངས་རིས་དང་བདེན་བྲལ་དང་ནམ་མཁའ་ལྡིང་དང་མིའམ་ཅི་ལ་སོགས་པ་རྣམ་པ་འདི་ལ་ཡོད་དོ་ཞེས་པ་
ཐམས་ཅད་དང་ལྡན་པའོ། །ཨཱ་ཡིག་ནི་འདིར་ངེས་པའི་ཚིག་གོ། །ཅི་འཁོར་རྣམས་ཐམས་ཅད་ཀྱིས་བཅོམ་ལྡན་འདས་ཀྱི་ལོངས་སྤྱོད་རྫོགས་པའི་སྐུ་དང་སྤྲུལ་པའི་སྐུ་མཐོང་ངམ་ཞེ་ན། མ་ཡིན་ཏེ་ཁ་ཅིག་ཁོ་ནས་མཐོང་ངོ་། །ཁ་ཅིག་རྣམས་ཀྱིས་སྤྲུལ་པའི་སྐུ་ཁོ་ནའོ། །ཆོས་སྟོན་པ་
ནི་ཐམས་ཅད་ཀྱིས་ཐོས་པ་ཁོ་ནའོ། །དེ་ཉིད་ཀྱི་ཕྱིར་ཐམས་ཅད་གསུངས་པ་ལ་མངོན་པར་དགའ་སྟེ། རྒྱུད་ཀྱི་དོན་རྣམས་ལ་དོགས་པ་མེད་པ་ཉིད་ཀྱིས་ན་རྒྱུད་ཀྱི་རྒྱལ་པོ་འདི་ནི་ལེགས་པར་གསུངས་པའོ་ཞེས་པ་ལ་སོགས་པ་བསྟོད་པ་རྣམས་ཀྱིས་མངོན་པར་དགའ་བར་གྱུར་པའོ། །དཔལ་
ཡང་དག་པར་སྦྱོར་བ་ལས་བྱུང་བ་དང་རྒྱུད་ཐམས་ཅད་ཀྱི་གླེང་གཞི་དང་བརྟག་པའི་རྒྱལ་པོ་ཆེན་པོ་ཡང་བཅོམ་ལྡན་འདས་ཏེ། དེ་བརྗོད་པའི་གཞུང་ཡང་དཔལ་ཡང་དག་སྦྱོར་བ་ལས་བྱུང་བ་རྒྱུད་ཐམས་ཅད་ཀྱི་གླེང་གཞི་བརྟག་པའི་རྒྱལ་པོ་ཆེན་པོ་ཡིན་ཞིང་ཡང་དག་པར་རྟོགས་
སོ་ཞེས་པའོ། །དཔལ་ཡང་དག་པར་སྦྱོར་བའི་རྒྱུད་ཀྱི་རྒྱ་ཆེར་འགྲེལ་པ། མན་ངག་གི་སྙེ་མར་སྙེ་མ་བཞི་བཅུ་པའོ།། །།རྣལ་འབྱོར་མ་དང་རྣལ་འབྱོར་རྒྱུད་རྣམས་ལ། །གཞན་པ་རྣམས་ཀྱིས་འགྲེལ་བྱས་ཡོད་མོད་ཀྱི། །རབ་ཕྱེ་མ་ཡིན་ཁོ་བོས་བྱས་པ་ནི། །ཉམས་
བཅུད་བཟང་ངན་སྲོག་བཅས་མཆོག་ཡིན་ནོ། །རྒྱུད་གཞན་ཐམས་ཅད་རྣམས་ཀྱི་གསང་ཆེན་འདིར་ནི་བླ་མར་བསྙེན་བཀུར་བ། །བྱས་པ་ཁོ་བོས་འགྲེལ་པས་མཆོག་ཏུ་རྣམ་པར་ཕྱེའོ་མང་མཁྱེན་པའི། །སྐྱེ་བོ་དམ་པ་རྣམས་ཀྱིས་སྒྱུ་རྩལ་མཛོད་ཅིག་བླ་མ་དམ་པ་ནི། །

བདུད་རྩིའི་འོད་ཅན་ལས་འདིར་བདུད་རྩི་སྐལ་ལྡན་སུ་ཡང་འཐུང་བར་བྱེད། །བླ་མེད་བླ་མ་རིང་དུ་གནས་ལས་བདག་ལ་འདིར། །རྒྱུད་ཀྱི་གསང་ཆེན་ངེས་སྦས་རིག་པ་གསལ་བར་གྱུར། །མཁའ་ཡི་ནོར་བུའི་མཐུ་ལས་འོག་ཏུ་པདྨ་ཡི། །འདབ་མ་སྦྱར་བའི་སྙིང་པོ་རྣམ་རྒྱས་མ་མཐོང་
ངམ། །མན་ངག་དཔག་བསམ་ལྗོན་པའི་སྙེ་མ་འཇིགས་མེད་ཀྱིས། །བསྐྲུན་པ་རྣམས་ཀྱིས་འབྲས་བུ་དམ་པ་འཇིག་རྟེན་འདས་པའི་དཔལ། །སྐལ་ལྡན་རྣམས་ཀྱིས་རྫོགས་པའི་བྱང་ཆུབ་རོ་བཅུད་ཀྱི། །དགའ་སྟོན་རྣམས་ཀྱིས་ཡང་དག་འཕེལ་བྱས་གཟུང་བར་མཛོད། །ལེགས་བྱས་བདུད་རྩི་རྣམས་ཀྱིས་
འགྲེལ་པ་སྙེ་མ་འདི་ནི་ཕྱོགས་དང་ཕྱོགས་སུ་ཡུན་རིང་དུ། །འཁོར་བའི་ངལ་བ་ཞི་བྱེད་འགྲོ་བ་གསུམ་གྱི་ལོངས་སྤྱོད་བདེ་དཔལ་ཆེན་དུ་གནས་གྱུར་ཅིག །བདག་ནི་ཤེས་རབ་ཐབས་དང་བདེ་ཆེན་གཉིས་མེད་རང་བཞིན་གནས་པ་ཆེས་ཆེ་རྣམས་ཀྱི་སྐུར། །གྱུར་ཅིག་འདི་ལས་སྣ་ཚོགས་སྤྲུལ་པའི་རོ་བཅུད་
རྣམས་ཀྱིས་འདི་ཡི་དགའ་སྟོན་རྒྱས་བྱེད་ཤོག །དཔལ་ཡང་དག་པར་སྦྱོར་བའི་རྒྱུད་ཀྱི་རྒྱལ་པོའི་འགྲེལ་པ་མན་ངག་གི་སྙེ་མ་མཁས་པ་ཆེན་པོ་འཇིགས་མེད་འབྱུང་གནས་སྦས་པས་མཛད་པ་རྫོགས་སོ།། །།རྣམ་གནོན་ཚུལ་མཁས་འཇིགས་མེད་ཀྱིས། །གནད་ལ་རེག་
པའི་ཚིག་འདི་ནི། །དགའ་བ་སྐྱོང་གིས་རྒྱལ་སྲིད་ལོ། །སུམ་ཅུ་རྩ་བདུན་པ་ལ་བྱས། །ཡུལ་དབུས་ཀྱི་མཁས་པ་ཆེན་པོ་དེ་ཉིད་དང་། མང་དུ་ཐོས་པའི་བསོད་སྙོམས་པ་སངས་རྒྱས་གྲགས་པས་ན་ལེནྡྲར་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། །།ཡང་སླད་ནས་མ་ཧཱ་པཎྜི་ཏ་ཤཱཀྱ་ཤྲཱི་དང་།
དཔྱལ་ལོ་ཙཱ་བ་ཆོས་ཀྱི་བཟང་པོས་ཡུལ་དབུས་ཀྱི་དཔེ་དང་བསྟུན་ནས་བཅོས་ཤིང་བསྒྱུར་ཏེ་ཞུ་ཏིག་དག་པར་བགྱིས་སོ། །སླར་ཡང་བླ་མ་དམ་པ་རྣམས་ཀྱི་བཀའ་དྲིན་དང་སྦྱིན་བདག་རྣམས་ཀྱིས་མཐུན་རྐྱེན་བསྒྲུབས་པ་ལས་བརྟེན་ནས་ལེགས་པར་སྦྱར་བ་བརྡ་སྤྲོད་པའི་ཚུལ་ལ་བློའི་སྣང་བ་
ཅུང་ཟད་སྐྱེས་པ་དཔང་ལོ་ཙཱ་བ་དགེ་སློང་དཔལ་ལྡན་བློ་གྲོས་བརྟན་པས། རྒྱ་གར་གྱི་དཔེ་གཉིས་ལ་གཏུགས་ཏེ། འདིའི་སྔ་འགྱུར་མ་དག་པ་གཟིགས་པའི་དགེ་བའི་བཤེས་གཉེན་སྡེ་སྣོད་འཛིན་པ་མང་པོའི་གསུང་གིས་བསྐུལ་ནས། བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། །།